Nitartha Digital Library
Tibetan
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅུ་གཉིས་པའི་རྣམ་བཤད།
   
   
   
   
   


 
previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅུ་གཉིས་པའི་རྣམ་བཤད།next

གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅུ་གཉིས་པའི་རྣམ་བཤད།

དེ་ལྟར་ལས་ཀྱི་ལམ་སྒྱུ་ལུས་འོད་གསལ་གྱིས་རྣམ་པར་དག་པར་བྱེད་པའི་ཐབས་བསམ་གཏན་གཉིས་བསྟན་ནས། རིམ་པ་གཉིས་ཀྱི་ཕྱག་རྒྱ་ཆེན་པོ་མོས་པ་དང་། དེ་ཁོ་ན་ཉིད་ཡིད་ལ་བྱེད་པའི་ཚུལ་གྱིས་འོད་གལ་དུ་ཐིམ་པ་བསྟན་པར་བྱ་བའི་ཕྱིར། ལེའུ་བཅུ་གཉིས་པ་འཆད་པ་ལ་གཉིས་ཀྱི། བསྡུས་པའི་དོན་ནི། ལེའུ་འདིའི་སྟོད་ནས། ཕྱག་རྒྱ་ཆེན་པོ་ཡོངས་སུ་ཐིམ་པ་སྟོན་ཅིང་། རྐེད་ནས་དངོས་གྲུབ་བསྒྲུབ་པའི་ཆོ་ག་དང་། བསྙེན་པ་གཉིས་ཀྱི་ཆོ་ག་སྟོན་ལ། སྨད་ནས་སྒྲུབ་པ་མདོར་བྱས་པ་དང་། དངོས་གྲུབ་བསྒྲུབ་པའི་དུས་ཀྱི་ངེས་པ་དང་། རྣལ་འབྱོར་ཆེན་པོའི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་སྟོན་ནོ། །

ཡན་ལག་གི་དོན་ལ་གཉིས་ཀྱི། སྡུད་པ་པོའི་ཚིག་གིས་སྟོན་པའི་ཁྱད་པར་བསྟན་པ་ནི། ལེའུ་བཅུ་གཅིག་པ་རྫོགས་པའི་རྗེས་དེ་ནས་བཀའ་བསྩལ་ཏོ་ཞེས་སྦྱར། སུ་ཞིག་གིས་ན། ས་འོག་ས་སྟེང་ས་བླ་རྣམས་སུ་སྟོན་པར་མཛད་པས་ན་སྟོན་པ་རྡོ་རྗེ་འཛིན་གྱིས་སོ། །དེ་ཉིད་ནི་དཀྱིལ་འཁོར་པ་རྣམས་འབྱིན་པར་བྱེད་པས་ན་བསྐྱེད་པའོ། །ཡེ་ཤེས་མཆོག་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་སྟེ། དེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་རབ་ཏུ་འཇུག་པས་སྒྲུབ་པར་མཛད་པས་ན་ཡེ་ཤེས་མཆོག་སྒྲུབ་པའོ། །གང་ཞིག་ན། དམ་ཚིག་རྡོ་རྗེ་གསུམ་ནི་རྡོ་རྗེ་འཆང་ཆེན་པོ་ཡིན་ལ། དེའི་དེ་ཁོ་ན་ཉིད་དོན་དམ་པའི་བདེན་པའོ། །གང་གིས་ན། རྡོ་རྗེའི་གསུང་གིས་སོ། །ལེའུ་ཡི་གཞུང་རྒྱས་བཤད་ལ་བརྒྱད་དེ། ཕྱག་རྒྱ་ཆེན་པོ་ཐིམ་པ་མདོར་བསྟན་པ་དང་། གནས་ཀྱི་མཚན་ཉིད་བསྟན་པ་དང་། ཕྱག་རྒྱ་ཆེན་པོ་ཐིམ་པ་རྒྱས་པར་བཤད་པ་དང་། དངོས་གྲུབ་སྒྲུབ་པའི་ཆོ་ག་བསྟན་པ་དང་། བསྙེན་པ་གཉིས་ཀྱི་ཆོ་ག་བསྟན་པ་དང་། དངོས་གྲུབ་དང་མཐུན་པའི་སྤྱོད་པ་བསྟན་པ་དང་། དངོས་གྲུབ་སྒྲུབ་པའི་དུས་ཀྱི་ངེས་པ་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པས་བསྟན་པའོ། །ཕྱག་རྒྱ་ཆེན་པོ་ཐིམ་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མདོར་བསྟན་པ་ནི། སྒྱུ་ལུས་བསམ་གཏན་གཉིས་ཀྱིས་བཤིག་ནས། ནམ་མཁའ་དང་་མཚུངས་པ་འོད་གསལ་བ་དང་མཉམ་པར་གྱུར་ཅིང་། མངོན་སུམ་དུ་བྱས་པས་རྣམ་པར་རྟོག་པའི་ངོ་བོ་ཉིད་ཡིན་ཞིང་། ཕྱི་ནང་གི་ཆོས་རྣམས་ཀྱང་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང་། འོན་ཀྱང་ཀུན་རྫོབ་ཏུ་རོལ་མོ་བཞིན་དུ་འོག་ནས་བཤད་པའི་ལྷའི་རྣལ་འབྱོར་དང་དངོས་གྲུབ་སྒྲུབ་པའི་ཆོ་ག་ལ་སོགས་པ་འདི་དག་རབ་ཏུ་བསྒོམ་པ་སྟོན་པ་ཡིན་ནོ། །གནས་ཀྱི་མཚན་ཉིད་ལ་གཉིས་ཀྱི། དྲང་དོན་དུ་བཤད་པ་ནི། ལེའུ་བཅུ་གཅིག་པར་བཤད་པ་དང་། མ་བཤད་པའི་དངོས་གྲུབ་རྣམས་གནས་གང་ཞིག་ཏུ་བསྒྲུབ་ཅེ་ན། གྲོང་ནས་རྒྱང་གྲགས་སོགས་འཕགས་པའི་དགོན་པ་ཆེན་པོའི་ས་ཕྱོགས་མཆོག་ཏུ་གྱུར་པ་དང་། ཆུ་ལ་སོགས་པས་ཡིད་དུ་འོང་ཞིང་། མེ་ཏོག་དང་འབྲས་བུ་ལ་སོགས་པས་བརྒྱན་པའི་རི་བོ་དང་སྐྱེ་བོས་རྣམ་པར་དབེན་པའི་ས་ཕྱོགས་གཞན་རྣམས་སུ་ཡང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་གང་དུ་བསྡུས་ཤིང་བསགས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་བོ། །དེ་ཉིད་ངེས་དོན་དུ་བཤད་པ་ནི། དེ་ལ་དགོན་པ་ཆེན་པོའི་ས་ཕྱོགས་ཞེས་པས་ནི་ཆོས་ཀྱི་སྐུའི་མཚན་ཉིད་སྟོན་ཏེ། དེ་སྐད་དུ་ཡང་། ནམ་མཁའ་བརྟགས་པའི་སྦྱོར་བ་ཡིས། །ཕུང་པོ་དགོན་པ་ཆེན་པོར་འདོད། །གནས་མེད་གནས་པའི་སྦྱོར་བ་ཡིས། །གནས་ཆེན་པོ་ནི་ས་ཕྱོགས་ཡིན། །ཞེས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་རྣམས། ནམ་མཁའ་བརྟགས་པའི་སྦྱོར་བ་སྟེ། བསམ་གཏན་གཉིས་ཀྱིས་བཤིག་ནས་འོད་གསལ་དུ་བཅུག་པ་ནི། སྤྲོས་པའི་མཚན་མ་ལས་རིང་དུ་གནས་པས་ན་དགོན་པ་ཆེན་པོར་འདོད་དོ། །དེ་ལྟ་བུའི་འོད་གསལ་ལ་གནས་མེད་གནས་པའི་སྦྱོར་བ་སྟེ། མི་གནས་པའི་ཚུལ་གྱིས་འཁོར་བ་ཇི་སྲིད་པར་བཞུགས་པའི་གནས་ཆེན་ཏེ། ཆོས་ཀྱི་སྐུ་ནི་སྒྲིབ་གཉིས་ཀྱི་དྲི་མས་གཙང་བས་ན་ས་ཕྱོགས་ཡིན་ནོ། །མེ་ཏོག་འབྲས་བུ་སོགས་པས་བརྒྱན། །ཅེས་པས་ལོངས་སྐུ་དང་སྤྲུལ་པའི་སྐུ་སྟོན་པ་ནི། འདིར་ནི་ལོངས་སྤྱོད་རྫོགས་པའི་ཤིང་། །དངོས་གྲུབ་སྣ་ཚོགས་མེ་ཏོག་ལྡན། །སྤྲུལ་པའི་འབྲས་བུ་ཡང་དག་བརྒྱན། །ཅེས་ཏེ། འདིར་ནི་སྟེ་ཆོས་ཀྱི་སྐུའི་ས་ཕྱོགས་གཙང་མ་ལ་སྐྱེས་པའི་ཤིང་ནི། ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། །དེ་ཉིད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྣ་ཚོགས་ཀྱི་མེ་ཏོག་དང་ལྡན་ཞིང་གདུལ་བྱ་སྣ་ཚོགས་པའི་དོན་མཛད་པའི་སྤྲུལ་པའི་འབྲས་བུས་ཡང་དག་པར་བརྒྱན་པའི་ཕྱིར་རོ། །རི་བོ་དབེན་པའི་ས་ཕྱོགས་ཞེས་པས། སྐུ་གསུམ་དབྱེར་མེད་རྡོ་རྗེ་འཆང་ཆེན་པོ་སྟོན་པ་ནི། ཡང་དག་རྫོགས་པའི་བྱང་ཆུབ་རིག །དངོས་མེད་དབེན་པ་ཉམས་དགའ་བའོ། །རྡོ་རྗེ་ཞེས་བྱ་དེ་བསྒྲུབ་བྱ། །ཞེས་ཏེ། སྔར་བཤད་པའི་ཆོས་ཀྱི་སྐུའི་ས་ཕྱོགས་གཙང་མ་དང་། དངོས་གྲུབ་སྣ་ཚོགས་ཀྱི་མེ་ཏོག་དང ། སྤྲུལ་པའི་འབྲས་བུས་བརྒྱན་པའི་ལོངས་སྤྱོད་རྫོགས་པའི་ལྗོན་ཤིང་དང་ལྡན་པའི་རི་བོ་ནི་ཡང་དག་པ་རྫོགས་པའི་བྱང་ཆུབ་སྟེ། སྐུ་གསུམ་དབྱེར་མེད་རྡོ་རྗེ་འཆང་ཆེན་པོ་ཡིན་ལ། དེ་ཉིད་ནི་དངོས་མེད་དེ། དོན་དམ་པའི་བདེན་པ་ལས་མི་གཡོ་བས་དབེན་པ་དང་། ཟག་པ་མེད་པའི་བདེ་བ་དང་ལྡན་པས་ཉམས་དགའ་བའོ། །དེ་བས་ན་སྐུ་གསུམ་དབྱེར་མེད་རྡོ་རྗེ་འཆང་ཆེན་པོའི་རི་བོ་དེར་གནས་ནས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པར་བྱའོ་ཞེས་པའོ། །ཕྱག་རྒྱ་ཆེན་པོ་སྒྱུ་མ་ལྟ་བུའི་སྐུ་ཐིམ་པ་རྒྱས་པར་བཤད་པ་ལ་གསུམ་གྱི། སྒྱུ་ལུས་བསྒོམ་ཚུལ་དངོས་བསྟན་པ་ནི། མྃ་ཞེས་པ་སྒྱུ་ལུས་མཚོན་པར་བྱེད་པའི་ས་བོན་ཏེ། མའི་སྒྲ་ལ་དྲངས་ན་མ་ན་ཡིད། ཛུའི་སྒྲ་ལ་དྲངས་ན། ཨ་ཛུ་ན་བརྟེན་ཅིང་བསྙེན་པར་བྱ་བས་ཏེ། ཡིད་ཀྱི་རང་བཞིན་གྱིས་བརྟེན་ཅིང་བསྙེན་པ་ཡིན་པས་ན། མ་ཛུའམ་འཇམ་པ་སྟེ། སྒྱུ་མ་ལྟ་བུའི་སྐུ་ཡིན་ལ། དེ་ཉིད་མི་ཕྱེད་པས་ན་རྡོ་རྗེའོ། །དེ་ཉིད་རབ་ཏུ་བསྒོམ་མོ། །གང་ལ་ན་རང་གི་ལུས་ངག་སེམས་ཀྱི་རྡོ་རྗེ་ལའོ། །རང་འབའ་ཞིག་སྒྱུ་མར་བསྒོམ་མམ་ཞེ་ན། མ་ཡིན་གྱི། ཁམས་གསུམ་པ་རྣམས་ཀྱི་ལུས་དང་། སེམས་ལ་ཡང་སྤྲོས་ཏེ་ཐམས་ཅད་སྒྱུ་མ་ལྟ་བུར་བསྒོམ་མོ། །དེ་ལས་ཅིར་འགྱུར་ཞེ་ན། རྡོ་རྗེ་འཇམ་པ་སྟེ། རྡོ་རྗེ་འཆང་ཆེན་པོའི་སྐུ་དང་འདྲ་བ་ཐོབ་པར་འགྱུར་རོ། །རྡོ་རྗེ་འཆང་ཆེན་པོའི་སྐུ་ཇི་ལྟ་བུ་ཞེ་ན། དག་པའི་སྒྱུ་ལུས་ཀྱི་མཚན་ཉིད་སྟོན་པ་ནི། རྡོ་རྗེ་འཆང་ཆེན་པོའི་སྐུ་ནི་ཚད་དཔག་ཚད་བརྒྱའི་ཁྱོན་ཙམ་དུ་ཆེ་ཞིང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་རྒྱན་རྣམས་ཀུན་གྱིས་བརྒྱན་པ་དང་། དངོས་འཛིན་གྱི་དྲི་མས་དག་པའི་སྒྱུ་མའི་སྐུ་མངའ་བས་ན་དག་པའི་བདག་ཉིད་དང་། རྡོ་རྗེ་འབར་བའི་འོད་དག་གིས་ཏེ། རང་གི་སྐུའི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་གསལ་བར་བྱེད་པས་སྣང་བར་འགྱུར་བའོ། །

དེ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་དེ་ནི། ཚངས་པ་དང་དྲག་པོ་ལ་སོགས་པ་འཇིག་རྟེན་པའི་ལྷ་རྣམས་ཀྱིས་ནམ་ཡང་མཐོང་བར་མི་ནུས་ན། གཞན་དག་གིས་ལྟ་ཅི་སྨོས་ཏེ། དེ་ནི་ས་བཅུ་པ་ལ་གནས་པའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལྷའི་མིག་གི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །རྡོ་རྗེ་འཇམ་པ་མཆོག་གི་དམ་ཚིག་ནི་སྒྱུ་ལུས་ཕྱག་རྒྱ་ཆེན་པོའོ། །དེ་ཉིད་སོ་སོ་སྐྱེ་བོ་ལ་སོགས་པས་མི་རིགས་པས་ན་མི་སྣང་བའོ། །སྒྱུ་ལུས་ཉིད་འོད་གསལ་དུ་གཞུག་པ་བསྟན་པ་ནི། རྡོ་རྗེ་མི་ཕྱེད་གསུམ་ནི་ཐུགས་ཡིན་ལ། དེ་ལས་བྱུང་བའི་བཤང་བ་ཡུལ་དང་། གཅི་བ་དབང་པོ་རྣམས་ཕན་ཚུན་བསྲེས་པའི་དམ་ཚིག་ལྔ་སྟེ། ཡུལ་དང་དབང་པོས་བསྡུས་པའི་ཕུང་པོ་རྣམས་ལུགས་གསུམ་སྟེ་སེམས་སྣང་བ་གསུམ་རླུང་དང་ལྡན་པ་ལས་བྱུང་བའི་སྒྱུ་མ་ལྟ་བུའི་སྐུར་བསྐྱེད་ནས། རིལ་འཛིན་དང་། རྗེས་གཞིག་གིས་བཤིགས་ཏེ། ཁ་སྟེ་འོད་གསལ་དུ་བཅུག་ནས་བསྒོམ་པར་བྱའོ། །དེ་ལས་ཅིར་འགྱུར་ཞེ་ན། དེ་ལྟར་བསྒོམ་པའི་རྣལ་འབྱོར་པ་དེ། སངས་རྒྱས་ཀུན་གྱིས་ཏེ། རྟོག་གེ་པ་རྣམས་ཀྱིས་མི་ཕྱེད་ཅིང་ཡུལ་མ་ཡིན་པའི་ཐུགས་ཏེ། ཡེ་ཤེས་ཀྱི་སྐུ་འོད་གསལ་དེ་རུ་བཅུག་ཏེ་བསྒོམས་པས། དེ་མ་ཐག་ཏུ་འོད་གསལ་འཛིན་པའི་ཡན་ལག་དེ་ལས། རྗེས་དྲན་གྱི་ཡན་ལག་གིས་ཟུང་འཇུག་གི་སྐུར་བཞེངས་ཏེ། རྡོ་རྗེ་འཇམ་པའི་འོད་དེ་གཟི་བརྗིད་དང་འདྲ་བ་ཐོབ་པར་འགྱུར་རོ། །དངོས་གྲུབ་གྱི་ཆོ་ག་ལ་གཉིས་ཏེ། བསྐྱེད་རིམ་པའི་དངོས་གྲུབ་ཀྱི་ཆོ་ག་དང་། རྫོགས་རིམ་པའི་དངོས་གྲུབ་ཀྱི་ཆོ་གའོ། །དང་པོ་ལ་དོན་བདུན་ཏེ། རྫས་ཀྱི་སྒོ་ནས་རིག་པ་འཛིན་པ་བསྒྲུབ་པ་དང་། སྔགས་ཀྱི་རིལ་བུའི་སྒོ་ནས་བསྒྲུབ་པ་དང་། ཕྱག་རྒྱ་ཆེན་པོའི་གཟུགས་ཀྱིས་རིག་པ་འཛིན་པ་བསྒྲུབ་པ་དང་། དངོས་གྲུབ་དང་མཐུན་པའི་སྤྱོད་པ་དང་། གདུལ་བྱ་འདུན་པའི་སྦྱོར་བ་རྒྱས་བཏབ་དང་བཅས་པ་དང་། ལས་ཀྱི་དབྱེ་བས་ཟས་ལ་ལོངས་སྤྱོད་པའི་ཆོ་ག་དང་། ལྷ་རྣམས་རྒྱས་པར་བྱ་བའི་ཆོ་གའོ། །དང་པོ་ལ་བཞིའི་འཁོར་ལོའི་རིགས་འཛིན་བསྒྲུབ་པ་ཕན་ཡོན་དང་བཅས་པ་བསྟན་པ་ནི། བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས་འཁོར་ལོའི་རིག་པ་འཛིན་པ་བསྒྲུབ་པར་འདོད་ན། དང་པོར་དངུལ་ལམ་དུང་ལ་སོགས་པའི་རྒྱུ་ལས་བྱས་པའི་འཁོར་ལོ་དཀར་པོ་ཁྲུ་གང་བརྩིབས་བརྒྱད་པ་ལྟེ་བ་དང་མུ་ཁྱུད་དང་བཅས་པ་འོད་ཟེར་བསྣོལ་མར་འཕྲོ་བ་བྱས་ལ། འབྲུ་གསུམ་བཟླས་པའི་དྲིའི་ཆུས་བསངས་ཏེ། འབྲུ་གསུམ་གྱི་སྔགསཀྱིས་བསྲུངས་ལ། ཟ་མ་ཏོག་འདི་ནང་དུ་བཅུག་སྟེ། ཁྲིའུ་ལ་སོགས་པའི་སྟེང་དུ་བཞག་གོ །དེ་ནས་རྣལ་འབྱོར་གྱི་རིམ་པ་རྣམ་སྣང་གིས་གཙོ་བྱས་པའི་དཀྱིལ་འཁོར་རྒྱལ་མཆོག་ཡན་ཆད་བསྐྱེད་ནས། ལས་རྒྱལ་མཆོག་ནི། མདུན་གྱི་འཁོར་ལོ་མི་དམིགས་པར་བྱས་ཏེ། རང་གི་སྔགས་ཀྱིས་ཏེ། རྣམ་སྣང་གི་ས་བོན་ༀ་ལས་འཁོར་ལོ་འོད་འཕྲོ་མདངས་མཆོག་ཅན་ཏེ། འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་འོད་ཟེར་བསྣོལ་མར་འཕྲོ་བ་བསྒོམས་ནས། སངས་རྒྱས་ཐམས་ཅད་བཞུགས་པའི་གནས། ཞེས་པ་དེའི་ལྟེ་བར་རྣམ་སྣང་གིས་གཙོ་བྱས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་བསྐྱེད་དོ། །གསལ་བར་ཐུན་བཞིར་བསྒོམས་ཏེ། ཇི་སྲིད་དྲོ་བར་གྱུར་པ་དང་། དུ་བ་འཐུལ་བ་དང་། འབར་བར་གྱུར་པའི་རྟགས་རབ་འབྲིང་གསུམ་བྱུང་གི་བར་དུ་བསྒོམས་ལ། དེ་ནས་འཁོར་ལོ་དེ་རང་གི་ལག་ཏུ་ཐོགས་པས། དྲོ་བའི་དུས་སུ་ནི་མི་སྣང་བའམ་ནམ་མཁའ་ལ་འགྲོ་བ་དང་། དུ་བ་དང་འབར་བའི་དུས་སུ་ནི་ཚེ་བསྐལ་པར་ཐུབ་པར་འགྱུར་བས། སངས་རྒྱས་ཏེ་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ། །ཕན་ཡོན་གཞན་ཡང་རིག་པ་འཛིན་པ་དེ་རི་རབ་སུམ་ཅུ་རྩ་དྲུག་གི་རྡུལ་ཕྲན་ཇི་སྙེད་ཡོད་པའི་ཚད་ཀྱི་དཀྱིལ་འཁོར་རྣམས་དེའི་རྗེས་སུ་འབྲང་བར་འགྱུར་ཏེ། ཀུན་ཀྱང་རྡོ་རྗེ་འཛིན་པ་དང་འདྲ་བར་ཚེའི་དངོས་གྲུབ་ཐོབ་པས་མི་འཇིགས་པ་ཉིད་དོ། །ཏིང་ངེ་འཛིན་གང་གིས་འཁོར་ལོ་དང་མཉམ་པ་ཐོབ་པ་དེ་ནི། འཁོར་ལོའི་དམ་ཚིག་ཅེས་བྱའོ། །རྡོ་རྗེའི་རིག་པ་འཛིན་པ་ཕན་ཡོན་དང བཅས་པ་བསྟན་པ་ནི། བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས་རྡོ་རྗེའི་རིག་པ་འཛིན་པ་བསྒྲུབ་པར་འདོད་ན། ལྷའི་རྣལ་འབྱོར་མི་བསྐྱོད་པའི་དང་པོའི་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ལྕགས་ལས་བྱས་པའི་རྡོ་རྗེ་ཁྲུ་གང་བ་བྱས་ལ། དེ་ནས་གསང་བ་ལ་སོགས་པ་སྔ་མ་བཞིན་བྱས་ཏེ། མདུན་གྱི་རྡོ་རྗེ་དེ་ཉིད་དཀྱིལ་འཁོར་དབུས་སུ་སྟེ། མི་དམིགས་པར་བྱས་པའི་སྟོང་པའི་ངང་ལས། རང་སྔགས་ཧཱུྃ་ལས་སྔར་དང་འདྲ་བའི་རྡོ་རྗེ་ཆེན་པོ་བསྒོམས་ལ། དེ་ཉིད་རྡོ་རྗེ་ཀུན་གྱི་གནས་ཡིན་པར་བསམས་ན་ཞེས་པ། དེའི་སྟེང་དུ་མི་བསྐྱོད་པས་གཙོ་བྱས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་སྐད་ཅིག་གིས་བསྐྱེད་ནས། རྟགས་གསུམ་གང་རུང་མ་བྱུང་གི་བར་དུ་ཐུན་བཞིར་བསྒོམས་ན། ཕ་ཡོན་སྔ་མ་བཞིན་དུ་འཐོབ་པས། རྡོ་རྗེ་འདྲ་བར་འགྱུར་བའོ། །ཕན་ཡོན་གཞན་ཡང་། རི་རབ་སུམ་ཅུ་རྩ་དྲུག་ཅེས་པས། རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འདོད་པའི་དབང་ཕྱུག་ཏུ་འགྱུར་བར་སྟོན་ནོ། །དྲག་པོ་དག་གིས་ཞེས་པས། ཁམས་གསུམ་ཐམས་ཅད་ཀྱིས་ཕྱག་བྱས་པར་སྟོན་ཏེ། དྲག་པོ་ནི་ཁམས་གསུམ་གྱི་ཕྱག་བྱས་པ་ཡིན་པའི་ཕྱིར་རོ། །རྡོ་རྗེའི་དམ་ཚིག་ནི། ལྷན་ཅིག་སྤྱོད་པའི་ཕྱག་རྒྱ་རྣམས་ཏེ། དེ་དང་དེའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །པད་མ་བསྒྲུབ་པའི་ཕན་ཡོན་དང་བཅས་པ་ནི། བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས་པད་མའི་རིག་འཛིན་བསྒྲུབ་པར་འདོད་ན། གཞན་སྔར་དང་འདྲ་བ་ལས། ཆོ་གའི་ཁྱད་པར་འོད་དཔག་ཏུ་མེད་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས། ལས་རྒྱལ་མཆོག་ན། ཟངས་ལས་བྱས་པའི་པད་མ་དམར་པོ་འདབ་མ་བརྒྱད་པ་ལ། གསང་བ་ལ་སོགས་པ་སྔ་མ་ལྟར་བྱས་ལ། པད་མ་དེ་མི་དམིགས་པ་ལས། དེ་ཉིད་ཆོས་རྣམས་ཀུན་གྱི་གནས་ཡིན་པར་བསམས་ནས་ཏེ། དེའི་སྟེང་འོད་དཔག་ཏུ་མེད་པས་གཙོ་བྱས་པའི་དཀྱིལ་འཁོར་སྐད་ཅིག་གིས་བསྐྱེད་ནས་བསྒོམས་པས། རྟགས་གསུམ་གང་རུང་བྱུང་བ་ན། སྔར་དང་འདྲ་བར་ཕན་ཡོན་འབྱུང་སྟེ། དེའི་ཕྱིར་རྡོ་རྗེ་ཆོས་ཏེ། འོད་དཔག་མེད་དང་འདྲ་བར་འགྱུར་རོ། །ཕན་ཡོན་གཞན་ཡང་། རི་རབ་སུམ་ཅུ་རྩ་དྲུག་གི་རྡུལ་ཕྲན་ཇི་སྙེད་ཡོད་པའི་ཚད་ཀྱི་དག་པའི་བདག་ཉིད་དེ། པད་མའི་རིགས་ཅན་གྱི་སངས་རྒྱས་ཏེ་ཐབས་ཀྱི་ངོ་བོ་ཉིད་དང་། མཆོད་མཆོག་སྟེ་ཤེས་རབ་ཀྱི་ངོ་བོ་ཉིད་ཀྱི་དཀྱིལ་འཁོར་གྱི་ཚོགས་སུ་སྒྲུབ་པ་པོ་བདག་ཉིད་འཇོག་པར་བྱེད་ཅིང་། སྔགས་དང་ཕྱག་རྒྱའི་ཚོགས་ཐམས་ཅད་ཀྱི་བདག་པོ་ཉིད་དུ་དབང་བསྐུར་བར་འགྱུར་རོ། །ཡེ་ཤེས་ལྔ་ལྡན་ཞེས་སོགས་བཤད་ཟིན་ཏོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་འབྲེལ་བའི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་ལ་བསྙེན་བཀུར་བྱེད་པར་འགྱུར་རོ། །རལ་གྲི་སྒྲུབ་པ་ཕན་ཡོན་དང་བཅས་པ་ནི། རལ་གྲིའི་རིག་པ་འཛིན་པ་སྒྲུབ་པར་འདོད་པའི་རྣལ་འབྱོར་པས། གཞན་རྣམས་སྔར་དང་འདྲ་བ་ལས། ཆོ་གའི་ཁྱད་པར། དོན་ཡོད་གྲུབ་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས། ལས་རྒྱལ་མཆོག་ལྕགས་ལས་བྱས་པའི་རལ་གྲི་བརྡུངས་ལ། དེ་ཉིད་གསང་བ་ལ་སོགས་པ་སྔ་མ་ལྟར་བྱས་ནས། མི་དམིགས་པའི་ངང་ལས། རང་གི་སྔགས་ཀྱིས་ཏེ། དོན་གྲུབ་ཀྱི་ས་བོན་ཧ་ལས་འོད་ཟེར་ལྔའི་མདོག་འདྲའི་འོད་དེ། འོད་ཟེར་ལྔ་དང་ལྡན་པའི་རལ་གྲི་བསྒོམས་ལ། དེའི་སྟེང་དུ་དོན་གྲུབ་ཀྱིས་གཙོ་བྱས་པའི་དཀྱིལ་འཁོར་རྣམས་སྐད་ཅིག་གིས་བསྐྱེད་དེ་བསྒོམས་པས། རྟགས་གསུམ་གང་རུང་བྱུང་བ་ན། མིག་ཡངས་དེ་བསྒྲུབ་པ་པོའི་ལག་ཏུ་ཐོགས་ན། རྡོ་རྗེ་གསུམ་ལས་བྱུང་བའི་རིག་པ་ནི་ཕྱག་རྒྱ་ཆེན་པོའི་གཟུགས་ཡིན་ལ། དེ་འཛིན་པར་འགྱུར་ཞིང་། ཁམས་གསུམ་གྱི་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་ཀུན་གྱིས་མཆོད་པ་དང་། ཚངས་པའི་གཙོ་བོ་དང་། དབང་པོ་སྟེ་བརྒྱ་བྱིན་དང་། ལྷ་མིན་གྱི་གཙོ་བོ་རྣམས་ཀྱིས་ཕྱག་བྱས་པ་དང་། སྟོང་གསུམ་གྱི་འཇིག་རྟེན་གཅིག་པུ་བ་སྟེ་བདག་པོར་འགྱུར་རོ། །གསང་བ་འཛིན་པ་སྟེ་ཐ་མལ་གྱི་སྒྲུབ་པ་ལ་གནས་པ་རྣམས་ཀྱི། མི་མཆོག་སྟེ་གཙོ་བོར་འགྱུར་རོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན་སྟེ་སྒྲུབ་པ་པོ་གང་ཡིད་ལ་འདོད་ཅིང་བསམས་ལ་དེ་ལྟ་བུའི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་རྡོ་རྗེ་ཐུགས་ལས་ཏེ། བསམས་པ་ཙམ་གྱིས་རབ་ཏུ་འབྱུང་ཞིང་སྟེར་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་རལ་གྲི་ནི། རལ་གྲི་ཐམས་ཅད་སྟེ། དེ་དང་དབྱེར་མེད་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །འདིར་རིན་པོ་ཆེའི་སྒྲུབ་པ་མ་བཤད་པ་ནི། འཁོར་ལོ་ལ་སོགས་པ་ལ་རང་བཞིན་གྱིས་གྲུབ་པའི་ནུས་པ་མེད་པས་བསྒྲུབ་པ་བཤད་ལ། རིན་པོ་ཆེ་རྙེད་ན། རང་བཞིན་གྱིས་གྲུབ་པའི་ནུས་པ་ཡོད་པས། བསྒྲུབ་མི་དགོས་པར་སེམས་ཅན་གྱི་དོན་འབྱུང་ཞིང་། མ་རྙེད་ན་བསྒྲུབ་མི་ནུས་པས། རིན་པོ་ཆེའི་སྒྲུབ་པ་མ་བཤད་པ་ཡིན་ནོ། །སྔགས་ཀྱི་རིལ་བུའི་སྒྲུབ་པ་བསྟན་པ་ནི། ནང་ལ་མཆོག་ཏུ་གཞོལ་བས་བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པ་རིལ་བུའི་རིག་པ་འཛིན་པ་བསྒྲུབ་པར་འདོད་ན། རང་གི་ལྷག་པའི་ལྷའམ་རྣམ་པར་སྣང་མཛད་ཀྱི་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས། ལས་རྒྱལ་མཆོག ཡི་གེ་ༀ་ཙ་ན་ཀའི་འབྲུ་ཚད་ཙམ་གྱི་རིལ་བུ་བསམས་ནས། དེའི་དབུས་སུ་སྟེ་ནང་དུ་ཆུད་པར་རང་གི་ལྷའི་གཟུགས་ཏེ་ས་བོན་ༀ་རྣམ་སྣང་གི་ངོ་བོ་ཉིད་རླུང་འཇུག་པའི་བདག་ཉིད་ཅན་དུ་བསམས་ཏེ། ཁར་བཅུག་ནས་ཏེ་སྤྱི་བོའི་གནས་སུ་བསྒོམ་མོ། །ཡང་དང་ཡང་དུ་བསྒོམ་ན་སྒྲུབ་པ་པོ་དེ་ནི་དེ་མ་ཐག་ཏུ་ཡང་བྱང་ཆུབ་དོན་དམ་པའི་བདེན་པ་དང་། སེམས་ཅན་ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་གཉིས་དབྱེར་མི་ཕྱེད་པའི་རྡོ་རྗེ་འཆང་ཆེན་པོ་དང་། འོད་དེ་རྫུ་འཕྲུལ་འདྲ་བར་འགྱུར་ཞིང་། གཟི་བརྗིད་ལྟ་བར་དཀའ་བས་ན། ཉི་མ་ཤར་བའི་ཞེས་པ་སོགས་གསུངས་སོ། །དེ་བཞིན་དུ་རང་གི་ལྷག་པའི་ལྷའམ། འོད་དཔག་ཏུ་མེད་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས། ལས་རྒྱལ་མཆོག་ཡི་གེ་ཨཱ་ཙ་ན་ཀའི་འབྲུ་ཚད་ཙམ་གྱི་རིལ་བུ་བསམས་ནས། དེའི་དབུས་སུ་ཆུད་པའི་རང་གི་ལྷའི་གཟུགས་ཏེ་ས་བོན་སྣང་མཐའི་ངོ་བོ་ཨ་ཉིད་རླུང་གནས་པའི་བདག་ཉིད་ཅན་དུ་བསམས་ཏེ། ཁར་བཅུག་པ་སྟེ་ལྐོག་མའི་གནས་སུ་བསྒོམས་ན། སྒྲུབ་པ་པོ་དེ་ནི་ཞེས་སོགས་སོ། །བྱང་ཆུབ་ཡེ་ཤེས་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་དུ་རང་གི་ལྷག་པའི་ལྷའམ། མི་བསྐྱོད་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས། ལས་རྒྱལ་མཆོག་ཡི་གེ་ཧཱུྃ་ཙ་ན་ཀའི་འབྲུ་ཚད་ཙམ་གྱི་རིལ་བུ་བསམས་ལ། དེའི་དབུས་སུ་ཆུད་པའི་རང་གི་ལྷའི་གཟུགས་ཏེ་ས་བོན་མི་བསྐྱོད་པའི་ངོ་བོ་ཉིད་ཀྱི་ཧཱུྃ་ཉིད་རླུང་ལྡང་བའི་བདག་ཉིད་ཅན་དུ་བསམས་ཏེ། ཁར་བཅུག་པ་སྟེ་སྙིང་ཁའི་གནས་སུ་བསྒོམས་ན། ཕན་ཡོན་དེ་ནི་ཞེས་སོགས་སོ། །རྡོ་རྗེའི་སྐུ་ནི་རྡོ་རྗེ་འཆང་ཆེན་པོའོ། །ཕྱག་རྒྱ་ཆེན་པོའི་གཟུགས་ཀྱིས་རིག་པ་འཛིན་པ་བསྒྲུབ་པ་ནི། དེ་ཡང་ནང་ལ་མཆོག་ཏུ་གཞོལ་བ་ཐུན་མོང་གི་བསྙེན་པ་མཐར་ཕྱིན་པའི་རྣལ་འབྱོར་པས། འཁོར་ལོའི་རིག་འཛིན་པ་བསྒྲུབ་པར་འདོད་ན། མཁའ་དབྱིངས་ཏེ་ཡེ་ཤེས་ཀྱི་ས་སྦྱང་བ་སྔོན་དུ་འགྲོ་བ་ཅན་གྱི། གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ལ། གཞལ་ཡས་ཁང་གི་དབུས་སུ་གསལ་བའི་དཀྱིལ་འཁོར་ཏེ། ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྣམ་པར་སྣང་མཛད་རྣལ་འབྱོར་བཞིིའི་སྒོ་ནས་རབ་ཏུ་བསྒོམ་པ་དང་པོ་སྦྱོར་བ་དང་། དེ་ནས་རང་རིགས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས། ཆོ་ག་གསུམ་གྱིས་ལྷ་རྣམས་བསྐྱེད་དེ་རང་རང་གི་གནས་སུ་བཀོད་པའི་དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་རྣམ་སྣང་གི་ཕྱག་གཡས་ཀྱི་དང་པོའི་འཁོར་ལོ་དེ་མི་དམིགས་པར་བསྒོམས་ནས། ༀ་ལས་ལག་ཏུ་འཁོར་ལོ་དཀར་པོ་བརྩིབས་བརྒྱད་པ་བསམས་ལ། དེའི་ལྟེ་བར་རྣམ་སྣང་གི་དཀྱིལ་འཁོར་བསྐྱེད་དེ། དེ་ལ་སེམས་གཏད་དེ་བསྒོམས་པས། རྟགས་གསུམ་གང་རུང་བྱུང་བ་ན། སྔ་མ་བཞིན་དུ་འཁོར་ལོའི་རིག་པ་འཛིན་པར་འགྱུར་རོ། །འདི་དག་ཇི་ལྟར་སྒྲུབ་པར་བྱ་ཞེ་ན། དང་པོར་འཁོར་ལོ་ཆེན་པོའི་རིགས་ཏེ། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བསྒོམས་ནས། སངས་རྒྱས་སྐུར་ནི་རབ་སྦྱོར་ཏེ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང་ལྡན་པས། ཡེ་ཤེས་ཏེ་རྣམ་སྣང་གི་སྒྲུབ་པ་འདི་ནི། ཡེ་ཤེས་རྡོ་རྗེ་སྟེ་སྒྲུབ་པ་པོ་དག་གིས་བསྒྲུབ་པར་བྱའོ། །རྡོ་རྗེའི་རིག་པ་འཛིན་པ་བསྒྲུབ་པར་འདོད་ལ། མཁའ་དབྱིངས་ཡེ་ཤེས་ཀྱི་ས་སྦྱང་བ་སྔོན་དུ་འགྲོ་བས། གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ནས། དེའི་དབུས་སུ་རྡོ་རྗེ་སྟེ། ཉི་མའི་དཀྱིལ་འཁོར་ལ་གནས་པའི། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད། མི་བསྐྱོད་པ་རྣལ་འབྱོར་བཞིས་བསྒོམས་པས་དང་པོའི་སྦྱོར་བའོ། །

དེ་ནས་རང་རིགས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས། ལས་རྒྱལ་མཆོག་མི་བསྐྱོད་པའི་ཕྱག་གཡས་ཀྱི་དང་པོའི་རྡོ་རྗེ་མི་དམིགས་པའི་ངང་ལས། ཧཱུྃ་ལས་ལག་ཏུ་རྡོ་རྗེ་བསམས་ཏེ། དེའི་ལྟེ་བར་མི་བསྐྱོད་པས་གཙོ་བྱས་པའི་དཀྱིལ་འཁོར་སྐད་ཅིག་གིས་བསྐྱེད་ནས། དེ་ལ་སེམས་གཏད་དེ་བསྒོམས་པས། རྟགས་གསུམ་གང་རུང་བྱུང་བ་ན། རྡོ་རྗེའི་རིག་པ་འཛིན་པར་འགྱུར་རོ། །འདི་ཇི་ལྟར་བསྒྲུབ་ཅེ་ན། རྡོ་རྗེ་ཆེན་པོའི་རིགས་ཏེ། དང་པོར་མི་བསྐྱོད་པའི་དཀྱིལ་འཁོར་བསྒོམས་ཏེ་རྡོ་རྗེའི་སྐུ་ནི་རབ་སྦྱོར་ཏེ། མི་བསྐྱོད་པའི་ཏིང་ངེ་འཛིན་དང་ལྡན་པས། རྡོ་རྗེ་མཆོག་སྟེ། མི་བསྐྱོད་པའི་བསྒྲུབ་པ་འདི་ནི། ཡེ་ཤེས་རྡོ་རྗེ་སྟེ་སྒྲུབ་པ་པོ་དག་གིས་བྱའོ། །རིན་པོ་ཆེའི་རིག་པ་འཛིན་པ་བསྒྲུབ་པར་འདོད་པས། མཁའ་དབྱིངས་ཏེ། ཡེ་ཤེས་ཀྱི་ས་སྦྱང་བ་སྔོན་དུ་འགྲོ་བ་ཅན་གྱི། གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ནས། དེའི་དབུས་སུ་རིན་པོ་ཆེ་ལ་གནས་པའི་རིན་ཆེན་རྡོ་རྗེ་སྟེ། རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་བཞིའི་སྒོ་ནས་རབ་ཏུ་བསྒོམ་པ་ནི་དང་པོ་སྦྱོར་བའོ། །དེ་ནས་རང རིགས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་དེ། ལས་རྒྱལ་མཆོག་ནི། རིན་འབྱུང་གི་ཕྱག་གཡས་ཀྱང་དང་པོའི་རིན་པོ་ཆེ་མི་དམིགས་པའི་ངང་ལས་སྭ་ལས་ལག་ཏུ་རིན་པོ་ཆེ་བསམས་ཏེ། དེའི་སྟེང་དུ་རིན་འབྱུང་གིས་གཙོ་བྱས་པའི་དཀྱིལ་འཁོར་རྣམས་བསྐྱེད་དེ། དེ་ལ་སེམས་གཏད་དེ་བསྒོམས་པས། རྟགས་གསུམ་གང་རུང་བྱུང་བ་ན། རིན་པོ་ཆེའི་རིག་པ་འཛིན་པར་འགྱུར་རོ། །འདི་དག་ཅི་ལྟར་བསྒྲུབ་ཅེ་ན། རིན་པོ་ཆེའི་རིགས་ཏེ་དང་པོར་རིན་འབྱུང་གི་དཀྱིལ་འཁོར་བསྒོམས་ནས། རིན་ཆེན་སྐུར་ནི་རབ་སྦྱོར་ཏེ། རིན་འབྱུང་གི་རྣལ་འབྱོར་དང་ལྡན་པས། རིན་ཆེན་མཆོག་སྟེ་རིན་འབྱུང་སྒྲུབ་པ་འདི་ནི། ཡེ་ཤེས་རྡོ་རྗེ་སྟེ་སྒྲུབ་པ་པོ་དག་གིས་བསྒྲུབ་པར་བྱའོ། །པད་མའི་རིགས་པ་འཛིན་པ་བསྒྲུབ་པར་འདོད་པས། མཁའ་དབྱིངས་ཏེ་ཡེ་ཤེས་ཀྱི་ས་སྦྱང་བ་སྔོན་དུ་འགྲོ་བའི་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ནས། དེ་ཡི་དབུས་སུ་ཆོས་ཀྱི་དབྱིངས་ཏེ། པད་མ་འདབ་མ་བརྒྱད་པ་ལ་གནས་པའི་ཚེ་དཔག་མེད་རྣལ་འབྱོར་བཞིའི་སྒོ་ནས་རབ་ཏུ་བསྒོམས་པ་ནི། དང་པོ་སྦྱོར་བའོ། །དེ་ནས་རང་རིགས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས་ལས་རྒྱལ་མཆོག་ཚེ་དཔག་མེད་ཀྱི་ཕྱག་གཡས་ཀྱི་དང་པོའི་པད་མ་མི་དམིགས་པའི་ངང་ལས། ཨ་ལས་ལག་ཏུ་པད་མ་བསམས་ཏེ། དེའི་ལྟེ་བར། ཚེ་དཔག་མེད་ཀྱིས་གཙོ་བྱས་པའི་དཀྱིལ་འཁོར་བསྐྱེད་ནས། དེ་ལ་དམིགས་ཏེ་བསྒོམས་པས། རྟགས་གསུམ་གང་རུང་བྱུང་བ་དང་། པད་མའི་རིག་པ་འཛིན་པར་འགྱུར་རོ། །འདི་དག་ཇི་ལྟར་བསྒྲུབ་ཅེ་ན། པད་མའི་རིགས་ཆེན་ཏེ། དང་པོར་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་བསྒོམས་ནས། ཆོས་ཀྱི་སྐུ་ནི་རབ་སྦྱོར་ཏེ། འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་དང་ལྡན་པས། པད་མའི་མཆོག་སྟེ། འོད་དཔག་ཏུ་མེད་པའི་སྒྲུབ་པ་འདི་ནི། ཡེ་ཤེས་རྡོ་རྗེ་སྟེ་སྒྲུབ་པ་པོ་དག་གིས་བསྒྲུབ་པར་བྱའོ། །རལ་གྲིའི་རིག་པ་འཛིན་པ་བསྒྲུབ་པར་འདོད་པས། མཁའ་དབྱིངས་ཏེ་ཡེ་ཤེས་ཀྱི་ས་སྦྱོང་བ་སྔོན་དུ་འགྲོ་བའི་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ནས། དེའི་དབུས་སུ་དམ་ཚིག་སྟེ། སྣ་ཚོགས་རྡོ་རྗེ་ལ་གནས་པའི་གདོན་མི་ཟ་བའི་ཡེ་ཤེས་ཏེ། དོན་ཡོད་གྲུབ་པ་རྣལ་འབྱོར་བཞིའི་སྒོ་ནས་བསྒོམ་པ་ནི་དང་པོ་སྦྱོར་བའོ། །དེ་ནས་རང་རིགས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས། ལས་རྒྱལ་མཆོག་ནི། དོན་གྲུབ་ཀྱི་ཕྱག་གཡས་ཀྱི་དང་པོ་རལ་གྲི་མི་དམིགས་པའི་ངང་ལས། ཧ་ལས་ལག་ཏུ་རལ་གྲི་བསམས་ཏེ། དེའི་སྟེང་དུ་དོན་གྲུབ་ཀྱིས་གཙོ་བྱས་པའི་དཀྱིལ་འཁོར་བསྐྱེད་ནས། དེ་ལ་དམིགས་ཏེ་བསྒོམས་པས། རྟགས་གསུམ་གང་ཡང་རུང་བ་བྱུང་བ་ན་རལ་གྲིའི་རིག་པ་འཛིན་པར་འགྱུར་རོ། །འདི་དག་གང་གིས་བསྒྲུབ་ཅེ་ན། དམ་ཚིག་ཆེན་པོའི་རིགས་ཏེ། དོན་གྲུབ་ཀྱི་དཀྱིལ་འཁོར་དང་པོར་བསྒོམས་ཏེ། ཐོགས་མེད་དམ་ཚིག་རབ་སྦྱོར་ཏེ། དོན་ཡོད་གྲུབ་པའི་ཏིང་ངེ་འཛིན་དང་ལྡན་པས། དམ་ཚིག་མཆོག་སྟེ་དོན་ཡོད་གྲུབ་པའི་བསྒྲུབ་པ་འདི་ནི། ཡེ་ཤེས་རྡོ་རྗེ་སྟེ་སྒྲུབ་པ་པོ་དག་གིས་བསྒྲུབ་པར་བྱའོ། །དེ་ལྟར་འཁོར་ལོ་ལ་སོགས་པའི་མཚན་མ་རྣམས་ཀྱིས་རིག་པ་འཛིན་པ་སྒྲུབ་པར་མ་ཟད། རྩེ་གསུམ་དང་། ལྕགས་ཀྱུ་དང་། དགྲ་སྟྭ་ལ་སོགས་པ་ཁྲོ་བོའི་རྒྱལ་པོའི་མཚན་མ་རྣམས་ཀྱིས་ཀྱང་བསྒྲུབ་པར་བྱའོ། །རྣལ་འབྱོར་གང་གིས་བསྒྲུབ་ཅེ་ན། རྡོ་རྗེའི་ཁྱད་པར་སྟེ་མི་བསྐྱོད་པའི་ཏིང་ངེ་འཛིན་གྱིས་བསྒྲུབ་བོ། །

བསམ་གཏན་གང་གིས་བསྒྲུབ་ཅེ་ན། ཐ་མལ་པའི་དངོས་པོ་སྤངས་ནས། ཕུལ་དུ་བྱུང་བའི་དངོས་པོ་བསྒྲུབ་པར་ནུས་པའི་སྐུ་གསུང་ཐུགས་ཀྱི་སྒྲུབ་པའི་བསམ་གཏན་དེས་འགྲུབ་པར་འགྱུར་གྱི་གཞན་དག་གིས་མ་ཡིན་ནོ། །དེ་ཡང་ཁྲོ་བོ་བཅུའི་རྣལ་འབྱོར་པས། ཁྲོ་བོའི་མཚན་མ་གང་སྒྲུབ་ཀྱང་། བསྒྲུབ་པའི་ཚེ་མི་བསྐྱོད་པའི་རྣལ་འབྱོར་གྱིས་བསྒྲུབ་པར་བྱ་སྟེ། དེ་དང་མི་བསྐྱོད་པའི་དང་པོའི་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ནི། མི་བསྐྱོད་པའི་ཕྱག་གཡས་ཀྱི་དང་པོར་རྩེ་གསུམ་ལ་སོགས་པ་གང་རུང་བསམས་ཏེ། དེ་མི་དམིགས་པའི་ངང་ལས། ཧཱུྃ་ལས་རྩེ་གསུམ་ལ་སོགས་པར་བསམས་ཏེ། དེར་མི་བསྐྱོད་པས་གཙོ་བྱས་པའི་དཀྱིལ་འཁོར་བསྐྱེད་ནས་བསྒོམས་པས། ཕན་ཡོན་སྔ་མ་ལྟར་འབྱུང་བར་འགྱུར་རོ། །གཞུང་ཉེ་བར་བསྡུ་བ་ནི། དམ་ཚིག་ཆེན་པོ་ནི་ཐེག་པ་ཆེན་པོའོ། །དེའི་དངོས་གྲུབ་ནི་གོང་དུ་བཤད་པ་རྣམས་ཏེ། དེ་སྟོན་པའི་རྡོ་རྗེ་ནི་དམ་ཚིག་ཆེན་པོའི་དངོས་གྲུབ་རྡོ་རྗེ་སྟེ། རྡོ་རྗེ་འཆང་ཆེན་པོའོ། །དངོས་གྲུབ་དང་མཐུན་པའི་སྤྱོད་པ་སྟོན་པ་ནི། རྟག་ཏུ་བསྒྲུབ་བོ་ཞེས་སྦྱར། གང་ན། གོང་དུ་བཤད་པའི་དངོས་གྲུབ་དེ་རྣམས་སོ། །སུ་ཞིག་གིས་ན། བསྙེན་པ་ལས་སུ་རུང་བའི་སྒྲུབ་པ་པོས་སོ། །གྲོགས་གང་དང་ལྷན་ཅིག་བསྒྲུབ་ཅེ་ན། མཚན་མ་གཅིག་པ་སྟེ་རབ་ཏུ་མཉམ་པའི་ཆ་ལུགས་འཛིན་པའི་ལམ་གྱི་བཞི་མདོའམ་སྟེ། བྲམ་ཟེའི་རིགས་ལ་སོགས་པ་ཕྱག་རྒྱ་བཞིའམ། ཡང་ན་ཤིང་གཅིག་དྲུང་སྟེ། དེ་དག་ལས་གང་ཡང་རུང་བ་གཅིག་གམ། ཞི་གནས་ཏེ་གདོལ་བ་ལ་སོགས་པའི་བུད་མེད་ཅི་ལྟར་རྙེད་པ་དག་དང་ལྷན་ཅིག་ཏུ་བསྒྲུབ་པར་བྱའོ། །ཐབས་གང་གིས་བསྒྲུབ་ཅེ་ན། དེ་དག་དང་སྙོམས་པར་ཞུགས་ཏེ། རྡོ་རྗེ་ཡེ་ཤེས་སེམས་གསུམ་དགུག་པའི་ཐབས་ཁྱད་པར་ཅན་གྱིས་བསྒྲུབ་སྟེ། དེ་ལས་གཞན་པ་ནི། དངོས་གྲུབ་བསྒྲུབ་པ་ལ་འཇུག་པ་བུལ་བ་ཡིན་པའི་ཕྱིར་རོ། །གདུལ་བྱ་འདུན་པའི་སྦྱོར་བ་རྒྱས་བཏབ་དང་བཅས་པ་ལ་གསུམ་ལས། ས་གསུམ་གྱི་བདག་པོ་པཎྜི་ཏ་དགུག་པ་ནི། དེ་ཡང་བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས། པཎྜི་ཏ་ལ་སོགས་པ་གང་ཟག་སྐལ་ལྡན་དགུག་པར་འདོད་ན། རང་རིགས་ཀྱི་ཕྱག་རྒྱ་བཞིའམ་གཅིག་གང་རུང་དང་ལྷན་ཅིག་གནས་ནས། སྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བ་ཅན་གྱི་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་དེ། དེར་ལྷག་མོས་མཛད་པ་དང་བཅས་པ་བསྒོམས་ཤིང་བསྡུས་ནས། རང་གི་ལྷག་པའི་ལྷ་གང་ཡིན་པ་རྣལ་འབྱོར་བཞིའི་སྒོ་ནས། སྦྱོར་གསུམ་རྡོ་རྗེ་ཅན་ཏེ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གྱི་སྦྱོར་གསུམ་སྟེ། རྡོ་རྗེ་གསུམ་གྱི་རང་བཞིན་གྱི་སྔགས་ཀྱི་སྐྱེས་བུར་བདག་ཉིད་བསམ་ཞིང་བསྐྱེད་པ་ནི་དང་པོ་སྦྱོར་བའོ། །དེ་ནས་རང་རིགས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས་ལས་རྒྱལ་མཆོག་ནི། གང་དགུག་པར་འདོད་པའི་སངས་རྒྱས་ཏེ་རིན་པོ་ཆེ་ལྟ་བུའི་གང་ཟག་གཉིས་སུ་མེད་པའི་ཡེ་ཤེས་འདོད་པའི་བློ་དང་ལྡན་པ་དེ་ཉིད་གཡོ་བའི་རང་བཞིན་གྱི་རླུང་གི་དཀྱིལ་འཁོར་མཆོག་ལ་གནས་པ་སྟེ་བཞག་ནས་དེའི་སྐུ་གསུང་ཐུགས་ལ་བདག་ཉིད་ཀྱི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱི་ཀྱོ་བ་བཏང་བས། སྙིང་ལྕགས་ཀྱུས་ཕུག མགྲིན་པ་ཞགས་པས་བཅིངས་ནས། རིམ་གྱིས་བདག་གི་གན་དུ་འོང་སྟེ། རླུང་གི་དཀྱིལ་འཁོར་ལ་བབས་ནས། ལཾ་ལས་བྱུང་བའི་སའི་དཀྱིལ་འཁོར་ལ་འདུག་སྟེ་བདག་གི་ཅི་བགྱི་ཟེར་ཞིང་འདུད་པར་བསམ་མོ། །དེ་ནས་རྡོ་རྗེ་འཆང་གི་ང་རྒྱལ་གྱིས། དེའི་ལག་པ་ནས་བཟུང་ནས། ༀ་ཨཱཿཧཱུྃ་ཆེ་གེ་མོ་མཱ་མ་ཝ་ཤཾ་ཀུ་རུ་ཨ་ཞེས་པས་རྒྱས་བཏབ་ན། ལས་དེ་འཆུག་མེད་དུ་འགྲུབ་པར་འགྱུར་རོ། །འདི་ནི་སངས་རྒྱས་ཏེ་སྐྱེ་བོ་སྐལ་ལྡན་གྱི་སེམས་དགུག་པའི་ཆོ་ག་ཐུན་མོང་མ་ཡིན་པ་དམ་པ་ཡིན་ནོ། །ཇི་སྐད་བཤད་པའི་སྦྱོར་བ་འདིས་དམ་ཚིག་ལས་བྱུང་ཕྱོགས་བཅུ་ན་གནས་པའི་ལྷ་མོ་རྣམས་ཀྱང་བཀུག་ལ། ཉེ་བར་ལོངས་སྤྱོད་ཅིང་། རང་གི་ལུང་བསྒོ་བ་ལ་གཟུད་པར་བྱའོ། །ནམ་མཁའི་དབྱིངས་ཀྱི་དམ་ཚིག་ནི་ལྷ་མོ་རྣམས་སོ། །དེའི་རྡོ་རྗེ་དགུག་པ་ནི། མི་ཕྱེད་པའི་དགུག་པའོ། །གནོད་སྦྱིན་མོ་ལ་སོགས་པ་དགུག་པ་ནི། རྣམ་སྣང་གི་རྣལ་འབྱོར་པས་ལྷ་མོ་གཏི་མུག་ཅན་དགུག་པར་འདོད་ན། རྣམ་པར་སྣང་མཛད་ཀྱི་དང་པོའི་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ནི། དམ་ཚིག་དགུག་མཆོག་ཀྱོ་བས་བྱ། །ཞེས་པ། རྣམ་པར་སྣང་མཛད་ཀྱི་ཕྱག་གཡས་ཀྱི་དང་པོའི་འཁོར་ལོ་དེ་ཉིད་རྒྱལ་གནས་ལྕགས་ཀྱུར་བསམ་ནས་ཏེ། དེ་ལས་འོད་ཟེར་འཕྲོས་པས་བསྒྲུབ་བྱའི་སྙིང་ལྕགས་ཀྱུས་ཕུག །མགྲིན་པ་ཞགས་པས་བཅིངས་ནས་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ནས། བདག་གི་གན་དུ་འོང་སྟེ་འདུད་པར་བསམ་ལ། སྔར་བཞིན་རྒྱས་བཏབ་ན་བདག་ཉིད་ཀྱི་དབང་དུ་འགྱུར་རོ། །དེ་བཞིན་དུ་མི་བསྐྱོད་པའི་རྣལ་འབྱོར་པས་ལྷ་མོ་ཞེ་སྡང་ཅན་འགུག་པ་ན། མི་བསྐྱོད་པའི་ཕྱག་མཚན་རྡོ་རྗེ་དང་། འོད་དཔག་ཏུ་མེད་པའི་རྣལ་འབྱོར་པས་ལྷ་མོ་འདོད་ཆགས་ཅན་འགུག་པར་འདོད་ན། འོད་དཔག་ཏུ་མེད་པའི་ཕྱག་མཚན་པད་མོ་དང་། སོགས་པས་རིན་འབྱུང་དང་། དོན་གྲུབ་ཀྱི་རྣལ་འབྱོར་པས། ལྷ་མོ་སེར་སྣ་ཅན་དང་། ཕྲག་དོག་ཅན་འགུག་པར་འདོད་ན། རང་གི་ལྷའི་ཕྱག་མཚན་རིན་པོ་ཆེ་དང་། རལ་གྲི་རྣམས་ཇི་སྐད་བཤད་པའི་ཚུལ་གྱིས་ལྕགས་ཀྱུར་བསམས་ནས། ལྷ་མོ་དེ་དང་དེ་འགུག་པར་བྱའོ། ཁམས་གསུམ་གྱི་དམ་ཚིག་ནི་གནོད་སྦྱིན་མོ་ལ་སོགས་པ་སྟེ། དེ་དག་དགུག་པའི་ཆོ་གའོ། །རྒྱས་བཏབ་པའི་ཆོ་ག་ཕན་ཡོན་དང་བཅས་པ་སྟོན་པ་ནི། སྒྲུབ་པ་པོ་བདག་ཉིད་རྣམ་པའི་མཆོག་རྣམས་ཀུན་ལྡན་པ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་རྣམ་པར་བསྐྱེད་པའི་སངས་རྒྱས་ཏེ། རྡོ་རྗེ་འཆང་ཆེན་པོའི་སྐུར་བསྒོམས་ལ། བསྒྲུབ་བྱའི་སྐུ་གསུང་ཐུགས་ཀྱོ་བ་དང་། ཞགས་པ་ལ་སོགས་པས་དྲངས་ནས་བཀུག་སྟེ། རང་གི་མདུན་དུ་འདུག་པར་རབ་ཏུ་བསྒོམ་མོ། །དེ་ནས་དེའི་ལག་པ་ནས་བཟུང་སྟེ། ༀ་ཨཱཿཧཱུྃ། ཆེ་གེ་མོ་མཱ་མ་ཝ་ཤཾ་ཀུ་རུ་ཨ་ཞེས་པའི་རྒྱས་བཏབ་བོ། །རྒྱས་བཏབ་པ་དེ་ལྟ་བུའི་སྦྱོར་བ་ཡིས་སྒྲུབ་པ་པོ་དེ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་གནས་པའི་ལས་དག་བསྒྲུབ་བྱ་དེ་དག་གིས་བྱེད་པར་འགྱུར་རོ། །པཎྜི་ཏས་གདམས་ངག་སྟོན་པ་དང་། ལྷ་མོ་གནོད་སྦྱིན་མོ་སོགས་ཀྱིས་ཕྱག་རྒྱ་དང་། མངག་གཞུག་བསྒྲུབ་པའི་ཚུལ་གྱིས་སོ། །དེ་ལྟར་པཎྜི་ཏ་ལ་སོགས་པ་བཀུག་པས་ཁུགས་ཏེ། རྒྱས་འདེབས་པའི་དུས་སུ་རྣམ་པའི་མཆོག་རྣམས་ཀུན་ལྡན་པའི་རྡོ་རྗེའི་སྐུ་སྟེ། རྡོ་རྗེ་འཆང་ཆེན་པོར་བསྒོམས་པས། ལུས་རྣམ་པར་སྣང་མཛད་ཀྱི་བདག་ཉིད་དུ་བྱེད་ཅིང་། རྡོ་རྗེ་ལྕེའི་སྦྱོར་བས་སྔགས་འདོན་པས་ནི་ངག་རྡོ་རྗེ་གསུང་སྟེ། འོད་དཔག་མེད་དང་འདྲ་བར་འགྱུར་ཞིང་། ལྷའི་ང་རྒྱལ་དང་ལྡན་པས་ཞག་ཏུ་གནས་པའི་བསྒྲུབ་བྱ་རྒྱས་བཏབ་པར་བྱའོ་སྙམ་པ་དང་། སྔགས་ཀྱི་དོན་བསམས་པས་ནི་སེམས་རྡོ་རྗེ་སྟེ། མི་བསྐྱོད་པ་དང་འདྲ་བར་འགྱུར་རོ། །

དེ་ལྟར་རྒྱས་འདེབས་པའི་དུས་སུ། ལུས་རྡོ་རྗེ་འཆང་དུ་བསྒོམ་པ་དང་། ངག་སྔགས་འདོན་པ་དང་། ཡིད་སྔགས་ཀྱི་དོན་སེམས་པའི་རྣམ་པ་འདི་དག་གིས། གསང་བ་གསུམ་ནི་སྐུ་གསུང་ཐུགས་ཏེ། དེའི་དམ་ཚིག་ནི་སྐུ་ལ་སོགས་པའི་ངོ་བོར་གྱུར་པས། རྣམ་སྣང་ལ་སོགས་པའོ། །དེ་རྣམས་ཀྱིས་མཆོད་པའི་མཆོག་ནི། རང་གི་ངོ་བོ་ཉིད་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པའི་མཚན་ཉིད་དེ། དེ་ལྟ་བུའི་མཆོད་པས་མཆོད་ནས། བཤད་མ་ཐག་པའི་སྦྱོར་བ་དེས་བསྒྲུབ་པར་བྱའོ། །བཤད་མ་ཐག་པའི་རྒྱལ་འདེབས་པའི་ཆོ་ག་འདི་ནི། སངས་རྒྱས་ཐམས་ཅད་འབྲེལ་བའི་སྦས་ཤིང་མཆོག་ཏུ་གྱུར་པའི་ཆོ་ག་རྣམས། གང་དུ་བསགས་ཤིང་བསྡུས་པས་ན། གསང་བའི་སྙིང་པོ་བསྡུས་པ་ཡིན་ནོ། །གསང་བ་ཆེན་པོའི་དམ་ཚིག་ནི་རྡོ་རྗེ་འཆང་ཆེན་པོའོ། །ལས་ཀྱི་དབྱེ་བས་ཟས་ལ་ཉེ་བར་ལོངས་སྤྱོད་པ་ནི། དེ་ལྟར་དངོས་གྲུབ་བསྒྲུབ་པའི་ཚེ་ཁ་ཟས་ཀྱི་ཁྱད་པར་ཇི་ལྟ་བུ་ལ་ལོངས་སྤྱད་པར་བྱ་ཞིང་། རིགས་སོ་སོའི་རྣལ་འབྱོར་པས། དངོས་གྲུབ་གང་དང་གང་བསྒྲུབ་པ་ལ་ཤེས་པའི་ཟས་ལ་ལོངས་སྤྱོད་པར་བྱའོ་ཞེས་སྟོན་པ་ནི། ཁ་ན་མ་ཐོ་བ་མེད་པར་རྙེད་པའི་ཤ་ཆེན་སྟེ་མིའི་ཤ་དམ་ཚིག་མཆོག་གིས་ཏེ། བདག་ཉིད་བཟའ་བ་དང་། ལྷ་རྣམས་ལ་དབུལ་བ་དང་། འབྱུང་པོ་རྣམས་ལ་གཏོར་མ་བྱིན་པས། རྡོ་རྗེ་གསུམ་མཆོག་སྟེ་རང་གི་ལུས་ནམ་མཁའ་ལ་གནས་པའི་མཁའ་ལ་སྤྱོད་པ་བསྒྲུབ་པར་བྱའོ། །ཤ་ཆེན་པོ་དང་ལྡན་པའི་བཤང་གཅི་གཏོར་མ་སོགས་སུ་སྦྱིན་པའི་དམ་ཚིག་མཆོག་གིས་ནི། འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པ་བསྒྲུབ་པར་བྱའོ། །གླང་པོ་རང་ཤི་བའི་ཤ་ལས་གཏོར་མ་སོགས་སྦྱིན་པའི་དམ་ཚིག་གིས་མངོན་ཤེས་ལྔ་བསྒྲུབ་པར་བྱའོ། ཁ་ན་མ་ཐོབ་བ་མེད་པའི་རྟའི་ཤ་གཏོར་མ་སོགས་སྦྱིན་པའི་དམ་ཚིག་གིས་མི་སྣང་བ་བསྒྲུབ་པར་བྱའོ། །ལས་དང་མཐུན་པའི་ཤ་མ་རྙེད་ན་ཇི་ལྟར་བྱ་ཞེ་ན། རྙེད་སླ་བའི་ཕྱིར་ཁྱིའི་ཤ་དག་ལས་གཏོར་མ་སོགས་སྦྱིན་པའི་དམ་ཚིག་གིས། གོང་དུ་བཤད་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། ཁ་ན་མ་ཐོ་བ་མེད་པའི་བ་ལང་གི་ཤ་ལས་གཏོར་མ་སོགས་སྦྱིན་པའི་དམ་ཚིག་གིས་རྡོ་རྗེ་དགུག་པའི་མཆོག་ཏེ་བསྒྲུབ་པར་དཀའ་བ་རྒྱལ་པོ་ལ་སོགས་པ་དགུག་པ་བསྒྲུབ་པར་བྱའོ། ཁ་ན་མ་ཐོ་བ་མེད་པའི་ཇི་སྐད་བཤད་པའི་ཤ་རྣམས་མ་རྙེད་ན་ཇི་ལྟར་བྱ་ཞེ་ན། ཇི་སྐད་བཤད་པའི་ཤ་ཐམས་ཅད་མེད་ན་ཡང་། ཤ་གང་ཡང་རུང་བ་ལ་མིའི་ཤ་ལ་སོགས་པར་བསམས་པས་བརྟགས་ཤིང་བསྐྱེད་ནས་བསྒྲུབ་པར་བྱའོ། །གང་ཡང་རུང་བའི་ཤ་མ་རྙེད་ན་བག་ཕྱེ་ལས། མི་ལ་སོགས་པ་སེམས་ཅན་དེ་དང་དེའི་གཟུགས་བརྙན་བྱས་ནས། དེ་དག་རང་བཞིན་གྱིས་སྲོག་དང་བྲལ་བར་བསམས་ནས། དེའི་ཡན་ལག་གིས་བསྒྲུབ་པར་བྱའོ། །ཕན་ཡོན་ཅི་ཞིག་ཐོབ་ཅེ་ན། རྡོ་རྗེ་སྦྱོར་བ་སྟེ་མི་ཤིགས་པའི་ཁ་ཟས་ཀྱི་ཆོ་ག་བཤད་མ་ཐག་པ་འདི་བྱས་ན། སྒྲུབ་པ་པོ་ལ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་རློབ་ཅིང་། མངོན་པར་འདོད་པའི་དངོས་གྲུབ་འཐོབ་བོ། །ལྷ་རྣམས་རྒྱས་པར་བྱ་བའི་ཆོ་ག་ལ་གཉིས་ཏེ། དབུ་རྒྱན་གྱི་བདུད་རྩིས་ཚིམ་པར་བྱ་བ་སྤྱིར་བསྟན་པ་ནི། བསྙེན་པ་དང་སྒྲུབ་པའི་དུས་སུ། ཟས་ལ་ལོངས་སྤྱོད་པའི་ཚེ། བདག་ཉིད་མཚན་བཟང་པོ་ལ་སོགས་པ་རྣམ་པ་མཆོག་རྣམས་ཀུན་དང་ལྡན་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ཏེ། རྡོ་རྗེ་འཆང་ཆེན་པོ་ལྷག་པའི་ལྷ་གང་ཡིན་པའི་རྣམ་པར་བསྐྱེད་ལ། དེའི་སྙིང་ཁར་པད་མ་དང་ཟླ་བའི་སྟེང་དུ་ཡེ་ཤེས་དམ་ཚིག་སྟེ། ཡེ་ཤེས་སེམས་དཔའ་བསྒོམ་ཞིང་དེའི་སྙིང་ཁར་ཡང་ཏིང་ངེ་འཛིན་སེམས་དཔའ་བསམས་ཏེ། དབུ་རྒྱན་ཏེ་སྤྱི་གཙུག་གི་གནས་སུ་རྡོ་རྗེ་མཆོག་འཛིན་པས་ཏེ། རྡོ་རྗེ་འཆང་ཆེན་པོ་ཡབ་ཡུམ་སྙོམས་པར་ཞུགས་པས་ཟླ་བའི་འོད་ཟེར་གྱི་ཚོགས་དང་འདྲ་བའི་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་དཀར་ལ་བསིལ་བ། སྡུག་བསྔལ་ཐམས་ཅད་སེལ་བར་བྱེད་པ་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་ཏེ། ཟས་དང་ལྷན་ཅིག་སངས་རྒྱས་ཐམས་ཅད་དེ་སེམས་དཔའ་གསུམ་མཉེས་ཤིང་ཚིམ་པར་འགྱུར་བར་བསམ་མོ། །བཤད་མ་ཐག་པ་འདི་ནི། དམ་ཚིག་ཐམས་ཅད་ནི་སྒྲུབ་པ་པོ། ཡེ་ཤེས་རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཟས་ཏེ། དེས་ཚིམ་པར་གྱུར་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །བདུད་རྩིའི་སྦྱོར་བས་ཚིམ་པར་བྱ་བ་རིགས་ཀྱི་དབྱེ་བས་སོ་སོར་བསྟན་པ་ནི། དེ་ཡང་བསྙེན་པ་དང་བསྒྲུབ་པའི་དུས་སུ་ཁ་ཟས་ལ་ལོངས་སྤྱོད་པའི་ཚེ། ལྐོག་མ་སྦྱང་བ་དང་། ཁ་ཟས་སྦྱང་བའི་ཆོ་ག་སྟོན་ཏེ། དེ་ལ་ཁ་ཟས་་ཀྱི་བྱེ་བྲག་ཅི་ཡོད་པ་དེ་དག་བདུད་རྩི་ལྔའི་སྦྱོར་བ་ཡིས་ཏེ། བདུད་རྩི་ལྔར་བྱས་ནས། ཧཱུྃ་གིས་སྦྱངས། ཨཱཿཡིས་རྟོགས། ༀ་གྱིས་སྦར་བར་བྱས་པས། ཁ་ཟས་སྦྱངས་ཏེ། དེ་ནས་བསྙེན་སྒྲུབ་ཀྱི་དུས་ཀྱི། ཟློས་པ་པོ་སུམ་ཅུ་རྩ་གཉིས་ཀྱང་བསྡུ་ན་དམ་ཚིག་རྡོ་རྗེ་སྟེ་རིགས་ལྔར་འདུ་ལ། དེ་རྣམས་ཀྱི་མཆོག་མི་བསྐྱོད་པའི་རྣལ་འབྱོར་པས། ལྕེ་ལ་རྡོ་རྗེ་ཅན་གྱི་ཧཱུྃ་སྟེ། ཧཱུྃ་གྱུར་པ་ལས་རྡོ་རྗེར་བསྒོམས་ཏེ། ཟས་ལ་ཉེ་བར་སྤྱོད་ཅིང་ཟོས་ན། རྡོ་རྗེ་གསུམ་སྟེ་སྐུ་གསུང་ཐུགས་ཤིན་ཏུ་སྦྱངས་པ་ཐོབ་པར་འགྱུར་རོ། །བཤད་མ་ཐག་པའི་ཁ་ཟས་དང་། ལྐོག་མ་སྦྱོང་བའི་ཚུལ་འདི་ནི་རྡོ་རྗེ་ཚུལ་མཆོག་སྟེ། ཡི་གེ་ཨཱ་དང་། ཡི་གེ་ༀ་གྱི་དམ་ཚིག་དག་ལ་ཡང་བྱ་སྟེ། འོད་དཔག་ཏུ་མེད་པ་དང་། དེའི་རིགས་ཅན་གྱི་རྣལ་འབྱོར་པས་ལྕེ་ལ་ཨ་ཡོངས་སུ་གྱུར་པ་ལས་པད་མར་བསམ་ཞིང་། རྣམ་སྣང་དང་དེའི་རིགས་ཅན་གྱི་རྣལ་འབྱོར་པས། ལྕེ་ལ་ༀ་ཡོངས་སུ་གྱུར་པ་ལས་འཁོར་ལོར་བསམས་ཏེ། ཁ་ཟས་ལ་ལོངས་སྤྱད་པར་བྱའོ། །འདི་དག་ནི་སྒྲུབ་པའི་དུས་ཀྱི་དབྱེ་བ་ཡིན་གྱི། བསྙེན་པའི་དུས་སུ་ནི་དེ་ལྟ་བུའི་ཁྱད་པར་མེད་དེ། རིགས་གང་ཟློས་པ་པོ་ཡིན་ཡང་། མདོར་བྱས་སུ་བཤད་པ་ལྟར། ལྕེ་ཧཱུྃ་ལས་རྡོ་རྗེ་ཁོ་ནར་བྱའོ་ཞེས། བླ་མ་ཁ་ཅིག་བཞེད་ཀྱང་། འདི་ནི་བསྙེན་བསྒྲུབ་གཉིས་ཀའི་སྤྱི་འགྲོའི་དབང་དུ་བྱས་པ་ཡིན་ལ། མདོར་བྱས་སུ་བཤད་པ་ནི། མི་བསྐྱོད་པའི་ཟློས་པ་པོའི་དབང་དུ་བྱས་པ་ཡིན་ནོ། །

རྡོ་རྗེའི་དམ་ཚིག་ནི། བདུད་རྩིར་བྱེད་པའི་བསམ་གཏན་ཡིན་ལ། བདུད་རྩིའི་ཕྲེང་བ་ནི་བདུད་རྩིའི་ཚོགས་ཏེ། དེ་བསྐྱེད་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ལྟར་བསྐྱེད་རིམ་པའི་དངོས་གྲུབ་སྒྲུབ་པའི་ཆོ་ག་བསྟན་ནས། རྫོགས་རིམ་པའི་དངོས་གྲུབ་སྒྲུབ་པའི་ཆོ་ག་ལ་གཉིས་ཀྱི། དངོས་གྲུབ་སྒྲུབ་པའི་ཆོ་ག་དངོས་བསྟན་པ་ནི། རྡོ་རྗེ་གསུམ་ནི། སྒྱུ་ལུས་པའི་སྐུ་གསུང་ཐུགས་སོ། དམ་ཚིག་ནི་དེ་དག་གང་དུ་མཉམ་པར་ཐིམ་པ་དོན་དམ་པའི་བདེན་པའོ། །དེ་ཉིད་དུ་གྲུབ་མཆོག་གོ །དེ་ལས། ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་མཚན་ཉིད་ཅན་གྱི། སྐུ་གསུམ་པོ་གང་ལ་མངའ་བའི་རྡོ་རྗེ་ཅན་ཏེ། རྡོ་རྗེ་འཆང་ཆེན་པོ་འབྱུང་བར་འགྱུར་རོ། །དོན་ནི་འདི་ཡིན་ཏེ། དབེན་གསུམ་སྔོན་དུ་འགྲོ་བའི་སྒྱུ་ལུས་བསམ་གཏན་གཉིས་ཀྱི་འོད་གསལ་དུ་བཅུག་སྟེ། འོད་གསལ་འཛིན་པའི་ཡན་ལག་དེ་ལས། ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ། སྤྲུལ་སྐུ་རྣམ་སྣང་ལ་སོགས་པར་བསྒྱུར་ནས། འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱེད་པ་ནི། སྐུ་གསུམ་དབྱེར་མེད་རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་སྟེ། ཟུང་འཇུག་དེ་ཉིད་མཐའ་གང་ལའང་མི་རྟོག་པས་དོན་དམ་པའི་བདེན་པ་ལ་མ་གཡོས་པའི་ཕྱིར་ཆོས་ཀྱི་སྐུ་ཡིན་ལ། ཕྱིར་མི་ལྡོག་པ་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པའི་དག་པའི་སྒྱུ་ལུས་མངའ་བས་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཞིང་། སེམས་ཅན་ཐ་མལ་པའི་ཡུལ་དུ་གྱུར་པའི་རིགས་ལྔའི་རྣམ་པར་སྣང་བ་ནི་སྤྲུལ་པའི་སྐུ་ཞེས་བརྗོད་དོ། །

དེ་ལྟ་བུའི་སྐུ་གསུམ་དབྱེར་མེད་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་ཆོ་འཕྲུལ་བསྟན་པ་ལ་གསུམ་གྱི། རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པ་བསྟན་པ་ནི། ཟུང་འཇུག་མཐར་ཕྱིན་པའི་རྣལ་འབྱོར་པ་ནི། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་མངོན་པར་འདོད་པའི་དོན་རྫོགས་པར་བྱེད་པས་ན། ཡིད་བཞིན་གྱི་ནོར་བུའི་འབྱུང་གནས་སུ་གྱུར་པའི་རྒྱ་མཚོ་ཆེན་པོ་དང་འདྲ་བར་འགྱུར་རོ། །དག་པ་དང་མ་དག་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཆོད་པ་དང་། སེམས་ཅན་གྱི་དོན་བྱ་བའི་ཕྱིར་རྡོ་རྗེའི་བདག་ཉིད་ཀྱི་སྐུ་རྒྱུ་ཞིང་སྣང་བར་བྱེད་པར་འགྱུར་རོ། །འཁོར་ལོའི་དམ་ཚིག་གྲུབ་པས་ཏེ། རྣམ་སྣང་དང་འབྲེལ་བའི་དངོས་གྲུབ་མཆོག་སྒྲུབ་པ་ལ། སངས་རྒྱས་སྐུ་སྟེ་སྐུ་རྡོ་རྗེ་འཛིན་པ་དང་འདྲ་བར་འགྱུར་ཞིང་། དེས་ཉེ་བར་མཚོན་ནས་མི་བསྐྱོད་པ་ལ་སོགས་པ་དང་འབྲེལ་བའི་དངོས་གྲུབ་སྒྲུབ་པར་བྱེད་པ་ལ་ཡང་ཐུགས་རྡོ་རྗེ་ལ་སོགས་པ་དང་འདྲ་བར་འགྱུར་རོ། །གངྒཱའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བཤད་མ་ཐག་པའི་གྲུབ་པས་ཏེ་དངོས་གྲུབ་རྣམས་རྣམ་པ་ཀུན་ཏུ་སྤྱོད་ཅིང་། རྣམ་པར་རྒྱུ་བར་འགྱུར་རོ། །མཁའ་འགྲོ་དང་མཁའ་འགྲོ་མའི་དམ་ཚིག་ཐམས་ཅད་ཀྱི་རིག་པ་དམ་པ་ནི། སྒྲུབ་པར་བྱེད་པའི་སྔགས་ཡིན་ལ། དེ་འཛིན་པར་བྱེད་པའི་རིག་འཛིན་རྣམས་ཀྱི་ཡང་གཙོ་བོར་འགྱུར་རོ། །རྡོ་རྗེ་སྐུ་སྟེ་ཕྱག་རྒྱ་ཆེན་པོ་བསྒོམས་པས་བཤད་མ་ཐག་པའི་མཁའ་འགྲོ་དང་། མཁའ་འགྲོ་ཐམས་ཅད་ཀྱི་དམ་ཚིག་གི་མཆོག་ཀྱང་འགྲུབ་པར་འགྱུར་རོ། །ངག་གི་བྱ་བ་དང་ལུས་ཀྱི་ཡན་ལག་ཐམས་ཅད་མི་སྣང་བ་ལ་གནས་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་བདག་ཉིད་གཅིག་པུས་སྣང་བར་བྱེད་པས་ཀྱང་སངས་རྒྱས་ཀུན་ཏེ། གྲུབ་ཐོབ་རྣམས་ཀྱིས་དངོས་གྲུབ་ཐམས་ཅད་དང་འབྲེལ་བའི་ཕུན་སུམ་ཚོགས་པ་ཐམས་ཅད་འཕྲོག་ཅིང་ལེན་པ་དང་། ལྷའི་མཆོག་བརྒྱ་བྱིན་ལ་སོགས་པའི་བུ་མོ་བཀུག་ནས། ཉེ་བར་ལོངས་སྤྱོད་པ་རྗེས་སུ་མྱོང་བར་འགྱུར་རོ། །མངོན་པར་ཤེས་པ་ལྔ་འགྲུབ་པ་བསྟན་པ་ནི། གངྒཱའི་བྱེ་མ་སྙེད་ཀྱི་ཚད་དང་མཉམ་པའི་སངས་རྒྱས་རྣམས་རྡོ་རྗེ་གསུམ་སྟེ། རྡོ་རྗེ་འཆང་ཆེན་པོའི་གནས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་བཞུགས་ཤིང་གནས་པ་ན། རང་གི་ལག་པའི་མཐིལ་དུ་བཞག་པའི་སྐྱུ་རུ་ར་བཞིན་དུ། རྡོ་རྗེའི་མིག་གི་སྟེ། ལྷའི་མིག་ཤིན་ཏུ་ཕྲ་ཞིང་རྣམ་པར་དག་པས་མཐོང་བར་འགྱུར་རོ། །གངྒཱའི་བྱེ་སྙེད་ཀྱི་ཚད་དང་མཉམ་པའི་ཞིང་རྣམས་ན། ཟིན་པ་དང་མ་ཟིན་པ་དང་། གཉིས་ཀའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའི་སྒྲ་གྲག་པ་ཅི་སྙེད་པ་ཀུན། རྣ་བའི་དྲུང་ན་འཁོད་པ་བཞིན་དུ་མངོན་ཤེས་རྣ་བས་ཏེ། ལྷའི་རྣ་བའི་མངོན་ཤེས་རྣམ་པར་དག་པ་ཐོས་པར་འགྱུར་རོ། །གངྒཱའི་བྱེ་སྙེད་ཀྱི་ཚད་དང་མཉམ་པའི་ཞིང་དག་ན་གནས་པའི་སེམས་ཅན་ཀུན་གྱི་སེམས་སྐུ་གསུང་ཐུགས་ཀྱིས་མཚན་པ་སྟེ། སྣང་མཆེད་ཐོབ་གསུམ་གྱི་ངོ་བོ་རོལ་མོ་ལྟར་འབྱུང་བ་སྟེ། གར་མཁན་དང་འདྲ་བར་རང་བཞིན་བརྒྱ་དྲུག་ཅུའི་རྒྱུར་གྱུར་པ་སྣ་ཚོགས་པའི་སེམས། གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་རིག་པར་འགྱུར་རོ། །བསྐལ་པ་གངྒཱའི་བྱེ་སྙེད་དུ་དགེ་བ་དང་མི་དགེ་བའི་ལས་ཀྱི་དབང་གིས་འགྲོ་བ་ལྔའི་འཁོར་བ་ན་གནས་པའི་སྔོན་གྱི་གནས་ཀྱི་གཏན་ཚིགས་ཏེ། ལུས་ཀྱི་ཁྱད་པར་ཞག་གསུམ་ལོན་པ་བཞིན་དུ། སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཀྱིས་དྲན་པར་འགྱུར་རོ། །གངྒའི་བྱེ་མ་སྙེད་ཀྱི་ཚད་ཀྱི་བདག་ཉིད་ཀྱི་ལུས་ལ་སངས་རྒྱས་སྤྲིན་ཏེ། རྣམ་སྣང་ལ་སོགས་པ་རིགས་ལྔའི་ལྷའི་འཁོར་ལོས་བརྒྱན་ནས་བསྐལ་པ་གངྒཱའི་བྱེ་མ་སྙེད་དུ་གནས་ཏེ། འོད་གསལ་བས་སྦྱངས་པའི་རྡོ་རྗེའི་རྫུ་འཕྲུལ་མཆོག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལས་འགེངས་ཤིང་སྤྲོ་བར་བྱེད་དོ། །དམ་ཚིག་མངོན་པར་མཁྱེན་པ་ནི། རྡོ་རྗེ་འཆང་ཆེན་པོའོ། །དེ་ལ་རྡོ་རྗེ་ཅན་ཞེས་སོགས་ནི། རྡོ་རྗེ་ནི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའོ། །སྤྱན་ལ་སོགས་པ་ནི། འོད་གསལ་བས་སྦྱངས་པའི་ལྷའི་མིག་ལ་སོགས་པའོ། །འོད་གསལ་གྱིས་སྦྱངས་པས་ནི། འཇིག་རྟེན་པའི་མངོན་ཤེས་ལས་ཁྱད་པར་དུ་འཕགས་ལ། རྡོ་རྗེ་འཆང་ཆེན་པོ་ལ་མངའ་བས་ནི། ཉན་རང་སོགས་ཀྱི་མངོན་ཤེས་ལས་ཁྱད་པར་དུ་འཕགས་སོ། །མངོན་ཤེས་ལྔ་པོ་འདི་དག་གིས་གཞན་གྱི་དོན་ཇི་ལྟར་འགྱུར་ཞེ་ན། ཇི་ལྟར་སངས་རྒྱས་ཀྱི་སྐུ་མཐའ་ཡས་ཤིང་དཔག་ཏུ་མེད་པ་དང་འདྲ་བར། སངས་རྒྱས་མངོན་ཤེས་ཏེ་ལྷའི་མིག་ལ་སོགས་པའི་མངོན་ཤེས་ལྔས་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པ་ཡང་མཐའ་ཡས་ཤིང་དཔག་ཏུ་མེད་དོ། །དེ་ལྟ་བུའི་རྡོ་རྗེ་འཆང་ཆེན་པོ་དེ་མངོན་ཤེས་ལྔའི་སྒོ་ནས། སེམས་ཅན་གྱི་དོན་མཛད་ནས། རང་དོན་དུ་ཇི་ལྟར་གནས་པར་འགྱུར་ཞེ་ན། མྱ་ངན་ལས་འདས་པའི་མཐའ་ལ་གནས་པའམ། བར་བར་དུ་རྒྱུན་ཆད་པའམ། གཅིག་པུར་གནས་པའམ། ཚོར་བ་བཏང་སྙོམས་སུ་གནས་པ་མ་ཡིན་གྱི། ཡན་ལག་བདུན་དང་ལྡན་པས་འཁོར་བ་ཇི་སྲིད་པར་བཞུགས་པར་བསྟན་པ་ནི། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་མེད་པའི་མི་ཕྱེད་པའི་འཁོར་གཡོག ལྷ་དང་མི་ལས་ཕུལ་དུ་བྱུང་བའི་མཆོད་པའི་ཚོགས་དང་བཅས་ཤིང་། ལྷའི་བཞོན་པ་མཆོག་ལ་ཞོན་པ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་འཁོར་བ་ཇི་སྲིད་པ། མི་འཇིག་པའི་རྡོ་རྗེའི་སྐུ་གསུང་ཐུགས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྣམ་པར་རྒྱུ་ཞིང་། གནས་པར་འགྱུར་རོ། །སྔོན་དུ་འགྲོ་བའི་བསྙེན་པའི་ཆོ་ག་ལ་བཞི་སྟེ། ཐུན་མོང་གི་བསྙེན་པ་དང་། མཆོག་གི་བསྙེན་པ་དང་། བསྙེན་པ་གཉིས་ཀྱི་གནས་དང་། སྒྲུབ་པའི་ཐབས་མདོར་བསྡུས་པའོ། །དང་པོ་ལ་གཉིས་ཀྱི། མདོར་བསྟན་པ་ནི། གངྒཱའི་བྱེ་སྙེད་གྲངས་མེད་པའི། །འཁོར་གྱིས་ཡོངས་སུ་བསྐོར་ནས་སུ། །ཞེས་པ་འབྲས་བུའི་ཕྱོགས་གཅིག་ལོངས་སྤྲུལ་གཉིས་ཀྱིས་འཁོར་བ་ཇི་སྲིད་པར་བཞུགས་པར་བསྟན་པའི་ཚིག་ཡན་ཆད་ཀྱིས། ཅི་རིགས་པ་མཆོག་དང་། ཐ་མལ་པའི་སྒྲུབ་པ་ཉེ་བར་བསྟན་ནས། བསྐྱེད་པའི་རིམ་པའི་སྒྲུབ་པའི་ཡན་ལག་གསལ་བར་བྱ་བའི་ཕྱིར། བསྙེན་སྒྲུབ་ཡན་ལག་བཞི་སྟོན་པ་ནི། བསྙེན་ཅིང་དམིགས་པར་བྱ་བ་ཡིན་པས་ན་བསྙེན་པ་སྟེ། དེ་བཞིན་ཉིད་ཀྱི་རང་བཞིན་ཡེ་ཤེས་ཀྱི་ས་སྦྱང་བའོ། །དེ་ཉིད་འདའ་བར་མི་བྱ་བས་ན་དམ་ཚིག་གོ །དེ་དང་སྦྱོར་བ་ནི། རྡོ་རྗེའི་ས་བསྐྱེད་པ་སྔོན་དུ་འགྲོ་བ་ཅན་གྱི་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ནས། དེར་ལྷག་མོས་མཛད་པ་དང་བཅས་པ་བསྒོམ་པ་སྟེ། དེ་དག་ནི་ཡན་ལག་དང་པོ་བསྙེན་པའི་ཡན་ལག་གོ །དེ་ནས་ལྷག་མོས་བསྡུ་བ་སྔོན་དུ་འགྲོ་བ་ཅན་གྱི་དེ་བཞིན་ཉིད་ལས་བྱང་ཆུབ་པ་ལ་སོགས་པ། མངོན་བྱང་ལྔའི་གཙོ་བོ་བསྐྱེད་དེ། སྤྲུལ་སྐུར་བསྒྱུར་ནས་ས་བོན་ཉི་ཤུ་རྩ་བདུན་ལུས་ལ་འགོད་པའི་མཐར་ཐུག་པ་ནི། ཉེ་བར་སྒྲུབ་པ་འབྱུང་བ་སྟེ་ཡན་ལག་གཉིས་པའོ། །དེ་ནས་ལུས་ངག་ཡིད་གསུམ་ལྷའི་བདག་ཉིད་དུ་སྒྲུབ་པས་ན། སྒྲུབ་པའི་དོན་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ཡིན་ལ། སེམས་དཔའ་སུམ་བརྩེག་ཏུ་བསྒོམ་པ་ནི། གསུམ་ཀ་ཡང་ལྷའི་བདག་ཉིད་དུ་མཉམ་པས་ན་དམ་ཚིག་ཅེས་བྱ་སྟེ་ཡན་ལག་གསུམ་པའོ། །དེ་དག་ནི་དང་པོ་སྦྱོར་བའོ། །ལྷག་མ་དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་གི་མཐར་ཐུག་པ་ནི། གཞན་གྱི་དོན་ཆེན་པོ་སྒྲུབ་པས་ན་སྒྲུབ་པ་ཆེན་པོ་སྟེ། ཡན་ལག་བཞི་པའོ། །དེ་ལྟར་ཡན་ལག་བཞིའི་སྒོ་ནས་བསྙེན་པ་ལས་སུ་རུང་བ་བྱས་པ་དེས་རྡོ་རྗེའི་བྱེ་བྲག་སྟེ། ཟློས་པ་པོའི་རིགས་ཀྱི་བྱེ་བྲག་ཤེས་པར་བྱས་ནས། དེ་ནས་ལེའུ་བཅུ་གསུམ་པ་དང་། བཅུ་བཞི་པ་ལ་སོགས་པ་ནས་བཤད་པའི་ལས་རྣམས་བསྒྲུབ་པར་བྱ་སྟེ། དེ་ཡང་རྣམ་སྣང་གི་རིགས་ཀྱིས་ཞི་བའི་ལས་སྒྲུབ་པ་དང་། མི་བསྐྱོད་པའི་རིགས་ཀྱིས་མངོན་སྤྱོད་སྒྲུབ་པ་ལ་སོགས་པ་ཅི་རིགས་པར་ཤེས་པར་བྱའོ། །

ཐུན་མོང་གི་སྒྲུབ་པ་དེ་ཉིད་རྒྱས་པར་བཤད་པ་ནི། བསྙེན་པའི་ཏིང་ངེ་འཛིན་ནི། སྲུང་འཁོར་སྔོན་དུ་འགྲོ་བ་ཅན་དུ་ཡེ་ཤེས་ཀྱི་ས་བསྒོམ་པའོ། །དེ་ལ་རབ་ཏུ་སྦྱོར་བ་ནི་རྡོ་རྗེའི་ས་བསྐྱེད་པ་ནས་ལྷག་མོས་བསྒོམ་པའི་བར་ཏེ། ཡན་ལག་དང་པོའི་བཤད་པའོ། །དེ་ནས་ལྷག་མོས་དོན་དམ་པའི་དཀྱིལ་འཁོར་དུ་བཅུག་སྟེ། ཤཱུ་ནྱ་ཏའི་སྔགས་ཀྱིས་བརྟན་པར་བྱས་པའི་བྱང་ཆུབ་མཆོག་སྟེ་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དེ་བཞིན་ཉིད་ལས་བྱང་ཆུབ་པ་དང་། ཟླ་བ་དང་། ཡིག་འབྲུ་དང་། ཕྱག་མཚན་དང་། སྐུ་རྫོགས་པར་བྱང་ཆུབ་པ་རྣམས་ནི། གན་དུ་སྒྲུབ་ཅིང་བསྐྱེད་པས་ན་ཉེ་བར་སྒྲུབ་པའོ། །དེ་ལྟ་བུའི་ཉེ་བར་སྒྲུབ་པ་དེ་ལ། གྲུབ་པ་ལ་མཆོག་རྣམ་པར་སྤྱད་ལ། མཆོག་ལ་རྡོ་རྗེ་སྐྱེ་མཆེད་རྣམ་པར་སྤྱད་ཞེས་སྦྱར་རོ། །གྲུབ་པ་ལ་མཆོག་རྣམ་པར་སྤྱད་པ་ནི། གྲུབ་པ་ནི་མངོན་བྱང་ལྔས་བསྐྱེད་པའི་ཕྱག་རྒྱ་ཆེན་པོ་ཡིན་ལ། མཆོག་ནི་དེ་ལ་ༀ་ལ་སོགས་པའི་ས་བོན་ཉི་ཤུ་རྩ་བདུན་འགོད་པའོ། །མཆོག་ལ་རྡོ་རྗེ་སྐྱེ་མཆེད་རྣམ་པར་སྤྱད་པ་ནི། ས་བོན་དེ་རྣམས་ལ་ལྷ་དེ་དང་དེའི་ངོ་བོར་ཤེས་པར་བྱེད་པའོ། །འགྲེལ་པར་རིམ་པ་གསུམ་པའི་གོ་རིམ་ངེས་པར་བྱས་ལ། རྒྱུ་དང་འབྲས་བུ་ཡོངས་སུ་ཤེས་པས་རྣམ་པར་སྤྱད་ཅེས་པའི་དོན་ལ། རིམ་པ་གསུམ་གྱི་གོ་རིམ་ནི། ས་བོན་འགོད་པའི་གཞི་གནས་ཉི་ཤུ་རྩ་བདུན་དང་། གནས་དེ་དག་ཏུ་འགོད་པའི་ས་བོན་ཉི་ཤུ་རྩ་བདུན་དང་། ས་བོན་དེ་དག་རང་རང་གི་ལྷའི་རང་བཞིན་དུ་ཤེས་པར་བྱའོ། །ཡིག་འབྲུ་ཉི་ཤུ་རྩ་བདུན་ལྷའི་རང་བཞིན་དུ་བཀོད་པ་ནི། རྒྱུ་ཡོངས་སུ་ཤེས་པ་ཡིན་ལ། དེས་སྐུའི་དབང་ཕྱུག་སོགས་དང་། མིག་གི་མངོན་ཤེས་ལ་སོགས་པ་འཐོབ་པ་ནི་འབྲས་བུ་ཡོངས་སུ་ཤེས་པ་ཡིན་ནོ། །ཡན་ལག་གཉིས་པའི་བཤད་པའོ། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེ་བདག་ཉིད་དུ་བསྒྲུབ་ཅིང་བྱིན་གྱིས་རློབ་པའི་ཚེ། སངས་རྒྱས་ཀུན་འཛིན་དཔལ་དང་ལྡན། །ཞེས་སོགས་ཚིགས་སུ་བཅད་པ་གཉིས་གཉིས་ཀྱིས། རྡོ་རྗེ་གསུམ་གྱི་ལྷ་ཚོགས་ལ་བསྐུལ་ཞིང་གསོལ་བ་འདེབས་པར་གསུངས་པ་དང་། སྔགས་ཏེ་ༀ་ལ་སོགས་པའི་ཏིང་ངེ་འཛིན་སེམས་དཔའ་དང་། བདག་པོའི་ཡེ་ཤེས་སེམས་དཔའ་རྣམས་རིགས་ཀྱི་དབྱེ་བས་ཅི་རིགས་པར་བསྒོམ་པ་ནི། སྔགས་ཀྱི་བདག་པོ་བསྒོམ་པ་སྟེ། ཡན་ལག་གསུམ་པའི་བཤད་པའོ། །སྒྲུབ་པ་ཆེན་པོ་བསྐྱེད་པ་དེའི་ཚེ། རང་གི་ལྷག་པའི་ལྷའི་ཏིང་འཛིན་དང་ལྡན་པའི་རྣལ་འབྱོར་པས། རྡོ་རྗེ་པད་མ་འདུ་བྱས་ཏེ་སྙོམས་པར་ཞུགས་པ་ལས། བཛྲ་དྷྲྀཀ་ཞེས་སོགས། རང་གི་སྔགས་ལས་བྱུང་བའི་རྡོ་རྗེ་ཅན་ཏེ་མི་བསྐྱོད་པ་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་གཟུགས་བསྒོམ་ལ། དེ་བཞིན་གཤེགས་པ་ལྔའི་རལ་པའི་དབུ་རྒྱན་ལ་ནི་བདག་པོ་རྡོ་རྗེ་འཆང་ཆེན་པོ་བསམ་ཤིང་། ལྷག་མ་རྣམས་ཀྱིས་དབུ་རྒྱན་ལ་ནི། རྣམ་པར་སྣང་མཛད་ལ་སོགས་པ་བསམ་ན། ཡེ་ཤེས་རྡོ་རྗེ་སྟེ་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཡན་ལག་བཞི་པའི་བཤད་པའོ། །འདིར་དེ་བཞིན་གཤེགས་པ་ལྔའི་དབུ་རྒྱན་དུ་རྡོ་རྗེ་འཆང་ཆེན་པོ་འཇོག་པར་བཤད་པ་དང་། མདོར་བྱས་སུ། མི་བསྐྱོད་པ་རིགས་ལྔའི་དབུ་རྒྱན་དུ་བཤད་པ་འགལ་ལམ་སྙམ་ན། མི་འགལ་ཏེ་མི་བསྐྱོད་པ་དཀྱིལ་འཁོར་གྱི་གཙོ་བོར་བྱེད་པ་ན་རྡོ་རྗེ་འཆང་ཆེན་པོ་ཉི་མི་བསྐྱོད་པ་དང་དབྱེར་མེད་པའི་ཕྱིར། མདོར་བྱས་སུ་མི་བསྐྱོད་པ་རིགས་ལྔའི་དབུ་རྒྱན་དུ་བཞག་པ་ཡིན་ལ། འདིར་བཤད་པ་ནི། ལྷ་གཞན་གང་གིས་གཙོ་བོ་བྱེད་ཀྱང་རྡོ་རྗེ་འཆང་ཆེན་པོ་ཉིད་རིགས་ལྔའི་དབུ་རྒྱན་དུ་འགྲོ་བ་དགོངས་པ་ཡིན་ནོ། །

མཆོག་བསྙེན་པ་ལ་གསུམ་སྟེ། རྩ་བའི་རྒྱུད་ཀྱི་མདོར་བསྟན་པ་དང་། རྒྱུད་ཕྱི་མ་ལ་དེ་ཉིད་རྒྱས་པར་བཤད་པ་དང་། བསྙེན་པ་གཉིས་ཀྱི་ལྷའི་རྣལ་འབྱོར་ལུང་གིས་གསལ་བར་བསྟན་པའོ། །རྩ་བའི་རྒྱུད་ཀྱི་ཡན་ལག་དྲུག་མདོར་བསྟན་པ་ནི། རྒྱུད་ཕྱི་མ་ལས། ཐུན་མོང་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་སུ་འགྱུར། །ཐ་མལ་པ་ནི་རྡོ་རྗེ་བཞིས། །མཆོག་ནི་ཡན་ལག་དྲུག་གིས་སོ། །ཞེས་གསུངས་ཏེ། དེ་ལ་ཐུན་མོང་བ་ནི། རྒྱུད་དང་། རྒྱུ་དང་། འབྲས་བུ་ཐུན་མོང་ཡིན་པས་ན། དེ་སྐད་ཅེས་བྱ་སྟེ། དེ་ལ་རྒྱུད་ཐུན་མོང་བ་ནི། དེ་ཉིད་འདུས་པ་སོགས་རྒྱུད་གཞན་ལས་ཀྱང་བཤད་པས་སོ། །རྒྱུ་ཐུན་མོང་བ་ནི་བསྐྱེད་པའི་རིམ་པ་སྟེ། ཐུན་མོང་གི་དངོས་གྲུབ་ཀྱི་རྒྱུ་ཡིན་ལ། བརྒྱུད་ནས་མཆོག་གི་དངོས་གྲུབ་ཀྱི་ཡང་རྒྱུ་ཡིན་པའི་ཕྱིར་རོ། །འབྲས་བུ་ཐུན་མོང་བ་ཕྲིན་ལས་བཞི་དང་། ནམ་མཁར་འགྲོ་བ་སོགས་འཇིག་རྟེན་པ་དང་ཐུན་མོང་དུ་གྱུར་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །མཆོག་གིས་ཞེས་པ་ནི། རྒྱུད་དང་། རྒྱུ་དང་། འབྲས་བུ་ཐུན་མོང་མ་ཡིན་པས་ན་དེ་སྐད་ཅེས་བྱ་སྟེ། རྒྱུད་ཐུན་མོང་མ་ཡིན་པ་ནི། གསང་བ་འདུས་པ་ལ་སོགས་པ་བླ་མེད་ཀྱི་རྒྱུད་ཁོ་ན་ནས་བཤད་པས་སོ། །རྒྱུ་ཐུན་མོང་མ་ཡིན་པ་ནི། ཡན་ལག་ལ་དྲུག་གི་སྦྱོར་བ་སྟེ། དེ་ནི་འཇིག་རྟེན་པའི་དངོས་གྲུབ་ཀྱི་དོད་དུ་མི་སྒྲུབ་ཀྱི། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཁོ་ནའི་དོན་དུ་བསྒྲུབ་པའི་ཕྱིར་རོ། །འབྲས་བུ་ཐུན་མོང་བ་ཡིན་པ་ནི། ཐེག་པ་གཞན་དང་ཐུན་མོང་དུ་མ་འབྱོར་བའི་དབང་ཕྱུག་བརྒྱད་ལྡན་གྱི་རྡོ་རྗེ་འཆང་ཆེན་པོའོ། །དེ་ལྟ་བུའི་བསྙེན་པ་རྣམ་པ་གཉིས་ལ། ཐ་མལ་པ་སྟེ་ཐུན་མོང་བ་ནི། དང་པོ་སྟོང་ཉིད་བྱང་ཆུབ་སེམས། ཞེས་པ་ལ་སོགས་པའམ། ཡང་ན། བསྙེན་པའི་དམ་ཚིག་སྦྱོར་བ་དང་། ཞེས་སོགས་རྡོ་རྗེ་བཞིས་ཤེས་པར་བྱ་ལ། དེ་ནི་སྔར་བསྟན་ཟིན་ཏོ། །མཆོག་ནི། སོ་སོར་སྡུད་ལ་སོགས་པ་ཡན་ལག་དྲུག་གིས་ཤེས་པར་བྱ་སྟེ། དེ་ཉིད་འདིར་སྟོན་པ་ནི། ཐར་པ་འདོད་པ་རྣམས་ཀྱིས། བསྙེན་ཅིང་བསླབ་པར་བྱ་བ་ཡིན་པས་ན་བསྙེན་པ་སྟེ། ཡོངས་སུ་དག་པའི་ལྷའི་སྐུ་དེ་ཉིད། ཐམས་ཅད་དུ་སྟེ་རྣམ་པ་ཐམས་ཅད་ཀྱི་བདག་ཉིད་དང་། རྟག་ཏུ་སྟེ་དུས་དང་སྤྱོད་ལམ་ཐམས་ཅད་དུ་བསྐྱེད་པར་བྱའོ་ཞེས་སྦྱར། རྒྱུ་གང་གིས་ན། ཡེ་ཤེས་བདུད་རྩི་སྟེ་ཡན་ལག་དྲུག་གི་སྦྱོར་བས་སོ། །ཅིའི་ཕྱིར་ཡན་ལག་དྲུག་ཁོ་ནས་བསྒྲུབ་པར་བྱ་ཞེ་ན། སོ་སོར་སྡུད་པ་ལ་སོགས་པ་ཡན་ལག་དྲུག་པོ་འདི་ནི། སྔགས་ཏེ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཟློས་པ་པོ་རྣམས་ཀྱི་སྦྲུལ་ལ་སོགས་པའི་སྔགས་དང་། ལྷའི་དེ་ཁོ་ན་ཉིད་དང་། དེ་དག་གི་དོན་ཏེ་འབྲས་བུ་ཟུང་འཇུག་གི་ཏིང་ངེ་འཛིན་བསྒྲུབ་ཅིང་བསྐྱེད་པར་བྱེད་པ་ཡིན་གྱི། གཞན་དག་ནི་མ་ཡིན་ཏེ། ཇི་སྐད་དུ། བསྙེན་པའི་ཡན་ལག་དྲུག་ཏུ་ནི། །བྱས་ནས་མཆོག་ཏུ་བསྒྲུབ་པར་བྱ། །གཞན་དག་ཏུ་ནི་བསྒྲུབ་གྱུར་ན། །དངོས་གྲུབ་མཆོག་ཏུ་མི་འགྱུར་རོ། །ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར། ཡན་ལག་དྲུག་པོ་འདི་ཉིད་ཀྱིས་བསྙེན་པ་བྱའོ། །དེ་ཉིད་རྒྱུད་ཕྱི་མས་རྒྱས་པར་བཤད་པ་ལ་གཉིས་ཀྱི། མདོར་བསྟན་པ་ནི། སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་འཛིན་རྣམས། །སྦྱོར་བ་ཡན་ལག་དྲུག་ཅེས་བྱ། །ཞེས་གསུངས་ཏེ། ཡན་ལག་དྲུག་པོ་འདིས་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པའི་རྒྱུ་ཐུན་མོང་མ་ཡིན་པ་རྫོགས་རིམ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་དང་། དེའི་གྲོགས་སྤྱོད་པ་དང་བཅས་པ་བསྟན་ཏོ། །དེ་ལས་སོར་སྡུད་བསམ་གཏན་གཉིས་ཀྱིས་ནི་སྤྱོད་པ་བསྟན་ཏེ། དེ་ཡང་སོ་སོར་སྡུད་པས་ནི། འདོད་ཡོན་ལྔ་ལ་ཅི་དགར་ལོངས་སྤྱོད་པའི་མཚན་ཉིད་ཅན་གྱི་སྤྱོད་པ་གསུམ་གྱི་ངོ་བོ་བསྟན་ལ། བསམ་གཏན་གྱི་ངོ་བོ་དང་རྟོག་སྤྱོད་ཀྱི་ཡན་ལག་གཉིས་ཀྱིས་སོར་སྡུད་སྦྱོང་བྱེད་བསྒོམ་བསམ་བསྟན་ལ། དབའ། བདེ། སེམས་རྩེ་གཅིག་པ་དང་བཅས་པའི་ཡན་ལག་ཕྱི་མ་གསུམ་གྱིས་སྤྱོད་པའི་ཕན་ཡོན་བསྟན་ཏོ། །རྫོགས་རིམ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ། སྤྱིར་ལུས་དབེན་ནས་ཟུང་འཇུག་གི་བར་དྲུག་ཡོད་ཀྱང་། དབེན་པ་གསུམ་གྱི་དང་ཐ་གཉིས་དང་། སྒྱུ་ལུས་རྣམས་ནི་བླ་མའི་མན་ངག་ལ་ལྟོས་པར་བསྟན་པའི་ཕྱིར། དངོས་སུ་མ་བསྟན་ལ། འདི་སོགས་སུ་བསྟན་པ་གསུམ་སྟེ། སྲོག་རྩོལ་གྱིས་ངག་དབེན་དང་། འཛིན་པས་འོད་གསལ་དང་། ཏིང་ངེ་འཛིན་གྱིས་ཟུང་འཇུག་རྣམས་བསྟན་ཏེ། རྗེས་དྲན་ནི་ལུགས་བཟློག་གི་སྣང་བ་གསུམ་ཡིན་ལ། དེ་ཡང་འོད་གསལ་མངོན་སུམ་དུ་བྱས་པའི་སྟོབས་ཀྱིས་མངོན་དུ་བྱེད་ནུས་པས། དེའི་ཕྱིར་འཕགས་པ་ཡབ་སྲས་ཀྱིས་བསྒོམ་པའི་རིམ་པར་བསྡུས་སོ། །དེ་བས་ན་ཡན་ལག་དྲུག་པོ་འདི་དག་རྣལ་འབྱོར་པས་ཉམས་སུ་ལེན་པ་ན། བསྐྱེད་པའི་རིམ་པ་མཐར་ཕྱིན་ནས། ལུས་དབེན་ནས་བརྩམས་ཏེ། དབེན་གསུམ་སྒྱུ་ལུས་དང་བཅས་པ་སྔོན་དུ་འགྲོ་བ་ཅན་གྱི། འཛིན་པའི་ཡན་ལག་འོད་གསལ་མངོན་དུ་བྱས་ནས། དེའི་སྐབས་སུ། སོར་སྡུད་བསམ་གཏན་གཉིས་ཀྱིས། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་གསུམ་གང་རུང་ལ་བསླབས་ཏེ། མཐར་ཕྱིན་པ་ན། རྗེས་དྲན་གྱི་ཡན་ལག་ལུགས་ལྡོག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས། ཏིང་ངེ་འཛིན་གྱི་རང་བཞིན་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ན། སྤྲུལ་སྐུར་བསྒྱུར་ཏེ། འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱེད་པའི་རྡོ་རྗེ་འཆང་ཆེན་པོར་འགྱུར་བ་ཡིན་ནོ། །དེ་ལྟར་ན་འཕགས་པ་ཡབ་སྲས་ཀྱི་ལུགས་ཀྱི་རྣལ་འབྱོར་ཡན་ལག་དྲུག་ཉམས་སུ་ལེན་པའི་གོ་རིམ་ནི་དེ་ལྟར་ཡིན་ནོ། །གང་དག་སོར་སྡུད་བསམ་གཏན་གཉིས་ཀྱིས་སྒྱུ་ལུས་བསྟན་ཞེས་སྨྲ་བ་ནི། སོར་བསམ་དང་། སྒྱུ་ལུས་གཉིས་ཀའི་དོན་མ་གོ་བར་ཟད་དོ། །འདིར་སྔ་རབས་ཀྱི་བླ་མ་དག་འདི་ལྟར་བཞེད་དེ། དེ་ལ་སོར་སྡུད་ལ་སོགས་པ་ཡན་ལག་དྲུག་གིས་ནི། མྱ་ངན་ལས་འདའ་བའི་ལམ་གཉིས་སྟོན་ཏེ། བརྩོན་འགྲུས་ཅན་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བའི་ལམ་དང་། ལེ་ལོ་ཅན་བར་དོར་མྱ་ངན་ལས་འདའ་བའི་ལམ་མོ། །བརྩོན་འགྲུས་ཅན་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བའི་ལམ་ལ་གཉིས་ཏེ། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་དང་། དེ་དང་རྗེས་སུ་མཐུན་པའི་སྤྱོད་པའོ། །དེ་ལ་སོར་སྡུད་ཀྱིས་ནི་ཀུན་རྫོབ་སྒྱུ་མ་ལྟ་བུའི་སྐབས་ཀྱི་སྤྱོད་པ་བསྟན་ཏོ། །སྤྱོད་པ་དེ་ཡང་། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་དང་མི་ལྡན་ན་གྲོལ་བའི་རྒྱུར་མི་འགྱུར་བས་ན། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་སྟོན་པ་ནི། བསམ་གཏན་ལ་སོགས་པ་ཡན་ལག་ཕྱི་མ་ལྔའོ། །དེ་ལ་བསམ་གཏན་ལ་ལྔ་ལས། རྟོག་དཔྱོད་ཀྱིས་ལུས་དབེན་བསྟན་ཏོ། །དགའ་བས་ནི་ལུས་དབེན་གྱི་ཕན་ཡོན་ནོ། །ཡན་ལག་གསུམ་པ་སྲོག་རྩོལ་ནི་ངག་དབེན་ནོ། །བདེ་བ་ནི་ངག་དབེན་གྱི་ཕན་ཡོན་ནོ། །སེམས་རྩེ་གཅིག་པ་ནི་སེམས་རྣམ་པར་དབེན་པའོ། །བསམ་གཏན་གྱི་ཕན་ཡོན་སངས་རྒྱས་ཀུན་དངོས་ཀྱིས་ནི། ཀུན་རྫོབ་བདེན་པ་སྒྱུ་མ་ལྟ་བུ་སྟོན་ནོ། །ཞི་བ་ནི་དོན་དམ་བདེན་པ་ཞར་ལ་སྟོན་པའོ། །དེ་དག་གིས་ནི་དབེན་གསུམ་སྔོན་དུ་འགྲོ་བ་ཅན་གྱི་སྒྱུ་ལུས་སྟོན་ནོ། །ཡན་ལག་བཞི་པ་འཛིན་པས་ནི་འོད་གསལ་སྟོན་ནོ། །ཡན་ལག་ལྔ་པ་རྗེས་དྲན་ནི། འོད་གསལ་འཛིན་པའི་ཡན་ལག་དེ་ལས། རྗེས་དྲན་གྱི་ཡན་ལག་ལུགས་ལྡོག་གི་སྣང་བ་གསུམ་ཁམས་ཕྲ་བ་དང་བཅས་པ་འབྱུང་བའོ། །ཡན་ལག་དྲུག་པ་ཏིང་ངེ་འཛིན་ནི། རྗེས་དྲན་གྱི་ཡན་ལག་དེ་ཉིད་ལས། ཏིང་ངེ་འཛིན་གྱི་ཡན་ལག་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པའོ། །དེ་ཉིད་སྤྲུལ་སྐུ་དཀྱིལ་འཁོར་རྒྱལ་མཆོག་ལ་གནས་པས། ལས་རྒྱལ་མཆོག་ཟུང་འཇུག་སྐུ་གསུམ་དབྱེར་མེད་མཚན་ཉིད་གསུམ་ལྡན་ལ་བསླབས་པས། མཐར་མི་སློབ་པའི་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་འགྱུར་རོ། །

གཉིས་པ་ལེ་ལོ་ཅན་བར་དོར་མྱ་ངན་ལས་འདའ་བའི་ལམ་གྱི་དབང་དུ་བྱས་ན། རྟོག་དཔྱོད། དགའ་བདེ་སེམས་རྩེ་གཅིག་པ་དང་། དེའི་ཕན་ཡོན་སངས་རྒྱས་ཀུན་དངོས་ཀྱིས། ཀུན་རྫོབ་བདེན་པའི་མཐར་ཐུག་པའི་བར་དུ་བསྟན་ཏེ་སྔ་མ་བཞིན་ནོ། །སོ་སོར་སྡུད་པ་ནི་ཀུན་རྫོབ་བདེན་པའི་སྐབས་ཀྱི་སྤྱོད་པ་བསྟན་ཏོ། །དེ་ལྟར་ཀུན་རྫོབ་སྤྱོད་པ་དང་བཅས་པ་མཐར་ཕྱིན་ཡང་། ལེ་ལོ་ཆེ་བའི་སྟོབས་ཀྱིས་འོད་གསལ་མངོན་སུམ་དུ་མ་བྱས་པས། འཆི་བའི་རྟགས་བྱུང་སྟེ་འཆི་བར་འགྱུར་ན། དེའི་ཚེ་འཕེན་པ་འདི་ལྟར་བཏང་སྟེ། བདག་གིས་འཆི་བ་དང་འོད་གསལ་གཅིག་ཏུ་བྱས་ལ། བར་དོར་ལྷུན་གྱིས་གྲུབ་པའི་ཟུང་འཇུག་ཏུ་ལངས་ཏེ། དེ་ཉིད་དུ་སངས་རྒྱ་བར་བྱའོ་སྙམ་དུ་བློ་བསྐྱེད་ལ། དེ་ནས་ཕུང་པོ་ལ་སོགས་པ་རིམ་གྱིས་ཐིམ་སྟེ། ཁྱབ་བྱེད་ཀྱི་རླུང་དགུ་བརྒྱ་པ་ཕྲག་གཅིག་རྒྱུ་བའི་དུས་སུ། རྡོ་རྗེ་བཟླས་པ་བྱེད་པ་ནི། ཡན་ལག་གསུམ་པ་སྲོག་རྩོལ་གྱི་དོན་ནོ། །དེ་ནས་ཁྱབ་བྱེད་ཀྱི་རླུང་རྣམ་ཤེས་ལ་ཐིམ། རྣམ་ཤེས་འོད་གསལ་དུ་ཐིམ་པ་ནི་ཡན་ལག་བཞི་པ་འཛིན་པའི་ཡན་ལག་གོ །དེ་ལས་ལུགས་བཟློག་གི་སྣང་བ་གསུམ་རླུང་དང་བཅས་པ་འབྱུང་བ་ནི་རྗེས་དྲན་གྱི་ཡན་ལག་གོ །རྗེས་དྲན་གྱི་ཡན་ལག་དེ་ལས་ཏིང་ངེ་འཛིན་གྱི་ཡན་ལག་བར་དོར་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ། སྤྲུལ་སྐུར་བསྒྱུར་ནས། སྐུ་གསུམ་དབྱེར་མེད་མཚན་ཉིད་གསུམ་ལྡན་ལ་བསླབས་པས། བར་དོ་དེ་ཉིད་དུ་མི་སློབ་པའི་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་འགྱུར་བའོ་ཞེས་བླ་མ་སྔ་རབས་པ་དག་འཆད་དོ། །ཡན་ལག་དྲུག་པོ་དེ་ཉིད་རྒྱས་པར་བཤད་པ་ལ་དྲུག་ཡོད་པའི། ཡན་ལག་དང་པོ་སོར་སྡུད་པ་བཤད་པ་ནི། དབང་པོ་བཅུ་པོ་རྣམས་ཀྱི་ཡང་། །རང་གི་འཇུག་གནས་ཐམས་ཅད་དུ། །འདོད་པ་སོ་སོར་སྡུད་པས་ན། །སོ་སོར་སྡུད་པ་ཞེས་བཤད་དོ། །ཞེས་ཏེ། དེ་ལ། འོད་གསལ་མཐར་ཕྱིན་ཏེ་སློབ་པའི་ཟུང་འཇུག་གི་གནས་སྐབས་སུ། སྤྱོད་པ་གསུམ་ལ་སློབ་པ་ན། འདོད་ཡོན་ལྔ་ལ་རང་བཞིན་ཤེས་པའི་སྒོ་ནས་ཅི་དགར་ལོངས་སྤྱོད་པ་སྟོན་པ་ཡིན་ཏེ། དེ་ལ་དབང་པོ་བཅུ་ནི་དབང་པོ་ལྔ་དང་ཡུལ་ལྔའོ། །དེ་དག་གི་རང་གི་འཇུག་གནས་ནི། མིག་གི་དབང་པོ་རང་གི་ཡུལ་གཟུགས་ལ་འཇུག་པ་ལ་སོགས་པའོ། །ཐམས་ཅད་དུ་སྟེ་དམན་པ་དང་། འབྲིང་དང་། མཆོག་གི་དབྱེ་བའི་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་ལ། རང་རང་གི་ཡུལ་ཅན་གྱི་དབང་པོ་རྣམས། ཡང་དང་ཡང་དུ་སོར་སོར་སྡུད་ཅིང་ལེན་པས་ན། སོ་སོར་སྡུད་པ་ཞེས་བཤད་དོ། །དེ་ཉིད་རྣམ་པར་སྦྱར་བར་བྱ་བའི་དོན། ཡན་ལག་གཉིས་པ་བསམ་གཏན་སྟོན་པ་ནི། འདོད་པ་ལྔ་ནི་མདོར་བསྡུས་ནས། །སངས་རྒྱས་ལྔ་རུ་སྦྱོར་བ་ཡིས། །བརྟག་པ་བསམ་གཏན་ཞེས་བཤད་དོ། །ཞེས་ཏེ། འདིས་ནི་ཡུལ་དང་དབང་པོ་ལྔ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་བསྒོམ་པའི་སྤྲོས་བཅས་ཀྱི་སྒོམ་བསམ་བསྟན་ཏེ། དེ་ལ་གཟུགས་ལ་སོགས་པའི་འདོད་པ་ལྔ་ནི། རྣམ་སྣང་ལ་སོགས་པའི་སངས་རྒྱས་ལྔའི་རང་བཞིན་མིག་ལ་སོགས་པའི་དབང་པོ་ལྔ་དང་། མདོར་བསྡུས་པས་ཏེ། གཅིག་ཏུ་སྦྱོར་བ་ཡི་ཡོངས་སུ་དག་པའི་བརྟག་པ་སྟེ། རྣལ་འབྱོར་དེ་ནི་བསམ་གཏན་ཞེས་བཤད་དོ། །བསམ་གཏན་དེའི་དབྱེ་བ་ནི་རྣམ་པ་ལྔར་འགྱུར་ཏེ། རྟོག་དང་དཔྱོད་དང་དགའ་བ་དང་། །དེ་བཞིན་བདེ་བ་ཉིད་དང་ཡང་། །སེམས་ཅན་རྩེ་གཅིག་ཉིད་དག་སྟེ། །ལྔ་པོ་དེར་ནི་བསམ་གཏན་བསྡུ། །ཞེས་ཏེ། དེ་ཡང་ཆོས་མངོན་པའི་མདོ་ལས། བསམ་གཏན་དང་པོ་རྟོག་དཔྱོད་ལ་སོགས་པའི་ཡན་ལག་ལྔ་ལྡན་དུ་བཤད་པས། དེ་དང་ཐ་སྙད་སྒོ་བསྟུན་པའི་ཕྱིར། འདིར་ཡང་བསམ་གཏན་ཡན་ལག་ལྔ་ལྡན་དུ་བཤད་ཀྱི། དོན་མཐུན་པ་ནི་མ་ཡིན་ནོ། །ཡན་ལག་དེ་དག་རེ་རེ་ནས་བཤད་པ་ནི། གསང་བའི་རྒྱུད་རྣམས་ཐམས་ཅད་དུ། །རྣམ་པ་དུ་མ་ཡོངས་བཤད་པ། །གསང་བ་གསུམ་བྱུང་རྟོག་པ་སྟེ། །དེ་ཡི་ལོངས་སྤྱོད་དཔྱོད་པའོ། །ཞེས་ཏེ། གསང་བ་གསུམ་ནི། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་སྟེ། དབང་པོ་དང་རྣམ་པར་ཤེས་པའི་ཡུལ་གཟུགས་ལ་སོགས་པ་ལྔ་པོ་དེ་དག དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཡིན་ནོ། །ཞེས་གང་རྟོག་པ་དེ་ནི་རྟོག་པ་ཡིན་ལ། གཟུགས་ལ་སོགས་པ་དེ་དག་དེ་བཞིན་གཤེགས་པ་ལྔའི་ལོངས་སྤྱོད་རེག་བྱ་རྡོ་རྗེ་མ་ལ་སོགས་པ་ཡུམ་བཞིའམ་གཟུགས་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་ལྔའི་རང་བཞིན་དུ་རྣམ་པར་དཔྱོད་པ་ནི་དཔྱོད་པའོ། །ཡུལ་ལྔ་དེ་བཞིན་གཤེགས་པ་ལྔ་དང་ལྷ་མོ་ལྔ་ལ་སོགས་པའི་རང་བཞིན་དུ་བསྒོམ་པ་དེའང་། འདུས་པ་ལ་སོགས་པ་གསང་བའི་རྒྱུད་ཐམས་ཅད་དུ། ལན་ཅིག་མ་ཡིན་པར་རྣམ་པར་དུ་མར་ཡོངས་སུ་བཤད་དེ། སྔར་ལེའུ་བདུན་པར་ཡང་། གཟུགས་ལ་རྣམ་གསུམ་ཤེས་བྱ་སྟེ། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །སངས་རྒྱས་རྣམ་པར་སྣང་མཛད་གཞི། །ཞེས་སོགས་དང་། གཟུགས་སྒྲ་རོ་སོགས་སྔགས་པ་ཡི། །ལྷ་ཉིད་དུ་ནི་རྣམ་པར་བསྒོམ། །ཞེས་སོགས་གསུངས་པའི་ཕྱིར་རོ། །བསམ་གཏན་གྱི་ཡན་ལག་ལྷག་མ་རྣམས་ཀྱིས། སྤྱོད་པའི་ཕན་ཡོན་སྟོན་པ་ནི། དགའ་ལ་རེག་པ་གསུམ་པ་སྟེ། །བདེ་བས་བསྡུས་པ་བཞི་པའོ། །ཤེས་དང་ཤེས་བྱ་འབྱུང་ཟད་པའི། །རང་སེམས་ལྔ་པར་ཤེས་པར་བྱ། །སངས་རྒྱས་ཀུན་དངོས་ཞི་བ་ནི། །འདོད་པ་ཀུན་ལ་རབ་ཏུ་གནས། །ཞེས་ཏེ། དེ་ལྟར་སྤྱོད་པའི་སྐབས་སུ་འདོད་ཡོན་ལྔའི་ངོ་བོ་དང་། ཁྱད་པར་ལ་རྣམ་པར་དཔྱད་ནས་བསྒོམས་པས། དེ་ཁོ་ན་ཉིད་ཟུང་འཇུག་གི་ཡེ་ཤེས་སྐྱེ་བ་ལ་མངོན་པར་ཕྱོགས་པས་གང་ཡིད་བདེ་བའི་མཚན་ཉིད་ཅན་དེ་ནི་དགའ་བ་ལ་རེག་པ་སྟེ་ཡན་ལག་གསུམ་པའོ། །འོད་གསལ་གྱི་དེ་ཁོ་ན་ཉིད་ལ་མངོན་པར་ཞུགས་པས། ལུས་ཤིན་ཏུ་སྦྱངས་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་བདེ་བ་གང་ཐོབ་པ་དེ་ནི། བདེ་བས་བསྡུས་པ་སྟེ་བསམ་གཏན་གྱི་ཡན་ལག་བཞི་པའོ། །དེ་དག་ནི་གནས་སྐབས་ཀྱི་ཕན་ཡོན་ནོ། །མཐར་ཐུག་གི་ཕན་ཡོན་ནི། དེ་ལྟར་སྤྱོད་པ་ལ་སྦྱངས་པ་ལས། རབ་ཀྱི་མཐར་ཐུག་པར་སོན་པའི་ཕྱིར་རྣམ་ཤེས་དྲུག་གི་རང་བཞིན་གྱི་ཤེས་པ་དང་། གཟུགས་སོགས་ཡུལ་དྲུག་གི་རང་བཞིན་གྱི་ཤེས་བྱ་དང་། དེ་གཉིས་འབྱུང་བ་ཟད་པ་ནི་གཟུང་འཛིན་གཉིས་ཀྱིས་སྟོང་པ་སྟེ། གཟུང་འཛིན་གཉིས་ཀྱིས་དབེན་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་སེམས་རྩེ་གཅིག་པ་ཞེས་པ་ཡན་ལག་ལྔ་པར་ཤེས་པར་བྱའོ། །དེ་ལྟ་བུའི་གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་སེམས་རྩེ་གཅིག་པ་དེ་ནི། སངས་རྒྱས་ཀུན་གྱི་རང་བཞིན་སྤྲོས་པའི་མཚན་མ་ཉེ་བར་ཞི་བ་ཀུན་རྫོབ་སྣང་བ་ཙམ་དང་། ཐམས་ཅད་སྟོང་པ་འོད་གསལ་དབྱེར་མེད་དུ་གྱུར་པའི་ཟུང་འཇུག་སྟེ། ཐམས་ཅད་སྟོང་པ་འོད་གསལ་བ་ལ་མི་གནས་པའི་ཚུལ་གྱིས་རབ་ཏུ་གནས་པ་ཡིན་ནོ། །སངས་རྒྱས་ཀུན་གྱི་རང་བཞིན་ཞི། །ཐམས་ཅད་ནམ་མཁའ་ལ་རབ་གནས། །ཞེས་ཚིག་བསྒྱུར་རོ། །དེ་ལྟར་ན། བསམ་གཏན་གྱི་ཡན་ལག་ལྔ་པ་སེམས་རྩེ་གཅིག་པ་ནི། སྤྱོད་པའི་མཐར་ཐུག་གིས་འབྲས་བུ་ཟུང་འཇུག་གི་ཡེ་ཤེས་ཡིན་ཏེ། སྤྱོད་པ་མཐར་ཕྱིན་པ་ན་ཟུང་འཇུག་ཐོབ་པར་འགྱུར་བའི་ཕྱིར་རོ། །སྔ་རབས་པ་རྣམས་འདི་ལྟར་འཆདདེ། འདོད་པ་ལྔ་ནི་མདོར་བསྡུས་ན། །སངས་རྒྱས་ལྔ་རུ་སྦྱར་བ་ཡིས། །ཞེས་འདོད་ཡོན་ལྔ་པོ་སངས་རྒྱས་ལྔར་བསྒོམ་པ་ནི། ཡུལ་གྱི་ལུས་དབེན་ནོ། །གསང་བ་གསུམ་བྱུང་རྟོག་པ་སྟེ། །ཞེས་པ་ཡུལ་དང་དབང་པོ་དང་རྣམ་ཤེས་གསུམ་དེ་བཞིན་གཤེགས་པ་ལྔར་བསྒོམ་པ་ནི། བསྐྱེད་རིམ་པ་དང་ཐུན་མོང་གི་ལུས་དབེན་ནོ། །དེ་ཡི་ལོངས་སྤྱོད་དཔྱོད་པའོ། །ཞེས་པ་རིགས་བརྒྱ་དང་ལྔ་དང་གསུམ་དང་། གཅིག་གི་བར་དུ་ཞིབ་ཏུ་དཔྱོད་པ་ནི། རྫོགས་རིམ་པའི་ཐུན་མོང་མ་ཡིན་པའི་ལུས་དབེན་ནོ། །དགའ་ལ་རེག་པ་ནི་ལུས་དབེན་གྱི་ཕན་ཡོན་ཏེ། རྡོ་རྗེ་བཟླས་པའི་རླུང་དང་སྔགས་དང་སྒྲའི་དེ་ཁོ་ན་ཉིད་ལ་འཇུག་པ་མངོན་དུ་ཕྱོགས་པས། ཡིད་བདེ་བའི་མཚན་ཉིད་ཅན་ནོ། །དེ་ནས་ཡན་ལག་གསུམ་པ་སྲོག་རྩོལ་གྱི་བཟླས་པ་ངག་དབེན་ལ་མཐར་ཕྱིན་པར་བསླབ་པའི་ཕན་ཡོན་ནི་བདེ་བས་བསྡུས་པ་སྟེ། དེ་ཡང་བེམ་པོའི་རླུང་རགས་པ་ལ་བསླབ་པ་མཐར་ཕྱིན་པས། ཁམས་སྙོམས་པ་དང་། རླུང་རྒྱུ་བ་གསལ་བ་འབྱུང་ངོ་། །བེམ་པོའི་རླུང་ཕྲ་བ་ལ་བསླབ་པ་མཐར་ཕྱིན་པས། རེག་པ་བདེ་བ་དང་རླུང་གཡས་གཡོན་དུ་ཡོད་ནུས་པ་འབྱུང་ངོ་། །ཤེས་པའི་རླུང་གསལ་བ་དང་འདྲེས་པ་ལ་བསླབ་པ་མཐར་ཕྱིན་པས། རླུང་ཕྱི་ནང་བསྲེ་ནུས་པ་དང་། རླུང་གནོད་མེད་དུ་བསྡོམ་ནུས་པ་འབྱུང་ངོ་། །དེ་ལྟར་ངག་དབེན་མཐར་ཕྱིན་པ་ལས་སེམས་དབེན་འབྱུང་བ་ནི། ཤེས་དང་ཤེས་བྱ་འབྱུང་ཟད་པ། །ཞེས་སོགས་ཀྱིས་སེམས་དབེན་བསྟན་ཏོ། །

དེའི་ཕན་ཡོན་སངས་རྒྱས་ཀུན་དངོས་ནི། སྒྱུ་ལུས་བསྟན་ལ། ཞི་བས་ནི་དོན་དམ་བདེན་པ་བསྟན་ཏོ། །ཞེས་འཆད་དོ། །ཡན་ལག་གསུམ་པ་སྲོག་རྩོལ་ནི། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །པད་མའི་སྣ་རྩེར་རབ་ཏུ་བརྟག །རིན་ཆེན་ཁ་དོག་སྣ་ལྔ་དང་། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །རང་སྔགས་སྙིང་ཁར་བསམས་ནས་ནི། །སྲོག་ནི་ཐིག་ལེར་གྱུར་པར་བཞག །ཅེས་ཏེ། རབ་ཏུ་བརྟག་པ་སྟེ་བསྒོམ་མོ། །གནས་གང་དུ་ཞེ་ན། རྣལ་འབྱོར་པས་རྡོ་རྗེའི་སྣ་རྩེ་དང་། རྣལ་འབྱོར་མས་པད་མའི་སྣ་རྩེར་རོ། །གང་ཞིག་བསྒོམ་ཞེ་ན། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་གྱི་དབུགས་ཏེ། རླུང་། ས་ལ་སོགས་པ་འབྱུང་བ་ལྔའི་རང་བཞིན་གང་ཡིན་པ་དེའོ། །ཐབས་གང་གིས་བསྒོམ་ཞེ་ན། ཡེ་ཤེས་ལྔ་ལ་སོགས་པའི་རང་བཞིན་གྱི་རླུང་དེ་ཉིད། ཡབ་ཡུམ་སྙོམས་པར་ཞུགས་པས་འདོད་ཆགས་ཆེན་པོའི་མེས་བཞུ་སྟེ། གོང་བུའི་གཟུགས་ཀྱིས་ཏེ་བྱང་ཆུབ་ཀྱི་སེམས་ཐིག་ལེའི་རང་བཞིན་དུ་ཕྱུང་ནས་སོ། །ཚུལ་ཇི་ལྟར་བསྒོམ་ན། ཐིག་ལེའམ་རང་གི་ལྷའི་མཚན་མ་ཕྲ་མོར་བསྒོམ་མོ། །འདིས་ནི་བསྐྱེད་རིམ་པའི་འོག་སྒོ་ལ་བརྟེན་པའི་ཕྲ་མོའི་རྣལ་འབྱོར་བསྟན་གྱི། སྐབས་འདིའི་སྲོག་རྩོལ་དངོས་བསྟན་པ་ནི་མ་ཡིན་ནོ། །བསམ་ནས་ཏེ་བསྒོམ་མོ། །གང་དུ་ན། སྙིང་ཁར་ཏེ་སྙིང་ཁའི་པད་མར་རོ། །གང་ཞིག་བསྒོམ་ཞེ་ན། འཚོ་བར་བྱེད་པས་ན་སྲོག་ངག་ཀུན་ནས་སློང་ཞིང་རིང་དུ་རྒྱས་པར་བྱེད་པས་ན་རྩོལ་བ་སྟེ་རླུང་ངོ་། །དེའི་ཁྱད་པར་ནི་སངས་རྒྱས་ཀྱི་རིན་པོ་ཆེ་བསྐྱེད་པ་ན་རིན་ཆེན། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཡིན་པས། དཀར་པོ་ལ་སོགས་པའི་འོད་ཟེར་ལྔ་དང་ལྡན་པས་ན་ཁ་དོག་ལྔ་པའོ། །དེ་ཉིད་ཚུལ་ཇི་ལྟར་བསྒོམ་ཞེ་ན། རླུང་འོད་ཟེར་ལྔ་པོ་དེ་ཉིད་གྱེན་དུ་སོང་སྟེ། ཀུན་རྫོབ་ཀྱི་སྣ་སྒོར་རྒྱུ་བ་ན། འཇུག་གནས་ལྡང་ཡི་གེ་གསུམ་གྱི་ངོ་བོ་ཉིད་ཀྱིས། ཉིན་དང་མཚན་དུ་ཟློས་པར་འགྱུར་བའི་ཕྱིར་རང་སྔགས་ཞེས་བྱ་ལ། དེ་ལྟ་བུའི་རང་སྔགས་ཟློས་པའི་ཚུལ་གྱིས་སོ། །སྲོག་ནི་རླུང་ངོ་། །ཐིག་ལེ་ནི་རླུང་གི་འབྱུང་གནས་མི་ཤིགས་པའོ། །དེ་བཞག་པ་ནི་རླུང་དེ་ཉིད་སྟོང་པ་ཉིད་ལས་བྱུང་ཞིང་། སྟོང་པ་ཉིད་ལ་ཐིམ་པར་ཤེས་པའི་ཚུལ་གྱིས་རྡོ་རྗེ་བཟླས་པ་བྱ་ཞེས་པའོ། །ཡན་ལག་བཞི་པ་འཛིན་པའི་ཡན་ལག་བཤད་པ་ནི། རང་དབང་རིན་ཆེན་དགག་པ་ཡི། །གཟུང་བ་འཛིན་པ་ཡིན་པར་བཤད། །ཅེས་ཏེ། རང་ནི་གཟུགས་ལ་སོགས་པའོ། །དབང་པོ་ནི་མིག་ལ་སོགས་པ་སྟེ། ཡུལ་དང་དབང་པོ་དེ་གཉིས་བསམ་གཏན་གཉིས་ཀྱིས་བཤིག་སྟེ། དགག་ཅིང་ཐིམ་པར་གྱུར་པ་ན། དེའི་འོག་ཏུ་ཡུལ་དང་དབང་པོའི་རྟེན་དུ་གྱུར་པའི་སེམས། སེམས་ཀྱི་རིན་པོ་ཆེ་རླུང་དང་བཅས་པ་དགག་ཅིང་ནུབ་པར་གྱུར་པའི་གཟུང་བ་གང་ཡིན་པ་དེ་ནི་འཛིན་པ་ཡིན་པར་བཤད་དེ། དེ་གང་ཞེ་ན། ཡང་དག་པའི་མཐའ་ཐམས་ཅད་སྟོང་པ་འོད་གསལ་བའོ། །སྒྱུ་ལུས་འོད་གསལ་དུ་བཅུག་པ་ན། འོད་གསལ་མངོན་དུ་འགྱུར་བའི་རྟགས་འབྱུང་བ་སྟོན་པ་ནི། སེམས་ཉིད་འགོག་པ་རྡོ་རྗེར་གྱུར། །མཚན་མ་ཉེར་འཛིན་འབྱུང་བར་འགྱུར། །ཞེས་པ་སྟེ། སྒྱུ་ལུས་འོད་གསལ་དུ་བཅུག་སྟེ། སེམས་འགོག་པའི་རྡོ་རྗེ་སྟེ་འོད་གསལ་བར་ཐིམ་པ་ན། དེའི་སྔོན་རོལ་དུ་འོད་གསལ་མངོན་དུ་གྱུར་པའི་མཚན་མ་ཉེར་འཛིན་ཏེ་རྟགས་རྣམས་འབྱུང་ཞིང་སྐྱེ་བར་འགྱུར་བའི་རྟགས་དུ་ཞིག་ཡོད། རང་བཞིན་ཇི་ལྟ་བུ་ཞེ་ན། མཚན་མའི་ཁམས་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན། །སྨིག་སྒྱུ་འདྲ་བ་དང་པོ་སྟེ། །དུ་བ་ལྟ་བུ་གཉིས་པ་ཡིན། །མཁའ་དང་འདྲ་བ་གསུམ་པ་སྟེ། །མར་མེ་ལྟར་འབར་བཞི་པའོ། །སྤྲིན་མེད་ནམ་མཁའ་ལྟ་བུར་ནི། །རྟག་ཏུ་སྣང་བ་ལྔ་པའོ། །ཞེས་གསུངས་ཏེ། འབྱུང་བ་བཞི་རྣམ་ཤེས་དང་བཅས་པ་མ་ལུས་པར་མ་འགགས་པར་འོད་གསལ་མངོན་དུ་མི་འགྱུར་ཞིང་། དེ་དག་འགག་པ་ན། ཇི་ལྟར་རགས་པའི་རིམ་པས་འགག་སྟེ། ལས་ཀྱི་མཐའ་རྣམ་འབྱེད་ལས། དང་པོ་ས་ནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་པར་འགྱུར། །མེ་ནི་རླུང་ལ་ཐིམ་འགྱུར་ཞིང་། །རླུང་ཡང་རྣམ་པར་ཤེས་ལ་འཇུག། རྣམ་ཤེས་གཟུང་བ་དེ་ཉིད་ནི། །འོད་གསལ་བར་ཡང་འཇུག་པ་ཡིན། །ཞེས་གསུངས་སོ། །དེའི་ཕྱིར་རྣལ་འབྱོར་པས་སྒྱུ་ལུས་འོད་གསལ་དུ་བཅུག་པ་དང་། ལུས་ཅན་རྣམས་འཆི་བའི་ཚེ་ན། ས་ཉིད་རགས་པས་ཐོག་མར་འགག་ཅིང་། རྣམ་ཤེས་ཕྲ་བས་ཐ་མར་འགག་གོ ། དེ་ལ་དང་པོ་ཉིད་དུ། ས་ཆུ་ལ་ཐིམ་སྟེ་འགག་པ་ན། སྨིག་སྒྱུ་འདྲ་བ་སྔོན་པོ་རབ་རིབ་གཡོ་བའི་རྣམ་པ་ཅན་གྱི་སྣང་བ་འབྱུང་སྟེ། དེ་ནི་མཚན་མ་དང་པོའོ། །དེའི་འོག་ཏུ་ཆུ་མེ་ལ་ཐིམ་པ་ན། དུ་བ་ལྟ་བུ་སྔོ་ལ་འཕྱུར་བའི་སྣང་བ་འབྱུང་སྟེ། མཚན་མ་གཉིས་པའོ། །དེའི་འོག་ཏུ་མེ་རླུང་ལ་ཐིམ་པ་ན། མཁའ་སྣང་འདྲ་བ་སྟེ་མེ་ཁྱེར་ལྟ་བུར་དམར་ཙེག་ཙེག་པའི་སྣང་བ་འབྱུང་སྟེ། དེ་ནི་མཚན་མ་གསུམ་པའོ། །དེའི་འོག་ཏུ་རླུང་རྣམ་ཤེས་ལ་ཐིམ་པ་ན་མར་མེ་འབར་བ་ལྟ་བུ་དམར་ལྷམ་ལྷམ་པའི་སྣང་བ་འབྱུང་སྟེ། མཚན་མ་བཞི་པའོ། །དེ་དག་ནི་འོད་གསལ་མྱུར་དུ་མངོན་དུ་འགྱུར་བའི་རྟགས་ཡིན་གྱི། འོད་གསལ་དངོས་མ་ཡིན་ནོ། །དེའི་འོག་ཏུ་རྣམ་པར་ཤེས་པ་གསུམ་རིམ་གྱིས་འོད་གསལ་དུ་འཇུག་སྟེ། དང་པོ་ཉིད་དུ། འདོད་ཆགས་ལས་གྱུར་པའི་རང་བཞིན་སུམ་ཅུ་རྩ་གསུམ་འགག་པས། སྣང་བའི་ཡེ་ཤེས་མངོན་དུ་གྱུར་པ་ན། མཚན་མོ་ཟླ་བའི་འོད་ཟེར་ཤར་བ་ལྟ་བུའི་སྣང་བ་འབྱུང་ངོ་། །དེའི་འོག་ཏུ་སྣང་བའི་ཡེ་ཤེས་ཐིམ་ཞིང་། ཞེ་སྡང་ལས་གྱུར་པའི་རང་བཞིན་བཞི་བཅུ་འགགས་པས་སྣང་བ་མཆེད་པའི་ཡེ་ཤེས་མངོན་དུ་གྱུར་པ་ན། ཉིན་མོ་ཉི་མའི་འོད་ཟེར་ཤར་བ་ལྟ་བུའི་སྣང་བ་འབྱུང་ངོ། །དེའི་འོག་ཏུ་སྣང་མཆེད་ཀྱི་ཡེ་ཤེས་ཐིམ་ཞིང་། གཏི་མུག་ལས་གྱུར་པའི་རང་བཞིན་བདུན་འགགས་པས། སྣང་བ་ཉེར་ཐོབ་ཀྱི་ཡེ་ཤེས་མངོན་དུ་གྱུར་པས་ན་ཉི་མའི་འོད་ཟེར་ནུབ་ཅིང་ཟླ་བའི་འོད་ཟེར་མ་ཤར་བའི་མཚམས་ཀྱི་མུན་པ་ལྟ་བུའི་སྣང་བ་འབྱུང་སྟེ། འདི་ནི་སྟོང་པ་ཆེན་པོ་མ་རིག་པའི་གནས་སྐབས་ཞེས་བྱའོ། །སྣང་བ་གསུམ་པོ་འདི་དག་ཀྱང་རྒྱུའི་རྒྱུད་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོའི་རང་བཞིན་ཇི་ལྟར་བ་བཞིན་དུ་མངོན་སུམ་དུ་བྱས་པ་ཡིན་གྱི། ཐམས་ཅད་སྟོང་པ་འོད་གསལ་དོན་དམ་པའི་བདེན་པ་མངོན་དུ་བྱས་པ་ནི་མ་ཡིན་ནོ། །དེའི་འོག་ཏུ་སྣང་བ་ཉེར་ཐོབ་ཀྱི་ཡེ་ཤེས་ཀྱང་ནུབ་སྟེ། ཤེས་བྱ་དང་ཤེས་པ་ལ་སོགས་པ་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བས། དཔེར་ན་མཚམས་ཀྱི་མུན་པ་འགགས་ཤིང་། ཟླ་བའི་འོད་ཟེར་ནུབ་ལ། ཉི་མའི་འོད་ཟེར་མ་ཤར་བས། ཐོ་རངས་ཀྱི་སྤྲིན་མེད་པའི་ནམ་མཁའ་ནི། སྣང་མུན་གྱི་སྒྲིབ་བྱེད་ཐམས་ཅད་དང་བྲལ་བས། ནམ་མཁའི་རང་མདོག་ཇི་ལྟར་བ་བཞིན་མཐོང་བ་དེ་བཞིན་དུ། སྣང་བ་གསུམ་པོ་ཉེ་བར་ནུབ་པ་ན། སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་ཞིང་མཐའ་གང་དུའང་བརྗོད་པར་མི་ནུས་པའི་ཐམས་ཅད་སྟོང་པ་འོད་གསལ་མངོན་དུ་བྱས་པ་ཞེས་ཐ་སྙད་བྱའོ། །སྔ་མ་རྣམས་ནི་རྟགས་ཁོ་ན་ཡིན་ལ། འདི་ནི་རྟགས་དང་རྟགས་ཅན་གཉིས་ཀ་ཡིན་ནོ། །དེ་ལ་འོད་གསལ་མངོན་དུ་འགྱུར་བའི་རྟགས་ནི་ལྔ་པོ་འདི་ཉིད་ཁོ་ནར་གྲངས་ངེས་པ་ཡིན་ཏེ། ཕུང་པོ་ཁམས་དང་སྐྱེ་མཆེད་མ་ལུས་པ་མ་འགགས་པར་འོད་གསལ་མངོན་དུ་མི་འགྱུར་ཞིང་། ཕུང་པོ་ལ་སོགས་པ་ཐམས་ཅད་ཀྱང་འབྱུང་བ་བཞི་དང་། རྣམ་པར་ཤེས་པ་སྟེ་ཆེན་པོ་ལྔར་འདུས་ལ། རྟགས་ལྔ་པོ་འདི་དག་ཀྱང་ཆེན་པོ་ལྔ་འགགས་པའི་མཚན་མ་ཡིན་པའི་ཕྱིར་རོ། །གོ་རིམ་ངེས་པ་ཡང་ཡོད་དོ། །ཆེན་པོ་ལྔ་པོ་འདི་དག་འགག་པ་ན་རགས་རིམ་གྱིས་འགག་ཅིང་། སྐྱེ་བ་ན་ཕྲ་རིམ་གྱིས་སྐྱེ་བས། ཐོག་མར་ས་འགག་ཅིང་། རྣམ་ཤེས་ཐ་མར་འགག་པ་རིགས་པས་གྲུབ་པའི་ཕྱིར་དང་། ལུང་གིས་ཀྱང་གྲུབ་སྟེ། ལས་མཐའ་རྣམ་འབྱེད་ལས། དང་པོ་ས་ནི་ཆུ་ལ་ཐིམ། །ཞེས་སོགས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་འདི་དང་མི་མཐུན་པའི་གྲངས་དང་གོ་རིམ་གཞན་དུ་སྨྲ་བ་དག་ལ་ཡིད་བརྟན་དུ་མེད་དོ། །གང་དག་ལས་དང་པོ་པའི་མཐོང་སྣང་སྣ་ཚོགས་པ་རྣམས་ལ། འོད་གསལ་མངོན་དུ་འགྱུར་བའི་དུ་སོགས་ཀྱི་རྟགས་སུ་འཆད་པ་ནི། ཉ་ཕྱིས་ལ་དངུལ་དང་། འཆིང་བུ་ལ་ནོར་བུར་འཛིན་པ་ལྟར་ཆེས་འཁྲུལ་པ་ཡིན་ནོ། །

མ་ར་སེང་གེ་རྒྱལ་མཚན་ན་རེ། རིགས་ཀྱི་རིམ་པ་འདི་དག་ཀྱང་། འདིར་སློབ་དཔོན་ཟླ་གྲགས་ཀྱིས་བརྩོན་འགྲུས་ཅན་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བའི་རྟགས་སུ་བཤད་པ་ཡིན་ལ། སྤྱོད་བསྡུས་སུ་བཤད་པ་ནི། ལེ་ལོ་ཅན་བར་དོར་མྱ་ངན་ལས་འདའ་བའི་དབང་དུ་བྱས་པ་ཡིན་ཞིང་། རྣམ་གཞག་ཏུ་བཤད་པ་ནི། ཐ་མལ་པའི་སེམས་ཅན་འཆི་བ་འོད་གསལ་མངོན་དུ་བྱེད་པའི་རྟགས་སུ་བཤད་པ་ཡིན་ཞེས་གསུངས་སོ། །སྡོག་ན་རེ། འདི་ནི་བར་དོར་མྱ་ངན་ལས་འདའ་བའི་རྟགས་ཅན་ཤེས་པ་བརྟན་གཡོའི་ཚད་བཤད་པ་ཡིན་ལ། སྤྱོད་བསྡུས་ཀྱིས་ནི། བརྩོན་འགྲུས་ཅན་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བའི་རྟགས་སུ་བཤད་པ་ཡིན་ཞེས་གསུངས་ཡང་། གཉིས་ཀ་ཡང་རྣལ་འབྱོར་པས། སྒྱུ་ལུས་འོད་གསལ་དུ་བཅུག་པའི་དུས་ཀྱི་རྟགས་ཡིན་ལ། འཆི་བ་འོད་གསལ་མངོན་དུ་བྱེད་པའི་དུས་དང་རྟགས་ཀྱི་ངོ་བོ་ཁྱད་པར་མེད་དོ། །བརྟན་གྱུར་རྡོ་རྗེའི་ལམ་ནས་ནི། །ནམ་མཁའི་ཁམས་སུ་སྤྲོ་བར་བྱ། །ཞེས་ཏེ། རྡོ་རྗེའི་ལམ་སྟེ། འདའ་བར་མི་བྱ་བའི་མཚན་མ་ལྔ་རིམ་གྱིས་འོད་གསལ་བར་འཇུག་པས། བརྟན་ཅིང་རྣམ་པར་དག་པར་གྱུར་པས། ཆོས་ཀྱི་སྐུའི་ཚུལ་གྱིས་སྤྲོས་ཤིང་ཁྱབ་པར་བྱའོ། །ཞེས་པ་འོད་གསལ་མངོན་སུམ་དུ་གྱུར་པ་ན། བརྟན་གཡོ་ཐམས་ཅད་ལ་ཁྱབ་པའི་ཆོས་ཀྱི་སྐུའི་ངོ་བོ་ཉིད་དུ་གནས་སོ་ཞེས་པའོ། །དེ་དག་ནི་འཛིན་པའི་ཡན་ལག་གོ །ཡན་ལག་ལྔ་པ་རྗེས་དྲན་གྱི་ཡན་ལག་བཤད་པ་ནི། རྗེས་དྲན་གང་ཞིག་རྣམ་བསྒོམས་པ། །དེ་དང་འདྲ་བར་སྤྲོ་བར་བྱ། །རྗེས་དྲན་ཞེས་ནི་ཤེས་བྱ་སྟེ། །ཡང་དག་རིག་པ་དེ་ལས་སྐྱེས། །ཞེས་ཏེ། དེ་ལྟར་བདག་ཉིད་འོད་གསལ་བར་བདེ་བར་རྣམ་པར་བསྒོམ་ཞིང་མངོན་སུམ་དུ་བྱས་ནས་གང་ཞིག་སྔོན་འོད་གསལ་ལ་འཇུག་པའི་དུས་སུ། རྗེས་སུ་དྲན་པའི་སྨིག་སྒྱུ་དང་འདྲ་བ་ལ་སོགས་པའི་རྣམ་པས། ཡང་དག་པའི་མཐའ་ཐོབ་པ་དེ་དང་འདྲ་བར། ལུགས་ལྡོག་གི་རིམ་པ་ཉིད་ཀྱིས་སྤྲོ་བར་བྱ་ཞིང་། བསྐྱེད་པར་བྱ་སྟེ། བཤད་མ་ཐག་པ་དེ་དག་ནི། རྗེས་སུ་དྲན་པ་ཞེས་ཤེས་པར་བྱའོ། །ཡང་དག་རིམ་པ་སྟེ། འོད་གསལ་མངོན་སུམ་དུ་བྱས་པ་དེ་ལས། རྗེས་དྲན་གྱི་ཡན་ལག་སྐྱེ་བར་འགྱུར་གྱི། གཞན་དུ་མ་ཡིན་ནོ། །ཡན་ལག་དྲུག་པ་ཏིང་ངེ་འཛིན་གྱི་ཡན་ལག་བཤད་པ་ནི། ཐབས་དང་ཤེས་རབ་སྙོམས་འཇུག་པས། །དངོས་པོ་ཐམས་ཅད་མདོར་བསྡུས་པ། །གོང་བུའི་ཚུལ་གྱིས་བསྡུས་ནས་ནི། །དབུས་སུ་གཟུགས་ནི་རྣམ་པར་བསྒོམ། །ཡུད་ཀྱིས་ཡེ་ཤེས་རྫོགས་བྱེད་པ། །ཏིང་ངེ་འཛིན་ཞེས་བརྟགས་པ་ཡིན། །ཞེས་ཏེ། རྗེས་དྲན་གྱི་ཡན་ལག་ལུགས་ལྡོག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས། ཐབས་ཀུན་རྫོབ་ཀྱི་བདེན་པ་དང་། ཤེས་རབ་དོན་དམ་པའི་བདེན་པ་གཉིས་དབྱེར་མི་ཕྱེད་པར་སྙོམས་པར་འཇུག་པས། རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་གོང་བུའི་ཚུལ་གྱིས་ཏེ། ཕྱག་རྒྱ་ཆེན་པོའི་གཟུགས་གཅིག་ཏུ་བསྡུས་ནས་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་རྣམས་ཀྱི་དབུས་སུ་ཟུང་འཇུག་གི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་གཟུགས་སུ་རྣམ་པར་བསྒོམ་པར་ཤེས་པར་བྱའོ། །རིམ་པ་འདི་ཉིད་ཀྱིས་ཡུད་ཀྱིས་ཏེ་སྐད་ཅིག་ཙམ་གྱིས་ཡེ་ཤེས་ཀྱི་སྐུ་རྫོགས་པར་བྱེད་པ་ནི་ཏིང་ངེ་འཛིན་ཞེས་བྱ་སྟེ། ཡན་ལག་དྲུག་པའོ། །བསྙེན་པ་གཉིས་ཀྱིས་ལྷ་བསྐྱེད་པ་ལུང་གིས་གསལ་བར་བསྟན་པ་ལ་གཉིས་ཏེ། སྒྱུ་འཕྲུལ་དྲ་བའི་ལུང་གིས་བཤད་པ་དང་། རྣམ་སྣང་མངོན་བྱང་གི་ལུང་གིས་བཤད་པའོ། །དང་པོ་ལ་ཡང་གཉིས་ཀྱི་མདོར་བསྟན་པ་ནི། བསྐྱེད་རྫོགས་གཉིས་ཀྱིས་ལྷའི་རྣལ་འབྱོར་གོང་དུ་ཇི་སྐད་བཤད་པ་འདི་ཉིད། སྒྱུ་འཕྲུལ་དྲ་བ་ལས་ཀྱང་གསལ་བར་གསུངས་ཏེ། ཇི་སྐད་དུ། རྣལ་འབྱོར་རྣམ་གསུམ་ཤེས་བྱ་སྟེ། །བྱིན་གྱིས་བརླབས་དང་ཡོངས་བརྟགས་དང་། །གཟུགས་ཉིད་ཡོངས་སུ་རྫོགས་པ་སྟེ། །རྣལ་འབྱོར་སངས་རྒྱས་རྣམས་ཀྱིས་བསྔགས། །ཞེས་ཏེ། བྱིན་བརླབས་ཞེས་པས་ནི་བསྐྱེད་རིམ་པའི་དང་པོའི་སྦྱོར་བ་དང་། ཡོངས་བརྟགས་ཞེས་པས་དེ་ཉིད་ཀྱིས་དཀྱིལ་འཁོར་རྒྱལ་མཆོག་མདོར་བསྟན། གཟུགས་ཉིད་ཡོངས་སུ་རྫོགས་པ་སྟེ། །ཞེས་པས་རྫོགས་རིམ་པའི་ལྷ་བསྐྱེད་པ་མདོར་བསྟན་ཏོ། །

དེ་ཉིད་རྒྱས་པར་བཤད་པ་ལ་གསུམ་གྱི་དང་པོའི་སྦྱོར་བ་རྒྱས་པར་བཤད་པ་ནི། སྔགས་ཀྱིས་བྱིན་བརླབས་ང་རྒྱལ་བསྐྱེད། །རྣལ་འབྱོར་བྱིན་རླབས་ཡིན་པར་གསུངས། །ཞེས་ཏེ། འདིས་རྟེན་གཞི་སྒྲུབ་པ་སྔོན་དུ་འགྲོ་བའི་རྣལ་འབྱོར་བཞིས་གཙོ་བོའི་སྐུ་བསྐྱེད་པ་སྟོན་ཏེ། དེ་ཡང་སྲུང་བའི་འཁོར་ལོ་དང་། ཡེ་ཤེས་ཀྱི་ས་བསྐྱེད་པའི་རྗེས་ལ། འབྱུང་བ་རིམ་བརྩེག་གི་ས་བོན་ཡཾ་རཾ་ལ་སོགས་པ་དང་། གཞལ་ཡས་ཁང་གི་ས་བོན་བྷྲཱུྃ་ནི་སྔགས་ཀྱིས་ཞེས་པའོ། །དེ་དག་ཡོངས་སུ་གྱུར་པ་ལས། རྡོ་རྗེའི་སའི་ཆ་དང་། གཞལ་ཡས་ཁང་བསྐྱེད་པ་ནི་བྱིན་རླབས་ང་རྒྱལ་བསྐྱེད་ཅེས་པའོ། །དེར་ལྷག་མོས་བསྒོམས་ཏེ། དོན་དམ་པའི་དཀྱིལ་འཁོར་དུ་བཅུག་ནས། ཤཱུ་ནྱ་ཏའི་སྔགས་བརྗོད་པ་དང་། ཟླ་བ་ལས་བྱང་ཆུབ་པའི་ས་བོན་ༀ་ལ་སོགས་པ་བསྒོམ་པ་ནི་སྔགས་ཀྱི་ཞེས་པའོ། །དེ་བཞིན་ཉིད་ལས་བྱང་ཆུབ་པ་དང་། ཟླ་བ་རྫོགས་པར་བསྐྱེད་པ་ནི། བྱིན་རླབས་ང་རྒྱལ་བསྐྱེད་ཅེས་པའོ། །

དེ་ནས་ཟླ་བའི་སྟེང་དུ་འབྲུ་གསུམ་བཀོད་པ་དང་། ཤིན་ཏུ་རྣལ་འབྱོར་གྱི་ༀ་ལ་སོགས་པའི་ས་བོན་ཉི་ཤུ་རྩ་བདུན་འགོད་པ་དང་། རྣལ་འབྱོར་ཆེན་པོའི་ཡི་གེ་འབྲུ་གསུམ་འགོད་པ་དང་། སྔགས་གསུམ་བརྗོད་པ་ནི་སྔགས་ཀྱི་ཞེས་པའོ། །འབྲུ་གསུམ་ལས་ཕྱག་མཚན་དུ་གྱུར་པ་དང་། དེ་ལས་ལྷའི་སྐུར་བསྐྱེད་པ་དང་། ས་བོན་ཉེར་བདུན་ལྷ་ཉེར་བདུན་དུ་ང་རྒྱལ་བྱ་བ་དང་སྐུ་གསུང་ཐུགས་ཀྱི་རྡོ་རྗེར་ང་རྒྱལ་བྱ་བ་ནི། བྱིན་རླབས་ང་རྒྱལ་བསྐྱེད་ཅེས་པའོ། །དཀྱིལ་འཁོར་རྒྱལ་མཆོག་རྒྱས་པར་བཤད་པ་ནི། བྱང་ཆུབ་སེམས་ནི་དག་པ་དང་། །གསང་སྔགས་ས་བོན་སྐྱེ་བོ་ཆེ། །ཕྱག་རྒྱའི་ཚོགས་སུ་བརྟགས་པ་ཡིས། །རིམ་གྱིས་གཟུགས་ནི་རྫོགས་བྱས་པ། །དེ་ནི་བརྟགས་པར་བརྗོད་པ་སྟེ། །རྣལ་འབྱོར་ཆོ་ག་ཡིན་པར་གསུངས། །ཞེས་ཏེ། རྡོ་རྗེ་པད་མ་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས། ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ། ཆོས་འབྱུང་དུ་ཐིག་ལེ་ཕབ་པ་ནི། བྱང་ཆུབ་སེམས་ནི་དག་པ་དང་། །ཞེས་པའོ། །ཐིག་ལེ་སུམ་ཅུ་སོ་གཉིས་བཛྲ་དྷྲྀཀ་ལ་སོགས་པའི་མཚན་སྔགས་དང་། འབྲུ་གསུམ་དུ་གྱུར་པ་ནི། གསང་སྔགས་ས་བོན་སྐྱེ་བ་ཆེ། །ཞེས་པའོ། །དེ་ལས་རྡོ་རྗེ་ལ་སོགས་པ་ཕྱག་མཚན་སུམ་ཅུ་རྩ་གཉིས་སུ་གྱུར་པ་ནི། ཕྱག་རྒྱའི་ཚོགས་སུ་བརྟགས་པ་ཡི། །ཞེས་སོ། །དེ་ལས་ལྷ་སུམ་ཅུ་རྩ་གཉིས་སུ་གྱུར་ཏེ། རང་གནས་སུ་འགོད་པ་ནི། རིམ་གྱིས་གཟུགས་ནི་རྫོགས་བྱས་པ། །ཞེས་སོ། །རྫོགས་རིམ་པའི་ལྷ་བསྐྱེད་པ་རྒྱས་པར་བཤད་པ་ནི། བསྡུ་དང་སྤྲོ་བར་བྱས་པ་ལས། །རྣམ་པའི་མཆོག་ཀུན་ལྡན་པ་དག །སྐད་ཅིག་ཡེ་ཤེས་ཀྱིས་རྫོགས་པ། །རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ། །ཞེས་ཏེ། དབེན་གསུམ་སྔོན་དུ་འགྲོ་བ་ཅན་གྱི་སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི། བསྡུ་བ་དང་། ལུགས་ལྡོག་གི་སྣང་བ་གསུམ་རླུང་དང་བཅས་པ་སྤྲོ་བར་བྱས་པ་ལས། སྐད་ཅིག་ཙམ་གྱི་ཡེ་ཤེས་ཀྱིས་ཏེ། རླུང་སེམས་ཙམ་ལས་གྲུབ་པའི་རྣམ་པའི་མཆོག་ཀུན་དང་ལྡན་པ་ཡིད། ཡེ་ཤེས་ཀྱི་སྐུ་རྫོགས་པར་བྱེད་པ་ནི། རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ། །རྣམ་སྣང་མངོན་བྱང་གི་ལུང་གིས་བཤད་པ་ནི། རྣམ་སྣང་མངོན་བྱང་ལས་ཀྱང་། ལྷའི་རྣལ་འབྱོར་རྣམ་པ་གཉིས་པོ་སྟོན་ཏེ། གསང་བའི་བདག་པོ་ལྷའི་གཟུགས་ཀྱང་རྣམ་པ་གཉིས་ཏེ། ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པའོ། །དེ་ལ་ཡོངས་སུ་དག་པ་ནི། རྟོགས་པའི་ངོ་བོ་སྟེ། མཚན་མ་ཐམས་ཅད་དང་བྲལ་བའོ། །ཡོངས་སུ་མ་དག་པ་ནི། མཚན་མ་དང་བཅས་པའི་གཟུགས་ཏེ། ཁ་དོག་དང་དབྱིབས་སོ། །དེ་ལ་ལྷའི་གཟུགས་རྣམ་པ་གཉིས་ཀྱིས་བྱ་བ་རྣམ་པ་གཉིས་བསྒྲུབ་པར་འགྱུར་ཏེ། མཚན་མ་དང་བཅས་པས་ནི། མཚན་མ་དང་བཅས་པའོ། །

མཚན་མ་མེད་པས་ནི། མཚན་མ་དང་བཅས་པའི་དངོས་གྲུབ་ཀྱང་འགྲུབ་པར་འགྱུར་རོ། །ཞེས་ཏེ། ཡོངས་སུ་མ་དག་པ་ནི་སྔགས་ཀྱི་སྐུའོ། །ཡོངས་སུ་དག་པ་ནི་ཡེ་ཤེས་ཀྱི་སྐུའོ། །དེ་ལ་བསྐྱེད་སྔགས་ཀྱི་སྐུ་ལ་བརྟེན་ནས། མཚན་མ་དང་བཅས་པའི་དངོས་གྲུབ་གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་འགྲུབ་པར་འགྱུར་རོ། །རྫོགས་རིམ་ཡེ་ཤེས་ཀྱི་སྐུ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དང་། མཚན་མ་དང་བཅས་པའང་འགྲུབ་པར་འགྱུར་རོ། །དེ་དག་གི་དོན་བསྡུ་བ་ནི། མཚན་མར་བཅས་པས་མཚན་བཅས་ཀྱི། །དངོས་གྲུབ་རྒྱལ་བ་དམ་པ་བཞེད། །མཚན་མ་མེད་ལ་གནས་པས་ནི། །མཚན་མ་ཅན་ཡང་འགྲུབ་ཏུ་རུང་། །དེ་བས་རྣམ་པ་ཐམས་ཅད་དུ། །མཚན་མ་མེད་ལ་བརྟེན་པར་བྱ། །ཞེས་གསུངས་སོ། །བསྙེན་པ་གཉིས་ཀྱི་གནས་བསྟན་པ་ལ་གཉིས་ཀྱི། དྲང་དོན་དུ་བཤད་པ་ནི། དགོན་པ་ཆེན་པོའི་ས་ཕྱོགས་དང་། །ཞེས་སོགས་ཏེ་གོ་སླའོ། །ངེས་དོན་དུ་བཤད་པ་ནི། བཤད་རྒྱུད་ལས། མེ་ལོང་ཞེས་བྱ་དགོན་པ་ཆེ། །མཉམ་ཉིད་ཅེས་བྱ་ས་ཕྱོགས་སོ། །སོ་སོ་རྟོགས་བྱ་རབ་ཏུ་དབེན། །རྣམ་པར་དག་པའི་རི་བོར་གནས། །བྱ་བ་གྲུབ་པ་ཆུ་ངོགས་སུ། །དྲུག་པ་ཉིད་ནི་བདེ་འཐོབ་པའོ། །ཞེས་ཏེ། ཡེ་ཤེས་ལྔ་ལ་གནས་ནས་རྡོ་རྗེ་འཆང་ཆེན་པོ་འགྲུབ་པར་སྟོན་ནོ། །སྒྲུབ་པའི་ཐབས་མདོར་བསྡུས་པ་ནི། ཡང་ན་རྡོ་རྗེ་བཞི་དག་གིས། །ཞེས་པ་ཚིགས་སུ་བཅད་པ་གཅིག་པོ་དེ་ཉིད་དྲང་དོན་ངེས་དོན་གཉིས་སུ་བཤད་པས་རིམ་པ་གཉིས་ཀྱི་ལྷའི་སྐུ་བསྐྱེད་པ་སྟོན་ཏེ། དེ་ལ་དྲང་དོན་དུ་བཤད་པ་ནི། རྒྱུད་ཕྱི་མ་ལས། དང་པོར་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུས་པའོ། །གསུམ་པ་གཟུགས་ཉིད་རྫོགས་པ་སྟེ། །བཞི་པ་ཡི་གེ་བགོད་པའོ། །ཞེས་གསུངས་ཏེ། འདི་ལ་རྗེ་འགོས་བཤད་ཡམས་གསུམ་བྱས་ནས། དཀྱིལ་འཁོར་འཁོར་ལོ་བསྒོམས་པ་ལ་སྦྱོར། མ་ར་བཤད་ཡམས་བཞི་བྱས་ནས། དཀྱིལ་འཁོར་འཁོར་ལོ་དང་། དཔའ་བོ་གཅིག་པ་བསྒོམ་པའི་དོན། གཉིས་ཀ་སྟོན་པར་བཞེད། སྡོག་ན་རེ། དེ་ལྟར་ཡང་བཤད་དུ་རུང་མོད། འོན་ཀྱང་དཀྱིལ་འཁོར་འཁོར་ལོ་བསྒོམ་པ། སྔར་བསྙེན་སྒྲུབ་ཡན་ལག་བཞིའི་སྐབས་སུ་བཤད་པས། འདིས་དཔའ་བོ་གཅིག་པ་ཇི་ལྟར་བསྒོམ་པའི་དོན་ཁོ་ན་བཤད་ཅེས་གསུངས་སོ། །དེ་ལ་དཀྱིལ་འཁོར་འཁོར་ལོ་དང་སྦྱར་ཏེ་བཤད་པ་ལ་གསུམ་གྱི། དང་པོ་སྦྱོར་བ་རྣལ་འབྱོར་བཞི་དང་སྦྱར་ཏེ་བཤད་ན། ཡེ་ཤེས་ཀྱི་སའི་ཆ་ནས། དེ་བཞིན་ཉིད་ལས་བྱང་ཆུབ་པ་ནི། སྟོང་ཉིད་བྱང་ཆུབ་བོ། །ཟླ་བ་དང་། ཡིག་འབྲུ་དང་། ཕྱག་མཚན་ལས་བྱང་ཆུབ་པ་ནི། ས་བོན་བསྡུས་པའོ། །སྐུ་རྫོགས་པ་ལས་བྱང་ཆུབ་པ་ནི། གཟུགས་ཉིད་རྫོགས་པའོ། །ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོའི་ས་བོན་རྣམས་འགོད་པ་དང་། སྔགས་བརྗོད་པས་ནི་ཡི་གེ་འགོད་པའོ། །གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་དང་སྦྱར་ན། ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་ཐིག་ལེ་སོ་གཉིས་ནི། སྟོང་ཉིད་བྱང་ཆུབ་བོ། །འབྲུ་གསུམ་སོ་གཉིས་སུ་གྱུར་པ་ལས། ཕྱག་མཚན་སོ་གཉིས་སུ་གྱུར་པ་ནི། ས་བོན་བསྡུས་པའོ། །དེ་དག་ལས་ལྷ་སོ་གཉིས་སུ་གྱུར་པ་ནི། གཟུགས་ཉིད་རྫོགས་པའོ། །བཛྲ་དྷྲྀཀ་ལ་སོགས་པའི་མཚན་སྔགས་ཀྱིས་ལྷ་རྣམས་སྤྲོས། བསྡུས་ནས་རང་གནས་སུ་འགོད་པ་ནི། ཡི་གེ་འགོད་པའོ། །གསུམ་པ་ཏིང་ངེ་འཛིན་རྣམ་པ་གསུམ་དང་སྦྱར་ན། ཡེ་ཤེས་ཀྱི་ས་ནས་དེ་བཞིན་ཉིད་ལ་བྱང་ཆུབ་པའི་བར་ནི། སྟོང་ཉིད་བྱང་ཆུབ་བོ། །རྣལ་འབྱོར་བཞིས་གཙོ་བོའི་སྐུ་བསྐྱེད་པ་ནི། ས་བོན་བསྡུ་བའོ། །སྔར་བཤད་པའི་ཚུལ་གྱིས། དཀྱིལ་འཁོར་རྒྱལ་མཆོག་ནི། གཟུགས་ཉིད་རྫོགས་པའོ། །སྔགས་ལ་མཆོག་ཏུ་གཞོལ་བའི་བཟླས་པ་བྱེད་པའི་ལས་རྒྱལ་མཆོག་ནི་ཡི་གེ་འགོད་པའོ། །དཔའ་བོ་གཅིག་པ་བསྒོམ་པ་དང་སྦྱར་ན། སྤྱིར་དཔའ་བོ་གཅིག་པ་བསྒོམ་ལུགས་གསུམ་སྟེ། དབང་པོ་རབ་རྣལ་འབྱོར་བཞིས་བསྐྱེད་པ་དང་། འབྲིང་མངོན་བྱང་ལྔས་བསྐྱེད་པ་དང་། ཐ་མ་རྡོ་རྗེ་བཞིས་བསྐྱེད་པ་ལས། འདིར་རྡོ་རྗེ་བཞིས་བསྐྱེད་པ་སྟོན་ཏེ། སྟོང་པ་ཉིད་དེ་བཞིན་ཉིད་བསྒོམ་པ་ནི། སྟོང་ཉིད་བྱང་ཆུབ་བོ། །ས་བོན་ལས་ཕྱག་མཚན་དུ་གྱུར་པ་ནི། ས་བོན་བསྡུས་པའོ། །ཕྱག་མཚན་ལས་རང་གི་ལྷའི་སྐུ་རྫོགས་པར་བསྐྱེད་པ་ནི། གཟུགས་ཉིད་རྫོགས་པའོ། །གནས་གསུམ་དུ་འབྲུ་གསུམ་འགོད་པ་ནི་ཡི་གེ་འགོད་པའོ། །

ངེས་དོན་དུ་བཤད་པ་ནི། བསྙེན་པར་བྱའོ། །སུ་ཞིག་གིས་ན། བརྟུལ་ཞུགས་བརྟན་པས་ཏེ། བརྩོན་འགྲུས་བརྟུལ་བ་ཅན་གྱི་རྣལ་འབྱོར་པས་སོ། །ཐབས་གང་གིས་བསྙེན་པར་བྱ་ཞེ་ན། དབེན་གསུམ་སྔོན་དུ་འགྲོ་བ་ཅན་གྱི་སྒྱུ་ལུས་འོད་གསལ་དུ་བཅུག་པའི་རྡོ་རྗེ་བཞི་དག་སྟེ། སྟོང་པ་ཉིད་རྣམ་པ་བཞི་དག་གིས་སོ། །ཅིའི་ཕྱིར་དུ་ཞེ་ན། སྐུ་གསུམ་དབྱེར་མེད་རྡོ་རྗེ་འཆང་ཆེན་པོ་དང་བདག་ཉིད་མཉམ་པར་འགྱུར་བའི་ཕྱིར་དུའོ། །དེ་ལྟར་བཤད་མ་ཐག་པའི་རྡོ་རྗེ་བཞི་དག་གིས་བསྒོམ་ཞིང་ངོ་བོ་ཉིད་ཡོངས་སུ་ཤེས་པས་བསླབས་ན། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ལྟ་བུའི་བསྙེན་པ་རྣམ་པ་གཉིས་པོ་དེའང་། སྤྱོད་པ་དང་བྲལ་ན་འབྲས་བུ་མྱུར་དུ་མི་འགྲུབ་པས། དེ་དང་མཐུན་པའི་སྤྱོད་པ་བདེ་བ་ཆེན་པོ་ལ་བསླབ་པ་ནི་སྡོམ་པ་སྟེ་བདེ་བ་དམ་པ་སྦྱིན་པར་བྱའོ། །གང་ལ་སྦྱིན་ཞེ་ན། དུས་བཞི་དག་ཏུ་སྟེ། སྤྱན་ལ་སོགས་པ་ལྷ་མོ་བཞིར་བྱིན་གྱིས་བརླབས་པའི་རང་རིགས་ཀྱི་ཕྱག་རྒྱ་གནས་ལྔ་སྟེ་གཟུགས་ལ་སོགས་པའི་ཡུལ་ཁྱད་པར་ཅན་མངོན་དུ་གྱུར་པ་རྣམས་ལའོ། །སུ་ཞིག་གིས་ན། བློ་དང་ལྡན་པ་སྟེ་ཤིན་ཏུ་དགའ་བ་ཤེས་པའི་རྣལ་འབྱོར་པས་སོ། །ཐབས་གང་གིས་ན་ཡེ་ཤེས་རྡོ་རྗེ་སྟེ་རང་གི་རྡོ་རྗེའི་རྩེ་མོར་ཡི་གེ་ༀ་བསྒོམ་ཞིང་བྱིན་གྱིས་བརླབས་ནས། འཁྱུད་པ་དང་འོ་བྱ་བ་ལ་སོགས་པའི་རབ་ཏུ་སྦྱོར་བས་ཕྱག་རྒྱ་དེ་མཉེས་པར་བྱས་ནས་སོ། །བསྐྱེད་རྫོགས་གཉིས་ཀྱི་དངོས་གྲུབ་སྒྲུབ་པའི་དུས་ངེས་པ་བསྟན་པ་ལ་གཉིས་ཀྱི། བསྐྱེད་རིམ་པའི་དངོས་གྲུབ་སྒྲུབ་པའི་དུས་ཀྱི་ངེས་པ་བསྟན་པ་ནི། དེ་ལྟ་བུའི་མཚན་བཅས་བསྐྱེད་རིམ་གྱི་བསྙེན་པ་དེ་ལས་སུ་རུང་བས། དུས་ཇི་སྲིད་གཅིག་ཏུ་སྒྲུབ་པར་བྱས་ན་འཇིག་རྟེན་པའི་དངོས་གྲུབ་འགྲུབ་པར་འགྱུར་ཞེ་ན། དབང་པོ་རབ་ཀྱིས་དངོས་གྲུབ་ཀྱི་དུས་ནི་ཞག་བདུན་ནོ། །འབྲིང་གིས་ནི་ཟླ་བ་ཕྱེད་དོ། །དབང་པོ་ཐ་མས་ཀྱང་ཟླ་བ་གཅིག་གམ། ཟླ་བ་ཕྱེད་དང་གཉིས་ནས་འགྲུབ་པར་འགྱུར་རོ། །ཐབས་གང་གིས་འགྲུབ་ཅེ་ན། རྡོ་རྗེའི་དམ་ཚིག་སྟེ་རྡོ་རྗེ་འཆང་ཆེན་པོར་བདག་ཉིད་བསྒྲུབས་ཤིང་བསྐྱེད་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ། །རྫོགས་པའི་རིམ་པས་དངོས་གྲུབ་སྒྲུབ་པའི་དུས་ཀྱི་ངེས་པ་ནི། གོང་དུ་བཤད་པའི་དངོས་གྲུབ་ཀྱི་དུས་དེ་སྒྲུབ་པ་པོ་ཐམས་ཅད་ལ་ངེས་སམ་ཞེ་ན། ལས་དང་པོ་པའི་སེམས་ཅན་རྣམས་ལ་ཞག་བདུན་ལ་སོགས་པའི་ཞག་གྲངས་ཀྱི་བྱེ་བྲག་གིས་རབ་ཏུ་བསྐུལ་ནས་ང་ཡིས་སྔོན་རྒྱས་པར་སྤྲོས་ཏེ་བསྟན་ཅིང་། ཏིང་ངེ་འཛིན་མཆོག་ལ་གནས་པ་ལ་ནི་ངེས་པ་མེད་དེ། ཟླ་བ་ཕྱེད་ནི་དཀར་ཕྱོགས་དང་། ནག་པོའི་ཕྱོགས་གཉིས་དང་ལྡན་ཞིག་དེ་ལ་དཀར་ཕྱོགས་ནི་ཀུན་རྫོབ་ཀྱི་བདེན་པ་དང་། ནག་ཕྱོགས་ནི་དོན་དམ་པའི་བདེན་པ་སྟེ། གང་གི་ཚེ་བདེན་པ་གཉིས་དབྱེར་མེད་པར་རྟོགས་པ་དེའི་ཚེ། རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་འགྲུབ་པར་གསུངས་སོ། །གང་གིས་གསུངས་ཤེ་ན། གསང་བ་མཆོག་སྟེ་འོད་གསལ་ལས་བྱུང་བའི་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་སོ། །སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ལ་གཉིས་ཀྱི། གསོལ་བ་གདབ་པ་ནི། སྒྲུབ་པ་ཆེན་པོའི་ཚེ། སྤྱི་བོའི་ༀ་ལས་སྤྱན་མའི་ཚོགས་སྤྲོས་ནས། སྐུ་རྡོ་རྗེའི་ལྷ་ཚོགས་མདུན་དུ་སྤྱན་དྲངས་ཏེ། གསོལ་བ་གདབ་པ་ནི། སངས་རྒྱས་ཀུན་འཛིན་ཞེས་སོགས་ཀྱི་ཚིགས་བཅད་འདི་ནི། ཉེ་བར་བསྒྲུབ་པའི་སྡོམ་པ་ནི་རྣམ་པར་སྣང་མཛད་དེ། དེའི་ཡུལ་ནི། དེ་ལ་གསོལ་བ་འདེབས་པའོ། །སངས་རྒྱས་ཀུན་འཛིན་དཔལ་དང་ལྡན། རྡོ་རྗེ་གསུམ་དང་མི་ཕྱེད་དངོས། །བདག་ལ་བྱིན་གྱིས་བརླབས་གནས་དེང་། །སྐུ་ཡི་རྡོ་རྗེས་མཛད་དུ་གསོལ། །དུས་གསུམ་གྱི་སངས་རྒྱས་ཀུན་གྱི་སྐུ་རྡོ་རྗེ་ངོ་བོ་ཉིད་ཀྱིས་འཛིན་པར་མཛད་པས་ན། སངས་རྒྱས་ཀུན་འཛིན་ནི་རྣམ་པར་སྣང་མཛད་དོ། །སྤྱན་མ་དང་ལྡན་པས་ན་དཔལ་ལྡན་ནོ། །

དེས་ན། སངས་རྒྱས་ཀུན་འཛིན་དཔལ་དང་ལྡན། །ཞེས་རྣམ་སྣང་ལ་བོས་ནས། རྡོ་རྗེ་གསུམ་དང་མི་ཕྱེད་པ་རྡོ་རྗེ་འཆང་ཆེན་པོའི་སྐུའི་དངོས་པོའི་རང་བཞིན་དུ་སྒྲུབ་པ་པོ་བདག་གི་ལུས་བྱིན་གྱིས་བརླབ་ཀྱིས་གནས་པར་མཛད་དུ་གསོལ། ཞེས་སྦྱར་རོ། །ནམ་གྱི་ཚེ་ན། དེང་སྟེ་ད་ལྟ་ཉིད་དུའོ། །སུ་ཞིག་གིས་ན། སྐུ་ཡི་རྡོ་རྗེ་སྟེ་རྣམ་པར་སྣང་མཛད་ཀྱིས་སོ། །འཁོར་ལ་གསོལ་བ་གདབ་པ་ནི། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་གསུམ་དང་མི་ཕྱེད་དངོས། །བདག་ལ་བྱིན་གྱིས་བརླབས་གནས་དེང་། །སྐུ་ཡི་རྡོ་རྗེས་མཛད་དུ་གསོལ། །ཞེས་ཏེ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །ཞེས་འཁོར་རྣམས་ལ་བོས་ནས། ལྷག་མ་རྣམས་སྔ་མ་བཞིན་དུ་བཤད་དོ། །མགྲིན་པའི་ཨ་ལས་གོས་དཀར་མོའི་ལྷ་ཚོགས་སྤྲོས་ནས། གསུང་རྡོ་རྗེའི་ལྷ་ཚོགས་སྤྱན་དྲངས་ནས་གསོལ་བ་འདེབས་པ་ནི། ཆོས་ཉིད་གསུང་ལམ་ཞེས་པའི་ཚིགས་བཅད་འདི་ནི། སྒྲུབ་པའི་སྡོམ་པ་ནི་འོད་དཔག་མེད་པའི་ཡིན་ལ། དེའི་ཡུལ་ནི་དེ་ལ་གསོལ་བ་འདེབས་པའོ། །ཆོས་ཉིད་གསུང་ལམ་དཔལ་དང་ལྡན། །རྡོ་རྗེ་གསུམ་དང་མི་ཕྱེད་དངོས། །བདག་ལ་བྱིན་གྱིས་བརླབས་གནས་དེང་། །གསུང་གི་རྡོ་རྗེས་མཛད་དུ་གསོལ། །ཞེས་ཏེ། ཆོས་ཉིད་ནི་འོད་དཔག་ཏུ་མེད་པའོ། །གོས་དཀར་མོ་དང་ལྡན་པས་ན་དཔལ་ལྡན་ཞེས་བོས་ནས། རྡོ་རྗེ་གསུམ་དང་མི་ཕྱེད་པ་རྡོ་རྗེ་འཆང་ཆེན་པོའི་གསུང་གི་དངོས་པོའི་རང་བཞིན་དུ། སྒྲུབ་པ་པོ་བདག་གི་ངག་བྱིན་གྱིས་བརླབས་ཀྱིས་གནས་པར་མཛད་དུ་གསོལ། །ཞེས་སྦྱར་རོ། །ནམ་གྱི་ཚེ་ན་དེང་སྟེ་ད་ལྟ་ཉིད་དུའོ། །སུ་ཞིག་གིས་ན། གསུང་གི་རྡོ་རྗེ་སྟེ་འོད་དཔག་མེད་ཀྱིས་སོ། །འཁོར་ལ་གསོལ་བ་གདབ་པ་ནི། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་གསུམ་དང་མི་ཕྱེད་དངོས། །བདག་ལ་བྱིན་གྱིས་བརླབས་གནས་དེང་། །གསུང་གི་རྡོ་རྗེས་མཛད་དུ་གསོལ། །ཞེས་ཏེ་སྔ་མ་བཞིན་དུ་བཤད་པར་བྱའོ། །སྙིང་ཁའི་ཧཱུྃ་ལས་མཱ་མ་ཀིའི་ཚོགས་སྤྲོས་ནས། ཐུགས་རྡོ་རྗེའི་ལྷ་ཚོགས་སྤྱན་དྲངས་ཏེ་གསོལ་བ་འདེབས་པ་ནི། དེ་ལ་རྡོ་རྗེ་ཐུགས་འཛིན་ཞེས་སོགས་ཀྱི་ཚིགས་སུ་བཅད་པ་འདི་ནི། ཐུགས་ཆེན་པོ་ལ་གནས་ནས། སྒྲུབ་པ་པོ་སེམས་ལ་དབང་ཐོབ་པར་སྦྱོར་བས་ན། སྒྲུབ་པ་ཆེན་པོའོ། །དེར་བསྡུ་བ་ན་སྡོམ་པ་སྟེ། མི་བསྐྱོད་པའོ། །དེའི་ཡུལ་ནི་དེ་ལ་གསོལ་བ་འདེབས་པའོ། །རྡོ་རྗེ་ཐུགས་འཛིན་དཔལ་དང་ལྡན། །རྡོ་རྗེ་གསུམ་དང་མི་ཕྱེད་དངོས། །བདག་ལ་བྱིན་གྱིས་བརླབས་གནས་དེང་། །ཐུགས་ཀྱི་རྡོ་རྗེས་མཛད་དུ་གསོལ། །ཞེས་ཏེ། འཁོར་འདས་ཀྱི་མཐའ་ལ་མ་ཆགས་པ་ནི། རྡོ་རྗེ་ཐུགས་སོ། །དེ་འཛིན་པར་མཛད་པས་ན་རྡོ་རྗེ་ཐུགས་འཛིན་ཏེ་མི་བསྐྱོད་པའོ། །མཱ་མ་ཀི་དང་ལྡན་པས་ན་དཔལ་ལྡན་ནོ། །དེས་ན། རྡོ་རྗེ་ཐུགས་འཛིན་དཔལ་དང་ལྡན། །ཞེས་མི་བསྐྱོད་པ་ལ་བོས་ནས། མཛད་དུ་གསོལ་ཞེས་སྦྱར་རོ། །གང་ལ་ན། སྒྲུབ་པ་པོ་བདག་ལའོ། །གང་ཞིག་ན། རྡོ་རྗེ་གསུམ་དང་མི་ཕྱེད་པ་རྡོ་རྗེ་འཆང་ཆེན་པོའི་ཐུགས་ཀྱི་དངོས་པོའི་རང་བཞིན་དུ་བདག་གི་སེམས་ཀྱང་བྱིན་གྱིས་བརླབས་ཀྱིས་གནས་པར་མཛོད་ཅིག དུས་ནམ་གྱི་ཚེ་ན་དེང་སྟེ་ད་ལྟ་ཉིད་དུའོ། །སུ་ཞིག་གིས་ན་ཐུགས་ཀྱི་རྡོ་རྗེས་སོ། །འཁོར་ལ་གསོལ་བ་འདེབས་པ་ནི། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་གསུམ་དང་མི་ཕྱེད་དངོས། །བདག་ལ་བྱིན་གྱིས་བརླབས་ནས་དེང་། །ཐུགས་ཀྱི་རྡོ་རྗེས་མཛད་དུ་གསོལ། །ཞེས་ཏེ། བཤད་པ་སྔ་མ་བཞིན་དུ་ཤེས་པར་བྱའོ། །འགྱུར་རྙིང་པ་འཁྲུགས་པས། ཆག་གི་འགྱུར་འདི་བཞིན་དུ་བཤད་ན་བདེ་བར་སྣང་བས་དེ་བཞིན་དུ་བཤད་དོ། །

སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་བྲལ་བའི་སྐྱོན་བསྟན་པ་ནི། སངས་རྒྱས་རྣམ་པར་སྣང་མཛད་དང་། རྡོ་རྗེ་སེམས་དཔའ་མི་བསྐྱོད་པ་དང་། ཆོས་ཀྱི་སེམས་དཔའ་འོད་དཔག་ཏུ་མེད་པའི་རྣལ་འབྱོར་པ་རྣམས་ཀྱིས། གལ་ཏེ་སྐུ་གསུང་ཐུགས་བྱིན་གྱིས་རློབ་པའི་མན་ངག་མ་ཐོབ་པས། རྨོངས་པས་ཟིལ་གྱིས་མནན་ནས། ཇི་སྐད་བཤད་པའི་སྐུ་གསུང་ཐུགས་བྱིན་གྱིས་རློབ་པ་ལས་འདས་པར་གྱུར་ཅིང་། རང་གི་སྐུ་གསུང་ཐུགས་དང་རྡོ་རྗེ་གསུམ་ཐ་དད་པའི་ཚུལ་དུ་རྟོག་ན། ཚལ་པར་གས་ཤིང་བསྐྱེད་པའི་རིམ་པ་ལས་རིང་དུ་གྱུར་པར་གདོན་མི་ཟ་བས་འདིར་ངའི་ཚིག་ལ་ཡིད་གཉིས་དང་སོམ་ཉི་མ་བྱེད་ཅིག་ཅེས་རྡོ་རྗེ་འཆང་གིས་གསུངས་པའོ། །ལེའུ་ཡི་མཚན་དོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ནི་སྐུ་རྡོ་རྗེ་ལ་སོགས་པའོ། །དེ་རྣམས་ཀྱི་མི་ཕྱེད་པའི་ངོ་བོ་ཉིད་ཀྱི་སྦྱོར་བ་བཞི་ནི་རྡོ་རྗེའི་སྦྱོར་བའོ། །དེ་འདིས་མཉམ་པར་བྱས་པས་ན་དམ་ཚིག་གོ །བསྒྲུབ་པར་བྱ་བས་ན་བསྒྲུབ་པའོ། །རྫོགས་རིམ་ཐོབ་པར་བྱེད་པས་ན་མཆོག་གོ །དེ་སྟོན་པའི་གཞུང་གི་ཚོགས་ལ་ཡང་དེ་སྐད་ཅེས་བྱ་སྟེ། ལེའུ་བཅུ་གཉིས་པའི་རྣམ་བཤད་དོ།། །།


previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅུ་གཉིས་པའི་རྣམ་བཤད།next