Nitartha Digital Library
Tibetan
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅུ་པའི་རྣམ་བཤད།
   
   
   
   
   
   
   


 
previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅུ་པའི་རྣམ་བཤད།next

གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅུ་པའི་རྣམ་བཤད།

དེ་ལྟར་རིམ་གཉིས་ལ་གནས་ཤིང་སྤྲོས་པ་དང་བཅས་པ་ལ་སོགས་པའི་སྤྱོད་པ་གསུམ་ཉམས་འོག་ཏུ་ཆུད་པའི་རྣལ་འབྱོར་པས་གང་གི་ཚེ་དངོས་གྲུབ་རྙེད་པར་མ་གྱུར་ན། དེའི་ཚེ་རང་གི་ལྷ་ལ་སྙིང་པོས་བསྐུལ་བར་བྱའོ། །ཞེས་བསྟན་པའི་ཕྱིར། ལེའུ་བཅུ་པ་འཆད་པ་ལ་གཉིས་ཀྱི། བསྡུས་པའི་དོན་ནི། ལེའུ་འདིའི་སྟོད་ནས་གསོལ་གདབ་སྔོན་དུ་འགྲོ་བའི་སྡུད་པ་པོའི་ཚིག་གིས་སྟོན་པའི་ཁྱད་པར་བསྟན་པས་མཚམས་སྦྱར། རྐེད་ནས་སྟོན་པའི་གསུང་གིས་རིམ་པ་གཉིས་ཀྱི་ལྷའི་སྙིང་པོ་བསྐུལ་བ་བསྟན། སྨད་ནས་སྙིང་པོ་བསྐུལ་བའི་འབྲས་བུ་བསྟན་ཏོ། །ཡན་ལག་གི་དོན་ལ་གསུམ་གྱི། འཁོར་གྱིས་གསོལ་བ་བཏབ་པ་ནི། ལེའུ་དགུ་པ་རྫོགས་པའི་རྗེས་དེ་ནས། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལེའུ་དང་པོར་བཤད་པའི་རིམ་པས་ཀྱང་དགོངས་པ་གཅིག་ཏུ་འདུས་ཏེ། འདི་སྐད་ཅེས་གསོལ་ཏོ་ཞེས་སྦྱར་རོ། །གང་ལ་ཞེ་ན། བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་རྡོ་རྗེ་འཆང་ཆེན་པོ་ལའོ། །བཅོམ་ལྡན་འདས་དེ་ཉིད་བདེན་པ་གཉིས་དབྱེར་མེད་པའི་མཚན་ཉིད་ཅན་ཡིན་པས་ན། དེ་ཁོ་ན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའོ། །གདུལ་བྱའི་བསམ་པའི་བྱེ་བྲག་ཇི་ལྟ་བ་བཞིན་དུ་མཁྱེན་པས་དེ་བཞིན་གཤེགས་པའོ། །ཅི་ཞིག་བྱས་ནས་ཞེ་ན། ཕྱག་འཚལ་ཏོའོ། །བཅོམ་ལྡན་འདས་ཞེས་བོས་ནས་བཤད་དུ་གསོལ་ཞེས་སྦྱར་རོ། །གང་ཞིག་ན། སྦྲུལ་ལ་སོགས་སྔགས་རྣམས་ཀྱི་སྙིང་པོ་ཀུན་ཏུ་བསྡུས་ཤིང་གསལ་བར་བྱས་པ། ༀ་ལ་སོགས་པའི་ཡི་གེ་འབྲུ་གསུམ་མོ། །དེ་ཉིད་ཀྱི་ཁྱད་པར་ནི་སྐུ་གསུང་ཐུགས་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱིས་གསང་བར་བསྒྲགས་པ། ཞི་བ་ལ་སོགས་པའི་དངོས་གྲུབ་ཆེན་པོ་ཐོབ་པར་བྱེད་པའི་ཚུལ་ཏེ། ཐབས་མཆོག་ཏུ་གྱུར་པ་མི་སླུ་བས་ན་ཡང་དག་པའོ། །སྡུད་པ་པོའི་ཚིག་གིས་སྟོན་པའི་ཁྱད་པར་བསྟན་པས་མཚམས་སྦྱར་བ་ནི། གསོལ་བ་བཏབ་པའི་རྗེས་དེ་ནས་བཀའ་བསྩལ་ཏོ་ཞེས་སྦྱར། སུ་ཞིག་གིས་ན། ཤེས་རབ་དང་ཉེར་ཐོབ་ལ་ལྟོས་ནས་མཛེས་པས་ན་རྒྱལ་པོ། ཐབས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པས་ན་རྡོ་རྗེ་འཛིན་པ་སྟེ། རྡོ་རྗེ་འཆང་ཆེན་པོས་སོ། །དེའི་ཁྱད་པར་ནི། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཆེས་ཤིན་ཏུ་མང་པོ། རྒྱ་མཚོ་དང་མཉམ་པ་རྣམས་ཀྱི་སྡུག་བསྔལ་དང་ཡིད་མི་བདེ་ལ་སོགས་པའི་རང་བཞིན་ཟིལ་གྱིས་མནན་ནས། མཆོག་ཏུ་དགའ་བའི་ངོ་བོ་ཉིད་ཀྱིས་རོལ་བས་ན་གཙོ་བོ། སྡུག་བསྔལ་ཐམས་ཅད་བསྲེག་པས་ན་འབར་བ་དྲག་པོའོ། །ཐ་མལ་པ་བས་རབ་ཏུ་རྒྱས་པའི་སྤྱན་བགྲད་པས་ན་སྤྱན་ཡངས་པས་སོ། །གང་ཞིག་ན་འོག་ནས་འབྱུང་བའི་གསུང་འདི་སྐད་དོ། །སྟོན་པའི་གསུང་གི་སྙིང་པོ་བསྐུལ་བའི་ཆོ་ག་བསྟན་པ་ལ་གཉིས་ཏེ། བསྐྱེད་རིམ་པའི་སྙིང་པོ་བསྐུལ་བ་དང་། རྫོགས་རིམ་པའི་སྙིང་པོ་བསྐུལ་བ་བསྟན་པའོ། །དང་པོ་ལ་དྲུག་སྟེ། ཏིང་ངེ་འཛིན་གྱི་རྒྱལ་པོ་མི་དམིགས་པ་བསྒོམ་པ་དང་། སྙིང་པོ་བསྐུལ་བའི་གཞི་འགོད་པ་དང་། སྙིང་པོ་བསྐུལ་བའི་ཆོ་ག་དངོས་དང་། སྙིང་པོ་བསྐུལ་བའི་དུས་ཀྱི་ཚད་དང་། སྙིང་པོ་བསྐུལ་བ་དང་མ་བསྐུལ་བའི་ཕན་ཡོན་དང་ཉེས་དམིགས་བསྟན་པའོ། །ཏིང་ངེ་འཛིན་གྱི་རྒྱལ་པོ་མི་དམིགས་པ་བསྒོམ་པ་ནི། ལུས་དང་ངག་དང་ཡིད་རྣམས་སྐུ་གསུང་ཐུགས་རྡོ་རྗེའི་ཚུལ་གྱིས་དབྱེར་མི་ཕྱེད་པར་བསྒོམ་མོ། །ཇི་ལྟར་ཞེ་ན། འདི་ནི་ལུས་སོ། །འདི་ནི་ངག་གོ །འདི་ནི་ཡིད་དོ་ཞེས་དེ་ཁོ་ན་ཉིད་དབྱེར་མེད་པས་རྣམ་པར་མི་རྟོག་པའོ། །གཅིག་ལ་གཅིག་བརྟེན་པ་མེད་པས་མི་དམིགས་པའོ། །གསུམ་པོ་སྟོང་པ་ཉིད་དུ་རོ་གཅིག་པས་གང་ནའང་མི་གནས་ཤིང་མཉམ་པ་ཉིད་ཀྱི་ཚུལ་དུའོ། །སྙིང་པོ་བསྐུལ་བའི་གཞི་འགོད་པ་ནི། དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསོལ་བ་འདེབས་པར་བྱེད་པའི་དེ་བཞིན་གཤེགས་པ་དེ་ལ་འོག་ནས་འབྱུང་བ་འདི་སྐད་ཅེས་བཀའ་བསྩལ་ཏོ། །ཏིང་ངེ་འཛིན་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་རང་བཞིན་གྱིས་དག་པ་ཕ་རོལ་ཏུ་ཕྱིན་པ་ནི་སྤྱན་ལ་སོགས་པའོ། །སྔགས་ནི་རྣམ་སྣང་ལ་སོགས་པའོ། །དེ་དག་གི་ཚུལ་ནི། ཕན་ཚུན་རྗེས་སུ་ཆགས་པ་སྟེ། དེ་ཉིད་མི་འཇིགས་པས་ན་རྡོ་རྗེའོ། །དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བོས་ནས། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་མཱ་མ་ཀི་ལ་སོགས་པ་ལྷན་ཅིག་སྤྱོད་པ་དང ། རྗེས་སུ་སྤྱོད་པའི་དབྱེ་བས་རིག་པ་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དུ་མ་དང་ཐབས་གཅིག་ཏུ་ཡུལ་ལ་ཉེ་བར་སྤྱད་པས། ཐར་པ་འདོད་པའི་སེམས་ཅན་རྣམས་ཀྱི་དོན་བྱ་བ་ལ། དེ་དག་གི་བསམ་པ་དང་མཐུན་པར། འདོད་ཡོན་ལ་རོལ་པ་སྟོན་པར་མཛད་དོ། །ཚུལ་ཇི་ལྟར་ཞེ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཀླས་པར། རྟག་ཏུ་ཚིམ་པར་བྱེད་པའི་གཟུགས་སོགས་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་རོལ་ཅིང་། སྣ་ཚོགས་པའི་དགའ་བས་ལྷ་མོ་རྣམས་དང་ལྷན་ཅིག་དགེས་ལ་རིག་པའི་ཚོགས་ཀྱིས་མཆོད་ཅིང་། སླར་ཡང་དེ་དག་ལ་མཆོད་པ་མཛད་པའི་སྒོ་ནས་ཡོངས་སུ་སྤྱོད་པ་ཡོད་ཀྱང་། དེ་ལྟ་བུའི་དེ་བཞིན་གཤེགས་པ་དེ་དག སྔགས་སྨྲ་བ་རྣམ་པ་བཞིའི་སྒོ་ནས་ཞི་བ་ལ་སོགས་པའི་ལས་བསྒྲུབ་པ་ལ་འཇུག་པའི་སྔགས་སྤྱོད་པ་ལ་མངོན་པར་བརྩོན་པ་རྣམས་ལ། སྤྱན་རས་ཀྱིས་མི་མཚོའོ། །ཅིའི་ཕྱིར་སྤྱན་རས་ཀྱིས་མི་འཚོའོ་ཞེ་ན། ཀྱེ་མ་ཞེས་སོགས་ཏེ། སྔགས་སྤྱོད་པའི་ཚུལ་ནི། རྣམ་པ་བདུན་སྟེ། གང་ཞེ་ན། དཀྱིལ་འཁོར་བསྒོམ་བྱ་དང་བྲི་བྱའི་དཀྱིལ་འཁོར་གཉིས་སོ། །ཚོགས་དང་ཚོགས་འཁོར་གྱི་ཆོ་གའོ། །ཐབས་དང་ནི། ལས་སོ་སོ་དང་ལས་ཐམས་ཅད་པའི་སྦྱིན་སྲེག་གི་ཐབ་བོ། །གཏོར་མ་ལྷའི་དང་འབྱུང་པོ་ཐམས་ཅད་པའིའོ། །འདུས་དང་རྣལ་འབྱོར་པ་དང་རྣལ་འབྱོར་མའི་ཚོགས་རྣམས་བྱ་བའི་དབང་གིས་གཅིག་ཏུ་འདུས་པའོ། །གོ་རིམ་དང་། དེར་འདུས་པ་རྣམས་ཀྱིས་ཇི་ལྟར་བསྟན་པའི་ཐ་སྙད་ཀྱིས་རབ་ཏུ་འཇུག་པའི་གོ་རིམ་མོ། ཁང་མིག་རིམ་ལྔ་ལ་འདོད་དོ། །དེ་ཉིད་སྔར་གྱི་དཀྱིལ་འཁོར་ནས་གོ་རིམ་གྱི་བར་གྱི་རང་རང་གི་དེ་ཁོ་ན་ཉིད་དོ། །རྣམ་པ་བདུན་དུ་གྲགས། །དེ་ནི་གསང་སྔགས་ཚུལ་ཞེས་བཤད། །ཅེས་པའོ། །རྫོགས་པའི་རིམ་པ་ལ་གནས་ནས། སྔགས་ཀྱི་ཚུལ་དེ་དག་སྒྱུ་མ་ལྟ་བུར་གཉིས་སུ་མེད་པར་རྟོགས་པ་ནི་ཆོས་སོ། །རྫོགས་པར་གྱུར་པ་ནི་དེ་ལས་ཕྱིར་བྱུང་བས་ཏེ། མི་དམིགས་པའི་མོས་པས་མ་ཟིན་པས་བདག་དང་། སྔགས་དང་། ལྷ་རྣམས་ཐ་དད་དུ་འཛིན་ཅིང་། དངོས་པོར་ཞེན་པས་དངོས་གྲུབ་འགྲུབ་པར་མི་འགྱུར་རོ་སྙམ་ནས་སོ། །སྙིང་པོ་བསྐུལ་བའི་ཆོ་ག་དངོས་ལ་གསུམ་སྟེ། སྔགས་ཀྱི་རྒྱལ་པོ་འབྲུ་གསུམ་བཟླས་པ་ཕན་ཡོན་དང་བཅས་པ་དང་། ལྷའི་རྣལ་འབྱོར་དང་། ཐུགས་བསྐུལ་བའི་ཕྱིར་ཟློས་པ་སོ་སོའི་བྱེ་བྲག་དང་བཅས་པའོ། །དེ་ལྟར་སྔགས་ལ་མཆོག་ཏུ་གཞོལ་བ་རྣམས་ལ། དེ་བཞིན་གཤེགས་པ་རྣམས་རྒྱབ་ཀྱིས་ཕྱོགས་པར་གཟིགས་ནས། དངོས་གྲུབ་འདོད་པ་དེ་རྣམས་ལ་དེ་བཞིན་གཤེགས་པ་རྣམས་སྤྱན་རས་ཀྱིས་འཚོ་བའི་ཐབས་འབྲུ་གསུམ་ཕན་ཡོན་དང་བཅས་པ་བསྟན་པ་ནི། གང་གི་ཕྱིར་འདོད་པའི་ཡོན་ཏན་ལ་རོལ་པས་མཆོག་ཏུ་དགའ་བ་མྱོང་བར་མཛད་པའི་དེ་བཞིན་གཤེགས་པ་རྣམས་སྒྲུབ་པ་པོ་ལ་མི་གཟིགས་པ་དེ་བས་ན། སྔགས་སྤྱོད་པའི་སྐྱེས་བུ་དམ་པ་དེ་རྣམས་ལ་དེ་བཞིན་གཤེགས་པ་རྣམས་སྤྱན་རས་ཀྱིས་བཙའ་བར་བྱ་བའི་ཕྱིར། འོག་ནས་འབྱུང་བ་འདི་གསུངས་སོ། །དེ་གང་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་སྔགས་ཀྱི་གསང་བ་སྦྲུལ་ལ་སོགས་པའི་སྔགས་རྣམས་ཀྱི་ལྷ་ཐམས་ཅད་ཀྱི་སྙིང་པོ་སྟེ། སྲོག་བསྐུལ་བར་བྱེད་ཅིང་བསད་པར་བྱེད་པ། སྣོད་མ་ཡིན་པ་རྣམས་ལ་རབ་ཏུ་གསང་བ། གཏི་མུག་གི་རིགས་ཅན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་དམིགས་པ་ཡི་གེ་ༀ་དང་། ཞེ་སྡང་གི་རིགས་ཅན་གྱི་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་དམིགས་པ་ཡི་གེ་ཧཱུྃ་དང་། འདོད་ཆགས་ཀྱི་རིགས་ཅན་ཆོས་འཛིན་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་དམགིས་པ་ཡི་གེ་ཨཱཿའོག་ནས་འབྱུང་བ་འདི་དག་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་སྐུ་རྡོ་རྗེ་ལས་ༀ་དང་། གསུང་རྡོ་རྗེ་ལས་ཨཱཿདང་ཐུགས་རྡོ་རྗེ་ལས་ཧཱུྃ་རྣམས་ཕྱུང་ངོ་། །གང་གིས་ཞེ་ན། ཚིག་གི་ལམ་ཞལ་ནས་ངེས་པར་བརྗོད་པས་སོ། །ཇི་ལྟར་བུར་ཞེ་ན། སྐྱེས་པ་དང་། བུད་མེད་དང་། མ་ནིང་གི་ངོ་བོ་ཉིད་ཀྱི་ཡི་གེ་རྣམས་གང་དུ་བསགས་ཤིང་བསྡུས་པར་གྱུར་པའི་སྔགས་བསྡུས་པ། ཡི་གེ་གསུམ་པོ་འདི་ལྟ་བུ་གསུངས་སོ། །སྔགས་བསྡུས་པ་གསུངས་པའི་འོག་དེ་ནས། ཡི་གེ་གསུམ་པོ་འདི་དག་གསུངས་པ་ཙམ་གྱིས། མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ཐམས་ཅད་དང་། སྲས་ཏེ་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཀུན་རྡོ་རྗེ་འཆང་ཆེན་པོས། རྗེས་སུ་གཟུང་བར་འོས་པའི་སེམས་ཅན་རྣམས་གཟིགས་པས། རབ་ཏུ་དགའ་བ་རྒྱ་ཆེན་པོ་ཐོབ་སྟེ། འདར་ཞིང་བརྒྱལ་བར་གྱུར་ནས། རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་པ་སྟེ། སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པའི་ངོ་བོ་ཉིད་དྲན་པའོ། །ལྷའི་རྣལ་འབྱོར་ལ་གཉིས་ཀྱི། སྤྱིའི་དོན་ནི་རྫོགས་རིམ་པ་ལ་དངོས་གྲུབ་མི་འགྲུབ་མི་སྲིད་པས་སྙིང་པོ་བསྐུལ་མི་དགོས་ལ། བསྐྱེད་རིམ་པ་ལ་ཡང་ནང་ལ་མཆོག་ཏུ་གཞོལ་བ་དང་། སྔགས་ལ་མཆོག་ཏུ་གཞོལ་བ་གཉིས་ཀྱིས་ངལ་བ་མི་དགོས། སྔགས་ལ་མཆོག་ཏུ་གཞོལ་བ་ཡང་། འབྲུ་གསུམ་ངག་ཏུ་ཟློས་པའི་སྒོ་ནས། རྡོ་རྗེའི་བཟླས་པ་བྱེད་པ་ལ་མི་འགྲུབ་མི་སྲིད་པས་སྙིང་པོ་བསྐུལ་མི་དགོས་སོ། །ཕྲེང་སྔགས་དང་། མཚན་སྔགས་ཟློས་པ་པོའི་རྣལ་འབྱོར་པ་ལ་དངོས་གྲུབ་མི་འགྲུབ་པ་སྲིད་པས་སྙིང་པོ་བསྐུལ་དགོས་སོ། །དེ་ལ་རྣལ་འབྱོར་པ་ཐུན་མོང་གི་བསྙེན་པ་མཐར་ཕྱིན་ཞིང་། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་བྱང་བར་བྱས་པ་ཞིག ཕྲེང་སྔགས་དང་། མཚན་སྔགས་ཀྱི་སྒོ་ནས། ཞི་སོགས་ཀྱི་ལས་གང་ཡང་རུང་བ་བསྒྲུབས་པས་མ་གྲུབ་ན་ཆོ་ག་དེ་ཉིད་ཀྱིས་ལན་བདུན་གྱི་བར་དུ་སྤོབས་པར་བྱའོ། །ཞེས་པ་གཞུང་ནས་མ་བཤད་ཀྱང་བླ་མ་རྣམས་ཀྱི་མན་ངག་གོ །དེས་ཀྱང་མ་འགྲུབ་ན། ཕྱག་རྒྱའི་རྒྱལ་པོ་རྡོ་རྗེ་འཆང་བསྐྱེད་པ་དང་། ཏིང་ངེ་འཛིན་གྱི་རྒྱལ་པོ་མོས་པ་ལས་བྱུང་བའི་མི་དམིགས་པ་བསྒོམ་པ་དང་། སྔགས་ཀྱི་རྒྱལ་པོ་འབྲུ་གསུམ་བཟླས་པའི་སྒོ་ནས་རང་གི་ལྷ་ལ་སྙིང་པོ་བསྐུལ་བར་བྱའོ། །

དེ་ལ་ཕྱག་རྒྱའི་རྒྱལ་པོ་རྡོ་རྗེ་འཆང་ཆེན་པོ་རྣལ་འབྱོར་བཞིས་བསྐྱེད་ལ། ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀྱི་ནུས་པ་ཐམས་ཅད་བསྡུས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད་དུ་བསྐྱེད་ལ། སྨེ་ཤ་ཅན་གྱི་བུ་མོ་རེག་རྡོ་རྗེར་བསྐྱེད་དེ། སྙོམས་པར་ཞུགས་པ་ལས། ཆོས་འབྱུང་དུ་ཆོ་ག་གསུམ་གྱིས་ལྷ་ཐམས་ཅད་བསྐྱེད་ནས། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རང་གི་ངོ་བོ་ཉིད་དུ་སྤྲོས་ཏེ། རང་རང་གི་གནས་སུ་བཀོད་ལ། ཐམས་ཅད་ཀྱང་སེམས་དཔའ་སུམ་བརྩེག་ཏུ་བྱས་ཏེ། ཏིང་ངེ་འཛིན་གྱི་རྒྱལ་པོ་ལ་སོགས་པ་ལས་བྱུང་བའི་མི་དམིགས་པ་སྒྱུ་མ་ལྟ་བུར་བསྒོམ་ལ། ལྷ་རྣམས་ཀྱི་ཏིང་ངེ་འཛིན་སེམས་དཔའ་འོད་ཟེར་གྱིས་རྣམ་སྣང་ལ་སོགས་པ་རིག་པ་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དུ་མ་དང་བཅས་པའི་ཐུགས་བསྐུལ་བས། སྒྲུབ་པ་པོ་ལ་ཐུགས་དགོངས་པར་བསྐྱེད་པའི་འོག་ཏུ། དཀྱིལ་འཁོར་གྱི་གནོད་མཛེས་ལ་སུཾ་བྷ་ནི་ལ་སོགས་པའི་སྔགས་ཀྱིས་བཀའ་བསྒོས་པས། གནོད་མཛེས་ཀྱིས། འདི་ཞེས་བྱ་བའི་སྒྲུབ་པ་པོ་ཁྱེད་ལ་རྟག་ཏུ་གུས་པས་ན། ཞེས་བྱ་བ་ལ་སོགས་པས་ཐུགས་བསྐུལ་བས། སྒྲུབ་པ་པོ་ལ་ཤིན་ཏུ་ཐུགས་དགོངས་པར་བསམ་ལ། སྔགས་ཀྱི་རྒྱལ་པོ་ༀ་ཨཱཿཧཱུྃ་ཞེས་པ་ཞག་བདུན་བཟླས་ནས། ཞི་སོགས་ཀྱི་ལས་བསྒྲུབ་ན། ངེས་པར་འགྲུབ་པར་འགྱུར་རོ། །ཡན་ལག་གི་དོན་ལ་གསུམ་སྟེ། ཕྱག་རྒྱའི་རྒྱལ་པོ་རྡོ་རྗེ་འཆང་བསྐྱེད་པ་དང་། དེའི་དཀྱིལ་འཁོར་བསྐྱེད་པ་དང་། ཁྱད་པར་གྱི་ཆོ་ག་སེམས་དཔའ་སུམ་བརྩེག་ཏུ་བྱ་བའོ། །དང་པོ་ནི། དེ་བཞིན་ཉིད་ཀྱི་ངོ་བོར་འཇོག་ཅིང་བརླན་པར་བྱ་བས་ན་ནམ་མཁའི་དབྱིངས་ཏེ། རྣལ་འབྱོར་བཞིས་རྡོ་རྗེ་འཆང་དུ་བསྐྱེད་པའི་དམ་ཚིག་སེམས་དཔའོ། །དེའི་དབུས་ཏེ་སྙིང་ཁར་གནས་པའི་བཀོད་པའི་དཀྱིལ་འཁོར་ཏེ། རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་བསྒོམ་པར་བྱའོ། །ཡེ་ཤེས་སེམས་དཔའ་དེའི་དབུས་ན་གནས་པའི་ཏིང་ངེ་འཛིན་སེམས་དཔའ་ཡི་གེ་ཧཱུྃ་བསྒོམ་མོ། །གསུམ་པོ་དེ་དག་རང་གི་གཟུགས་ཏེ། རང་གི་ངོ་བོ་ཉིད་དུ་རབ་ཏུ་བརྟག་ཅིང་བསྐྱེད་དོ། །ཏིང་ངེ་འཛིན་སེམས་དཔའ་ལས་རྡོ་རྗེ་སྟེ། དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི་དཀར་པོ་ལ་སོགས་པའི་འོད་ཟེར་ཆེར་འབར་བ་ཕྱོགས་བཅུར་རྣམ་པར་འཕྲོ་བ་བསམ་པར་བྱའོ། །དེ་ནས་ཕྱོགས་བཅུ་ན་བཞུགས་པའི་རྣམ་པར་སྣང་མཛད་ལ་སོགས་པ་རྫོགས་པ་དང་། མ་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ནུས་པ་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱི་ལྕགས་ཀྱུས་དྲངས་ཏེ་རང་གི་ཏིང་ངེ་འཛིན་སེམས་དཔའ་ལ་བཅུག་པར་སྒྲུབ་པ་པོ་དེ་ཡིས་རྣམ་པར་བསྒོམ་མོ། །དེ་ལྟར་བསྒོམ་མ་ཐག་ཏུ་སྒྲུབ་པ་པོ་དེ་ནི་ཐམས་ཅད་ཟིལ་གྱིས་མནན་ནས། རྡོ་རྗེ་འཆང་ཆེན་པོའི་ངོ་བོར་འགྱུར་རོ། །ཇི་ལྟར་བུའི་རྡོ་རྗེ་འཆང་ཆེན་པོར་འགྱུར་ཅེ་ན། སྐུ་གསུང་ཐུགས་དབྱེར་མི་ཕྱེད་པས་ན་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅ་དགེས་པར་མཛད་པས་ན་རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེའོ། །རྒྱུ་བ་དང་མི་རྒྱུ་བ་ཀུན་གྱི་གཙོ་བོ་ཚངས་པ་ལ་སོགས་པ་རྣམས་ཀྱང་། ཚར་གཅད་པ་དང་རྗེས་སུ་འཛིན་པར་མཛད་པས་ན་ཀུན་གྱི་གཙོ་བོ་དབང་ཕྱུག་མཆོག་སྟེ། རྣམ་པ་དེ་ལྟ་བུའི་རྡོ་རྗེ་འཆང་ཆེན་པོ་བསྒོམ་ཞེས་པའོ། །དེ་ལྟར་ན་རང་གི་ལུས་ཀྱི་དཀྱིལ་འཁོར་རྡོ་རྗེ་འཆང་ཆེན་པོའི་ངོ་བོར། རང་རྡོ་རྗེ་སྟེ་རང་གི་སེམས་ཀྱིས་བསྐྱེད་པའི་ཚུལ་གྱི་ནི་འདི་ཡིན་ནོ། །བཤད་མ་ཐག་པའི་ཆོ་ག་འདི་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་སྟེ་ཐུགས་ཀྱི་ནུས་པ། སྙིང་པོ་སྟེ་བརྟན་པར་གྱུར་པ། བསྡུས་པས་ཏེ་དྲངས་ཤིང་བཀུག་པ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོར་བདག་ཉིད་བསྐྱེད་ནས། འཁོར་གྱི་དཀྱིལ་འཁོར་པ་རྣམས་ཇི་ལྟར་བསྐྱེད་པ་བསྟན་པ་ནི། བསྒོམ་ཞེས་སྦྱར་རོ། །གང་ཞིག་ན། སྔགས་ཀྱི་སྐྱེས་བུ་སྟེ། རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་བཞི་རྣམས་སོ། །གནས་གང་དུ་ན། གཙོ་བོ་རང་གི་ཤར་ལ་སོགས་པའི་གནས་བཞི་རྣམས་སུའོ། །ཚུལ་ཇི་ལྟར་ན། ཇི་སྐད་གསུངས་པའི་སྐུ་མདོག་དང་ཕྱག་མཚན་གྱི་གཟུགས་ཀྱི་ཚུལ་དུའོ། །ཞལ་གྱིས་ཁྱད་པར་ནི། འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་བར་མའི་དབྱེ་བས། དཀར་ནག་དམར་བ་ལ་སོགས་པ་ཞལ་གསུམ་ལྟ་བུའི་སྦྱོར་བ་ཡིས་སོ། །རྒྱུ་གང་ལས་ན། ཁ་དོག་གསུམ་གྱིས་ཏེ་ཡི་གེ་གསུམ་གྱི་རྒྱུ་ལས་སོ། །རྡོ་རྗེ་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོའོ། །ལྷ་སུམ་ཅུ་རྩ་གཅིག་ཐམས་ཅད་སེམས་དཔའ་སུམ་བརྩེག་ཏུ་བྱ་བ་ནི། དེ་བཞིན་གཤེགས་པའི་ཐུགས་ཡང་དག་པར་བསྐུལ་བ་དེ་ལ། འོག་ནས་བཤད་པ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དམ་པ་ཡིན་པས་ན་རྡོ་རྗེ་མཆོག་གི་གསང་བའོ། །བསམ་པར་བྱའོ་ཞེས་སྦྱར་རོ། །གང་ན། ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ན་ཕྲ་མོ་སྟེ། རང་དང་འདྲ་བའི་ཡེ་ཤེས་སེམས་དཔའོ། །གང་དུ་ན། དཀྱིལ་འཁོར་རྣམས་རེ་རེའི་སྙིང་ཁའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུའོ། །ཡེ་ཤེས་སེམས་དཔའ་དེའི་སྙིང་ཁའི་དབུས་སུ་ཟླ་བའི་སྟེང་དུ་བསམ་པར་བྱའོ་ཞེས་སྦྱར། གང་ན། ཡི་གེ་སྟེ་མི་འགྱུར་བའི་རང་བཞིན་མི་ཤིགས་པ་ལས་བྱུང་བའི་མཆོག་ཏུ་གྱུར་པའི་ཚིག་ཏིང་ངེ་འཛིན་སེམས་དཔའ་ཡི་གེ་ཧཱུྃ་ངོ་། །སྒྲུབ་པ་པོ་ངེས་པར་ལེགས་པ་ལ་སྦྱོར་བར་བྱེད་པས་ན་སྦྱོར་བ་སྟེ། ཏིང་ངེ་འཛིན་སེམས་དཔའ་དེ་ལས་རྡོ་རྗེ་ཆེན་པོ་རྩེ་ལྔ་པ་ཁ་ཅུང་ཟད་གྱེས་པ་བསྒོམ་པར་བྱའོ། །ཐུགས་བསྐུལ་བའི་ཕྱིར་ཟློས་པ་པོ་སོ་སོའི་བྱེ་བྲག་དང་བཅས་པ་བསྟན་པ་ནི། ཇི་ལྟར་གླང་པོ་ཆེ་ལྕགས་ཀྱུས་དབང་དུ་བྱེད་ཅིང་འགུགས་པ་ལྟར། འདིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ནུས་པ་འགུགས་ཤིང་དབང་དུ་བྱེད་པས་ན་རྡོ་རྗེ་ཀྱོ་བ་སྟེ་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་ཡིན་ལ། དེའི་སྦྱོར་བ་ཡིས་རྡོ་རྗེ་གསུམ་རྣམས་བསྒོམ་པར་བྱའོ། །ཚུལ་ཇི་ལྟར་བསྒོམ་ཞེ་ན། སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་ལྷ་རྣམས་གཅིག་ཏུ་གྱུར་པའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་ལྕགས་ཀྱུ་དེས། བསྒྲུབ་བྱའི་ལྷ་རྣམས་ཀྱི་སྙིང་ཁར་གདབ་པར་བྱ་སྟེ། དེ་ལྟར་བཏབ་པས། བསྒྲུབ་བྱའི་ལྷ་རྣམས་ཀྱི་སེམས་དཔའ་གསུམ་རབ་ཏུ་བསྐུལ་བར་བྱ་ཞིང་། སྒྲུབ་པ་པོ་ལ་དགོངས་པར་བསྐྱེད་པར་བྱའོ། །དེ་ལྟར་སྒྲུབ་པ་པོ་ལ་དགོངས་པ་བསྐྱེད་པའི་འོག་ཏུ། གནོད་མཛེས་མདུན་དུ་བཀག་སྟེ། བཀའ་ནོད་པར་བསམས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དངོས་གྲུབ་སྦྱིན་པར་བསྐུལ་ཅིག་ཅེས་བཀའ་བསྒོའོ། །བཤད་མ་ཐག་པའི་ཆོ་ག་འདི་ནི་རྡོ་རྗེ་སྟེ་སྒྲུབ་པ་པོ་ཐམས་ཅད་ཀྱི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་རབ་ཏུ་བསྒྲུབ་ཅིང་འགུགས་པར་བྱེད་པའོ། །བཤད་མ་ཐག་པའི་སེམས་དཔའ་གསུམ་གྱི་བདག་ཉིད་ཀྱིས་རྡོ་རྗེ་ཀྱོ་བ་རྣམ་པ་བསྒོམ་ཞིང་། བསྒྲུབ་བྱའི་ལྷའི་སྙིང་ཁ་རུ་བཏབ་སྟེ་བསྐུལ་བ་འདི་ནི། རྡོ་རྗེ་པད་མའི་རིགས་དང་། སོགས་པས་དེ་བཞིན་གཤེགས་པ་དང་། རིན་པོ་ཆེ་དང་། ལས་ཀྱི་རིགས་ཀྱི་སྒྲུབ་པ་པོ་རྣམས་ཀྱིས་ཀྱང་ཡོངས་སུ་བླང་བར་བྱའོ། །ཇི་ལྟར་རོལ་མོ་མཁན་ཅིག་ཉིད་ཆ་ལུགས་བསྒྱུར་བས། རྒྱལ་པོ་དང་བློན་པོ་ལ་སོགས་པ་གཞན་དང་གཞན་དུ་རྟོག་པར་བྱེད་པ་དེ་བཞིན་དུ། འདིར་ཡང་ཐུགས་རྡོ་རྗེ་གཅིག་པུ་ཉིད་བསྒྲུབ་པར་བྱ་བ་དང་། སྒྲུབ་པ་པོ་དང་། བསྒྲུབ་པའི་ཚུལ་གྱིས་ཡོངས་སུ་རྟོགས་པས་ན། བཤད་མ་ཐག་པའི་ཐུགས་བསྐུལ་བ་འདི་ནི་རོལ་མོ་ལྟ་བུར་འབྱུང་བས་ན། རོལ་མོ་འབྱུང་བ་ཞེས་བྱའོ། །སྙིང་པོ་བསྐུལ་བའི་དུས་སམ་ཚད་བསྟན་པ་ནི། དེ་བཞིན་གཤེགས་པ་རྣམས་ཆོ་ག་གང་གིས་ཁྲིད་ཅིང་དྲངས་པ་དེ་ནི་རྡོ་རྗེའི་ཚུལ་མཆོག་སྟེ། བཤད་མ་ཐག་པའི་སྙིང་པོ་བསྐུལ་བའི་ཆོ་ག་འདི་ཡིན་ལ། དེ་ལྟ་བུའི་ཆོ་ག་འདི་བརྩམས་པའི་ཉི་མ་ནས་བཟུང་སྟེ་ཞག་བདུན་གྱི་བར་དུ་བྱའོ། །སྙིང་པོ་བསྐུལ་བའི་ཕན་ཡོན་བསྟན་པ་ནི། ཡེ་ཤེས་རྡོ་རྗེ་ཅན་སྟེ་སྒྲུབ་པ་པོ་རྣམས་ཀྱི་བླ་མའི་མན་ངག་ལས་རྙེད་པས་ན་གསང་བ། བཤད་མ་ཐག་པའི་སྙིང་པོ་བསྐུལ་བའི་ཆོ་ག་འདི། ཞག་བདུན་གྱི་བར་དུ་བྱས་ན། བསྒྲུབ་བྱའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་སྒྲུབ་པ་པོ་ལ་འགྲུབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་དམ་ཚིག་ལས་མི་འདའ་བས་ཡིད་འཇིགས་ཤིང་། ཐུགས་རྡོ་རྗེའི་དབང་དུ་གྱུར་པས་སྐྲག་པར་གྱུར་ནས། བགེགས་མེད་པའི་ཐུགས་ཀྱིས་སྒྲུབ་པ་པོ་ལ་མཆོག་སྩོལ་བས། རྣམ་པར་གཟིགས་ཤིང་རྗེས་སུ་འཛིན་པར་མཛད་དོ། །རྗེས་སུ་བཟུང་ནས་ཅི་ཞིག་མཛད་ཅེ་ན། ཡིད་ལ་མངོན་པར་མགུ་ཞིང་དགའ་བར་གྱུར་པའི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྒྱ་ཆེན་པོ་སྟེར་བར་འགྱུར་རོ། །སུ་ཞིག་གིས་སྟེར་བར་འགྱུར་ཞེ་ན། མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་དང་། བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སྔགས་ཀྱི་སྤྱོད་པའི་ཆོ་ག་ལ་སློབ་པའི་གྲུབ་པའི་སྐྱེས་བུ་རྣམས་ཀྱིས་སོ། །སྙིང་པོ་བསྐུལ་བ་དང་བྲལ་བའི་ཉེས་དམིགས་བསྟན་པ་ནི། དེ་ལྟར་ནན་ཏན་མི་བྱེད་པའི་སྒྲུབ་པ་པོ་ཅིར་འགྱུར་ཞེ་ན། བསྒྲུབ་བྱ་དང་། སྒྲུབ་པ་པོ་དང་། སྒྲུབ་པ་རྣམས་དབྱེར་མེད་པའི་ཚུལ་ལ་རྨོངས་པས། འདི་དག་ནི་དེ་བཞིན་གཤེགས་པའོ། །

བདག་ནི་ཐ་མལ་པའོ་ཞེས་རྟོག་པའི་སྒྲུབ་པ་པོ་རྣམས་ཀྱི་སྲོག་ནི། ལས་གང་གིས་སྔར་ཟླས་པ་སོགས་དངོས་གྲུབ་འདོད་པའི་ལས་དེས་ཟད་པར་བྱེད་པར་འགྱུར་གྱི། དངོས་གྲུབ་ཐོབ་པར་མི་འགྱུར་ཏེ། སྙིང་པོ་ཡང་དག་པར་བསྐུལ་བ་དང་དབང་བྲལ་བའི་ཕྱིར་རོ། །དེ་ལྟར་ཐུན་མོང་གི་སྒྲུབ་པ་ལ་ཞུགས་པ་རྣམས་ཀྱིས་སྙིང་པོ་བསྐུལ་བའི་ཆོ་ག་བསྟན་ནས་དངོས་གྲུབ་མཆོག་ལ་གནས་པ་རྫོགས་རིམ་པ་རྣམས་ཀྱི་སྙིང་པོ་བསྐུལ་བའི་ཆོ་ག་ལ་གསུམ་སྟེ། སྙིང་པོ་བསྐུལ་བའི་ཆོ་ག་ཐབས་འབྲས་བུ་དང་བཅས་པ་དང་། སྙིང་པོ་བསྐུལ་བས་གྲུབ་པ་དང་མཐུན་པའི་སྤྱོད་པ་དང་། གསང་བའི་མཆོད་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཀྱི། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་ནི། བསྐྱེད་རིམ་པའི་སྙིང་པོ་བསྐུལ་བ་བཤད་པའི་རྗེས་ཐོགས་དེ་ནས། བཀའ་བསྩལ་ཏོ་ཞེས་སྦྱར་རོ། །སུ་ཞིག་གིས་ན། རྒྱལ་པོ་རྡོ་རྗེ་འཛིན་ཏེ་རྡོ་རྗེ་འཆང་ཆེན་པོས་སོ། །དེའི་ཁྱད་པར་རྡོ་རྗེ་གསུམ་ཞེས་སོགས་སྔར་བཤད་ཟིན་ཏོ། །གང་ཞིག་ན། འོག་ནས་འབྱུང་བ་གསུང་འདི་སྐད་དོ། །ཐབས་འབྲས་བུ་དང་བཅས་པའི་སྙིང་པོ་བསྐུལ་བ་ནི། སྤྱིར་རྫོགས་རིམ་པས་དངོས་གྲུབ་མི་འགྲུབ་པ་མི་སྲིད་ཀྱང་། གཅེས་པའི་ཕྱིར་སྙིང་པོ་བསྐུལ་བའི་རྩོམ་གཞི་ལ་བརྟེན་ནས། རྫོགས་པའི་རིམ་པ་ཇི་ལྟར་བསྒོམ་པ་བཤད་པ་ཡིན་ཏེ། དེ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་བྱེད་པ་ཟུང་འཇུག་ཡིན་པས། དེ་བསྒོམ་པར་བྱའོ་ཞེས་བསྟན་པ་ནི། གང་ཅིའང་རུང་བའི་སྔགས་ཀྱི་གསང་བ་ལ་ཞུགས་པའི་སྔགས་ཀྱི་སྐྱེས་བུ་ཇི་སྙེད་པ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་གྱི་ཡེ་ཤེས་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱིས་རྫོགས་ཤིང་གང་བ་དེ་རྣམས་ཀྱི་དངོས་པོ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་བརྟག་པ་སྟེ་བསྐྱེད་པ་ནི། དབང་པོ་གཉིས་ཏེ། བདེན་པ་གཉིས་དབྱེར་མེད་པར་སྦྱོར་བའི་ཟུང་དུ་འཇུག་པས་འགྲུབ་པར་འགྱུར་གྱི་དེ་དང་བྲལ་བས་འགྲུབ་པར་མི་འགྱུར་རོ། །ཞེས་དགོངས་སོ། །བཤད་མ་ཐག་པའི་བདེན་གཉིས་དབྱེར་མེད་པར་སྦྱོར་བས་སྒྲུབ་པ་རྫོགས་པར་བྱེད་པ་འདི་ནི། སངས་རྒྱས་ཐམས་ཅད་ཀྱི་འདའ་བར་མི་བྱ་བའི་སྔགས་ཀྱི་དམ་ཚིག་ནི། ཟུང་འཇུག་གི་སྐུ་ཡིན་ལ། དེ་བསྒོམ་པའི་ཐབས་ཡིན་ནོ། །བདེན་གཉིས་སྦྱོར་བའི་ཟུང་འཇུག་དེ་ཇི་ལྟར་བསྐྱེད་པར་བྱ་ཞེ་ན། རིག་མའི་དབང་ཕྱུག་ནི། འོད་གསལ་ཡིན་ལ། དེར་ཞུགས་ཏེ་སྒྱུ་ལུས་ཀྱི་ཕུང་པོ་ལ་སོགས་པ་མི་སྣང་བར་བྱས་ནས། སླར་ཡང་རྗེས་དྲན་གྱི་ཡན་ལག་གིས་རྡོ་རྗེ་སྟེ་བདེན་པ་གཉིས་དབྱེར་མེད་པར་སྦྱོར་བའི་ཟུང་འཇུག་བསྒོམ་པར་བྱ་ཞིང་བསྐྱེད་པར་བྱའོ། །ཟུང་འཇུག་ལ་གནས་པ་དེས་སེམས་ཅན་རྣམས་ལ་ཅི་ཞིག་བྱ་ཞེ་ན། དོན་དམ་པའི་བདེན་པ་ལ་ཞུགས་པའི་འོག་ཏུ། བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་ཟུང་འཇུག་གི་སྐུར་བཞེངས་པའི་རྣལ་འབྱོར་པས། ཁམས་གསུམ་ན་གནས་པའི་སེམས་ཅན་རྣམས་ལ་ཕ་དང་མ་ལ་སོགས་པའི་འདུ་ཤེས་ཀྱིས་ཆགས་ཤིང་ཞེན་ལ། གནས་སྐབས་དང་མཐར་ཐུག་གི་ཕན་པ་སྒྲུབ་པར་འདོད་པའི་ཆགས་པས་ཡང་དང་ཡང་དུ་བལྟ་བར་བྱ་ཞིང་། སེམས་ཅན་དེ་རྣམས་ཀྱིས་ཀྱང་འདི་ནི་བདག་ཅག་བསྐྱེད་པར་བྱེད་པའི་ཕའོ། །སྐྱོང་བར་བྱེད་པའི་མའོ་ཞེས་སོགས་ཀྱི་བློ་བསྐྱེད་ལ་དད་ཅིང་གུས་པ་དང་བཅས་པས་རྣལ་འབྱོར་པ་དེ་ལ་བལྟ་བར་བྱའོ། །བཤད་མ་ཐག་པའི་ཟུང་འཇུག་བསྐྱེད་པར་བྱེད་པའི་ཆོ་ག་འདི་ནི། དམ་ཚིག་སྟེ་རྡོ་རྗེ་འཆང་ཆེན་པོའི་སྙིང་པོ་ལེན་པར་བྱེད་པས་ན་དཀྱིལ་འཁོར་རོ། །སྙིང་པོ་བསྐུལ་བ་གྲུབ་པའི་རྣལ་འབྱོར་པ་རྣམས་ཀྱི་སྤྱོད་པ་སྟོན་པ་ནི། དེ་ནས་བཀའ་བསྩལ་ཏོ་ཞེས་སྦྱར་རོ། །

སུ་ཞིག་གིས་ན། རྒྱལ་པོ་རྡོ་རྗེ་འཛིན་གྱིས་སོ། །དེའི་ཁྱད་པར་ནི། དེ་བཞིན་གཤེགས་པ་ཀུན་གྱི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཡིན་ལ། དེ་རྣམས་ཀྱི་ངོ་བོ་དོན་དམ་པའི་བདེན་པས་བསྐྱེད་པས་ན། དེ་བཞིན་གཤེགས་པ་ཀུན་གྱི་སྲས་སོ། །སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བས་ན་ཐམས་ཅད་དབང་བསྐུར་རོ། །དེ་ཉིདཀྱིས་ན་སངས་རྒྱས་ཀུན་གྱི་གཙོ་བོས་སོ། །གང་ཞིག་ན་འོག་ནས་འབྱུང་བའི་གསུང་འདི་སྐད་དོ། །ཉེ་བར་ལོངས་སྤྱད་དོ་ཞེས་སྦྱར། གང་ཞིག་ན་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ཐམས་ཅད་ན་ཐ་མ་དང་འབྲིང་དང་། མཆོག་གི་དབྱེ་བས་ཕྱེ་བའི་བུད་མེད་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་དོ། །སུ་ཞིག་གིས་ན། བསྐྱེད་རྫོགས་གཉིས་ཀྱི་སྙིང་པོ་བསྐུལ་བ་གྲུབ་པའི་རྣལ་འབྱོར་པ་རྣམས་ཀྱིས་སོ། །ཐབས་གང་གིས་ཞེ་ན། ཡེ་ཤེས་ཀྱི་སྐུ་དང་སྔགས་ཀྱི་སྐུའི་རང་བཞིན་གྱི་ཕྱག་རྒྱ་ཆེན་པོ་རྣམ་པ་གཉིས་ཀྱིས་སོ། བསམ་པ་ཇི་ལྟ་བུས་ཞེ་ན། བུད་མེད་དེ་དག་ཀུན་གཟུགས་རྡོ་རྗེ་ལ་སོགས་པའི་ངོ་བོར་ཡོངས་སུ་བརྟགས་ལ། རང་བཞིན་སོགས་པའི་སྦྱོར་བ་སྟེ། དེ་ཁོ་ན་ཉིད་འོད་གསལ་ལ་དམིགས་པས་སོ། །ཚུལ་ཇི་ལྟར་ལོངས་སྤྱོད་ཅེ་ན། ཕྱག་རྒྱ་ཆེན་པོ་རྣམ་པ་གཉིས་ལ་སོགས་པའི་སྦྱོར་བས་བུད་མེད་ཀུན་ལ་ལོངས་སྤྱོད་པའི་གནས་དེར་སངས་རྒྱས་གནས་ཏེ། སངས་རྒྱས་ཀྱི་སྤྲུལ་པ་བྱེ་བ་གྲངས་མེད་དཔག་ཏུ་མེད་པའི་ཚད་ཙམ་གྱི་རྡོ་རྗེ་འཛིན་པ་སྤྲོས་ནས་ལོངས་སྤྱོད་པར་བྱའོ། །བྱང་ཆུབ་ཀྱི་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོའོ། །སྙིང་པོ་བསྐུལ་བའི་འབྲས་བུ་བསྟན་པ་ནི། ཐོབ་པར་འགྱུར་ཞེས་སྦྱར། གང་ཞིག་ན་སྐུ་རྡོ་རྗེ་ལ་སོགས་པའི་རྡོ་རྗེ་གསུམ་པོ་ནམ་མཁའ་དང་འདྲ་བར་རང་བཞིན་མེད་པར་རྟོགས་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་བོ། །གང་གིས་ན་བཤད་མ་ཐག་པའི་སྦྱོར་བ་འདི་ཡིས་སོ། །སྦྱོར་བ་ལ་སློབ་པའི་རྣལ་འབྱོར་པས་ཕན་ཡོན་ཅི་འཐོབ་ཅེ་ན། ཐོབ་བོ་ཞེས་སྦྱར། གང་ཞིག་ན། རྡོ་རྗེ་སེམས་དཔའ་ལྟ་བུའི་བདེ་བ་དམ་པ་དང་། ནད་མེད་པ་ལ་དགོས་པ་དང་། ཚེ་རིང་བ་གང་ཡིན་པའི་རྡོ་རྗེ་སེམས་དཔའི་ཚེའོ། །སུ་ཞིག་གིས་ན། སྦྱོར་བ་ལ་སློབ་བཞིན་པའི་བྱང་ཆུབ་སེམས་དཔའ་དེས་སོ། །བྱང་ཆུབ་སེམས་དཔའ་དེ་ནི། ཇི་ལྟར་རྒྱ་མཚོ་ཆེན་པོ་རིན་པོ་ཆེ་ཀུན་གྱི་འབྱུང་གནས་ཡིན་པ་བཞིན་དུ། རྒྱལ་བ་སྟེ་རྡོ་རྗེ་སེམས་དཔའ་ཚེ་དང་ལང་ཚོ་ལ་སོགས་པའི་ཡོན་ཏན་ཀུན་གྱི་གནས་སུ་གྱུར་པས་ན་རྒྱ་མཚོའོ། །ལེའུ་ཡི་མཚན་དོན་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འགྲུབ་པའི་ཕྱིར་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བ་ཞེས་བྱ་བའི་ལེའུ་སྟེ་བཅུ་པའི་རྣམ་བཤད་དོ།། །།


previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅུ་པའི་རྣམ་བཤད།next