Nitartha Digital Library
Tibetan
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་དགུ་པའི་རྣམ་བཤད།
   
   
   
   
   
   
   
   


 
previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་དགུ་པའི་རྣམ་བཤད།next

གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་དགུ་པའི་རྣམ་བཤད།

དབང་བསྐུར་བ་རྫོགས་པས་རྨད་དུ་བྱུང་བའི་བྱ་བས་ཀྱང་བྱང་ཆུབ་བསྒྲུབ་པར་བྱའོ། །ཞེས་བསྟན་པའི་ཕྱིར། ལེའུ་དགུ་པ་འཆད་པ་ལ་གཉིས་ཏེ། བསྡུས་པའི་དོན་དང་། ཡན་ལག་གི་དོན་ནོ། །བསྡུས་པའི་དོན་ལ་གཉིས་ཀྱི། བརྗོད་བྱ་དོན་གྱི་བསྡུས་དོན་ནི། ལེའུ་འདིའི་སྟོད་ནས། རྨད་དུ་བྱུང་བའི་ལུང་བསྟན་པ་དང་། རྐེད་ནས་ཀླན་ཀ་ངན་པའི་རྩོད་པ་སྤང་བ་དང་། སྨད་ནས་ངོ་མཚར་བའི་ཆེད་དུ་བརྗོད་པ་བསྟན་ཏོ། །སྒྲའི་བསྡུས་དོན་ནི་གོ་སླའོ། །ཡན་ལག་གི་དོན་ལ་གཉིས་ཀྱི། མདོར་བསྟན་པ་ནི། ལེའུ་བརྒྱད་པ་རྫོགས་པའི་རྗེས་སུ་དེ་ནས་རབ་ཏུ་བཤད་ཅེས་སྦྱར། སུ་ཞིག་གིས་ན། རྒྱལ་པོ་རྡོ་རྗེ་འཛིན་ཏེ་རྡོ་རྗེ་འཆང་གིས་སོ། །དེའི་ཁྱད་པར་ནི། སྟོང་པ་བཞིའི་བདག་ཉིད་ཡིན་པས་ན་ཐམས་ཅད་ནམ་མཁའོ། །དེ་ཉིད་ཀྱིས་ན་མི་འགྱུར་མཆོག་གོ །བྱ་བའི་རྒྱུད་ལ་སོགས་པ་རབ་ཏུ་ཞུགས་པ་རྣམས་ཀྱི་དབང་བསྐུར་བའི་སྤྱོད་པ་ཐམས་ཅད་ཀྱི་སྟེང་ན་གནས་པས་ན་ཐམས་ཅད་དབང་བསྐུར་སྤྱོད་པའི་མཆོག་གོ །ཀུན་དོན་ནི་རྣམ་སྣང་ལ་སོགས་པས་ཏེ། དངོས་གྲུབ་འདོད་པ་རྣམས་ཀྱིས་དོན་དུ་གཉེར་ཞིང་གསོལ་བ་འདེབས་པའི་ཕྱིར་རོ། །དེ་རྣམས་ཀྱི་དབང་ཕྱུག་དམ་པ་དེ་བཞིན་གཤེགས་པ་དྲུག་པས་སོ། །གང་ཞིག་བཤད་ཅེ་ན། དཀྱིལ་འཁོར་གང་དུ་བདག་ཉིད་ཀྱི་སྐུ་གསུང་ཐུགས་ལ་ལོངས་སྤྱོད་པར་མཛད་པ་རྡོ་རྗེ་གསུམ་མི་ཕྱེད་པའི་རང་བཞིན་གྱི་དཀྱིལ་འཁོར་རོ། །དེ་ཉིད་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་ཁོ་ན་ལ་བསྟན་པར་བྱ་བ་ཡིན་པས་སངས་རྒྱས་ཡེ་ཤེས་ཅན་ཏེ། ཉན་ཐོས་ལ་སོགས་པ་རྣམས་ལ་མི་བསྟན་པས་གསང་བའོ། །སྐལ་བ་དང་ལྡན་པ་རྣམས་ཚིམ་པར་བྱེད་པས་ཉམས་དགའ་མཆོག་གོ །རྒྱས་པར་བཤད་པ་ལ་གསུམ་སྟེ། རྨད་དུ་བྱུང་བས་ལུང་བསྟན་པ་དང་། ཀླན་ཀ་ངན་པའི་རྩོད་པ་བཟློག་པ་དང་། ངོ་མཚར་བའི་ཆེད་དུ་བརྗོད་པའོ། །དང་པོ་ལ་དྲང་དོན་དང་། ངེས་དོན་གཉིས་ཀྱི། དྲང་དོན་ལ་ཡང་ལྔ་ཡོད་པའི་མི་བསྐྱོད་པའི་རྣལ་འབྱོར་པས་བསད་པའི་ལས་བསྒྲུབ་པ་ལ། སྤྱི་དོན་དང་། གཞུང་དོན་གཉིས་ཀྱི། སྤྱིའི་དོན་ལ་དགུ་ཡོད་པའི། རྟེན་གྱི་ཁྱད་པར་ནི། དྲན་པ་གཅིག་པའི་ཏིང་ངེ་འཛིན་མཐར་ཕྱིན་ནས། ཕྲ་མོའི་རྣལ་འབྱོར་གྱིས་སེམས་སྦྱངས་ཏེ། ཟླ་བ་དྲུག་ཏུ་རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་བསླབས་པའོ། །རྟེན་གྱི་ཁྱད་པར་འདི་ནི་འོག་མ་རྣམས་ལའང་ཤེས་པར་བྱའོ། །ཡུལ་གྱི་ཁྱད་པར་ནི། དཀོན་མཆོག་གསུམ་དང་རྡོ་རྗེ་སློབ་དཔོན་སོགས་ལ་གནོད་པ་བྱེད་པ་སྟེ། ལེའུ་བཅུ་གསུམ་པ་ལས། མ་དད་སྨྲ་བའི་སེམས་ཅན་དང་། །ཞེས་སོགས་གསུངས་སོ། །གནས་ཀྱི་ཁྱད་པར་ནི། ལེའུ་བཅུ་བཞི་པ་ལས། མ་མོའི་གནས་སམ་དུར་ཁྲོད་དམ། ཁང་སྟོང་དང་ནི་བཞི་མདོ་དང་། །མཚན་མ་གཅིག་དང་ཤིང་གཅིག་དྲུང་། །མངོན་པར་སྤྱོད་པ་བརྩམ་པར་བྱ། །ཞེས་པ་ལྟར་རོ། །དུས་ཀྱི་ཁྱད་པར་ནི། གཉིས་ཏེ། ཟླ་བའི་དུས་དང་། ཉིན་ཞག་གི་དུས་སོ། །ཟླ་བའི་དུས་ནི་མར་ངོའོ། །དེ་སྐད་དུ་ཡང་བཤད་རྒྱུད་ལས། དབང་དང་མངོན་སྤྱོད་ལ་སོགས་པ། །ཟླ་བ་མར་གྱི་ངོ་ལ་བརྩམ། །དབ ང་དང་མངོན་སྤྱོད་དབང་གི་ལས། །ཉི་མའི་གུང་དང་མཚན་ཕྱེད་ལའོ། །ཞེས་གསུངས་སོ། །ཕྱོགས་ཀྱི་ཁྱད་པར་ནི། མེའི་ཕྱོགས་ཏེ། གསོད་པ་ཉིད་ལ་མེའི་ཕྱོགས། །ཞེས་གསུངས་སོ། །ཁ་དོག་གི་ཁྱད་པར་ནི། སྒྲུབ་པ་པོའི་ཆས་གོས་དང་མཆོད་རྫས་དང་ལྷའི་ཁ་དོག་རྣམས་ནག་པོར་བྱས་ཏེ། ཁ་དོག་ནག་པོ་གསོད་པའི་ལས་ལའོ། །ཞེས་གསུངས་སོ། །བསམ་པའི་ཁྱད་པར་ནི། ཁྲོས་པའི་སེམས་ཀྱིས་བྱ་སྟེ། ཁྲོས་པའི་སེམས་ཀྱིས་གསོད་པ་ལའོ། །ཞེས་གསུངས་སོ། ཁ་ཟས་ཁྱད་པར་ནི། མངོན་སྤྱོད་ཀྱི་དུས་སུ་ཤ་ཆེན་པོ་ལ་ལོངས་སྤྱོད་པ་ལ་ལེའུ་དྲུག་པར་བཤད་དོ། །ཆོ་གའི་ཁྱད་པར་ནི། རང་རིགས་ཀྱི་ཕྱག་རྒྱ་བཞིའམ་གཅིག་གང་འབྱོར་དང་ལྷན་ཅིག་ཏུ་གནས་པར་བྱ་སྟེ། ལེའུ་བཅུ་གཉིས་པ་ལས། ལམ་གྱི་བཞི་མདོ་ཤིང་གཅིག་དྲུང་། །མཚན་མ་གཅིག་དང་ཞི་གནས་སུ། །ཞེས་པས་བསྟན་ཏོ། །དེ་ནས་བསྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ལ། གཞལ་ཡས་ཁང་གི་ནང་དུ་རཾ་ལས་མེའི་དཀྱིལ་འཁོར་བསྐྱེད་ནས། དེར་ལྷག་མོས་མཛད་པ་དང་བཅས་པ་བསྒོམས་ལ། ལྷག་མོས་བསྡུ་བ་སྔོན་དུ་འགྲོ་བས། རྣལ་འབྱོར་བཞིའི་སྒོ་ནས་གཙོ་བོ་མི་བསྐྱོད་པའི་སྐུར་བསྐྱེད་པའི་དུས་སུ་ཟླ་བ་ལས་བྱང་ཆུབ་པ་ཉི་མར་བྱ་བ་དང་། ཡིག་འབྲུ་ལས་བྱང་ཆུབ་པ་ཧཱུྃ་རིང་པོ་ཙམ་དུ་བྱ། མཚན་མ་ལས་བྱང་ཆུབ་པ་རྡོ་རྗེ་རྩེ་ལྔ་པ་ཁ་ཅུང་ཟད་གྱེས་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས། ལྷའི་སྐུ་ཞལ་བཞི་པ་ཕྱག་དྲུག་པ་ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ་རྩེ་དགུ་པ་ཁ་ཅུང་ཟད་གྱེས་པ་བསྣམས་པར་བསམས་ནས། སེམས་དཔའ་སུམ་བརྩེག་གི་བར་དུ་བསྒོམས་པའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་མ་རུངས་པ་འདུལ་བའི་ཐུགས་ཀྱི་ནུས་པ་ཐམས་ཅད་བསྡུས་ཏེ། བདག་ལ་བཅུག་པའི་མཐར་ཐུག་པ་ནི་དང་པོ་སྦྱོར་བའོ། །དེ་ནས་ཕྱག་རྒྱ་དང་། སྙོམས་པར་ཞུགས་ཏེ། ལྷ་ཐམས་ཅད་ཀྱང་ཁ་དོག་ནག་པོ། ཁྲོ་ཞིང་འཁྲུགས་པའི་ཆ་ལུགས་ཐམས་ཅད་དང་ལྡན་པར། ཕྱག་རྒྱའི་ཆོས་འབྱུང་དུ་བསྐྱེད་ལ། འབྱིན་སྔགས་ཀྱིས་ཕྱི་རོལ་དུ་སྤྲོ་བའི་དུས་སུ་ལྷ་ཕོ་མོའི་དབྱེ་བས་ལྷ་ཕོ་ཐམས་ཅད་གཙོ་བོའི་གཡས་སུ་འགོད། ལྷ་མོ་ཐམས་ཅད་གཡོན་དུ་འགོད་དོ། །གཞན་ཡང་འཇིག་རྟེན་པའི་ལྷ་གནོད་སྦྱིན་དང་། ཝ་དང་བྱ་རོག་དང་། བྱ་རྒོད་དང་། ཁྱི་དང་། ལྕེ་སྤྱང་ལ་སོགས་པ་མ་རུངས་པ་སྣ་ཚོགས་ཀྱིས་ཀྱང་དཀྱིལ་འཁོར་གྱི་ཐོ་ཕྱི་གང་བར་བསམས་ཏེ། ལེའུ་བཅུ་གསུམ་པ་ལས། ནམ་མཁའ་རྡོ་རྗེ་སྲིན་པོ་ནི། །དྲག་ཅིང་ཁྲོ་ལ་རབ་ཏུ་གཏུམ། །ཝ་དང་བྱ་རོག་སྣ་ཚོགས་དང་། །བྱ་རྒོད་ཁྱི་ཡིས་གང་བར་བསྒོམ། །ཞེས་གསུངས་སོ། །དེ་ནས་བདག་གི་ཕྱག་གཡས་ཀྱི་དང་པོའི་རྡོ་རྗེ་ལས་འོད་ཟེར་འཕྲོས་པས། སངས་རྒྱས་ཐམས་ཅད་ཀྱི་མ་རུངས་པ་འདུལ་བའི་ཐུགས་ཀྱི་ནུས་པ་ཐམས་ཅད་བསྡུས་ནས། དཀྱིལ་འཁོར་པའི་ལྷ་རྣམས་ལ་བསྟིམས་པས། སྔ་མ་བས་ཀྱང་ཆེས་ཁྲོས་ཤིང་འཁྲུགས་པར་བསམ་པ་ནི་དཀྱིལ་འཁོར་རྒྱལ་མཆོག་གོ། དེ་ནས་ཡང་། བདག་གི་ཕྱག་གཡས་ཀྱི་དང་པོའི་རྡོ་རྗེ་ལས་འོད་ཟེར་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་ཞེ་སྡང་གི་དུམ་བུ་ཐམས་ཅད་འོད་ཟེར་ནག་པོའི་ཚུལ་དུ་བསྡུས་ཏེ། དེ་ལས་འབྱུང་པོ་ནག་པོའི་གཟུགས་སུ་བསམས་ལ། དེ་དགྲ་བོའི་ལུས་ལ་བསྟིམས་པས། དགྲ་བོ་རྡོ་རྗེ་གནོད་སྦྱིན་སྲིན་པོའི་གཟུགས་སུ་གྱུར་ཏེ། ཞལ་བཞི་པ་ཕྱག་བཞི་པ་སྟ་རེ་དང་དགྲ་སྟ་ལ་སོགས་པ་ཕྱག་ན་བསྣམས་པར་བསམས་ཏེ། ལེའུ་བཅོ་ལྔ་པ་ལས། རྡོ་རྗེ་སེམས་དཔའ་ཁྲོ་བོ་ཆེ། །རྣམ་པར་བགྲད་པ་འཇིགས་འཇིགས་ལྟ། །སྟ་རེ་ཐོ་བ་ཕྱག་ན་བསྣམས། །ཞེས་གསུངས་སོ། །དེ་ནི་ཁམས་གསུམ་གྱི་སེམས་ཅན་དེ་བཞིན་གཤེགས་པའི་སྙིང་པོ་ཅན། བསླབ་པའི་གཞི་ལྔ་ལ་གནས་པ་སོགས་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པས་ཀྱང་འཇིག་རྟེན་གྱི་ཁམས་གང་བར་བསམས་ཏེ། དེ་དག་ཐམས་ཅད་རྡོ་རྗེ་གནོད་སྦྱིན་དེས་བསད་དེ། བསད་པ་ཙམ་གྱིས་འགྱོད་པ་སྐྱེས་ནས། ལུས་འདར་བུས་ཐེབས། ལུས་ཏིལ་མར་གྱིས་བསྐུས། སྲོག་བྱེ་བ་སྐྱབས་མེད་པ་སྐྲ་གྲོལ་བར་སྐྱེས་པར་བསམས་ཏེ། དེ་ནས་བདག་གི་མདུན་ན་གནས་པའི་གནོད་མཛེས་རྒྱལ་པོ་ལ་སུམ་བྷ་ནིའི་བཀའ་བསྒོས་ཏེ། དེས་ཀྱང་བསྒྲུབ་བྱ་དེ་རླུང་གི་དཀྱིལ་འཁོར་གཡོ་བའི་གཟུགས་ཅན་ལ་བསྐྱོན། མགྲིན་པ་ཞགས་པས་བཅིངས། སྙིང་ལྕགས་ཀྱུས་དྲངས་ནས་འོང་སྟེ། མདུན་དུ་བཞག་ལ་དེ་ནས་དེ་ལ་འདིས་ནི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བསད་དོ་ཞེས་སོགས་སྡིག་པའི་དྲི་མ་བསྒྲགས་ལ། དེ་ནས། སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཅན། །སངས་རྒྱས་ཐམས་ཅད་བདག་ལ་གསོན། །བདག་ནི་དཔལ་ལྡན་རྡོ་རྗེ་འཛིན། །ཀ་ཡི་འཁོར་ལོ་རབ་སྦྱོར་བས། །ཞེས་སོགས་བརྗོད་པས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་དགྲ་བོའི་ལུས་བསིལ་བ་དང་། བརྟུབས་པར་བསམས་པས། འཇིག་རྟེན་པའི་ལྷ་དང་། བྱ་རོག་དང་། འུག་པ་ལ་སོགས་པས། ཁྲག་དང་། རྒྱུ་མ་ལ་སོགས་པའི་མཐར་ཐུག་པར་ཟོས་པར་བསམ་མོ། །དེ་ནས། དེའི་རྣམ་པར་ཤེས་པ་ཨ་ཐུང་གི་གཟུགས་ཅན་ཟ་མ་ཏོག་ཏུ་བཅུག་སྟེ། གནོད་མཛེས་ཀྱིས་མི་བསྐྱོད་པའི་ཞིང་ཁམས་སུ་བསྐྱལ་ཏེ། བྱང་ཆུབ་སེམས་དཔར་སྐྱེས་པར་བསམས་ན། ཟླ་བ་ཕྱེད་དམ་ཞག་བདུན་གྱིས་འཆི་བར་འགྱུར་ལ། བདག་གིས་ཐུགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །གཞུང་གི་དོན་ནི་ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་པ་ནི། ཡེ་ཤེས་ཀྱི་ས་བསྐྱེད་པ་ལ་སོགས་པ་སྔོན་དུ་འགྲོ་བས། གཞལ་ཡས་ཁང་གདན་དང་བཅས་པ་སྐྱེད་པའོ། །དེ་ནས་ལྷག་མོས་ཀྱི་དཀྱིལ་འཁོར་བསྒོམ་པ་ནི། སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་པའོ། །

ལྷག་མོས་བསྡུ་བ་སྔོན་དུ་འགྲོ་བས་རྣལ་འབྱོར་བཞིས་མི་བསྐྱོད་པ་བསྐྱེད་པ་ནི། རྡོ་རྗེ་མི་བསྐྱོད་རབ་བསྒོམས་ནས། །ཞེས་སོ། །དེའི་ཕྱག་མཚན་གྱི་ཁྱད་པར་ནི། ལག་ཏུ་ཞེས་སོགས་རྐང་པ་གསུམ་གྱིས་བསྟན་ཏོ། །དེ་ལྟར་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས། ལས་རྒྱལ་མཆོག་གི་དུས་སུ། དགྲ་བོ་རྡོ་རྗེ་གནོད་སྦྱིན་སྲིན་པོའི་གཟུགས་སུ་བསྐྱེད་ནས། དེ་ནས་སེམས་ཅན་ཐམས་ཅད་དང་། དེ་བཞིན་གཤེགས་པས་འཇིག་རྟེན་གྱི་ཁམས་གང་བར་བསྒོམ་པ་ནི། དུས་གསུམ་པའི་སངས་རྒྱས་རྣམས་བསྒོམས་ནས་ཞེས་པའོ། །དེ་དག་ཐམས་ཅད་རྡོ་རྗེ་གནོད་སྦྱིན་གྱིས་བསད་པ་ནི། རྡོ་རྗེ་ཞེས་སོགས་རྐང་པ་གསུམ་མོ། །དེ་ནས་དགྲ་བོ་འགྱོད་པ་སྐྱེས་པ་སོགས་སུ་བསམས་ལ། གནོད་མཛེས་ལ་བཀའ་བསྒོ་བ་དང་། བསྒྲུབ་བྱ་བཀུག་སྟེ་མདུན་དུ་བཞག་པ་དང་། སྡིག་པའི་དྲི་མ་བསྒྲག་པ་དང་། འཇིག་རྟེན་ལས་འདས་པའི་ཁྲོ་བོ་རྣམས་ལ་བཀའ་བསྒོས་པས། བསྒྲུབ་བྱ་ཕྱི་རོལ་གྱི་དུར་ཁྲོད་དུ་ཁྱེར་ཏེ་བསད་པ་དང་། དེའི་ཤ་ལ་སོགས་པ་ཟོས་ཏེ་རྣམ་པར་ཤེས་པ་ལ་ཨ་ཐུང་གི་གཟུགས་ཅན་ཟ་མ་ཏོག་ཏུ་བཅུག་སྟེ། མི་བསྐྱོད་པའི་ཞིང་དུ་བསྐྱལ་བས། བྱང་ཆུབ་སེམས་དཔར་སྐྱེས་པར་བསམ་པ་ནི། བསམ་གཏན་མཆོག་སྟེ་བསྒོམ་ན་ཞེས་པའོ། །དེས་ཕན་ཡོན་ཅི་ཞིག་འཐོབ་པར་འགྱུར་ཞེ་ན། སྒྲུབ་པ་པོའི་ཕན་ཡོན་ནི། ཐུགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། ཞེས་པའོ། །བསྒྲུབ་བྱའི་ཕན་ཡོན་ནི། རྡོ་རྗེ་གསང་བ་འདི་ལྟ་བུ། །ཞེས་སོགས་སོ། །གཞུང་བསྡུ་བ་ནི། འདི་ནི་ཞེས་སོགས་སོ། །གཏི་མུག་གི་རིགས་ཀྱི་དམ་ཚིག་ལ། སྤྱིའི་དོན་དང་། ཡན་ལག་གི་དོན་གཉིས་ཀྱི། སྤྱིའི་དོན་ནི། རྣམ་སྣང་གི་ཟློས་པ་པོས་ནོར་བླངས་པའི་སྒོ་ནས་སེར་སྣ་ཅན་གྱི་སེམས་ཅན་གྱི་དོན་བྱ་བར་འདོད་ན། རྟེན་གྱི་ཁྱད་པར་སྔར་དང་འདྲའོ། །ཡུལ་གྱི་ཁྱད་པར་ནི། སེར་སྣ་ཅན་ནོ། །དུས་ཀྱི་ཁྱད་པར་ནི་སྔར་དང་འདྲའོ། །གནས་ཀྱི་ཁྱད་པར་ནི། དགོན་པ་ཆེན་པོ་ལ་སོགས་པ་སྒྲུབ་པ་པོ་རང་ཉིད་ཡིད་དུ་འོང་བའོ། །ཕྱོགས་ཀྱི་ཁྱད་པར་ནི། སེར་སྣ་ཅན་གང་ན་ཡོད་པ་དེར་ཁ་བལྟ་བའོ། ཁ་དོག་གྱི་ཁྱད་པར་ནི། གང་བླང་བར་འདོད་པའི་ནོར་གྱི་ཁ་དོག་མཐུན་པར་བྱའོ། །བསམ་པའི་ཁྱད་པར་ནི། སེར་སྣ་ཅན་གྱི་སེར་སྣ་དང་བྲལ་བ་བྱ་བའོ། །ཆོ་གའི་ཁྱད་པར་ནི། རང་རིགས་ཀྱི་ཕྱག་རྒྱ་གཅིག་གམ་བཞི་གང་རུང་ལྷན་ཅིག་གནས་ཏེ། སྲུང་བའི་འཁོར་ལོ་ལ་སོགས་པ་སྔོན་དུ་འགྲོ་བས། ཟླ་བ་ལས་བྱང་ཆུབ་པ་ཡན་ཆད་སྔར་དང་འདྲ་ལ། ཡིག་འབྲུ་ལས་བྱང་ཆུབ་པ་ༀ་མོ། ཕྱག་མཚན་ལས་བྱང་ཆུབ་པ་འཁོར་ལོའོ། །དེ་ལས་རྣམ་པར་སྣང་མཛད་བསྐྱེད་དེ། སེམས་དཔའ་སུམ་བ རྩེག་གི་བར་དུ་རྣལ་འབྱོར་བཞིས་བསྐྱེད་པ་ནི་དང་པོ་སྦྱོར་བའོ། །དེ་ནས་རང་རིགས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས་ཆོ་ག་གསུམ་གྱིས་ལྷ་ཐམས་ཅད་བླང་བའི་རྣལ་འབྱོར་དང་ཁ་དོག་མཐུན་པར་བསྐྱེད་ནས་ཕྱི་རོལ་ཏུ་སྤྲོས་ཏེ། རང་རང་གི་གནས་སུ་བཀོད་པ་ནི། དཀྱིལ་འཁོར་རྒྱལ་མཆོག་གོ །རྟེན་དེ་ལ་གནས་ཏེ། ལྷ་ཐམས་ཅད་ཀྱི་བ་སྤུའི་བུ་གའི་ཚོགས་ནས། འོད་ཟེར་དཀར་པོ་ལ་སོགས་པ་ནོར་དང་ཁ་དོག་མཐུན་པ་ཞགས་པ་ལྟ་བུར་སྤྲོས་ཏེ་བཅིངས་པས། ནོར་གཞན་དུ་མི་གཡོ་བར་བྱའོ། །དེ་ནས་རང་གི་ལྕེའི་པད་མའི་སྟེང་དུ་ཧྲཱི་བསམས་ལ། དེ་ལས་འོད་ཟེར་གྱི་ལྕགས་ཀྱུ་ཕྱུང་པས། སེར་སྣ་ཅན་གྱི་བང་མཛོད་ནས་ནོར་དྲངས་ཏེ། རང་གི་བང་མཛོད་ལ་སོགས་པར་བཞག་པས་གང་བར་བསམ་མོ། །དེ་ནས་ནོར་དེ་དག་གིས་མཆོད་སྦྱིན་ཆེན་པོ་བྱས་ཏེ། དེས་རང་གཞན་གཉིས་ཀའི་སེར་སྣའི་ཉེས་པ་འཇིལ་བར་འགྱུར་ཏེ། བསྒྲུབ་བྱ་སྦྱིན་བདག་ཡིན་ལ། སྒྲུབ་པ་པོ་སྦྱིན་པ་པོ་ཡིན་པས། གཉིས་ཀའི་བསོད་ནམས་ཐོབ་པའི་ཕྱིར་རོ། །ཡན་ལག་གི་དོན་ལ་གསུམ་གྱི། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་ནི། དེ་ནས་བཀའ་བསྩལ་ཏོ་ཞེས་སྦྱར། སུ་ཞིག་གིས་ན། རྒྱལ་པོ་རྡོ་རྗེ་འཛིན་གྱིས་སོ། །དེའི་ཁྱད་པར་ནི། གཏི་མུག་གིས་ཡང་དག་པའི་མཐའ་ཐོབ་པར་མཛད་པས་ན། མི་ཤེས་ཐར་པ་རབ་བསྒྲུབ་པའོ། །ངོ་བོ་ཉིད་དམ་རང་བཞིན་གྱིས་དག་པ་དང་། བསོད་ནམས་དང་བསོད་ནམས་མ་ཡིན་པས་གོས་པ་མེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་སེར་སྣའི་དྲི་མ་སྦྱོང་བའི་བྱང་ཆུབ་ཀྱི་སྤྱོད་པ་རབ་ཏུ་སྟོན་པ་པོས་སོ། །གང་ཞིག་ཅེ་ན། སངས་རྒྱས་ཀྱི་བྱང་ཆུབ་བསྒྲུབ་ཅིང་བསྐྱེད་པར་བྱེད་པའི་ཐབས་ཕྱིན་ཅི་མ་ལོག་པས། ཡང་དག་པའི་རྫས་དགུག་པའི་དམ་ཚིག་གོ །ལས་སྦྱོར་དངོས་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་པ། སྲུང་འཁོར་སོགས་སྔོན་དུ་འགྲོ་བའི་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པའོ། །དེར་ལྷག་མོས་མཛད་པ་དང་བཅས་པ་བསྒོམ་པ་ནི། འཁོར་ལོའི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་པའོ། །ལྷག་མོས་བསྡུ་བ་སྔོན་དུ་འགྲོ་བས། རྣལ་འབྱོར་བཞིས་རྣམ་སྣང་བསྐྱེད་པ་ནི། རྣམ་པར་སྣང་མཛད་རབ་བསྒོམས་ཏེ། །ཞེས་སོ། །དཀྱིལ་འཁོར་རྒྱལ་མཆོག་སྤྲུལ་པ་ནི། སངས་རྒྱས་ཐམས་ཅད་རབ་ཏུ་བསྒོམས། །ཞེས་པའོ། །ལྷ་རྣམས་ཁ་དོག་ཇི་ལྟ་བུ་བསྒོམ་ཞེ་ན། རིན་ཆེན་ཀུན་གྱི་ཞེས་པ་རྐང་པ་གཉིས་སོ། །ལས་རྒྱལ་མཆོག་ནི། ནོར་རྣམས་ཐམས་ཅད་ཅེས་པའོ། །ནོར་དེ་དག་ཇི་ལྟར་དགུག་པར་བྱ་ཞེ་ན། རྡོ་རྗེ་གསུམ་དུ་རྣམ་བསྒོམ་ཞེས་ཏེ། རྡོ་རྗེ་གསུམ་ནི་སྐུ་གསུང་ཐུགས་སོ། །དེ་ལ་སྐུ་བསྒོམ་པ་ནི། བ་སྤུའི་བུ་ག་ནས་ནོར་གྱི་ཁ་དོག་དང་མཐུན་པའི་འོད་ཟེར་ཞགས་པ་ལྟ་བུ་སྤྲོས་པས། མངོན་པར་འདོད་པའི་རིན་པོ་ཆེའི་རིགས་བཅིངས་པའོ། །གསུང་རྣམ་པར་བསྒོམ་པ་ནི། ལྕེའི་པད་མའི་ཧྲཱི་ལས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུས་ནོར་དྲངས་པའོ། །ཐུགས་རྣམ་པར་བསྒོམ་པ་ནི། ནོར་དྲངས་པ་དེ་དག་རང་གི་ཁྱིམ་དུ་བཞག་པར་ཡིད་ལ་བསྒོམ་པའོ། །དེས་ཕན་ཡོན་ཅིར་འགྱུར་ཞེ་ན། འཇིག་རྟེན་པའི་ཕུན་སུམ་ཚོགས་པ་འབྱོར་པ་ནི། ནོར་གྱི་རྒྱ་མཚོ་ཞེས་སོ། །འཇིག་རྟེན་ལས་འདས་པའི་འབྲས་བུ་འགྲུབ་པ་ནི། སངས་རྒྱས་ཀུན་གྱི་ཞེས་ཏེ། སངས་རྒྱས་ཐམས་ཅད་ཀྱི་སྲས་ཀྱི་གཙོ་བོར་གྱུར་པ་དང་། ཕྱིས་དེ་བཞིན་གཤེགས་པར་ཡང་འགྱུར་བའོ། །དེ་དག་གི་གཞུང་ཉེ་བར་བསྡུ་བ་ནི། འདི་ནི་ཞེས་སོགས་སོ། །འདོད་ཆགས་ཀྱི་རིགས་ཀྱི་དམ་ཚིག་ལ་གཉིས་ཀྱི། སྤྱིའི་དོན་ནི། འོད་དཔག་ཏུ་མེད་པའི་རྣལ་འབྱོར། ནང་ལ་མཆོག་ཏུ་གཞོལ་བ། ཐུན་མོང་གི་བསྙེན་པ་མཐར་ཕྱིན་པས། འདོད་ཆགས་ཀྱི་དམ་ཚིག་སྙོམས་འཇུག་གི་སྒོ་ནས་གཞན་དོན་བྱེད་པར་འདོད་ན། ཡུལ་གྱི་ཁྱད་པར་ནི། འདོད་ཆགས་སྤྱད་པས་འདུལ་བའི་བུད་མེད་དོ། །དུས་དང་གནས་ཀྱི་ཁྱད་པར་ནི། སྔ་མ་དང་འདྲའོ། །ཕྱོགས་ཀྱི་ཁྱད་པར་ནི། ཆགས་ཅན་གང་ན་ཡོད་པའི་ཕྱོགས་སུ་ཁ་བལྟ་བའོ། ཁ་དོག་གི་ཁྱད་པར་ནི་དམར་པོར་བྱའོ། །བསམ་པའི་ཁྱད་པར་ནི། ཆགས་པའི་སེམས་ཀྱིས་སོ། །ཆོ་གའི་ཁྱད་པར་ནི། རང་རིགས་ཀྱི་ཕྱག་རྒྱ་བཞིའམ་གཅིག་གང་རུང་དང་ལྷན་ཅིག་གནས་ཏེ། སྲུང་བའི་འཁོར་ལོ་སོགས་སྔོན་དུ་འགྲོ་བས། མངོན་བྱང་ལྔས་འོད་དཔག་ཏུ་མེད་པ་བསྐྱེད་དེ། ཡིག་འབྲུ་ལས་བྱང་ཆུབ་པ་ཨ་དང་། ཕྱག་མཚན་ལས་བྱང་ཆུབ་པ་པད་མས་བྱ་བ་ནི་ཁྱད་པར་རོ། །དེ་ནས་སེམས་དཔའ་སུམ་བ རྩེག་གི་བར་དུ་རྣལ་འབྱོར་བཞིས་བསྐྱེད་པ་ནི་དང་པོ་སྦྱོར་བའོ། །དེ་ནས་རང་རིགས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས། ཆོ་ག་གསུམ་གྱིས་ལྷ་རྣམས་ཁ་དོག་དམར་པོར་བསྐྱེད་ནས། སྤྲོས། བསྡུས་ཏེ་རང་རང་གི་གནས་སུ་བཀོད་པ་ནི། དཀྱིལ་འཁོར་རྒྱལ་མཆོག་གོ །ལས་རྒྱལ་མཆོག་ནི། འདོད་པ་སྤྱད་པས་འདུལ་བའི་བུད་མེད་དེ་མདུན་དུ་བཞག་སྟེ། རྣལ་འབྱོར་བཞིས་གོས་དཀར་མོར་བསྐྱེད་དེ། ཀ་ར་ནའི་སྦྱོར་བ་སྔོན་དུ་འགྲོ་བས་སྙོམས་འཇུག་བྱས་ན། སངས་རྒྱས་ཀྱི་བསྟན་པ་ལ་ཆུད་པ་ལ་སོགས་པར་འགྱུར་རོ། །ཡན་ལག་གི་དོན་ལ་གསུམ་གྱི། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་ནི། དེ་ནས་བཀའ་བསྩལ་ཏོ། །ཞེས་སྦྱར། སུ་ཞིག་གིས་ན། རྒྱལ་པོ་རྡོ་རྗེ་འཛིན་གྱིས་སོ། །གང་ཞིག་ཅེ་ན། ཆགས་ཅན་འདུལ་བའི་དོན་དུ། འདོད་ཆགས་དང་བཅས་པ་ལྟ་བུའི་གཟུགས་སུ་བསྐྱེད་ནས། ཐར་པ་འདོད་པ་རྣམས་ལ་སྡུག་བསྔལ་དང་བྲལ་བའི་ཐར་པ་སྒྲུབ་པར་མཛད་པས་ན། འདོད་ཆགས་ཐར་པ་རབ་སྒྲུབ་པའོ། །བདེན་པ་གཉིས་ཀ་བདག་ཉིད་ཅན་ཡིན་པས་ན་གསང་བ་དག་པའོ། །མི་གནས་པའི་མྱ་ངན་ལས་འདས་པ་ལ་གནས་པས་ན་དམིགས་པ་མེད་པ་འོད་དཔག་ཏུ་མེད་པའི་དམ་ཚིག་གི་དཀྱིལ་འཁོར་རོ། །ལས་སྦྱོར་དངོས་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་པ། གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པའི་བར་རོ། །དེར་ལྷག་མོས་མཛད་པ་དང་བཅས་པ་བསྒོམ་པ་ནི། པད་མའི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་སོ། །དེ་ནས་ལྷག་མོས་བསྡུ་བ་སྔོན་དུ་འགྲོ་བའི་རྣལ་འབྱོར་བཞིས་གཙོ་བོ་འོད་དཔག་ཏུ་མེད་པ་བསྐྱེད་པ་ནི། དཔག་མེད་ཆེ་ནི་རབ་བསྒོམས་ཏེ། །ཞེས་སོ། །དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པ་ནི། སངས་རྒྱས་རྣམས་ཀྱིས་ཐམས་ཅད་དགང་། །ཞེས་སོ། །ལས་རྒྱལ་མཆོག་གི་སྐབས་སུ། བསྒྲུབ་བྱ་རྣལ་འབྱོར་བཞིས་གོས་དཀར་མོར་བསྐྱེད་པ་ནི། བུད་མེད་ལྟ་བུར་ཞེས་པ་རྐང་པ་གསུམ་མོ། །དེ་ཉིད་ལ་སྙོམས་པར་འཇུག་པ་ནི། འདི་ནི་རྡོ་རྗེ་ཞེས་པ་རྐང་པ་གསུམ་མོ། །ཕན་ཡོན་ཅི་ཞིག་འཐོབ་ཅེ་ན། བཤད་མ་ཐག་པའི་ལས་སྦྱོར་འདི་ནི། རྡོ་རྗེ་སྟེ་སྒྲུབ་པ་པོ་ཐམས་ཅད་ཀྱི་ཆོས་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་ངོ་བོ་ཉིད་ཀྱི་སྐུ་གསུམ་མི་ཕྱེད་པ་བསྒྲུབ་ཅིང་བསྐྱེད་པའོ། །གཞུང་ཉེ་བར་བསྡུ་བ་ནི། འདི་ནི་ཞེས་སོགས་སོ། །ལས་ཀྱི་རིགས་ཀྱི་དམ་ཚིག་ལ་གཉིས་ཏེ། སྤྱིའི་དོན་ནི་དོན་ཡོད་གྲུབ་ནི་རྣལ་འབྱོར་པ་སྣང་ལ་མཆོག་ཏུ་གཞོལ་བ་བསྙེན་པ་མཐར་ཕྱིན་པས། ལས་ཀྱི་རིགས་ཀྱི་དབང་ཚིག་བརྫུན་དུ་སྨྲས་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པར་འདོད་ན། ཡུལ་གྱི་ཁྱད་པར་རྫུན་དུ་སྨྲ་བས་འདུལ་བའི་སེམས་ཅན་ནོ། །དུས་དང་གནས་ཀྱི་ཁྱད་པར་སྔ་མ་བཞིན་ནོ། །ཕྱོགས་ཀྱི་ཁྱད་པར་བསྒྲུབ་བྱ་གང་ན་ཡོད་པའི་ཕྱོགས་དེར་ཁ་བལྟ་བའོ། །ཁ་དོག་གི་ཁྱད་པར་བསྙེན་པའི་དུས་དང་ཁྱད་པར་མེད་དོ། །བསམ་པའི་ཁྱད་པར་ནི། བརྫུན་དུ་སྨྲས་པས་སེམས་ཅན་ལ་ཕན་འདོགས་པར་འདོད་པའོ། །ཆོ་གའི་ཁྱད་པར་ནི། རང་རིགས་ཀྱི་ཕྱག་རྒྱ་བཞིའམ་གཅིག་གང་རུང་དང་ལྷན་ཅིག་ཏུ་གནས་ནས། སྲུང་བའི་འཁོར་ལོ་ལ་སོགས་པ་སྔོན་དུ་འགྲོ་བས། མངོན་བྱང་ལྔས་དོན་ཡོད་གྲུབ་པ་བསྐྱེད་དེ། ཡིག་འབྲུ་ལས་བྱང་ཆུབ་པ་ཡིག་གེ་ཧ་དང་། ཕྱག་མཚན་ལས་བྱང་ཆུབ་པ་རལ་གྲི་ལས་བྱ་བ་ནི་ཁྱད་པར་རོ། །དེ་ནས་སེམས་དཔའ་སུམ་བརྩེག་གི་བར་དུ་རྣལ་འབྱོར་བཞིས་བསྐྱེད་པ་དང་པོ་སྦྱོར་བའོ། །དེ་ནས་རང་རིགས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ། ཡུམ་གྱི་ཆོས་འབྱུང་དུ་ལྷ་ཐམས་ཅད་ཆོ་ག་གསུམ་གྱིས་བསྐྱེད་ནས། སྤྲོས། བསྡུས། རང་རང་གི་གནས་སུ་བཀོད་པ་ནི་དཀྱིལ་འཁོར་རྒྱལ་མཆོག་གོ །ལས་རྒྱལ་ཆོག་ལ་གཉིས་ཏེ། རྫུན་པའི་དོན་བསྒོམ་པ་དང་། དངོས་སུ་བརྫུན་སྨྲ་བའོ། །རྫུན་པའི་དོན་བསྒོམ་པ་ནི་སེམས་ཅན་ཐམས་ཅད་མདུན་དུ་བསྒོམ་ལ། སེམས་ཅན་དང་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཆོས་ཐམས་ཅད་ཀྱི་རྫུན་པ་སླུ་བའི་ཆོས་ཅན། སྒྱུ་མ་ལྟ་བུ་ཞེས་ཚིག་དུ་བརྗོད་ཅིང་ཡིད་ལ་བསྒོམ་མོ། །དེ་སྐད་དུ་ཡང་མདོ་ལས། ལྷའི་བུ་ཆོས་ཐམས་ཅད་རྫུན་པ་སྒྱུ་མ་ལྟ་བུའོ། །ང་ཡང་དེ་བཞིན་དུ་སྟོན་པར་བྱེད་དེ། དེས་ན་ང་ནི་བརྫུན་དུ་སྨྲ་བའོ་ཞེས་གསུངས་སོ། །གཉིས་པ་དངོས་སུ་རྫུན་དུ་སྨྲ་བ་ནི། གཞན་དག་སྡིག་པ་ལས་བཟློག་པ་དང་། སྡུག་བསྔལ་ལས་བསྐྱབ་པའི་ཕྱིར། བརྫུན་སྨྲས་པ་ལ་དགོས་པ་ཡོད་ན། ཡང་དང་ཡང་དུ་བརྫུན་སྨྲ་བར་བྱ་སྟེ། དེ་སྐད་དུ་ཡང་། གཞན་རྣམས་བདེ་བར་བྱ་ཕྱིར་དང་། །སློབ་དཔོན་བདེ་བའི་རྒྱུ་དང་ནི། །དཀོན་མཆོག་གསུམ་ལ་གནོད་པ་ལ། །རྟག་པར་བརྫུན་དུ་སྨྲ་བར་བྱ། །ཞེས་གསུངས་པའི་ཕྱིར་རོ། །ཡན་ལག་གི་དོན་ལ་གསུམ་གྱི་དང་པོ་སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་ནི་དེ་ནས་བཀའ་བསྩལ་ཏོ་ཞེས་སྦྱར། སུ་ཞིག་གིས་ན། རྒྱལ་བ་རྡོ་རྗེ་འཛིན་གྱིས་སོ། །བཅོམ་ལྡན་འདས་དེ་ཉིད་འཇུག་གནས་ལྡང་གསུམ་གྱི་མཚན་ཉིད་ཅན་གྱི་རྡོ་རྗེ་བཟླས་པ་སྟོན་པས། གདུལ་བྱའི་དོན་སྒྲུབ་པར་མཛད་པས་ན་རྡོ་རྗེ་སྔགས་ཀྱི་དོན་སྒྲུབ་པའོ། །སྒྱུ་མ་ལྟ་བུའི་སྐུ་དང་ལྡན་པས་ན་བདག་མེད་པའོ། །ཆོས་ཀྱི་སྐུ་ལས་བྱུང་བས་ན་ཡེ་ཤེས་ལས་བྱུང་བའོ། །གང་ཞིག་ན། འོག་ནས་འབྱུང་བའི་གསུང་འདི་སྐད་དོ། །ལས་སྦྱོར་དངོས་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་པས། གཞལ་ཡས་ཁང་གདན་དང་བཅས་པ་བསྒོམ་པའོ། །དེར་ལྷག་མོས་མཛད་པ་དང་བཅས་པ་བསྒོམ་པ་ནི། སངས་རྒྱས་དཀྱིལ་འཁོར་ཞེས་སོ། །ལས་རྒྱལ་མཆོག་ནི། ཐམས་ཅད་གཟུགས་སུ་རྣམ་བསྒོམས་ནས། །ཞེས་པ་ཚིགས་རྐང་པ་དྲུག་སྟེ། ཆོས་ཐམས་ཅད་བརྫུན་པའོ། །སླུ་བའོ། །ཞེས་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསུང་ནམ་མཁའ་དང་འདྲ་བར་དངོས་པོ་མེད་ཅིང་། དྲི་མ་མེད་པའོ། །ཕན་ཡོན་ནི། ཡེ་ཤེས་བློ་ཅན་ཞེས་པ་རྐང་པ་གཉིས་སོ། །གཞུང་ཉེ་བར་བསྡུ་བ་ནི། འདི་ནི་ཞེས་སོགས་སོ། །སྤྲོ་བར་བྱའོ་ཞེས་པ་ནི། ཡང་དང་ཡང་དུ་བསླབ་པར་བྱའོ་ཞེས་པའོ། །རིན་པོ་ཆེའི་རིགས་ཀྱི་དམ་ཚིག་བསྟན་པ་ལ་གཉིས་ཀྱི། སྤྱིའི་དོན་ནི། རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་རིན་པོ་ཆེའི་རིགས་ཀྱི་དམ་ཚིག་ཚིག་རྩུབ་སྨྲས་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་ན། ཐུན་མོང་གི་བསྙེན་པ་མཐར་ཕྱིན་པར་བྱས་ལ། རང་རིགས་ཀྱི་ཕྱག་རྒྱ་བཞིའམ་གཅིག་གང་རུང་དང་ལྷན་ཅིག་ཏུ་གནས་ཏེ། ཡུལ་གྱི་ཁྱད་པར་ནི། ཚིག་རྩུབ་སྨྲས་པས་འདུལ་བའི་གང་ཟག་གོ །དུས་དང་གནས་ཀྱི་ཁྱད་པར་ནི་སྔ་མ་བཞིན་ནོ། །ཕྱོགས་ཀྱི་ཁྱད་པར་ནི། བསྒྲུབ་བྱ་གང་ན་ཡོད་པ་དེར་ཁ་བལྟའོ། ཁ་དོག་གི་ཁྱད་པར་ནི། བསྙེན་པ་དང་འདྲའོ། །བསམ་པའི་ཁྱད་པར་ནི། ཚིག་རྩུབ་སྨྲས་པས་དོན་བྱ་བར་འདོད་པའོ། །ཆོ་གའི་ཁྱད་པར་ནི། སྲུང་བའི་འཁོར་ལོ་སོགས་སྔོན་དུ་འགྲོ་བས། མངོན་བྱང་ལྔས་རིན་འབྱུང་བསྐྱེད་དེ། ཡིག་འབྲུ་ལས་བྱང་ཆུབ་པ་སོགས་དང་། ཕྱག་མཚན་ལས་བྱང་ཆུབ་པ་རིན་པོ་ཆེ་ལས་བྱ་བ་ནི་ཁྱད་པར་རོ། །དེ་ནས་སེམས་དཔའ་སུམ་བརྩེག་གི་བར་དུ་རྣལ་འབྱོར་བཞིས་བསྐྱེད་པ་ནི་དང་པོའི་སྦྱོར་བའོ། །དེ་ནས་རང་རིགས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ་ཆོ་ག་གསུམ་གྱིས་ལྷ་ཐམས་ཅད་བསྐྱེད་ནས། རང་རང་གི་གནས་སུ་བཀོད་པ་ནི། དཀྱིལ་འཁོར་རྒྱལ་མཆོག་གོ །ལས་རྒྱལ་མཆོག་ནི། ཚིག་རྩུབ་སྨྲས་པས་འདུལ་ན་དངོས་སུ་སྨྲ་བར་བྱའོ། །ཕན་ཡོན་ནི། དེས་རྡོ་རྗེ་འཆང་ཆེན་པོ་མཉེས་པར་བྱས་ནས། ཟུང་འཇུག་ཡེ་ཤེས་ཐོབ་པར་འགྱུར་བའོ། །ཡན་ལག་གི་དོན་ལ་གསུམ་གྱི། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་ནི། དེ་ནས་བཀའ་བསྩལ་ཏོ་ཞེས་སྦྱར་རོ། །སུ་ཞིག་གིས་ན། རྒྱལ་པོ་རྡོ་རྗེ་འཛིན་གྱིས་སོ། །བཅོམ་ལྡན་འདས་དེ་ཉིད་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་མི་ཕྱེད་པ་ཡང་ཡིན་ལ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་བསྐྱེད་པའི་གནས་ཡིན་པས་ན། རྡོ་རྗེ་མི་ཕྱེད་གསུམ་རྒྱལ་གནས་སོ། །རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་སྟོན་པས་ན། རྡོ་རྗེ་དངོས་གྲུབ་རབ་སྟོན་པས་སོ། །གང་ཞིག་ན། འོག་ནས་འབྱུང་བའི་གསུང་ནི་འདི་སྐད་དོ། །ལས་སྦྱོར་དངོས་ནི། ནམ་མཁའི་དབྱིངས་ཞེས་པ་ནི་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པའི་བར་རོ། །དེར་ལྷག་མོས་མཛད་པ་དང་བཅས་པ་བསྒོམ་པ་ནི། དམ་ཚིག་དཀྱིལ་འཁོར་རོ་ཞེས་སོ། །རྣལ་འབྱོར་བཞིས་གཙོ་བོ་བསྐྱེད་པ་དང་པོའི་སྦྱོར་བ་ནི་དཀོན་མཆོག་དཔལ་ཞེས་པའོ། །ཡང་ན་སྲུང་བའི་འཁོར་ལོ་ནས། ལྷག་མོས་བསྡུ་བའི་བར་རྐང་པ་དང་པོས་བསྟན་ལ། མངོན་བྱང་ལྔ་ལས་དང་པོའི་མགོན་པོ་བསྐྱེད་པ་རྐང་པ་གཉིས་པས་བསྟན་ཅིང་། སྤྲུལ་སྐུར་བསྒྱུར་བ་ནས་སེམས་དཔའ་སུམ་བརྩེག་ཏུ་བསྒོམ་པའི་བར་རྐང་པ་གསུམ་པས་བསྟན་ཏེ། རིགས་སྔ་མ་བཞི་པོ་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དཀྱིལ་འཁོར་རྒྱལ་མཆོག་ནི། གཟུགས་རྣམས་ཀུན་གྱི་ཞེས་པའོ། །ལས་རྒྱལ་མཆོག་ཕན་ཡོན་དང་བཅས་པ་ནི། རྩུབ་པའི་ངག་ཅེས་སོགས་སོ། །གཞུང་ཉེ་བར་བསྡུ་བ་ནི། བཅོམ་ལྡན་འདས་ཞེས་སོགས་གསུངས་སོ། །རྡོ་རྗེའི་བཀོད་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །རྡོ་རྗེ་ཚིག་དེ་དག་ངེས་དོན་དུ་བཤད་པ་ལ་གསུམ་སྟེ། འཁོར་གྱི་གསོལ་བ་བཏབ་པ་དང་། སྟོན་པས་སྤྲོ་བ་བསྐྱེད་དེ་ཞལ་གྱིས་བཞེས་པ་དང་། ལན་དངོས་བསྟན་པའོ། །འཁོར་གྱིས་གསོལ་བ་བཏབ་པ་ནི། དགོངས་པ་ལུང་སྟོན་ལས། དེ་ནི་དགོངས་པའི་ཆོས་གཅིག་པུ། །དམ་ཚིག་དེ་ནི་དོན་གསུངས་ལ། །གཙོ་བོ་ཀུན་མཁྱེན་ཐམས་ཅད་རིག །མགོན་ལ་ཕྱག་ན་རྡོ་རྗེས་གསོལ། །དེ་བཞིན་ཉིད་དུ་དངོས་གཅིག་པའི། །དུས་གསུམ་འབྱུང་བའི་སངས་རྒྱས་གང་། །ཆོས་སྐུ་གཅིག་པུ་ལས་འཁྲུངས་པ། །ཇི་ལྟར་རྡོ་རྗེ་ཕྱེ་མར་བརླག །དེ་ནི་ཆེར་བརླགས་གྱུར་པ་ལས། །ཇི་ལྟར་ཡང་དག་སེམས་འགྲུབ་འགྱུར། །འདས་པ་ཡི་ནི་སྟོན་པ་དང་། །ད་ལྟར་རྗེས་སུ་སྟོན་མཛད་དང་། །མཉེས་བྱ་མ་བྱོན་སངས་རྒྱས་རྣམས། །རྫོགས་པའི་བྱང་ཆུབ་སྩོལ་བ་པོ། །མི་བསྐྱོད་གཟུགས་ཅན་རྡོ་རྗེ་ཡིས། །མགོན་པོ་དེ་རྣམས་ཇི་ལྟར་གཞོམ། །དེ་ཉིད་སྣ་ཚོགས་དོན་ལྡན་ཚིག །དེ་རྣམས་ཀྱིས་ནི་ཇི་ལྟར་རྟོགས། །གང་ཞིག་ཤེས་པས་རྒྱལ་སྲས་རྣམས། །དགོངས་དོན་ལ་དགོས་མེད་གྱུར་པ། །མ་འོངས་སྐྱེ་བོའི་དོན་དུ་ནི། །དེ་ཉིད་བཅོམ་ལྡན་བཤད་དུ་གསོལ། །ཞེས་སོ། །དོན་ནི་འདི་ཡིན་ཏེ། རྩ་རྒྱུད་དུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མི་བསྐྱོད་པའི་རྡོ་རྗེས་བཅོམ་པས། ཐུགས་ཀྱི་དངོས་གྲུབ་ཐོབ་ཅེས་བཤད་པ་ལ་སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུའི་མཚན་ཉིད་ཅན་ཡིན་པས། རྡོ་རྗེས་གཞོམ་པར་མི་ནུས་ཤིང་། བཅོམ་ན་ཡང་དངོས་གྲུབ་ཐོབ་པར་མི་རིགས་ལ། མི་བསྐྱོད་པ་ཡང་དུས་གསུམ་གྱི་སངས་རྒྱས་བསྐྱེད་པོ་ཡིན་པས་དེ་དག་འཇོམས་པར་མི་རིགས་ན། དེ་ལྟར་བཤད་པའི་དགོངས་པ་ཅི་ལགས་ཞེས་ཞུས་པའོ། །དེས་མཚོན་ནས། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། ཚིག་རྩུབ་སྨྲ་བ་ལ་སོགས་པའི་དོན་གང་ལགས་ཞེས་ཞུས་པའོ། །དེ་ལྟར་གསོལ་བ་བཏབ་པ་དང་། སྟོན་པས་སྤྲོ་བ་བསྐྱེད་ནས་ཞུས་པའི་ལན་སྟོན་པར་ཞལ་གྱིས་བཞེས་པ་ནི། དེ་ནས་རྡོ་རྗེ་འཛིན་སྨྲ་བའི། །འགྲོ་ལ་ཕན་པའི་ཚིག་གསན་ནས། །དེ་འོག་གཙོ་བོ་རྡོ་རྗེ་འཆང་། ཁྱབ་བདག་གིས་ནི་སླར་གསུངས་པ། །ལེགས་སོ་བུ་ཁྱོད་ཆེར་ལེགས་སོ། །ཀུན་ཏུ་བཟང་པོ་ཁྱོད་ལེགས་སོ། །དགོངས་པས་བཤད་པའི་དོན་དུ་ནི། ཁྱོད་ཀྱིས་ང་ལ་གང་དྲིས་པ། །གསུང་དོན་ཇི་ལྟ་ཇི་ལྟ་བར། །དེ་ནི་ང་ཡིས་བཤད་པར་བྱ། །ཞེས་པའོ། །ལས་སྦྱོར་དངོས་ངེས་དོན་དུ་བསྟན་པ་ནི། རིགས་ལྔའི་ཟློས་པ་པོ་ཟུང་འཇུག་གི་རྣལ་འབྱོར་པ་རྣམས་ཀྱིས། རང་རང་གི་སྒྱུ་མ་ལྟ་བུའི་སྐུ་བསམ་གཏན་གཉིས་གང་རུང་གིས་བཤིག་ནས་འོད་གསལ་དུ་བཅུག་སྟེ། འོད་གསལ་འཛིན་པའི་ཡན་ལག་ལས། རྗེས་དྲན་གྱི་ཡན་ལག་གིས་ཟུང་འཇུག་ལོངས་སྐུར་བཞེངས་ཏེ། རང་རང་གི་ལྷག་པའི་ལྷའི་སྐུར་བསྒྱུར་ནས། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་དེ། ལས་རྒྱལ་མཆོག་བདེན་གཉིས་དབྱེར་མེད་ལ་སློབ་པའི་ཏིང་ངེ་འཛིན་དེ་ཉིད་ལྡོག་པའི་ཕྱེ་བས། སྲོག་གཅོད་ལ་སོགས་པའི་ཐ་སྙད་བརྟགས་པས་ཏེ། ཏིང་ངེ་འཛིན་དེ་ཉིད་ཀྱིས་ཐ་མལ་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་བཤིག་ཅིང་། མི་སྣང་བར་བྱས་པས་སྲོག་གཅོད་པ་དང་། སངས་རྒྱས་ཀྱི་སྟོབས་དང་མི་འཇིགས་པ་སོགས་རང་དབང་དུ་ལེན་པས་ན་རྫས་ཕྲོགས་པ་དང་། བདེན་པ་གཉིས་དབྱེར་མེད་དུ་སྦྱོར་བས་ན་དབང་པོ་གཉིས་སྦྱོར་བ་དང་། ཕྱི་ནང་གི་ཆོས་ཐམས་ཅད་རྫུན་པ་བསླུ་བའི་ཆོས་ཅན་དུ་སྟོན་པས་ན་བརྫུན་དུ་སྨྲ་བ་དང་། དེ་ཉིད་དངོས་པོར་སྨྲ་བ་རྣམས་ཀྱི་རྣ་བར་མི་འོང་ཞིང་། མི་སྙན་པས་ན། ཚིག་རྩུབ་སྨྲ་བ་ཞེས་སོགས་ཐ་སྙད་བཏགས་སོ། །དེ་ལ་ཞེ་སྡང་གི་རིགས་ཀྱི་དམ་ཚིག་ངེས་དོན་དུ་བཤད་པ་ནི། མི་བསྐྱོད་འདི་ནས་སྤྲུལ་པ་སྟེ། །མི་ཕྱེད་པས་དེ་རྡོ་རྗེར་གྱུར། །དེ་ཡི་ལག་པ་མ་རིག་ཡིན། །དེར་ནི་རྡོ་རྗེ་འོད་གསལ་བའོ། །ཡེ་ཤེས་རང་བཞིན་སྐུར་གྱུར་ཏེ། །འོད་ཟེར་སྣ་ལྔས་ཡང་དག་འབར། །ཕུང་སོགས་གང་བཤད་སངས་རྒྱས་ཏེ། །རྡོ་རྗེ་གསུམ་སྐྱེས་དུས་གསུམ་ཤེས། །སྐུ་ཡི་རྡོ་རྗེ་ཕྱིར་བརླག་པས། །ཐ་མལ་པ་ཡི་ཕུང་པོ་བཤིག །འདི་ནི་ཞེ་སྡང་རིགས་ཡིད་འོང་། །མི་བསྐྱོད་ཡེ་ཤེས་རྡོ་རྗེ་སྐྱེས། །དེ་ཡི་ཞིང་དུ་སྐྱེ་བ་མཆོག །དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར། །ཞེས་སོ། །དེ་ལ་རྩ་རྒྱུད་དུ། མི་བསྐྱོད་རྡོ་རྗེ་རབ་བསྒོམས་ཏེ། །ཞེས་པའི་མི་བསྐྱོད་པ་ནི། ལོངས་སྐུ་རང་གི་ལྷག་པའི་ལྷར་བསྒྱུར་པའི་སྤྲུལ་སྐུ་ཡིན་ལ། དེ་ཉིད་ལོངས་སྐུ་དང་དབྱེར་མི་ཕྱེད་པས་ན་རྡོ་རྗེའོ། །ལག་ཏུ་རྡོ་རྗེ་རབ་བསྒོམས་ཞེས་པའི་ལག་པ་ནི། སྒྱུ་ལུས་འོད་གསལ་དུ་ཞུགས་པའི་སྣང་བ་ཐ་མ་མ་རིག་པ་ཡིན་ལ། རྡོ་རྗེ་ནི་འོད་གསལ་བའོ། །འོད་འཕྲོ་མང་པོ་ཞེས་པ་ནི། འོད་གསལ་ལས་བཞེངས་པའི་ཡེ་ཤེས་ཀྱི་སྐུ་འོད་ཟེར་སྣ་ལྔས་ཡང་དག་པར་འབར་བའོ། །དུས་གསུམ་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེས་ཆེར་བརླག་ཅེས་པའི་སངས་རྒྱས་ནི། སྒྱུ་ལུས་པའི་ཕུང་པོ་ལ་སོགས་པ་དང་། སྐུ་གསུང་ཐུགས་ནི་རྡོ་རྗེ་གསུམ་སྐྱེས་ཏེ། སྒྱུ་ལུས་པའི་ལུས་ངག་ཡིད་གསུམ་ཡིན་ལ། དེ་དག་རྡོ་རྗེས་ཕྱེ་མར་བརླག་པ་ནི། བསམ་གཏན་གཉིས་ཀྱིས་འོད་གསལ་དུ་བཅུག་པས་ཐ་མལ་པའི་ཕུང་པོ་བཤིག་པའོ། །ཞེ་སྡང་གི་རིགས་ཡིད་དུ་འོང་བ་ནི་འོད་གསལ་ལོ། །མི་བསྐྱོད་ཡེ་ཤེས་ནི་ཟུང་འཇུག་གོ ། གཏི་མུག་གི་རིགས་ཀྱི་དམ་ཚིག་ངེས་དོན་དུ་བཤད་པ་ནི། དེ་ནི་དཔལ་ལྡན་བདེ་ཆེན་པོ། །མི་ཤིགས་ཐར་པ་བསྒྲུབ་པ་པོ། །རང་བཞིན་གྱིས་དག་གོས་མེད་པ། །བྱང་ཆུབ་སྤྱོད་པ་རབ་བསྒྲུབ་པས། །ཕྱག་ན་རྡོ་རྗེ་འོད་ཆེམས་པོ། །གསང་བ་ཀུན་གྱི་གཙོ་བོ་ལ། །བསམ་ནས་རྫོགས་པའི་སངས་རྒྱས་ཀྱིས། །སྒྲུབ་པའི་དམ་ཚིག་དེ་ཉིད་གསུམ། །རིན་ཆེན་ཆོས་ནི་རབ་འཇུག་པས། །རྡོ་རྗེ་སེམས་དཔའ་རྣམ་བསྒོམ་སྟེ། །ལུས་དེ་ཡིས་ནི་རྣམ་ཀུན་ཏུ། །རྣམ་པར་སྨིན་པ་ཕྲོགས་ནས་ནི། །རྫོགས་པའི་བྱང་ཆུབ་རབ་སྒྲུབ་པའི། །རྫས་རྣམས་ཐམས་ཅད་ཕྲོགས་པའོ། །དེས་ནི་ཡིད་བཞིན་ནོར་མཉམ་པའི། །ནོར་གྱི་རྒྱ་མཚོས་རབ་ཏུ་འགེངས། །འདི་ནི་གཏི་མུག་རིགས་དག་ནི། །དམ་ཚིག་དེ་ཉིད་ཡིན་པར་བསྒྲགས། །ཞེས་སོ། །

དེ་ལ་སྒྲུབ་པའི་དམ་ཚིག་གསུམ་ནི། དབེན་པ་གསུམ་མོ། །འཇིག་རྟེན་ཆོས་ནི་སྒྱུ་ལུས་སོ། །རབ་འཇུག་ཅེས་པ་སྒྱུ་ལུས་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་བཅུག་པའོ། །འོད་གསལ་ལས་ཟུང་འཇུག་ལོངས་སྐུར་བཞེངས་པ་ནི། རྡོ་རྗེ་སེམས་དཔའ་རབ་བསྒོམས་ཏེ། །ཞེས་སོ། །དག་པའི་སྒྱུ་ལུས་དེ་རྣམ་སྨིན་མ་དག་པའི་ཕུང་པོ་འཕྲོགས་ཤིང་བཅོམ་ནས། རྫོགས་པའི་སངས་རྒྱས་ཀྱི་སྟོབས་དང་མི་འཇིག་པ་ལ་སོགས་པ་རང་སྟོབས་ཀྱིས་ལེན་པ་ནི་རྫས་རྣམས་འཕྲོག་པའོ། །སྤྲུལ་སྐུར་བསྒྱུར་བ་ནི། ཡིད་བཞིན་ནོར་མཉམ་པས་ཞེས་པ་རྐང་པ་གཉིས་སོ། །གཏི་མུག་རིགས་དག་ནི་འོད་གསལ་ལོ། །དམ་ཚིག་ནི་ཀུན་རྫོབ་བདེན་པའོ། །དེ་ཉིད་ནི་ཟུང་འཇུག་གོ། འདོད་ཆགས་ཀྱི་རིགས་ཀྱི་དམ་ཚིག་ངེས་དོན་དུ་བཤད་པ་ནི། དཔག་མེད་ཚེ་ནི་སྒྱུ་མའི་སྐུ། །དེར་ནི་ཕུང་པོ་ལ་སོགས་དགང་། །ཤེས་རབ་ཕ་རོལ་ཕྱིན་ལྡན་པའི། །ཕུང་པོ་ལ་སོགས་དེར་བྱའོ། །སྟོང་པ་བཞི་དང་མཉམ་སྦྱོར་བའི། །བྱང་ཆུབ་ཀྱི་ནི་ཚུལ་མཆོག་བྱ། །ཀུན་རྫོབ་དང་ནི་དོན་དམ་དག། འདི་ན་དབང་པོ་གཉིས་ཡིན་ལ། །ཟུང་དུ་འཇུག་པར་གྲགས་པ་ཡི། །དེ་དག་གཉིས་མེད་དེ་སྦྱོར་བ། །དེ་ལ་མཉམ་གཞག་སྦྱོར་བ་ཡིས། །དེ་དག་ཐམས་ཅད་ཉེ་བར་སྤྱད། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །འདོད་ཆགས་ཆེན་པོའི་ཚུལ་མཆོག་གོ །ཞེས་སོ། །དཔག་མེད་ཚེ་ནི་རབ་བསྒོམས་ཏེ། །ཞེས་པའི་དཔག་མེད་ཚེ་ནི་སྒྱུ་མའི་སྐུ་སྟེ་སྒྱུ་ལུས་སོ། །སངས་རྒྱས་རྣམས་ཀྱིས་ཐམས་ཅད་དགང་། །ཅེས་པའི་སངས་རྒྱས་ནི་ཕུང་པོ་ལ་སོགས་པའོ། །བུད་མེད་ལྟ་བུར་སྦྱར་ཤེས་པའི་བུད་མེད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འོད་གསལ་ཡིན་ལ། སྦྱར་བ་ནི་ཕུང་པོ་ལ་སོགས་པ་འོད་གསལ་དེར་བསམ་གཏན་གཉིས་ཀྱིས་བཅུག་པར་བྱས་པའོ། །དམ་ཚིག་བཞི་ཞེས་སོགས་ཀྱི་དོན་ནི། སྟོང་པ་བཞི་དང་མཉམ་པར་སྦྱོར་བའི་བྱང་ཆུབ་ནི་འོད་གསལ་ཡིན་ལ། ཚུལ་ནི་ཀུན་རྫོབ་ཀྱི་བདེན་པའོ། །མཆོག་ནི་དེ་གཉིས་ཟུང་དུ་འཇུག་པའོ། །དབང་པོ་གཉིས་ནི་མཉམ་སྦྱོར་བ། །ཞེས་པ་དབང་པོ་གཉིས་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ཡིན་ལ། དེ་གཉིས་ཟུང་དུ་འཇུག་ཅིང་གཉིས་སུ་མེད་པར་སྦྱོར་བ་ནི། མཉམ་པར་སྦྱོར་བའོ། །བདེན་གཉིས་མཉམ་པར་སྦྱོར་བ་འདི་ནི། འདོད་ཆགས་ཆེན་པོའི་ཚུལ་མཆོག་སྟེ་ཟུང་འཇུག་ཡིན་ནོ། །ལས་ཀྱི་རིགས་ཀྱི་དམ་ཚིག་ངེས་དོན་དུ་བཤད་པ་ནི། དེ་ནས་བཅོམ་ལྡན་སྣ་ཚོགས་པ། །རྡོ་རྗེ་མི་ཕྱེད་གསུམ་རྒྱལ་བདག །རྡོ་རྗེའི་དངོས་གྲུབ་རབ་སྟོན་པ། །གསུང་ནི་འདི་སྐད་བཀའ་བསྩལ་ཏོ། །གང་ཞིག་ཕྱི་ནང་བདག་ཉིད་ཆེ། །དེ་དག་ཐམས་ཅད་རྫུན་པར་བརྗོད། །རྣམ་རྟོག་འཆིང་ལས་གྲོལ་བྱང་ཆུབ། །འདི་ནི་དོན་ཡོད་དམ་ཚིག་གོ །ཕྱི་ནང་གི་བདག་ཉིད་ཀྱི་རྟེན་འབྲེལ་ཐམས་ཅད་རྫུན་པར་བརྗོད་ཅེས་པས་སྒྱུ་ལུས་བསྟན་ཏོ། །རྣམ་རྟོག་འཆིང་ལས་གྲོལ་ཞེས་པ་འོད་གསལ་ལོ། །བྱང་ཆུབ་ནི་ཟུང་འཇུག་གོ །དོན་ཡོད་དམ་ཚིག་ནི་སྤྲུལ་སྐུར་བསྒྱུར་བའོ། །རིན་པོ་ཆེའི་རིགས་ཀྱི་དམ་ཚིག་ངེས་དོན་དུ་བཤད་པ་ནི། དེ་ནས་མགོན་པོ་རིན་ཆེན་དབང་། །མཉམ་ཉིད་དེ་བཞིན་ཉིད་སྟོན་པ། །དངོས་གྲུབ་རྡོ་རྗེ་རབ་ཐོབ་པས། །དམ་ཚིག་གནས་ནི་བཀའ་བསྩལ་པ། །ཕུང་པོ་ལ་སོགས་མེད་སྟོན་ཚིག །མཉམ་མིན་གང་ཡིན་རྩུབ་ངག་སོགས། །དེ་དོན་རྣལ་འབྱོར་པས་བསླབས་ནས། །མྱུར་དུ་བྱང་ཆུབ་འཐོབ་པར་འགྱུར། །ཞེས་སོ། །དེ་ལ། ཕུང་པོ་ལ་སོགས་མེད་སྟོན་ཚིག །ཅེས་པས་འོད་གསལ་བསྟན་ལ། རྩུབ་པའི་ངག་ལ་སོགས་པའི་དོན། །ཞེས་པས་སྒྱུ་ལུས་བསྟན་ཏོ། །སྒྱུ་ལུས་དང་འོད་གསལ་དེ་དག་ལ་རྣལ་འབྱོར་པས་བསླབས་པས་མྱུར་དུ་ཟུང་འཇུག་གི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཞེས་པའོ། །དེ་ལྟར་རྨད་དུ་བྱུང་བའི་ལུང་བསྟན་པ་བཤད་ནས། ཀླན་ཀ་ངན་པའི་རྩོད་པ་བཟློག་པ་ལ་གཉིས་ཀྱི། ཐེ་ཚོམ་སྐྱེས་པའི་སྒོ་ནས་འཁོར་གྱིས་དྲི་བ་ཞུས་པ་ནི། རྡོ་རྗེ་འཆང་ཆེན་པོའི་འཁོར་ན་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་ཐེ་ཚོམ་མི་མངའ་ཡང་། རྗེས་འཇུག་གི་གདུལ་བྱ་པདྨ་དཀར་པོ་ལྟ་བུ་ལ་སོགས་པ་དམ་ཚིག་ལྔའི་རྡོ་རྗེའི་ཚིག་གིས་ངེས་དོན་མི་ཤེས་པ་རྣམས་ཀྱིས་ཐེ་ཚོམ་བསལ་བའི་ཕྱིར་དུ་ཐེ་ཚོམ་བསྐྱེད་པ་ལྟར་བཅོས་ནས་ཞུས་པ་ནི། དམ་ཚིག་ལྔ་བསྟན་པའི་རྗེས་ཐོག་དེ་ནས། རྡོ་རྗེ་དཔལ་ཏེ་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས། འཇིག་རྟེན་དང་འགལ་བའི་ཚིག་གིས་ཏིང་ངེ་འཛིན་གྱི་ཁྱད་པར་སྟོན་པ་ཐོས་པས། ངོ་མཚར་དུ་གྱུར་ཅིང་རྨད་དུ་གྱུར་ནས། རྡོ་རྗེའི་ཚིག་འོག་ནས་འབྱུང་བ་འདི་སྨྲས་སོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཅིའི་སླད་དུ་གསུང་ཞེས་སྦྱར་རོ། །གང་དུ་ན་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའི་འཁོར་གྱི་ནང་དུའོ། །གང་ཞིག་ན་མེས་བསིལ་བར་གྱུར་པ་ལྟར། སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་སོགས་དམ་པ་མ་ཡིན་པའི་ལས་ཀྱིས་དངོས་གྲུབ་ཐོབ་བོ་ཞེས་པ་འདི་ལྟ་བུ་ཡང་དག་པ་མ་ཡིན་པའི་ཚིག་གི་ལམ་དོན་རྟོགས་པར་དཀའ་བས་ན་རྡོ་རྗེའི་ཚིག་འདིའོ། །མི་གསུང་བའི་རྒྱུ་མཚན་ནི། རྡོ་རྗེ་འཆང་ཆེན་པོ་ནི་དེ་བཞིན་གཤེགས་པ་རིགས་ལྔ་པོ་ཐམས་ཅད་ཀྱི་བདག་པོ་ཡིན་ཞིང་། ཁམས་གསུམ་སྟེ་ཐོས་བསམ་སྒོམ་གསུམ་གྱི་དབྱེ་བས་ཐ་མ་དང་། འབྲིང་དང་། མཆོག་ཏུ་གྱུར་པའི་ཤེས་རབ་ཀྱི་སྒོ་ནས། རབ་འབྲིང་ལ་སོགས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལས་འདས་ཤིང་བརྒལ་བས་སོ། །ལན་བསྟན་པ་ལ་གཉིས་ལས། དམ་ཚིག་དང་སྤྱོད་པའི་སྒོ་ནས་བསྔགས་པ་ནི། དེ་ལྟར་ཐེ་ཚོམ་དྲིས་པའི་རྗེས་ཐོག་དེ་ནས། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། འདི་སྐད་ཅེས་བཀའ་བསྩལ་ཏེ་ཞེས་སྦྱར་རོ། །གང་ལ་ཞེ་ན། རྡོ་རྗེ་དཔལ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ལའོ། །རྡོ་རྗེའི་རིགས་ལ་སོགས་པ་ལས་སྐྱེས་པ་ན་རིགས་ཀྱི་བུ་ཞེས་བོས་ན། དམ་ཚིག་ལ་ཐེ་ཚོམ་སྐྱེས་པའི་སྒོ་ནས་དམན་པ་སྟེ། ངན་པ་དང་ཞན་པའི་འདུ་ཤེས་དང་། འཇིག་རྟེན་གྱིས་སྨད་པའི་འདུ་ཤེས་འདི་ལྟ་བུ་མ་བསྐྱེད་ཅིག དེ་ཅིའི་ཕྱིར་ཞེ་ན། སྔགས་ཀྱི་སྤྱོད་པ་ནི་སྤྱོད་པའི་མཆོག་གོ་ཞེས་པ། སྔགས་ཀྱི་སྤྱོད་པ་ནི། དམ་ཚིག་ལྔ་དྲང་དོན་དུ་བཤད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་ལ། དེ་ཡང་ཉན་ཐོས་ལ་སོགས་པའི་སྤྱོད་པ་ལ་ལྟོས་ནས་སྤྱོད་པའི་མཆོག་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་སྲོག་གཅོད་པ་ལ་སོགས་པ་འཇིག་རྟེན་དང་འགལ་བའམ་སྦྱིན་པ་སོགས་མི་འགལ་ཡང་རུང་། སྙིང་རྗེའི་དབང་གིས་རྣམ་པ་གང་དང་གང་གིས་སེམས་ཅན་གྱི་དོན་རྫོགས་པར་འགྱུར་བའི་རྣམ་པ་དེ་དང་དེ་དག་དེ་ལ། ཅི་ནུས་སུ་འཇུག་པར་འགྱུར་བའི་ཕྱིར་རོ། །དེ་ཡང་སྔགས་ཀྱི་སྤྱོད་པ་ནི་དེ་བཞིན་གཤེགས་པའི་སྤྱོད་པའོ། །ཞེས་པ། སློབ་དཔོན་གང་གིས་དེ་ཁོ་ན་ཉིད་ཟློས་ཤིང་འདོན་པ་ན་སྔགས་ཏེ་རིན་པོ་ཆེ་ལྟ་བུའི་གང་ཟག་ཡིན་ལ། དེ་རྣམས་ཀྱི་སྤྱོད་པ་ནི། དམ་ཚིག་ལྔའི་ངེས་དོན་སྒྱུ་ལུས་འོད་གསལ་དུ་བཅུག་ནས་ཟུང་འཇུག་ཏུ་བཞེས་ཏེ། སྤྲུལ་སྐུར་བསྒྱུར་བ་དེ་ཉིད་ཡིན་ལ། རྫོགས་པའི་གོ་རིམ་རྟོགས་ནས་མཉམ་པར་བཞག་པའི་སྦྱོར་བས་སྤྱོད་པ་དེ་ཉིད་ནི་དེ་བཞིན་གཤེགས་པའི་སྤྱོད་པ་ཞེས་བྱ་སྟེ། ཚེ་འདི་ཉིད་ལ་ཐ་མལ་པའི་ཕུང་པོ་སྤངས་ནས། རྡོ་རྗེའི་སྐུ་འཐོབ་པས་རང་གི་ངོ་བོ་ཉིད་ཡོངས་སུ་བརྗེ་བ་ཡིན་པའི་ཕྱིར་རོ། །བདེན་པ་གཉིས་ཀྱི་སྒོ་ནས་བསྔགས་པ་ལ་གསུམ་གྱི། སྟོན་པ་རྡོ་རྗེ་འཆང་གིས་དོན་དམ་པའི་བདེན་པ་ཐུགས་སུ་ཆུད་པར་བསྟན་པ་ནི། ནམ་མཁའ་ནི་དོན་དམ་པའི་བདེན་པ་སྟེ། དེ་ནི་ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་ཀྱི་རྗེས་སུ་སོང་ཞིང་ཁྱབ་ལ། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱང་། ནམ་མཁའི་རང་བཞིན་གྱི་ཆོས་ཀྱི་དབྱིངས་ཀྱི་ཁོངས་སུ་གཏོགས་པ་ཡིན་ཏེ། ཆོས་དེ་རྣམས་དང་ནམ་མཁར་རྟོགས་པའི་ཆོས་ཉིད་དག་ནི་དབྱེར་མི་ཕྱེད་པའི་ཕྱིར་རོ། །དོན་དེ་ཉིད་འཆད་པ་ནི། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་དེ་དག་ཀྱང་། གཟུགས་སོགས་འདོད་པའི་ཡོན་ཏན་ལ་སྲེད་པ། རྒྱལ་ཆེན་རིགས་བཞི་ལ་སོགས་པ་འདོད་པའི་ཁམས་ན་ཡང་མི་གནས་འདོད་པ་ལའང་འདོད་ཆགས་དང་བྲལ་ཏེ། གཟུགས་ཙམ་ལ་ཆགས་པ་གཟུགས་ཀྱི་ཁམས་ན་ཡང་མི་གནས། གཟུགས་ལ་ཡང་འདོད་ཆགས་དང་བྲལ་ཏེ་རྣམ་ཤེས་ཙམ་ལ་གནས་པ་གཟུགས་མེད་པའི་ཁམས་ལའང་མི་གནས། རླུང་གི་དཀྱིལ་འཁོར་ལ་སོགས་པ་རྒྱུ་བ་དང་མི་རྒྱུ་བའི་གཞིར་གྱུར་པའི་འབྱུང་བ་ཆེན་པོ་བཞི་ལ་ཡང་མི་གནས་ཏེ་དེ་ཐམས་ཅད་ཀྱང་འོད་གསལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་ཚུལ་དེ་ལྟར་མཐའ་གང་དུ་ཡང་མི་གནས་པར་རྗེས་སུ་རིག་པར་བྱའོ། །དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཕྱི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་གྱི་དབང་བདག་དང་། གཞན་དང་། གཉིས་ཀ་དང་། རྒྱུ་མེད་པ་ལས་མ་གྲུབ་པ་འདི་ལྟ་བུ་མཁྱེན་ཅིང་། སེམས་ཅན་རྣམས་ཀྱི་བསམ་པའི་ཁྱད་པར་དམན་པ་དང་། འབྲིང་དང་། མཆོག་གི་དབྱེ་བ་ཡང་མཁྱེན་ནས་ཡིད་བཞིན་གྱི་ནོར་བུ་དང་། བུམ་པ་བཟང་པོ་དང་འདྲ་བར། སེམས་ཅན་གྱི་བསམ་པ་དང་རྗེས་སུ་མཐུན་པར་ཆོས་འཆད་པར་མཛད་དོ། །བཤད་མ་ཐག་པའི་ཚུལ་དེ་ལྟར་ནམ་མཁའི་ཚིག་སྟེ། ཆོས་ཐམས་ཅད་ནམ་མཁའ་ལྟར། སྟོང་པ་ཉིད་དུ་ངེས་པར་བརྗོད་པས། དེ་བཞིན་གཤེགས་པ་ལྔའི་དམ་ཚིག་ངེས་དོན་དུ་བཤད་པའི་དོན་འོད་གསལ་དང་ཟུང་འཇུག་རྗེས་སུ་རིག་པར་བྱའོ། །སྟོན་པས་ཟུང་འཇུག་མངོན་སུམ་དུ་བྱས་པས་བསྟན་པ་ནི། དཔེར་ན་རྩུབ་ཤིང་། རྩུབ་སྟན། མིའི་ལག་པ་བསྐྱོད་པ་གསུམ་འདུས་པའི་རྐྱེན་གྱིས་དང་པོར་དུ་བ་འབྱུང་ཞིང་། ཕྱིས་མེ་འབྱུང་མོད། མེ་དང་དུ་བ་དེ་ཡང་རྩུབ་ཤིང་ལ་སོགས་པ་རེ་རེ་ལ་མི་གནས་ཤིང་། དེ་དག་མེད་པར་ཡང་མི་འབྱུང་ངོ་། །དཔེ་དེ་ལྟ་བུར། དེ་བཞིན་གཤེགས་པ་ཐམས་ཅད་ནི་ཐམས་ཅད་སྟོང་པའོ། །རྡོ་རྗེ་ནི་ཆེན་པོ་སྟོང་པའོ། །དམ་ཚིག་ནི་ཤིན་ཏུ་སྟོང་པའོ། །རྗེས་སུ་ནི་སྟོང་པ་གསུམ་པོ་དེ་དག་གི་ཕྱིས་སམ་རྗེས་སུ་རིག་པར་བྱ་བས་ན་སྟོང་པ་སྟེ། དེ་ལྟར་ཟུང་འཇུག་གི་སྐུ་ཡང་སྟོང་པ་བཞི་པོ་རེ་རེ་ལས་མི་འབྱུང་ཞིང་། དེ་དག་མེད་པར་ཡང་མི་འབྱུང་ལ། དེ་དག་ལ་བརྟེན་ནས་འབྱུང་བར་རིག་པར་བྱའོ། །སྟོང་པ་བཞི་པོ་དེ་དག་ལ་བརྟེན་ནས་ཟུང་འཇུག་ཇི་ལྟར་འབྱུང་ཞེ་ན། འགྲོ་བ་དང་འོང་བ་ལ་སོགས་པ་ཞེས་ཏེ། སྒྱུ་ལུས་བསམ་གཏན་གཉིས་ཀྱི་འོད་གསལ་དུ་བཅུག་པ་ན། སྟོང་པ་གསུམ་གྱི་རིམ་གྱིས་དོན་དམ་པའི་བདེན་པར་འགྲོ་ཞིང་། སླར་ཡང་འོད་གསལ་ལས་ལུགས་བཟློག་གི་སྣང་བ་གསུམ་རིམ་གྱིས་འོང་བ་ལས། ཟུང་འཇུག་གི་སྐུར་ཡོངས་སུ་རྫོགས་པར་འགྱུར་ཞིང་། ཡོངས་སུ་རྫོགས་པའི་ཟུང་འཇུག་ཐོབ་པ་ལ་ནི། སོགས་པའི་སྒྲས་བསྡུས་པ་འགྲོ་བ་དང་འོང་བ་མེད་དེ། འཁོར་བ་ཇི་སྲིད་མ་སྟོངས་བར་དུ་སྐུ་དེ་ཉིད་ཀྱིས་གནས་པའི་ཕྱིར་རོ། །དེ་ལྟར་མཆོག་ཏུ་ཟབ་པའི་ཆོས་ཉིད་ཐོས་ཤིང་བཟུང་བས་འཁོར་རྣམས་ཡི་རངས་ཏེ་ཆེད་དུ་བརྗོད་པ་ནི། འོད་གསལ་ལས་ཟུང་འཇུག་ཏུ་ལྡང་བ་བསྟན་པའི་རྗེས་ཐོག་དེ་ནས། བྱང་ཆུབ་སེམས་དཔའ་དེ་དག་སྣང་བ་སྐྱེས་པས་ངོ་མཚར་དུ་གྱུར། ཆོས་ཉིད་རྟོགས་པས་རྨད་དུ་གྱུར། ཐབས་ཀྱིས་ཡེ་ཤེས་སྐྱེས་པས་རྔམ་ཞིང་མིག་གདངས་ཏེ། སོ་སོ་རང་གི་རིག་པའི་ཆོས་ཉིད་ཀྱི་ཚིག་འོག་ནས་འབྱུང་བ་འདི་སྐད་སྨྲས་སོ། །ངོ་མཚར་རོ་ཞེས་སྦྱར། གང་ཞིག་ན། རྨད་བྱུང་ཆེན་པོའི་ཆོས་ནི་དོན་དམ་པའི་བདེན་པའོ། །དེ་ཉིད་ཐམས་ཅད་ལ་ཁྱབ་པས་ན་ནམ་མཁའ་དང་མཚུངས་པའོ། །རྟོག་གེའི་བརྟག་བྱ་མ་ཡིན་པས་ན་རྣམ་པར་མི་རྟོག་པའོ། །ཀུན་རྫོབ་ཀྱི་བདེན་པ་ཡོངས་སུ་དག་པས་ན་དག་པ། །དེ་ཉིད་ལས་དོན་དམ་པའི་མཐོང་བ་ལ་སྒྲིབ་ཅིང་འགེགས་པས་ན་ཀུན་རྫོབ་ཏེ། །དག་པའི་སྒྱུ་ལུས་རྡོ་རྗེ་འཆང་ཆེན་པོའི་སྐུ་འབྱུང་བར་བཤད་པ་གང་ཡིན་པ་དེའོ། །ཞེས་ཏེ། །དོན་དམ་པའི་བདེན་པར་ཞུགས་ཏེ་སྣང་བ་མེད་པར་གྱུར་པ་ལས་སླར་ཡང་ཟུང་འཇུག་སྣང་བཅས་སུ་ལྡང་བ་ངོ་མཚར་རོ་ཞེས་པའོ། །ལེའུའི་མཚན་དོན་ནི། འོད་གསལ་གྱིས་དག་པར་བྱས་པའི་ཟུང་འཇུག་ནི་དོན་དམ་པའི་དེ་ཁོ་ན་ཉིད་དེ་རྡོ་རྗེ་འཆང་ཆེན་པོ་ཡིན་ལ། དེ་ཉིད་འདའ་བར་མི་བྱ་བས་ན་དམ་ཚིག་གོ །དེ་སྟོན་པའི་གཞུང་གི་ཚོགས་ལ་ཡང་དེ་སྐད་ཅེས་བྱ་སྟེ། ལེའུ་དགུ་པའི་རྣམ་བཤད་དོ།། །།


previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་དགུ་པའི་རྣམ་བཤད།next