Nitartha Digital Library
Tibetan
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅུ་གཅིག་པའི་རྣམ་བཤད།
   
   
   
   
   
   


 
previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅུ་གཅིག་པའི་རྣམ་བཤད།next

གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅུ་གཅིག་པའི་རྣམ་བཤད།

དེ་ལྟར་རྣལ་འབྱོར་པ་གཉིས་ཀྱི་སྙིང་པོ་བསྐུལ་བ་རྣམ་པ་གཉིས་བཤད་ནས། རྟོག་པ་དང་། རྫོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ལྷའི་སྐུ་རྣམ་པ་གཉིས་པོ་ལེའུ་དང་པོ་ལས་གསུངས་པ་གསལ་བར་བྱ་བའི་ཕྱིར། ལེའུ་བཅུ་གཅིག་པ་འཆད་པ་ལ་གཉིས་ཀྱི། བསྡུས་པའི་དོན་ནི། ལེའུ་འདིའི་སྟོད་ནས་སྔགས་ཀྱི་སྐུ་དང་། ཡེ་ཤེས་ཀྱི་སྐུ་བསྐྱེད་པ་སྟོན། རྐེད་ནས་མངོན་པར་ཤེས་པ་སྒྲུབ་པ་སྟོན། སྨད་ནས་རྫོགས་པའི་རིམ་པ་གཞན་སྟོན་ནོ། །ཡན་ལག་གི་དོན་ལ་གཉིས་ཀྱི། སྡུད་པ་པོའི་ཚིག་གིས་མདོར་བསྟན་པ་ནི། ལེའུ་བཅུ་པ་གསུངས་པའི་རྗེས་དེ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནི། ༀ་ལ་སོགས་པའི་ཡི་གེ་གསུམ་ཡིན་ལ། དེས་བསྐྱེད་པའི་སྐྱེས་བུའི་མཆོག་ནི་སྔགས་ཀྱི་ལྷ་རྣམས་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་གསུངས་སོ་ཞེས་སྦྱར་རོ། །གང་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་གསང་བར་གྱུར་པ་རྡོ་རྗེ་ནི་ཡི་གེ་གསུམ་མོ། །དེ་རྣམས་ཀྱིས་གང་དུ་རིག་པའི་སྐྱེས་བུ་སྟེ་ལྷ་བསྐྱེད་པའི་ལེའུ་འདིའོ། །སྟོན་པའི་གསུང་གིས་རྒྱས་པར་བཤད་པ་ལ་གསུམ་སྟེ། ལྷའི་སྐུ་བསྐྱེད་པ་དང་། མངོན་ཤེས་བསྒྲུབ་པ་དང་། རྫོགས་པའི་རིམ་པ་གཞན་བསྟན་པའོ། །ལྷའི་སྐུ་བསྐྱེད་པ་ལ་གཉིས་ཏེ། སྔགས་ཀྱི་སྐུ་བསྐྱེད་པ་དང་། ཡེ་ཤེས་ཀྱི་སྐུ་བསྐྱེད་པའོ། །སྔགས་ཀྱི་སྐུ་བསྐྱེད་པ་ལ་གཉིས་ཏེ། རིགས་སོ་སོའི་ཏིང་ངེ་འཛིན་རྒྱས་པར་བསྟན་པ་དང་། གཞུང་ཉེ་བར་བསྡུ་བའོ། །དང་པོ་ལ་བཞི་ཡོད་པའི། རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པའི་དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ། རྣལ་འབྱོར་གྱི་རིམ་པ་མདོར་བསྟན་པ་ནི། རྣམ་པར་བསྒོམ་ཞེས་སྦྱར། གང་ཞེ་ན། ས་འོག་ས་སྟེང་ས་བླ་ན་རབ་ཏུ་མཆོད་པའི་ཕྱིར། མཆོད་པས་ཆེ་བའི་དགའ་ཞིང་མགུ་བར་འགྲོ་ཞིང་། སོན་བར་གྱུར་པས་ན་ཕྱག་རྒྱ་ཆེན་པོ་སྟེ་ལྷའི་སྐུའོ། །རྒྱུ་གང་ལས་ན། དེ་བཞིན་ཉིད་དང་ཟླ་བ་ལས་བྱང་ཆུབ་པ་སྔོན་དུ་སོང་ནས། འདི་རྣམས་ལས་སྔགས་རྣམས་འབྱུང་བས་ན། སྔགས་ཀྱི་མཆོག་རྡོ་རྗེ་གསུམ་གྱི་རང་བཞིན་གྱི་ཡི་གེ་ༀ་ལ་སོགས་པ་གསུམ་གྱི་རྒྱུ་ལས་སོ། །འདིས་ཡིག་འབྲུ་ལས་བྱང་ཆུབ་པ་བསྟན་ཏོ། །དགོས་པ་ཅིའི་ཕྱིར་དུ་ན། མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་པོ་ཐམས་ཅད་ཐོབ་པའི་ཕྱིར་དུའོ། །གང་ཟག་སུ་ཞིག་གིས་ན། ཡེ་ཤེས་རྡོ་རྗེ་སྟེ་སྒྲུབ་པ་པོ་དག་གིས་སོ། །ཡི་གེ་གསུམ་གྱིས་བྱ་བ་སྟོན་པ་ནི། ཡི་གེ་ༀ་ནི་ཡེ་ཤེས་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་སྟེ་དེས་རྣལ་འབྱོར་པའི་མི་ཕྱེད་པའི་ལུས་བསྐྱེད་པས་ན་རྡོ་རྗེའི་སྐུ་ནི་ཐོབ་བྱེད་པའོ། །བྱང་ཆུབ་ནི་འོད་གསལ་བ་ཡིན་ལ། དེ་ལས་བྱུང་བའི་བདག་མེད་པ་ན་འོད་དཔག་ཏུ་མེད་པ་སྟེ། དེའི་རང་བཞིན་གྱི་ཨ་ནི་རྣལ་འབྱོར་པ་རྣམས་ཀྱི་མི་ཕྱེད་པའི་གསུང་བསྐྱེད་པར་བྱེད་པས་ན། རྡོ་རྗེའི་གསུང་ནི་ཐོབ་བྱེད་པའོ། །སྐུ་དང་གསུང་ལ་བརྟེན་པའི་ཐུགས་ནི་སྐུ་གསུང་ཐུགས་ཏེ་མི་བསྐྱོད་པ་ཡིན་ལ། དེའི་རང་བཞིན་གྱི་ཡི་གེ་ཧཱུྃ་ནི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་ཐུགས་རྣལ་འབྱོར་པ་རྣམས་ཀྱི་རྒྱུད་ལ་བསྐྱེད་པར་བྱེད་པས་ན། རྡོ་རྗེ་མི་བསྐྱོད་གསུམ་ཐོབ་པའོ། །སྔགས་ཀྱི་སྐྱེས་བུ་ནི་རྡོ་རྗེ་འཆང་ཆེན་པོའོ། །རྒྱས་པར་བཤད་པ་ལ་གསུམ་སྟེ། གཞལ་ཡས་ཁང་བསྐྱེད་པ་དང་། ལྷ་བསྐྱེད་པ་དང་། གནས་ཀྱི་མཚན་ཉིད་ཕན་ཡོན་དང་བཅས་པ་བསྟན་པའོ། །རྟེན་གཞལ་ཡས་ཁང་བསྐྱེད་པ་ནི། འོག་ནས་བཤད་པའི་གནས་མཚན་ཉིད་དང་ལྡན་པར། རྣལ་འབྱོར་གྱི་རིམ་པ་སྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བས། ཡེ་ཤེས་ཀྱི་སའི་ཆ་བསྐྱེད་པ་ནི། ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཞེས་སོ། །

དེར་རྡོ་རྗེའི་སའི་ཆ་བསྐྱེད་པ་ནི། དཀྱིལ་འཁོར་རྡོ་རྗེ་ཀུན་སྐྱེས་བསམ། །ཞེས་སོ། །དེར་བྷྲཱུྃ་ལས་གཞལ་ཡས་ཁང་བསྐྱེད་པ་ནི། དེ་རུ་ཡི་གེ་བྷྲཱུྃ་བསམ་མོ། །ཞེས་སོ། །དེ་ལ་བསམ་ཞིང་བསྒོམ་མོ་ཞེས་སྦྱོར་རོ། །གང་ན་རྡོ་རྗེའི་སའི་དཀྱིལ་འཁོར་རོ། །གང་དུ་ན། ནམ་མཁའ་རྡོ་རྗེའི་དབུས་སུ་ཆུད་ཅིང་གནས་པར་རོ། །རྒྱུ་གང་ལ་ན། རྡོ་རྗེ་ཀུན་ནི་སྤྱན་ལ་སོགས་པ་ལྷ་མོ་བཞིའི་རང་བཞིན་གྱི་ས་ལ་སོགས་པའི་འབྱུང་བ་རྣམས་ཡིན་ལ། དེ་དག་གི་རིམ་པ་ལས་སྐྱེས་པའོ། །སའི་ཆ་དེ་རུ་སྟེ་དེའི་སྟེང་དུ་ཡི་གེ་བྷྲཱུྃ་གཞལ་ཡས་ཁང་གི་རྒྱུ་རུ་བསམ་མོ། །དེ་ལས་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་གཞལ་ཡས་ཁང་བསྒོམ་མོ། །ལྷ་བསྐྱེད་པ་ལ་གཉིས་ཀྱི། ལྷག་མོས་བསྐྱེད་པ་ནི། རྡོ་རྗེའི་སྤྲིན་ནི་འཕྲོ་བསྐྱེད་པ། །ཞེས་ཏེ། རྡོ་རྗེའི་སྤྲིན་ནི་དེ་བཞིན་གཤེགས་པའི་ཚོགས་རྣམས་ཡིན་ལ། དེ་རྣམས་ལྷག་པར་མོས་ཙམ་གྱིས་ཇི་ལྟ་བ་བཞིན་སྤྲོ་ཞིང་བསྐྱེད་དོ། །ལྷག་མོས་ཀྱི་རང་བཞིན་ནི། རྡོ་རྗེའི་སྤྲིན་དེ་འཛིན་པར་བྱེད་པས་ན། རྡོ་རྗེའི་སྤྲིན་ནི་འཕྲོ་བསྐྱེད་པ། །ཞེས་བྷྲཱུྃ་མོ། །དེ་སྟོན་པ་ནི། དེ་ལ་འདི་ནི་ཞེས་སོགས་སོ། །ཡེ་ཤེས་རྡོ་རྗེ་ནི་རྣམ་སྣང་ངོ་། །མངོན་བྱང་ལྔས་སྔགས་ཀྱི་སྐུ་བསྐྱེད་པ་སྟོན་པ་ལ་ཟླ་བ་ལས་བྱང་ཆུབ་པ་ནི། རྡོ་རྗེ་དཀྱིལ་འཁོར་ཞེས་པ་ནས། མཉེས་པར་བྱེད་ཅེས་པའི་བར་གྱིས་སྟོན་ནོ། །དེ་ལ་ཡང་། ཧཱུྃ་ལས་ཉི་མ་བསྒོམ་པ་ནི། །རྡོ་རྗེའི་དཀྱིལ་འཁོར་དབུས་གནས་པར། །ཡི་གེ་ཧཱུྃ་ནི་རབ་ཏུ་བསྒོམ། །ཞེས་སྦྱར་ཏེ། རྡོ་རྗེའི་དཀྱིལ་འཁོར་དབུས་གནས་པར། །ཡི་གེ་ཧཱུྃ་ནི་རབ་ཏུ་བསྒོམ། །ཞེས་སྦྱར་ཏེ། རྡོ་རྗེའི་དཀྱིལ་འཁོར་ཏེ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་ཧཱུྃ་བསྒོམ་ཞེས་པ། ཧཱུྃ་ལས་ཉི་མའི་དཀྱིལ་འཁོར་བསྒོམ་པའོ། །གསལ་བའི་དཀྱིལ་འཁོར་དབུས་གནས་པར། །ༀ་ཞེས་བྱ་བ་རབ་ཏུ་བསྒོམ། །ཞེས་པ་གསལ་བའི་དཀྱིལ་འཁོར་ཏེ། ཟླ་བའི་དབུས་སུ་ༀ་བསྒོམ་པ་ནི། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ༀ་ལས་ཟླ་བའི་དཀྱིལ་འཁོར་བསམ་པའོ། །ཆོས་ཀྱི་དཀྱིལ་འཁོར་དབུས་གནས་པར། །ཡི་གེ་ཨ་ནི་རྣམ་པར་བསམ། །ཞེས་པ། ཆོས་ཀྱི་དཀྱིལ་འཁོར་ཏེ་པད་མའི་དབུས་སུ་ཨ་བསམ་པ་ནི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨ་ལས་པད་མ་བསམ་པའོ། །དེའི་སྟེང་དུ་ཡི་གེ་གསུམ་བསྒོམ་པ་ནི་མན་ངག་གོ །མཚན་མ་གསུམ་པོ་དེ་གང་དུ་བསྒོམ་ཞེ་ན། ཡི་གེ་བྷྲཱུྃ་གྱི་གནས་གཞལ་ཡས་ཁང་བསྒོམ་སྟེ། དེའི་ནང་དུ་རྡོ་རྗེ་གསུམ་འབྱུང་སྟེ། ཉི་མ་ཟླ་བ་པད་མའི་མཚན་མ་གསུམ་པོ་བསྒོམ་པར་བྱ་ཞིང་། གཞན་དུ་མ་ཡིན་ནོ། །དེ་ལྟར་བསྒོམས་པའི་འོག་ཏུ་འབྲུ་གསུམ་པད་མ་དང་བཅས་པ་ཡས་ཐིམ་ཉི་མའི་དཀྱིལ་འཁོར། མས་ཐིམ་པས་ཟླ་བའི་དཀྱིལ་འཁོར་གཅིག་ཏུ་གྱུར་པ་ནི་ཟླ་བ་ལས་བྱང་ཆུབ་པའོ། །དེ་ལྟ་བུའི་ཟླ་བའི་དཀྱིལ་འཁོར་ནི། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྙིང་པོ་ཡིན་ཏེ། ཐུགས་ཀྱི་མཚན་མར་གྱུར་པའི་ཕྱིར་རོ། །མཚན་མ་གསུམ་གྱི་རྒྱུར་གྱུར་པའི་ཡི་གེ་གསུམ་ནི་སྐུ་གསུང་ཐུགས་མཉེས་པར་བྱེད་པ་ཞེས་བྱ་སྟེ། དེ་ལྟར་ན་ཟླ་བའི་གཟུགས་དང་། མཚན་མ་གསུམ་ཉེ་བར་གོམས་པར་བསྒོམ་པར་བྱའོ། །ཟླ་བ་ལས་བྱང་ཆུབ་པ་དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། ཡིག་འབྲུ་ལས་བྱང་ཆུབ་པ་སྟོན་པ་ནི། ཟླ་བའི་སྟེང་དུ་སངས་རྒྱས་སྐུའི་མཆོག་ༀ་དང་། གསུང་གི་ལམ་ཨཱཿདང་། ཐུགས་ཀྱི་ཡེ་ཤེས་འཇིང་ཧཱུྃ་རྣམས་བསྒོམ་མོ། །དེ་ནས་ཅི་ཞིག་བྱ་ཞེ་ན། ཕྱག་མཚན་ལས་བྱང་ཆུབ་པ་སྟོན་པ་ནི། ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་བྱུང་བའི་མངོན་བྱང་ལྔ་སྟོན་པའི་རྡོ་རྗེ་རྩེ་ལྔ་པ་བསྒོམ་མོ། །

དེ་ལྟ་བུའི་རྡོ་རྗེ་འདི་ནི། བྱང་ཆུབ་སྟེ་བདེ་བ་ཆེན་པོའི་གནས་སུ་འཁྲིད་ཅིང་ཐོབ་པར་བྱེད་པའི་ཚུལ་མཆོག་ཡིན་ཏེ། རིགས་ཐམས་ཅད་ཀྱི་དམ་པ་ཡིན་པའི་ཕྱིར་རོ། །རྡོ་རྗེ་འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་ཏེ་རྡོ་རྗེ་འཆང་གི་སྒྲུབ་པ་པོ་རྣམས་ཀྱིས་སངས་རྒྱས་བྱང་ཆུབ་སྟེ་བསྐྱེད་པའི་རིམ་པའི་ཕྱག་རྒྱ་ཆེན་པོ་རབ་ཏུ་སྒྲུབ་ཅིང་ཡོངས་སུ་རྫོགས་པར་བྱེད་པའོ། །དེའང་རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལས་སྐུ་རྫོགས་པར་བྱང་ཆུབ་པ་རྡོ་རྗེ་འཆང་ཆེན་པོའི་སྐུར་བསྐྱེད་པར་བྱའོ། །དེ་དག་གིས་ནི་རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་བསྟན་ཏོ། །དེ་ནས་སྤྲུལ་སྐུ་བསྒྱུར་བ་དང་། ས་བོན་ལུས་ལ་འགོད་པ་ནི། ཤིན་ཏུ་རྣལ་འབྱོར་རོ། །སྐུ་གསུང་ཐུགས་བྱིན་གྱིས་རློབ་པ་དང་། སེམས་དཔའ་སུམ་བརྩེག་ཏུ་བསྒོམ་པའི་བར་ནི་རྣལ་འབྱོར་ཆེན་པོའོ། །དེ་ལྟར་རྣལ་འབྱོར་བཞིས་བསྐྱེད་དེ། དཔའ་བོ་གཅིག་པ་བསྒོམ་པའམ། ཡང་ན་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་དེ། དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་བསླབ་པར་འབྲེལ་ལོོ། །འདི་དག་གང་གིས་བསྟན་ཞེ་ན། ཡེ་ཤེས་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོས་སྤྲུལ་པ་སྟེ་བསྟན་པ་ཡིན་ནོ། །དགོས་པ་ཅིའི་ཕྱིར་དུ་བསྟན་ཞེ་ན། སངས་རྒྱས་ཏེ་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་ཀྱིས་རྒྱུ་ཀུན་རྫོབ་ཀྱི་བདེན་པ་དང་། འབྲས་བུ་དོན་དམ་པའི་བདེན་པ་ལས་འབྱུང་ཞིང་བསྐྱེད་པའི་ཡོངས་སུ་དག་པའི་ལྷའི་སྐུ་ཐོབ་པའི་དོན་དུ་བསྟན་ཏོ། །གཞན་ཡང་སྔགས་ཀྱི་རིག་པ་ཞེས་རྟོག་པའི་རྒྱུད་ལ་སོགས་པར་བསྒྲགས་པའི་ཞི་བ་ལ་སོགས་པའི་ཐུན་མོང་གི་དངོས་གྲུབ་དག་གི་དོན་དུ་ཡང་བསྟན་ཏོོ། །དངོས་གྲུབ་དེ་ཡང་ཐབས་གང་གིས་ཐོབ་ཅེ་ན། སྔོན་དུ་བསྙེན་པ་དང་བཅས་པའི་བཟའ་བ་དང་བསྲུང་བའི་དམ་ཚིག་དག་གིས་རྫོགས་ཤིང་ཐོབ་པར་འགྱུར་རོ། །དམ་ཚིག་དེ་དག་གང་གི་ཡིན་ཞེ་ན། དམ་ཚིག་འདི་དག་ནི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པར་བསྒོམ་པའི་སངས་རྒྱས་སྐྱེས་བུས་ཏེ། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡིན་ནོ། །དེ་དག་གི་དོན་བསྡུ་བ་ནི། སྐུ་གསུང་ཐུགས་ནི་ཡི་གེ་གསུམ་མོ། །དམ་ཚིག་ནི་དེ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ་སོགས་པ་གསུམ་མོོ། །དེ་ཁོ་ན་ཉིད་ནི་པད་མའི་སྟེང་གི་ཡི་གེ་གསུམ་མོ། །ཡེ་ཤེས་ནི་ཐམས་ཅད་ཡོངས་སུ་གྱུར་པ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་རོ། །རྡོ་རྗེ་ནི་ཟླ་བའི་སྟེང་གི་ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་བྱུང་བའི་རྡོ་རྗེ་ཆེན་པོ་རྩེ་ལྔ་པའོ། །དེས་བསྐྱེད་པས་ན་བྱིན་གྱིས་བརླབ་པའི་དཔལ་ནི་ཕྱག་རྒྱ་ཆེན་པོའི་གཟུགས་ཏེ། དེ་བསྐྱེད་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གནས་ཀྱི་མཚན་ཉིད་ཕན་ཡོན་དང་བཅས་པ་བསྟན་པ་ནི། སྐྱེ་བོ་འདུས་པ་དང་བྲལ་བས་ན་དབེན་པ། མེ་ཏོག་དང་འབྲས་བུ་དང་། ལོ་མ་དང་ལྡན་པའི་ཤིང་སྣ་ཚོགས་ཀྱི་ཡལ་གས་ཁེགས་ཤིང་ཡིད་དུ་འོང་བའི་ཆུའི་ཚོགས་ཀྱིས་མཛེས་པས་ན་ཉམས་དགའ་བའི་གནས་ན་འདུག་པའི་རྣལ་འབྱོར་པས། བཤད་མ་ཐག་པའི་སྦྱོར་བ་འདི་ཀུན་ཏུ་བརྩམ་ཞིང་བསླབ་པར་བྱའོ། །དེས་ཅིར་འགྱུར་ཞེ་ན། ཟླ་བ་ཕྱེད་ཀྱིས་ཏེ། བླ་མ་དང་ལྷའི་ཡུལ་ལ་ཡིད་ཆེས་པར་གྱུར་པས། གཅིག་ཏུ་བརྟུན་པས་བསྒྲུབ་ན། རྡོ་རྗེའི་སྐུ་གསུང་ཐུགས་ཏེ་རྡོ་རྗེ་འཆང་ཆེན་པོ་ཉིད་ཐེ་ཚོམ་མེད་པར་ངེས་པར་འགྲུབ་པར་འགྱུར་རོ། །ཞེས་བྱ་བར་དགོངས་སོ། །རྣམ་པར་སྣང་མཛད་ཀྱི་དྲན་པ་གཅིག་པའི་ཏིང་ངེ་འཛིན་བསྟན་པ་ལ་གསུམ་གྱི། ཏིང་ངེ་འཛིན་དངོས་བསྟན་པ་ནི། བསྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བས། གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་དེ། དེར་ལྷག་མོས་མཛད་པ་དང་བཅས་པ་བསྒོམས་ནས། ལྷག་མོས་ལུས་ལ་བསྡུས་ཏེ། དོན་དམ་པའི་དཀྱིལ་འཁོར་དུ་བཅུག་ནས་ཤཱུ་ནྱ་ཏ་ཞེས་པའི་སྔགས་ཀྱིས་བརྟན་པར་བྱས་ནས། དེ་བཞིན་ཉིད་ལས་བྱང་ཆུབ་པ་ནི། ནམ་མཁའ་རྡོ་རྗེའི་དབུས་ཞེས་པའོ། །དེ་ནས་ༀ་ལ་སོགས་པའི་ཡི་གེ་གསུམ་གྱིས་ཟླ་བ་ཉི་མ་པད་མ་བསྐྱེད་དེ། པད་མའི་སྟེང་དུ་ཡི་གེ་གསུམ་བསམས་ནས་དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བསྒོམ་པ་ནི། གསལ་བའི་དཀྱིལ་འཁོར་དམ་པ་བསམ། །ཞེས་པའོ། །ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་གསུམ་བཀོད་དེ། དེ་གྱུར་པ་ལས་བྱུང་བའི་འཁོར་ལོ་བསྒོམ་ལ། དེ་ལས་བྱུང་བའི་རྣམ་སྣང་གི་དམ་ཚིག་སེམས་དཔའ་བསྐྱེད་པ་ནི། རང་གི་སྔགས་ཀྱི་དམ་ཚིག་བསྐྱེད། །ཅེས་པའོ། །དམ་ཚིག་སེམས་དཔའི་སྙིང་ཁར་ཡེ་ཤེས་སེམས་དཔའ་བཞག་ལ། དེའི་སྙིང་ཁར་ཡི་གེ་ༀ་འོད་ཟེར་ལྔ་དང་ལྡན་པ་བཀོད་ལ། རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་དུ་བསྒོམ་མོ། །དེ་ནས་རྣལ་འབྱོར་པས། ༀ་དེ་ལས་རྣམ་པར་སྣང་མཛད་ཀྱི་སྤྲིན་ཆེན་པོ་སྟེ་ཚོགས་རྣམས་ཕྱོགས་བཅུར་སྤྲོས་ནས། སེམས་ཅན་གྱི་དོན་མཛད་དེ་བདག་ཉིད་ལ་བཅུག་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོར་འགྱུར་རོ། །ཕན་ཡོན་བསྟན་པ་ནི། བཤད་མ་ཐག་པའི་ཏིང་ངེ་འཛིན་འདི་ཡིས། སངས་རྒྱས་ཏེ་བསྐྱེད་པའི་རིམ་པ་ཤེས་པ་རྣམས་ཀྱི་སྐུ་སྟེ་ལུས་རྡོ་རྗེ་རྣམ་པར་སྣང་མཛད་ཀྱི་རིགས་དང་འབྲེལ་བའི་ལྷ་རྣམས་ཀྱིས་གང་བའི་རྒྱ་མཚོར་འགྱུར་རོ། །

གཞན་ཡང་ཡེ་ཤེས་ལྔ་ནི། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལྔ་རྣམས་ཏེ། དེ་རྣམས་དང་ལྡན་པའི་གཟུགས་ལ་སོགས་པའི་ཡུལ་ལྔ་བསྟེན་ནས་ཏེ་ཉམས་སུ་མྱོང་བས་འཁོར་བ་ཇི་སྲིད་པར་གནས་པ་དང་། སངས་རྒྱས་སྐུ་སྟེ་མཚན་ཐམས་ཅད་དང་ལྡན་པའི་སྐུ་རྡོ་རྗེ་དང་འདྲ་བའི་མདོག་སྟེ་རྫུ་འཕྲུལ་འགྲུབ་པ་དང་། རྡོ་རྗེ་སྟེ་གཙོ་བོ་རྡོ་རྗེ་འཆང་ཆེན་པོར་གྱུར་ནས། སྐལ་བ་གསུམ་དུ་སྟེ་རྟོག་པ་རབ་འབྲིང་ཐ་མ་གསུམ་དང་ལྡན་པའི་གདུལ་བྱ་ལ་ཆོས་སྟོན་པས་གནས་པའོ། །ཟླ་བ་ཕྱེད་ཀྱིས་ཞེས་པ་ནི། བྱ་བའི་སྤྲོས་པ་ལ་ལྟོས་པ་མེད་པར་ཏིང་ངེ་འཛིན་ལ་ཞེན་པ་ཙམ་གྱིས་འགྲུབ་ཅེས་བྱ་བར་དགོངས་པའོ། །གཞུང་ཉེ་བར་བསྡུ་བ་ནི། བཅོམ་ལྡན་འདས་ཞེས་ཏེ། སྐུ་རྡོ་རྗེ་གསང་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཟླ་བའི་དཀྱིལ་འཁོར་རོ། །རྡོ་རྗེ་ནི་ཡི་གེ་གསུམ་གྱུར་པ་ལས་བྱུང་བའི་འཁོར་ལོའོ། །འོད་ཟེར་བཀོད་པ་ནི་དེ་ལས་བྱུང་བའི་ཕྱག་རྒྱ་ཆེན་པོའི་གཟུགས་ཏེ། དེ་བསྐྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །

འོད་དཔག་ཏུ་མེད་པའི་དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་གསུམ་སྟེ། དྲན་པ་གཅིག་པའི་ཏིང་ངེ་འཛིན་དངོས་བསྟན་པ་ནི། ལྷག་མོས་དོན་དམ་པའི་དཀྱིལ་འཁོར་དུ་བཅུག་པའི་དེ་བཞིན་ཉིད་ལས་བྱང་ཆུབ་པ་དང་། ཟླ་བ་ལས་བྱང་ཆུབ་པ་ནི། ནམ་མཁའ་རྡོ་རྗེའི་དབུས་སུ་བསམ། །ཞེས་པའོ། །ཟླ་བའི་སྟེང་དུ་ཡི་གེ་གསུམ་གྱུར་པ་ལས་བྱུང་བའི་པད་མ་དམར་པོ་འདབ་མ་བརྒྱད་པ་བསྒོམ་པ་ནི། ཆོས་ཀྱི་དཀྱིལ་འཁོར་དམ་པ་ནི། །ཞེས་པའོ། །དེ་ལས་བྱུང་བའི་འོད་དཔག་ཏུ་མེད་པའི་དམ་ཚིག་སེམས་དཔའ་བསྐྱེད་པ་ནི། རང་གི་སྔགས་ཀྱི་སྐྱེས་བུ་བསྐྱེད། །ཅེས་པའོ། །དེའི་ཐུགས་ཁར་ཡེ་ཤེས་སེམས་དཔའ་བསྒོམས་ནས། ངག་གི་ལམ་ཡེ་ཤེས་སེམས་དཔའ་ལ་ཏིང་ངེ་འཛིན་སེམས་དཔའ་ཡི་གེ་ཨཱཿབཞག་ཅིང་བགོད་དོ། །དེ་ལྟར་ཁ་དོག་ལྔ་དང་ལྡན་པའི་མི་ཕྱེད་པའི་ངོ་བོ་ཉིད་ཀྱི་རྡོ་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་མཆོག་ཏུ་བསྒོམ་མོ། །དམ་ཚིག་ནི་དམ་ཚིག་སེམས་དཔའོ། །ཡེ་ཤེས་ནི་ཡེ་ཤེས་སེམས་དཔའོ། །ཚིག་གི་དམ་ཚིག་ནི་ཏིང་ངེ་འཛིན་སེམས་དཔའོ། །སེམས་དཔའ་གསུམ་པོ་དེ་དག་རྫོགས་པ་སྟེ། གཅིག་ཏུ་བྱས་ནས་བསྒོམ་མོ། །ལྔའི་མཆོག་ནི་དེ་བཞིན་གཤེགས་པ་ལྔ་པོ་ཐམས་ཅད་ཀྱང་སེམས་དཔའ་སུམ་བརྩེག་ཏུ་བསྒོམ་ཞེས་པའོ། །ཕན་ཡོན་བསྟན་པ་ནི། ཆོས་ཀྱི་ཚིག་གི་ལམ་ནི་འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ནོ། །གནས་པ་ནི་དེ་ཡང་དག་པར་ཐོབ་པའོ། །རྡོ་རྗེ་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཆོས་ནི་དོན་དམ་པའི་བདེན་པའོ། །ཆོས་དང་ལྡན་པའི་རྡོ་རྗེ་ནི། རྡོ་རྗེ་ཆོས་ཏེ་རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པར་འགྱུར་བའོ། །ཡེ་ཤེས་ལྔ་ལྡན་ཞེས་སོགས་ནི་བཤད་ཟིན་ཏོ། །ཏིང་ངེ་འཛིན་གྱི་མཚན་ཉེ་བར་བསྡུ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ནི་ཡེ་ཤེས་སེམས་དཔའོ། །གསུང་རྡོ་རྗེ་ནི་ཏིང་ངེ་འཛིན་སེམས་དཔའོ། །དམ་ཚིག་ནི་དམ་ཚིག་སེམས་དཔའ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་དམ་ཚིག་གང་དུ་འབྱུང་བའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །མི་བསྐྱོད་པའི་རྣལ་འབྱོར་པའི་དྲན་པ་གཅིག་པའི་ཏིང་ངེ་འཛིན་བསྟན་པ་ལ་གཉིས་ཀྱི། ཏིང་ངེ་འཛིན་དངོས་བསྟན་པ་ནི། ལྷག་མོས་དོན་དམ་པའི་དཀྱིལ་འཁོར་བཅུག་པའི་དེ་བཞིན་ཉིད་ལས་བྱང་ཆུབ་པ་ཡན་ཆད་ནི་ནམ་མཁའ་རྡོ་རྗེའི་དབུས་སུ་བསམ་ཞེས་པའོ། །ཟླ་བ་ལས་བྱང་ཆུབ་པ་ནས། ཕྱག་མཚན་རྡོ་རྗེ་ལས་བྱང་ཆུབ་པའི་བར་ནི། རྡོ་རྗེའི་དཀྱིལ་འཁོར་དམ་པ་ཞེས་སོ། །རྡོ་རྗེ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པའི་དམ་ཚིག་སེམས་དཔའ་བསྐྱེད་པ་ནི། རང་སྔགས་སྐྱེས་བུ་རྫོགས་བྱས་ལ། །ཞེས་པའོ། །དམ་ཚིག་སེམས་དཔའི་སྙིང་ཁར་ཡེ་ཤེས་སེམས་དཔའ་བསྐྱེད་ལ། སེམས་ལས་ཏེ་ཡེ་ཤེས་སེམས་དཔའི་ཐུགས་ཁར་ཏིང་ངེ་འཛིན་སེམས་དཔའ་ཡི་གེ་ཧཱུྃ་གནས་པར་བསམ་མོ། །དེ་ལྟར་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གྱི་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་མི་བསྐྱོད་པ་ཁ་དོག་ལྔ་པའི་འོད་ཟེར་དང་ལྡན་པར་རྣམ་པར་བསྒོམ་པར་བྱའོ། །ཕན་ཡོན་བསྟན་པ་ནི། ཡེ་ཤེས་རྡོ་རྗེ་དག་གིས་ཏེ། མི་བསྐྱོད་པའི་རྣལ་འབྱོར་པས་བསྐྱེད་པར་བྱ་ཞེས་སྦྱར་རོ། །གང་ཞེ་ན། རྡོ་རྗེ་ཀུན་དང་རྒྱལ་བ་ནི་མི་བསྐྱོད་པའོ། །དེའི་གནས་ནི་ཕྱག་རྒྱ་ཆེན་པོའི་གཟུགས་ཏེ། མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོ་བསྐྱེད་པར་བྱའོ་ཞེས་པའོ། །དེ་ལས་ཅིར་འགྱུར་ཞེ་ན། དེ་ལྟར་རྟག་པ་ཉིད་ཀྱིས་ཐུན་བཞིར་བསླབ་པར་བྱས་ན། དགེ་བའི་རྩ་བ་ཡོངས་སུ་སྨིན་པས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་པར་རྟོགས་ནས། ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་སྟོན་པ་ནི། སྟོན་པ་རྡོ་རྗེ་ཞེས་སོགས་ཏེ། ལྷ་དང་མི་རྣམས་ལ་རྗེས་སུ་སྟོན་པར་མཛད་པས་ན་སྟོན་པ། རྡོ་རྗེ་ནི་དོན་དམ་པའོ། །ཐུགས་ནི་ཀུན་རྫོབ་བོ། །དེ་དག་ལས་བསྒྲུབས་པའི་ཟུང་འཇུག་ནི་རྡོ་རྗེ་ཐུགས་འདྲའོ། །འདོད་པའི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་བརྒྱད་ཀྱི་འབྱུང་གནས་སུ་གྱུར་པས་ན་ཡེ་ཤེས་ཡོན་ཏན་རྒྱ་མཚོའོ། །ཡེ་ཤེས་ལྔ་ལྡན་ཞེས་སོགས་བཤད་ཟིན་ཏོ། །སེམས་དཔའ་གསུམ་གྱི་བདག་ཉིད་ཡིན་པས་ན། རྡོ་རྗེ་ཐུགས་གསང་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་དག་གི་གཞུང་ཉེ་བར་བསྡུ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་འཆང་ཆེན་པོའོ། །སྐུ་གསུང་ཐུགས་ནི་རྣམ་སྣང་ལ་སོགས་པ་གསུམ་མོ། །དམ་ཚིག་ནི་དོན་ཡོད་གྲུབ་པའོ། །རྡོ་རྗེ་ནི་རིན་ཆེན་འབྱུང་ལྡན་ཏེ། དེ་རྣམས་བསྐྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དོན་གྲུབ་དང་རིན་འབྱུང་གི་དྲན་པ་གཅིག་པའི་ཏིང་ངེ་འཛིན་རྒྱས་པར་བསྟན་པ་མེད་ཀྱང་། གཞུང་ཉེ་བར་བསྡུ་བའི་ཚིག་འདིས་ཟིན་པས་ན། སྔར་བཤད་པའི་ཆོ་ག་དང་འདྲ་བར་བསྐྱེད་པར་བྱ་སྟེ། ཁྱད་པར་ནི། དོན་གྲུབ་ཀྱི་རྣལ་འབྱོར་པས། ཡིག་འབྲུ་གསུམ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ་བསྒོམ། དེ་ལས་དོན་གྲུབ་ཀྱི་སྐུ་བསྐྱེད་པར་བྱའོ། །རིན་འབྱུང་གི་རྣལ་འབྱོར་པས་ཡིག་འབྲུ་གསུམ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་དང་། དེ་ལས་རིན་འབྱུང་གི་སྐུར་བསྐྱེད་པར་བྱའོ། །གཞན་ནི་སྔར་དང་འདྲའོ། །ཡེ་ཤེས་ཀྱི་སྐུ་བསྐྱེད་པ་ལ་བཞི་ལས། འཇམ་དཔལ་གྱི་ཏིང་ངེ་འཛིན་འོད་གསལ་བསྒོམ་པ་ནི། བསྒོམ་པར་བྱའོ། །གང་དུ་ན། ཡེ་ཤེས་དཀྱིལ་འཁོར་ཏེ། རྒྱུ་བ་དང་མི་རྒྱུ་བའི་ཚོགས་འཇིག་རྟེན་གསུམ་གྱི་དབུས་སུའོ། །གང་ཞིག་ན། རྡོ་རྗེ་ཆེན་པོ་སྟེ་སྒྱུ་ལུས་ཕྱག་རྒྱ་ཆེན་པོའི་གཟུགས་སོ། །དེ་ནས་ཅི་ཞིག་བྱ་ཞེ་ན། ལུས་རྣམས་ཀུན་ལས་ཏེ། རྒྱུ་བ་དང་མི་རྒྱུ་བ་ཀུན་ལ་ཡི་གེ་ཁཾ་ནམ་མཁར་བྱེད་པའི་ས་བོན་དམིགས་ཤིང་བཀོད་ནས། རྗེས་སུ་གཞིག་པའི་རིམ་པས། དང་པོར་དེ་དག་དངོས་པོ་མེད་པར་བྱས་ནས། ཕྱིས་བདག་ཉིད་ཀྱང་། སེམས་དཔའ་གསུམ་རིམ་གྱིས་འོད་གསལ་དུ་ཞུགས་པ་དེ་བྱས་ན། རྡོ་རྗེ་ཡེ་ཤེས་ནམ་མཁའ་དང་མཉམ་པར་འགྱུར་རོ། །དེ་གང་ཞེ་ན། ཁཾ་ཞེས་པ་འོད་གསལ་བའོ། །དེ་ནས་ཅིར་འགྱུར་ཞེ་ན། སངས་རྒྱས་ཏེ་རྣམ་སྣང་ལ་སོགས་པའི་ངོ་བོ་ཉིད་ཀྱི་གཟུགས་ལ་སོགས་པའི་ཕུང་པོ་དང་། བྱང་ཆུབ་སེམས་དཔའ་སྟེ་སའི་སྙིང་པོ་ལ་སོགས་པའི་ངོ་བོ་ཉིད་ཀྱི་མིག་ལ་སོགས་པ་རྣམས། རྡོ་རྗེ་ཕྲེང་བར། གཟུགས་ཕུང་རྟོགས་པ་ཞེས་སོགས་ཀྱི་རིམ་པས། ཡང་དང་ཡང་དུ་སྟེ་སྐད་ཅིག་རེ་རེ་ཞིང་འོད་གསལ་དུ་ཉེ་བར་འཕྲོག་ཅིང་ཞུ་བས་ན་མཆོད་པ་དང་། སྐལ་པ་གསུམ་ནི། ཤེས་རབ་དང་། ཐབས་དང་། ཉེར་ཐོབ་གསུམ་ཡིན་ལ། དེ་དང་མཉམ་པར་གྱུར་ཅིང་ཞུ་བར་གྱུར་པས་ན་དམ་ཚིག་སྟེ། འོད་གསལ་ལ་གནས་ནས། སངས་རྒྱས་ཏེ་ཡེ་ཤེས་གསུམ་གྱིས་ཀྱང་གཟིགས་པར་མི་འགྱུར་བ་སྟེ། སྣང་བ་མེད་པའི་ངོ་བོ་ཉིད་དུ་གནས་པའོ། །ནམ་མཁའ་རྡོ་རྗེ་ནི་འོད་གསལ་བའོ། །དེ་ལས་བྱུང་བས་ན། ནམ་མཁའ་རྡོ་རྗེའི་དམ་ཚིག་སྟེ། རྡོ་རྗེ་འཆང་ཆེན་པོའོ། །ཏིང་ངེ་འཛིན་གྱི་མཚན་ཉིད་ཀྱིས་འོད་གསལ་ལས་ལྡང་བའི་རིམ་པ་བསྟན་པ་ནི། སྐུ་གསུང་ཐུགས་ནི་སྒྱུ་ལུས་ཕྱག་རྒྱ་ཆེན་པོའོ། །དེའི་མི་སྣང་བ་ནི་འོད་གསལ། དེ་ལས་བྱུང་བར་གྱུར་པས་ན་འབྱུང་བའོ། །བཀོད་པ་ནི་གཡོ་བ་དང་མི་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཟུང་འཇུག་ཡེ་ཤེས་ཀྱི་སྐུའོ། །དེའི་ཕྲེང་བ་ནི་གདུལ་བྱའི་བསམ་པ་ཇི་ལྟར་བ་བཞིན་དུ་རྣམ་སྣང་ལ་སོགས་པའི་སྤྲུལ་སྐུར་བསྒྱུར་བའོ། །དེ་དག་ལ་རྩེ་གཅིག་ཏུ་དམིགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་དག་གི་དོན་རྒྱས་པར་བཤད་པ་ནི། ཟུང་འཇུག་ལ་གནས་པའི་རྣལ་འབྱོར་པས། ནམ་མཁའ་རྡོ་རྗེ་སྟེ་འོད་གསལ་བའི་དབུས་ལས་བྱུང་བའི་རང་སྔགས་སྐྱེས་བུ་སྟེ། ཟུང་འཇུག་གི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བསམ་པ་སྟེ་བསྒོམ་ལ། དེའི་འོག་ཏུ་སེམས་ཅན་ཐ་མལ་པའི་ཡུལ་དུ་གྱུར་པའི་སྤྲུལ་པའི་སྐུ་བཟུང་སྟེ། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས། ལས་རྒྱལ་མཆོག་རྡོ་རྗེ་བཟླས་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་ནི་སྙིང་ཁར་རྡོ་རྗེ་ཧཾ་ཞེས་པ་བཞག་སྟེ་ཞེས་པ། འབྱུང་འཇུག་གནས་གསུམ་མི་ཤིགས་པ་ཧའི་རྩ་བ་ནས་སྒྲའི་དེ་ཁོ་ན་ཉིད་ནམ་མཁའ་དང་འདྲ་བར་ཤེས་པར་བྱས་ཏེ། འོད་ཟེར་རྣམ་པར་བསྒོམ་ཞེས་པ་རླུང་སྔགས་དབྱེར་མི་ཕྱེད་པའི་སྒོ་ནས། གཡས་པ་ནས་པད་མ་མགོན་པོ་དགུ་བརྒྱ་པ་ཕྲག་གཅིག་རྒྱུ་བའི་དུས་སུ། དབང་གི་ལས་བྱེད་པ་སོགས་མགོན་པོ་བཞིའི་རླུང་རྒྱུ་བ་ན། ཕྲིན་ལས་བཞིའི་སྒོ་ནས་སེམས་ཅན་གྱི་དོན་བྱའོ་ཞེས་པའོ། །ཧཾ་ཞེས་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་རླུང་གི་རྩ་བ་འོད་གསལ་སྟོན་པའོ། །དེ་ལྟར་བསྒོམ་པའི་རྣལ་འབྱོར་པ་དེས་ཕན་ཡོན་ཅི་འཐོབ་ཅེ་ན། དེ་ལྟར་བསྒོམ་པ་པོ་དེ་ནི་འོད་གསལ་ལས་བྱུང་ཞིང་། ཕྱིར་མི་ལྡོག་པ་རྣམས་ཀྱི་ལོངས་སྤྱོད་པས་ན་འཇམ་དཔལ་དམ་ཚིག་ལོངས་སྤྱོད་དེ། ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་ཐོབ་ནས། སྤྲུལ་པའི་སྐུ་གསུང་ཐུགས་མངའ་བའི་རྡོ་རྗེ་ཅན། ས་བཅུ་སྟེ་འོད་ཟེར་བཅུ་ལ་གནས་པ་བྱང་ཆུབ་དོན་དམ་པ་དང་། སེམས་ཅན་ཀུན་རྫོབ་ཀྱི་བདེན་པ་གཉིས་དབྱེར་མི་ཕྱེད་པའི་བདག་ཉིད་ཅན་གྱི་ཟུང་འཇུག་དེར་འགྱུར་རོ། །ཏིང་ངེ་འཛིན་གྱི་མཚན་གྱི་གཞུང་ཉེ་བར་བསྡུ་བ་ནི། བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་སྐུ་ནི་བྱང་ཆུབ་སེམས་དཔའི་ཡེ་ཤེས་སོ། །དེ་ཉིད་འདའ་བར་མི་བྱ་བས་ན་དམ་ཚིག་གོ །ཁམས་གསུམ་པ་རྣམས་ཚིམ་པར་བྱེད་པས་ན་ཟླ་བའོ། །འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱེད་པས་ན་རྡོ་རྗེའོ། །དེ་བསྐྱེད་པར་བྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །མངོན་ཤེས་སྒྲུབ་པའི་ཆོ་ག་ལ་གཉིས་ཏེ། བསྐྱེད་རིམ་པའི་མངོན་ཤེས་སྒྲུབ་པ་དང་། རྫོགས་རིམ་པའི་མངོན་ཤེས་སྒྲུབ་པའོ། །བསྐྱེད་རིམ་པའི་མངོན་ཤེས་སྒྲུབ་པ་ལ་གཉིས་ཏེ། སྐྱེ་མཆེད་ལ་བྱང་ཆུབ་སེམས་དཔའ་བཀོད་དེ། མངོན་ཤེས་སྒྲུབ་པའི་ཕན་ཡོན་དང་བཅས་པ་དང་། དེ་བཞིན་གཤེགས་པ་བཀོད་དེ་སྒྲུབ་པ་ཕན་ཡོན་དང་བཅས་པའོ། །དང་པོ་ལ་ལྔ་ཡོད་པའི་མིག་གི་མངོན་ཤེས་སྒྲུབ་པའི་ཆོ་ག་ནི། ནང་ལ་མཆོག་ཏུ་གཞོལ་བ་ཐུན་མོང་གི་བསྙེན་པ་མཐར་ཕྱིན་པར་བྱས་པའི་རྣལ་འབྱོར་པས། མིག་གི་མངོན་ཤེས་སྒྲུབ་པར་འདོད་ན། ཁྱད་པར་བརྒྱད་དང་ལྡན་པས་བསྒྲུབ་པར་བྱ་སྟེ། དེ་ལ་ཡུལ་གྱི་ཁྱད་པར་ནི། གང་བལྟ་བར་འདོད་པའི་ཡུལ་ཕྱོགས་སོ། །གནས་ཀྱི་ཁྱད་པར་ནི། རྣམ་པར་དབེན་པའི་རི་བོའམ། ཡིད་དང་མཐུན་པའི་གནས་སོ། །དུས་ཀྱི་ཁྱད་པར་ཟླ་བ་ཡར་གྱི་ངོའོ། །ཉིན་ཞག་གི་དུས་ནི་སྲོད་ལ་བྱའོ། །ཕྱོགས་ཀྱི་ཁྱད་པར་ནི་གང་བལྟ་བར་འདོད་པའི་ཕྱོགས་སུ་ཁ་བལྟའོ། །ཁ་དོག་གི་ཁྱད་པར་བསྟན་པ་དང་མཐུན་ནོ། །བསམ་པའི་ཁྱད་པར་ནི་ཡུལ་དེ་བལྟ་བར་འདོད་པའོ། །ཆོ་གའི་ཁྱད་པར་ནི་སྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བ་ཅན་གྱི་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ནས། དེར་ལྷག་མོས་བསྡུ་བ་སྔོན་དུ་འགྲོ་བ་ཅན་གྱི་རྣལ་འབྱོར་བཞིས་རང་གི་ལྷག་པའི་ལྷའི་སྐུར་བསྐྱེད་པ་ནི་དང་པོ་སྦྱོར་བའོ། །དེ་ནས་རང་རིགས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས། ཆོ་ག་གསུམ་གྱིས་ལྷ་རྣམས་བསྐྱེད་དེ། རང་རང་གི་གནས་སུ་བཀོད་པ་ནི་དཀྱིལ་འཁོར་རྒྱལ་མཆོག་གོ །ལས་རྒྱལ་མཆོག་ནི། མིག་གཉིས་ཀ་སྦུབས་སྟོང་པར་བསྒོམ་ལ། དེར་ཡི་གེ་ཐིག་ལེ་ཉི་ཟླའི་འོད་ཟེར་འབར་བ་བསྐྱེད་ལ། དེ་སའི་སྙིང་པོའི་རང་བཞིན་ཏུ་བསྒོམས་ཏེ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་ཡུལ་ཕྱོགས་གཞན་གྱི་གང་ལྟ་བ་འདོད་པའི་དངོས་པོ་དེ་ཤིན་ཏུ་གསལ་བར་ཡིད་ལ་བྱས་ནས། ཞག་བདུན་ལ་སོགས་པའི་བར་དུ་ཐུན་བཞིར་བསྒོམ་ན། གང་བལྟ་བར་འདོད་པའི་དངོས་པོ་དེ་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་དུ་མཐོང་བར་འགྱུར་རོ། །ཚིག་གི་དོན་ནི་ཉི་ཟླའི་འོད་ཟེར་འབར་བའི་ཡི་གེ་ཐིག་ལེ་བསྒོམ་མོ། །གང་དུ་ན། ནམ་མཁའི་དབྱིངས་ཀྱི་དབུས་ཏེ། མིག་གཉིས་ཀྱི་སྦུབས་སྟོང་པར་བྱས་པའི་ཁོང་སྟོང་དུའོ། །ཇི་ལྟར་ན་རྡོ་རྗེ་ལུས་ཏེ་སའི་སྙིང་པོ་རང་བཞིན་དུའོ། །ཐིག་ལེ་དེ་ནི་མཚོན་ཆའི་མཆོག་ཅེས་བྱ་སྟེ། དེ་ལས་བྱུང་བའི་མིག་གིས་བགེག་གི་མཆོག་དབང་པོ་ལ་སོགས་པའི་ཚོགས་འཇོམས་པའི་ཕྱིར་རོ། །དེ་ལྟར་བསྒོམས་པས་ཕན་ཡོན་ཅི་འཐོབ་ཅེ་ན། རྡོ་རྗེའི་སྐུ་སྟེ་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་གནས་པའི་དངོས་པོ་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་དུ་མཐོང་བར་འགྱུར་རོ། །ཐིག་ལེ་ཞེས་པ་ནི་བཤད་མ་ཐག་པ་དོན་སྟོན་པའི་ས་བོན་ནོ། །ནམ་མཁའ་རྡོ་རྗེའི་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོའོ། །བཀོད་པ་ནི་ཕྱག་རྒྱ་ཆེན་པོའོ། །དེ་ནི་སའི་སྙིང་པོ་ལ་སོགས་པའི་གནས་ཡིན་པས། ནམ་མཁའ་རྡོ་རྗེའི་དམ་ཚིག་བཀོད་པའི་གནས་ཞེས་བྱ་སྟེ། ཏིང་ངེ་འཛིན་དེ་སྟོན་པ་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ལྟར་བཤད་མ་ཐག་པ་དང་། འོག་ནས་འཆད་པའི་ལྷ་མིའི་མིག་དང་རྣ་བ་ལ་སོགས་པ་བསྒོམ་པའི་རྣལ་འབྱོར་པ་དེ་ནི། མངོན་ཤེས་ལྔ་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ། །གང་གི་སྒོ་ནས་ཞེ་ན། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་མངོན་ཤེས་དམ་ཚིག་མཆོག་སྟེ། ལྷའི་མིག་ལ་སོགས་པའི་མངོན་ཤེས་རྣམས་ཀྱི་སྒོ་ནས་སོ། །བཤད་མ་ཐག་པའི་ལྷའི་མིག་གི་མངོན་ཤེས་འདི་ནི། སངས་རྒྱས་ཏེ་རང་གི་སེམས་ཇི་ལྟ་བ་བཞིན་དུ་མངོན་པར་ཤེས་པའི་རྣལ་འབྱོར་པ་ཆེན་པོ་རྣམས་ཀྱི་རང་དང་གཞན་གྱི་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་མཆོག་གམ་གཙོ་བོ་ཡིན་ནོ། །ལྷའི་རྣ་བའི་མངོན་ཤེས་སྒྲུབ་པའི་ཆོ་ག་ནི། བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས། སྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བའི་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ལ། དེར་ལྷག་མོས་བསྡུ་བ་སྔོན་དུ་འགྲོ་བ་ཅན་གྱི། སངས་རྒྱས་དཀྱིལ་འཁོར་རྣམ་པར་བསམ། ཞེས་པ་རྣལ་འབྱོར་བཞིས་རང་གི་ལྷག་པའི་ལྷ་གང་ཡིན་པ་བསྐྱེད་ཅེས་པའམ། ཡང་ན་རྡོ་རྗེ་སེམས་དཔའ་སྟེ་རྡོ་རྗེ་འཆང་ཆེན་པོར་བསྒོམ་ལ། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་དེ། ལས་རྒྱལ་མཆོག་ནམ་མཁའི་དབྱིངས་ཀྱི་དབུས་ཏེ། རྣ་བའི་གནས་སྟོང་པར་བསྒོམས་པའི་དབུས་སུ། ཡེ་ཤེས་ཏེ་ཕྱག་ན་རྡོ་རྗེའི་ས་བོན་ཡི་གེ་ༀ་བསྒོམ་པར་བྱ་ཞིང་། དེ་ཉིད་རྡོ་རྗེ་གསུམ་སྟེ་ཕྱག་ན་རྡོ་རྗེའི་རང་བཞིན་དུ་བསྒོམ་ལ། གང་ཉན་པར་འདོད་པའི་སྒྲའི་ཚོགས་རྣམས་རྣ་བའི་དྲུང་དུ་གྲགས་པ་བཞིན་དུ་ཡིད་ལ་བྱས་ནས་ཞག་བདུན་ལ་སོགས་པའི་བར་དུ་ཐུན་བཞིར་བསླབ་པར་བྱའོ། །དེ་ལས་ཅིར་འགྱུར་ཞེ་ན། མི་བསྐྱོད་རྡོ་རྗེ་གསུམ་སྟེ། རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་གནས་པའི་སྒྲའི་ཚོགས་ཐམས་ཅད་རྣ་བའི་དྲུང་དུ་དྲག་པའི་སྒྲ་གཅིག་བཞིན་དུ་ཐོས་པར་འགྱུར་རོ། །རྡོ་རྗེ་མི་བསྐྱོད་ནི་རྡོ་རྗེ་འཆང་ཆེན་པོའོ། །གཞན་ཡང་རྡོ་རྗེའི་སྐུ་ཐོབ་པས་ན་མི་བསྐྱོད་པ་སྟེ། རྡོ་རྗེ་འཆང་ཆེན་པོའི་སྐུ་དང་འདྲ་བ་དང་། ཐ་མལ་པ་མ་ཡིན་པའི་གསུང་དང་ཐུགས་འཛིན་པས་ན་གསུང་དང་ཐུགས་མཆོག་འདྲ་བར་འཛིན་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མི་བསྐྱོད་རྡོ་རྗེ་སྟེ། རྣ་བ་ལ་གནས་པའི་ཕྱག་ན་རྡོ་རྗེ་བསྙེན་ཅིང་མཆོད་པར་འགྱུར་རོ། །མི་བསྐྱོད་པའི་དམ་ཚིག་མངོན་པར་འབྱུང་བའི་རྡོ་རྗེ་ནི། ཕྱག་ན་རྡོ་རྗེ་སྟེ་ཏིང་ངེ་འཛིན་དེ་སྟོན་པ་ལ་ཡང་དེ་སྐད་ཅེས་བྱའོ། །སྣའི་མངོན་ཤེས་བསྒྲུབ་པའི་ཆོ་ག་ནི། ཐུན་མོང་གི་བསྙེན་པ་མཐར་ཕྱིན་པའི་རྣལ་འབྱོར་པས། ཆོ་ག་གཞན་རྣམས་སྔར་དང་འདྲ་ལ། ཆོ་གའི་ཁྱད་པར་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ནས། དེར་ལྷག་མོས་མཛད་པ་དང་བཅས་པ་བསྒོམས་ནས། ལྷག་མོས་དོན་དམ་པའི་དཀྱིལ་འཁོར་དུ་བཅུག་པའི་དེ་བཞིན་ཉིད་ལས་བྱང་ཆུབ་པ་ནི། ནམ་མཁའི་དབྱིངས་ཀྱི་དབུས་སུ་ཞེས་པའོ། །དེ་ནས་རྣལ་འབྱོར་བཞིས་རང་གི་ལྷག་པའི་ལྷ་ག ང་ཡིན་དུ་བསྐྱེད་པའམ། རྡོ་རྗེ་འཆང་ཆེན་པོར་བསྐྱེད་པའི་དང་པོའི་སྦྱོར་བ་ནི། སངས་རྒྱས་དཀྱིལ་འཁོར་འོད་བཟང་བསམ། །ཞེས་པའོ། །དེའི་འོག་ཏུ་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས། ལས་རྒྱལ་མཆོག་ནམ་མཁའི་རྡོ་རྗེ་སྟེ་ནམ་མཁའི་སྙིང་པོའི་རང་བཞིན་སྣའི་དབང་པོ་སྟོང་པར་བསྒོམ་ལ་དེར་རིན་ཆེན་སྟེ་ནམ་མཁའི་སྙིང་པོའི་ས་བོན་ཡི་གེ་ༀ་བསམ་མོ། །དེ་ཉིད་རྡོ་རྗེ་དམ་ཚིག་གསུམ་སྟེ་ནམ་མཁའི་སྙིང་པོའི་རང་བཞིན་དུ་བསྒོམ་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་དྲི་རབ་འབྲིང་ཐ་མ་གསུམ་པོ་རྣམས་སྣའི་དྲུང་ན་གནས་པ་བཞིན་དུ་གསལ་པོར་ཡིད་ལ་བྱས་ནས་ཞག་བདུན་ལ་སོགས་པའི་བར་དུ་བསྒོམ་པར་བྱའོ། །དེས་ཅིར་འགྱུར་ཞེ་ན། རྡོ་རྗེ་གསུམ་གྱི་དཔལ་ཏེ་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་གནས་པའི་དྲི་ཐམས་ཅད་ལ་སྤྱོད་པར་འགྱུར་རོ། །དཀོན་མཆོག་དཔལ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེས་དེ་སྐད་ཅེས་བཀའ་བསྩལ་ཏོ། །

གཞན་ཡང་དེ་ལྟར་བསྒོམ་པའི་རྣལ་འབྱོར་ནི། ཐ་མལ་པ་མ་ཡིན་པའི་སྐུ་གསུང་ཐུགས་དང་རྡོ་རྗེ་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱི་དཀོན་མཆོག་དཔལ་གྱི་འོད་འདྲ་བས་ཏེ། དཀོན་མཆོག་དཔལ་དང་རྫུ་འཕྲུལ་འདྲ་བར་འགྱུར་རོ། །བདག་མེད་བྱང་ཆུབ་ནི་འོད་གསལ་བའོ། །ཡེ་ཤེས་ནི་སྟོང་པ་བཞིའི་བདག་ཉིད་ཀྱི་རྡོ་རྗེ་འཆང་ཆེན་པོའི་སྐུའོ། །དེ་ཉིད་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པས་ན་གསང་བ་སྟེ། སྒྲུབ་པ་པོ་དེ་ནི་དེ་ལྟ་བུའི་རྡོ་རྗེ་འཆང་ཆེན་པོའི་སྐུ་དང་འདྲ་བར་གནས་པར་འགྱུར་རོ། །དྲི་རྣམ་པ་གང་གིས་ལོངས་སྤྱོད་ཅིང་མྱོང་བ་དེ་ནི། རིན་པོ་ཆེའི་དམ་ཚིག་ལོངས་སུ་སྤྱོད་པའི་རྡོ་རྗེ་སྟེ་ནམ་མཁའི་སྙིང་པོ་ཡིན་ལ། དེ་བསྐྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྕེའི་མངོན་པར་ཤེས་པ་བསྒྲུབ་པའི་ཆོ་ག་ནི། ཐུན་མོང་གི་བསྙེན་པ་ལ་མཐར་ཕྱིན་པའི་རྣལ་འབྱོར་པས། ལྕེའི་མངོན་ཤེས་སྒྲུབ་པར་འདོད་ན། གཞན་རྣམས་སྔར་དང་འདྲ་ལ། ཆོ་གའི་ཁྱད་པར་སྲུང་འཁོར་སྔོན་དུ་འགྲོ་བ་ཅན་གྱི་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་དེར་ལྷག་མོས་བསྡུ་བ་སྔོན་དུ་འགྲོ་བས། རྣལ་འབྱོར་བཞིའི་སྒོ་ནས། རང་གི་ལྷག་པའི་ལྷ་གང་རུང་དུ་བསྐྱེད་པའམ། རྡོ་རྗེ་འཆང་ཆེན་པོར་བསྐྱེད་པ་དང་པོ་སྦྱོར་བ་ནི། ནམ་མཁའི་དབྱིངས་ཞེས་པ་རྐང་པ་གཉིས་སོ། །དེའི་འོག་ཏུ་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས་ལས་རྒྱལ་མཆོག་ལྕེའི་དབང་པོའི་གནས་འཇིག་རྟེན་དབང་ཕྱུག་སྟེ་འོད་གསལ་བར་བསྒོམ་ལ། དེར་ཆོས་ཏེ་འཇིག་རྟེན་དབང་ཕྱུག་བསྐྱེད་པའི་ས་བོན་ཡི་གེ་ༀ་བསྒོམ་ཞིང་། དེ་ཉིད་རྡོ་རྗེ་དམ་ཚིག་གསུམ་སྟེ་འཇིག་རྟེན་དབང་ཕྱུག་གི་ངོ་བོར་བསྒོམས་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་རོ་རབ་འབྲིང་ཐ་མ་གསུམ་ལྕེའི་དབང་པོའི་དྲུང་ན་གནས་པ་བཞིན་དུ་གསལ་པོར་ཡིད་ལ་བྱས་ཏེ། ཞག་བདུན་ལ་སོགས་པར་བསྒོམ་པར་བྱའོ། །དེ་ལས་ཅི་འགྱུར་ཞེ་ན། རྡོ་རྗེ་གསུམ་དཔག་མེད་དེ། རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་རོ་ཐམས་ཅད་རྗེས་སུ་མྱོང་བར་འགྱུར་རོ། །གཞན་ཡང་དེ་ལྟར་བསྒོམ་པ་དེ་ནི། ལུས་ལ་སོགས་པའི་གཟི་བརྗིད་འོད་དཔག་མེད་དང་འདྲ་བར་འགྱུར་ཞིང་། དབང་པོ་དམན་པ་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཐོབ་པར་བྱེད་པའི་ཐབས་སྟོན་པར་བྱེད་པས་ན་ཐེག་ཆེན་ལམ་ནི་འབྱུང་བར་འགྱུར་བའོ། །རྡོ་རྗེ་འོད་དཔག་མེད་ནི་རྡོ་རྗེ་འཆང་ཆེན་པོའོ། །དེས་དེ་སྐད་ཅེས་བཀའ་བསྩལ་ཏོ། །ཡོན་ཏན་དཔག་ཏུ་མེད་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ལ་ཁམས་གསུམ་ན་གནས་པའི་རོ་ཐམས་ཅད་ལྕེའི་དྲུང་ན་གནས་པའི་རོ་གཅིག་འདྲ་བར་སྤྱོད་པ་ནི་འོད་དེ། དེས་མཛེས་པར་གྱུར་པའི་དཔལ་གང་ཡིན་པ་དེ་ནི་ཡོན་ཏན་དཔག་ཏུ་མེད་པའི་འོད་ཀྱི་དཔལ་ཏེ། འཇིག་རྟེན་དབང་ཕྱུག་ཡིན་ལ། དེ་བསྐྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ལུས་ཀྱི་མངོན་ཤེས་བསྒྲུབ་པའི་ཆོ་ག་ལ་བསྙེན་པ་མཐར་ཕྱིན་པའི་རྣལ་འབྱོར་པས་ལུས་ཀྱི་མངོན་ཤེས་བསྒྲུབ་པར་འདོད་ན། གཞན་རྣམས་སྔར་དང་འདྲ་ལ། རྣལ་འབྱོར་བཞིས་རང་གི་ལྷག་པའི་ལྷ་གང་རུང་དུ་བསྐྱེད་པའམ། རྡོ་རྗེ་འཆང་ཆེན་པོར་བསྐྱེད་པའི་དང་པོ་སྦྱོར་བ་ནི། ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། །སངས་རྒྱས་དཀྱིལ་འཁོར་དམ་པ་བསམ། །ཞེས་པའོ། །དེའི་འོག་ཏུ་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས་ལས་རྒྱལ་མཆོག་ནི། རྡོ་རྗེ་ཉིད་ཁ་ཟུམ་པའི་རྣམ་པས་ཨུཏྤལ་དང་འདྲ་བས་ན། རྡོ་རྗེ་ཨུཏྤལ་ཏེ། དེ་ཉིད་འོད་གསལ་དུ་བསྒོམ་པ། དེར་དམ་ཚིག་སྟེ་སྒྲིབ་པ་རྣམ་སེལ་བསྐྱེད་པའི་ས་བོན་ཡི་གེ་ༀ་བསྒོམ་ཞིང་། དེ་ཉིད་རྡོ་རྗེ་དམ་ཚིག་གསུམ་སྟེ་སྒྲིབ་པ་རྣམ་སེལ་གྱི་ངོ་བོར་བསྒོམས་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་རེག་བྱ་ཐམས་ཅད་རང་གི་ཕྱག་རྒྱའི་པད་མར་རྟོགས་པའི་རེག་བྱ་དང་འདྲ་བར་གསལ་པོར་ཡིད་ལ་བྱས་ནས། ཞག་བདུན་ལ་སོགས་པར་བསྒོམ་པར་བྱའོ། །དེ་ལས་ཅིར་འགྱུར་ཞེ་ན། རྡོ་རྗེ་གདོན་མི་ཟ་བ་སྟེ། རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་གནས་པའི་རེག་བྱ་དཔག་ཏུ་མེད་པ་རྣམས་ཕྱག་རྒྱ་གཅིག་གིས་པད་མར་རྟོགས་པའི་རེག་བྱ་དང་འདྲ་བར། རྗེས་སུ་མྱོང་བར་འགྱུར་རོ། །གཞན་ཡང་དེ་ལྟར་བསྒོམས་པ་དེ་ནི། ལུས་ལ་སོགས་པ་རྡོ་རྗེ་ཐོགས་མེད་དེ་དོན་ཡོད་གྲུབ་པ་དང་འདྲ་བའི་འོད་དམ་གཟི་བརྗིད་དང་ལྡན་པར་འགྱུར་རོ། །འདི་ལ་མཆོག་ཏུ་དགའ་བའི་བདེ་བ་ཡོད་པས་ན་དཔལ་ལྡན། སྒྲིབ་པ་རྣམ་སེལ་གྱི་འབྱུང་གནས་སུ་གྱུར་པས་ན་ཡེ་ཤེས་རྒྱ་མཚོ་སྟེ། དོན་ཡོད་གྲུབ་པ་ཡིན་ལ། དེ་དང་འདྲ་བར་སེམས་ཅན་ཐམས་ཅད་ཀྱི་དོན་ཀུན་འབྱུང་ཞིང་བསྐྱེད་པའི་མཚན་ཉིད་ཅན་དུ་འགྱུར་རོ། །རྡོ་རྗེ་གདོན་མི་ཟ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །གདོན་མི་ཟ་བའི་དམ་ཚིག་ནི་དོན་ཡོད་གྲུབ་པ་སྟེ། དེ་ལས་བྱུང་བའི་ཡེ་ཤེས་ཀྱི་མཆོག་ནི་སྒྲིབ་པ་དང་རྣམ་སེལ་ལོ། །དེའི་འོད་ཟེར་ནི་དེ་དང་འདྲ་བར་འབྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་སྟེ། དེ་གང་ན་འབྱུང་བའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པར་སྣ་ལྕེ་ལུས་གསུམ་ཡུལ་དང་ཕྲད་ནས་འཛིན་པས། དེ་དག་ལ་མངོན་ཤེས་བསྒྲུབ་དུ་མི་རུང་བར་བཤད་ཅིང་། འདིར་དེ་དག་ལ་ཡང་མངོན་ཤེས་སྒྲུབ་པར་བཤད་པ་ནི་རྡོ་རྗེ་ཐེག་པའི་ཐབས་ལ་མཁས་པའི་ཁྱད་པར་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་བཀོད་པའི་མངོན་ཤེས་བསྒྲུབ་པའི་ཆོ་ག་ལ་གསུམ་གྱི། རྣམ་པར་སྣང་མཛད་བཀོད་པས་མིག་གི་མངོན་ཤེས་བསྒྲུབ་པའི་ཆོ་ག་ནི། བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས། མིག་གི་མངོན་ཤེས་བསྒྲུབ་པར་འདོད་ན། གཞན་རྣམས་སྔོན་དང་འདྲ་ལ། ཆོ་གའི་ཁྱད་པར་རྣལ་འབྱོར་བཞིས་རང་གི་ལྷག་པའི་ལྷ་གང་ཡིན་པ་བསྐྱེད་པའམ། རྡོ་རྗེ་འཆང་ཆེན་པོར་བསྐྱེད་པའི་དང་པོའི་སྦྱོར་བ་ནི། ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། །སངས་རྒྱས་དཀྱིལ་འཁོར་འོད་བཟང་བསམ། །ཅེས་པའོ། །དེ་ནས་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་དེ། ལས་རྒྱལ་མཆོག་ནི། མིག་གི་དབང་པོའི་གནས་རྡོ་རྗེ་རྣམ་སྣང་སྟེ། འོད་གསལ་བར་བསྒོམ་ལ། དེར་སྐུ་གསུམ་སྟེ། རྣམ་པར་སྣང་མཛད་བསྐྱེད་པའི་ཡི་གེ་ༀ་བསྒོམ་ཞིང་། དེ་ཉིད་རྡོ་རྗེ་དམ་ཚིག་གསུམ་སྟེ་རྣམ་སྣང་གི་ངོ་བོར་བསྒོམས་ནས། དེ་ཡོངས་སུ་གྱུར་པ་ལས། མིག་གི་དབང་པོ་རྣམ་སྣང་གི་རང་བཞིན་དུ་བསམས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་གཟུགས་ཐམས་ཅད་མིག་གི་དབང་པོའི་དྲུང་ན་འདུག་པ་བཞིན་ཏུ་གསལ་པོར་ཡིད་ལ་བྱས་ནས། ཞག་བདུན་ལ་སོགས་པར་བསྒོམ་པར་བྱའོ། །དེ་ལས་ཅིར་འགྱུར་ཞེ་ན། རྣམ་པར་སྣང་མཛད་དེ། རྡོ་རྗེ་འཆང་ཆེན་པོ་དང་མཉམ་པར་འགྱུར་ཏེ་སྔ་མ་བཞིན་ནོ། །ཕན་ཡོན་བསྟན་པ་ནི། དེ་ལྟར་བསྒོམ་པའི་སྒྲུབ་པ་པོ་ནི། ལུས་ལ་སོགས་པའི་རྡོ་རྗེ་རྣམ་པར་སྣང་མཛད་དང་འདྲ་བའི་འོད་དེ་གཟི་བརྗིད་དང་ལྡན་ཞིང་། ཡེ་ཤེས་ཀྱི་ངོ་བོ་ཉིད་དང་། ཡེ་ཤེས་ལུས་ཀྱི་མངོན་པར་བྱང་ཆུབ་ཅིང་རྟོགས་པར་འགྱུར་བའི་ཕྱིར། ཡེ་ཤེས་རྫོགས་བྱང་ཆུབ་དང་སྐུ་གསུམ་དབྱེར་མེད་མི་ཕྱེད་པ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྒྲུབ་པར་བྱེད་ཅིང་ཐོབ་པར་འགྱུར་རོ། །ཏིིང་ངེ་འཛིན་གྱི་མཚན་བསྟན་པ་ནི། ལུས་ངག་སེམས་ཀྱིས་དམིགས་ཤིང་གཟུང་བས་ན། ལུས་དང་ངག་དང་ཡིད་དམིགས་པ་སྟེ། རྡོ་རྗེ་འཆང་ཆེན་པོའི་སྐུའོ། །དེ་ཉིད་མི་ཤིགས་པར་འབྱུང་བས་ན་རྡོ་རྗེ་སྟེ། ཏིང་ངེ་འཛིན་དེ་སྟོན་པ་ལ་ཡང་དེ་སྐད་ཅེས་བྱའོ། །གནས་ཕུན་སུམ་ཚོགས་པ་བསྟན་པ་ལ་གཉིས་ཀྱི། དྲང་དོན་དུ་བཤད་པ་ནི། གོང་དུ་བཤད་པའི་བསམ་གཏན་དེ་དག་གནས་གང་དུ་བསྒོམ་ཞེ་ན། སྐྱེ་བོ་འདུས་པ་དང་བྲལ་བའི་རྣམ་པར་དབེན་པའི་རི་བོ་མེ་ཏོག་འབྲས་བུ་ལ་སོགས་པས་བརྒྱན་པ་དང་། ཀླུང་དང་འབབ་ཆུ་དང་ལྡན་པའི་སྐྱེད་མོས་ཚལ་ལ་སོགས་པ་དང་། དུར་ཁྲོད་དང་། སོགས་པས་ཁང་སྟོང་དང་ཤིང་གཅིག་པ་དང་། ལྷ་ཁང་ལ་སོགས་པ་ཡིད་དང་མཐུན་པའི་གནས་རྣམས་སུ་སའི་སྙིང་པོའི་ཏིང་ངེ་འཛིན་ལ་སོགས་པ་གོང་དུ་བཤད་པའི་བསམ་གཏན་བསྡུས་པ་འདི་དག་བསྒོམ་མོ། །ངེས་དོན་དུ་བཤད་པ་ནི། གནས་དེ་དག་ཏུ་གྲོགས་གང་དང་ལྷན་ཅིག་བསྒྲུབ་ཅེ་ན། ནུ་མ་དང་རྐེད་པ་ལ་སོགས་རྒྱས་པ་དང་ལྡན་པའི་བུད་མེད་ཀྱི་རི་བོ་དང་། སྐྱེ་བོ་ཐམས་ཅད་ཀྱིས་ཐུན་མོང་དུ་སྤྱད་བྱར་གྱུར་པ་ཀླུང་དང་འབབ་ཆུ་དང་འདྲ་བའི་སྤྲུལ་འཚོང་མ་ལ་སོགས་པའི་བུད་མེད་དང་། དུར་ཁྲོད་དང་འདྲ་བར་འཇིག་རྟེན་གྱིས་སྨད་པའི་གདོལ་པ་དང་། ཁྲུས་མཁན་མོ་ལ་སོགས་པ་བུད་མེད་ཀྱི་འགྲོ་བ་རྣམས་དང་ལྷན་ཅིག་ཏུ་བསམ་གཏན་བསྡུས་པ་འདི་དག་བསྒོམ་མོ། །

མི་བསྐྱོད་པ་ལ་སོགས་པ་བཀོད་པས་བསྒྲུབ་པ་ནི། བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས། ཆོ་གའི་ཁྱད་པར་རྣལ་འབྱོར་བཞིས་རྡོ་རྗེ་འཆང་ཆེན་པོའམ། རང་གི་ལྷག་པའི་ལྷ་གང་རུང་བསྐྱེད་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས་ལས་རྒྱལ་མཆོག་རྣ་བའི་མངོན་ཤེས་བསྒྲུབ་པར་འདོད་ན་རྣ་བའི་སྦུབས་སྟོང་པར་བྱས་ནས། དེར་ༀ་བཀོད་དེ། མི་བསྐྱོད་པར་ཤེས་པར་བྱ། སྣ་ཡི་མངོན་ཤེས་གྲུབ་ན། སྣའི་སྦུབས་སྟོང་པར་བྱས་ནས། དེར་ༀ་བཀོད་དོ། །རིན་ཆེན་འབྱུང་ལྡན་དུ་ཤེས་པར་བྱ། ལྕེའི་མངོན་ཤེས་གྲུབ་ན་ལྕེའི་སྦུབས་སྟོང་པར་བྱས་ནས་དེར་ༀ་བཀོད་དོ། །འོད་དཔག་ཏུ་མེད་པར་ཤེས་པར་བྱ། ལུས་ཀྱི་མངོན་ཤེས་སྒྲུབ་ན། རྡོ་རྗེའི་སྦུབས་སྟོང་པར་བྱས་ནས། དེར་ༀ་བཀོད་དོ། །དོན་ཡོད་གྲུབ་པའི་རང་བཞིན་དུ་ཤེས་པར་བྱས་ནས། ཞག་བདུན་ལ་སོགས་པར་བསྒོམས་ན། སྔར་བཤད་པ་ལྟར་ལྷའི་རྣ་བའི་མངོན་ཤེས་ལ་སོགས་པ་ཐོབ་པར་འགྱུར་རོ། །ཚིག་གི་དོན་ནི་བསམ་པར་བྱའོ། །གང་ཞེ་ན། མི་བསྐྱོད་པ་དང་། སོགས་པའི་སྒྲས་རིན་འབྱུང་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པའི་རང་བཞིན་གྱི་ཡི་གེ་ༀ་རྣམས་སོ། །གང་དུ་ན་རྡོ་རྗེ་ནམ་མཁའི་དཀྱིལ་དུ་སྟེ། རྣ་བ་དང་། སྣ་དང་། ལྕེ་དང་། རྡོ་རྗེའི་སྦུབས་རྣམས་འོད་གསལ་གྱིས་སྦྱངས་པའི་ཁོང་སྟོང་དེར་རོ། །ཇི་ལྟར་བསྒོམ་ན་རྣ་བ་ལ་སོགས་པའི་སྐྱེ་མཆེད་ལ་གནས་པའི་ཡི་གེ་ༀ་དེ་རྣམས་གོ་རིམ་བཞིན་དུ། སངས་རྒྱས་མཆོག་སྟེ་མི་བསྐྱོད་པ་ལ་སོགས་པ་བཞིའི་རང་བཞིན་དུ་བསྒོམ་མོ། །ལྷའི་རྣལ་འབྱོར་གང་སྔོན་དུ་འགྲོ་བས་བསྒོམ་ཞེ་ན། མངོན་ཤེས་ལྔའི་སྦྱོར་བ་སྟེ། རྡོ་རྗེ་འཆང་ཆེན་པོའམ། རང་གི་ལྷག་པའི་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་སོ། །དམ་ཚིག་ཆེན་པོ་རྡོ་རྗེ་མངོན་པར་མཁྱེན་པ་ནི་རྡོ་རྗེ་འཆང་ཆེན་པོའོ། །རྫོགས་རིམ་པའི་མངོན་ཤེས་བསྒྲུབ་པ་ལ་གཉིས་ལས། ཡན་ལག་གི་རླུང་ལྔའི་བཟླས་པ་ནི། ཟུང་འཇུག་ལ་གནས་པའི་རྣལ་འབྱོར་པ་མངོན་ཤེས་བསྒྲུབ་པའི་ཆོ་ག་ནི། སྒྱུ་ལུས་འོད་གསལ་དུ་བཅུག་སྟེ། ཟུང་འཇུག་ཏུ་བཞེངས་ནས། སྤྲུལ་སྐུར་བསྒྱུར་ཏེ། དཀྱིལ་འཁོར་རྒྱལ་མཆོག་དང་ལྡན་པས། ལས་རྒྱལ་མཆོག་ནི། བསམ་པ་འདི་ལྟར་བཏང་སྟེ་བདག་གིས་ཤེས་པར་བྱ་བའི་ཡུལ་ཕྱོགས་གཞན་གྱི་གཟུགས་ལ་སོགས་པའི་དངོས་པོ་རྣམས་ཀྱང་བདག་ཉིད་ཀྱི་རླུང་དང་རྣམ་ཤེས་ལས་མ་གཏོགས་པ་ལོགས་ན་གཞན་མེད་དེ། མིག་ལ་སོགས་པ་དབང་པོའི་ལམ་ལ་བརྟེན་པའི། རྒྱུ་བ་ལ་སོགས་པ་ཡན་ལག་གི་རླུང་རྣམ་པར་ཤེས་པ་དང་འདྲེས་པ་ལས། གཟུགས་སོགས་ཡུལ་ལྔའི་སྣང་བ་འབྱུང་བ་ཙམ་ཡིན་པའི་ཕྱིར་རོ་སྙམ་དུ་ཤེས་པར་བྱས་ནས། རླུང་འབྱུང་འཇུག་གནས་གསུམ་དང་། ཡི་གེ་འབྲུ་གསུམ་སྦྱར་ནས་རྡོ་རྗེའི་བཟླས་པ་བྱས་ཏེ། དེ་ཡང་ཧཱུྃ་གི་ཚུལ་གྱིས་ཡན་ལག་གི་རླུང་དང་རྣམ་ཤེས་འདྲེས་ཏེ། ཕྱི་རོལ་ཏུ་འཕྲོས་པས། ཡུལ་ཕྱོགས་གཞན་གྱི་གཟུགས་ལ་སོགས་པའི་དངོས་པོ་གསལ་བར་བསམས་ཏེ། དཔེར་ན་ཁང་ནང་གི་མར་མེའི་འོད་ཀློ་སྐར་ནས་ཕྱི་རོལ་ཏུ་འཕྲོས་པ་ལྟ་བུའོ། །ༀ་གྱི་ཚུལ་གྱིས་ནང་དུ་བསྡུས་ཙམ་ན། བལྟ་བྱའི་གཟུགས་ལ་སོགས་པ་མེད་པར་བསམས་ཏེ། དཔེར་ན་མར་མེ་གཞན་དུ་སྤོས་པས་ཀློ་སྐར་གྱི་འོད་མི་འབྱུང་བ་བཞིན་ནོ། །ཚུལ་དེ་ལྟར་མིག་ལ་སོགས་པའི་ལམ་ནས། ཟོ་ཆུན་གྱི་འཕྲུལ་འཁོར་ལྟར་ཉིན་དང་མཚན་དུ་བཟླས་པས་ཡུལ་ཕྱོགས་གཞན་ན་གནས་པའི་གཟུགས་ལ་སོགས་པ་ལག་མཐིལ་གྱི་སྐྱུ་རུ་ར་བཞིན་དུ་མཐོང་བར་འགྱུར་རོ། །

དེ་ཡང་མིག་གི་མངོན་ཤེས་བསྒྲུབ་པར་འདོད་ན། མིག་གི་ལམ་ན་རྒྱུ་བ་ཞེས་བྱ་བའི་ཡན་ལག་གི་རླུང་རྒྱུ་བ་ན། སྔར་བཤད་པའི་ཚུལ་གྱིས་རྡོ་རྗེའི་བཟླས་པ་བྱས་པས་མིག་གི་མངོན་ཤེས་ཐོབ་བོ། །རྣ་བའི་མངོན་ཤེས་བསྒྱུབ་ན། རྣ་བའི་སྐྱེ་མཆེད་ལ་གནས་པའི་རྣམ་པ་རྒྱུ་བ་ཞེས་བྱ་བའི་རླུང་ལ་སྔར་བཤད་པའི་ཚུལ་གྱིས་རྡོ་རྗེའི་བཟླས་པ་བྱས་པས་རྣ་བའི་མངོན་ཤེས་ཐོབ་པར་འགྱུར་རོ། །དེ་བཞིན་དུ་སྣ་དང་ལྕེ་དང་ལུས་ལ་གནས་པའི་ཡན་ལག་གི་རླུང་རྣམས་ལ་རྡོ་རྗེའི་བཟླས་པ་བྱས་ན་དེ་དང་དེའི་མངོན་ཤེས་ཐོབ་པར་འགྱུར་རོ། །དེ་དག་ནི་ཡན་ལག་གི་རླུང་གི་བཟླས་པའི་སྒོ་ནས་མངོན་ཤེས་སྒྲུབ་པའི་ཆོ་ག་ཡིན་ནོ། །དལ་བའི་རླུང་གིས་བཟླས་པའི་སྒོ་ནས་མངོན་ཤེས་སྒྲུབ་པའི་ཆོ་ག་ནི། རྟེན་ཟུང་འཇུག་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས་ལས་རྒྱལ་མཆོག་མིག་ལ་སོགས་པ་དབང་པོའི་སྒོ་ནས་གཡས་མེའི་དཀྱིལ་འཁོར་ལ་སོགས་པ་མགོན་པོ་བཞིའི་རླུང་སྤྲོས་ཏེ། སྔར་བཤད་པའི་ཚུལ་གྱིས་རྡོ་རྗེའི་བཟླས་པ་བྱས་པས། མིག་གི་མངོན་ཤེས་ལ་སོགས་པ་ཐོབ་པར་འགྱུར་རོ་ཞེས་སྡོག་བཞེད་དོ། །

གཞན་དག་ན་རེ། རྩ་བ་དང་ཡན་ལག་གི་རླུང་ཐ་དད་པའི་སྒོ་ནས་མངོན་ཤེས་བསྒྲུབ་པ་མ་ཡིན་ཏེ། སྔར་བཤད་པ་ལྟར་ཡན་ལག་གི་རླུང་ལ་རྡོ་རྗེ་བཟླས་པ་བྱེད་ལ་དེའི་ཚེ། རྩ་བའི་རླུང་གི་རྡོ་རྗེ་བཟླས་པ་ཡང་བྱེད་དེ། དེ་བས་ན་བཟླས་པ་གཉིས་པ་དུས་གཅིག་ཏུ་བྱས་པས། མངོན་ཤེས་བསྒྲུབ་པ་ཡིན་ནོ་ཞེས་ཟེར་རོ། །ཚིག་གི་དོན་ལ་གཉིས་ཀྱི། ཡན་ལག་གི་རླུང་གི་བཟླས་པ་ནི། རྡོ་རྗེ་མངོན་ཤེས་ཏེ། རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ། །ཐབས་གང་གིས་ཞེ་ན། རྟེན་ཟུང་འཇུག་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་མདུང་ལྟར་ཡུལ་རྣམས་ལ་འབིབས་པའི་ཕྱིར་ན། རྩེ་ལྔ་པ་ནི་མིག་ལ་སོགས་པའི་དབང་པོ་ལྔ་ཡིན་ལ། དེ་དག་གཟུགས་སྒྲ་ལ་སོགས་པའི་གནས་ཏེ་ཡུལ་ལྔ་དག་ཏུ་སྦྱོར་བ་ཡིས་སོ། །དབང་པོ་ཇི་ལྟ་བུ་ཞེ་ན། མི་ཤིགས་པར་འབྱུང་བས་ན་རྡོ་རྗེ་ཆེན་པོའོ། །འབར་བ་ལྔ་སྟེ་རྣམ་པར་སྡང་ལ་སོགས་པའི་ཡན་ལག་གི་རླུང་ལྔས་རྣམ་པར་བརྒྱན་ཅིང་སྤུད་པའོ། །ཚུལ་ཇི་ལྟར་སྦྱོར་བས་ཞེ་ན། མེ་སྟག་མང་པོ་འཁྲུགས་པ་ནི། དབང་པོའི་སྒོ་ནས་རྒྱུ་བའི་རླུང་འོད་ཟེར་ལྔའོ། །དེ་ཉིད་ཀྱི་འཇུག་གནས་ལྡང་གསུམ་རང་སྔགས་ཏེ། ཡི་གེ་གསུམ་དང་སྦྱར་ནས་འཁོར་ལོ་སྟེ་ཟོ་ཆུན་གྱི་འཕྲུལ་འཁོར་དང་འདྲ་བར། ཉིན་དང་མཚན་དུ་བསྐོར་ཞིང་བསྒོམ་པར་བྱས་པས་སོ། །ཕན་ཡོན་ཅི་ཐོབ་ཅེ་ན། རྡོ་རྗེ་ལྔ་ནི་རླུང་འོད་ཟེར་ལྔ་སྟེ། དེ་ཉིད་ཀྱི་འཇུག་པ་ལ་སོགས་པ་ཡི་གེ་གསུམ་དང་སྦྱོར་ཞིང་བཟླས་པ་ཡི། རྡོ་རྗེ་མངོན་ཤེས་ཏེ་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་མངོན་ཤེས་ལྔ་ཐོབ་པར་འགྱུར་རོ། །རྩ་བའི་རླུང་གི་བཟླས་པ་ནི། སངས་རྒྱས་ནི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཡིན་ལ། དེའི་གནས་ནི་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཆང་ཆེན་པོ་སྟེ་དེ་དང་འདྲ་བར་མངོན་ཤེས་ལྔ་ཐོབ་པར་འགྱུར་རོ། །ཐབས་གང་གིས་ཞེ་ན། རྟེན་ཟུང་འཇུག་པའི་དཀྱིལ་འཁོར་རྒྱལ་མཆོག་ཡན་ཆད་ཀྱི་ལྷའི་རྣལ་འབྱོར་ལ་གནས་ནས། ལས་རྒྱལ་མཆོག་ནི། རྡོ་རྗེ་ནམ་མཁའ་ནི་སྒྲུབ་པ་པོ་རང་གི་ཕྱག་རྒྱ་ཆེན་པོའི་གཟུགས་ཏེ། དེའི་དཀྱིལ་ཉིད་དུ་ཆུད་པའི་འཁོར་ལོ་སྟེ། མིག་ལ་སོགས་པའི་དབང་པོ་རྣམས་སངས་རྒྱས་ཏེ་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་འཇུག་ཅིང་མཉམ་པར་སྦྱོར་བར་རབ་ཏུ་བསྒོམས་པ་ནའོ། །ཚུལ་ཇི་ལྟར་བསྒོམ་ཞེ་ན། མེའི་དཀྱིལ་འཁོར་ལ་སོགས་པ་དཀྱིལ་འཁོར་བཞིའི་རླུང་རྣམས་མིག་ལ་སོགས་པ་དབང་པོའི་སྒོ་ནས་རྒྱུ་བ་ན། སངས་རྒྱས་ཏེ་རྣམ་པར་སྣང་མཛད་ལ་སོགས་པའི་འབར་བའི་འོད་དང་འདྲ་བར། དཀར་པོ་ལ་སོགས་པ་འོད་ཟེར་ལྔའི་ཚུལ་དུ་རྒྱུ་ཞིང་། དེ་ཉིད་ཀྱི་འཇུག་པ་ལ་སོགས་པ་ཡི་གེ་གསུམ་དང་སྦྱར་ནས། རྡོ་རྗེ་བཟླས་པ་བྱས་པས་སོ། །རྫོགས་རིམ་པས་ཏིང་ངེ་འཛིན་གཞན་བསྟན་པ་ལ་གཉིས་ཏེ། བསམ་གཏན་གཉིས་ཀྱི་ཏིང་ངེ་འཛིན་འབྲས་བུ་དང་བཅས་པ་དང་། ཀློག་པ་ལ་སོགས་པའི་ཕན་ཡོན་བསྟན་པའོ། །དང་པོ་ལ་སྤྱི་དོན་དང་། གཞུང་དོན་གཉིས་ཀྱི་དང་པོ་སྤྱིའི་དོན་ནི། རྗེ་འགོས་ཀྱི་བླ་མ་ནག་པོ་ཞབས་ནི། སྤྲུལ་སྐུ་གསུམ་ལན་ལྔར་སྦྱོར་བར་འདོད་དེ། དེའི་ལུགས་ལ་རིལ་འཛིན་དང་། རྗེས་གཞིག་གཉིས་ཀྱི། རིལ་འཛིན་ནི་ཀུན་རྫོབ་སྒྱུ་མའི་རྡོ་རྗེ་འཆང་ཡབ་ཡུམ་སྙོམས་འཇུག་བྱས་པ་ལས་སྤྲུལ་སྐུ་རྣམ་སྣང་བཏོན་ལ། རྡོ་རྗེ་འཆང་ལ་བཅུག་སྟེ། རྣམ་སྣང་གི་སྤྲུལ་སྐུར་བསྒྱུར་ལ་དེ་ཉིད་རྒྱུ་བ་དང་མི་རྒྱུ་བའི་བདག་ཉིད་དུ་བྱས་ལ། རང་དམ་ཚིག་སེམས་དཔའི་སྙིང་ཁར་ཡེ་ཤེས་སེམས་དཔའ་ༀ་བསམ། ༀ་གྱི་ཐིག་ལེའི་ནང་དུ་ཏིང་ངེ་འཛིན་སེམས་དཔའ་ལ་ཨ་ཐུང་བསམ། དེ་ནས་རང་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་ལ་ཐིམ། ཡེ་ཤེས་སེམས་དཔའ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། ཏིང་ངེ་འཛིན་སེམས་དཔའ་ཨ་ཐུང་འོད་གསལ་དུ་ཐིམ་སྟེ། སྣང་བ་མེད་པར་གྱུར་པ་ན། རྟགས་ཀྱི་ཤེས་པ་ནི་གཟུང་བྱ་ལ་རླུང་དག་པའི་རྟགས་འཇའ་ཚོན་སྣ་ལྔ་བཀྲ་ལམ་ལམ་པ་འབྱུང་། རྟགས་ཅན་གྱི་ཤེས་པ་ནི་འཛིན་བྱ་ལ་སྨིག་སྒྱུ་ལྟ་བུ་རབ་རིབ་ཏུ་གཡོ་བའི་ཉམས་བརྟན་མི་བརྟན་གྱི་ཆག་ཚད་དུ་འཆར་རོ། །དེ་སྐད་དུ་ཡང་རྒྱུད་ཕྱི་མ་ལས། དང་པོ་སྨིག་སྒྱུ་ལྟ་བུ་སྟེ། །ཞེས་དང་། སྤྱོད་བསྡུས་ལས། དང་པོ་ནི་སྨིག་སྒྱུ་ལྟ་བུ་ལ་འོད་ཟེར་ལྔའི་ཚོགས་དང་ལྡན་པ་མཐོང་ཞེས་སོ། །དེ་ལ་ཡང་ཞེན་ཆགས་མི་བྱེད་པར་རྡོ་རྗེ་འཆང་དུ་ལངས་ནས་སྤྲུལ་སྐུ་རྣམ་སྣང་དུ་བསྒྱུར་ཏེ་སྔ་མ་ལྟར་ཁམས་གསུམ་རིལ་པོ་སེམས་དཔའ་གསུམ་གྱི་ངོ་བོར་བྱས་ནས། འོད་གསལ་དུ་བཅུག་ཙམ་ན། རྟགས་ཀྱི་ཤེས་པ་གཟུང་བྱ་ལ་སྣང་བ་དག་པའི་རྟགས། དངོས་པོ་ཐམས་ཅད་དཀར་བྲེང་བྲེང་བ་འབྱུང་ལ། རྟགས་ཅན་གྱི་ཤེས་པ་འཛིན་བྱ་ལ། གསལ་རིག་གི་ཤེས་པའི་ཉམས་མྱོང་དུ་བ་ལྟ་བུ་འབྱུང་ངོ་། །དེ་སྐད་དུ་ཡང་། གཉིས་པ་དུ་བ་ལྟ་བུའོ། །ཞེས་དང་། གཉིས་པ་ནི་ཟླ་བའི་འོད་ཟེར་ལྟ་བུའོ་ཞེས་པས་སོ། །དེ་དག་ནི་སྐུའི་རིལ་འཛིན་ནོ། །དེ་ལ་ཡང་ཆགས་ཤིང་ཞེན་པ་མི་བྱེད་པར། རྡོ་རྗེ་འཆང་ཆེན་པོར་ལངས་ཏེ། སྤྲུལ་སྐུ་སྣང་མཐར་བསྒྱུར་ནས། ཁམས་གསུམ་རིལ་པོ་སེམས་དཔའ་གསུམ་གྱི་ངོ་བོར་བྱས་ནས། སྔ་མ་ལྟར་རང་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་ཨཱ་ལ་བསྟིམ། དེ་ཉིད་ཏིང་ངེ་འཛིན་སེམས་དཔའ་ཨ་ཐུང་ལ་བསྟིམ། ཨ་ཐུང་གི་ངོ་བོ་འོད་གསལ་དུ་ཐིམ་པས་སྣང་བ་མེད་པར་གྱུར་པ་ན། རྟགས་ཀྱི་ཤེས་པ་གཟུང་བྱ་ལ་སྣང་མཆེད་འབྱོངས་པའི་རྟགས་དངོས་པོ་ཐམས་ཅད་དམར་ལམ་ལམ་པ་འབྱུང་། རྟགས་ཅན་གྱི་ཤེས་པ་འཛིན་བྱ་ལ་སྲིན་བུ་མེ་ཁྱེར་ལྟ་བུ་འབྱུང་ངོ་། །དེ་སྐད་དུ་ཡང་། གསུམ་པ་སྲིན་བུ་མེ་ཁྱེར་བཞིན། །ཞེས་དང་། གསུམ་པ་ནི། ཉི་མའི་འོད་ཟེར་ལྟ་བུའོ། །ཞེས་པས་སོ། །དེ་ནི་གསུང་གི་རིལ་འཛིན་ནོ། །དེ་ལ་ཡང་ཆགས་ཤིང་ཞེན་པ་མི་བྱེད་པར། རྡོ་རྗེ་འཆང་དུ་བཞེངས་ལ། སྤྲུལ་སྐུ་མི་བསྐྱོད་པར་བསྒྱུར་ཏེ། སྔ་མ་བཞིན་དུ་རང་དམ་ཚིག་སེམས་དཔའ་སྙིང་ཁའི་ཡེ་ཤེས་སེམས་དཔའ་ཧཱུྃ་ལས་བསྡུ། ཧཱུྃ་ཡང་ཞབས་ཀྱུ་ནས་རིམ་གྱིས་བསྡུས་ཏེ། ཨ་ཐུང་ལ་བསྡུ། ཨ་ཐུང་ཡང་སྣང་བ་མེད་པར་བཏང་བས། རྟགས་ཀྱི་ཤེས་པ་གཟུང་བྱ་ལ་ཉེར་ཐོབ་འབྱོངས་པའི་རྟགས་མུན་ནག་ལྟ་བུ་འབྱུང་། རྟགས་ཅན་གྱི་ཤེས་པ་འཛིན་བྱ་ལ། མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་འབྱུང་ངོ་། །དེ་སྐད་དུ་ཡང་། བཞི་པ་མར་མེ་འབར་ལྟ་བུ། །ཞེས་དང་། བཞི་པ་ནི་མུན་ནག་ལྟ་བུའོ། །ཞེས་གསུངས་སོ། །ཡང་རྡོ་རྗེ་འཆང་དུ་བཞེངས་ཏེ། སྤྲུལ་སྐུ་མི་བསྐྱོད་པར་བསྒྱུར་ནས་སྔ་མ་ལྟར་སེམས་དཔའ་གསུམ་པོ་རིམ་གྱིས་འོད་གསལ་དུ་བཅུག་པས། རྟགས་དང་རྟགས་ཅན་གྱི་ཤེས་པ་ཐམས་ཅད་འདྲེས་ནས་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་མཐོང་བར་འགྱུར་རོ། །དེ་སྐད་དུ་ཡང་། སྤྲིན་མེད་ནམ་མཁའ་ལྟ་བུ་ནི། །རྟག་ཏུ་སྣང་བ་ལྔ་པའོ། །ཞེས་དང་། ལྔ་པ་ནི་སྤྲིན་མེད་ནམ་མཁའ་ལྟ་བུའོ། ཞེས་པས་སོ། །རྗེས་སུ་གཞིག་པའི་བསམ་གཏན་ནི། དང་པོ་རླུང་སེམས་ཙམ་ལས་གྲུབ་པའི་བདག་ཉིད། ཁམས་གསུམ་ལས་ཐ་དད་པའི་རྡོ་རྗེ་འཆང་ཆེན་པོར་བསྐྱེད་ལ། དེ་ཉིད་སྔ་མ་བཞིན་དུ། སྤྲུལ་སྐུ་སྐུ་རྡོ་རྗེ་ལ་སོགས་པ་གསུམ་དུ་བསྒྱུར་ལ། གསུམ་པོ་དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། བདག་ལས་མ་གཏོགས་པའི་རྒྱུ་བ་དང་། མི་རྒྱུ་བའི་ལུས་ལ་སོགས་པ་འོད་ཀྱི་གོང་བུར་བྱས་ནས། ཡང་དག་པར་བཅོམ་སྟེ། འོད་ཀྱི་གོང་བུ་དེའང་ཇེ་ཕྲ་རྗེ་ཕྲར་སོང་བས། སྟོང་པ་ཉིད་དུ་བྱས་ནས། བདག་ཉིད་ཀྱང་སེམས་གསུམ་གཅིག་ལ་གཅིག་ཐིམ་པའི་རིམ་གྱིས། མཐར་ཐིག་ལེ་བསྒོམ་པ་ཡང་སྤངས་ནས། འོད་གསལ་མངོན་དུ་བྱེད་པ་ཡིན་ནོ། །རིལ་འཛིན་དང་རྗེས་གཞིག་གི་དོན་ཇི་སྐད་བཤད་པ་དེ་དག་ཀྱང་། འོད་གསལ་གྱི་རིམ་པ་ལས། མགོ་བོ་ནས་ནི་རྐང་པའི་བར། །ཇི་སྲིད་སྙིང་ཁར་ཕྱིན་གྱི་བར། །རྣལ་འབྱོར་ཡང་དག་མཐའ་ལ་འཇུག །རིལ་པོར་འཛིན་པ་ཞེས་བཤད་དོ། །ཞེས་དང་། རྒྱུ་བ་དང་ནི་མི་རྒྱུ་ཉིད། །དང་པོ་འོད་གསལ་བར་བྱས་ཏེ། །ཕྱིས་ནི་དེ་ཡི་བདག་ཉིད་བྱེད། །རྗེས་སུ་གཞིག་པའི་རིམ་པ་ཡིན། །ཞེས་གསུངས་སོ། །བླ་མ་བཙུན་མོ་ཅན་ནི། ཁམས་གསུམ་གྱི་ལུས་ངག་ཡིད་གསུམ་གྱི་རྟོག་པ་གཞོམ་པའི་ཕྱིར། སྤྲུལ་སྐུ་གསུམ་ལ་ཐང་གསུམ་སྦྱོར་བར་བཞེད་དེ། དེའང་ཁམས་གསུམ་པའི་ལུས་ཀྱི་རྣམ་རྟོག་གཞོམ་བའི་ཕྱིར་སྐུའི་རིལ་འཛིན་ནི། རླུང་སེམས་གཉིས་ལས་ཀུན་རྫོབ་སྒྱུ་མ་ལྟ་བུ་རྡོ་རྗེ་འཆང་ཆེན་པོའི་སྐུར་བསྐྱེད་ལ། སྤྲོས། བསྡུས། བདག་ལ་བཅུག་སྟེ། སྤྲུལ་སྐུ་རྣམ་སྣང་དུ་བསྒྱུར་ལ་ཁམས་གསུམ་གྱི་ལུས་དང་ཐ་དད་མེད་པར་བསམས་པ་ནི་དམ་ཚིག་སེམས་དཔའོ། །དེའི་ཐུགས་ཁར་ཡེ་ཤེས་སེམས་དཔའ་ༀ་བསྒོམ་མོ། །ཏིང་ངེ་འཛིན་སེམས་དཔའ་ༀ་གྱི་ཐིག་ལེའི་ནང་དུ་ཐིག་ལེ་གཞན་ཨ་ཐུང་གི་ངོ་བོ་བསྒོམ་མོ། །དེ་ནས་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་ༀ་ལ་བསྡུ། དེ་ཐིག་ལེ་ཨ་ཐུང་ལ་བསྡུ། ཨ་ཐུང་སྟོང་པ་ཉིད་དུ་བསྒོམ་པའོ། ཁམས་གསུམ་པའི་སེམས་ཀྱི་རྟོག་པ་གཞོམ་པའི་ཕྱིར། ཐུགས་ཀྱི་རིལ་འཛིན་ནི། རྡོ་རྗེ་འཆང་ཆེན་པོར་བསྐྱེད་ལ། དེ་ཉིད་མི་བསྐྱོད་པའི་སྤྲུལ་སྐུར་བསྒྱུར་ཏེ། ཁམས་གསུམ་པ་ཐམས་ཅད་ཀྱི་སེམས་ཀྱི་ངོ་བོ་ཉིད་དུ་བསྒོམ་པ་ནི་དམ་ཚིག་སེམས་དཔའོ། །དེའི་ཐུགས་ཁར་ཡེ་ཤེས་སེམས་དཔའ་ཧཱུྃ་བསྒོམ་མོ། །ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་གི་ཐིག་ལེའི་ནང་དུ། ཐིག་ལེ་གཞན་ཨ་ཐུང་གི་ངོ་བོ་བསྒོམ་མོ། །དེ་ནས་སྔ་མ་ལྟར་སེམས་དཔའ་གསུམ་རིམ་གྱིས་བསྡུས་ཏེ། འོད་གསལ་བའི་བདག་ཉིད་ཅན་དུ་བསྒོམ་མོ། ཁམས་གསུམ་པའི་ངག་གི་རྟོག་པ་གཞོམ་པའི་ཕྱིར། གསུང་གི་རིལ་འཛིན་ནི། རྡོ་རྗེ་འཆང་ཆེན་པོའི་སྐུར་བསྐྱེད་ལ། དེ་ཉིད་སྣང་མཐའི་སྤྲུལ་སྐུར་བསྒྱུར་ཏེ། ཁམས་གསུམ་ཐམས་ཅད་ཀྱི་ངག་གི་ངོ་བོ་ཉིད་དུ་བསྒོམ་པ་ནི་དམ་ཚིག་སེམས་དཔའོ། །དེའི་ཐུགས་ཁར་ཡེ་ཤེས་སེམས་དཔའ་ཨཱཿཚེག་དྲག་དང་བཅས་པ་བསྒོམ། ཏིང་ངེ་འཛིན་སེམས་དཔའ་ཚིག་དྲག་གི་ནང་དུ་ཨ་ཐུང་གི་ངོ་བོ་བསྒོམ། དེ་ནས་སྔ་མ་ལྟར་སེམས་དཔའ་སུམ་རིམ་གྱིས་བསྡུས་ཏེ། འོད་གསལ་བའི་བདག་ཉིད་ཅན་དུ་བསྒོམ་མོ། །དེ་ལྟར་བསྒོམས་པས་ལུས་ངག་ཡིད་གསུམ་འོད་གསལ་དུ་ཐིམ་ཞིང་། འོད་གསལ་གྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་དངོས་ཀྱི་རྟགས་རྣམས་འབྱུང་སྟེ། དེ་ཡང་སྐུ་རྡོ་རྗེའི་ཏིང་ངེ་འཛིན་གྱིས་ཁམས་གསུམ་པའི་ལུས་ཀྱི་རྟོག་པ་བཅོམ་པའི་ཚེ། ལུས་ཀྱི་ངོ་བོ་ས་དང་ཆུ་ཐིམ་པའི་རྟགས་དང་རྟགས་ཅན་འབྱུང་བར་འགྱུར་ཏེ། དེའི་རྟགས་ཅན་གྱི་ཡེ་ཤེས་བརྟེན་གཡོའི་ཚད་ནི། སྨིག་སྒྱུ་ལྟ་བུ་ལ་རྟགས་ནི། འོད་ཟེར་ལྔའི་ཚོགས་དངོས་སུ་སྐྱེའོ། །གསུང་གི་རྡོ་རྗེའི་ཏིང་ངེ་འཛིན་གྱིས་ངག་གི་རྟོག་པ་བཅོམ་པའི་ཚེ། ངག་གི་ངོ་བོ་མེ་དང་རླུང་ཐིམ་པའི་དུས་སུ། ཡེ་ཤེས་བརྟེན་གཡོའི་ཚད་ནི་དུ་བ་ལྟ་བུ་ལ། རྟགས་ཟླ་བའི་འོད་ཟེར་ལྟ་བུ་སྟེ། དེའི་ཚེ་སྟོང་པའམ་སྣང་བའི་ཡེ་ཤེས་མངོན་སུམ་དུ་བྱས་པའོ། །ཐུགས་རྡོ་རྗེའི་ཏིང་ངེ་འཛིན་གྱིས་སེམས་ཀྱི་རྟོག་པ་བཅོམ་པའི་ཚེ་སེམས་ཀྱི་རང་བཞིན་སྣང་བ་གསུམ་མམ། སྟོང་པ་གསུམ་ཐམས་ཅད་སྟོང་པར་ཐིམ་པའི་རྟགས་དང་། རྟགས་ཅན་འབྱུང་སྟེ། དེའང་སེམས་སྣང་བ་དང་པོ་ཐིམ་པའི་རྟགས་ཅན། ཡེ་ཤེས་བརྟེན་གཡོའི་ཚད་ནི། མཁའ་སྣང་ལྟ་བུ་ལ་རྟགས་ནི་ཉི་མའི་འོད་ཟེར་ལྟ་བུ་འབྱུང་ངོ་། །དེ་ཡང་ཐུགས་རྡོ་རྗེ་ཡི་དམ་ཚིག་སེམས་དཔའ་ཐིམ་པའི་དུས་སུ་འབྱུང་ངོ་། །སྣང་བ་མཆེད་པ་ཉེར་ཐོབ་ལ་ཐིམ་པའི་རྟགས་ཅན་བརྟེན་གཡོའི་ཚད་ནི་མར་མེ་ལྟ་བུ་ལ་རྟགས་ནི་མུན་ནག་ལྟ་བུའོ། །དེ་ཡང་ཡེ་ཤེས་སེམས་དཔའ་ཐིམ་པའི་དུས་སུ་འབྱུང་ངོ་། །སྣང་བ་ཉེར་ཐོབ་འོད་གསལ་དུ་ཐིམ་པ་ལས་ཡེ་ཤེས་སྤྲིན་མེད་པའི་ནམ་མཁའ་ལྟར་སྤྲོས་པའི་མཚན་མ་ཐམས་ཅད་ཀྱིས་སྟོང་པར་སྣང་བ་སྟེ། ཆོས་ཉིད་དོན་དམ་པ་ཐམས་ཅད་སྟོང་པ་འོད་གསལ་ཏེ་ཡེ་ཤེས་ཀྱི་མིག་གིས་ཇི་ལྟ་བ་བཞིན་དུ་མཐོང་བའོ། །དེ་ནི་ཡེ་ཤེས་སེམས་དཔའ་ཐིམ་པའི་དུས་སུ་འབྱུང་ངོ་། །དེ་སྐད་དུ་ཡང་། སྨིག་སྒྱུ་ལྟ་བུ་དང་པོ་སྟེ། །ཞེས་སོགས་གསུངས་སོ། །རྟགས་ཀྱི་རིམ་པ་འདི་དག་ཀྱང་། ཨཪྻ་དེ་ཝ་ལྟར་བཀོད་པ་ཡིན་པས། ཟླ་བ་གྲགས་པ་འབྱུང་བ་ལྔ་ཐིམ་པའི་རྟགས་སུ་བཞེད་དོ། །རྗེས་སུ་གཞིག་པའི་བསམ་གཏན་ནི། བདག་ཉིད་རླུང་དང་རྣམ་ཤེས་ཙམ་ལས་གྲུབ་པའི་སྒྱུ་མ་ལྟ་བུའི་སྐུ་དེ་སྐུ་རྡོ་རྗེ་ལ་སོགས་པ་གསུམ་དུ་བསྒྱུར་ལ། དེ་དག་གི་ཐུགས་ཀ་ལས་འོད་འཕྲོས་པས། རྒྱུ་བ་དང་མི་རྒྱུ་བའི་ལུས་ལ་སོགས་པ་བཅོམ་ནས། བདག་དམ་ཚིམ་སེམས་དཔའ་ལ་བསྡུ། དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་ལ། དེ་ཡང་ཏིང་ངེ་འཛིན་སེམས་དཔའ་ལ། དེ་ཡང་མཐར་འོད་གསལ་ལ་ཐིམ་པར་བྱའོ། །དེ་སྐད་དུ་ཡང་། རྒྱུ་བ་དང་ནི་མི་རྒྱུ་ཉིད། །དང་པོ་འོད་གསལ་བར་བྱས་ཏེ། །ཞེས་སོགས་གསུངས་སོ། །དེ་ལྟ་བུའི་རྗེས་གཞིག་གིས་བསམ་གཏན་བསྒོམ་པ་ཡང་། རྟགས་དང་རྟགས་ཅན་སྔར་བཤད་པ་ལྟར་འབྱུང་བའི་ཚུལ་གྱིས་འོད་གསལ་རྟོགས་པར་འགྱུར་རོ། །ཇི་སྐད་བཤད་པའི་བསམ་གཏན་གཉིས་པོ་གང་རུང་གིས་ཀྱང་འོད་གསལ་རྟོགས་པར་འགྱུར་རོ། །བཙུན་མོ་ཅན་གྱི་ལུགས་སོ། །སྔ་རབས་ཁ་ཅིག་ཟློས་པ་པོ་ཐམས་ཅད་རིགས་བསྡུ་ན་སྐུ་གསུང་ཐུགས་ཀྱི་ཟློས་པ་པོ་གསུམ་དུ་འདུ་ལ། དེ་ཡང་སྐུ་རྡོ་རྗེའི་ཟློས་པ་པོ་ནི། སྐུའི་རིལ་འཛིན་དང་རྗེས་གཞིག་གང་རུང་གི་སྒོ་ནས་འོད་གསལ་མངོན་སུམ་དུ་བྱེད་ལ། དེ་བཞིན་དུ་གསུང་རྡོ་རྗེའི་ཟློས་པ་པོས་ཀྱང་། གསུང་གི་རིལ་འཛིན་དང་། རྗེས་གཞིག་གང་རུང་དང་། ཐུགས་རྡོ་རྗེའི་ཟློས་པ་པོས་ཀྱང་ཐུགས་ཀྱི་རིལ་འཛིན་དང་རྗེས་གཞིག་གང་རུང་གི་སྒོ་ནས་འོད་གསལ་མངོན་སུམ་དུ་བྱེད་པར་བཞེད་དེ། དེ་ཙམ་ཡང་མཚམས་མོ། །ཡན་ལག་གི་དོན་ལ་གཉིས་ཏེ། རིལ་འཛིན་གྱི་བསམ་གཏན་དང་། རྗེས་གཞིག་གི་བསམ་གཏན་ནོ། །དང་པོ་ལ་གཉིས་ཀྱི་སྐུ་གསུང་ཐུགས་ཀྱི་རིལ་འཛིན་སོ་སོར་བསྟན་པ་ནི། སྒྱུ་ལུས་གྲུབ་པའི་རྣལ་འབྱོར་པས། ཁམས་གསུམ་པའི་ལུས་ཀྱི་རྟོག་པ་གཞོམ་པའི་ཕྱིར། སྐུའི་རིལ་འཛིན་བསྒོམ་པ་ནི། རྟོགས་པས་ན་སངས་རྒྱས་ཏེ། རྒྱུ་བ་དང་མི་རྒྱུ་བའི་ཤེས་བྱའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བདག་གི་ལུས་ཏེ། སྒྱུ་ལུས་ཕྱག་རྒྱ་ཆེན་པོ་དེ་ཉིད་སྤྲུལ་སྐུ་རྣམ་པར་སྣང་མཛད་དུ་བཞག་པ་སྟེ་བསྒྱུར་ནས། དེ་ཉིད་ཁམས་གསུམ་པ་རྣམས་ཀྱི་ལུས་ཀྱི་ངོ་བོར་བསྒོམ་པ་ནི། དམ་ཚིག་སེམས་དཔའོ། །དེའི་སྙིང་ཁར་ཡེ་ཤེས་སེམས་དཔའ་ༀ་བསམས་ལ། སྔགས་ཏེ་ཡེ་ཤེས་སེམས་དཔའ་ༀ་གྱི་ཐིག་ལེའི་ནང་དུ་རང་གི་རྣམ་པར་ཤེས་པ་ཏིང་ངེ་འཛིན་སེམས་དཔའ་ཐིག་ལེ་གཞན་ཨ་ཐུང་གི་ངོ་བོ་བསྒོམ་མོ། །དེ་ནས་རང་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། ཏིང་ངེ་འཛིན་སེམས་དཔའ་ཨ་ཐུང་ཡང་སྣང་བ་མེད་པར་གྱུར་པ་ན། གང་གི་ཚེ་དེ་ལྟར་སློབ་པའི་རྣལ་འབྱོར་པ་དེ་ལ་འགོག་པའི་རྡོ་རྗེ་སྟེ་འོད་གསལ་བའི་ངོ་བོ་ཉིད་དུ་སེམས་ཉིད་སྐྱེ་བར་འགྱུར་བ་དེའི་ཚེ་རྣལ་འབྱོར་པ་དེ་སངས་རྒྱས་ཀུན་གྱི་མཆོག་རྡོ་རྗེ་འཆང་ཆེན་པོ་བསྒྲུབ་པར་འགྱུར་ཞིང་། བསམ་པ་ཐམས་ཅད་རྫོགས་པར་བྱེད་པས། ཡིད་བཞིན་གྱི་ནོར་བུ་དང་འདྲ་བ་དང་། ཚོགས་གཉིས་ཀྱི་དཔལ་དང་ལྡན་པར་འགྱུར་རོ། །

ཁམས་གསུམ་པའི་སེམས་ཀྱི་རྟོག་པ་གཞོམ་པའི་ཕྱིར། ཐུགས་ཀྱི་རིལ་འཛིན་བསྒོམས་པ་ནི། སངས་རྒྱས་ཏེ་རྒྱུ་བ་དང་མི་རྒྱུ་བའི་ཤེས་བྱའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར། སྒྱུ་ལུས་ཕྱག་རྒྱ་ཆེན་པོའི་སྐུ་སྤྲུལ་སྐུ་རྡོ་རྗེ་མི་བསྐྱོད་པར་བསྒྱུར་ནས། དེ་ཉིད་ཁམས་གསུམ་པའི་སེམས་ཀྱི་ངོ་བོར་རབ་ཏུ་བསྒོམ་པ་ནི་དམ་ཚིག་སེམས་དཔའོ། །དེའི་སྙིང་ཁར་ཡེ་ཤེས་སེམས་དཔའ་ཧཱུྃ་བསྒོམས་ནས། ཡེ་ཤེས་སེམས་དཔའ་ཧཱུྃ་གི་ཐིག་ལེའི་ནང་དུ། རང་གི་སེམས་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ་པར་གྱུར་པ་ཨ་ཐུང་ངུ་བཞག་སྟེ། སྔ་མ་ལྟར་སེམས་དཔའ་གསུམ་རིམ་གྱིས་འོད་གསལ་དུ་གཞུག་གོ ཁམས་གསུམ་པའི་ངག་གི་རྟོག་པ་གཞོམ་པའི་ཕྱིར། གསུང་གི་རིལ་འཛིན་བསྒོམ་པ་ནི། སྔ་མ་ལྟ་བུའི་སངས་རྒྱས་དཀྱིལ་འཁོར་དབུས་སུ་གནས་པར། སྒྱུ་ལུས་ཕྱག་རྒྱ་ཆེན་པོའི་སྐུ། སྤྲུལ་སྐུ་ཚེ་དཔག་ཏུ་མེད་པར་བསྒྱུར་ཏེ། དེ་ཉིད་ཁམས་གསུམ་པའི་ངག་གི་ངོ་བོར་བསྒོམ་པ་ནི་དམ་ཚིག་སེམས་དཔའོ། །དེའི་སྙིང་ཁར་ཡེ་ཤེས་སེམས་དཔའ་ཨཱཿཚེག་དྲག་ཅན་བསམས་ཏེ། དེའི་ཐིག་ལེའི་ནང་དུ་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ་སྟེ་རང་གི་སེམས་ཐིག་ལེའི་རང་བཞིན་ཨ་ཐུང་ངུ་བཞག་སྟེ། སྔ་མ་ལྟར་སེམས་དཔའ་གསུམ་རིམ་གྱིས་འོད་གསལ་དུ་གཞུག་གོ །དེ་དག་གི་ཕན་ཡོན་བསྡུས་ཏེ་བསྟན་པ་ནི། བཤད་མ་ཐག་པའི་རིལ་འཛིན་གྱི་བསམ་གཏན་གསུམ་པོ་འདི་ནི། དམ་ཚིག་སྟེ་བསྐྱེད་པའི་རིམ་པ་བསྒོམས་པ་ལས་མཆོག་ཏུ་གྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་གསུམ་ནི་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ཡིན་ལ། དེ་དག་སྟོང་པ་ཉིད་དུ་དབྱེར་མི་ཕྱེད་པར་བསྒོམས་པས། འགོག་པའི་དམ་ཚིག་སྟེ། འཛིན་པའི་ཡན་ལག་འོད་གསལ་གྱི་རང་བཞིན་མངོན་དུ་བྱེད་པའི་ཡེ་ཤེས་ཐོབ་པར་འགྱུར་བའི་ཕྱིར་རོ། །དེ་ལས་ཅིར་འགྱུར་ཞེ་ན། སངས་རྒྱས་དངོས་གྲུབ་ཏེ་གཟུགས་ལ་སོགས་པ་ཐ་མལ་པའི་ཕུང་པོ་སྤངས་ནས། ཟབ་ཅིང་རྒྱ་ཆེ་བའི་བདག་ཉིད་ཅན་གྱི་ཡེ་ཤེས་ཀྱི་སྐུ་ཐོབ་པར་འགྱུར་བའི་ཕྱིར་རོ། །རྗེས་གཞིག་གི་བསམ་གཏན་བསྟན་པ་ནི། སྐུའི་རྗེས་གཞིག་ནི། སྒྱུ་ལུས་གྲུབ་པའི་རྣལ་འབྱོར་པས། སྒྱུ་མའི་སྐུ་དེ་ཉིད་གསལ་བའི་དཀྱིལ་འཁོར་ཏེ་སྤྲུལ་སྐུ་རྣམ་པར་སྣང་མཛད་དུ་བསྒོམས་ལ། དེའི་སྙིང་ཁར་ཡེ་ཤེས་སེམས་དཔའ་ༀ་བསམས་ཏེ། དེ་ལས་འོད་ཟེར་འཕྲོས་པས། ཁམས་གསུམ་པའི་ལུས་ངག་སེམས་རྣམས་བཅོམ་ནས། འོད་ཀྱི་ཚུལ་དུ་བདག་ལ་བསྡུས་ཏེ། བདག་ཉིད་ཀྱང་སེམས་དཔའ་གསུམ་རིམ་གྱིས་རྡོ་རྗེ་ནམ་མཁའི་དབྱིངས་ཏེ། འོད་གསལ་བར་ཞུགས་པར་བསམས་ན། དེ་ལྟར་སློབ་པའི་རྣལ་འབྱོར་པ་དེ་ནི། སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་རེ་བའི་རྟོག་པ་རྫོགས་པར་བྱེད་པས་ན་སྐལ་བ་སྟེ། དེར་གནས་པ་ནི། འཁོར་བ་ཇི་སྲིད་པར་སྐུ་གསུམ་གྱི་བདག་ཉིད་ཅན་དུ་གྱུར་ཏེ། སྐྱེ་བོ་མ་ལུས་པའི་དོན་རྫོགས་པར་བྱེད་པར་འགྱུར་རོ། །གསུང་གི་རྗེས་གཞིག་ནི་སྒྱུ་མའི་སྐུ་དེ་ཉིད་ཆོས་ཀྱི་དཀྱིལ་འཁོར་ཏེ། འོད་དཔག་ཏུ་མེད་པའི་སྤྲུལ་སྐུར་བསྒོམས་ནས་དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཨཱ་བསམས་ཏེ། དེ་ལས་འོད་ཟེར་འཕྲོས་པས། ཁམས་གསུམ་པའི་ལུས་ངག་སེམས་རྣམས་བཅོམ་སྟེ། བདག་ལ་བསྡུས་ནས་བདག་ཀྱང་སེམས་དཔའ་གསུམ་རིམ་གྱིས་རྡོ་རྗེ་ནམ་མཁའི་དབྱིངས་ཏེ། འོད་གསལ་བར་ཞུགས་པར་བསམ་མོ། །ཐུགས་ཀྱི་རྗེས་གཞིག་ནི། སྒྱུ་མའི་སྐུ་དེ་ཉིད་རྡོ་རྗེའི་དཀྱིལ་འཁོར་ཏེ། མི་བསྐྱོད་པའི་སྤྲུལ་སྐུར་བསྒོམ་ཞིང་། དེའི་ཐུགས་ཁར་ཡེ་ཤེས་སེམས་དཔའ་ཧཱུྃ་བསམས་ཏེ། དེ་ལས་འོད་ཟེར་འཕྲོས་པས། ཁམས་གསུམ་པའི་ལུས་ངག་སེམས་རྣམས་བཅོམ་སྟེ། བདག་ལ་བསྡུས་ནས་བདག་ཉིད་ཀྱང་སེམས་དཔའ་གསུམ་རིམ་གྱིས་རྡོ་རྗེ་ནམ་མཁའི་དབྱིངས་ཏེ། འོད་གསལ་བར་ཞུགས་པར་བསམ་མོ། །དེ་ལས་ཅིར་འགྱུར་ཞེ་ན། དེ་ལྟར་སློབ་པའི་སྒྲུབ་པ་པོ་དེ་ནི། སྐལ་པར་ཏེ་འཁོར་བ་ཇི་སྲིད་པར། སྐུ་གསུམ་གྱི་བདག་ཉིད་ཅན་དུ་གྱུར་ནས། སེམས་ཅན་ཐམས་ཅད་ཀྱི་དོན་རྫོགས་པར་བྱེད་པས་གནས་པར་འགྱུར་རོ། །རྡོ་རྗེ་གསུམ་གྱི་རྟོགས་པའི་དམ་ཚིག་ནི། རྡོ་རྗེ་འཆང་ཆེན་པོའོ། །དེ་ཉིད་ཀློག་པ་ལ་སོགས་པའི་ཕན་ཡོན་བསྟན་པ་ནི། སྐུ་གསུང་ཐུགས་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོའི་རིམ་གཉིས་ཀྱི་རྣལ་འབྱོར་འདི་ལ། བླ་མ་རྣམས་ཀྱིས་དབང་བསྐུར་ཞིང་གནང་བ་ཐོབ་ཕྱིན་ཆད་རྣལ་འབྱོར་པ་གང་ཞིག་ཀློག་པའམ། གཞན་ལ་སྟོན་ནམ། རང་སེམས་ཀྱང་རུང་སྟེ། དེ་ཡང་རྡོ་རྗེ་འཛིན་པ་དང་འདྲ་བར་འགྱུར་རོ། །ལེའུ་ཡི་མཚན་དོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ནི་ༀ་ལ་སོགས་པའོ། །དེ་ལས་བྱུང་བའི་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ནི་སྔགས་ལ་གཞོལ་བ་རྣམས་ཀྱི་དེ་ཁོ་ན་ཉིད་དོ། །རིག་པ་ནི་འོད་གསལ་བའོ། །དེ་ལས་བྱུང་བའི་སྐྱེས་བུ་ནི་རིག་པའི་སྐྱེས་བུ་སྟེ། ཡེ་ཤེས་ཀྱི་སྐུའོ། །དེ་ནི་སྔགས་ཀྱི་སྐུ་ལས་ཕུལ་དུ་བྱུང་བས་ན་མཆོག་གོ །དེ་སྟོན་པའི་གཞུང་གི་ཚོགས་ལ་ཡང་དེ་སྐད་ཅེས་བྱ་སྟེ། ལེའུ་བཅུ་གཅིག་པའི་རྣམ་བཤད་དོ།། །།


previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅུ་གཅིག་པའི་རྣམ་བཤད།next