Nitartha Digital Library
Tibetan
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།


   
   
   
   
   
   
   
གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བདུན་པའི་རྣམ་བཤད།
   
   
   
   
   
   
   
   
   
   


 
previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བདུན་པའི་རྣམ་བཤད།next

གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བདུན་པའི་རྣམ་བཤད།

དེ་ལྟར་བསྐྱེད་རྫོགས་གཉིས་ཀྱི་རྣལ་འབྱོར་པའི་སྤྱོད་པ་ཡང་དག་པར་བསྟན་ནས། ལེའུ་བདུན་པས་དེ་ཉིད་སྤྲོས་ཏེ་འཆད་པ་ལ་གཉིས། བསྡུས་པའི་དོན་དང་། ཡན་ལག་གི་དོན་ནོ། །བསྡུས་པའི་དོན་ལ། བརྗོད་བྱ་དོན་གྱི་གཙོ་བོ་སྤྱོད་པ་ནི་ལེའུ་ཡི་སྟོད་ནས་སྟོན་ལ། ལེའུ་ཡི་རྐེད་ནས་རྗེས་དྲན་དྲུག་དང་སྙོམས་འཇུག་གི་ཆོ་ག་སྟོན། ལེའུ་ཡི་སྨད་ནས་རྗེས་དྲན་བཅུ་དྲུག་དང་། རྗེས་དྲན་རྟོགས་པའི་ཕན་ཡོན་སྟོན་ནོ། །རྗོད་བྱེད་སྒྲ་ཡི་བསྡུས་དོན་ནི་གོ་སླའོ། །གཉིས་པ་ཡན་ལག་གི་དོན་ལ་གཉིས་ཏེ་སྡུད་པོའི་ཚིག་གིས་མཚམས་སྦྱར་བ་དང་། སྟོན་པའི་གསུང་གི་ལེའུ་ལ་འཇུག་པའོ། །དང་པོ་ནི། ལེའུ་དྲུག་པ་རྫོགས་པའི་རྗེས་དེ་ནས། བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་སྦྱར་རོ། །གང་ཞེ་ན། དམ་ཚིག་ཆེན་པོ་རྡོ་རྗེ་འཆང་གི་དེ་ཁོ་ན་ཉིད་ཡན་ལག་དྲུག་དང་། སྔགས་སྤྱོད་པའི་མཆོག་ཐུན་མོང་གི་སྒྲུབ་པ་དག་གིས་མངོན་པར་རྫོགས་པ་བྱང་ཆུབ་པ་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་བྱེད་པའི་གཞུང་གི་ཚོགས་ཀྱི་ལེའུ་འདིའོ། །དེ་ལ་ཡན་ལག་དྲུག་ནི་རྗེས་དྲན་དྲུག་གམ། དབེན་པ་གསུམ་དང་། སྒྱུ་ལུས། འོད་གསལ། ཟུང་འཇུག་རྣམས་སོ། །ཐུན་མོང་གི་སྒྲུབ་པ་ནི་སྤྱོད་པ་གསུམ་མམ་སྙོམས་འཇུག་གི་ཆོ་གའོ། །སྟོན་པའི་གསུང་གི་ལེའུ་ལ་འཇུག་པ་ལ་གསུམ་སྟེ། སྤྱོད་པ་སྟོན་པ་དང་། རྗེས་དྲན་དྲུག་སྟོན་པ་དང་། རྗེས་དྲན་བཅུ་དྲུག་སྟོན་པའོ། །སྤྱོད་པ་སྟོན་པ་ལ་གཉིས་ཏེ་འཇུག་བསམ་གྱིས་སྒོ་ནས་སྤྱོད་པ་སྟོན་པ་དང་། སྒོམ་བསམ་གྱི་སྒོ་ནས་སྤྱོད་པ་བསྟན་པའོ། །དང་པོ་ལ་ཡང་འཇུག་བསམ་སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་དང་། སྤྱོད་པའི་ཕན་ཡོན་བསྟན་པ་དང་བཞིའོ། །འཇུག་བསམ་སྤྲོས་བཅས་བསྟན་པ་ནི། རྣལ་འབྱོར་གྱི་རིམ་པ་ཡན་ཆད་སྔོན་དུ་སོང་བས། མཆོད་པའི་ཆོ་ག་ལ་གསུམ་ལས། ཕྱིའི་མཆོད་པ་མེ་ཏོག་ལ་སོགས་པ་ལྔ་བྱས་པའི་རྗེས་ལ། ནང་མཆོད་དང་། གསང་མཆོད་ཀྱི་སྐབས་སུ། གཟུགས་སོགས་འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་ཇི་ལྟར་འདོད་པ་སྟེ་རྣལ་འབྱོར་པ་རང་གི་དབང་པོ་ཚིམ་ཚིམ་དུ་སྤྱད་པར་བྱའོ་སྙམ་པས། འདོད་ཡོན་བསྟེན་པ་ནི། འདོད་ཡོན་ལ་ཞེན་པ་ཆེ་བས་ན་སྤྲོས་བཅས་བོད་སྔ་རབས་དག་གསུང་མོད་འདོད་ཡོན་ལ་སྟེན་ཆེ་བས་ལོངས་སྤྱད་ན་རྫོགས་རིམ་ཡང་སྤྲོས་བཅས་སུ་འགྱུར་གསུང་ངོ་། །ཞེས་བྱ་སྟེ། བསྐྱེད་རིམ་པའི་འཇུག་བསམ་བསྟན་ཏོ། །ཕན་ཡོན་ཅི་ཞིག་འཐོབ་ཅེ་ན། བཤད་མ་ཐག་པ་འདི་ལྟ་བུའི་འཇུག་བསམ་དང་ལྡན་པའི་འདོད་ཡོན་ལ་ལོངས་སྤྱོད་པའི་སྦྱོར་བ་ཡིས། སངས་རྒྱས་ཏེ་རྡོ་རྗེ་འཆང་ཆེན་པོ་མྱུར་ཞིང་རིངས་པར་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་རོ། །

འཇུག་བསམ་སྤྲོས་མེད་སྟོན་པ་ནི་གཟུགས་སོགས་འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་ཇི་ལྟར་འདོད་པ་སྟེ། ཏིང་ངེ་འཛིན་སྐྱེ་བའི་ཡན་ལག་ཏུ་སྤྱོད་པར་བྱའོ་སྙམ་པས། འདོད་ཡོན་བསྟེན་པ་ནི་འདོད་པ་ལ་ཞེན་པ་ཆུང་བས་ན་སྤྲོས་མེད་ཅེས་བྱ་སྟེ། ཀུན་རྫོབ་སྒྱུ་ལུས་ཀྱི་འཇུག་བསམ་བསྟན་ཏོ། །དེ་ལྟ་བུའི་འཇུག་བསམ་དང་ལྡན་པས་རྣལ་འབྱོར་པ་བདག་དང་། གཞན་ཕྱག་རྒྱ་རྣམས་ལ་ཡང་འདོད་ཡོན་ལྔས་མཆོད་པར་བྱའོ། །རྣལ་འབྱོར་ཇི་ལྟ་བུས་ཞེ་ན། རང་གི་ལྷག་པའི་ལྷའི་སྦྱོར་བ་ཡིས་ཏེ། རྣལ་འབྱོར་དང་ལྡན་པ་ཡིས་སོ། །ཕན་ཡོན་ཅི་འཐོབ་ཅེ་ན། ལུས་ངལ་ཞིང་དུབ་པའི་སྦྱོར་བས། གཙུག་ལག་ཁང་ལ་སོགས་པ་སྒྲུབ་པའི་དཀའ་ཐུབ་དང་། ཤིང་དྲུང་ལ་སོགས་པ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱི་སྡོམ་པ་དང་། རི་ལས་འཕྱོང་ཞིང་མེར་འཇུག་པ་ལ་སོགས་པ་མི་བཟད་པའི་བརྟུལ་ཞུགས་བསྟེན་ཅིང་ལུས་གདུང་བས་བྱང་ཆུབ་འགྲུབ་པར་མི་འགྱུར་གྱིས། ཇི་སྐད་བཤད་པའི་ལྷའི་རྣལ་འབྱོར་དང་། འཇུག་བསམ་དང་ལྡན་པའི་སྒོ་ནས་འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་བརྟེན་པས། རྡོ་རྗེ་འཆང་ཆེན་པོ་མཉེས་པར་བྱས་ན། མྱུར་དུ་སྟེ་ཚེ་འདིར་ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ། །དེ་ལྟར་ལུས་གདུང་བའི་སྒོ་ནས་ཕྱག་རྒྱ་ཆེན་པོ་འགྲུབ་པ་བཀག་ནས། སྒྲུབ་པ་པོའི་ཡིད་གདུང་བ་ཡང་དགག་པའི་ཕྱིར། འཇུག་བསམ་ཤིན་ཏུ་སྤྲོས་མེད་སྟོན་པ་ལ་གཉིས་ཀྱི་དྲང་དོན་དུ་བཤད་པ་ནི། བསོད་སྙོམས་ཀྱི་འཚོ་་བ་ལྟ་བུ་སློང་མོ་ཟ་བའི་ངང་ཚུལ་གྱིས་མི་བཟླས་ཏེ། ཕྱག་རྒྱ་ཆེན་པོ་སྒྲུབ་པར་མི་བྱའོ་ཞེས་པའོ། །སློང་དུ་འགྲོ་བ་དང་འདྲ་བར། ཞིང་ལས་དང་། ཚོང་ལས་སོགས་དམན་པ་ལ་འཇུག་པའི་ཀྱང་བདེ་བར་མི་བྱའོ། །ཞེས་བསྟན་ཏོ། །སློང་ལའང་དགའ་བར་མི་བྱའོ་ཞེས་པ་ནི། ཟས་ལ་མ་ཆགས་ཤིང་ཞེན་པར་མ་གྱུར་པར། ཇི་ལྟར་ཙམ་གྱིས་ལུས་གནས་པར་འགྱུར་བ་དེ་ཙམ་དུ་ལོངས་སྤྱད་པར་བྱའོ་སྙམ་པ་ནི། འདོད་ཡོན་ལ་ཤིན་ཏུ་ཞེན་པ་ཆུང་བས་ན་ཤིན་ཏུ་སྤྲོས་མེད་ཅེས་བྱ་སྟེ། ཟུང་འཇུག་པའི་འཇུག་བསམ་བསྟན་ཏོ། །དེ་ལྟ་བུ་སྤྱོད་པ་ལ་གནས་པས་ཅི་ཞིག་བྱ་ཞེ་ན། འཇུག་བསམ་ཤིན་ཏུ་སྤྲོས་མེད་དེ་ལྟ་བུ་དང་ལྡན་པས། ཡན་ལག་མ་ཉམས་པ་སྟེ་རང་གི་ལྷ་ཡི་རྣལ་འབྱོར་དང་ལྡན་པས་སྔགས་ཏེ་ཡི་གེ་གསུམ་བཟླས་པར་བྱའོ། །ཞེས་པའོ། །དེ་ལྟར་བྱས་པས་ཕན་ཡོན་ཅི་འཐོབ་ཅེ་ན། འདོད་ཡོན་ལ་ཅི་བདེར་ལོངས་སྤྱད་པས་ལུས་ལ་སོགས་པ་བདེ་བར་གནས་པ་ཐོབ་ལ། བདེ་བར་གནས་པ་ལས་ཀྱང་སེམས་རྩེ་གཅིག་པ་འཐོབ་ཅིང་། དེ་ལས་ཀྱང་བྱང་ཆུབ་རྡོ་རྗེ་འཆང་ཆེན་པོ་ཚེ་འདི་ཉིད་ལ་འཐོབ་བོ། །རང་བཞིན་ཤེས་པའི་སྒོ་ནས་འདོད་ཡོན་ལ་སྤྱོད་པའི་སྔགས་ཀྱི་སྤྱོད་པ་དང་ལྡན་པ་ལས། གཞན་དུ་དཀའ་ཐུབ་དཀའ་སྤྱད་ལ་སོགས་པས་ཐར་པ་བསྒྲུབ་པ་རྣམས་ནི། ཚེ་འདིར་འཆི་མེད་ཀྱི་དངོས་གྲུབ་མི་ཐོབ་པས། ཡ་ང་བ་མ་སྤངས་པས་དུས་མ་ཡིན་པར་འཆི་བར་འགྱུར་ཞིང་། ཤི་བའི་འོག་ཏུ་ལས་ཀྱི་དབང་གིས་དམྱལ་བ་ལ་སོགས་པའི་ངན་སོང་རྣམས་སུ་སྐྱེས་ནས་ངེས་པར་བསྲེག་ཅིང་ལྟུང་བར་འགྱུར་རོ། །རྡོ་རྗེའི་ཚིག་དེ་ཉིད་ངེས་དོན་དུ་བཤད་པ་ནི། བཤད་པའི་རྒྱུད་ལས། ཐ་དད་ཡི་གེ་སློང་མོ་ཡིན། །དེ་འདོན་པ་ནི་ཟ་བས་ཏེ། །དེ་དག་སློང་མོ་ཟ་བར་འདོད། །གང་ཞིག་བཟློས་པར་དགའ་བ་དེ། །རྣལ་འབྱོར་པ་ཡི་དབུགས་དབྱུང་རྔུབ། །སྦྱོར་བ་བཞི་ཡི་དེ་ཉིད་ནི། །ཤེས་རབ་ཐབས་ཀྱི་གཞིར་གནས་ནས། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །རྣལ་འབྱོར་དབང་པོ་ཉིན་མཚན་དུ། །བཟླས་བརྗོད་གྲངས་སུ་བྱས་པ་ནི། ཁྲི་ཕྲག་གཉིས་དང་ཆིག་སྟོང་དང་། །དེ་བཞིན་དྲུག་བརྒྱ་དག་ཏུ་འགྱུར། །ཞེས་གསུངས་ཏེ། རླུང་སྔགས་ཐ་དད་དུ་གཟུང་ནས་ཕྲེང་སྔགས་དང་མཚན་སྔགས་ལ་སོགས་པ་ཐ་དད་པའི་ཡི་གེ་རྣམས་ངག་ཏུ་འདོན་པ་ནི་སློང་མོ་ཟ་བར་འདོད་ལ། དེ་དག་ནི་སྤང་བར་བྱའོ། །འོ་ན་ཇི་ལྟར་བཟླས་ཞེ་ན། རྫོགས་རིམ་པའི་རྣལ་འབྱོར་པ་གང་ཞིག རྡོ་རྗེའི་ཟློས་པ་ལ་དགའ་བ་དེ་དག་སྔགས་འབྱུང་བ་དང་། རྔུབ་པ་དང་། གནས་པ་རྣམས་ཡི་གེ་འབྲུ་གསུམ་གྱི་ངོ་བོར་ཤེས་པར་བྱས་ནས། སྔགས་ཀྱི་ཡན་ལག་མ་མཉམ་པར་བཟླས་པར་བྱའོ། །གཞི་གང་ལ་གནས་ཏེ་བཟླས་ཞེ་ན། སྦྱོར་བ་བཞི་ནི་རླུང་དཀྱིལ་འཁོར་བཞི་ལ་གནས། དེ་རྣམས་རེ་རེ་ཡང་ཤེས་རབ་ལྷ་མོའི་རྒྱུ་བ་བཞི་དང་། ཐབས་མགོན་པོའི་རྒྱུ་བ་རེ་རེ་ཡོད་པས། དེ་དག་གི་གཞི་ལ་གནས་ནས་སོ། །གྲངས་ཅི་ཙམ་དུ་བཟླས་ཞེ་ན། རྣལ་འབྱོར་དབང་པོ་ཞེས་སོགས་ཏེ་གོ་སླའོ། །སྤྲོ་བ་བསྐྱེད་པའི་སྒོ་ནས་སྤྱོད་པ་དེ་དག་གིས་ཕན་ཡོན་བསྟན་པ་ནི། སངས་རྒྱས་རིན་པོ་ཆེ་ལྟ་བུའི་གང་ཟག་དང་། བྱང་ཆུབ་སེམས་དཔའ་པད་མ་དཀར་པོ་ལྟ་བུ་ལ་སོགས་པ་བྱ་བ་དང་སྤྱོད་པ་ལ་སོགས་པའི་སྔགས་ཀྱི་སྤྱོད་པ་རྣམས་ལས། མཆོག་ཏུ་གྱུར་པ་རྣལ་འབྱོར་ཆེན་པོའི་སྤྱོད་པ་ལ་གནས་པ་རྣམས་ཆོས་ཀུན་རྫོབ་ཀྱི་བདེན་པ་དང་། མི་གཡོ་བ་དོན་དམ་པའི་བདེན་པ་དང་། མཆོག་དེ་གཉིས་དབྱེར་མི་ཕྱེད་པའི་ཟུང་འཇུག་གི་གོ་འཕང་བརྙེས་པ་ཡང་། ཇི་སྐད་བཤད་པའི་སྤྱོད་པ་གསུམ་གྱི་སྒོ་ནས་འདོད་པའི་ཡོན་ཏན་ཐམས་ཅད་ཅིག་ཅར་བསྟན་པས་འགྲུབ་པ་ཡིན་ནོ། །བསྒོམ་བསམ་གྱི་སྒོ་ནས་སྤྱོད་པ་བསྟན་པ་ལ། སྤྲོས་བཅས་དང་སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་གསུམ་ལས། སྤྲོས་བཅས་ཀྱི་སྤྱོད་པ་ལ་ཡང་གསུམ་ལས། འདོད་ཡོན་སྤང་མི་ནུས་པའི་ཕྱག་ཆེན་ཡུལ་རྣམས་ལ་ཞེན་པས་ཀྱང་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པར་འདོད་ན། རྟག་ཏུ་སྟེ་སྤྱོད་ལམ་ཐམས་ཅད་དུ་གཟུགས་སོགས་འདོད་པའི་ཡོན་ཏན་ལྔ་རྣམས་རང་བཞིན་ཡོངས་སུ་ཤེས་པའི་སྒོ་ནས་བསྟེན་ཅིང་སློབ་པར་བྱའོ། །ཕན་ཡོན་ཅི་ཞིག་འཐོབ་ཅེ་ན། མིག་ལ་སོགས་པའི་རང་བཞིན་གྱི་སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་མཉེས་པས་ཏེ་ཚིམ་པར་འགྱུར་རོ། །དེས་ཅི་ཞིག་བྱ་ཞེ་ན། བྱང་ཆུབ་ནི་སྤྱན་ལ་སོགས་པའི་རང་བཞིན་ལ་སོགས་པ་འབྱུང་བ་བཞི་ཡིན་ལ། ཉི་མ་ནི་འབྱུང་བ་བཞི་དང་ལྡན་པའི་གཟུགས་སོགས་ཀྱི་ཕུང་པོ་རྣམ་སྣང་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་རྣམས་ཡིན་ལ། དེ་རྣམས་ཆགས་པར་བྱ་ཞིང་དགེས་པར་འགྱུར་བའོ། །གཟུགས་ལ་སོགས་ཐབས་ཀྱི་ངོ་བོར་བྱེ་བྲག་ཏུ་ཕྱེ་ནས་བཤད་པ་ལ་གསུམ་གྱི། སྤྱི་དོན་དུ་བཤད་པ་ནི། མཆོད་པར་བྱ་ཞེས་སྦྱར། གང་གིས་ན། མིག་གི་ཡུལ་གཟུགས་ལ་རབ་འབྲིང་རྣམ་པ་གསུམ་དུ་ཤེས་པར་བྱས་ནས། མཆོག་ཏུ་གྱུར་པ་གང་ཡིན་པ་དེས་སོ། །གང་ལ་ན། རྣམ་སྣང་གི་རིགས་སུ་གྱུར་པ་དཀྱིལ་འཁོར་གྱི་ལྷ་རྣམས་ལའོ། །སུ་ཞིག་གིས་ན། མཆོད་པར་བྱེད་པ་སྟེ། སྤྲོས་བཅས་ཀྱི་སྤྱོད་པ་ལ་གནས་པའི་སྔགས་པས་སོ། །བསམ་པ་གང་གིས་ན། གཟུགས་རྣམ་པ་གསུམ་པོ་དེ་ཉིད། བཅོམ་ལྡན་འདས་སྣ་ཚོགས་པའི་བདག་ཉིད་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ངོ་བོར་ཤེས་པར་བྱས་ནས་སོ། །དེ་བཞིན་དུ་སྒྲ་ལ་རབ་འབྲིང་རྣམ་པ་གསུམ་དུ་ཤེས་པར་བྱས་ནས། མཆོག་ཏུ་གྱུར་པ་རིན་འབྱུང་གི་དཀྱིལ་འཁོར་གྱི་ལྷ་རྣམས་ལ། དབུལ་བར་བྱའོ། །བསམ་པ་གང་གིས་ན། སྒྲ་གསུམ་པོ་དེ་ཉིད་སངས་རྒྱས་རིན་ཆེན་འབྱུང་གནས་ཀྱི་ངོ་བོར་ཤེས་པར་བྱས་ནས་སོ། །དྲི་ལ་རབ་འབྲིང་རྣམ་པ་གསུམ་ཤེས་པར་བྱས་ནས། མཆོག་ཏུ་གྱུར་པ་སངས་རྒྱས་སོགས་ཏེ། འོད་དཔག་མེད་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་དབུལ་བར་བྱའོ། །བསམ་པ་གང་གིས་ནི། དྲི་གསུམ་པོ་དེ་ཉིད་འདོད་ཆགས་ཆོས་ཀྱི་འབྱུང་གནས་འོད་དཔག་མེད་ཀྱི་ངོ་བོར་ཤེས་པར་བྱས་ནས་སོ། །རོ་ལ་རབ་འབྲིང་རྣམ་པ་གསུམ་ཤེས་པར་བྱས་ནས། མཆོག་ཏུ་གྱུར་པ་དོན་གྲུབ་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་དབུལ་བར་བྱའོ། །བསམ་པ་གང་གིས་ན། རོ་གསུམ་པོ་དེ་ཉིད་སངས་རྒྱས་ཐོགས་མེད་རྡོ་རྗེ་འཛིན་དོན་ཡོད་གྲུབ་པའི་ངོ་བོར་ཤེས་པར་བྱས་ནས་སོ། །རེག་བྱ་ལ་རབ་འབྲིང་རྣམ་པ་གསུམ་ཤེས་པར་བྱས་ནས། མཆོག་ཏུ་གྱུར་པ་བདག་གི་རིགས་མི་བསྐྱོད་པའི་དཀྱིལ་འཁོར་པ་རྣམས་ལ་དབུལ་བར་བྱའོ། །བསམ་པ་གང་གིས་ན། རེག་བྱ་གསུམ་པོ་དེ་ཉིད་བཅོམ་ལྡན་འདས་རྡོ་རྗེ་ཅན་མི་བསྐྱོད་པའི་ངོ་བོར་ཤེས་པར་བྱས་ནས་སོ། །དེ་དག་གི་དོན་བསྡུ་བ་ནི། གཟུགས་སྒྲ་ལ་སོགས་པའི་ཡུལ་ལྔ་པོ་དེ་རྣམས། དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་དུ་ཉིན་མཚན་རྟག་ཏུ་སེམས་སྦྱར་ཞིང་བསྐྱེད་པར་བྱའོ། །ཡུལ་ལྔ་དེ་བཞིན་གཤེགས་པ་ལྔའི་ངོ་བོར་སེམས་བསྐྱེད་པ་འདི་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་ཞིང་སྦ་བར་བྱ་བ་དང་། སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་བྱེད་པས་སྙིང་པོ་བསྡུས་པ་ཡིན་ནོ། །གཟུགས་ལ་སོགས་པ་ཐབས་ཀྱི་ངོ་བོར་བཞག་ནས། སྤྱན་ལ་སོགས་པ་ཤེས་རབ་ཀྱི་ངོ་བོར་བསྟན་པ་ནི། གཟུགས་དང་། སྒྲ་དང་། དྲི་དང་། སོགས་པས་རོ་དང་། རེག་བྱ་རྣམས་གོ་རིམ་བཞིན་དུ། སྤྲོས་བཅས་ཀྱི་སྤྱོད་པ་ལ་གནས་པའི་སྔགས་པས། སངས་རྒྱས་སྤྱན་དང་། མཱ་མ་ཀི་དང་། གོས་དཀར་མོ་དང་། སྒྲོལ་མ་དང་། རེག་རྡོ་རྗེའི་རང་བཞིན་གྱི་ལྷ་ཉིད་དུ་རྟག་ཏུ་བསྒོམ་ཞིང་ཤེས་པར་བྱས་ནས་མཆོད་པར་བྱའོ། །ཡང་ན་གཟུགས་ལ་སོགས་པའི་ཡུལ་ལྔ་པོ་དེ་ལ། གཟུགས་རྡོ་རྗེ་ལ་སོགས་པ་རིགས་ལྔ་ལས་བྱུང་བའི་རིགས་ཀྱི་ཚུལ་དུ་རྣམ་པར་བསྒོམ་ཞིང་ཤེས་པར་བྱས་ནས་མཆོད་དོ། །ལྷའི་རྣམ་པར་བསྒོམ་པས་སྤྲོས་པ་དང་བཅས་པ་སྟེ་བསྐྱེད་རིམ་པའི་བསྒོམ་བསམ་བསྟན་རྫོགས་རིམ་པས་ཀྱང་སྤྲོས་བཅས་དེ་ལྟར་བྱེད་ཏོ། །ཡང་རྡོ་རྗེའི་ཚིག་དེ་དག་སྦས་དོན་དུ་བཤད་པ་ནི། མཆོད་པར་བྱ་ཞེས་སྦྱར། གང་གིས་ན། གཟུགས་ཡིད་དུ་འོང་མི་འོང་བར་མ་གསུམ་གོ་རིམ་བཞིན་དུ། སེམས་སྣང་མཆེད་ཐོབ་གསུམ་གྱི་ངོ་བོར་ཤེས་པར་བྱས་ནས། སེམས་གསུམ་གྱི་རང་བཞིན་གྱི་གཟུགས་དེས་སོ། །སུ་ཞིག་གིས་མཆོད་ཅེ་ན། མཆོད་པར་བྱེད་པ་སྟེ། སྤྲོས་མེད་ཀྱི་སྤྱོད་པ་ལ་གནས་པའི་སྒྱུ་ལུས་པའི་རྣལ་འབྱོར་པས་སོ། །ཡུལ་གང་ལ་མཆོད་ཅེ་ན། རྣལ་འབྱོར་པ་དེ་ཉིད་བརྟན་གཡོ་སྣ་ཚོགས་པའི་བདག་ཉིད་སངས་རྒྱས་རྣམ་པར་སྣང་མཛད། གང་དུ་ཐིམ་ཞིང་འབྱུང་བའི་གཞི་རྡོ་རྗེ་འཆང་ཆེན་པོ་སེམས་གསུམ་གྱི་རང་བཞིན་ཡིན་པས། དེ་ཉིད་ལའོ། །དེ་བཞིན་དུ་སྒྲ་རྣམ་པ་གསུམ་སེམས་གསུམ་གྱི་ངོ་བོར་ཤེས་པར་བྱས་ནས། སེམས་གསུམ་གྱི་རང་བཞིན་གྱིས་རིན་འབྱུང་གི་རང་བཞིན་གྱི་ལྷ་རྣམས་ལ་དབུལ་བར་བྱའོ། །དེ་གང་ཞེ་ན། རྣལ་འབྱོར་པ་དེ་ཉིད་བཅོམ་ལྡན་སྣ་ཚོགས་པ་སངས་རྒྱས་རིན་ཆེན་འབྱུང་གནས་ཀྱི་གཙོ་བོ་སེམས་གསུམ་གྱི་བདག་ཉིད་ཀྱི་རྡོ་རྗེ་འཆང་ཆེན་པོ་ཡིན་ནོ། །དྲི་རྣམ་པ་གསུམ་སེམས་གསུམ་གྱི་རང་བཞིན་དུ་ཤེས་པར་བྱས་ནས། སངས་རྒྱས་སོགས་ཏེ་སེམས་གསུམ་གྱི་རང་བཞིན་གྱི་འོད་དཔག་ཏུ་མེད་པའི་ལྷ་རྣམས་ལ་དབུལ་བར་བྱའོ། །དེ་ཉིད་གང་ཞེ་ན། རྣལ་འབྱོར་པ་དེ་ཉིད་འདོད་ཆགས་ཆོས་ཀྱི་འབྱུང་བ་ནས་འོད་དཔག་ཏུ་མེད་པའི་གཙོ་བོ་སེམས་གསུམ་གྱི་རང་བཞིན་རྡོ་རྗེ་འཆང་ཆེན་པོ་ཡིན་ནོ། །རོ་རྣམ་པ་གསུམ་སེམས་གསུམ་གྱི་རང་བཞིན་དུ་ཤེས་པར་བྱས་ནས། སེམས་གསུམ་གྱི་རང་བཞིན་གྱི་དོན་ཡོད་གྲུབ་པའི་ལྷ་རྣམས་ལ་དབུལ་བར་བྱའོ། །དེ་གང་ཞེ་ན། རྣལ་འབྱོར་པ་དེ་ཉིད་སངས་རྒྱས་ཐོགས་མེད་རྡོ་རྗེ་འཛིན་ཏེ། དོན་ཡོད་རྡོ་རྗེ་བསྐྱེད་པར་བྱེད་པའི་རྡོ་རྗེ་འཆང་ཆེན་པོ་སེམས་གསུམ་གྱི་ངོ་བོ་ཡིན་ནོ། །རེག་བྱ་གསུམ་སེམས་གསུམ་གྱི་ངོ་བོར་ཤེས་པར་བྱས་ནས། བདག་གི་རིགས་ཏེ་སེམས་གསུམ་གྱི་ངོ་བོ་མི་བསྐྱོད་པའི་ལྷ་ལ་དབུལ་ལོ། །དེ་གང་ཞེ་ན། རྣལ་འབྱོར་པ་དེ་ཉིད་མི་བསྐྱོད་པའི་ཚུལ་མཉེས་པ་སྟེ། མི་བསྐྱོད་པ་བསྐྱེད་པར་བྱེད་པའི་བཅོམ་ལྡན་རྡོ་རྗེ་ཅན་རྡོ་རྗེ་འཆང་ཆེན་པོ་སེམས་གསུམ་གྱི་རང་བཞིན་ཡིན་ནོ། །དེ་རྣམས་གསལ་བར་བཤད་པ་ནི། གཟུགས་སྒྲ་ལ་སོགས་པའི་ཡུལ་ལྔ་པོ་དེ་ཉིད། རྟག་ཏུ་སེམས་སྣང་མཆེད་ཐོབ་གསུམ་ད་ལྟར་གྱི་སྐད་ཅིག་མ་རེ་རེའི་ངོ་བོར་སྦྱར་ཞིང་ཤེས་པར་བྱའོ། །ཡུལ་ལྔ་སེམས་གསུམ་དུ་ཤེས་པ་འདི་ནི། སངས་རྒྱས་ཐམས་ཅད་དེ་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་ལ་བསྟན་པར་བྱ་བ་ཡིན་གྱི། ཙནྡན་ལྟ་བུ་ལ་སོགས་པ་རྣམས་ལ་བསྟན་པར་བྱ་བ་མ་ཡིན་པས་གསང་བའོ། །དེ་ཉིད་ཀྱི་ཕྱིར་སྙིང་པོ་བསྡུས་པའོ། །སྔགས་ཀྱི་ཡན་ལག་མ་ཉམས་པར་ཟློས་པའི་སྔགས་པ་ཡིས། གཟུགས་སྒྲ་ལ་སོགས་པའི་ཡུལ་རྣམས་ལྷ་ཉིད་དུ་སྟེ་ཡེ་ཤེས་གསུམ་གྱི་ངོ་བོར་རྟག་ཏུ་བསྒོམ་ཞིང་ཤེས་པར་བྱའོ། །ཡེ་ཤེས་གསུམ་གྱི་རང་བཞིན་གྱི་དབྱེ་བ་བསྟན་པ་ནི། གཟུགས་ལ་སོགས་པའི་ཡུལ་དེ་ལ་རིགས་ཀྱི་ཚུལ་དུ་སྟེ་འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་། ཆགས་པ་བར་མའི་རང་བཞིན་གྱི་རང་བཞིན་བརྒྱ་དྲུག་ཅུ་པོ་རྣམས། རྣམ་པར་བསྒོམ་ཞིང་རྗེས་སུ་མྱོང་བར་ཤེས་པར་བྱའོ། །དེ་དག་གིས་ནི་མཆོད་པ། མཆོད་ཡུལ། མཆོད་པ་པོ་རྣམས་སེམས་གསུམ་གྱི་ངོ་བོར་བསྒོམས་པས། སྤྲོས་པ་མེད་པ་ཞེས་བྱ་སྟེ། སྒྱུ་ལུས་པའི་བསྒོམ་བསམ་བསྟན་ཏོ། །ཡང་མཐར་ཐུག་ཏུ་བཤད་པ་ནི། གཟུགས་རྣམ་པ་གསུམ་པོ་སེམས་གསུམ་དུ་ཤེས་པར་བྱས་ནས། མཆོད་པར་བྱ་བ་སྟེ། འོད་གསལ་གྱི་ངོ་བོ་ཉིད་དུ་ཐིམ་པར་བྱའོ། །སུ་ཞིག་གིས་ཞེ་ན། མཆོད་པ་བྱེད་པ་སྟེ། གཟུགས་གསུམ་སེམས་གསུམ་གྱི་ངོ་བོར་ཤེས་ཤིང་། སེམས་གསུམ་ཡང་སྟོང་པ་ཉིད་དུ་ཤེས་པའི་སྔགས་པ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ལ་གནས་སོ། །འོད་གསལ་དེ་ཉིད་ནི། སངས་རྒྱས་རྣམ་པར་སྣང་མཛད་ཀྱི་གཞི་རྡོ་རྗེ་འཆང་ཆེན་པོ་ཡིན་ཏེ། དེ་བསྐྱེད་བྱེད་ཡིན་པའི་ཕྱིར་རོ། །སྒྲ་རྣམ་པ་གསུམ་སེམས་གསུམ་དུ་ཤེས་པར་བྱས་ནས། འོད་གསལ་དུ་བསྟིམ་པར་བྱའོ། །ཇི་སྐད་དུ། བཤད་པའི་རྒྱུད་ལས་ཀྱང་། ནང་དང་དེ་བཞིན་ཕྱི་རོལ་དང་། །གཉིས་ཀ་རྗེས་སུ་མི་དམིགས་པ། །གཟུགས་སོགས་རྣམ་གསུམ་དེ་ཡིན་ཏེ། །ལྷ་རྣམས་ལ་ནི་དབུལ་བར་བྱ། །ཞེས་གསུངས་སོ། །འོག་མ་རྣམས་ནི་སྔ་མའི་རིགས་བསྒྲེས་པས་གོ་སླའོ། །འདི་དག་ལ་སེམས་ཙམ་དུ་བསྒོམ་པའི་སྤྲོས་པ་ཡང་མེད་པས་ན། ཤིན་ཏུ་སྤྲོས་པ་མེད་པ་སྟེ། ཟུང་འཇུག་པའི་བསྒོམ་བསམ་བསྟན་ཏོ། །རྗེས་དྲན་དྲུག་སྟོན་པ་ལ་གཉིས་ཏེ། རྗེས་དྲན་དངོས་བསྟན་པ་དང་། ཞར་ལ་སྙོམས་འཇུག་གི་ཆོ་ག་བསྟན་པའོ། །རྗེས་དྲན་དངོས་བསྟན་པ་ནི། སྐབས་འདིའི་རྗེས་དྲན་དྲུག་གིས། དབེན་གསུམ་སྔོན་དུ་འགྲོ་བ་ཅན་གྱི་སྒྱུ་ལུས་འོད་གསལ་དུ་བཅུག་ནས། ཟུང་འཇུག་གི་སྐུར་བཞེངས་པ་སྤྱིར་བསྟན་ཏོ། །དེ་ལ་སྐུ་དང་གསུང་དང་ཐུགས་རྣམས་བསྒོམ་ཞེས་པ། དབེན་པ་གསུམ་མདོར་བསྟན་པ་སྟེ། སྐུ་བསྒོམ་པ་རྒྱས་པར་སྟོན་པ་ནི། སངས་རྒྱས་རྗེས་སུ་དྲན་པ་སྦྱོར། །ཞེས་ཏེ། རིགས་བརྒྱའི་དབྱེ་བས་ལུས་རྣམ་པར་དབེན་པར་བྱེད་པ་ནི། སངས་རྒྱས་རྗེས་སུ་དྲན་པ་སྦྱོར་ཏེ་བསྒོམ་པའོ། །གསུང་བསྒོམ་པ་རྒྱས་པར་བསྟན་པ་ནི། ཆོས་ནི་རྗེས་སུ་དྲན་པ་བསྒོམ། །ཞེས་ཏེ། རྡོ་རྗེའི་བཟླས་པ་མཐར་ཐུག་པས་ངག་རྣམ་པར་དབེན་པ་ནི་ཆོས་རྗེས་སུ་དྲན་པ་བསྒོམ་པའོ། །ཐུགས་བསྒོམ་པ་རྒྱས་པར་འཆད་པ་ནི། རྡོ་རྗེ་རྗེས་སུ་དྲན་པ་བསྒོམ། །ཞེས་ཏེ། རང་བཞིན་སྣང་བའི་རིམ་གྱིས། སེམས་རྣམ་པར་དབེན་པ་རྟོགས་པ་ནི་རྡོ་རྗེ་རྗེས་སུ་དྲན་པ་བསྒོམ་པའོ། ཁྲོ་བོ་རྗེས་སུ་དྲན་པ་བསྒོམ། །ཞེས་པས། སེམས་དབེན་གྱི་སྒྲུབ་པ་བསྟན་ཏེ། ཁྲོ་བོ་ནི་ཐབས་ཀྱི་ཡེ་ཤེས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡིན་ལ། དེས་ལུས་གཟིར་བར་བྱེད་པའི་བགེགས་ཟིལ་གྱིས་གནོན་པས་ན་ཁྲོ་བོ། དེ་རྗེས་སུ་དྲན་པ་ནི་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ་བར་མ་ཆད་པར་བསྒོམ་པའོ། །རིགས་ནི་རྗེས་སུ་དྲན་པ་སྦྱོར། །ཞེས་སྒྱུ་ལུས་བསྟན་ཏེ། རིགས་ནི་ལུས་ངག་ཡིད་གསུམ་ཡིན་ལ། དེ་རྗེས་སུ་དྲན་པ་ནི། ཡེ་ཤེས་གསུམ་གྱིས་སོ་སོར་ཡོངས་སུ་ཤེས་པའོ། །སྦྱོར་བ་ནི་སེམས་གསུམ་རླུང་དང་བཅས་པ་དབྱེར་མེད་པར་སྦྱར་ནས་སྒྱུ་ལུས་བསྐྱེད་པའོ། །ལྷ་ནི་རྗེས་སུ་དྲན་པར་སྦྱོར། །ཞེས་པས། འོད་གསལ་བསྟན་ཏེ། ལྷ་ནི་སྒྱུ་ལུས་ཕྱག་རྒྱ་ཆེན་པོའོ། །དེ་རྗེས་སུ་དྲན་པ་ནི། ཆུ་ཟླ་ལ་སོགས་པའི་དཔེས། དེའི་ངོ་བོ་ཡོངས་སུ་ཤེས་པའོ། །སྦྱོར་བ་ནི། དེ་བསམ་གཏན་གཉིས་ཀྱིས་བཤིག་སྟེ་འོད་གསལ་དུ་བཅུག་པའོ། །བསྒོམས་ན་བྱང་ཆུབ་ཐོབ་པར་འགྱུར། །ཞེས་པས་ཟུང་འཇུག་བསྟན་ཏེ། དེ་ལྟར་དབེན་གསུམ་སྔོན་དུ་འགྲོ་བའི་སྒྱུ་ལུས་འོད་གསལ་ཏུ་བཅུག་སྟེ་གོམས་ན། སླར་ཡང་ལུགས་ལྡོག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས། བྱང་ཆུབ་སྟེ་ཟུང་འཇུག་གི་ཡེ་ཤེས་སྐྱེ་ཞིང་ཐོབ་པར་འགྱུར་རོ། །སྒྱུ་ལུས་འོད་གསལ་དུ་བཅུག་པ་ལས་ཟུང་འཇུག་སྐྱེ་བ་ལུང་གིས་བསྒྲུབ་པ་ནི། རྩ་རྒྱུད་ལས་ཉམས་དགའ་སངས་རྒྱས་ཀུན་གྱིས་བསྟེན། །བྷ་ག་ཞི་བ་གཅིག་པུའི་མིང་། །རང་གི་དེ་ནི་གཉིས་མེད་འབྱུང་། །རྡོ་རྗེ་དེ་ཉིད་དུ་སྦྱར་བྱ། །སངས་རྒྱས་རྗེས་དྲན་སྦྱོར་བ་སྟེ། །བྷ་ག་ལིངྒ་ཡིན་པར་གྲག ། གཞུག་པ་གཉིས་མེད་སྦྱོར་བ་སྟེ། །སངས་རྒྱས་གཟུགས་སུ་བསྒོམ་པའོ། །དེ་ལ་བློ་ལྡན་གྱིས་སྤྲོ་བ། །བ་སྤུའི་བུ་གའི་རྩེ་མོ་ནས། །མཉམ་པ་མེད་པའི་ཁྱད་པར་དུ། །སངས་རྒྱས་འཕྲིན་རྣམས་དེ་སྤྲོའོ། །ཞེས་གསུངས་ཏེ། དེ་ལ་རྩ་རྒྱུད་དུ་སངས་རྒྱས་རྗེས་དྲན་གྱི་དོན་བྷ་ག་ལ་ནི་ལིངྒ་བཞག །ཅེས་གསུངས་པས་བྷ་ག་ནི་འོད་གསལ་ཏེ། དེ་ནི་ཉོན་མོངས་པ་རྣམ་པར་དག་པས་ན་ཉམས་དགའོ། །དུས་གསུམ་གི་སངས་རྒྱས་ཀུན་གྱིས་བསྟེན་པས་ན་བྷ་གའོ། །སྤྲོས་པ་དང་བྲལ་བས་ན་ཞི་བ། དབྱེ་བ་མེད་པ་ལན་ཅིག་པུའོ། །རྡོ་རྗེ་ནི། རང་གི་དེ་ནི་གཉིས་མེད་འབྱུང་། །ཞེས་པ་སྒྱུ་ལུས་སོ། །གཞུག་པ་གཉིས་མེད་སྦྱོར་བས་ཏེ། །ཞེས་པ་སྒྱུ་ལུས་འོད་གསལ་ཏུ་བཅུག་པའོ། །སངས་རྒྱས་གཟུགས་སུ་བསྒོམ་པའོ། །ཞེས་པ་འོད་གསལ་ལས་ཟུང་འཇུག་བཞེངས་པའོ། །དེ་ཉིད་སྤྲུལ་སྐུར་བསྒྱུར་བ་ནི། །དེ་ལ་བློ་ལྡན་གྱིས། ཞེས་སོགས་ཀྱིས་བསྟན་ཏོ། །

ད་ནི་བསྐྱེད་རྫོགས་གཉིས་ཀའི་རྣལ་འབྱོར་པའི་སྙོམས་འཇུག་ཆོ་ག་བསྟན་པ་ནི། ཐོག་མར་རྡོ་རྗེ་འཆང་ཆེན་པོའི་ཟླས་པ་པོས་སྙོམས་འཇུག་གི་ཆོ་ག་ནི། མཆོད་པ་རབ་ཏུ་བརྩམ་པར་བྱའོ། །ཞེས་སྦྱར་རོ། །གང་ལ་ན་རྣལ་འབྱོར་བདག་ཉིད་ལའོ། །གང་དུ་ཞེ་ན། རབ་ཏུ་དབེན་ཞིང་ཡིད་དང་མཐུན་པའི་གནས་སུའོ། །གང་གིས་ཞེ་ན། བུད་མེད་ཡན་ལག་དང་ཉིང་ལག་མ་ཉམས་པའི་གཟུགས་དང་ལྡན་ཞིང་ཁ་དོག་སྡུག་པས་མདངས་བཟང་བ་དང་། ན་ཚོད་ལོ་གྲངས་བཅུ་དྲུག་ལོན་པ་རྙེད་ནས། དེ་རེག་རྡོ་རྗེ་མར་བསྐྱེད་དེ། བྱིན་གྱིས་བརླབས་པ་སྟེ། འདོད་ཆགས་ལ་སོགས་པ་རང་བཞིན་གསུམ་པོ་སྐྱེ་བའི་གནས། ཡུལ་ཡིད་དུ་འོང་བ་གསུམ་པོ་དག་གིས། བདག་ཉིད་མཆོད་པར་བྱའོ། །དུས་ནམ་གྱི་ཚེ་ཞེ་ན། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པ་དང་། གསང་མཆོད་བྱེད་པ་ལ་སོགས་པའ་ིདུས་སུའོ། །རྣམ་སྣང་ལ་སོགས་པའི་ཟློས་པ་པོས་གཞན་གྱི་ཆོ་ག་ལ་བསྟན་པ་ནི། རྣམ་སྣང་གི་ཟློས་པ་པོས་ནི། རང་གི་རིགས་ཀྱི་ཕྱག་རྒྱ་དེ་བཞིན་གཤེགས་པའི་བཙུན་མོའི་མཆོག་སྤྱན་དུ་བསྒོམ་པར་བྱ་ཞིང་། རིན་འབྱུང་གི་རིགས་ཀྱིས་མཱ་མ་ཀི་དང་། འོད་དཔག་མེད་ཀྱིས་གོས་དཀར་མོ་དང་། དོན་གྲུབ་ཀྱིས་སྒྲོལ་མ་ལ་སོགས་པར་བསྒོམ་པར་བྱའོ། །དེ་ལྟར་བསྒོམ་པས་ཅི་བྱ་ཞེ་ན། འཁྱུད་པ་ལ་སོགས་པ་ཕན་ཚུན་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས། དབང་པོ་གཉིས་མཉམ་པར་སྦྱར་བས། སྙོམས་པར་འཇུག་པར་བྱ་སྟེ། དེས་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་སྟེ། མཆོག་ཏུ་དགའ་བའི་མཚན་ཉིད་གཅིག་པ་ཐོབ་པར་འགྱུར་རོ། །སྔགས་ལ་མཆོག་ཏུ་གཞོལ་བའི་ཆོ་གའི་ཁྱད་པར་བསྟན་པ་ནི། བསྐྱེད་རིམ་པས་རང་དང་ཕྱག་རྒྱ་ལྷ་བསྐྱེད་པ་སྔོན་དུ་སོང་བས། རང་གི་རྡོ་རྗེ་ཡི་གེ་ཧཱུྃ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ནོར་བུའི་ཆ་ༀ་གྱིས་མཚན་པར་བསྒོམ། ཨ་ལས་ཕྱག་རྒྱའི་པད་མ་ཨས་མཚན་པར་བསམས་ཏེ། རིན་འབྱུང་གི་ང་རྒྱལ་གྱིས་རྗེས་སུ་ཆགས་པའི་སྦྱོར་བ་དང་ལྡན་པས་ཧཱུྃ་གླུར་བླང་ཞིང་སྙོམས་པར་ཞུགས་ཏེ། ཡི་གེ་ཕཊ་ཀྱིས་བྱང་ཆུབ་ཀྱི་སེམས་དབབ་པར་བྱའོ། །ཨ་ལས་པད་མ་བསྐྱེད་པ་ཆོས་སྐུ་དང་། ༀ་ལས་ནོར་བུ་བྱིན་གྱིས་བརླབ་པ་ལོངས་སྐུ་དང་། ཧཱུྃ་ལས་རྡོ་རྗེ་བསྐྱེད་པ་སྤྲུལ་སྐུར་བསྒོམ་པར་བྱ་ཞེས་པ་ནི། ཐ་མལ་པའི་རྣམ་རྟོག་སྤང་བའི་ཕྱིར་དེ་ལྟར་མོས་པར་བྱེད་པ་ཙམ་ཡིན་པས་རྣམ་པར་རྟོག་པ་ཙམ་ཡིན་གྱི། སྐུ་གསུམ་དངོས་མ་ཡིན་པས། དེ་ཁོ་ན་ཉིད་མ་ཡིན་ནོ། །སྙོམས་པར་འཇུག་པའི་ཚེ། དཀར་པོ་ལ་སོགས་པ་འོད་ཟེར་ལྔས་པད་མ་དང་རྡོ་རྗེའི་ནང་ཁྱབ་ཅིང་གང་བར་བསྒོམ་པར་བྱའོ། །སྔར་བཤད་པའི་སྤྱན་མ་ནི། ཟླ་བའི་འོད་བཞིན་དུ་འབར་བ་དང་བཅས་པའི་འོད་ཟེར་དཀར་པོའི་སྣང་བ་དང་ལྡན་པ་ཡིད་དུ་འོང་ཞིང་ཡིད་འཕྲོག་པའི་བུད་མེད་དུ་བསྒོམ་པར་བྱའོ། །དེས་མཚོན་ནས། མཱ་མ་ཀི་ཁ་དོག་སྔོན་མོ་དང་། གོས་དཀར་མོ་དམར་མོ་ལ་སོགས་པ་བསྒོམ་པ་དང་ཤེས་པར་བྱའོ། །རྗེས་དྲན་བཅུ་དྲུག་སྟོན་པ་ལ་གཉིས་ཏེ། དངོས་དང་རྗེས་དྲན་རྟོགས་པའི་ཕན་ཡོན་བསྟན་པའོ། །དང་པོ་ལ་མདོར་བསྟན། རྒྱས་བཤད་གཉིས་ཀྱི། མདོར་བསྟན་པ་ནི། སངས་རྒྱས་རྗེས་དྲན་ནི་ཞེས་སོགས་རྐང་པ་གཉིས་སོ། །དེ་ལ་བསྐྱེད་རིམ་པའི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་མ་གཏོགས་རྗེས་དྲན་གཞན་རྣམས་ཀྱིས་རྫོགས་རིམ་འབའ་ཞིག་སྟོན་ལ། དེ་ལ་ཡང་གཉིས་ལས། རྫོགས་རིམ་པའི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ཡན་ཆོད་ཀྱིས། བརྩོན་འགྲུས་ཅན་མཐོང་བའི་ཆོས་ལ་སངས་རྒྱ་བའི་ལམ་སྟོན་ལ། དམ་ཚིག་རྗེས་དྲན་མན་ཆོད་ཀྱིས་ལེ་ལོ་ཅན་བར་དོར་མྱ་ངན་ལས་འདའ་བའི་ལམ་བསྟན་ཏོ། །རྒྱས་པར་བཤད་པ་ལ་ལྔ་སྟེ། ཡེ་ཤེས་སྐུ་བསྐྱེད་པ་དང་། སྐུ་གསུང་ཐུགས་བྱིན་གྱིས་བརློབ་པ་དང་། ཐུན་མོང་གི་དོན་དམ་པར་འཇུག་པའི་རིམ་པ་དང་། འོད་གསལ་ལས་ལྡང་བ་དང་། སྤྲུལ་སྐུའི་གཞི་འགོས་པའོ། །དང་པོ་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་ལ་གསུམ་ལས། རིགས་སོ་སོའི་ཟློས་པ་པོས་རང་གི་ལྷའི་སྐུར་བསྒོམ་པའི་རིམ་པ་བསྟན་པ་ནི། དེ་ཡང་སྔར་གྱི་རྗེས་དྲན་དྲུག་གིས་ནི། དབེན་གསུམ་སྔོན་དུ་སོང་བའི་ཀུན་རྫོབ་འོད་གསལ་དུ་བཅུག་པ་ལས། ཟུང་འཇུག་ལོངས་སྐུར་བཞེངས་ནས་སྤྲུལ་སྐུར་བསྒྱུར་བ་སྤྱིར་བཤད་ལ། དེ་ཉིད་རིགས་སོ་སོའི་ཟློས་པ་པོ་རྣམས་ཀྱིས་ཇི་ལྟར་བསྒོམ་པ་བྱེ་བྲག་ཏུ་བཤད་པ་ནི། རྣམ་སྣང་གི་ཟློས་པ་པོས། སྔར་གྱི་རྗེས་དྲན་དྲུག་གི་དོན་ཇི་ལྟར་བསྒོམ་ན། སངས་རྒྱས་ཏེ་རྣམ་པར་སྣང་མཛད་རྗེས་སུ་དྲན་པའི་ཚུལ་གྱིས་བསྒོམ་ཞིང་། དེའང་ཚུལ་ཇི་ལྟར་བསྒོམ་ཞེ་ན། བྷ་ག་དོན་དམ་པའི་བདེན་པ་ལ། ལིང་ག་དབེན་གསུམ་སྔོན་དུ་འགྲོ་བ་ཅན་གྱི་སྒྱུ་ལུས་བསམ་གཏན་གཉིས་ཀྱིས་བཤིག་སྟེ། བཞག་པ་སྟེ་བཅུག་པ་ནི་འོད་གསལ་མངོན་དུ་བྱས་པ་ཡིན་ལ། དེ་ལས་ལུགས་ལྡོག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས་ཟུང་འཇུག་ལོངས་སྐུར་བཞེངས་པ་ནི། སངས་རྒྱས་གཟུགས་ནི་རབ་ཏུ་བསྒོམ། །ཞེས་སོ། །དེ་ནས་སྤྲུལ་སྐུར་བསྒྱུར་བ་ནི། མཁས་པ་སྟེ་ངོ་བོ་ཉིད་ཤེས་པའི་རྣལ་འབྱོར་པས། ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ། བ་སྤུ་རྣམས་ཀྱི་བུ་ག་ནས་ཏེ། ཡུམ་གྱི་ཆོས་འབྱུང་དུ་བདེ་བའི་སྣང་བ་ཙམ་ལས། སངས་རྒྱས་སྤྲིན་ཏེ། རྣམ་པར་སྣང་མཛད་ཀྱི་ཚོགས་རྣམ་པར་སྤྲོས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་གཏི་མུག་ལ་སྤྱོད་པའི་སེམས་ཅན་གྱི་ཁམས་རྣམ་པར་སྦྱངས་ནས། སླར་བདག་ཉིད་ལ་རྗེས་སུ་ཞུགས་པས། རྣམ་སྣང་སྤྲུལ་སྐུར་བསྒྱུར་བའོ། །འོད་དཔག་མེད་ཀྱི་རྣལ་འབྱོར་པས་རྗེས་དྲན་ཇི་ལྟར་བསྒོམ་ཞེ་ན། ཆོས་ཏེ་འོད་དཔག་ཏུ་མེད་པ་རྗེས་སུ་དྲན་པའི་ཚུལ་གྱིས་བསྒོམ་མོ། །ཆོས་ཀྱི་སྤྲིན་ནི་འོད་དཔག་ཏུ་མེད་པ་སྟེ། དེ་རྣམ་པར་སྤྲོས་པས་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་གྱི་ཁམས་སྦྱངས་ཏེ། བདག་ཉིད་ལ་ཞུགས་པས་འོད་དཔག་ཏུ་མེད་པར་བསྒྱུར་བའོ། །མི་བསྐྱོད་པའི་རྣལ་འབྱོར་པས་རྗེས་དྲན་དྲུག་ཇི་ལྟར་བསྒོམ་ཞེ་ན། རྡོ་རྗེ་སྟེ་མི་བསྐྱོད་པ་རྗེས་སུ་དྲན་པའི་ཚུལ་གྱིས་བསྒོམ་མོ། །རྡོ་རྗེའི་སྤྲིན་ནི་མི་བསྐྱོད་པ་སྟེ། དེ་རྣམ་པར་སྤྲོས་པས་ཞེ་སྡང་ལ་སྤྱོད་པའི་སེམས་ཅན་གྱི་ཁམས་སྦྱངས་ཏེ། བདག་ལ་རྗེས་སུ་ཞུགས་པས། མི་བསྐྱོད་པར་བསྒྱུར་པའོ། །རིན་འབྱུང་གི་རྣལ་འབྱོར་པས་རྗེས་དྲན་དྲུག་ཇི་ལྟར་བསྒོམ་ཞིང་། རིགས་ཏེ་རིན་ཆེན་འབྱུང་ལྡན་རྗེས་སུ་དྲན་པའི་ཚུལ་གྱིས་བསྒོམ་མོ། །རིགས་ཀྱི་སྤྲིན་ནི་རིན་ཆེན་འབྱུང་ལྡན་ཏེ། དེ་རྣམ་པར་སྤྲོས་པས། སེར་སྣ་དང་ང་རྒྱལ་ལ་སྤྱོད་པའི་སེམས་ཅན་གྱི་ཁམས་སྦྱངས་ཏེ། བདག་ལ་རྗེས་སུ་བཞུགས་པས་རིན་འབྱུང་དུ་བསྒྱུར་བའོ། །དོན་གྲུབ་ཀྱི་རྣལ་འབྱོར་པས་རྗེས་དྲན་དྲུག་ཇི་ལྟར་བསྒོམ་ཞེ་ན། ཁྲོ་བོ་དོན་ཡོད་གྲུབ་པ་རྗེས་སུ་དྲན་པའི་ཚུལ་གྱིས་བསྒོམ་མོ། ཁྲོ་བོའི་སྤྲིན་ནི་དོན་ཡོད་གྲུབ་པ་སྟེ། དེ་རྣམ་པར་སྤྲོས་པས་ཕྲག་དོག་ཅན་གྱི་སེམས་ཅན་གྱི་ཁམས་སྦྱངས་ཏེ། བདག་ལ་རྗེས་སུ་ཞུགས་པས་དོན་ཡོད་གྲུབ་པར་བསྒྱུར་བའོ། །དེ་དག་གིས་ཟུང་འཇུག་པའི་དེ་བཞིན་གཤེགས་པ་ལྔའི་དང་པོའི་སྦྱོར་བ་ལྔ་བསྟན་ཏོ། །

ལུས་བརྟས་པའི་སྦྱོར་བ་བསྟན་པ་ནི། དམ་ཚིག་ནི་ཟུང་འཇུག་ཡེ་ཤེས་ཀྱི་སྐུ། །དེ་རྗེས་སུ་དྲན་པ་ནི། དེ་སྤྲུལ་སྐུར་བསྒྱུར་བའོ། །རྣལ་འབྱོར་པ་བདག་གི་ལྕེའི་རྡོ་རྗེ་གྱེན་ཏུ་བཟློག་སྟེ། རྐན་གྱི་པད་མར་ལྡན་པ་སྟེ་བཅུག་ནས། སྐྱེས་པ་དང་། བུད་མེད་ཀྱི་དབང་པོ་གཉིས་མཉམ་པར་སྦྱར་བའི་ཚུལ་དུ་ལྕེ་ཆུང་བའི་ནུ་མ་འཇིབས་པས་རང་གི་ཁུ་བའི་ཐིག་པ་སྟེ་ཀླད་རྒྱས་ཀྱི་བདུད་རྩི་ཆ་བཅུ་དྲུག་ཏུ་གནས་པ་ཟླ་བ་ཕྱེད་ཕྱེད་ལ་ཆ་རེ་རེ་འབབ་པ་ལས། དེ་བས་མང་དུ་ཕབ་པས། སངས་རྒྱས་ཏེ་གཟུགས་ཀྱི་ཕུང་པོ་ལ་སོགས་པ་དང་། རྡོ་རྗེ་སེམས་དཔའ་སྟེ་སེམས་ལས་བྱུང་བ་རྣམས། མཆོད་པ་སྟེ་ཚིམ་ཞིང་རྒྱས་པར་འགྱུར་རོ། །གཉིས་པ། ཕྱུང་བའི་དཀྱིལ་འཁོར་བསྟན་པ་ནི། དཀྱིལ་འཁོར་ནི་ཕྱུང་བའི་དཀྱིལ་འཁོར་རོ། །དེ་རྗེས་སུ་དྲན་པ་བསྒོམ་པ་ནི། མཆོག་བསྒྲུབ་པ་ལ་གནས་པའི་རྣལ་འབྱོར་པ་འཁྱུད་པ་ལ་སོགས་པའི་བྱ་བ་ལ་མཁས་པས། དབང་པོ་གཉིས་མཉམ་པར་བཞག་པ་སྟེ། ཕྱག་རྒྱ་དང་སྙོམས་པར་ཞུགས་པས་རང་གི་ཁུ་བ་དག་རྡོ་རྗེའི་ལམ་ནས། ཡུམ་གྱི་བྷ་གར་རྟག་ཏུ་དབྱུང་བར་བྱའོ། །དེས་ཅི་ཞིག་བྱ་ཞེ་ན། དཀྱིལ་འཁོར་དཀྱིལ་འཁོར་ཚུལ་དུ་བྱ། །ཞེས་ཏེ། དཀྱིལ་འཁོར་ནི་བུ་དང་ཚ་བོ་ལ་སོགས་པ་ཕྱུང་བའི་དཀྱིལ་འཁོར་ཡིན་ལ། དཀྱིལ་འཁོར་ཚུལ་དུ་བྱ་ཞེས་པ་དེ་ལྟ་བུའི་དཀྱིལ་འཁོར་བསྐྱེད་པར་བྱའོ། །ཞེས་སོ། །དོན་ནི་འདི་ཡིན་ཏེ། སྔར་བཤད་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་ལྔའི་དང་པོའི་སྦྱོར་བ་ལྔ་བསྐྱེད་ནས། ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས། བདེ་བའི་སྣང་བ་ཙམ་ལས་ཡུམ་གྱི་ཆོས་འབྱུང་དུ་ལྷའི་འཁོར་ལོ་སྐད་ཅིག་ཙམ་གྱིས་བསྐྱེད་དེ། རང་རང་གིས་འབྱིན་སྔགས་ཀྱིས་སྤྲོས་ནས། སླར་བསྡུས་ཏེ་རང་རང་གི་གནས་སུ་བཀོད་པ་ནི། དཀྱིལ་འཁོར་རྒྱལ་མཆོག་གོ །ལས་རྒྱལ་མཆོག་ལ་གསུམ་སྟེ། དངོས་གཞི་བདེན་པ་གཉིས་དབྱེར་མེད་པ་ལ་བསླབ་པ་དང་། སྒྱུ་མ་ལྟ་བུའི་སྐབས་སུ་སྤྱོད་པ་མ་བྱས་ན། སྤྱོད་པ་བྱ་བ་དང་། རྡོ་རྗེ་བཟླས་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་སྟེ་དེ་ལྟར་གསུམ་པོ་གང་ཡང་རུང་བ་གཅིག་ལ་བསླབ་པར་འབྲེལ་ལོ། །སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ལ་གཉིས་ཏེ། བསྐྱེད་རིམ་པའི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། སྦྱོར་བ་དང་། རྗེས་སུ་སྦྱོར་བ་དང་། ལྷག་པའི་སྦྱོར་བ་རྣམས་བྱས་ནས། རྣལ་འབྱོར་ཆེན་པོ་སྐུ་གསུང་ཐུགས་བྱིན་གྱིས་རློབ་པའི་ཚེ། སྤྱི་བོ་ལ་སོགས་པའི་གནས་གསུམ་དུ་ཧཱུྃ་ལ་སོགས་པའི་ཡི་གེ་གསུམ་བཀོད་དེ། དེ་དག་ལ་སྤྱན་ལ་སོགས་པའི་ལྷ་མོ་གསུམ་སྤྲོས་ནས། སྐུ་རྡོ་རྗེ་ལ་སོགས་པ་རིགས་གསུམ་གྱི་ལྷ་རྣམས་ནམ་མཁར་སྤྱན་དྲངས་ནས། ལེའུ་བཅུ་གཉིས་པ་ནས་བཤད་པའི་ཚིགས་བཅད་གཉིས་ཀྱིས་གསོལ་བ་བཏབ་སྟེ། སླར་ཡང་ༀ་ལ་སོགས་པ་ལ་བཅུག་ནས། ཚིག་བཅད་འདི་དག་གིས་སྨོན་ལམ་འདེབས་པའོ། །དེ་ལ་སྐུ་ནི་རྣམ་པར་སྣང་མཛད་དེ། དེའི་ངོ་བོ་ཉིད་དུ་གྱུར་པ་རྗེས་སུ་དྲན་པ་ནི། ཕྱོགས་བཅུ་དང་། དུས་གསུམ་གྱི་སངས་རྒྱས་ཀུན་གྱི་སྐུ་གང་ཡིན་པ་རྣམ་པར་སྣང་མཛད་དང་འབྲེལ་བའི་ཟག་པ་མེད་པའི་ཕུང་པོ་ལྔ་ཡི་རྣམ་སྣང་རབ་ཏུ་རྒྱས་ཤིང་གང་བ་དེ་བཞིན་དུ་སངས་རྒྱས་སྐུའི་ངོ་བོ་སྟེ་སྐུ་རྡོ་རྗེ་འཁོར་དང་བཅས་པ་སྤྱི་བོར་བཅུག་པས་སྒྲུབ་པ་པོ་བདག་གི་ལུས་ཀྱང་སྐུ་རྡོ་རྗེའི་ངོ་བོ་དང་འདྲ་བར་གྱུར་ཅིག གསུང་གི་འོད་དཔག་ཏུ་མེད་པ་དེ་རྗེས་སུ་དྲན་པ་ནི། རྡོ་རྗེ་ཆོས་འོད་དཔག་ཏུ་མེད་པའི་གསུང་གང་ཡིན་པ་ངེས་པའི་ཚིག་དང་། ཆོས་དང་། དོན་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པ་དེ་དང་འདྲ་བར་སྒྲུབ་པ་པོ་བདག་གི་ཚིག་ཀྱང་དེ་དང་འདྲ་བར་གྱུར་ཏེ། ཆོས་འཛིན་པ་འོད་དཔག་ཏུ་མེད་པ་དང་འདྲ་བར་གྱུར་ཅིག་ཅེས་པའོ། །ཐུགས་ནི་མི་བསྐྱོད་པའོ། །དེ་རྗེས་སུ་དྲན་པ་ནི། སྣོད་མ་ཡིན་པ་ལ་གསང་བ་གཉིས་སུ་མེད་པའི་ཡེ་ཤེས། དེ་སྟོན་པ་ལ་དབང་པས་ན་གསང་བའི་བདག་པོ། རེག་རྡོ་རྗེ་དང་ལྡན་པས་ན་བློ་ལྡན། འཁོར་འདས་ཀུན་ཏུ་དགེ་བས་ན་ཀུན་ཏུ་བཟང་པོ། མི་བསྐྱོད་པའི་ཐུགས་གང་ཡིན་པ་དེ་དང་། སྒྲུབ་པ་པོ་བདག་གི་སེམས་ཀྱང་དེ་དང་འདྲ་བར་གྱུར་ཏེ། རྡོ་རྗེ་འཛིན་པ་ལྟ་བུར་གྱུར་ཅིག་ཅེས་པའོ། །རྫོགས་རིམ་པ་རྣམས་ཀྱིས་རང་བཞིན་ཡོངས་སུ་ཤེས་པ་ཙམ་གྱིས་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་བསྟན་པ་ནི། སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་རྣམས་རྗེས་སུ་དྲན་པ་བསྒོམ་པ་ནི། མངལ་སྐྱེས་ལ་སོགས་པ་སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་ཀུན་གྱི་སེམས་གང་ཡིན་པ་འདི་ནི་སྐུའོ། །འདི་ནི་གསུང་ངོ་། །འདི་ནི་ཐུགས་སོ་ཞེས་བརྟག་པའི་གཞིར་གྱུར་པ་དེ་དག་དང་། སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་། བདག་སྒྲུབ་པ་པོའི་སེམས་རྣམས་གཉིས་སུ་མེད་ཅིང་། ནམ་མཁའ་དང་འདྲ་བར་བསྒོམ་པ་ནི་ཐུགས་བྱིན་གྱིས་བརླབ་པའོ། །སྐུ་དང་གསུང་བྱིན་གྱིས་བརླབ་པ་ཚིག་གཅིག་གིས་སྟོན་པ་ནི། སྔགས་ཀྱི་རྡོ་རྗེ་སྟེ་སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་གྱི་ངག་གི་ཚོགས་དང་། དེ་དག་གི་སྐུ་སྟེ། ལུས་གང་ཡིན་པ་དང་། སྔགས་འཛིན་པ་རྡོ་རྗེ་འཆང་ཆེན་པོའི་གསུང་གིས་སྐུ་ཡང་རྣམ་བསྒོམ་ཞེས་པ། སྐུ་དང་གསུང་དག་དང་། བདག་སྒྲུབ་པ་པོའི་ངག་དང་ལུས་དག་ཀྱང་དེ་དག་དང་འདྲ་བར་ནམ་མཁའ་དང་མཉམ་ཞིང ། སྟོང་པ་ཉིད་དུ་རོ་གཅིག་པར་བསྒོམ་པ་ནི། སྐུ་དང་གསུང་བྱིན་གྱིས་རློབ་པའོ། །ཐུན་མོང་གི་དོན་དམ་པར་འཇུག་པའི་རིམ་པ་བསྟན་པ་ནི། དེ་ལ་དམ་ཚིག་ནི་འདའ་བར་མི་བྱ་བས་ན་འོད་གསལ་ལོ། །སངས་རྒྱས་ཀྱི་སྐུ་བསྐྱེད་པའི་རྗེས་ཐོག་ལ། དོན་དམ་རྟོགས་པ་ནི་དམ་ཚིག་རྗེས་སུ་དྲན་པའོ། །དེ་བསྒོམ་པ་ནི། དེ་ལ་བརྩོན་འགྲུས་དང་ལྡན་པ་རྣམས་ནི། ཚེ་འདི་ཉིད་ལ་བསྐྱེད་རིམ་ནས་བརྩམས་ནས། ཟུང་འཇུག་གི་བར་མཐར་ཕྱིན་ཏེ། མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ལ། ལེ་ལོ་ཅན་འགའ་ཞིག་སྒྱུ་ལུས་ཡན་ཆ་མཐར་ཕྱིན་ཏེ་བདེན་པ་མཐོང་ཡང་གོམས་པར་མ་བྱས་ཤིང་། ལེ་ལོའི་དབང་གིས་སྤྱོད་པ་མ་བྱས་པས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མ་ཐོབ་ཅིང་། འཆི་བའི་དུས་ལ་བབ་པ་ན། འཆི་ཁའི་མན་ངག་མངོན་དུ་བྱས་ཏེ། བར་དོར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་གཅིག་བསྟན་ཏོ། །དེ་ལ་ཚིག་གི་དོན་ནི། དམ་ཚིག་ནི་ཕ་མ་གཉིས་དབང་པོ་སྦྱོར་བའོ། །

ཁུ་བ་ཕྱུང་ཞེས་པ་ནི། ཕ་མ་གཉིས་ཀྱི་ཁུ་ཁྲག་དང་བར་དོའི་རྣམ་ཤེས་མའི་མངལ་དུ་འདྲེས་ཏེ། མེར་མེར་པོ་ལ་སོགས་པའི་གནས་སྐབས་ལྔས་ལུས་སྨིན་པ་ཐོབ་སྟེ། ཟླ་བ་བཅུ་ཚང་བའི་མཐར། མངལ་ནས་བཙལ་ཏེ་བྱིས་པ་དང་། གཞོན་ནུ་དང་། དར་ལ་བབ་པའི་གནས་སྐབས་སུ་གྱུར་པའོ། །དེ་ནས་རྡོ་རྗེ་ཐེག་པ་ལ་ཞུགས་ཏེ། བསྐྱེད་རིམ་ནས་སྒྱུ་ལུས་ཡན་ཆོད་མཐར་ཕྱིན་པར་བྱས་ཤིང་། བདེན་པ་མཐོང་ཡང་། གོམས་པར་མ་བྱས་པ་ཞིག་འཆི་བའི་དུས་ལ་བབ་པ་ན། འབྲས་བུ་འདོད་པ་སྟེ་བར་དོར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་པས། ཆོ་ག་བཞིན་བཏུང་བར་བྱ་ཞེས་པ། འཆི་ཁའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་གྱི་སྒྱུ་ལུས་རྣམས། རྡོ་རྗེ་ཕྲེང་བ་ལས། གཟུགས་ཕུང་རྟོགས་པ་ཞེས་སོགས། གསུངས་པའི་ཆོ་ག་བཞིན། འཆི་བ་འོད་གསལ་དུ་རིམ་གྱིས་གཞུག་ཅིང་བཏུང་བར་བྱའོ། །དེ་ལས་ཅིར་འགྱུར་ཞེ་ན། དེ་ལྟར་རྣམ་སྣང་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི། གཟུགས་ལ་སོགས་པའི་ཕུང་པོའི་ཚོགས་བསད་པ་སྟེ། འཆི་བ་འོད་གསལ་དུ་བཅུག་ནས། སླར་ཡང་བར་དོར་ལྷུན་གྱིས་གྲུབ་པའི་ཟུང་འཇུག་ཏུ་ལངས་ཏེ། དེར་དངོས་གཞི་བདེན་པ་གཉིས་དབྱེར་མེད་པ་དང་། སྤྱོད་པ་གསུམ་གང་རུང་ལ་བསླབས་པས། དེ་ཉིད་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་སྐད་དུ་ཡང་དགོངས་པ་ལུང་སྟོན་ལས། དམ་ཚིག་རྗེས་དྲན་རྣམས་ཀྱིས་ནི། །དེ་བས་ཚངས་པ་ཤིན་ཏུ་བྱུང་། །དངོས་མེད་གཅིག་ཏུ་སྦྱོར་བ་ཡིས། །མཁས་པས་ཆོ་ག་བཞིན་དུ་བཏུང་། །དེ་བཞིན་གཤེགས་ཚོགས་ཆེ་བ་ནི། །དངོས་མེད་ཅེས་བྱ་བསད་པ་སྟེ། །བློ་དང་ལྡན་པས་འདི་བསད་ན། །དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར། །ཞེས་གསུངས་སོ། །རྡོ་རྗེ་གཙུག་ཏོར་གྱི་རྒྱུས་ལས་ཀྱང་། མི་རྟག་པ་ནི་ཤི་བ་སྟེ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་ཡིན། །ཞེས་སོགས་གསུངས་སོ། །འཆི་བ་འོད་གསལ་དེ་ཉིད་བརྟན་པར་བྱེད་པ་ནི། ཤེས་རབ་ནི། ཤེས་རབ་དང་། ཐབས་དང་། ཉེ་བར་ཐོབ་པ་རྣམས་ཡིན་ལ། དེའི་ཕ་རོལ་ནི་དོན་དམ་པའི་བདེན་པ་འོད་གསལ་ལོ། །དེ་ཉིད་འདའ་བར་མི་བྱ་བས་ན་དམ་ཚིག་གོ །དེ་རིལ་འཛིན་དང་། རྗེས་གཞིག་གིས་རིམ་པས་དྲན་པས་ན་རྗེས་སུ་དྲན་པའོ། །དེ་ལ་རྒྱུན་མི་འཆད་པར་སློབ་པས་ན་བསྒོམ་པའོ། །དེ་ཇི་ལྟ་བུ་ཞེ་ན། འཆི་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི། གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པས་ན་འོད་གསལ་བ། ཀུན་ཏུ་སྣང་བ་གསུམ་པོ་རང་བཞིན་བརྒྱད་ཅུ་དང་བཅས་པ་ཐམས་ཅད་འགགས་པས་ན་ཟག་པ་མེད་པ། དེ་ལས་ལུགས་བཟློག་གི་སྣང་བ་གསུམ་རླུང་དང་བཅས་པ་འབྱུང་སྟེ། བར་དོ་སྒྱུ་མ་ལྟ་བུའི་ལུས་ལེན་པས་ན་མ་སྐྱེས་པའོ། །འབྲས་བུ་མེད་པས་བྱང་ཆུབ་མེད་ཅིང་། དེ་འཐོབ་བྱེད་ཀྱི་རྒྱུ་མེད་པས་མངོན་རྟོགས་མེད་ལ། གནས་མེད་པས་ཁམས་ཀྱང་མེད་ཅིང་། གནས་པ་མེད་པས་འབྱུང་བ་ཡང་མེད་པའོ། །འཆི་བ་འོད་གསལ་ལས། བར་དོ་ཟུང་འཇུག་དུ་ལྡང་བའི་རིམ་པ་སྟོན་པ་ནི། མ་སྐྱེས་པ་ནི་འོད་གསལ་འཛིན་པའི་ཡན་ལག་གོ །རྗེས་སུ་དྲན་པ་ནི་དེ་ལས་ལྡང་བ་རྗེས་དྲན་གྱི་ཡན་ལག་གོ །བསྒོམ་པ་ནི། བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའོ། །འཆི་བ་འོད་གསལ་འཛིན་པའི་ཡན་ལག་གི་འོག་དེ་ནས། ལུགས་བཟློག་གི་སྣང་བ་གསུམ་རླུང་དང་བཅས་པ་རྗེས་དྲན་གྱི་ཡན་ལག་ལས། རང་བཞིན་ཏེ་ཀུན་རྫོབ་ཀྱི་བདེན་པ་དང་། འོད་གསལ་བ་དོན་དམ་པའི་བདེན་པ་སྟེ། དེ་གཉིས་དབྱེར་མི་ཕྱེད་པའི་བདག་ཉིད་ཅན་གྱིས་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་སྐུར་ལྡང་བར་འགྱུར་རོ། །

དེའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། རྒྱུ་དང་འབྲས་བུ་གཉིས་སུ་མེད་པས་ན། མཚན་མ་མེད་པ། འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་མི་འཇིག་པས་ན་མི་འགྱུར་བ། ནམ་མཁའི་འཇའ་ཚོན་ལྟར་འོད་ཟེར་ལྔ་དང་ལྡན་པས་ན་ནམ་མཁའ་བཞིན་ནོ། །དེ་ཉིད་རོ་གཅིག་པས་ན་གཉིས་སུ་མེད་པ། ཟུང་འཇུག་གི་བདག་ཉིད་ཡིན་པས་ན་གཉིས་སུ་མེད་པ་མིན་པ། སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་ཅན་ཡིན་པས་ན་ཞི་བ། ཟག་པ་མེད་པས་ན་ཤིན་ཏུ་དྲི་མ་མེད་པ། རེག་བྱའི་ཡུལ་མ་ཡིན་པས་ན་ནམ་མཁའ་བཞིན་ནོ། །དེ་ལྟར་འཆི་བ་ཆོས་ཀྱི་སྐུ་དང་། བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་སུ་མེད་པའི་མཚན་ཉིད་ཅན་དུ་ངེས་པར་བྱས་ནས། སྤྲུལ་པའི་སྐུའི་གཞི་འགོད་པ་ནི། ཞེ་སྡང་ནི་མི་བསྐྱོད་པའོ། །རིགས་ལ་སོགས་པའི་མཆོད་པ་ནི་ཐུགས་རྡོ་རྗེ་རང་གི་སྐུ་ལས་བྱུང་བའི་ལྷའི་འཁོར་ལོ་བུད་མེད་ཀྱི་གཟུགས་སུ་སྤྲུལ་ནས། བླ་ན་ཡོད་པ་དང་བཅས་པ་ལ་སོགས་པའི་མཆོད་པ་བྱེད་པའོ། །རྗེས་སུ་དྲན་པ་ནི། ཆགས་པ་ལ་སོགས་པ་ཉམས་སུ་མྱོང་བ་སྟེ། དེ་ཇི་ལྟ་བུ་ཞེ་ན། མཆོད་པར་བྱ་ཞེས་སྦྱར་རོ། །གང་ལ་ན་རྣལ་འབྱོར་པ་བདག་ཉིད་ལའོ། །གང་གིས་ན་ཕྱག་རྒྱ་དང་མཉམ་པར་སྦྱོར་བ་ལས་བྱུང་བའི་བདག་གི་ཁུ་བ་སྟེ་མཆོག་ཏུ་དགའ་བས་སོ། །ཕྱག་རྒྱ་ཇི་ལྟ་བུ་ལ་ཞེ་ན། བུད་མེད་ཏེ་བུ་མོ་སེམས་རབ་ཏུ་བརྟན་ཅིང་མི་འགྱུར་བ། ལོ་གྲངས་བཅུ་གཉིས་ལོན་པ། པད་མ་ཅན་ལ་སོགས་པའི་རིགས་བཞི་གང་རུང་དང་ལྡན་པ་རྙེད་པ་ལའོ། །ཚུལ་ཇི་ལྟས་སྙོམས་པར་འཇུག་པར་བྱ་ཞེ་ན། རང་རིགས་ཀྱི་ཕྱག་རྒྱར་རབ་ཏུ་བསྒོམས་ཏེ་རྡོ་རྗེ་པད་མ་འདུ་བྱས་ནས། ཀ་ར་ནའི་སྦྱོར་བས་སྙོམས་པར་འཇུག་པར་བྱའོ། །གང་ཟག་ཇི་ལྟ་བུ་ཞེ་ན། རིམ་གཉིས་ཀྱི་རྣལ་འབྱོར་པ་སྤྲོས་མེད་གཟུངས་ཀྱི་ལྷ་མོ་ལྔ་དང་སྤྱོད་པ་བྱེད་པས་སོ། །དུས་ནམ་གྱི་ཚེ་ན། གསང་བའི་མཆོད་པ་བྱེད་པའི་དུས་སུའོ། །

རྗེས་དྲན་བཅུ་དྲུག་རྟོགས་པའི་ཕན་ཡོན་ལ་གཉིས་ཀྱི། མཆོག་གྲུབ་པར་བསྟན་པ་ནི། དེ་ལྟ་བུའི་རྗེས་དྲན་བཅུ་དྲུག་རྟོག་པའི་རྣལ་འབྱོར་པ་འདིས་ནི། རྣམ་སྣང་ལ་སོགས་པའི་ངོ་བོ་ཉིད་ཀྱི་རྫུ་འཕྲུལ་དང་ལྡན་པའི་སྐུ་ཐོབ་པས་ན། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུའི་དབང་ཕྱུག་དང་། ཡིད་ལ་གང་དང་གང་འདོད་པ་དེ་དང་དེ་འབད་པ་མེད་པ་ཕུན་སུམ་ཚོགས་པར་འགྱུར་བས་ན་རྡོ་རྗེ་འཛིན་པ་སྟེ་མི་བསྐྱོད་པ་དང་། འབྲེལ་བའི་ཐུགས་ཀྱི་དབང་ཕྱུག་དང་། སྒྲ་སྙན་དང་འདྲ་བར་སྒྲའི་ངོ་བོ་ཉིད་ཤེས་པ་ལ་ནི་གང་ཞིག་སྨྲས་པར་འགྱུར་བ་དེ་ཐམས་ཅད་འབྱོར་པར་འགྱུར་བས་ཆོས་འཛིན་མཆོག་སྟེ། འོད་དཔག་མེད་དང་འབྲེལ་བའི་གསུང་གི་དབང་ཕྱུག་དག་ཀྱང་ཚེ་འདི་ཉིད་ལ་འཐོབ་པར་འགྱུར་རོ། །དེར་མ་ཟད་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་མཚན་ཉིད་ཅན་གྱི་ཕྱག་རྒྱ་ཆེན་པོ་ཡང་འགྲུབ་པར་འགྱུར་རོ། །འཇིག་རྟེན་པའི་དངོས་གྲུབ་འགྲུབ་པར་བསྟན་པ་ནི། དེ་ལྟ་བུའི་ཟུང་འཇུག་པའི་ཏིང་ངེ་འཛིན་ལ་གནས་པས་ནི། གོང་དུ་བཤ་པ་དེ་དག་ལས་གཞན་པ་གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་འཇིག་རྟེན་པའི་དངོས་གྲུབ་ཕྲ་མོར་བཤད་པ་དེ་རྣམས་ཀྱང་འགྲུབ་པར་འགྱུར་རོ། །རྒྱུ་གང་གིས་འགྲུབ་ཅེ་ན། རྡོ་རྗེ་གསུམ་ནི་ཁམས་གསུམ་ཡིན་ལ། དེ་རྣམས་སྟོང་པ་ཉིད་ཀྱི་ངོ་བོར་དབྱེར་མི་ཕྱེད་པར་བསྒོམས་ཏེ། སྔགས་ཀྱི་ཡན་ལག་མ་ཉམས་པར་བཟླས་ཤིང་བདེན་པ་མཐོང་བ་ཙམ་གྱིས་སོ། །གལ་ཏེ་དངོས་པོའི་མཚན་མར་གཟུང་སྟེ་ཐ་དད་པར་བསྒོམས་ན། འཇིག་རྟེན་པའི་དངོས་གྲུབ་ཀྱང་མི་འགྲུབ་ན། འཇིག་རྟེན་ལས་འདས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས། སྟོང་པ་ཉིད་བསྒོམས་པའི་ཏིང་ངེ་འཛིན་གྱི་ནུས་པ་བསྟན་པ་ཡིན་ཏེ། བདེ་མཆོག་ལས། རྣལ་འབྱོར་ཐམས་ཅད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། ཁམས་གསུམ་པ་ནི་མ་ལུས་རྣམས། །ཐམས་ཅད་དེ་ཡི་ལོངས་སྤྱོད་དོ། །ཞེས་གསུངས་པས་སོ། །ལེའུའི་མཚན་དོན་ནི། སྔགས་ནི་སྒྲུབ་པ་པོ། དེ་རྣམས་ཀྱི་སྤྱོད་པ་ནི། སྤྲོས་པ་མེད་པ་ལ་སློབ་པའི་ངོ་བོ་སྟེ། དེ་ཉིད་ཕུལ་དུ་བྱུང་བས་ན་མཆོག་གོ །ལེའུ་ནི་དེ་སྟོན་པའི་གཞུང་གི་ཚོགས་སོ། །ལེའུ་བདུན་པའི་རྣམ་བཤད་དོ།། །།


previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བདུན་པའི་རྣམ་བཤད།next