Nitartha Digital Library
Tibetan
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།


   
   
   
   
   
   
   
   
གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བརྒྱད་པའི་རྣམ་བཤད།
   
   
   
   
   
   
   
   
   


 
previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བརྒྱད་པའི་རྣམ་བཤད།next

གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བརྒྱད་པའི་རྣམ་བཤད།

དེ་ལྟར་སྤྱོད་པ་ལ་གནས་པའི་རྣལ་འབྱོར་པས། ཚོགས་ཡོངས་སུ་རྫོགས་པར་བྱ་བའི་དོན་དུ། བླ་ན་མེད་པའི་མཆོད་པ་བྱ་བ་དང་། སྣོད་དུ་རུང་བའི་སློབ་མ་ལ་གསང་བའི་དབང་བསྐུར་བ་བསྟན་པའི་ཕྱིར། ལེའུ་བརྒྱད་པ་འཆད་པ་ལ་གཉིས་ཏེ། བསྡུས་པའི་དོན་དང་། ཡན་ལག་གི་དོན་ནོ། །བསྡུས་པའི་དོན་ལ་གཉིས་ཀྱི་བརྗོད་བྱ་དོན་གྱི་བསྡུས་དོན་ནི། ལེའུ་འདིའི་སྟོད་ནས། བསྟོད་པ་སྔོན་དུ་འགྲོ་བའི་འདོད་པའི་དོན་ལ་གསོལ་བ་གདབ་པ་སྟོན། རྐེད་ནས་མཆོདཔའི་ཆོ་ག་སྟོན། སྨད་ནས་གསང་བའི་དབང་བསྐུར་བ་སྟོན་ནོ། །བརྗོད་བྱ་སྒྲའི་བསྡུས་དོན་ནི་གོ་སླའོ། །ཡན་ལག་གི་དོན་ལ་གསུམ་སྟེ། བསྟོད་ཅིང་གསོལ་བ་གདབ་པ་དང་། མཆོད་པའི་ཆོ་ག་དང་། གསང་བའི་དབང་བསྐུར་བསྟན་པའོ། །བསྟོད་ཅིང་གསོལ་བ་གདབ་པ་ལ་གཉིས་ཀྱི། སྡུད་པ་པོའི་ཚིག་གིས་སྟོན་པའི་མཚན་ཉིད་བསྟན་པའི་ཐབས་ཀྱིས་མདོར་བསྟན་པ་ནི། གསོལ་བ་བཏབ་བོ་ཞེས་སྦྱར། སུ་ཞིག་གིས་ན། རྡོ་རྗེ་དཀོན་མཆོག་དཔལ་གྱིས་ཞེས་ཏེ། དཀོན་མཆོག་དཔལ་ནི་དགེ་བའི་རང་བཞིན་ཡིན་ཞིང་། དགའ་བ་བསྐྱེད་པས་ན་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལ་བྱ་སྟེ། དེས་དབང་བསྐུར་བར་གསོལ་བ་འདེབས་པའི་གཞིར་གྱུར་པའི་ཕྱིར་ན། ཕྱག་ན་རྡོ་རྗེ་ལ་དཀོན་མཆོག་དཔལ་ཞེས་པའི་མིང་གིས་བཏགས་པའོ། །གང་ཞེ་ན། གནས་ཕུན་སུམ་ཚོགས་པ་བཙུན་མོའི་བྷ་གར་བཞུགས་པས་ན་བཅོམ་ལྡན་འདས་རིགས་ལྔའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ། སྤྱན་ལ་སོགས་པའི་ལྷ་མོ་རྣམས་ཀྱི་གཙོ་བོར་གྱུར་པས་དབང་ཕྱུག་དམ་པ་རྡོ་རྗེ་འཛིན་པ་ཆེན་པོ་ལའོ། །གང་གིས་ན། འོག་ནས་འབྱུང་བའི་བསྟོད་པ་འདིས་བསྟོད་ནས་སོ། །རྒྱས་པར་བཤད་པ་ལ་གཉིས་ཀྱི། སྤྱོད་པ་དང་ཕྲིན་ལས་ཀྱི་སྒོ་ནས་བསྟོད་ཅིང་གསོལ་བ་བཏབ་པ་ནི། བཤད་དུ་གསོལ་ཞེས་སྦྱར། གང་ན་རིམ་གཉིས་ཀྱི་དཀྱིལ་འཁོར་སྤྲུལ་པས་སེམས་ཅན་གྱི་དོན་རྫོགས་པར་བྱེད་པའི་མཆོད་པའོ། །གང་གིས་ན། རྡོ་རྗེ་ལྟར་མི་ཕྱེད་པའི་ཚུལ་གྱིས་མཛེས་པས་ན་རྡོ་རྗེ་རྒྱལ་པོའོ། །སེམས་ཅན་ཚད་མེད་པ་སངས་རྒྱས་ཀྱི་ས་ལ་སོན་པར་མཛད་པས་ན་ཐེག་པ་ཆེའོ། །དོན་དམ་པའི་བདེན་པས་རྣལ་འབྱོར་པའི་རྒྱུད་རྣམ་པར་སྦྱོར་བར་མཛད་པས་ན། ནམ་མཁའི་སྤྱོད་པ་རྣམ་སྦྱོང་བའོ། །རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྤྱོད་པ་ལ་གནས་པས་ན་ཀུན་ཏུ་བཟང་པོ་སྤྱོད་པའི་མཆོག་གོ །ཉན་རང་ལ་སོགས་པའི་མཆོག་ཏུ་གྱུར་པས་ན་རྒྱལ་མཆོག་རྡོ་རྗེ་འཆང་ཆེན་པོས་སོ། །དེ་ཁོ་ན་ཉིད་ཀྱི་སྒོ་ནས་བསྟོད་ཅིང་གསོལ་བ་གདབ་པ་ལ་གཉིས་ཀྱི། དྲང་དོན་དུ་བཤད་པ་ནི་མཆོད་པ་བཤད་དུ་གསོལ་ཞེས་སྦྱར། གང་གིས་ན། འདོད་ཆགས་ཞེ་སྡང་གཏི་མུག་ཆེས་ཆེ་བ་རྣམས་ཀྱང་སྦྱོང་བར་བྱེད་པའི་རྡོ་རྗེ་ཐ ེག་པ་སྟོན་པར་མཛད་པ་དང་། ཆོས་ཐམས་ཅད་ནམ་མཁའི་དབྱིངས་དང་མཚུངས་པར་སྟོན་པས་མཆོག་ཏུ་གྱུར་པ་དང་། དུས་གསུམ་གྱི་རྒྱལ་བ་རྣམས་བསྐྱེད་པར་མཛད་པས་ན་རྒྱལ་གཞི་རྡོ་རྗེ་འཆང་ཆེན་པོས་སོ། །མཆོད་པ་བཤད་དུ་གསོལ་ཞེས་སྦྱར། གང་གི་ན། གདུལ་བྱ་རྣམས་ཉན་ཐོས་ལ་སོགས་པའི་ཐེག་པ་གསུམ་གྱི་ལམ་ལ་རབ་ཏུ་གནས་པར་མཛད་པ་དང་། བག་ཆགས་མ་ལུས་པ་དང་བྲལ་ཞིང་འཁོར་བ་ཇི་སྲིད་པར་གནས་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་ཐར་པའི་ལམ་སྟོན་པར་མཛད་པ་དང་། རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་བདག་པོར་གྱུར་པས་སངས་རྒྱས་སྐལ་མཆོག་གོ །དེ་ཉིད་ཀྱིས་ཕྱིར་དག་པའི་བདག་ཉིད་ཅན་གྱི་མི་མཆོག་རྡོ་རྗེ་འཆང་ཆེན་པོས་སོ། །ཕྱག་འཚལ་ལོ་ཞེས་སྦྱར། གང་ལ་ན། རྡོ་རྗེ་ཐེག་པའི་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོ་ལའོ། །དེ་ཇི་ལྟ་བུ་ཞེ་ན། དོན་དམ་པའི་བྱང་ཆུབ་ཀྱི་སེམས་རྒྱས་པའི་སྤྱན་དང་ལྡན་ཞིང་། རྣམ་པ་བཅུ་གཉིས་པའི་ཆོས་ཀྱི་འཁོར་ལོ་འཇིག་རྟེན་གསུམ་དུ་བསྐོར་བར་མཛད་པ་དང་། རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་མཚན་ཉིད་ཅན་ཡིན་པས། སྐུ་གསུང་ཐུགས་ཤིན་ཏུ་དག་པའོ། །ངེས་དོན་དུ་བཤད་པ་ནི། འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །ཞེས་ཡེ་ཤེས་གསུམ་གྱི་སྒོ་ནས་བཅོམ་ལྡན་འདས་ལ་བོས་ནས། བཤད་དུ་གསོལ་ཞེས་སྦྱར་རོ། །འདོད་ཆགས་ནི་སྣང་བའོ། །ཞེ་སྡང་ནི་སྣང་བ་མཆེད་པའོ། །གཏི་མུག་ནི་ཉེར་ཐོབ་ཀྱི་ཡེ་ཤེས་སོ། །གང་ཞིག་ན། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་མཆོད་པའོ། །རྡོ་རྗེ་ནི་འོད་གསལ་བའོ། །དེ་ཉིད་བཤད་མ་ཐག་པའི་རང་བཞིན་གྱི་སྣང་བ་སྦྱོར་བར་མཛད་པས་ན་ཐེག་པའོ། །དེ་རབ་ཏུ་སྟོན་པར་མཛད་པ་ན་རྡོ་རྗེ་ཐེག་པ་རབ་སྟོན་པའོ། །དབང་པོའི་མཆོག་ལྷའི་མིག་ཙམ་གྱིས་གཟུང་བར་བྱ་བ་ཡིན་པས་ན་ནམ་མཁའི་དབྱིངས་དང་མཚུངས་པའོ། །ཐམས་ཅད་ཀྱི་དང་པོར་གྱུར་པས་ན་མཆོག་གོ །རྣམ་སྣང་ལ་སོགས་པ་ཐིམ་པའི་གཞིར་གྱུར་པས་ན་རྒྱལ་བའི་གཞི་རྡོ་རྗེ་འཆང་ཆེན་པོའོ། །ཡང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཆོད་པ་བཤད་དུ་གསོལ་ཞེས་སྦྱར་རོ། །སུ་ཞིག་གིས་ན། རྡོ་རྗེའི་སྐུ་ཉིད་ཀྱིས་ཚད་མེད་པའི་ལྷ་མོ་དང་སྙོམས་པར་ཞུགས་པས། འཁོར་བ་ཇི་སྲིད་པར་མཆོག་ཏུ་དགའ་བར་མཚན་ཉིད་གཅིག་པ་ལྷ་དང་མི་ལས་འདས་པའི་ཡོན་ཏན་བརྒྱད་ཀྱི་བདེ་བ་ཉམས་སུ་མྱོང་བ་ནི་ཐར་པ་ཡིན་ལ། དེ་ཐོབ་པའི་ཐབས་སྟོན་པར་མཛད་པས་ན། ཐར་པའི་ལམ་རབ་ཏུ་སྟོན་པ་དང་། ཤེས་རབ་དང་ཐབས་དང་། ཉེར་ཐོབ་གསུམ་གྱིས་གདུལ་བྱ་དོན་དམ་པའི་གྲོང་ཁྱེར་དུ་འཇུག་པར་མཛད་པས་ན། ཐེག་པ་གསུམ་གྱི་ལམ་ལ་གནས་པའོ། །བདེ་བ་ཐམས་ཅད་ཀྱི་བདག་ཉིད་སྒྲུབ་པར་མཛད་པས་ན། སངས་རྒྱས་སྐལ་མཆོག་གོ ། བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཡིན་པས་ན། དག་པའི་བདག་སྟེ། དེ་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་མི་མཆོག་རྡོ་རྗེ་འཆང་ཆེན་པོ་ཁྱོད་ཀྱིས་སོ། །ཕྱག་འཚལ་ལོ་ཞེས་སྦྱར། གང་ལ་ན། མི་འཇིག་པའི་བདག་ཉིད་ཅན་གྱི་རྡོ་རྗེ་ཐེག་པ་ཁྱེད་ལའོ། །དེ་ཇི་ལྟ་བུ་ཞེ་ན། བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་རྡོ་རྗེ་འཆང་ཆེན་པོ་ནི། བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་ཉིད་རྒྱས་ཤིང་ཡངས་པའི་སྤྱན་ལྔ་དང་ལྡན་པས་ན་རྒྱས་པའི་སྤྱན་ནོ། །བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་ཆོས་འཇིག་རྟེན་ལ་རབ་ཏུ་སྟོན་པར་མཛད་པས་ན། ཆོས་ཀྱི་འཁོར་ལོ་རབ་བསྐོར་བའོ། །ཡང་དག་པའི་མཐས་རྣམ་པར་དག་པའི་སྐུ་གསུང་ཐུགས་མངའ་བས་ན། སྐུ་དང་གསུང་ཐུགས་ཤིན་ཏུ་དག་པ་སྟེ། རྡོ་རྗེ་འཆང་ཆེན་པོའོ། །མཆོད་པའི་ཆོ་ག་ལ་གསུམ་སྟེ། རྫོགས་རིམ་པའི་མཆོད་པ་དང་། བསྐྱེད་རིམ་པའི་མཆོད་པ་དང་། དེ་གཉིས་ཀའི་ཐུན་མོང་གི་མཆོད་པའོ། །རྫོགས་རིམ་པའི་མཆོད་པ་ལ་གཉིས་ཀྱི། མདོར་བསྟན་པ་ནི། བསྟོད་ཅིང་གསོལ་བ་བཏབ་པ་དེ་ནས། བཤད་དོ་ཞེས་སྦྱར་རོ། །སུ་ཞིག་གིས་ཞེ་ན། རྒྱལ་པོ་རྡོ་རྗེ་འཛིན་ཏེ་རྡོ་རྗེ་འཆང་གིས་སོ། །ད ེ་ཇི་ལྟ་བུ་ཞེ་ན། འོད་གསལ་གྱི་བདག་ཉིད་ཡིན་པས་ཐམས་ཅད་ནམ་མཁའོ། །མི་འཇིག་ཅིང་ཕུལ་དུ་བྱུང་བས་ན་མི་འགྱུར་ཆེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བས་ན་ཐམས་ཅད་དབང་བསྐུར་རོ། །ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱི་སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་མཛད་པས་ན་ཀུན་དོན་ནོ། །འཇིག་རྟེན་གསུམ་གྱི་བདག་པོ་ཡིན་པས་ན་ཀུན་གྱི་དབང་པོ། བདེན་པ་གཉིས་ངོ་བོ་ཉིད་ཀྱིས་འཛིན་པར་མཛད་པས་ན་རྡོ་རྗེ་རིན་ཆེན་འཛིན་ནོ། །དེས་ཅི་ཞིག་བཤད་ཅེ་ན། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་བའི་མཆོད་པའོ། །དེ་ཇི་ལྟ་བུ་ཞེ་ན། བསྐྱེད་རིམ་ལ་གནས་པ་རྣམས་དང་། ཐུན་མོང་མ་ཡིན་པས་ན་མཆོག་གོ །ཅིའི་ཕྱིར་བསྐྱེད་རིམ་པ་དང་ཐུན་མོང་མ་ཡིན་ཞེ་ན། རྡོ་རྗེ་མི་ཕྱེད་གསུམ་གནས་ཏེ། རང་བཞིན་གྱིས་ཡང་དག་པར་གནས་པའི་མཆོད་པ་ཡིན་པས་སོ། །དེ་ནི་ཁམས་གསུམ་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་སུ་འདུས་པར་མཛད་པས་ན། སྐུ་དང་གསུང་ཐུགས་སྐལ་མཆོག་གོ ། རྒྱལ་བ་རྣམས་འདི་ལས་འབྱུང་བར་འགྱུར་བས་ན་རྒྱལ་བ་འབྱུང་བའོ། །

རྫོགས་རིམ་པའི་མཆོད་པ་རྒྱས་པར་བཤད་པ་ནི། དེ་ལ་ཟུང་འཇུག་པའི་རྣལ་འབྱོར་པས། དབེན་གསུམ་སྔོན་དུ་སོང་བའི་ཀུན་རྫོབ་འོད་གསལ་དུ་བཅུག་པའི་སྟོང་པ་དེ་ཉིད་ལས། ཟུང་འཇུག་ལོངས་སྐུར་བཞེངས་ནས། སྤྲུལ་སྐུར་བསྒྱུར་ཏེ། ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས། བདེ་བའི་སྣང་བ་ཙམ་ལས། སྐད་ཅིག་གིས་ལྷ་རྣམས་ཡུམ་གྱི་ཆོས་འབྱུང་དུ་བསྐྱེད་ནས། དེ་དག་ངེས་དོན་གྱིས་འབྱིན་སྔགས་ཀྱིས་ཕྱིར་སྤྲོས་ཏེ། སྤྱི་དང་ཁྱད་པར་གྱི་སྒོ་ནས་སེམས་ཅན་གྱི་དོན་བྱས་ནས་རང་རང་གི་གནས་སུ་བཀོད་པ་ནི་ཟུང་འཇུག་པའི་དཀྱིལ་འཁོར་རྒྱལ་མཆོག་ཡིན་ལ། དེ་ཉིད་ལ་མཆོད་པ་ཞེས་བྱ་སྟེ། སེམས་ཅན་གྱི་དོན་རྫོགས་པར་བྱེད་པ་ཉིད་སངས་རྒྱས་མཉེས་པའི་མཆོད་པ་ཡིན་པའི་ཕྱིར་རོ། །ཟུང་འཇུག་གི་དཀྱིལ་འཁོར་དེའི་མཚན་ཉིད་སྟོན་པ་ནི། ན་ཆུང་གཞོན་ནུ་ཞེས་སོགས་ཏེ། ཟུང་འཇུག་དེ་ཉིད་ཡིད་དུ་འོང་བའི་གཟུགས་ཅན་ཡིན་པས་ན་ན་ཆུང་གཞོན་ནུའོ། །བདེན་གཉིས་དབྱེར་མེད་པའི་མིག་དང་ལྡན་པས་ན་མིག་ཡངས་པའོ། །ཡན་ལག་དང་ཉིང་ལག་ཡོངས་སུ་རྫོགས་པས་ན་གཟུགས་བཟང་བའོ། །རྡོ་རྗེ་སེམས་དཔའི་ལང་ཚོ་དང་ལྡན་པས་ན་གཞོན་པས་བརྒྱན་པའོ། །བསྡུས་པའི་དཀྱིལ་འཁོར་གྱི་ལྷ་བཅུ་གསུམ་གྱི་སྟེང་དུ། གླེང་གཞིའི་སྐབས་ཀྱི་བྱང་ཆུབ་སེམས་དཔའ་བརྒྱད་དང་། ལྷ་མོ་ལྔ་བསྣན་ཅིང་གཙོ་བོ་ཡབ་ཡུམ་གཅིག་ཏུ་བགྲངས་པས། དཀྱིལ་འཁོར་པ་ཉི་ཤུ་རྩ་ལྔ་ཡོད་པས་ན་ལོ་གྲངས་ཉི་ཤུ་རྩ་ལྔ་ལོན་པ་ཞེས་བྱའོ། །འོ་ན་འདིར་དཀྱིལ་འཁོར་གྱི་ལྷ་སུམ་ཅུ་རྩ་གཉིས་ཡོད་པ་མ་ཡིན་ནམ་ཞེ་ན། སུམ་ཅུ་རྩ་གཉིས་ནི་བཤད་རྒྱུད་ཀྱི་རྗེས་སུ་འབྲངས་པ་ཡིན་ལ། འདིར་ནི་རྩ་རྒྱུད་ཀྱི་གླེང་གཞི་དང་། བསྡུས་པའི་དཀྱིལ་འཁོར་དུ་དངོས་སུ་བསྟན་ཚོད་རྣམས་བགྲངས་པས་ཉི་ཤུ་རྩ་ལྔ་ཡིན་ནོ། །བྱོལ་སོང་གི་སྒྲ་ལོགས་ན་ཡོད་པ་ལ་བྱ་སྟེ། དེས་ན་འདིར། དཀྱིལ་འཁོར་པ་རྣམས་གཙོ་བོ་རྡོ་རྗེ་འཆང་ཆེན་པོ་ལས་ལོགས་སུ་ཐ་དད་པ་ལྟར་སྣང་ཡང་། གཙོ་བོ་ཉིད་ཀྱི་རྣམ་འཕྲུལ་ཡིན་པས། རྡོ་རྗེ་འཆང་ཆེན་པོ་ཉིད་དང་། འདྲ་བར་གཟུང་ཞིང་བརྟག་པར་བྱའོ། །བསྐྱེད་རིམ་པའི་མཆོད་པ་ལ་གསུམ་ལས། གནས་སྦྱང་ཞིང་མཆོད་པའི་ཡོ་བྱད་བསྒྲུབ་པ་ནི། གསང་བའི་དབང་བསྐུར་བའི་གནས་ཁང་ནི། སྔར་འདུ་མ་བྱས་པའི་ས་ཕྱོགས་ཡིན་ན། ས་སྦྱང་བ་ལ་སོགས་པ་ཆོ་གའི་རིམ་པས་ཡོངས་སུ་དག་པར་བྱས་པས་ན། ས་ཕྱོགས་གཙང་ཞིང་སྐྱེ་བོ་འདུས་པ་དང་བྲལ་བས་ན་རྣམ་པར་དབེན་པའོ། །གམ་ཞེས་པ་རྣམ་གྲངས་གཞན་སྟོན་པ་སྟེ། རྒྱལ་བ་སྟེ་སྔགས་པ་རང་ཉིད་སྐྱེས་པ་དང་། ཞི་བ་སྐྱེས་བུ་དམ་པ་གཞན་གྱི་ཁྱིམ་རྣམས་ནི་ཞི་བའི་གནས་ཏེ་དེ་རྣམས་སུ་ནི་ས་སྦྱང་མི་དགོས་ཀྱི། བཤང་གཅི་སྟེ་བ་ལང་གི་ལྕི་བ་དང་། གཅིན་དང་ཆུ་དང་། ཤིང་ཤུན་དྲི་བཟང་པོ་ལ་སོགས་པས་ས་ཕྱོགས་བྱུགས་ཤིག་དཀྱིལ་འཁོར་བྱས་ཏེ། དེར་མཆོད་པ་ལྔ་དང་། འདོད་ཡོན་ལྔ་ལ་སོགས་པའི་མཆོད་པའི་ཡོ་བྱད་རྣམས་རྒྱལ་བ་མཆོད་པའི་ཕྱིར་གསང་བའི་དབང་བསྐུར་བ་མ་རྫོགས་ཀྱི་བར་དུ་ཉི་མ་རེ་རེ་ཞིང་བརྟག་པར་བྱའོ། །ཕྱག་རྒྱ་འདུ་བྱ་ཞིང་རང་ཉིད་ལྷར་བསྒྲུབ་པ་ནི། དེ་ལྟར་མཆོད་པའི་ཡོ་བྱད་བསྒྲུབས་ནས། སྒྲུབ་པའི་ཐབས་ལས་བྱུང་བའི་རིམ་གྱིས། རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་བྱས་ནས་ཤིན་ཏུ་རྣལ་འབྱོར་གྱི་གནས་སྐབས་སུ་ཆོ་ག་ཤེས་པ་སྟེ་བསྐྱེད་རིམ་པའི་སྔགས་པས། རང་དང་ཕྱག་རྒྱ་གཉིས་ཀྱི་ནུ་མའི་དབུས་ཏེ། སྙིང་ཁའི་གནས་སུ་ཡི་གེ་ཧཱུྃ་ལས་བྱུང་བའི་མི་བསྐྱོད་པ་འགོད་དོ། །སྤྱི་གཙུག་གི་མཐའ་སྟེ་སྐྲའི་མཚམས་སུ་ༀ་ལས་བྱུང་བའི་རྣམ་པར་སྣང་མཛད་འགོད་དོ། །དེ་གཉིས་ཀྱི་བར་ལྐོག་མའི་ཕྱོགས་སུ་ཨ་ལས་བྱུང་བའི་འོད་དཔག་མེད་འགོད་དོ། །རྐང་པ་གཉིས་ཀྱི་བར་བརླའི་རྩ་བར་ཧ་ལས་བྱུང་བའི་དོན་ཡོད་པ་གྲུབ་པ་འགོད་དོ། །ལྟེ་བ། སྐེད་པ། གསང་བའི་གནས་རྣམས་སུ་སྭ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་འགོད་དོ། །དེ་ལྟར་ན་ཇི་སྐད་བཤད་པའི་ཚུལ་གྱིས། རྒྱལ་བ་རྣམ་སྣང་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་དང་། རྒྱལ་བའི་སྲས་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་དང་། ལྷ་མོ་ལ་སོགས་པ་རིགས་ལྔའི་བདག་ཉིད་ཀྱི་ལྷ་རྣམས་སྒྲུབ་པའི་ཐབས་ལས་བཤད་པའི་ཆོ་གས་གནས་དེ་དང་དེར་ཅི་རིགས་པར་འགོད་པར་བྱའོ། །དེ་ལྟར་བདག་དག་ཕྱག་རྒྱའི་ལུས་ལ་རིགས་ལྔ་བཀོད་ནས། དེ་ནས་ཅི་ཞིག་བྱ་ཞེ་ན། རྡོ་རྗེ་དང་པད་མ་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་ཏེ། ནམ་མཁའི་དབྱིངས་ཏེ་ཕྱག་རྒྱའི་ཆོས་འབྱུང་གི་དབུས་སུ། ཡེ་ཤེས་རྒྱ་མཚོ་སྟེ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ་བ་སྟེ་དབྱུང་བར་བྱའོ། །དེ་ནས་བདག་ཉིད་ཆོས་འབྱུང་གི་ནང་གི་ཟླ་བ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་དབུས་སུ་རང་གི་ལྷག་པའི་ལྷ་གང་ཡིན་པ་དེའི་ངོ་བོར་གནས་པར་བསྒོམ་པར་བྱའོ། །དེའི་འོག་ཏུ་མཁས་པས། ཆོས་འབྱུང་གི་དབུས་ཀྱི་དེ་བཞིན་གཤེགས་པ་དེ་ཕྱིར་སྤྲོས་ཏེ། སེམས་ཅན་གྱི་དོན་བྱས་ནས་བདག་ཉིད་ལ་རྗེས་སུ་ཞུགས་པས་བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོར་བསྐྱེད་པར་བྱའོ། །

དེ་ལྟར་བདག་ཉིད་བསྐྱེད་ནས་དཀྱིལ་འཁོར་རྒྱལ་མཆོག་དངོས་བསྐྱེད་པ་ནི། རྣལ་འབྱོར་པ་རང་གི་ལུས་རིན་ཆེན་རྣམ་བཞིའི་མཆོད་རྟེན་དུ་བསམ་པར་བྱའོ། །ཞེས་སྦྱར་རོ། །དེ་ལ་རིན་ཆེན་རྣམ་བཞི་ནི། སྤྱན་ལ་སོགས་པའི་ངོ་བོ་ཉིད་ཀྱིས་འབྱུང་བ་བཞིན་ནོ། །མཆོད་རྟེན་ཇི་ལྟ་བུར་ཞེ་ན། དཀར་པོ་ལ་སོགས་པའི་འོད་ཟེར་གྱི་ཕྲེང་བས་རྣམ་པར་བརྒྱན་ཅིང་མཛེས་པ་དང་། དུས་གསུམ་གྱི་ཡེ་ཤེས་རྒྱ་མཚོ་སྟེ་དེ་བཞིན་གཤེགས་རྣམས་ཀྱི་བཞུགས་པའི་གནས་སམ་ཞིང་ཡིན་པར་རོ། །དེ་ལྟར་རང་གི་ལུས་ཀྱི་མཆོད་རྟེན་བསྒོམས་པའི་འོག་ཏུ་བསྐྱེད་པའི་རིམ་པ་ལ་བྱང་བའི་མཁས་པས་བདག་གི་བ་སྤུའི་བུ་ག་ནས་ཏེ་རང་གི་རྡོ་རྗེའི་སྦུབས་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཕྱག་རྒྱའི་ཆོས་འབྱུང་ན་གནས་པ་ལས་ཇི་ལྟར་འདོད་པའི་དོན་རྫོགས་པར་བྱེད་པས། སེམས་ཅན་གྱི་ཁམས་མཆོད་ཅིང་རྗེས་སུ་འཛིན་པར་མཛད་པས་ན་མཆོད་པའི་སྤྲིན་ཏེ། ལྷའི་ཚོགས་ཡིན་ལ། དེ་རྣམས་སྤྲོས་ཤིང་དབྱུང་བར་བྱའོ་ཞེས་པ་སྟེ། འདིས་དཀྱིལ་འཁོར་རྒྱལ་མཆོག་བསྟན་ཏོ། །དེ་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལས་རྒྱལ་མཆོག་སྔོན་དུ་སོང་ནས། མཐར་དཀྱིལ་འཁོར་བསྡུ་བ་ནི། སྔར་གྱི། ཞི་བ་རྡོ་རྗེ་འཛིན་འདོད་ན། །ཞེས་པའི་རྐང་པ་གཉིས་འདིར་བླངས་ནས་བཤད་དེ། ཞི་བ་ནི་རྣམ་གཡེང་ཞི་བའི་སེམས་རྩེ་གཅིག་པ་ཡིན་ལ། དེ་ཉིད་མི་ཕྱེད་པས་ན་རྡོ་རྗེའོ། །སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དེ་འདོད་ན་རང་གི་ཡེ་ཤེས་སེམས་དཔའ་ལ་འོད་ཟེར་འཕྲོས་པས། དཀྱིལ་འཁོར་པ་རྣམས་ལ་ཕོག་སྟེ། རྔུལ་ཆུ་བཞིན་དུ་ཞུ་བར་གྱུར་པ་རྡོ་རྗེའི་ལམ་ནས་དྲངས་ཏེ། རང་གི་སྙིང་ཁར་ཡེ་ཤེས་སེམས་དཔའ་ལ་བསྡུ་བ་དག་ཀྱང་རབ་ཏུ་བྱ་ལ། དེའི་འོག་ཏུ་གཙོ་བོ་འབའ་ཞིག་ལ་སེམས་གཏད་དེ་བསྒོམ་མོ་ཞེས་པའོ། །བསྐྱེད་རྫོགས་གཉིས་ཀའི་མཆོད་པའི་ཡན་ལག་བསྟན་པ་ལ་གཉིས་ཀྱི། དྲང་དོན་དུ་བཤད་པ་ནི། རྣམ་དབྱེ་ཤེས་པའི་མཁས་པས། མེ་ཏོག་ཨུཏྤལ་དང་པད་མ་རྣམས་ལ་རིགས་ལྔའི་དབྱེ་བས་དཀར་པོ་ལ་སོགས་པ་རྣམ་པ་ལྔར་ཤེས་པར་བྱས་ཤིང་། ཛཱ་ཏི་ལ་ཡང་རིགས་རྣམ་པ་གསུམ་དུ་ཤེས་པར་བྱས་ནས། རིགས་དང་མཐུན་པར་ལྷ་རྣམས་ལ་དབུལ་བར་བྱའོ། །དེ་བཞིན་དུ་མེ་ཏོག་ཀར་ནི་ཀ་ར་ལ་སོགས་པ་དག་ཀྱང་བསམ་གཏན་གྱི་སྟོབས་ཀྱིས་བསམས་ཤིང་བསྐྱེད་ནས་ཀྱང་ལྷ་རྣམས་ལ་མཆོད་པ་བྱའོ། །དེ་ཉིད་ངེས་དོན་དུ་བཤད་པ་ནི། བཤད་པའི་རྒྱུད་ལས། གང་ཞིག་རླུང་ནི་བཅུར་གྲགས་པ། །དེ་ནི་པད་མ་ཨུཏྤལ་ཡིན། །དེ་ཉིད་ཅེས་གྲགས་རྡོ་རྗེ་གསུམ། །ཛཱ་ཏི་ཅིག་བུ་གསུམ་དུ་འདོད། །ཀར་ནི་ཀ་ར་མ་ལི་ཀ །ཡུག་ཏི་ཀ་ར་ཝི་ར་ནི། །གོ་རིམ་བཞིན་དུ་སྤྱན་སོགས་ཏེ། །དབང་ཆེན་སོགས་པར་འདི་སྦྱར་རོ། །དངོས་མེད་གོ་འཕང་ལ་འགོད་པས། །ལྷ་རྣམས་ཀྱི་ནི་སྐུ་སྦྱོར་བ། །གཅིག་ཏུ་སངས་རྒྱས་ཀུན་མཉེས་པའི། །མཆོད་པ་ཆེན་པོར་དེ་འགྱུར་རོ། །ཞེས་གསུངས་སོ། །འདིས་ནི་རྫོགས་རིམ་པའི་རྡོ་རྗེ་བཟླས་པ་བསྟན་ཏོ། །དེ་ལ་པད་མ་ལྔས་ནི་རྩ་བའི་རླུང་ལྔ་བསྟན་ལ། ཨུཏྤལ་ལྔས་ནི་ཡན་ལག་གི་རླུང་ལྔ་བསྟན་ཏོ། །མེ་ཏོག་ཀར་ནི་ཀ་ར་ལ་སོགས་པ་བཞིས་ནི་རླུང་བཅུ་པོ་དེ་དག་དཀྱིལ་འཁོར་བཞིར་བསྡུས་ནས་བསྟན་ཏོ། །ཛཱ་ཏི་གསུམ་གྱིས་ནི། དཀྱིལ་འཁོར་བཞི་པོ་དེ་དག་ཀྱང་རྡོ་རྗེ་གསུམ་གྱི་རང་བཞིན་གྱི་འབྱུང་འཇུག་གནས་གསུམ་དུ་བསྡུས་ནས་བསྟན་ཏོ། །དངོས་མེད་གོ་འཕང་ལ་འགོད་པ་ཞེས་སོགས་ཀྱིས་རྡོ་རྗེ་བཟླས་པའི་ཕན་ཡོན་འོད་གསལ་དང་ཟུང་འཇུག་བསྟན་ཏོ། །ད་ནི་རྣལ་འབྱོར་པ་གཉིས་ཀའི་ཐུན་མོང་གི་གསང་བའི་དབང་བསྐུར་བ་ལ་བཞི་སྟེ། བླ་མའི་བྱ་བ་དང ། སློབ་མའི་བྱ་བ་དང་། གསང་བའི་དབང་བསྐུར་བ་དངོས་དང་། གསང་དབང་གི་ཕན་ཡོན་བསྟན་པའོ། །བླ་མའི་བྱ་བ་གསང་དབང་གི་སྔོན་དུ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཇི་ལྟར་བསྒོམ་པ་བསྟན་པ་ནི། བསྒོམ་པར་བྱ་ཞིང་བསྐྱེད་པར་བྱའོ་ཞེས་སྦྱར། གང་ཞིག་ན། འཁོར་ལོ་སྟེ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ། །ཇི་ལྟ་བུར་ཞེ་ན། ངོས་རེ་རེ་ལ་ཉི་ཤུ་རྩ་ལྔ་རྩ་ལྔ་དཔག་ཚད་བརྒྱའི་ཁྱོན་ཙམ་དུ་ཆེ་བ། གྲུ་བཞི་སྒོ་བཞི་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །སུ་ཞིག་གིས་ན། རྣམ་སྣང་གི་རྣལ་འབྱོར་པས་སོ། །རྟེན་གཞལ་ཡས་ཁང་བསྐྱེད་པའི་འོག་ཏུ། བག་ཡོད་དང་ལྡན་པའི་མཁས་པས་དུས་རྟག་ཏུ་མི་བསྐྱོད་པ་ལ་སོགས་པའི་རིགས་ལྔའི་བདག་ཉིད་ཀྱི་ལྷ་རྣམས་ཀྱི་དཀྱིལ་འཁོར་གྱི་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་ཅི་རིགས་པས་འགོད་པར་བྱའོ། །ཇི་ལྟར་འཁོར་ལོའི་སྒྲས་རྣམ་སྣང་གི་དཀྱིལ་འཁོར་བསྟན་པ་དེ་བཞིན་དུ་པད་མོ་ནས་ཨུཏྤ་ལའི་བར་གྱིས་ཀྱང་། འོད་དཔག་མེད་དང་། མི་བསྐྱོད་པ་དང་། དོན་ཡོད་གྲུབ་པ་དང་། རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་རྣམས་ཀྱང་མཁས་པས་བསྒོམ་ཞིང་ཤེས་པར་བྱའོ། །ཚད་ཇི་ཙམ་དུ་ཞེ་ན། དཔག་ཚད་ནས་དཔག་ཚད་བྱེ་བའི་ཁྱོན་ཙམ་དུ་ཇི་ལྟར་འདོད་ཅིང་དགའ་བར་རོ། །དབྱིབས་ཇི་ལྟ་བུ་ན། རྒྱ་དང་དཔངས་ཚད་མཉམ་པས་གྲུབ་བཞི་ཤིན་ཏུ་མཛེས་པའོ། །རྒྱུ་ནི་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། མཆོད་རྟེན་དང་འདྲ་བས་ན་མཆོད་རྟེན། ཤེལ་ལྟར་ཁ་དོག་དཀར་བས་ན་གསལ་ཞིང ། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་ལྡན་པས་ན་རང་བཞིན་གྱི་དྲི་མ་མེད་པ། རིགས་ལྔའི་དཀྱིལ་འཁོར་པ་རྣམས་ཀྱི་གཞིའམ་གནས་སུ་བསྒོམ་པར་བྱའོ། །སུ་ཞིག་གིས་ན། གསང་བའི་དབང་བསྐུར་བར་ཤེས་པའི་རྣལ་འབྱོར་པ་ཤེས་རབ་ཅན་གྱིས་སོ། །དགོས་པ་ནི། མཆོད་པའི་ཕྱིར་ཏེ། གསང་བའི་དབང་བསྐུར་བའི་ཕྱིར་དུའོ། །དེ་ལ་སྤྱིར་བུམ་པའི་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བསྐུར་ཞིང་། གསང་བ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་ནི། ཚོགས་ཀྱི་དཀྱིལ་འཁོར་དུ་བསྐུར་བར་དཀྱིལ་ཆོག་ཉི་ཤུ་པ་ལས་བཤད་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཚད་ནི། ཐུགས་ཀྱི་དཀྱིལ་འཁོར་ཁྲུ་བཅུ་གཉིས་པ་དང་། གསུང་གི་ཁྲུ་བཅུ་དྲུག་པ་དང་། སྐུའི་ཁྲུ་ཉི་ཤུ་པར་བཤད་ཅིང་། འདིར་དཔག་ཚད་བརྒྱ་དང་བྱེ་བའི་ཁྱོན་ཙམ་དུ་བསྒོམ་ཞེས་པ། གསང་བའི་དབང་བསྐུར་བའི་དོན་དུ། ཚོགས་ཀྱི་ཁང་པ་དེ་ཉིད་དཔག་ཚད་བརྒྱ་ལ་སོགས་པའི་ཁྱོན་ཙམ་དུ་བསྒོམ་ཞེས་པའོ། འགྲེལ་པར། ཡིད་ཀྱིས་སམ། བྲི་བས་བསྐྱེད་པར་བྱ་ཞེས་པ་ལ། ཡིད་ཀྱིས་ཞེས་པ་ནི། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་ལ། བྲི་བས་བསྐྱེད་ཞེས་པ་འབྱོར་ན་སོ་ཕག་ལ་བྱས་པའི་ཁང་པ་སུམ་བརྩེག་བྱས་ལ། དེ་ལྟར་རྣལ་འབྱོར་ཕོ་མོ་ཆ་ལུགས་བསྒྱུར་བ་བསྟན་ཞེས་སྔ་རབས་ཀྱི་བླ་མ་དག་བཞེད་དོ། །འོན་ཀྱང་། བྲི་བར་བྱ་ཞེས་པའི་དོན་ཁང་པ་བརྩིག་པ་ལ་མི་མངོན་པས། སྤྱིར་བསྐྱེད་རིམ་གྱི་སྣོད་དུ་རུང་བའི་བུམ་དབང་ལ་ངེས་པར་རྡུལ་ཚོན་གྱི་དཀྱིལ་འཁོར་དགོས་ཤིང་། འདིར་ཡིད་ཀྱི་སམ། བྲིས་པས་ཞེས་པ། གསང་དབང་གི་སྔོན་འགྲོའི་བུམ་དབང་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ངེས་པར་མི་དགོས་ཀྱིས། གྲུབ་ན་བྱ་ཞེས་བསྟན་པར་མངོན་ཅིང་། དེའི་ཚད་ཀྱང་སྔར་བུམ་དབང་གི་སྐབས་དང་འདྲ་ཞིང་། དེ་ཡང་རྣལ་འབྱོར་པས་བསྒོམ་པ་ན། དཔག་ཚད་བརྒྱ་ལ་སོགས་པའི་ཚད་ཙམ་དུ་བསྒོམ་ཞེས་པ་གཞུང་གི་དོན་ཡིན་ནོ། །

དེ་ལྟར་བླ་མའི་བྱ་བ་བསྟན་པའི་འོག་ཏུ་གསང་བའི་དབང་བསྐུར་བར་འདོད་པའི་སློབ་མའི་བྱ་བ་བསྟན་པ་ལ་གཉིས་ཀྱི་ལྷ་དང་བླ་མ་ཐུན་མོང་གི་མཆོད་པ་ནི། འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་མཆོད་པ་རྒྱ་མཚོ་སྟེ་དཔག་ཏུ་མེད་པ་བརྩམ་པར་བྱ་ཞེས་སྦྱར། གང་ལ་ཞེ་ན། དཀྱིལ་འཁོར་བའི་ལྷ་རྣམས་དང་བླ་མ་ལའོ། །འདོད་པའི་ཡོན་ཏན་ལྔ་ཇི་ལྟ་བུ་ཞེ་ན། པདྨ་རཱ་ག་ལ་སོགས་པའི་རིན་པོ་ཆེ་དང་། དར་དང་བལ་ལ་སོགས་པའི་ན་བཟའ་དང་། སོགས་པས་དུང་དང་། པི་ཝང་ལ་སོགས་པའི་སྒྲ་དང་། ཨ་ཀ་རུ་དང་། ཙནྡན་ལ་སོགས་པའི་དྲི་རྣམས་སོ། །སུ་ཞིག་གིས་ན། དྲི་མའི་རྙོག་མ་འཁྲུད་པས་ཡེ་ཤེས་བསྐྱེད་པར་བྱེད་པའི་ཕྱིར། བྱང་ཆུབ་ནི་གསང་བའི་དབང་ཡིན་ལ་དེ་འདོད་པས་སོ། །དུས་ནི་ཇི་སྲིད་དུ་ཞེ་ན། གསང་བའི་དབང་བསྐུར་མ་རྫོགས་ཀྱི་བར་དུ། ཉི་མ་རེ་རེ་ཞིང་རྟག་ཏུ་མཆོད་པར་བྱའོ། །དེ་བཞིན་དུ་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་པ་ལྔ་མཆོག་ཕུལ་ཏུ་བྱུང་བ་རྣམས་ཀྱིས་རྟག་ཏུ་ལྷ་རྣམས་དང་བླ་མ་མཉེས་པར་བྱའོ། །བླ་མ་ལ་ཁྱད་པར་གྱི་མཆོད་པ་བསྟན་པ་ལ་གཉིས་ལས། ལེགས་པར་བསླབས་པའི་ཕྱག་རྒྱ་དབུལ་བ་ནི། དབུལ་བར་བྱ་ཞེས་སྦྱར། གང་ལ་ན་སངས་རྒྱས་ཀུན་གྱི་བདག་ཉིད་བླ་མ་ལའོ། །གང་ཞིག་ན། འཁོར་བ་ཇི་སྲིད་པར་ཟག་པ་མེད་པའི་བདེ་བ་བསྐྱེད་པའི་ཞིང་དུ་གྱུར་པས་ན་རིན་ཆེན་འབྱུང་གནས། ལང་ཚོ་མ་ཉམས་པས་ན་ན་ཆུང་། བུད་མེད་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པས་ན་མཆོག་ཏུ་གྱུར་པ་པད་མོ་ཅན་ནོ། །དེ་ཉིད་རིན་པོ་ཆེ་སྣ་ཚོགས་པ་དང་། གོས་དང་། དྲི་དང་བྱུགས་པ་ལ་སོགས་པ་སྣ་ཚོགས་པས་བརྒྱན་ཅིང་སྤྲས་པས་སོ། །དགོས་པ་ཅིའི་ཕྱིར་དུ་ན། བསྒྲུབ་ཚེ་སྟེ་ཐ་མལ་པའི་དངོས་གྲུབ་དང་། རབ་ཏུ་འགྲུབ་པ་སྟེ་ཁྱད་པར་ཅན་གྱི་དངོས་གྲུབ་སངས་རྒྱས་ཏེ་དེ་རྣམས་ཚེ་འདི་ཉིད་ལ་འཐོབ་པར་བྱ་བའི་ཕྱིར་དུའོ། །གཞན་ཡང་ཚད་ཡོངས་སུ་ཆད་པ་མེད་པའི་རྫས་ཁྱད་པར་ཅན་བླ་མ་ལ་དབུལ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཞིང་འདི་པདྨ་རཱ་ག་དང་། ཨིནྜ་ནི་ལ་དང་། བཻཌཱུཪྻ་དང་། མརྒད་དང་། རྡོ་རྗེ་དང་། མུ་ཏིག་དང་། བྱི་རུ་ཞེས་བྱ་བའི་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་ཞིང་ཉིན་རེ་ཞིང་དབུལ་བར་བྱ་བའམ། གལ་ཏེ་སློབ་མ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཞིག་ཡིན་ན། བཙུན་མོ་རིན་པོ་ཆེ་ལ་སོགས་པའི་རིན་ཆེན་སྣ་བདུན་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྒྲུབ་པ་ལ་མཁས་པས། ཉིན་རེ་ཞིང་དབུལ་བར་བྱའོ། །སློབ་མ་ཇི་ལྟ་བུ་ཞེ་ན། བླ་མ་ལས་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་པར་འདོད་ཅིང་། དེའི་མན་ངག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་འདོད་པའི་ཤེས་རབ་ཅན་གྱིས་སོ། །དེ་ཐམས་ཅད་དངོས་སུ་མ་འབྱོར་ན་བསམ་གཏན་གྱིས་ཀྱང་བསྐྱེད་དེ་དབུལ་བར་བྱའོ། །སློབ་དཔོན་གྱི་བྱ་བ་གསང་བའི་དབང་བསྐུར་བ་དངོས་བསྟན་པ་ལ་གསུམ་ལས། ལྷ་བསྐྱེད་པ་སྔོན་དུ་འགྲོ་བའི་མཆོད་པ་སྟོན་པ་ནི། དེ་ལྟར་སློབ་མས་མཆོད་པའི་ཡོ་བྱད་བསྟབས་ནས། བླ་མས་ཅི་ཞིག་བྱ་ཞེ་ན། དབུལ་བར་བྱའོ་ཞེས་སྦྱར། གང་ན་རེག་པའི་སྦྱོར་བ་སྟེ་རེག་རྡོ་རྗེ་ལས་བྱུང་བའི་བདེ་བའོ། །གང་ལ་ན། འདོད་ཆགས་ཀྱི་བློ་ཅན་གྱི་སངས་རྒྱས་ཏེ་དེ་བཞིན་གཤེགས་པ་རྣམས་ལའོ། །གང་དུ་ན། སངས་རྒྱས་ཀྱི་དཀྱིལ་འཁོར་དབུས་དག་དུའོ། །ཏིང་ངེ་འཛིན་ཇི་ལྟ་བུས་ཞེ་ན། བདག་པོའི་ཕྱག་རྒྱར་ཏེ་དཀྱིལ་འཁོར་གྱི་གཙོ་བོར་མཉམ་པར་བཞག་ཅིང་བསྐྱེད་པར་བྱའོ། །དེ་ཉིད་རྒྱས་པར་བཤད་པ་ནི། ནམ་མཁའི་དབྱིངས་ཀྱི་དབུས་སུ་གནས་པའི་ལྷའི་དཀྱིལ་འཁོར་གྱི་བཀོད་པ་བསྒོམ་པར་བྱའོ། །དེ་ལྟར་བསྒོམས་ནས་གཟུགས་ཀྱི་ཕུང་པོ་ལ་སོགས་པའི་རང་བཞིན་རྣམ་སྣང་ལ་སོགས་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ། སྤྲུལ་པའི་སྐུ་འཛིན་པར་བྱ་བའི་ཕྱིར་བདག་གི་ལུས་ལ་གཞུག་པར་བྱའོ། །

དེ་ལྟར་བདག་ལུས་རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པར་བསྐྱེད་ནས། བླ་མ་ལ་བཤང་བ་ཡུལ་དང་། གཅི་བ་དབང་པོ་རྣམས་ཀྱིས་མཆོད་ཅིང་བརྗོད་པས་ཚིམ་པར་བྱའོ། །མཆོད་པ་དེ་ཇི་ལྟ་བུ་ཞེ་ན། སློབ་མས་བསྟབས་པའི་བཞིན་བཟང་ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བའི་ན་ཆུང་། རྡོ་རྗེ་ཐེག་པའི་སྣོད་དུ་རུང་བས་ན་སྐལ་བ་མཆོག་དང་ལྡན་པ་དེ་ཉིད་བྱིན་གྱིས་བརླབས་ཀྱིས་གནས་ཏེ། རྣམ་སྣང་ལ་སོགས་པའི་ས་བོན་ༀ་ལ་སོགས་པ་གནས་ཇི་ལྟ་བ་བཞིན་དུ་བསམས་ཤིང་བཀོད་པས། དེ་ཁོ་ན་ཉིད་ཀྱི་མཆོད་པ་སྙོམས་པར་འཇུག་པའི་མཚན་ཉིད་ཅན་རབ་ཏུ་བརྟག་གོ ། འདི་ཉིད་ནི་ཕྱིའི་མཆོད་པ་ལ་ལྟོས་ནས། དེ་ཁོ་ན་ཉིད་ཀྱི་མཆོད་པ་ཞེས་བྱ་སྟེ། ཆགས་པ་དང་། ཆགས་པ་དང་བྲལ་བ་དང་། ཆགས་པ་བར་མའི་རིམ་གྱིས་ཉོན་མོངས་པ་རྣམ་པར་དག་པའི་གནས་ཡེ་ཤེས་གསུམ་མངོན་དུ་བྱེད་པའི་ཕྱིར་རོ། །གསང་བའི་དབང་བསྐུར་བ་དངོས་བསྟན་པ་ནི། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་ཏེ་མཆོད་པའི་འོག་ཏུ། མིག་བཟང་སྟེ་ཕྱག་རྒྱའི་པད་མ་ལ་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཁུ་བ་བྱང་ཆུབ་ལས་མི་གཡོ་བའི་བརྟན་པའི་བློ་དང་ལྡན་པས་འདིས་རང་གི་ལུས་ལ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་བྱའོ། །དེ་ཡང་སློབ་དཔོན་གྱིས་གསང་བའི་རྡོ་རྗེ་སློབ་མའི་ཁར་བཅུག་ནས་ལེན་པ་ནི། ཐབས་དང་འབྲེལ་བའི་གསང་དབང་ཡིན་ལ། ཕྱག་རྒྱའི་ཆོས་འབྱུང་ནས་ལྕེའི་ཐུར་མས་ལེན་པ་ནི་ཤེས་རབ་དང་འབྲེལ་བའི་གསང་དབང་ཡིན་ནོ། །ཐིག་ལེ་ཆ་གཅིག་དུང་ཕོར་ལ་སོགས་པར་བཞག་ལ། དྲིའི་ཆུ་དང་བསྲེས་ཏེ། བཀྲ་ཤིས་ཀྱི་ཚིགས་བཅད་སྔོན་དུ་འགྲོ་བས། སློབ་མའི་སྤྱི་བོ་ནས་དབང་བསྐུར་བར་བྱ་སྟེ། དེ་སྐད་དུ་ཡང་ཟླ་གསང་ཐིག་ལེ་ལས། བྱང་ཆུབ་སེམས་ནི་རིན་ཆེན་འབར་ཕྱུང་བ། །མ་ལུས་རྒྱལ་བ་རྣམས་ཀྱི་ལུས་སྐམ་པ། །རྣམ་དག་རྡོ་རྗེ་ལས་བྱུང་ཡེ་ཤེས་ཆུ། །དྲི་མེད་རིན་ཆེན་སྤྱིར་དབབ་དབང་བསྐུར་རོ། །ཞེས་གསུངས་སོ། །གསང་བའི་དབང་བསྐུར་བའི་ཕན་ཡོན་བསྟན་པ་ནི། བཤད་མ་ཐག་པའི་གསང་བའི་དབང་བསྐུར་བ་འདི་ནི། སྔགས་རྣམས་ཐམས་ཅད་དེ། དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་བའི་རྡོ་རྗེའི་རང་བཞིན་གྱི་སྐུ་གསུང་ཐུགས་བསྐྱེད་པས་ན་སྐུ་གསུང་ཐུགས་ཀྱི་མཆོད་པའོ། །བྱ་བའི་རྒྱུད་ལ་སོགས་པ་རྣམས་ལ་སྦ་བར་བྱ་བས་གསང་བ་ཡེ་ཤེས་རྡོ་རྗེ་ཅན་ཏེ་སློབ་བཞིན་པའི་རྣལ་འབྱོར་པ་རྣམས་ཀྱིས་སྔགས་སྒྲུབ་པ་ལ་སོགས་པ་རྣམས་ཀྱི་དངོས་གྲུབ་མ་ལུས་པར་བསྐྱེད་པར་བྱེད་དོ། །དེ་ལ་རྐང་པ་དང་པོ་གཉིས་ཀྱིས་མཆོག་གི་དངོས་གྲུབ་དང་། ཐ་མ་གཉིས་ཀྱིས་འཇིག་རྟེན་པའི་དངོས་གྲུབ་བསྟན་ཏོ། །ལེའུ་བརྒྱད་པའི་རྣམ་བཤད་དོ།། །།


previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བརྒྱད་པའི་རྣམ་བཤད།next