Nitartha Digital Library
Tibetan
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅུ་གསུམ་པའི་རྣམ་བཤད།
   
   
   
   


 
previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅུ་གསུམ་པའི་རྣམ་བཤད།next

གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅུ་གསུམ་པའི་རྣམ་བཤད།

རིམ་པ་གཉིས་ལ་སློབ་པའི་རྣལ་འབྱོར་པ་རྣམས་ཀྱིས་གདུལ་བྱའི་སྐྱེ་བོ་རྣམས་མོས་པར་བྱ་བའི་ཕྱིར། ལས་ཀྱི་ཚོགས་རྣམས་ཀྱང་ཉམས་སུ་བླང་བར་བྱའོ་ཞེས་བསྟན་པའི་ཕྱིར། ལེའུ་བཅུ་གསུམ་པ་འཆད་པ་ལ་གཉིས་ཀྱི། བསྡུས་པའི་དོན་ནི། ལེའུ་འདིས་ནང་ལ་མཆོག་ཏུ་གཞོལ་བའི་ལས་ཚོགས་སྟོན་ཏེ། དེའང་ལེའུ་ཡི་སྟོད་ནས་བཟླས་པའི་ཚོགས་སྟོན། རྐེད་ནས་ལས་ཀྱི་ཚོགས་སྟོན། སྨད་ནས་ལས་ཚོགས་དང་འབྲེལ་བའི་ལྷའི་རྣལ་འབྱོར་སྟོན་ནོ། །ཡན་ལག་གི་དོན་ནི་གཉིས་ཏེ། འཁོར་གྱིས་བསྟོད་པ་སྔོན་དུ་འགྲོ་བས་གསོལ་བ་བཏབ་པ་དང་། ལེའུ་ཡི་གཞུང་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་གྱི། སྡུད་པ་པོའི་ཚིགས་ཀྱིས་མཚམས་སྦྱར་བ་ནི། ལེའུ་བཅུ་གཉིས་པ་གསུངས་པའི་རྗེས་དེ་ནས། གསུངས་སོ་ཞེས་སྦྱར། གང་ན། ལས་ཀྱི་ཚོགས་ལ་གསོལ་བ་འདེབས་པའི་རྡོ་རྗེའི་དབྱངས་འོག་ནས་འབྱུང་བ་འདིའོ། །སུ་ཞིག་གིས་གསུངས་ཞེ་ན། མི་བསྐྱོད་པ་ལ་སོགས་པ་བཅོམ་ལྡན་འདས་ཞེས་དེ་བཞིན་གཤེགས་པ་རིགས་ལྔ་པོ་ཀུན་དང་། སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བློ་ལྡན་ཏེ་རང་གི་ཕྱག་རྒྱ་དང་ལྡན་པ་རྣམས་ཀྱིས་སོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཁྱད་པར་ནི། གཉིས་སུ་མེད་པའི་ཡེ་ཤེས་འཛིན་པས་ན་ཡེ་ཤེས་རྡོ་རྗེ་མཆོག་འཛིན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁྱད་པར་ནི། ཞི་བ་ལ་སོགས་པ་སེམས་ཅན་ཀུན་གྱི་དགོས་པའི་དོན་ཡང་དག་འབྱུང་བ་སྟེ་སྒྲུབ་པ་ལ་བརྩོན་པའོ། །ཅི་ཞིག་མཛད་ནས་ཤེ་ན། ཕྱག་འཚལ་ནས་ཕྱི་དང་ནང་གི་མཆོད་པས་མཆོད་དེའོ། །གང་ལ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་བཞུགས་པས་ན་ཐུབ་པའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་སྦྱིན་པའི་ནུས་པ་དང་ལྡན་པས་ན་དོན་ཀུན་རྡོ་རྗེ་ཅན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་རྗེས་སུ་སྟོན་པས་ན་སྟོན་པ་ཆེན་པོའོ། །བདེན་པ་གཉིས་ཡོངས་སུ་མཁྱེན་པས་ན་དམ་ཚིག་དེ་ཉིད་མཁྱེན་པ་སྟེ་རྡོ་རྗེ་འཆང་ཆེན་པོ་ལའོ། །བསྟོད་པ་བསྟན་པ་ལ་གསུམ་གྱི། བསྙེན་པ་ཡན་ལག་དྲུག་ལ་བསྔགས་པ་ནི། ཨེ་མ་ཧོ་ཞེས་པ་ངོ་མཚར་བའོ། །སངས་རྒྱས་ནི་བདེན་གཉིས་དབྱེར་མེད་ཟུང་འཇུག་གོ །ཚུལ་ནི་དེ་ཐོབ་པར་བྱེད་པའི་ཐབས་སོ་སོར་བསྡུས་པ་ལ་སོགས་པ་ཡན་ལག་དྲུག་གི་སྦྱོར་བའོ། །སྟོང་པ་བཞིའི་རང་བཞིན་གྱི་རྡོ་རྗེ་བཞི་ནི་འདའ་བར་མི་བྱ་བས་བཟང་པོའོ། སྒྲུབ་པ་བདེན་གཉིས་དབྱེར་མེད་ཟུང་འཇུག་ལ་བསྟོད་པ་ནི། བྱང་ཆུབ་ནི་སྦྱོར་བ་དྲུག་གོ ། དེའི་ཚུལ་ནི་བདེན་པ་གཉིས་དབྱེར་མེད་པའི་ཟུང་འཇུག་གོ །དེ་ཉིད་ནི་ཕུལ་དུ་བྱུང་བས་མཆོག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་དོན་བསྡུས་པ་ཡིན་པའི་ཕྱིར་རོ། །གཞན་ཡང་ཆོས་ནི་བདེན་པ་གཉིས་སོ། །ཚུལ་ནི་དེ་གཉིས་གཅིག་ཏུ་གྱུར་པའི་ཟུང་འཇུག་གོ །ཞི་བ་ནི་སྤྲོས་པ་དང་བྲལ་བའོ། །བསྟོད་པ་ཉེ་བར་བསྡུ་བ་ནི། སྔགས་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེའི་ཚུལ་ནི་བྱང་ཆུབ་ཐོབ་པར་བྱེད་པའི་ཐབས་སོ་སོར་སྡུད་པ་ལ་སོགས་པ་སྟེ། དེ་བསྟན་པ་ནི་ཉན་ཐོས་ལ་སོགས་པས་མི་ཤིགས་ཤིང་ཁོང་དུ་མི་ཆུད་པའི་ཕྱིར་རོ། །གཟོད་མ་ནས་མ་སྐྱེས་པའི་ཆོས་ཕུང་པོ་ལ་སོགས་པ་རྣམས། ཐབས་ཁྱད་པར་ཅན་ལ་བརྟེན་ནས་བྱང་ཆུབ་ཐོབ་པར་བྱེད་པ་ཉིད་ཀྱིས་ངོ་བོ་ཉིད་ཕུལ་དུ་བྱུང་བའི་ཁྱད་པར་ཅན་ཡིན་པ་དང་། རྣམ་པར་མི་རྟོག་པ་སྟེ་དོན་དམ་པར་བརྟག་པ་དང་བྲལ་ཞིང་། མ་བརྟགས་ན་ཡང་དག་པ་སྟེ་ཉམས་དགའ་བ་ཙམ་དུ་བདེན་པའི་ཆོས་རྣམས་ལས། སྦྱོར་བ་ཡན་ལག་དྲུག་གི་ཐབས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་གི་སྐུ་འབྱུང་བ། བཅོམ་ལྡན་འདས་ཀྱིས་ལན་དུ་མར་བཤད་ཅིང་བཀའ་བསྩལ་པ་དེ་ནི་ངོ་མཚར་ཆེའོ། །དེ་ལྟར་བསྟོད་པས་བཅོམ་ལྡན་འདས་མཉེས་པར་བྱས་ནས། མངོན་པར་འདོད་པའི་དོན་ལ་གསོལ་བ་འདེབས་པ་བསྟན་པ་ནི། བཤད་པ་གསོལ་ཞེས་དྲང་། སུ་ཞིག་གིས་ཤེ་ན། བཅོམ་ལྡན་འདས་ཀྱིས་སོ། །གང་ཞིག་ཅེ་ན། སྐུ་གསུམ་མི་ཕྱེད་དཀྱིལ་འཁོར་ཞེས་ཏེ། སྐུ་གསུམ་དབྱེར་མི་ཕྱེད་པ་རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་ཏེ་བཤད་དུ་གསོལ་ཞེས་པའོ། །དེ་ཉིད་གང་ཡིན་ཞེ་ན། ཡིད་འོང་སྔགས་རྣམས་ཀུན་བསྡུས་པ། །རྡོ་རྗེ་བཟླས་པ་ཡེ་ཤེས་ཆེ། ཞེས་ཏེ། ཨཱ་ལྀ་ཀཱ་ལྀ་ལས་བྱུང་བའི་སྔགས་རྣམས་ཀུན་གང་དུ་བསྡུས་ཤིང་བསགས་པའི་འབྲུ་གསུམ་དང་དབྱེར་མེད་པའི་འཇུག་གནས་ལྡང་གསུམ་གྱི་རང་བཞིན་གྱི་རྡོ་རྗེ་བཟླས་པའོ། །དེ་ཉིད་ནི་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱེད་པའི་ཕྱིར་ཡེ་ཤེས་ཆེའོ། །རྡོ་རྗེ་བཟླས་པ་དེའི་ཁྱད་པ་ནི། སངས་རྒྱས་ཡེ་ཤེས་ཐོབ་འགྱུར་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པའི། །ཞེས་ཏེ། རྡོ་རྗེ་གསུམ་དབྱེར་མི་ཕྱེད་པར་བསྒོམས་པའི་སྒྲུབ་པ་པོ་གང་གིས་སྟོབས་དང་མི་འཇིགས་པ་ལ་སོགས་པ། སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་འགྱུར་བའོ། །དེའི་ཁྱད་པར་གཞན་ཡང་། རྡོ་རྗེ་བཟླས་པ་དེའི་སྦྱོར་བ་འཇུག་གནས་ལྡང་གསུམ་གྱི་ཚུལ་དུ་བཟླས་པ་ཡིས། སངས་རྒྱས་ཀུན་གྱིས་བྱིན་གྱིས་རློབ་པ་དང་། སྦྲུལ་ལ་སོགས་པའི་གསང་སྔགས་ཐམས་ཅད་ཀྱི་རིགས་ཏེ་ཚོགས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་གྱིས་མཚོན་པའི། གསང་སྔགས་རྣམས་ཟློས་པར་འགྱུར་བའི་རྡོ་རྗེ་བཟླས་པ་དེ་དེ་རིང་གསུངས་ཞེས་པའོ། །དགོས་པ་ཅིའི་ཕྱིར་དུ་ཞེ་ན། ཡེ་ཤེས་རྒྱ་མཚོ་སྟེ། རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་ཀྱི་གསན་པ་སྟེ། ཤེས་པར་བྱ་བ་དང་། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ཏེ་སློབ་བཞིན་པ་རྣམས་དང་སངས་རྒྱས་དུས་གསུམ་ལས་བྱུང་བ་སྟེ། འཇུག་གནས་ལྡང་གསུམ་གྱི་རྡོ་རྗེ་བཟླས་པ་རྫོགས་པའི་རྣལ་འབྱོར་པ་རྣམས་ཀྱིས། རྡོ་རྗེ་སྔགས་ཏེ་རྡོ་རྗེའི་བཟླས་པ་རབ་ཏུ་བསྒོམས་པས། ཡེ་ཤེས་མཉམ་མེད་དེ། གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་བའི་ཕྱིར་དུའོ། །ལེའུ་ཡི་གཞུང་རྒྱས་པར་བཤད་པ་ལ་གསུམ་སྟེ། བཟླས་པའི་ཚོགས་བསྟན་པ་དང་། ལས་ཀྱི་ཚོགས་བསྟན་པ་དང་། ལས་ཚོགས་དང་འབྲེལ་བའི་ལྷའི་རྣལ་འབྱོར་བསྟན་པའོ། །བཟླས་པའི་ཚོགས་བསྟན་པ་ལ་ལྔ་སྟེ། རྡོ་རྗེ་འཆང་གི་བཟླས་པ་དང་། བསྐྱེད་རྫོགས་གཉིས་ཀྱི་མཆོད་པའི་ལྷའི་འཁོར་ལོ་བསྒོམ་པ་དང་། བཟླས་པའི་རབ་ཏུ་དབྱེ་བ་དང་། འདོད་ཆགས་ཀྱི་དོན་བསྒོམ་པ་དང་། ཉོན་མོངས་པ་གཉིས་ལས་སྐྱེས་པའི་དོན་བསྒོམ་པའོ། །རྡོ་རྗེ་འཆང་གི་བཟླས་པ་ལ་གཉིས་ཀྱི་སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་ནི། གསོལ་བ་བཏབ་པའི་རྗེས་ཐོག་དེ་ནས་གསུངས་སོ་ཞེས་སྦྱར། གང་ཞེ་ན་རྡོ་རྗེ་བཟླས་པ་འདིའོ། །སུ་ཞིག་གིས་ན་ནམ་མཁའ་རྡོ་རྗེ་ནི་དོན་དམ་པའི་བདེན་པའོ། །ཡེ་ཤེས་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་གཉིས་ལས་བྱུང་བས་ན་ནམ་མཁའ་རྡོ་རྗེ་ཡེ་ཤེས་འབྱུང་སྟེ། རྡོ་རྗེ་འཆང་ཆེན་པོས་སོ། །དེའི་ཁྱད་པར་ནི། ཞི་བ་ལ་སོགས་པའི་བྱ་བ་སྐྱེད་པས་ན་བྱེད་པ། དབང་དུ་མ་གྱུར་པ་རྣམས་ཀྱི་མངོན་སྤྱོད་ལ་སོགས་པའི་ལས་གཅོད་པར་བྱེད་པས་ན་བསྐྱེད་པའོ། །དམ་པ་ནི་ཚངས་པ་ལ་སོགས་པའོ། །དེ་ལས་ཀྱང་ཕུལ་དུ་བྱུང་བས་ན་མཆོག་གི་གཙོ་བོའོ། །

བཟླས་པ་དངོས་བསྟན་པ་ནི། རྡོ་རྗེ་འཆང་ཆེན་པོའི་བཟླས་པ་ཞེས་པ་ནི། འོད་གསལ་ལས་ཟུང་འཇུག་ལོངས་སྐུར་བཞེངས་ནས་སྤྲུལ་སྐུའི་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་དེ། རྡོ་རྗེ་བཟླས་པའི་སྒོ་ནས་ཞི་སོགས་ཀྱི་ལས་སྒྲུབ་པ་ཞིག་སྟོན་ནོ། །དེ་གཞུང་དང་སྦྱར་ན། རྡོ་རྗེ་དབྱེ་བ་གསུམ་གྱི་མཐར། །ཞེས་པ་རྐང་པ་གཉིས་ཀྱིས་ལོངས་སྐུར་བཞེངས་པ་བསྟན་ཏོ། །སྐུ་གསུང་ཐུགས་ཀྱི་གནས་རྣམས་སུ། །ཞེས་པས་སྤྲུལ་སྐུར་བསྒྱུར་བ་བསྟན་ལ། སྤྲོ་བ་རྣམ་པ་གསུམ་དག་བྱ། །ཞེས་པས་རྡོ་རྗེ་བཟླས་པ་བསྟན་ཏེ། དེ་ཉིད་གསལ་བར་བྱེད་པ་ནི། སྔགས་ཀྱི་དོན་ཀུན་ཞེས་པ་རྐང་པ་གཉིས་སོ། །ཚིག་གི་དོན་ནི་སྦྲུལ་ལ་སོགས་པའི་སྔགས་རྣམས་ཀྱིས་དོན་ནི་ཡི་གེ་གསུམ་མོ། །དེའི་བཟླས་པ་ནི་འཇུག་གནས་ལྡང་གསུམ་སྟེ། དེ་གང་ལ་ཡོད་པ་དེ་ནི། རྡོ་རྗེ་མི་ཕྱེད་གསུམ་གྱིས་མཚན་པ་སྟེ། དེའི་ངོ་བོ་ཉིད་ཀྱི་རྡོ་རྗེ་བཟླས་པ་བྱའོ། །རྟེན་གང་ལ་གནས་ནས་རྡོ་རྗེ་བཟླས་པ་བྱ་ཞེ་ན། རྡོ་རྗེ་དབྱེ་བ་གསུམ་ནི། སྐུ་རྡོ་རྗེ་ལ་སོགས་པ་གསུམ་མོ། དེ་དག་ཀྱང་རྡོ་རྗེ་འཆང་ཆེན་པོ་གཅིག་པུའི་མཐར་ཐུག་པས། ཟུང་འཇུག་པའི་རྣལ་འབྱོར་པས་སྒྱུ་ལུས་འོད་གསལ་དུ་བཅུག་སྟེ། ཟུང་འཇུག་ལོངས་སྐུར་བཞེངས་ནས། དེའི་འོག་ཏུ་བཀོད་པ་རྡོ་རྗེ་གསུམ་སྟེ། འཇུག་གནས་ལྡང་གསུམ་གྱི་རང་གི་ངོ་བོ་ཡོངས་སུ་ཤེས་པའི་རྡོ་རྗེ་བཟླས་པ་བྱའོ། །ཚུལ་ཇི་ལྟར་བྱ་ཞེ་ན། ཟུང་འཇུག་ལོངས་སྐུ་དེ་ཉིད་སྐུ་གསུང་ཐུགས་ཏེ་འཇུག་གནས་ལྡང་གསུམ་གྱི་རང་བཞིན་གྱི་རྡོ་རྗེ་བཟླས་པའི་གནས་ཏེ། བརྟེན་དུ་རུང་བའི་སྤྲུལ་སྐུར་བསྒྱུར་ནས། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་དེ། དེ་ལ་གནས་ནས་ལས་རྒྱལ་མཆོག་འཇུག་གནས་ལྡང་གསུམ་གྱི་སྤྲོ་བ་རྣམ་པ་གསུམ་གྱི་རང་བཞིན་རྡོ་རྗེ་བཟླས་པ་བྱ་སྟེ། ཞི་བ་ལ་སོགས་པའི་ལས་རྣམས་རྫོགས་པར་བྱའོ། །ཕན་ཡོན་ཅི་འཐོབ་ཅེ་ན། བཤད་མ་ཐག་པའི་རྡོ་རྗེ་བཟླས་པ་འདིས་ནི། རྡོ་རྗེ་གསུམ་གྱི་ཐུགས་ཏེ་ཡེ་ཤེས་ཀྱི་སྐུའི་ངོ་བོ་ཉིད་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ། །རིམ་པ་གཉིས་ཀྱི་མཆོད་པའི་ཆོ་ག་ལ་གཉིས་ཀྱི། རྫོགས་རིམ་པའི་མཆོད་པ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་རྣམས་ལ་མཆོད་པའི་མཆོག་བརྟག་ཅིང་བསྐྱེད་པར་བྱའོ། ཞེས་སྦྱར། གང་གིས་ཤེ་ན། ཡེ་ཤེས་རྡོ་རྗེ་སྟེ་རྫོགས་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པས་སོ། །ཚུལ་ཇི་ལྟར་ཞེ་ན། ཟུང་འཇུག་ལོངས་སྐུ་དེ་ཉིད་སེམས་ཅན་གྱི་དོན་བྱ་བའི་ཕྱིར། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་གྱི་སྤྲུལ་པའི་སྐུས་འཛིན་པ་བསྒོམ་ཞིང་བསྐྱེད་ནས་སོ། །དེའི་ཕན་ཡོན་ནི་རྡོ་རྗེ་གསུམ་གྱིས་ཞེས་སོ། །དེ་ནི་བླ་ན་མེད་པའི་མཆོད་པའོ། །ཕྱི་རོལ་གྱི་མཆོད་པ་ལ་མངོན་པར་ཞེན་པ་སྤང་བའི་ཕྱིར། བླ་ན་ཡོད་པ་དང་བཅས་པའི་མཆོད་པ་བསྟན་པ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ལ། ལྷ་དང་མི་ལས་ཕུལ་དུ་བྱུང་བའི་འདོད་པའི་ཡོན་ཏན་ལྔ་ལ་སོགས་པ་མཆོད་པའི་མཆོག་བསམས་པས་ཏེ་བསྒོམས་པ་ན། བརྟག་པ་སྟེ་བསྐྱེད་པར་བྱའོ། །སུ་ཞིག་གིས་ན། ཡེ་ཤེས་རྡོ་རྗེ་སྟེ་རྫོགས་པའི་རིམ་པ་ལ་གནས་པའི་སྒྲུབ་པ་པོས་སོ། །ཕན་ཡོན་ནི་འདི་ནི་ཞེས་སོ། །འདི་དང་གོང་མ་གཉིས་ཀས་རྫོགས་རིམ་པའི་དཀྱིལ་འཁོར་རྒྱལ་མཆོག་སྤྲུལ་པ་བསྟན་ལ། དེ་ལ་བདག་གཞན་གྱི་དོན་སྒྲུབ་པའི་མཆོད་པ་ཞེས་བྱ་ཞིང་། གཙོ་འཁོར་ཐ་དད་མེད་པར་ཤེས་པའི་ཆ་ནས། སྔ་མ་ལ་བླ་ན་མེད་པ་ཞེས་བྱ་ལ། གཙོ་འཁོར་ཐ་དད་ལྟ་བུར་སྣང་བའི་ཆ་ནས། ཕྱི་མ་ལ་བླ་ན་ཡོད་པའི་མཆོད་པ་ཞེས་བྱ། ཞེས་མ་ར་གསུང་ལོ། །རྔོག་ན་རེ། ཟུང་འཇུག་གི་ལྷའི་འཁོར་ལོ་དེ་ཉིད་ཀྱི་གོང་ན་མཆོད་པ་གཞན་མེད་པས་བླ་ན་མེད་པ་ཞེས་བྱ་ལ། མཆོད་པ་ཐམས་ཅད་ཀྱི་ལྟག་ན་ཡོད་པས་བླ་ན་ཡོད་པ་ཞེས་བྱའོ། །ཞེས་གསུངས་ཀྱང་། གཉིས་ཀ་ཡང་གཞུང་གི་དོན་དུ་མི་མངོན་ནོ། །དེས་ན་དོན་ནི་འདི་ཡིན་ཏེ། སྔ་མ་ནི། ཟུང་འཇུག་སྤྲུལ་སྐུར་བསྒྱུར་ནས། སེམས་ཅན་གྱི་དོན་བྱེད་པ་ཡིན་ལ། སེམས་ཅན་གྱི་དོན་བྱེད་པ་དེ་ཉིད་ཀྱི་གོང་ན་སངས་རྒྱས་མཉེས་པ་བྱེད་པ་དང་། སེམས་ཅན་མགུ་བར་བྱེད་པའི་མཆོད་པ་གཞན་མེད་པས་བླ་ན་མེད་པ་ཞེས་བྱ་ལ། ཕྱི་མ་ནི། རྫོགས་རིམ་པས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུའི་མཆོད་པའི་ཚོགས་བསམ་གྱིས་མི་ཁྱབ་པ་བསམ་གཏན་གྱི་སྟོབས་ཀྱིས་སྤྲུལ་ནས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་མཆོད་པ་ཡིན་ལ། དེ་ཉིད་ཕྱི་རོལ་རྫས་ལས་བྱུང་བའི་མཆོད་པ་མ་ཡིན་པས། ཕྱི་རོལ་གྱི་མཆོད་པ་ལ་ཞེན་པ་སྤོང་ཞིང་། དེའི་གོང་ན་སེམས་ཅན་གྱི་དོན་བྱེད་པའི་མཆོད་པ་ཡོད་པས་བླ་ན་ཡོད་པའི་མཆོད་པ་ཞེས་བྱའོ། །

དེ་ལྟར་དབང་པོ་རབ་རྫོགས་རིམ་པ་རྣམས་ཀྱི་མཆོད་པ་བསྟན་ནས། དབང་པོ་ཐ་མ་བསྐྱེད་རིམ་པའི་མཆོད་པ་བསྟན་པ་ནི། བསྐྱེད་རིམ་པའི་ལྷའི་དཀྱིལ་འཁོར་བསྒོམས་པ་ཉིད་ལ་མཆོད་པ་ཞེས་བྱ་སྟེ། དེ་ཡང་དང་པོ་སྦྱོར་བ་སྔོན་དུ་སོང་ནས། ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་འདོད་ཆགས་ཆེན་པོའི་མེས། བདག་གི་ལུས་ཀྱི་ཁམས་བཞུས་པ་ལས་སྐུའི་རིགས་ཀྱི་ལྷ་སྤྲོ་བ་དང་། ངག་གི་ཁམས་བཞུས་པ་ལས་གསུང་གི་རིགས་ཀྱི་ལྷ་སྤྲོ་བ་དང་། སེམས་ཀྱི་ཁམས་བཞུས་པ་ལས་ཐུགས་ཀྱི་རིགས་ཀྱི་ལྷ་སྤྲོ་བའི་སྒོ་ནས། ལྷ་རེ་རེའི་སྤྲུལ་པ་ཡང་སྐུ་གསུང་ཐུགས་ཀྱི་དབྱེ་བ་རྣམ་པ་གསུམ་གྱིས་སོ་སོ་ཐ་དད་པར་སྤྲོས་ཤིང་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ལ། སྤྲུལ་པའི་དཀྱིལ་འཁོར་པ་རྣམས་ལ་མངོན་པར་ཞེན་པ་དགག་པའི་ཕྱིར། མོས་པ་ལས་བྱུང་བའི་མི་དམིགས་པས་ཟིན་པར་བྱ་བ་ནི། ལྷ་དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་བདག་མེད་པར་སོ་སོར་རྟོག་པའི་བདག་ཉིད་ཅན་གྱི་ཡེ་ཤེས་ཀྱི་ཁྱད་པར་གྱིས་ཡང་དག་པར་སྤྲོས་ཤིང་གསལ་བར་བྱའོ། དེ་ལ་མི་དམིགས་པས་ཟིན་པའི་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས། ཐུན་མོང་མ་ཡིན་པའི་ལས་རྒྱལ་མཆོག བསྐྱེད་རིམ་པའི་ཞི་སོགས་ཀྱི་ལས་བྱ་སྟེ། ཐུན་ཐ་མ་ལ་དཀྱིལ་འཁོར་བསྡུ་བ་ནི། རྡོ་རྗེ་སྟེ་སྤྲུལ་པའི་ལྷ་རྣམས་བརྗོད་པ་སྟེ་གནས་ནས་བསྐྱོད་ནས། སྤྲོ་བ་སྟེ་རང་གི་ཕུང་པོ་ལ་སོགས་པའི་ངོ་བོར་བཞག་སྟེེ། རྫོགས་པ་སྟེ་ཁ་སྦྱར་བའི་གནས་སྐབས་སུ། རབ་ཏུ་བསྡུས་པ་སྟེ་ཏིང་ངེ་འཛིན་སེམས་དཔའ་ལ་གཞུག་པར་བྱའོ། །བཤད་མ་ཐག་པ་འདི་ནི། ཡེ་ཤེས་ཀྱི་སྤྱན་ཕྱེ་བའི་སངས་རྒྱས་ཏེ་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་ཀྱི་མཆོད་པའི་ཆོ་ག་ཡིན་ནོ། །བཟླས་པའི་རབ་ཏུ་དབྱེ་བ་ལའང་ལྔ་སྟེ། སྐུ་གསུང་ཐུགས་ཀྱི་བཟླས་པ་དང་། རིན་ཆེན་དང་ཐོགས་མེད་ཀྱི་བཟླས་པ་དང་། ཁྲོ་བོའི་བཟླས་པ་དང་། གཏི་མུག་ལ་སོགས་པའི་བཟླས་པ་དང་། མ་ནིང་གི་བཟླས་པའོ། །

དེ་ལ་སྐུ་གསུང་ཐུགས་ཀྱི་བཟླས་པ་ནི། སྐུ་རྡོ་རྗེ་ནི་རྣམ་པར་སྣང་མཛད་དོ། །དེ་གང་གིས་མངོན་པར་རྫོགས་པར་བྱང་ཆུབ་པར་བྱེད་པ་དེ་ནི་སྐུ་ཡི་རྡོ་རྗེ་རྫོགས་བྱང་ཆུབ་སྟེ་རླུང་འཇུག་པའི་བདག་ཉིད་ཡི་གེ་ༀ་མོ། །དེ་ཉིད་སྐུ་སྐྱེད་པར་བྱེད་པས་སངས་རྒྱས་ཀྱི་སྐུ་ཞེས་བྱ་ལ། དེའི་ངོ་བོ་དངོས་པོ་དང་། དངོས་པོ་མེད་པར་མ་གྲུབ་པར་རྣམ་པར་དཔྱོད་པ་ནི་སྐུའི་བཟླས་པའོ། །གསུང་གི་དམ་ཚིག་ནི། འོད་དཔག་ཏུ་མེད་པའོ། །དེ་མངོན་པར་བྱང་ཆུབ་པ་ནི་རླུང་གནས་པའི་བདག་ཉིད་ཀྱི་ཡི་གེ་ཨའོ། །དེ་ནི་གསུང་གི་རྡོ་རྗེ་ཞེས་བཤད་དེ། དེའི་ངོ་བོ་རྣ་བས་ཟིན་པའི་སྒྲ་དང་། དེ་ལས་བཟློག་པའི་སྒྲ་མིན་པ་གང་དུ་ཡང་མ་གྲུབ་པར་རྣམ་པར་དཔྱོད་པ་ནི་གསུང་གི་བཟླས་པའོ། །ཐུགས་ཀྱི་དམ་ཚིག་ནི་མི་བསྐྱོད་པ། དེ་མངོན་པར་བྱང་ཆུབ་པ་ནི་རླུང་ལྡང་བའི་བདག་ཉིད་ཡི་གེ་ཧཱུྃ་སྟེ། དེ་ནི་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་ལ། གནས་པའི་རྡོ་རྗེ་སྟེ་ཐུགས་ཀྱི་ངོ་བོ་དེ་ཉིད་རང་བཞིན་མེད་པར་རྣམ་པར་དཔྱོད་པ་ནི། ཐུགས་ཀྱི་བཟླས་པར་བཤད་དོ། །སྐུ་གསུང་ཐུགས་ཀྱི་བཟླས་པ་འདི་དག་གིས་ལུས་ངག་ཡིད་གསུམ་རང་བཞིན་མེད་པར་བསྟན་པའི་སྒོ་ནས། དབེན་གསུམ་གྱི་ཤེས་བྱ་བསྟན་ཏོ་ཞེས་སྔ་རབས་པ་དག་འཆད་ཀྱང་། འདི་དག་གིས་ནི་ཡི་གེ་གསུམ་གྱི་རང་བཞིན་རླུང་འཇུག་གནས་ལྡང་གསུམ་རང་བཞིན་མེད་པར་ཤེས་པ་ཉིད། སྐུ་གསུང་ཐུགས་ཀྱི་བཟླས་པ་ཞེས་བཤད་པ་ཡིན་ནོ། །ཐོགས་མེད་དང་རིན་པོ་ཆེའི་བཟླས་པ་ནི། རྩ་བ་དང་ཡན་ལག་གི་རླུང་ལ་རྡོ་རྗེའི་བཟླས་པ་བྱེད་པ་ལ། གོ་རིམ་བཞིན་དུ་རིན་པོ་ཆེ་དང་ཐོགས་མེད་ཀྱི་བཟླས་པ་ཞེས་བཤད་དོ། །དེ་ལ་རིན་པོ་ཆེ་བཟླས་པ་ནི། ༀ་ལ་སོགས་པའི་དོན་འཇུག་གནས་ལྡང་གསུམ་གྱི་རང་བཞིན་རྟོགས་ནས་བཟླས་པ་བྱེད་པ་གང་ཡིན་པ་དེ་ནི། དོན་གྱི་རྗེས་འགྲོའི་བཟླས་པ་སྟེ། དེ་ཉིད་ནི་ངོ་བོ་ཉིད་དེ་མི་ཤིགས་པ་ལས་བྱུང་ཞིང་། བཟང་པོ་ཡིས་ཏེ་ཉིན་དང་མཚན་དུ་རྒྱུན་མི་ཆད་པར་འཕྲོ་བའི་ཚུལ་གྱིས་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་རང་བཞིན་མེད་པར་རྣམ་པར་དཔྱད་དེ། མི་ཤིགས་པའི་ཚུལ་གྱིས་རྟོགས་པ་དེ་ནི་རིན་ཆེན་བཟླས་པར་བཤད་དོ། །ངོ་བོ་ཉིད་བྱུང་བཟང་པོ་ཡིས། ཞེས་ཆག་གིས་བསྒྱུར་ཏོ། །ཡང་ན་མི་ཤིགས་པ་ལས་བྱུང་བས་ན་ངོ་བོ་ཉིད་མེད་ཅེས་སྦྱར་རོ། །ཐོགས་པ་མེད་པའི་བཟླས་པ་ནི། སངས་རྒྱས་ཞིང་སྟེ་སྙིང་ཁའི་པད་མ་ལས། མིག་ལ་སོགས་པའི་སྐྱེ་མཆེད་ཐམས་ཅད་དུ་སྐུའི་སྤྲིན་རྣམས་ཏེ་མི་ཤིགས་པར་མཐར་བཞུད་ཅིང་། དང་པོ་ཡང་དེ་ལས་བྱོན་པ་རྡོ་རྗེའི་དོན་ཏེ་འཇུག་གནས་ལྡང་གསུམ་གྱི་བདག་ཉིད་སྤྲོ་བ་གང་ཡིན་པ་དེ། ཐོགས་མེད་བཟླས་པར་བཤད་དོ། ཁྲོ་བོའི་བཟླས་པ་ནི། གཤིན་རྗེ་གཤེད་ལ་སོགས་པའི་ཕྲེང་སྔགས་གསང་མཐོན་པོའི་ཚིག་གིས་བཟླས་པ་སྟེ། དེ་ཡང་ཁྲོ་བོ་གཤིན་རྗེ་གཤེད་ལ་སོགས་པའི་སྔགས་ཀྱི། དམ་ཚིག་སྟེ་བསྐྲད་པ་ལ་སོགས་པའི་ཆོ་ག་ཡོངས་སུ་ཤེས་པའི་རྣལ་འབྱོར་པས། སྦྲུལ་ལ་སོགས་པའི་སྔགས་ཀྱི་ཡི་གེའི་ཚིག་ༀ་ལ་སོགས་པ་རང་གི་ལྕེའི་རྡོ་རྗེས་སྒྲ་བསྒྲགས་ཤིང་རང་གི་ལུས་ཀྱི་དཀྱིལ་འཁོར་དུ་རང་དང་གཞན་ལ་གྲགས་ཤིང་། ཐོས་པར་བཟླས་པ་དེ་ནི་ཁྲོ་བོའི་བཟླས་པར་བཤད་དོ། །གཏི་མུག་ལ་སོགས་པ་ཉོན་མོངས་པ་གསུམ་གྱི་བཟླས་པའི་སྒོ་ནས། གཏི་མུག་ལ་སོགས་པ་སྟོང་པར་བསྒོམ་པ་ནི། འདོད་པའི་དོན་གྱིས་མྱོས་པར་གྱུར་པ་སྟེ། གཟུགས་ལ་སོགས་པའི་འདོད་ཡོན་ཚོལ་བ་ལྷུར་ལེན་ཅིང་། བདག་ཉིད་གཅིག་པུ་སྡུག་བསྔལ་ལས་ཀུན་ཏུ་སྐྱོབ་ཅིང་། བདེ་བ་དང་ཕྲད་པའི་ཕན་པར་དགའ་བའི་སེམས་ཅན་གཏི་མུག་ཅན་དེ་ལྟ་བུ་མཐོང་བ་ན་གཏི་མུག་སྟོང་པ་ཉིད་དུ་བསྒོམ་པའི་སྒོ་ནས། སེམས་ཅན་དེ་དག་གཏི་མུག་རྣམ་པར་དག་པའི་གནས་རྣམ་པར་སྣང་མཛད་ཀྱི་གོ་འཕང་ལ་འཇོག་པར་སེམས་པ་དེ་ནི། གཏི་མུག་བཟླས་པར་བཤད་དོ། །སྐྱེས་པ་དང་བུད་མེད་ཕན་ཚུན་ཆགས་པའི་འདོད་ཆགས་དེ་ཉིད་བརྟན་པས་ན་རྡོ་རྗེ་སྟེ། དེ་ལས་བྱུང་བ་སྟེ་དེས་ཀུན་ནས་བསླང་བའི་ཚིག་གང་། ལུས་ངག་སེམས་ལ་གནས་པ་སྟེ་སྐྱེས་པའམ་བུད་མེད་ཀྱི་ལུས་ལ་སོགས་པ་ཡིད་དུ་འོང་བ་བརྗོད་པ་ཐོབ་པ་ལས་ཆགས་པ་སྐྱེ་བའི་སེམས་ཅན་འདོད་ཆགས་ཅན་མཐོང་བ་ན། འདོད་ཆགས་སྟོང་པ་ཉིད་དུ་བསྒོམ་པའི་སྒོ་ནས། འདོད་ཆགས་རྒྱ་མཚོ་ནི་འོད་དཔག་མེད་ཡིན་ལ། དེའི་གནས་ནི་འདོད་ཆགས་རྣམ་པར་དག་པ་སྟེ། སེམས་ཅན་དེ་དག་དེར་འཇོག་པར་སེམས་པ་དེ་ནི་འདོད་ཆགས་བཟླས་པར་བཤད་དོ། །ཞེ་སྡང་ནི་སེམས་ཅན་ལ་མངོན་པར་འཁུ་བ་སྟེ། དེ་ཉིད་བརྟན་པས་ན་རྡོ་རྗེའོ། དེ་ལས་བྱུང་བའི་སེམས། སེམས་ཅན་གང་གི་ལུས་ལ་སོགས་པ་ལ་གནས་པར་གཏན་ཚིགས་ལས་ཤེས་པའི་སེམས་ཅན་དེ་ནི་ཞེ་སྡང་ཅན་ཡིན་ལ། དེ་ལྟ་བུ་མཐོང་བ་ན། ཞེ་སྡང་སྟོང་པ་ཉིད་དུ་བསྒོམས་ཏེ། སེམས་ཅན་དེ་དག་ཞེ་སྡང་རྣམ་པར་དག་པའི་གནས་མི་བསྐྱོད་པའི་གོ་འཕང་ལ་འཇོག་པར་སེམས་པ་དེ་ནི། ཞེ་སྡང་བཟླས་པར་བཤད་དོ། །ཡང་ན་འདོད་ཆགས་ལ་སོགས་པ་རྣམ་པར་དག་པ་ནི་འོད་གསལ་ཡིན་ལ། དེར་སེམས་ཅན་དེ་དང་དེ་འཇོག་པ་ལ། འདོད་ཆགས་ལ་སོགས་པའི་བཟླས་པ་ཞེས་བཤད་དོ། །

མ་ནིང་གི་བཟླས་པ་ནི། དམ་ཚིག་རྡོ་རྗེ་གསུམ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་དེ་ཉིད་ནི་འོད་གསལ་བ་སྟེ། འོད་གསལ་དེ་ཉིད་དམ་ཚིག་རྡོ་རྗེ་ཅན་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་དབུ་མ་སྟེ་སྙིང་པོར་གྱུར་པ་ཡིན་ལ། དེ་ཉིད་དམ་ཚིག་རྡོ་རྗེ་སྒྲུབ་པ་པོ་ཐམས་ཅད་ཀྱི་བཟླས་པ་མ་ནིང་ཞེས་བྱ་སྟེ། མ་ནིང་སྐྱེས་པ་དང་བུད་མེད་ཀྱི་མཚན་ནུབ་པ་ལྟར། འོད་གསལ་ལ་སྤྲོས་པའི་མཚན་མ་ཐམས་ཅད་ནུབ་པས་མ་ནིང་ཞེས་བྱའོ། །འདོད་ཆགས་ཀྱི་དོན་བསྒོམས་པ། འདོད་ཡོན་ལྔ་བསྟེན་པས་གྲོལ་བ་ནི། རྫོགས་པར་མཛད་པ་སྟེ་མཐར་ཕྱིན་པར་མཛད་དོ། །གང་ཞིག་ཅེ་ན། སེམས་ཅན་ཀུན་ལ་ཕན་པར་འདོད་པ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པའི་བྱང་ཆུབ་རྡོ་རྗེ་འཆང་ཆེན་པོའོ། །དེ་ཉིད་ནི་འདོད་ཆགས་ཏེ་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་ཅི་དགར་བསྟེན་པས་འཐོབ་པས་ན་འདོད་ཆགས་བྱང་ཆུབ་བོ། །གང་གིས་ཤེ་ན། རྡོ་རྗེ་བདག་པོ་སྟེ་རྡོ་རྗེ་འཆང་ཆེན་པོ་བདག་པོར་གྱུར་པའི་སྐྱེས་པ་དང་བུད་མེད་ཀྱི་སྒྲུབ་པ་པོ་ཐམས་ཅད་ཀྱིས་སོ། །ཐབས་གང་ལ་བརྟེན་ནས་ཤེ་ན། འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པར་མི་འགྱུར་རོ། ཞེས་བྱ་བ། སྣང་བ་གསུམ་རྣམ་པར་དག་པའི་གནས་འོད་གསལ་བ་ཉིད་འདོད་ཆགས་ཀྱི་དེ་ཁོ་ན་ཉིད་ཡང་དག་པ་ཡིན་ལ། དེའི་དོན་ཡོངས་སུ་ཤེས་ཤིང་བསྒོམས་པས་སོ། །འདོད་ཆགས་ལས་སྐྱེས་པའི་བྱང་ཆུབ་ནི། སྐྱེས་པ་འབའ་ཞིག་ཏུ་མ་ཟད་བུད་མེད་ཀྱིས་ཀྱང་འགྲུབ་བོ་ཞེས་བསྟན་པ་ནི། འགྲུབ་པར་འགྱུར་རོ་ཞེས་དྲང་། གང་ཞིག་ན། འདོད་ཆགས་ལས་སྐྱེས་པའི་བྱང་ཆུབ་རྡོ་རྗེ་འཆང་ཆེན་པོའོ། །གང་གིས་ན། རིག་མ་ཆེན་པོ་སྟེ་ལེགས་པར་བསླབ་པའི་ཕྱག་རྒྱ་སྤྱན་ལ་སོགས་པ་སྟེ་པད་མ་ཅན་ལ་སོགས་པ། རྟག་ཏུ་གཟུགས་སོགས་འདོད་པའི་ཡོན་ཏན་རྣམ་པར་དག་པའི་དོན་བསྒོམ་པ་ལ་བརྩོན་པ་ལྷུར་ལེན་པ་རྣམས་ཀྱིས་ཀྱང་ངོ་། །ཐབས་གང་ལ་བརྟེན་ཞེ་ན། གཟུགས་སོགས་འདོད་པའི་ལོངས་སྤྱོད་དག་རང་བཞིན་ཡོངས་སུ་ཤེས་པའི་སྒོ་ནས། ཇི་ལྟར་འདོད་པར་བསྟེན་ཅིང་བསླབས་ནའོ། །གཏི་མུག་དང་ཞེ་སྡང་གཉིས་ལས་སྐྱེས་པའི་དོན་བསྒོམས་པ་ལ་གཉིས་ཀྱི། དྲང་དོན་དུ་བཤད་པ་ནི། གཏི་མུག་གི་དོན་ནི། གཏི་མུག་དམ་ཚིག་ནི་རྣམ་པར་སྣང་མཛད་དོ། །དེའི་རིགས་ལས་བྱུང་བ་རིག་པའི་རྒྱལ་པོ་གཙུག་ཏོར་ལ་སོགས་པ། རྡོ་རྗེ་ཅན་པའི་སྙིང་པོ་དང་། གཟུགས་རྡོ་རྗེ་ལ་སོགས་པ་ཕྲེང་སྔགས་མེད་པ་རྣམས་ཀྱིས། ཞི་སོགས་ཀྱི་ལས་བསྒྲུབ་པ་ན། མ་ནིང་དག་གིས་གནས་ཏེ་ཡི་གེ་ༀ་ལ་སོགས་པ་འབྲུ་གསུམ་བཟླས་པས། ཞི་བ་ལ་སོགས་པའི་དངོས་གྲུབ་དམ་པར་རབ་ཏུ་སྟེར་བར་འགྱུར་རོ། །

ཞེ་སྡང་གི་དོན་ནི། གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་བཅུ་དང་། ཞེ་སྡང་རྡོ་རྗེ་ལ་སོགས་པ་ཞེ་སྡང་གནས་ཏེ་ཡི་གེ་ཧཱུྃ་ལས་སྐྱེས་པ། གསོད་ལ་རྟག་ཏུ་བརྩོན་པ་སྟེ་གདུག་པ་འདུལ་བའི་ལས་་ཅན་དག་གི་ཏིང་ངེ་འཛིན་ལ་གནས་ནས། སྒྲུབ་པ་མཆོག་གི་ཆོས་ཅན་ཏེ་བརྩོན་འགྲུས་ཤིན་ཏུ་བརྟུལ་བ་ཅན་གྱི་སྒྲུབ་པ་པོ་ལ་གསོད་པའི་དོན་གྱི་སྟེ་མངོན་སྤྱོད་ལ་སོགས་པ་དྲག་པོའི་ལས་འགྲུབ་པར་འགྱུར་རོ། །ཁྲོ་བོ་བཅུ་ཞེ་སྡང་རྡོ་རྗེ་དང་བཅས་པའི་ཏིང་ངེ་འཛིན་ལ་གནས་ནས་དྲག་པོའི་ལས་སྒྲུབ་ཅེས་པའོ། །ངེས་དོན་དུ་བཤད་པ་ནི། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རབ་ཏུ་སྟེར་བར་འགྱུར་རོ། །ཞེས་སྦྱར་རོ། །གང་ལ་ན། གཏི་མུག་དམ་ཚིག་སྟེ་མ་རིག་པ་ལས་བྱུང་བའི་ཉེ་བར་ལེན་པའི་ཕུང་པོའི་རང་བཞིན་གྱི་སྒྱུ་ལུས་གྲུབ་པའི་རིག་པའི་རྒྱལ་པོ་རྡོ་རྗེ་ཅན་ཏེ་སྐྱེས་པ་དང་བུད་མེད་ཀྱི་སྒྲུབ་པ་པོ་རྣམས་ལའོ། །ཐབས་གང་གིས་ན། མ་ནིང་ནི་མ་རིག་པའོ། །དེའི་གནས་ནི་འོད་གསལ་བ་སྟེ། དེ་མངོན་སུམ་དུ་བྱས་ཏེ། གྲུབ་ཅིང་རྫོགས་པས་སོ། །ཞེ་སྡང་གི་དོན་ངེས་དོན་དུ་བཤད་པ་ནི། འགྲུབ་པར་འགྱུར་རོ། །ཞེས་དྲང་གང་ཞིག་ཅེ་ན། གསོད་པ་ནི་ཕུང་པོ་ལ་སོགས་པ་འོད་གསལ་དུ་བཅུག་སྟེ་དངོས་པོ་མེད་པར་བྱས་པ་ཡིན་ལ། དེའི་དོན་ནི་བདེན་པ་གཉིས། གཉིས་སུ་མེད་པ་རྡོ་རྗེ་འཆང་ཆེན་པོའི་སྐུ་སྟེ་དེའོ། །སུ་ཞིག་ལ་འགྲུབ་ཅེ་ན། མཆོག་གི་ཆོས་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནོ། །དེ་གང་ལ་ཡོད་པ་ནི་མཆོག་གི་ཆོས་ཅན་ཏེ། རྫོགས་རིམ་ལ་གནས་པ་རིན་པོ་ཆེ་ལྟ་བུའི་གང་ཟག་གོ །ཐབས་གང་ལ་བརྟེན་ནས་ཤེ་ན། ཁྲོ་བོ་ནི་ཐབས་ཀྱི་ཡེ་ཤེས་སོ། །ཞེ་སྡང་གི་གནས་ནི་སྣང་བའི་ཡེ་ཤེས་སོ། །དེ་ལས་སྐྱེས་པ་ནི་སྒྱུ་མ་ལྟ་བུའི་སྐུ་སྟེ། དེ་ཉིད་གསོད་ལ་རྟག་ཏུ་བརྩོན་པ་ནི། བསམ་གཏན་གཉིས་ཀྱིས་འོད་གསལ་དུ་བཅུག་པའི་ཐབས་ལ་བརྟེན་ནས་སོ། །ལས་ཀྱི་ཚོགས་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །ལས་ཚོགས་མདོར་བསྟན་པ་ལ་གཉིས་ཀྱི། བསྐྱེད་རིམ་པའི་ལས་ཚོགས་མདོར་བསྟན་པ་ནི། དེ་ཡང་བསྙེན་པ་ལས་སུ་རུང་ཞིང་། རིག་པའི་བརྟུལ་ཞུགས་ལ་བྱང་བའི་རྣལ་འབྱོར་པ་ཞི་བའི་ལས་བསྒྲུབ་པར་འདོད་ན། རྣམ་པར་སྣང་མཛད་ཀྱི་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ཡེ་ཤེས་འཁོར་ལོ་ཅན་ཏེ་ཡེ་ཤེས་སེམས་དཔའི་སྙིང་ཁའི་དབུས་སུ། འཁོར་ལོ་རྣམ་པར་སྣང་མཛད་ཀྱི་མཚན་མ་བསྒོམ་མོ། །ཇི་ལྟར་ཞེ་ན། གསལ་བའི་དཀྱིལ་འཁོར་ཏེ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བསམ་མོ། །འཁོར་ལོའི་དབུས་སུ་འཁོར་ལོའི་དོན་ཏེ་བསྒྲུབ་བྱ་བསྒོམ་ལ། འོག་ནས་འབྱུང་བའི་ཞི་བའི་ལས་བྱའོ། །མངོན་སྤྱོད་ཀྱི་ལས་བསྒྲུབ་པར་འདོད་ན། མི་བསྐྱོད་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ཡེ་ཤེས་རྡོ་རྗེ་ཅན་ཏེ་ཡེ་ཤེས་སེམས་དཔའི་སྙིང་ཁའི་དབུས་སུ། མི་བསྐྱོད་པའི་མཚན་མ་རྡོ་རྗེ་བསྒོམ་མོ། །ཅི་ལྟ་བུ་ཞེ་ན། རྡོ་རྗེའི་དཀྱིལ་འཁོར་ཏེ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་རོ། །རྡོ་རྗེ་དེ་ལ་རྡོ་རྗེའི་སྔགས་ནི། ཡི་གེ་ཧཱུྃ་ཡིན་ལ། དེས་དོན་གཉེར་ཞིང་གཟིར་བར་བྱེད་པས་ན། རྡོ་རྗེའི་སྔགས་དོན་ཏེ་བསྒྲུབ་བྱ་བསྒོམ་ལ་མངོན་སྤྱོད་ཀྱི་ལས་བྱའོ། །རྒྱས་པའི་ལས་བསྒྲུབ་པར་འདོད་ན། རིན་ཆེན་འབྱུང་ལྡན་གྱི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག རིན་ཆེན་ཡེ་ཤེས་ཏེ་ཡེ་ཤེས་སེམས་དཔའི་སྙིང་ཁར། རིན་འབྱུང་གི་མཚན་མ་རིན་པོ་ཆེ་བསྒོམ་མོ། །ཇི་ལྟ་བུ་ན་རིན་པོ་ཆེའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་རོ། །རིན་པོ་ཆེ་དེ་ལ་རིན་ཆེན་སྔགས་ནི་ཡི་གེ་སོགས་ཡིན་ལ། དེས་དོན་དུ་གཉེར་ཞིང་རྒྱས་པར་གྱུར་པས་ན། རིན་ཆེན་སྔགས་དོན་ནི་བསྒྲུབ་བྱ་སྟེ། དེ་བསྒོམ་ལ་རྒྱས་པའི་ལས་བྱའོ། །དབང་གི་ལས་སྒྲུབ་པར་འདོད་ན། འོད་དཔག་ཏུ་མེད་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས། ལས་རྒྱལ་མཆོག་ཡེ་ཤེས་པད་མོ་ཅན་ཏེ། ཡེ་ཤེས་སེམས་དཔའི་སྙིང་ཁར་ཆོས་ཀྱི་དཀྱིལ་འཁོར་ཏེ་པད་མའི་དབུས་སུ་གནས་པའི་པད་མོ་བསམ་ལ། དེ་ལ་པད་མོའི་སྔགས་ནི་ཡི་གེས་ཨའོ། །དེས་དོན་དུ་གཉེར་ཞིང་དབང་དུ་བྱེད་པས་ན། པད་མོའི་སྔགས་དོན་ནི་བསྒྲུབ་བྱ་སྟེ། དེ་བསྒོམ་ལ་དབང་གི་ལས་བྱའོ། །གཟི་བརྗིད་བསྐྱེད་པ་ལ་སོགས་པ་ཕྲིན་ལས་སྣ་ཚོགས་བསྒྲུབ་པར་འདོད་ན། དོན་ཡོད་གྲུབ་པའི་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་རལ་གྲི་ཡེ་ཤེས་ཅན་ཏེ་ཡེ་ཤེས་སེམས་དཔའི་སྙིང་ཁར་དབུས་སུ་དམ་ཚིག་དཀྱིལ་འཁོར་ཏེ་སྣ་ཚོགས་རྡོ་རྗེའི་དབུས་སུ་གནས་པའི་རལ་གྲི་བསམ་པར་བྱའོ། །དེར་རལ་གྲིའི་སྔགས་ནི་ཡི་གེ་ཧའོ། །དེས་དོན་དུ་གཉེར་ཞིང་རྣམ་པ་ཐམས་ཅད་ཀྱིས་བསྒྲུབ་པར་བྱ་བས་ན། སྔགས་དོན་ནི་བསྒྲུབ་བྱ་སྟེ་དེ་བསྒོམ་ལ་ལས་བྱའོ། །དེ་དག་གི་ཆོ་གའི་ལྷག་མ་བསྟན་པ་ནི། འཁོར་ལོའི་དཀྱིལ་འཁོར་ལ་སོགས་པ་དཀྱིལ་འཁོར་ལྔ་པོ་ཀུན་གྱི་ཤར་ལ་སོགས་པའི་ངོས་རྣམས་སུ་རྣམ་སྣང་ལ་སོགས་པའི་སངས་རྒྱས་ལྔ་རྣམས་གོ་རིམ་ཇི་བཞིན་དུ་དགོད་པར་བྱའོ། །ཞི་བ་ལ་སོགས་པའི་ལས་དང་རྗེས་སུ་མཐུན་པའི་དཀར་པོ་ལ་སོགས་པའི་འོད་ཟེར་ལྔའི་བྱེ་བྲག་གིས། ལྷ་ཐམས་ཅད་གཙོ་བོ་དང་མཐུན་པར་ཁ་དོག་སྤྲོ་བ་ནི། ཞི་བའི་ལས་ལ་རྣམ་སྣང་གིས་གཙོ་བྱས་པའི་ལྷ་ཐམས་ཅད་ཁ་དོག་དཀར་པོར་བྱའོ། །དེ་བཞིན་དུ་རྒྱས་པའི་ལས་ལ་རིན་འབྱུང་གིས་གཙོ་བྱས་པའི་ལྷ་ཐམས་ཅད་ཁ་དོག་སེར་པོ་སོགས་ཅི་རིགས་པར་ཤེས་པར་བྱའོ། །དེས་ཅི་འགྱུར་ཞེ་ན། བྱང་ཆུབ་ནི་མངོན་པར་འདོད་པའི་འབྲས་བུ་སྟེ་དེ་ཐོབ་པར་འགྱུར་བའོ། །

ད་ནི་རིམ་གཉིས་ཀྱི་དབྱེ་བས་ལྷ་སྤྲོ་བའི་ཚུལ་བསྟན་པ་ནི། སྔགས་རྣམས་ཏེ་སྒྲུབ་པ་པོ་ཐམས་ཅད་ཀྱིས། ལྷ་རྣམས་སྤྲོ་བ་སྟེ་སྤྲུལ་པ་ནི། རྫོགས་པ་དང་མ་རྫོགས་པའི་བྱེ་བྲག་གིས་རྣམ་པ་གཉིས་སུ་བསྒྲགས་སོ། །དེ་ལ་བསྐྱེད་པའི་རིམ་པ་ལ་གནས་པའི་བསྟན་པ་ནི། སྐུ་གསུང་སྟེ་སྐུ་རྡོ་རྗེ་ལ་སོགས་པའི་བྱེ་བྲག་གིས་སྤྲོ་བ་དང་བསྡུ་བའི་བགོད་པས་ལྷ་རྣམས་སྤྲོ་བ་དང་བསྡུ་བར་བྱའོ། །དེ་ཉིད་གསལ་བར་བྱེད་པ་ནི། སྒྲུབ་པ་པོའི་ལུས་ལས་སྐུ་རྡོ་རྗེ་རྣམ་སྣང་གི་ངོ་བོ་ཉིད་ཀྱི་ལྷ་རྣམས་སྤྲོ་བ་དང་བསྡུ་བར་བྱ་ཞིང་། དེ་བཞིན་དུ་སེམས་ལས་ཐུགས་རྡོ་རྗེ་མི་བསྐྱོད་པའི་ངོ་བོ་ཉིད་དང་། ངག་ལས་གསུང་རྡོ་རྗེ་འོད་དཔག་ཏུ་མེད་པའི་ལྷ་རྣམས་སྤྲོ་བ་དང་། བསྡུ་བའི་ཚུལ་ཤེས་པས་མཆོད་ན། མཆོད་པའི་གནས་ཏེ་འདོད་པའི་དོན་ཡང་དག་པར་འགྲུབ་པར་འགྱུར་རོ། །དེ་དག་གིས་དཀྱིལ་འཁོར་རྒྱལ་མཆོག་བསྟན་ནས། དེའི་སྔོན་དུ་འགྲོ་བ་རྣལ་འབྱོར་བཞིས་གཙོ་བོའི་སྐུ་བསྐྱེད་པ་དང་པོ་སྦྱོར་བ་སྟོན་པ་ནི། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དེར། རྡོ་རྗེ་ལྔ་སྟེ་རྡོ་རྗེ་འཆང་ཆེན་པོ་རྣམ་པར་བསྒོམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། བདག་ཉིད་དམ་ཚིག་སེམས་དཔའི་སྙིང་ཁའི་དབུས་སུ། བདག་པོ་སྟེ་ཡེ་ཤེས་སེམས་དཔའ་རང་གི་གཟུགས་ཏེ་རང་དང་འདྲ་བ་བསམས་ནས། དེའི་ཡེ་ཤེས་སེམས་དཔའི་ཐུགས་ཁར་ཡང་། རང་སྔགས་རྡོ་རྗེ་སྟེ་ཏིང་ངེ་འཛིན་སེམས་དཔའི་གཟུགས་ཏེ་སྐུ་བསམ་པར་བྱའོ། །འདིས་མ་མཐའ་སེམས་དཔའ་སུམ་རྩེག་ཡན་ཆོད་བསྟན་པས། རྣལ་འབྱོར་བཞིས་གཙོ་བོའི་སྐུ་བསྐྱེད་པ་དང་པོ་སྦྱོར་བ་བསྟན་ཏེ། རྫོགས་རིམ་པའི་ལས་ཚོགས་མདོར་བསྟན་པ་ནི། རྟེན་ཟུང་འཇུག་པས་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ཆུ་ལ་སོགས་པའི་དཀྱིལ་འཁོར་བཞི་པོ་དག་དཀར་པོ་ལ་སོགས་པའི་ཁ་དོག་རྣམ་པ་བཞིར་ཀུན་བཏགས་ཤིང་བསམས་ལ། སྙིང་ཁར་ཏེ་ཆུ་ལ་སོགས་པའི་དཀྱིལ་འཁོར་དེ་རྣམས་སྟེང་གི་སྣ་སྒོ་ནས་རྒྱུ་བའི་ཚེ་ༀ་ལ་སོགས་པའི་སྔགས་ཀྱི་དོན། འཇུག་གནས་ལྡང་གསུམ་གྱི་ཚུལ་དུ་བསྒོམ་ཞིང་ཡོངས་སུ་ཤེས་པར་བྱའོ། །དེ་ལས་ཅིར་འགྱུར་ཞེ་ན། རྡོ་རྗེ་རྣམ་པ་བཞི་ནི་དཀྱིལ་འཁོར་བཞི་སྟེ། དེ་དག་གི་ལས་ཞི་བ་ལ་སོགས་པ་བསམ་གཏན་རྡོ་རྗེ་ཅན་ཏེ་རྣལ་འབྱོར་པ་རྣམས་ལ་རྫོགས་པར་བྱེད་པར་འགྱུར་རོ། །དེའི་ཕན་ཡོན་ནི། ཆོ་ག་འདི་ནི། སྔགས་རྣམས་ཏེ་རྣལ་འབྱོར་གྱི་དབང་ཕྱུག་ཐམས་ཅད་ཀྱི་རབ་ཏུ་བཟང་ཞིང་བརྟག་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལུང་ལས་བརྒྱུད་དེ་འོང་བ་ཡིན་ནོ། དེ་བས་ན་ལས་དང་པོ་པ་རྣམས་དང་ཐུན་མོང་མ་ཡིན་པའི་དེ་ཁོ་ན་ཉིད་ཡིན་པས་གསང་བའོ། །དཀྱིལ་འཁོར་བཞི་པོ་དེ་དག་ལས་ཀྱི་བྱེ་བྲག་གིས་ཇི་ལྟར་བསྒོམ་པའི་ཚུལ་བསྟན་ནས། སྤྱན་གྱི་ཚུལ་ཏེ། ཆུའི་དཀྱིལ་འཁོར་ཁ་དོག་དཀར་པོ་དལ་བའི་རང་བཞིན་ཅན་དགུ་བརྒྱ་བ་ཕྲག་གཅིག་རྒྱུ་བའི་དུས་སུ་རིམས་ལ་སོགས་པ་སེལ་བའི་མཚན་ཉིད་ཅན་གྱི་ཞི་བའི་ལས་བྱའོ། །རྒྱས་ལ་རྣམ་པར་སྣང་མཛད་གནས། །ཞེས་པ་གསེར་ཞུན་མ་ལྟར་མཛེས་ཤིང་འབར་བས་ན་རྣམ་པར་སྣང་མཛད་རིན་ཆེན་འབྱུང་ལྡན་ནོ། །དེའི་གནས་ནི་དབང་ཆེན་དཀྱིལ་འཁོར་གཉིས་ཀ་ནས་འབྱུང་བ་ཁ་དོག་སེར་པོ་དགུ་བརྒྱ་པ་ཕྲག་གཅིག་འབྱུང་བ་སྟེ། དེའི་དུས་སུ་ཚེ་དང་ནོར་ལ་སོགས་པ་རྒྱས་པའི་ལས་བྱའོ། །དབང་ལ་རྡོ་རྗེ་པད་མོ་ཅན་ཞེས་པ་རྡོ་རྗེ་པད་མ་ཅན་ནི་མེའི་དཀྱིལ་འཁོར་ཁ་དོག་དམར་པོ་གཡས་པ་ནས་དགུ་བརྒྱ་བ་ཕྲག་གཅིག་རྒྱུ་བ་སྟེ། དེའི་དུས་སུ་མ་ཆགས་པ་ཆགས་པར་བྱ་བའི་ཕྱིར་དབང་གི་ལས་བྱའོ། །རྡོ་རྗེ་ཁྲོ་བོ་མངོན་སྤྱོད་ལ། །ཞེས་པ་རྡོ་རྗེ་ཁྲོ་བོ་ནི་རླུང་གི་དཀྱིལ་འཁོར་ཁ་དོག་ནག་པོ་གཡོན་པ་ནས་དགུ་བརྒྱ་བ་ཕྲག་གཅིག་རྒྱུ་བ་སྟེ། དེའི་དུས་སུ་མངོན་སྤྱོད་དེ་གསད་པ་ལ་སོགས་པ་དྲག་པོའི་ལས་བྱའོ། །དཀྱིལ་འཁོར་བཞི་པོ་འདི་དག་ནི། རྡོ་རྗེ་སྟེ་སྒྲུབ་པ་པོ་ཐམས་ཅད་ཀྱི་གསང་བ་ཆེན་པོ་སྐུ་གསུམ་ལས་བྱུང་སྟེ་རྡོ་རྗེ་འཆང་ཆེན་པོས་བསྟན་པའོ། སྔགས་ཏེ་ལྷ་རྣམས་ཀུན་དང་འབྲེལ་བའི་བྱ་བ་རོལ་མོ་སྟེ་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་རྣམས་ཀྱི་མཚན་པའི་གསང་བའོ། །ལས་ཀྱི་ཚོགས་རྒྱས་པར་བཤད་པ་ལ་བདུན་ཏེ། དྲག་པོའི་ལས་དང་། གྲོང་ཁྱེར་ལ་སོགས་པའི་ནད་ཞི་བར་བྱ་བ་དང་། སྲུང་བའི་འཁོར་ལོ་དང་། སྔར་གྱི་ཞི་བའི་ལས་དང་། རྒྱས་པ་དང་དབང་གི་ལས་ཚིག་གཅིག་གིས་བསྟན་པ་དང་། གཟི་བརྗིད་བསྐྱེད་པ་དང་། མི་བསྐྱོད་པས་གསད་པའི་ཆོ་ག་ལྷག་མ་བསྟན་པའོ། །དྲག་པོའི་ལས་ལ་གཉིས་ཏེ། གསད་པའི་ཆོ་ག་དང་། མནན་པའི་ཆོ་གའོ། །གསད་པའི་ཆོ་ག་ལ་གཉིས་ཏེ། གསད་པའི་སྦྱོར་བ་དང་། གསད་པའི་ཆོ་ག་དངོས་སོ། །གསད་པའི་སྦྱོར་བ་ལ། གསད་པའི་ཡུལ་བསྟན་པ་ནི། མ་དད་སྨྲ་བ་ནི་དཀོན་མཆོག་གསུམ་ལ་སོགས་པ་ལ་སྨོད་པར་སྨྲ་བའི་སེམས་ཅན་ལོག་པར་ལྟ་བའོ། །རྡོ་རྗེ་སློབ་དཔོན་སྨོད་པ་ནི་བླ་མར་གྱུར་པ་ལ་བསྔགས་པ་མ་ཡིན་པ་སྨྲ་བའོ། །གདུག་པའི་སེམས་ཅན་ནི་མཚམས་མེད་པ་ལ་སོགས་པའི་ལས་བྱེད་པའོ། །རབ་ཏུ་བསྐུལ་བ་ནི་ཆེ་གེ་མོ་སོད་ཅིག་ཅེས་བསྐུལ་བའི་མཚན་ཉིད་ཅན་གྱི་ལས་འོག་ནས་འབྱུང་བའོ། །ཡེ་ཤེས་ཆེན་པོའི་འཁོར་ལོའི་རྡོ་རྗེ་ནི། རྡོ་རྗེ་འཆང་ཆེན་པོའོ། །གསད་པའི་ཆོ་ག་དངོས་ལ་གཉིས་ཀྱི། བསྐྱེད་རིམ་པའི་གསད་པའི་ཆོ་ག་ལ། ཐུན་མོང་བའི་ཁ་སྦྱོར་དབྱེ་བའི་ཆོ་ག་ནི། སྔར་བཤད་པ་བཞིན་དུ་འདོད་པ་ལ་སོགས་པ་ཁམས་གསུམ་ན་གནས་པའི་སྒོ་ང་ལས་སྐྱེས་པ་ལ་སོགས་པའི་སེམས་ཅན་རྣམས་སངས་རྒྱས་ཀྱི་སྐུར་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་སྒྲུབ་པ་པོས་རབ་ཏུ་བསྒོམ་ལ། དེ་ཐམས་ཅད་དགྲ་བོ་རྡོ་རྗེ་གནོད་སྦྱིན་སྲིན་པོར་བསྒྱུར་པས་བསད་པས་འགྱོད་ཅིང་ལུས་འདར་ནུས་ཐེབས་ཏེ་སྐྱབས་མེད་ཅིང་སྲོག་བྱེ་བར་བསམས་ནས། དེ་ནས་འོག་ནས་འབྱུང་བའི་ལས་རྣམས་བརྩམ་པར་བྱའོ། ཁ་སྦྱར་དབྱེ་བ་ཞེས་པ་ནི། དེ་བཞིན་གཤེགས་པ་ལ་སོགས་པ་གསད་པར་བསམས་ཤིང་། ཉེས་པ་བསྒྲགས་པས་རླུང་སེམས་དང་ལུས་ཁ་སྦྱར་བ་བྱེ་བ་ལ་བྱ་ཞེས་སྡོག་ལ་སོགས་པ་བཞེད་དོ། །རྗེ་འགོས་ནི་ལུས་ཀྱི་ཁ་སྦྱར་དབྱེ་བ་དང་། ཤ་ཁྲག་གི་ཁ་སྦྱར་དབྱེ་བ་དང་། ཡེ་ཤེས་ཀྱི་ཁ་སྦྱར་དབྱེ་བ་དང་། ལྷན་ཅིག་སྐྱེས་པའི་ལྷ་ཁ་སྦྱར་དབྱེ་བ་བཞིར་བཞེད་དོ། །ཆོ་ག་དངོས་ལ་ལྔ་སྟེ། མི་བསྐྱོད་པས་གསད་པའི་ཆོ་ག་དང་། རྣམ་སྣང་ལ་སོགས་པའི་དང་། འཁོར་གྱི་ཁྲོ་བོ་རྣམས་ཀྱི་དང་། ལྷ་ཐམས་ཅད་ཀྱིས་གསད་པའི་ཆོ་ག་དང་། བཀའི་འཁོར་ལོའི་དགོས་པ་གཞན་བསྟན་པའོ། །མི་བསྐྱོད་པས་གསད་པའི་ཆོ་ག་ནི། ལེའུ་དགུ་པར་བཤད་པ་ལྟར། ཁྱད་པར་བརྒྱད་དང་ལྡན་པའི་སྒོ་ནས་བྱ་སྟེ། དེ་ཡང་ཆོ་གའི་ཁྱད་པར་ནི། སྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བས། གཞལ་ཡས་ཁང་གདན་དང་བཅས་བསྐྱེད་ནས། དེ་ལ་ལྷག་མོས་མཛད་པ་དང་བཅས་པ་བསྒོམས་ཏེ། ལྷག་མོས་དོན་དམ་པའི་དཀྱིལ་འཁོར་དུ་བཅུག་ནས། དེ་བཞིན་ཉིད་ལས་བྱང་ཆུབ་པ་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་སོ། ཁྱད་པར་དུ་བྱང་ཆུབ་གཉིས་པ་ཉི་མ་ལས་བྱང་ཆུབ་པར་བྱ་སྟེ། ཟླ་བ་པད་མ་འབྲུ་གསུམ་དང་བཅས་པ་ཉི་མ་ལ་ཐིམ་པར་བསྒོམ་པའོ། །ཡིག་འབྲུ་ལས་བྱང་ཆུབ་པ་ཧཱུྃ་རིང་པོའོ། །དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་རྩེ་ལྔ་པ་ཁ་གྱེས་པར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་སེམས་དཔའ་ཞལ་བཞི་པ། མཆེ་བ་གཙིགས་པ། ཨིནྜ་ནི་ལའི་མདོག་ཅན། ཕྱག་དྲུག་པ། ཁྲོ་བོ་ཡི་རྣམ་པའི་མཆོག་རྣམས་ཀུན་དང་ལྡན་པ། དཀྱིལ་འཁོར་གྱི་དབུས་སུ་གཡོན་བརྐྱང་གིས་བཞུགས་པ། མན་ངག་ཇི་ལྟ་བ་བཞིན་དུ་བསྒོམ་མོ། །དེ་ནི་དང་པོ་སྦྱོར་བའོ། །དེ་ནས་དུས་གསུམ་དམ་ཚིག་སྟེ། བཤད་མ་ཐག་པའི་རྡོ་རྗེ་འཆང་ཆེན་པོ། རང་རིགས་ཀྱི་ཡུམ་དང་སྙོམས་པར་ཞུགས་པ་ལས་བྱུང་བའི་རྣམ་སྣང་ལ་སོགས་པའི་སངས་རྒྱས་འཁོར་ལོ་སྟེ་ལྷའི་ཚོགས་རྣམས། ཡུམ་གྱི་མངལ་དུ་ཆོ་ག་གསུམ་གྱིས་བསྐྱེད་ཅིང་བསྒོམ་ལ། ཕྱི་རོལ་དུ་འབྱིན་པའི་དུས་སུ། སངས་རྒྱས་འཁོར་ལོ་སྟོབས་པོ་ཆེ་སྟེ། ལྷ་ཕོའི་ཚོགས་རྣམས་ལག་པ་གཡས་པའི་འདི་བྱའོ་ཞེས་པ། དཀྱིལ་འཁོར་གྱི་གཡས་ཀྱི་ཕྱོགས་སུ་འགོད་ཅིང་། དོན་གྱི་ཤུགས་ཀྱིས་ལྷ་མོའི་ཚོགས་རྣམས་གཡོན་གྱི་ཕྱོགས་སུ་འགོད་དོ་ཞེས་པ་མན་ངག་གོ །དེ་དག་ནི་དཀྱིལ་འཁོར་རྒྱལ་མཆོག་གོ །དང་པོའི་སྦྱོར་བའི་ཆོ་གའི་ཁྱད་པར་སྟོན་པ་ནི། རྣལ་འབྱོར་བཞིས་གཙོ་བོའི་སྐུ་བསྐྱེད་པའི་རྗེས་དེ་ནས། གཙོ་བོའི་ཏིང་ངེ་འཛིན་སེམས་དཔའ་ལ་འོད་ཟེར་འཕྲོས་པས་ཕྱོགས་བཅུ་ནས་བྱུང་སེམས་ཅན་རྣམས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་རྣམས། སངས་རྒྱས་སྐུ་ཡི་བྱེ་བྲག་སྟེ་རྣམ་སྣང་ལ་སོགས་པའི་རིགས་ཀྱི་བྱེ་བྲག་གིས། གོང་བུའི་ཚུལ་གྱིས་ཏེ་རང་གི་ཕྱག་རྒྱ་ཆེན་པོའི་གཟུགས་ཇི་ལྟ་བ་བཞིན་དུ་གཅིག་ཏུ་བསྡུས་ཏེ། རང་གི་ལུས་ལ་དེ་དག་གཟུགས་ཀྱི་ཕུང་པོ་ལ་སོགས་པའི་ཚུལ་གྱིས་གཟུང་བར་བྱའོ། །དོན་ནི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་མ་རུང་པ་འདུལ་བའི་ནུས་པ་བཀུག་སྟེ་བདག་ལ་བཅུག་པའོ། །དཀྱིལ་འཁོར་རྒྱལ་མཆོག་གི་ཁྱད་པར་ནི། དེའི་འོག་ཏུ་སངས་རྒྱས་ཡེ་ཤེས་རྡོ་རྗེ་ཅན་ཏེ། རང་གི་ཡེ་ཤེས་ཀྱི་ལུས་ལ་སྔར་བཅུག་པའི་སངས་རྒྱས་དེ་རྣམས་ཡུམ་གྱི་མངལ་དུ་ཆོ་ག་གསུམ་གྱི་འོག་ནས་འབྱུང་བའི་ཁྲོ་བོའི་རྣམ་པར་བསྐྱེད་ནས། སླར་ཡང་ཕྱི་རོལ་དུ་སྤྲོ་བ་སྟེ་འབྱིན་པའི་བྱ་བ་བྱའོ། །ཇི་ལྟ་བུ་ཞེ་ན། ཁྲོ་བས་འཁྲུགས་པའི་ཁྲོ་བོའི་རྣམ་པར་སྤྲོ་བར་བྱའོ། །དེ་ལ་མི་སྡུག་པ་ནི་སྨིན་མ་བསྐྱོད་པ་དང་། སྤྱན་དམར་བ་དང་། ཞལ་མཆེ་བ་གཙིགས་པ་དང་ལྡན་པའི་ཕྱིར་རོ། །

འཇིགས་སུ་རུང་བའི་གཟུགས་ནི། སྐུ་ཆེ་ཞིང་སྦྲུལ་སྐེ་རགས་སུ་བཅིངས་པ་ལ་སོགས་པས་བརྒྱན་པའི་ཕྱིར་རོ། །མཚོན་ཆ་སྣ་ཚོགས་མཆོག་འཛིན་པ་ནི། དགྲ་སྟྭ་དང་ཐོ་བ་ལ་སོགས་པ་ཕྱག་ན་བསྣམས་པའི་ཕྱིར་རོ། །དཀོན་མཆོག་གསུམ་ལ་གནོད་པ་བྱེད་ཅིང་། སུན་འབྱིན་པའི་གདུག་པ་རྣམས་གསོད་ཅིང་འཇོམས་པས་ན་གསོད་པའི་དོན་གྱིས་དོན་སེམས་པའོ། །གལ་ཏེ་རྡོ་རྗེ་སེམས་དཔའང་དཀོན་མཆོག་གསུམ་ལ་གནོད་པ་སོགས་འདི་ལྟ་བུའི་མ་རུང་པར་འགྱུར་ནས་དེའང་གསོད་པར་བྱེད་ན། གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས་པ་དེ་ལྟ་བུའི་རྣམ་པར་ལྷ་རྣམས་བསམས་ནས་སྤྲོ་བར་བྱའོ། །དེ་ལྟར་དཀྱིལ་འཁོར་རྒྱལ་མཆོག་སྐྱེས་ནས། ལས་རྒྱལ་མཆོག་གནོད་མཛེས་ལ་ལུང་བསྒོ་བས། དེས་མགྲིན་པ་ཞགས་པས་བཅིངས་ནས། ལྕགས་ཀྱུས་དྲངས་པར་གྱུར་བཞིན་དུ་རླུང་གི་དཀྱིལ་འཁོར་གྱིདབུས་ན་གནས་པའི་མེའི་དཀྱིལ་འཁོར་ལ་བསྒྲུབ་བྱ་སྐྲ་གྲོལ་ཞིང་། ལུས་ཏིལ་མར་གྱིས་བསྐུས་པ་སྲོག་བྱེ་བ་སྐྱབས་མེད་པ་འགྱོད་པ་སྐྱེས་པ་མདུན་དུ་བསམ་ལ། ཁྲོ་བོའི་ལྷ་རྣམས་ཀྱིས་མཚོན་ཆ་ལ་སོགས་པས་གཅོད་པར་བྱེད་ཅིང་། སྲོག་དང་བྲལ་ནས་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་བསྒོམ་མོ། །དངོས་གྲུབ་མི་འགྲུབ་པའམ་སྙམ་པའི་ཐེ་ཚོམ་བཟློག་པ་ནི། སངས་རྒྱས་དངོས་གྲུབ་སྟེ་མངོན་པར་འདོད་པའི་དོན་སྟེར་བར་འགྱུར་རོ། །གང་ལ་ན་སྒྲུབ་པ་པོ་ལའོ། །སུ་ཞིག་གིས་ན། སངས་རྒྱས་ཏེ་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་སྐུ་ལ་སོགས་པས་སྐུ་གསུམ་མཆོག་གི་ལུང་སྩོལ་ཞིང་སྟོན་པར་མཛད་པས་སོ། །གང་དུ་ན། རྡོ་རྗེ་གསུམ་ནི་སེམས་ཅན་རྣམས་ཡིན་ལ། དེའི་དཀྱིལ་འཁོར་གྱི་གནས་ཁམས་གསུམ་དུའོ། །ཐབས་གང་གིས་ན། གོང་དུ་བཤད་པའི་ཆོ་ག་འདི་ཉིད་ཞག་བདུན་གྱི་བར་དུ་བྱས་ནའོ། །དེ་ལས་གཞན་དུ་ཉིན་ཞག་བདུན་ཚུན་ཆད་ཀྱིས་ནི་སངས་རྒྱས་ཀྱིས་ཀྱང་འགྲུབ་པར་མི་འགྱུར་རོ། །རྨོངས་པས་ཏེ་མི་དམིགས་པའི་མོས་པས་མ་ཟིན་པར། བདག་དང་ལྷ་ཐ་དད་དུ་རྟོག་ན་དངོས་གྲུབ་མི་སྟེར་བའམ། འཆི་བར་འགྱུར་བར་ཐེ་ཚོམ་མེད་དོ། །རྡོ་རྗེའི་དམ་ཚིག་ནི། ཁྲོ་བོ་རྣམས་སོ། །དེ་རྣམས་ཀྱི་ཡེ་ཤེས་ནི། འདི་ལྟར་རྣམ་པར་བརྩེས་ཤིག་ཅེས་ཁོང་དུ་ཆུད་པར་བྱེད་པའོ། །དེ་ཉིད་ནི་བཀའི་འཁོར་ལོ་སྟེ། རྣམ་པར་འཚེ་བའི་ཕྱིར་རོ། །དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །རྣམ་སྣང་ལ་སོགས་པའི་གསད་པའི་ཆོ་ག་ནི། རྣམ་སྣང་གི་རྣལ་འབྱོར་པ་བསྙེན་པ་མཐར་ཕྱིན་པས། གསད་པའི་ལས་བསྒྲུབ་ན། ལྷག་མོས་བསྡུ་བ་ཡན་ཆོད་སྔོན་དུ་སོང་བས། དེ་བཞིན་ཉིད་ལས་བྱང་ཆུབ་པ་ནི། ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། ཞེས་པའོ། ཉི་མ་ལས་བྱང་ཆུབ་པ་སྔར་དང་འདྲ་ལ། ཡིག་འབྲུ་ལས་བྱང་ཆུབ་པ་ༀ་མོ། །དེ་ལ་འཁོར་ལོ་རྡོ་རྗེ་འབར་བས་བརྒྱན་པ་བསམ་མོ། །དེ་ཡོངས་སུ་གྱུར་པ་ལས། རྣམ་པའི་མཆོག་ཀུན་དང་ལྡན་པའི་རྣམ་པར་སྣང་མཛད་དུ་བདག་ཉིད་རབ་ཏུ་བསྒོམ་མོ། དེའི་འོག་ཏུ་ཐུགས་ཁའི་འོད་ཟེར་གྱིས་མི་བསྐྱོད་པ་བཀུག་སྟེ། རྣམ་སྣང་ལ་བཅུག་པས། དུས་གསུམ་དམ་ཚིག་ལས་བྱུང་བའི་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པས། རྡོ་རྗེ་སེམས་དཔའ་གྲགས་པ་ཆེན་པོ་ཤིན་ཏུ་ཁྲོས་པ། ཕྱག་གཡས་ཀྱི་དང་པོ་ན་འཁོར་ལོ་རྡོ་རྗེ་མེ་སྟག་འཕྲོ་བས་མཚན་མ་བསྣམས་པར་བསྒོམ་མོ། །དེ་ནས་ཕྱོགས་བཅུ་ནས་བྱུང་སེམས་ཅན་ཏེ། ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་རྡོ་རྗེ་སྐུའི་ཁྱད་པར་གྱིས་ཏེ། སྐྱེས་པ་དང་བུད་མེད་ཀྱི་བྱེ་བྲག་གིས་བྱུང་བ་རྣམས། རང་གི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་གཅིག་ཏུ་བྱས་ཤིང་བསྡུས་ནས། དེ་བཞིན་གཤེགས་པས་དེ་དག་རང་གི་ལུས་ལ་གཟུད་པ་ནི་དང་པོ་སྦྱོར་བའོ། །དེ་ནས་ཕྱག་རྒྱ་མཱ་མ་ཀིར་བསྐྱེད་པ་དང་སྙོམས་པར་བཞུགས་ཏེ། རང་གི་ལུས་ལ་གནས་པའི་རྡོ་རྗེ་ཐམས་ཅད་དེ་དེ་བཞིན་གཤེགས་པ་དེ་རྣམས་ཡུམ་གྱི་མངལ་དུ། སྔར་ཇི་སྐད་བཤད་པའི་རྣམ་པ་ཅན་གྱི་ཁྲོ་བོར་བསྐྱེད་ནས་ཕྱི་རོལ་དུ་སྤྲོ་བ་ནི། ཡེ་ཤེས་མཆོག་གི་བསྙེན་གྱིས་ཏེ། སྒྲུབ་པ་པོས་བྱའོ། །དཀྱིལ་འཁོར་རྒྱལ་མཆོག་གོ །ལས་རྒྱལ་མཆོག་བྱ་བའི་ཕྱིར། དཀྱིལ་འཁོར་པ་རྣམས་ལ་བཀའ་བསྒོ་བ་ནི། སྐུ་གསུང་ཐུགས་ཞེས་སོགས་ཏེ། བཀའི་འཁོར་ལོ་རབ་ཏུ་སྦྱོར་ཞིང་ངེས་པར་རྫོགས་པ་བྱེད་པ་ནི་བདག་ཡིན་ནོ། །གལ་ཏེ་འགའ་ཞིག་བདག་གི་བསྒོ་བ་བཞིན་མི་བྱེད་ཅིང་། དམ་ཚིག་ལས་འདའ་བར་བྱེད་ན། རང་གི་ལག་ན་གནས་པའི་རྡོ་རྗེ་ཀུན་ཏུ་འབར་བ་སྐུ་གསུམ་ལས་བྱུང་བ་སྟེ་སྐུ་གསུམ་གཅིག་ཏུ་གྱུར་པ་འདིས། བགས་པས་ཏེ་ཕྱེ་མར་བརླག་པར་བགྱིའོ། །དེས་ན་ཞིག་པར་འགྱུར་བར་གདོན་མི་འཚལ་ལོ། །ཞེས་པ་བདག་ཉིད་བདག་པོར་བསྟན་པའོ། །འཁོར་ལོའི་དམ་ཚིག་ནི་རྣམ་སྣང་ངོ་། །དེ་ལས་བྱུང་བའི་ཡེ་ཤེས་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་སྐད་ཅེས་བྱའི་ཏིང་ངེ་འཛིན་ནོ། །དེ་བཞིན་དུ་རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པའི་རྣལ་འབྱོར་པས། གསད་པའི་ལས་བསྒྲུབ་ན། རང་རང་གི་ལྷའི་སྐུར་བསྐྱེད་ལ། སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་མི་བསྐྱོད་པ་སྤྱན་དྲངས་ཏེ་བཅུག་པས། རིགས་གསུམ་པོ་མི་བསྐྱོད་པར་བསྒྱུར། དེ་ནས་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པ་སོགས་ཐམས་ཅད་སྔར་དང་འདྲའོ། །དེའི་འཁོར་གྱིས་གསད་པའི་ཆོ་ག་བསྟན་པ་ནི། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་གསད་པའི་ལས་བསྒྲུབ་ན། སྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བའི་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ནས། དེར་ལྷག་མོས་མཛད་པ་དང་བཅས་པ་བསྒོམ་པ་ནི། སངས་རྒྱས་དཀྱིལ་འཁོར་རྡོ་རྗེ་ཅན། །ཞེས་པའོ། །ལྷག་མོས་དོན་དམ་པའི་དཀྱིལ་འཁོར་དུ་བཅུག་པའི་དེ་བཞིན་ཉིད་ལས་བྱང་ཆུབ་པ་བསྒོམ་པ་ནི། ནམ་མཁའ་རྡོ་རྗེའི་དབུས་སུ་བསམ། །ཞེས་པའོ། །རྣལ་འབྱོར་བཞིས་བདག་ཉིད་གཤིན་རྗེ་གཤེད་དུ་བསྒོམ་པ་ནི། གཤིན་རྗེ་གཤེད་ཀྱི་ཞེས་པ་རྐང་པ་གཉིས་སོ། །དེ་ནས་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མ་རུངས་པ་འདུལ་བའི་ཐུགས་ཀྱི་ནུས་པ་བཀུག་སྟེ། བདག་ལ་བཅུག་པ་ནི་དུས་གསུམ་སངས་རྒྱས་ཞེས་པ་རྐང་པ་གཉིས་སོ། །དེ་ནས་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པའི་ཕྱིར། ཕྱག་རྒྱ་མཱ་མ་ཀིའམ་རོ་ལངས་མར་བསྐྱེད་ནས། སྙོམས་པར་ཞུགས་པ་ལས། དཀྱིལ་འཁོར་པ་ཐམས་ཅད་གཤིན་རྗེ་གཤེད་དང་འདྲ་བ་ཁྲོ་བོའི་རྣམ་པར་བསྐྱེད་ནས་ཕྱི་རོལ་ཏུ་སྤྲོ་བ་ནི་གཤིན་རྗེ་གཤེད་ཀྱི་ཞེས་སོགས་སོ། །དུས་གསུམ་ལས་བྱུང་སེམས་ཅན་ཏེ་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་རྣམ་སྣང་ལ་སོགས་པའི་ལྷ་རྣམས་ཀྱང་ལས་སྦྱོར་གྱི་སྐབས་འདིར། མ་རུངས་པར་བྱེད་པའི་གདུག་པའི་དགྲ་བོ་རྣམས་ཁྲོས་པས་གསད་པར་བསྒོམ་མོ། །དེས་ཉེ་བར་མཚོན་ནས་ཁྲོ་བོ་དགུ་པོ་རྣམས་ཀྱི་རང་རང་གིས་གཙོ་བྱས་པའི་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས་གསོད་པའི་ལས་བྱའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེའི་བཀའི་གདུག་པ་རྣམས་གཞོམ་པའི་ཕྱིར་བསྐུལ་བའོ། །དེ་ཉིད་སྙིང་པོ་ལེན་པས་ན་དཀྱིལ་འཁོར་རོ། །དམ་ཚིག་ཐམས་ཅད་རྡོ་རྗེ་འཆང་ཆེན་པོའོ། །དེ་ལས་བྱུང་བ་ནི་གཤིན་རྗེ་གཤེད་དོ། །དེ་དང་མཉམ་ཞིང་གཟུགས་གཅིག་པ་ནི་སྐུ་གསུམ་ཡེ་ཤེས་རྡོ་རྗེ་སྟེ་འཁོར་གྱི་ཁྲོ་བོ་རྣམས་སོ། །དེ་གང་དུ་བྱུང་བའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །

ལྷ་རྣམས་ཀྱི་ཐུན་མོང་གི་གསད་པའི་ཆོ་ག་སྟོན་པ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ་རྣམ་སྣང་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་རྣམས་དང་། སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་དང་རང་སྔགས་ཏེ་རང་གི་རིགས་དང་འབྲེལ་བའི་བྱང་ཆུབ་སེམས་དཔའ་བརྒྱད་རྣམས་ཀྱིས་ཀྱང་། བཀའི་འཁོར་ལོ་སྦྱར་བར་བྱ་བ་སྟེ་གསང་བའི་ལས་སོ། །ཇི་ལྟར་བྱ་ཞེ་ན། དེ་བཞིན་གཤེགས་པ་ལྔའི་ལས་ནི་བསྟན་ཟིན་ཏོ། །སྤྱན་མ་ལ་སོགས་པ་བཞི་དང་། གཟུགས་རྡོ་རྗེ་མ་སོགས་པ་ལྔ་དང་། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་ཀྱིས་ཇི་ལྟར་བྱ་བ་ནི། དོན་གྱིས་ཏེ་རྣལ་འབྱོར་བཞིའི་སྒོ་ནས། རང་རང་གི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བསྐྱེད་ནས་དེ་ལ་མི་བསྐྱོད་པ་བཅུག་པས། ཡོན་ཏན་ཏེ་དེ་ཡོངས་སུ་གྱུར་པ་ལས་ཞེ་སྡང་རྡོ་རྗེར་བསྒྱུར་བའམ། ཡང་ན་གཙུག་ཏོར་དམ་ཚིག་གིས་ཏེ། གཙུག་ཏོར་འཁོར་ལོས་སྒྱུར་བ་ལ་སོགས་པ་རང་རང་གི་ཕྱོགས་ཀྱི་ཁྲོ་བོ་གང་ཡང་རུང་བར་བསྒྱུར་བར་བྱའོ། །ཆོ་ག་ལྷག་མ་ནི་མི་བསྐྱོད་པའི་སྐབས་དང་འདྲའོ། །བཀའི་འཁོར་ལོའི་དགོས་པ་གཞན་སྲུང་བའི་འཁོར་ལོ་བསྟན་པ་ནི། དྲན་པ་གཅིག་པ་ལ་སོགས་པ་བསྒོམ་པའི་ཚེ། སྔགས་ཀུན་ཏེ་དབང་པོ་ལ་སོགས་པ་ཕྱོགས་སྐྱོང་བ་གེགས་བྱེད་པ་རྣམས་བསྲུང་བའི་ཕྱིར། ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་ནས་ཕྱོགས་བཅུར་ཁྲོ་བོ་བཅུ་འགོད་པའི་བཀའི་འཁོར་ལོ་སྦྱར་བར་བྱའོ། །སུ་ཞིག་གིས་ན། ཡེ་ཤེས་མཆོག་རྡོ་རྗེ་ཅན་སྒྲུབ་པ་པོ་ཐམས་ཅད་ཀྱིས་སོ། །དགོས་པ་ཅི་ཡོད་ཅེ་ན། བགེགས་གཞིག་པའི་སྲུང་བའི་འཁོར་ལོ་འདི་ནི། རྡོ་རྗེ་སྟེ་སྒྲུབ་པ་པོ་ཐམས་ཅད་ཀྱི། བྱང་ཆུབ་སྟེ་སེམས་རྣམ་པར་གཡེང་བ་བསྲུང་བའི་དོན་ཆེན་བྱེད་དོ། །རྫོགས་རིམ་པས་གསད་པའི་ཆོ་ག་ནི། ཟུང་འཇུག་ལ་གནས་པའི་རྣལ་འབྱོར་པས་བསད་པའི་ལས་བསྒྲུབ་ན་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་སྐུར་བསྐྱེད་ནས། དེ་བསམ་གཏན་གཉིས་གང་རུང་གིས་བཤིགས་ནས། འོད་གསལ་དུ་བཅུག་སྟེ། ལུགས་ལྡོག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས། ལོངས་སྐུར་བཞེངས་ནས། སྤྲུལ་སྐུ་ཞེ་སྡང་རྡོ་རྗེར་བསྒྱུར་བ་ནི། དང་པོ་སྦྱོར་བའོ། །དེ་ནས་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས། བདེ་བའི་སྣང་བ་ཙམ་ལས། ལྷ་རྣམས་བསྐྱེད་དེ་རང་གི་གནས་སུ་འགོད་པ་ནི་དཀྱིལ་འཁོར་རྒྱལ་མཆོག་གོ །ལས་རྒྱལ་མཆོག་ནི། གཡོན་རླུང་གི་དཀྱིལ་འཁོར་དགུ་བརྒྱ་བ་ཕྲག་གཅིག་རྒྱུ་བའི་དུས་སུ་རྡོ་རྗེའི་བཟླས་པ་བྱས་ནས། དེའི་འོག་ཏུ་གདུག་པའི་བསམ་པ་འབར་ཞིང་སྣང་བས་ན། ཆོས་ཀྱི་སྣང་མཛད་ནི་བསྒྲུབ་བྱ་ཡིན་ལ། དེའི་སྐུ་མཆོག་ལས་བྱུང་བའི་སྐུ་གསུམ་དམ་ཚིག་གི་བསྒྲུབ་བྱའི་ལུས་ངག་ཡིད་གསུམ་སྟེ། དེ་བསམ་གཏན་གཉིས་གང་རུང་གིས་བཤིག་སྟེ། ནམ་མཁའ་རྡོ་རྗེའི་དབུས་ཏེ་འོད་གསལ་བར་བཅུག་པར་བསམས་ན། བསྒྲུབ་བྱའི་གཟུགས་རང་གི་གདན་གྱི་གཞིར་བརྟག་པར་བྱ་ཞིང་། སེམས་ནམ་མཁའི་དབྱིངས་དེ་ཉིད་སངས་རྒྱས་ཏེ་འོད་ཟེར་ལྔས་གང་བར་བསྒོམ་མོ། །བདག་ཉིད་ཀྱི་ཡང་རང་སྔགས་ཡི་གེ་སྟེ་ངག་དང་། གནས་ལུས་དང་། ཡེ་ཤེས་སེམས་ཏེ་གསུམ་པོ་དེ་དག་ཐུགས་ཀྱི་རྣམ་པ་སྒྱུ་མ་ལྟ་བུར་བསྒོམ་པར་བྱའོ། །དེའི་འོག་ཏུ་བསྒྲུབ་བྱ་གྲོལ་བར་བྱ་བའི་བསམ་པས། བསྒྲུབ་བྱའི་སེམས་སངས་རྒྱས་ཏེ་འོད་ཟེར་ལྔའི་རང་བཞིན་སེམས་ཙམ་དུ་བསྒོམས་ནས། སླར་ཡང་རང་གི་ཕྱག་རྒྱ་ཆེན་པོར་བསྡུ་ཞིང་གཞུག་པར་བྱའོ། །དེ་དག་ཐམས་ཅད་ཐུགས་ཀྱི་རྡོ་རྗེས་བྱས་པ་སྟེ་སེམས་ཙམ་མོ་ཞེས་ཤེས་པར་བྱས་ནས། སྐུ་གསུམ་སྟེ་རང་གི་ལུས་ངག་ཡིད་གསུམ་ལ་དེ་དག་གཟུད་ཅིང་གཞུག་པ་འདིས། མངོན་པར་འདོད་པའི་དོན་རྫོགས་པར་འགྱུར་རོ། །རྡོ་རྗེ་ནི་གཞུག་པར་དཀའ་བས་བསྒྲུབ་བྱའོ། །དེ་འཇིག་པར་བྱེད་པ་ནི། སྔགས་རིན་པོ་ཆེ་སྟེ་སྦྱོར་བའི་ཁྱད་པར་རོ། །དེ་གསལ་བར་བྱེད་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །མནན་པའི་ཆོ་ག་ལ་གཉིས་ཏེ། སྣོད་མནན་པ་དང་། བཅུད་མནན་པའོ། །དང་པོ་ལ་གཉིས་ཀྱི་བསྐྱེད་རིམ་པའི་མནན་པ་ནི། དེ་ཡང་ནང་ལ་མཆོག་ཏུ་གཞོལ་བ་བསྙེན་པ་ལས་སུ་རུང་བས། རང་གི་ལྷག་པའི་ལྷ་གང་ཡིན་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་བསྒོམ་པ་ནི། རྣམ་པའི་མཆོག་ཀུན་ཞེས་པ་རྐང་པ་གཉིས་སོ། །ལས་རྒྱལ་མཆོག་ནི། སངས་རྒྱས་རིམ་པར་ཞེས་པ་རྐང་པ་གཉིས་སོ། །དེ་ཡང་རྒྱ་མཚོ་ལ་སོགས་པའི་ཆུ་དེ་ཉིད་མི་བསྐྱོད་པའི་རང་བཞིན་ནམ་མཁར་བྱས་ནས་དེ། ཡཾ་ལས་རླུང་གི་དཀྱིལ་འཁོར་དོན་ཡོད་གྲུབ་པའི་རང་བཞིན་དུ་བསྒོམ། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་འོད་དཔག་ཏུ་མེད་པའི་རང་བཞིན་དུ་བསྒོམ། དེའི་སྟེང་དུ་བྃ་ལས་ཆུའི་དཀྱིལ་འཁོར་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་དུ་བསྒོམ། དེའི་སྟེང་དུ་ལྃ་ལས་སའི་དཀྱིལ་འཁོར་རྣམ་སྣང་གི་རང་བཞིན་དུ་བསྒོམ་སྟེ། ཇི་སྲིད་སྲ་ཞིང་འཐས་པའི་བར་དུ་བསྒོམ་ལ། དེ་ནས་ཆུའི་སྟེང་དུ་བཅགས་ན་འབྱིང་བར་མི་འགྱུར་རོ། །

རྫོགས་རིམ་པའི་སྣོད་མནན་པ་ནི། སྒྱུ་ལུས་འོད་གསལ་དུ་བཅུག་ནས། ཟུང་འཇུག་ལོངས་སྐུར་བཞེངས་ཏེ། རྐང་པ་མཉམ་གཞག་སྦྱོར་བ་ཡིས། །ཞེས་པ་བདེན་པ་གཉིས་དབྱེར་མེད་པ་ཡེ་ཤེས་ཀྱི་སྐུ་དེ་ཉིད། སྤྱི་བོའི་སྟེང་དུ་རྐང་པ་བསྒོམ། །ཞེས་པ་ཆུའི་སྟེང་དུ་བཅགས་ན་འབྱིང་བར་མི་འགྱུར་རོ། །ངོ་བོ་ཉིད་དག་པ་ནི་དྲུག་པ་རྡོ་རྗེ་འཆང་ངོ་། །རྡོ་རྗེ་ནི་རིམ་གཉིས་ཀྱི་རྣལ་འབྱོར་པ་གཉིས་སོ། །བཅུད་མནན་པ་ལ་གསུམ་གྱི། ངག་དང་ལུས་མནན་པའི་སྦྱོར་བ་ནི། རང་གི་ལྷག་པའི་ལྷའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་མུ་སྟེགས་ལ་སོགས་པ་དང་རྩོད་པ་བྱེད་པའི་དུས་སུ། བསྒྲུབ་བྱ་ཕས་ཀྱི་རྒོལ་བ་གང་ཡིན་པ་དེའི་ཁར། ལྃ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་ཁ་དོག་སེར་པོ། རྡོ་རྗེ་གཉིས་ཀྱིས་མཚན་པ་བསམས་ནས། དེའི་དབུས་སུ། ཁྲོ་བོ་སྟེ་ཧཱུྃ་རིང་པོ་ལས་བྱུང་བའི་རྡོ་རྗེ་འབར་བ་བཞག་སྟེ། དེས་ཁ་བཀག་པར་བསམས་ནས། སྨྲ་མི་ཤེས་པར་འགྱུར་རོ། །གལ་ཏེ་ལུས་མནན་པར་འདོད་ན། བསྒྲུབ་བྱ་དེའི་སྤྱི་བོར། ལས་ཀྱི་རྡོ་རྗེ་སྟེ་སྣ་ཚོགས་རྡོ་རྗེ་བསམས་ལ། དེ་རྐང་པས་མནན་པའི་ཁྲོ་བོ་བདུད་རྩི་འཁྱིལ་བ་བསྒོམས་ན། ལུས་འགུལ་མི་ཤེས་པར་འགྱུར་རོ། འཕྲུལ་འཁོར་ནི་ལུས་དང་ངག་ལ་སོགས་པའོ། །དཔུང་མནན་པའི་སྦྱོར་བ་ནི། ཁྲོ་བོ་གང་ཡང་རུང་བའི་དང་པོའི་སྦྱོར་བ་བསྒོམས་ནས། དཀྱིལ་འཁོར་རྒྱལ་མཆོག་གི་དུས་སུ། རྡོ་རྗེ་གསུམ་མཆོག་སྟེ། དཀྱིལ་འཁོར་པ་ཐམས་ཅད་ཁྲོ་བོའི་ཚུལ་སྟེ་ཁྲོ་བོའི་རྣམ་པ་ཅན། པད་མའི་གེ་སར་སེར་པོའི་མདོག་འདྲ་བ་རིའི་རྒྱལ་པོའི་ཚད་ཙམ་དུ་བསམས་ནས། ཡན་ལག་བཞིའི་དཔུང་རྣམས་ཀྱི་སྤྱི་བོར་བསྒོམས་ནས་དཔུང་ཐམས་ཅད་འོག་ཏུ་སོང་བར་བསམས་ན། སངས་རྒྱས་ཏེ་རེངས་པར་བྱེད་པ་ལ་མཁས་པ་རྣམས་ཀྱི་དཔུང་ཡང་གནོན་པར་བྱེད་ན། མི་དབང་རྒྱལ་པོ་ལ་སོགས་པའི་དཔུང་རྣམས་ལ་དོགས་པ་མེད་དོ། །སྐུ་གསུང་ཐུགས་ལས་བྱུང་བ་ནི་དྲུག་པ་རྡོ་རྗེ་འཆང་ངོ་། །སེམས་མནན་པའི་སྦྱོར་བ་ནི། དམ་པའི་ཆོས་སྤོང་བ་ལ་སོགས་པའི་དགྲ་བོ་སྐྲག་པའི་དམ་ཚིག་སྟེ། འཇིགས་པར་བྱེད་པའི་དུས་སུ། འོག་ནས་འབྱུང་བའི་བསམ་གཏན་འདིས་རབ་ཏུ་བརྟག་པར་བྱའོ། །སངས་རྒྱས་ཏེ་ལས་དང་པོ་པ་དག་གིས་ཀྱང་སྦྱོར་བ་འདི་འདས་ཤིང་བཟླས་ན། འགས་པ་སྟེ་འཇིག་རྟེན་དུ་སྣང་བར་འགྱུར་བ་འདི་ལ་ཐེ་ཚོམ་མེད་དོ། །ཞེས་པ་སྦྱོར་བའི་ཕན་ཡོན་བསྟན་པའོ། །ལས་སྦྱོར་དངོས་ནི་མི་བསྐྱོད་པའི་དང་པོའི་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ཧཱུྃ་ལས་ཕུར་བུ། ཚད་དེ་དབྱིབས་སྟོད་རྡོ་རྗེ་རྩེ་ལྔ་པ་ཁ་གྱེས་པ། མིག་ལ་སོགས་པའི་དབང་པོ་ལྔ་དང་ལྡན་པ། སྨད་ཕུར་བུའི་དབྱིབས་རྩེ་གཅིག་པ། བདུད་རྩི་ཐབས་སྦྱོར་གྱི་ངོ་བོར་བསམས་ནས། རྡོ་རྗེ་ཕུར་བུ་དེ་ཡིས། བསྒྲུབ་བྱའི་སྙིང་ཁར་བཏབ་ཅིང་བཏུབས་པར་བསྒོམས་ན། ཁྲོས་པས་ཏེ་ཕྱིར་རྒོལ་བ་སངས་རྒྱས་ཏེ་སྔགས་དང་རྒྱུད་ལ་མཁས་པའི་དཔུང་སྟེ། ཚོགས་དག་ཀྱང་འཇིག་ཅིང་འདུ་བར་འགྱུར་རོ། །དག་པའི་བསམ་པས་ཀྱང་ཡིད་དང་མི་མཐུན་པ་ལ་འཇུག་པའི་དགྲ་བོ་རྨོངས་པའོ། །དེ་ལ་གནོད་པར་བྱེད་པ་ནི་འཇིག་པར་བྱེད་པའོ། །དེ་སྟོན་པར་བྱེད་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །གྲོང་ཁྱེར་ལ་སོགས་པའི་ནད་ཞི་བའི་སྦྱོར་བ་ལ་གསུམ་གྱི། སྦྱོར་བའི་ནུས་པ་བསྟན་པ་ནི། རྟག་ཏུ་སྦྱར་བར་བྱའོ། །གང་ཞིག་ཅེ་ན། རིམས་ལ་སོགས་པའི་ནད་ཀུན་སྤོང་ཞིང་སེལ་བར་བྱེད་པའི་ཞི་བའི་ལས་འོག་ནས་འབྱུང་བ་འདིའོ། །གང་དུ་ན། གྲོང་ཁྱེར་ནི་རྒྱལ་པོའི་ཕོ་བྲང་ཡོད་པའོ། །གྲོང་ནི་སྐྱེ་བོ་རྣམས་གནས་པའི་ཕྱོགས་གཅིག་གོ །ལྗོངས་ནི་སྐྱེ་བོ་མང་པོ་གནས་པ་སྟེ་དེ་དག་ཏུའོ། །སུ་ཞིག་གིས་ན། བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས་སོ། །ལས་སྦྱོར་དངོས་ནི། ནང་ལ་མཆོག་ཏུ་གཞོལ་བ་བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས། ཞི་བའི་ལས་སྒྲུབ་པར་འདོད་ན་དོན་བརྒྱད་ལས། གནས་ཀྱི་ཁྱད་པར་ནི་ཤིང་གཅིག་ལ་སོགས་པའོ། །ཡུལ་གྱི་ཁྱད་པར་ནི་གྲོང་ཁྱེར་སོགས་སུ་ནད་དང་རིམས་ལ་སོགས་ཉེ་བར་འཚེ་བ་བྱུང་བ་ལའོ། ཁ་ཟས་ཀྱི་ཁྱད་པར་ནི་བདུད་རྩི་ལྔ་ལ་སོགས་པའོ། །དུས་ཀྱི་ཁྱད་པར་ནི་གཉིས་ཏེ། ཟླ་བའི་དུས་ནི་ཡར་ངོའོ། །ཉིན་ཞག་གི་དུས་ནི་སྲོད་ལའོ། །ཕྱོགས་ཀྱི་ཁྱད་པར་ནི་བྱང་དུ་ཁ་བལྟའོ། ཁ་དོག་གི་ཁྱད་པར་ནི་ལྷ་དང་མཆོད་རྫས་ལ་སོགས་པ་དཀར་པོར་བྱའོ། །བསམ་པའི་ཁྱད་པར་ནི་བྱམས་པའི་སེམས་ཀྱིས་སོ། །ཆོ་གའི་ཁྱད་པར་ནི་སྲུང་བའི་འཁོར་ལོ་དང་། ཡེ་ཤེས་ཀྱིས་སྦྱང་བ་སྔོན་དུ་འགྲོ་བས་རྣམ་པར་སྣང་མཛད་ཀྱི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་པས་ལས་རྒྱལ་མཆོག་གྲོང་ཁྱེར་ལ་སོགས་པའི་བར་སྣང་ལ་ཤིང་ཏ་ལའི་ཚད་ཙམ་གྱི་སྟེང་དུ། ༀ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཆེན་པོ་རྩེ་ལྔ་པ་ཤིང་རྟའི་ཚད་ཙམ་འོད་ཟེར་ལྔ་དང་ལྡན་པ་བསྒོམ་ལ། དེ་ལས་བྱུང་བའི་འོད་ཟེར་བསྐལ་བ་བསྲེགས་པའི་མེ་ལྟ་བུ་དེས། གྲོང་ཁྱེར་པའི་ནད་ལ་སོགས་པ་ཐམས་ཅད་བསྲེག་པར་བསམས་ནས། སླར་ཡང་འོད་ཟེར་དེས་གྲོང་ཁྱེར་གྱི་སེམས་ཅན་ཐམས་ཅད་རྡོ་རྗེའི་ནང་དུ་བསྡུ་བར་བྱ་ཞིང་། དེའི་འོག་ཏུ་རྡོ་རྗེ་དེ་ལས། ནད་པ་དེ་དག་ཕྱི་རོལ་ཏུ་སྤྲོས་ནས། རང་རང་གི་གནས་སུ་བཀོད་ལ། ཆོས་ཀྱི་སྤྲིན་ཏེ། ཇི་སྐད་བཤད་མ་ཐག་པའི་རིམ་པས་སྦྱངས་པའི་སེམས་ཅན་རྣམས་ཀྱི་ལུས། པད་མ་རཱ་ག་ལ་སོགས་པའི་རིན་པོ་ཆེ་དང་། ཡིད་ལ་རེ་བ་སྐོང་བའི་ཡིད་བཞིན་གྱི་ནོར་བུ་དང་། འོད་དེ་ནོར་བུ་ཤེལ་ལྟར་ཤིན་ཏུ་དྭངས་ཤིང་ནད་ཐམས་ཅད་དང་བྲལ་བར་བསྒོམས་ནས། དེའི་འོག་ཏུ་དབང་བསྐུར་བ་ནི་ཡང་དག་བྱ་ཞེས་པ། རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་རྣམ་སྣང་གི་ཚོགས་སྤྱན་དྲངས་ལ། དེ་དག་རང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་ནད་པ་རྣམས་ལ་དབང་བསྐུར་བས། ལུས་ཀྱི་ཉམས་སྟོབས་ཟད་པ་རྣམས་ཤིན་ཏུ་རྒྱས་པར་གྱུར་པར་བསམ་མོ། །དེ་ནས་ནད་པ་རྣམས་ཀྱི་གནས་གསུམ་དུ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ལྟར་ཞག་བདུན་ལ་སོགས་པར་བྱས་ན། གྲོང་ཁྱེར་གྱི་ནད་ཐམས་ཅད་ཞི་བར་འགྱུར་རོ། །

ཕན་ཡོན་དང་གཞུང་ཉེ་བར་བསྡུ་བ་ནི། ཞི་བའི་དོན་དུ་བསྟན་པའི་རྡོ་རྗེ་བསམ་གཏན་བཤད་མ་ཐག་པ་འདི་ཡིས་ནི། དགང་དཀའ་བ་སྟེ་ལུས་ཀྱི་ཉམས་སྟོབས་ཟད་པ་ཡང་རབ་ཏུ་འགེངས་ཤིང་ཡན་ལག་རྒྱས་པར་འགྱུར་རོ། །དེ་ལྟ་བུའི་བསམ་གཏན་གྱི་སྟོབས་ཀྱིས་ལུས་རྒྱས་པར་བྱེད་པ་དེ། སྦྱིན་པའི་རྡོ་རྗེ་སྟེ་སྦྱིན་པ་ཕུལ་དུ་བྱུང་བ་རབ་ཏུ་སྣང་བར་བྱེད་ཅིང་མངོན་པར་བྱེད་པའོ། །དེ་ལྟར་ནད་ཞི་བར་བྱས་པའི་གྲོང་ཁྱེར་ལ་སོགས་པའི་ས་ཕྱོགས་དེར། ཡིད་བཞིན་ནོར་བུ་སྟེ་རིན་ཆེན་འབྱུང་ལྡན་དང་། སངས་རྒྱས་སྤྲིན་ཏེ་རྣམ་པར་སྣང་མཛད་དང་། ཆོས་ཆེན་ཏེ་འོད་དཔག་ཏུ་མེད་པ་དང་། རྡོ་རྗེ་སེམས་དཔའ་སྟེ་མི་བསྐྱོད་པའི་ཚོགས་སྤྲོ་བར་བྱ་སྟེ། དེ་དག་གིས་ལེགས་པར་བྱིན་གྱིས་བརླབས་པར་བསམ་ཞིང་བསྒོམ་པར་བྱའོ། །དེ་ལས་ཅིར་འགྱུར་ཞེ་ན། བསྐལ་པ་གྲངས་མེད་པ་གསུམ་གྱི་དུས་སུ་ཡང་། གྲོང་ཁྱེར་ལ་སོགས་པའི་གནས་དེ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་རློབ་ཅིང་ཡོངས་སུ་སྐྱོང་བར་མཛད་པར་འགྱུར་རོ། །བཤད་མ་ཐག་པ་འདི་ནི། སངས་རྒྱས་ཐམས་ཅད་ཀྱི་གསང་བའི་སྐུ་སྟེ་སྐུའི་གསང་བ་སྐྱོན་མེད་པ་ལུས་བསྲུང་བའོ། །རིམས་ལ་སོགས་པ་ཞི་བར་བྱེད་པས་ན་ནད་ཐམས་ཅད་མེད་པར་བྱེད་པའོ། དེའི་འོག་ཏུ་རྡོ་རྗེ་ལྟ་བུའི་ལུས་འབྱུང་བས། རྡོ་རྗེ་འབྱུང་བ་སྟེ། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །སྲུང་བའི་འཁོར་ལོ་ལ་གཉིས་ཀྱི། ཕན་ཡོན་ནི། བསམ་གཏན་ལས་བྱུང་སྟེ། འོག་ནས་འབྱུང་བའི་གདུག་པ་ཕུར་བུས་གདབས་པ་འདི། དམ་བཅས་པ་སྟེ། ཐུན་བཞིར་ཉམས་སུ་བླངས་པས། གནས་གང་དུ་སྟེ་ཡིད་དང་མཐུན་པའི་གནས་གང་ཡང་རུང་བར། ཡང་དག་པར་སྤྱད་ཅིང་བརྩམ་པར་བྱའོ། །ཕན་ཡོན་ཅི་འཐོབ་ཅེ་ན། བསམ་གཏན་ཏེ་བསྲུང་བའི་ཆོ་ག་སྔོན་དུ་འགྲོ་བའི་སྦྱོར་བ་སྟེ། ཏིང་ངེ་འཛིན་འདི་ཡིས་གནས་ན། རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་ལ་སློབ་པ་ན། སངས་རྒྱས་ཏེ་རང་གི་ལྷ་རྣམས་ཀྱིས་བྱིན་གྱིས་རློབ་པར་འགྱུར་རོ། །

བསམ་གཏན་གྱི་ཕུར་བུ་དངོས་ནི། གདབ་པར་བྱའོ། །གང་ལ་ཞེ་ན། ཤར་ལ་སོགས་པའི་ཕྱོགས་བཅུའི་དཀྱིལ་འཁོར་གྱི་མཆོག་སྟེ་གཙོ་བོ་ཕྱོགས་སྐྱོང་བ་བཅུ་འཁོར་དང་བཅས་པའི་བགེགས་རྣམས་ཀྱི་མགོ་བོ་ལའོ། །གང་གིས་ན། རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ་སྟེ། ཁྲོ་བོ་བདུད་རྩི་ཐབས་སྦྱོར། རྡོ་རྗེ་ཕུར་བུ་སྟེ་ལྟེ་བ་ཡན་ཆད་ཁྲོ་བོའི་གཟུགས་ཅན། མན་ཆད་མདུང་རྩེ་གཅིག་པའི་རྣམ་པ་ཅན་མེ་སྟག་རབ་ཏུ་འབར་བ་འདྲ་བ་བསྒོམས་ལ་དེ་ཡིས་སོ། །དུས་ནམ་གྱི་ཚེ་ན། བསམ་གཏན་གྱི་ལས་དང་པོ་པ་དྲན་པ་གཅིག་པ་ལ་སོགས་པ་བསྒོམ་པའི་ཚེ་ཁྲོ་བོའི་བསྲུང་བ་སྔོན་དུ་སོང་ནས་དེའི་འོག་ཏུ་བསམ་གཏན་གྱི་ཕུར་བུས་གདབ་པ་འདི་བྱའོ། །སྒྲུབ་པ་པོ་ལ་སོགས་པ་ལོག་པར་བསྒྱུར་ཞིང་སེམས་གཡེང་བ་ལ་སོགས་པས་འཁྲིད་ཅིང་འདྲེན་པར་བྱེད་པས་ན་འགྲོ་བ་འདུལ་བ་སྟེ་བགེགས་རྣམས་ཡིན་ལ། དེ་བཟློག་པས་ན་ཞི་བ། མི་ཕྱེད་པས་ན་རྡོ་རྗེ་སྟེ་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །སྔར་གྱི་ཞི་བའི་ལས་རྒྱས་པར་བཤད་པ་ལ་གཉིས་ཀྱི། ལས་སྦྱོར་དངོས་ནི། དེའང་བསྙེན་པ་ལས་སུ་རུང་བས་ཞི་བའི་ལས་བྱེད་ན། ཁྱད་པར་བརྒྱད་དང་ལྡན་པ་ལས་གཞན་སྔར་དང་འདྲ། ཆོ་གའི་ཁྱད་པར་སྲུང་བའི་འཁོར་ལོ་ནས། གཞལ་ཡས་ཁང་གི་བར་བསྒོམས་ནས། གཞལ་ཡས་ཁང་གི་ནང་དུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གདན་སོ་གཉིས་ཀྱི་སྟེང་དུ། ཝྃ་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་གྱི་གདན་བསྒོམ་པ་ནི། ཞི་བའི་དཀྱིལ་འཁོར་དམ་པ་ནི། །ནམ་མཁའ་དབྱིངས་ཀྱི་དབུས་སུ་བསམ། །ཞེས་པའོ། །དེ་ནས་གཞན་རྣམས་སྔར་དང་འདྲ་ལ། ཡིག་འབྲུ་ལས་བྱང་ཆུབ་པ་ༀ་གྱིས་བྱ་སྟེ། རྣལ་འབྱོར་བཞིས་རྣམ་པར་སྣང་མཛད་ཀྱི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ལ། ལྷ་ཐམས་ཅད་ཁ་དོག་དཀར་པོར་བྱ་བ་ནི། རྣམ་པར་སྣང་མཛད་གཟུགས་བསམས་ནས། །ཞེས་པའོ། །ལས་རྒྱལ་མཆོག་ནི། ཏིང་ངེ་འཛིན་སེམས་དཔའ་ༀ་ལས་འོད་ཟེར་འཕྲོས་པས། བསྒྲུབ་བྱ་ནད་པ་ལྟ་བུ་བཀུགས་ལ། སྣ་བུག་གཡོན་པ་ནས་ཞུགས་ཏེ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་འཁོར་ལོའི་སྟེང་དུ་བཞག་པ་ནི། རང་གི་ཐུགས་ཀར་འདོད་པ་བཞག་ཅེས་པའོ། །དེ་ནས་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས། ལྷུན་གྱིས་གྲུབ་པའི་རྣམ་སྣང་ཡབ་ཡུམ་འཁོར་དང་བཅས་པ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ལ། དེ་ཡབ་ཡུམ་སྙོམས་འཇུག་བྱས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་དཀར་པོ་དམ་ཚིག་སེམས་དཔའི་སྤྱི་བོ་ནས། ནད་པའི་ལུས་ལ་ཕབ་པས་ནད་དང་སྡིག་པ་ཐམས་ཅད་བཀྲུས་ཏེ། ནད་པ་དེ་རྣམ་པར་དག་པ་ཤེལ་ལྟ་བུར་བསམ་པ་ནི། སྤྱན་ལ་སོགས་པ་ཞེས་སོགས་ཚིགས་སུ་བཅད་པ་གཅིག་སྟེ། སྤྱན་ལ་སོགས་པ་མཆོག་རྣམས་ནི་རྣམ་པར་སྣང་མཛད་ཀྱི་ཚོགས་ཏེ། དེ་དག་ཡབ་ཡུམ་སྙོམས་པར་ཞུགས་པས། ནམ་མཁའི་དབྱིངས་ཡོངས་སུ་གང་བར་བསྒོམ་ཞིང་། སྙོམས་པར་ཞུགས་པ་དེ་ཐམས་ཅད་གཅིག་ཏུ་བསྡུས་ནས། འོད་ཀྱི་གོང་བུ་སྟེ་བདུད་རྩིའི་ཚོགས་རྣམས་ནད་པའི་སྤྱི་བོ་ལ་དབབ་པར་བྱ་ཞིང་། ནད་དང་སྡིག་པ་ཐམས་ཅད་གཞོམ་པར་བྱའོ། །དེ་ནས་ནད་པ་དེ་སྣ་བུག་གཡས་པ་ནས་ཕྱུང་སྟེ། ༀ་ལས་བསྐྱེད་པའི་ཟླ་བའི་སྟེང་དུ་བཞག་ལ། བདག་ཉིད་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས། རྣམ་སྣང་ཡབ་ཡུམ་འཁོར་དང་བཅས་པ་ཆོ་ག་གསུམ་གྱིས་བསྐྱེད་ལ། རང་རང་གི་སྔགས་ཀྱིས་ནད་པའི་སྟེང་གི་བར་སྣང་ལ་སྤྲོས་ལ། དེ་དག་རང་རང་གི་ཕྱག་རྒྱ་དང་སྙོམས་འཇུག་བྱས་པས། བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་དཀར་པོས་ནད་པའི་ལུས་ལ་དབང་བསྐུར་བ་ནི། བ་སྤུའི་བུ་ག་ནས་ཞེས་པ་ཚིགས་སུ་བཅད་པ་གཅིག་སྟེ། སྤྲོས་ཤིང་དབྱུང་བར་བྱའོ། །གང་ཞིག་ན། སངས་རྒྱས་སྤྲིན་རྣམས་ཏེ། རྣམ་སྣང་ཡབ་ཡུམ་འཁོར་དང་བཅས་པའོ། །སུ་ཞིག་གིས་ན། བརྟུལ་ཞུགས་ཅན་གྱིས་ཏེ་རྣལ་འབྱོར་པས་སོ། །གང་ནས་ཤེ་ན། བ་སྤུའི་བུ་ག་ནས་ཏེ་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས་རང་གི་རྡོ་རྗེའི་བུ་ག་ནས་སོ། །ཕྱུང་བ་དེ་དག་གིས་ཅི་ཞིག་བྱ་ཞེ་ན། དེའི་ཚེ་སངས་རྒྱས་སྤྲིན་རྣམས་ཏེ། རྣམ་སྣང་ཡབ་ཡུམ་འཁོར་དང་བཅས་པ་སྙོམས་འཇུག་བྱས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་ནད་པ་དེ་ལ་དབང་བསྐུར་བར་རབ་ཏུ་སྩོལ་ལོ། དེ་ལྟར་ཞག་བདུན་ལ་སོགས་པར་བྱས་ན། ནད་པ་ནད་ལ་སོགས་པ་ལས་ཐར་པར་འགྱུར་རོ། །ཕན་ཡོན་ནི། བསམ་གཏན་གྱི་ཁྱད་པར་འདིས། སྐད་ཅིག་གིས་ཏེ་རིང་པོ་མི་ཐོགས་པར། དཔལ་ལྡན་ཏེ་དགེ་བའི་ཡན་ལག་ཏུ་གྱུར་པས་ལུས་རྒྱས་པར་འགྱུར་རོ། །སུ་ཞིག་ཅེ་ན། མི་ཕྱེད་ཅིང་གཞིག་པར་དཀའ་བའི་སྡུག་བསྔལ་གྱི་ཚོགས་གང་ལ་ཡོད་པར་དེ་ནི། དམ་ཚིག་རྡོ་རྗེ་སྟེ་ནད་པ་དེའོ། །སངས་རྒྱས་ཀྱི་དམ་ཚིག་སྤྲིན་ནི་རྣམ་སྣང་དང་སྤྱན་གྱི་ཚོགས་སོ། །དེ་རྣམས་ཀྱི་བཀོད་པ་ནི་སྙོམས་པར་འཇུག་པའོ། །ཏིང་ངེ་འཛིན་དེ་གང་དུ་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒྱས་པ་དང་དབང་གི་ལས་ཚིག་གཅིག་གིས་བསྟན་པ་ལ་གཉིས་ཏེ། ལས་སྦྱོར་དངོས་དང་། དེའི་ཕན་ཡོན་ནོ། །ལས་སྦྱོར་དངོས་ལ་ཡང་གཉིས་ཀྱི། རྒྱས་པའི་ལས་ལ་ཁྱད་པར་བརྒྱད་དེ། ཡུལ་ནི་དབུལ་པོ་ལ་སོགས་པའོ། །གནས་ནི་ལྷ་ཁང་ལ་སོགས་པའོ། ཁ་ཟས་ནི་བདུད་རྩི་ལྔ་ལ་སོགས་པའོ། །དུས་ནི་གཉིས་ཏེ་ཟླ་བའི་དུས་ནི་ཡར་ངོའོ། །ཉིན་ཞག་གི་དུས་ནི་སྔ་དྲོའོ། །ཕྱོགས་ནི་ཤར་དུའོ། ཁ་དོག་ནི་མཆོད་རྫས་དང་ལྷ་ཐམས་ཅད་ཁ་དོག་སེར་པོའོ། །བསམ་པ་ནི་དགའ་བའི་སེམས་ཀྱིས་སོ། །ཆོ་གའི་ཁྱད་པར་ནི། གཞལ་ཡས་ཁང་གི་ནང་དུ་ལྃ་ལས་དབང་ཆེན་སའི་དཀྱིལ་འཁོར་བསྐྱེད་ལ། བྱང་ཆུབ་གསུམ་ས་སོགས་ཙམ་ལས་བྱ་སྟེ། རྣལ་འབྱོར་བཞིས་རིན་འབྱུང་གིས་གཙོ་བྱས་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པ་ནི། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །དབང་ཆེན་དཀྱིལ་འཁོར་དམ་པ་བསམ། །ཞེས་པའོ། །ལས་རྒྱལ་མཆོག་ནི། བསྒྲུབ་བྱ་དབུལ་པོ་རང་གི་སྙིང་ཁར་བཞག་པ་ནི། སྙིང་ཁར་འདོད་པ་བཞག་པར་བྱ། །ཞེས་པའོ། །དེ་ནས་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས། རིན་ཆེན་འབྱུང་ལྡན་གྱི་ལྷ་ཚོགས་སྤྱན་དྲངས་ནས། མཱ་མ་ཀི་དང་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་སེར་པོས་དམ་ཚིག་སེམས་དཔའི་སྤྱི་བོ་ནས་བསྒྲུབ་བྱ་ལ་དབང་བསྐུར་བས། བསྒྲུབ་བྱའི་སེར་སྣ་དང་དབུལ་བའི་སྒྲིབ་པ་ཐམས་ཅད་དང་བྲལ་བའི་བསྒོམ་པ་ནི། ནམ་མཁའི་དབྱིངས་ཞེས་པ་ནས། དེ་ལ་དབབ་པར་བྱ་ཞེས་པའི་བར་ཏེ། དཀར་མོ་ཞེས་པ། སེར་མོ་ཞེས་བྱས་རབ་ཏུ་དགང་། །ཞེས་བསྒྱུར་རོ། །སེར་མོ་ནི་མཱ་མ་ཀི་སྟེ། དེའི་མདུན་ན་འདུག་པའི་རིན་ཆེན་འབྱུང་ལྡན་གྱི་ལྷ་ཚོགས་ཉམས་དགའ་བས་ཏེ། རང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས། ནམ་མཁའི་དབྱིངས་རབ་ཏུ་དགང་བ་སྟེ་གང་བར་བསྒོམ། སྙོམས་པར་ཞུགས་པ་ལས་བྱུང་བའི་འོད་ཀྱི་གོང་བུ་སྟེ་བྱང་ཆུབ་ཀྱི་སེམས་རིན་ཆེན་འོད་དེ་གསེར་གྱི་མདོག་ལྟ་བུ་གཅིག་ཏུ་བསྡུས་ནས། འདོད་པས་ཏེ། བསྒྲུབ་བྱའི་ལུས་ངག་སེམས་ཀྱི་གནས་ཏེ་ལུས་ལ་དབབ་པར་བྱ་ཞིང་། སེར་སྣ་དང་དབུལ་བའི་སྡིག་སྒྲིབ་རྣམས་གཞོམ་པར་བྱའོ། །དེ་ནས་བསྒྲུབ་བྱ་ཕྱུང་སྟེ་མདུན་དུ་བཞུགས་ནས། རང་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ། རིན་འབྱུང་གི་ལྷ་ཚོགས་བསྐྱེད་ནས། བསྒྲུབ་བྱའི་སྟེང་གི་ནམ་མཁར་སྤྲོས་ཏེ། དེ་དག་སྙོམས་པར་ཞུགས་ཏེ། བྱང་ཆུབ་སེམས་ཀྱིས་བསྒྲུབ་བྱ་ལ་དབང་བསྐུར་བ་ནི། བ་སྤུའི་བུ་ག་ནས་ཞེས་སོགས་ཏེ། ཆོས་ཀྱི་སྤྲིན་ཞེས་པ་རིན་ཆེན་སྤྲིན་ཞེས་པར་བསྒྱུར་རོ། །སྤྲོས་ཤིང་དབྱུང་ངོ་། །གང་ན། རིན་ཆེན་སྤྲིན་རྣམས་ཏེ་རིན་འབྱུང་བའི་ལྷ་ཚོགས་རྣམས་སོ། །སུ་ཞིག་གིས་ན། བརྟུལ་ཞུགས་ཅན་གྱིས་སོ། །གང་ནས་ན། རྡོ་རྗེའི་བ་སྤུའི་བུ་ག་ནས་སོ། །ཐབས་གང་གིས་ན། ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེའོ། །ཕྱུང་བ་དེ་དག་གིས་ཅི་ཞིག་བྱ་ཞེ་ན། རིན་ཆེན་སྤྲིན་ཏེ་རིན་འབྱུང་གི་ལྷ་ཚོགས་སྙོམས་པར་ཞུགས་པར་བསྒོམས་ནས། བྱང་ཆུབ་ཀྱི་སེམས་ཀྱིས་བསྒྲུབ་བྱ་དབང་བསྐུར་བར་བྱའོ། །དེ་ལྟར་རྒྱས་པའི་ལས་ལ་སྦྱར་ནས། དབང་གི་ལས་ལ་སྦྱར་ན་ཁྱད་པར་བརྒྱད་དེ། གནས་ནི་སྔ་མ་དང་འདྲའོ། །ཡུལ་ནི་རྒྱལ་པོ་ལ་སོགས་པའོ། ཁ་ཟས་ནི་བ་ལང་གི་ཤ་ལ་སོགས་པའོ། །དུས་ལ་གཉིས་ཏེ། ཟླ་བའི་དུས་ནི་ཡར་ངོའོ། །ཉིན་ཞག་གི་དུས་ནི་ཉི་མ་དགུང་དང་མཚན་ཕྱེད་དོ། །ཕྱོགས་ནི་ནུབ་ཏུའོ། ཁ་དོག་ནི་ཀུན་དམར་པོར་བྱའོ། །བསམ་པ་ནི་ཆགས་པའི་སེམས་ཀྱིས་སོ། ཆོ་གའི་ཁྱད་པར་ནི་གཞལ་ཡས་ཁང་གི་ནང་དུ་རྃ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ། བྱང་ཆུབ་གསུམ་པ་ཨ་ལས་བྱ་སྟེ། རྣལ་འབྱོར་བཞིས་སྣང་མཐས་གཙོ་བྱས་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པ་ནི། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །ཆོས་འཛིན་པ་ཡི་གཟུགས་བསམས་ནས། །ཞེས་པའོ། །ལས་རྒྱལ་མཆོག་ནི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས། བསྒྲུབ་བྱ་གང་ཡིན་བཀུག་ནས་རང་གི་སྙིང་ཁར་བཞག་པ་ནི། སྙིང་ཁར་འདོད་པ་བཞག་པར་བྱ། །ཞེས་པའོ། །དེ་ནས་སྣང་མཐའི་སྣ་ཚོགས་གོས་དཀར་མོ་དང་བཅས་པ་སྙོམས་པར་འཇུག་པས་ནམ་མཁའ་བཀང་སྟེ། དེ་དག་གི་བྱང་ཆུབ་ཀྱི་སེམས་པད་མ་རཱ་གའི་མདོག་ལྟ་བུ་དམར་པོས། རང་གི་སྤྱི་གཙུག་ནས་བསྒྲུབ་བྱ་ལ་དབང་བསྐུར་བས། བསྒྲུབ་བྱ་རང་ལ་མ་དད་པ་སོགས་ཀྱི་དྲི་མ་དག་པར་བསམ་པ་ནི། ནམ་མཁའི་དབྱིངས་ཞེས་སོགས་ཏེ། དཀར་མོ་ནི་གོས་དམར་མོའོ། །ཡིད་བཞིན་ནོར་བུ་ནི་པད་མ་རཱ་གའོ། །གཞན་ནི་སྔར་བཞིན་བཤད་པར་བྱའོ། །དེ་ནས་བསྒྲུབ་བྱ་ཕྱུང་སྟེ། མདུན་དུ་བཞག་ལ། རང་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ། སྣང་མཐའི་ལྷ་ཚོགས་བསྐྱེད་ནས། སྔ་མ་བཞིན་དུ་བསྒྲུབ་བྱ་ལ་དབང་བསྐུར་བ་ནི། བ་སྤུའི་བུ་ག་ནས་ཞེས་སོགས་ཏེ། རིན་ཆེན་ཞེས་པ། ཆོས་ཀྱི་ཞེས་པར་བསྒྱུར་ནས་སྔར་བཞིན་བཤད་དོ། །ཕན་ཡོན་ནི། བཤད་མ་ཐག་པའི་རྡོ་རྗེའི་བསམ་གཏན་རྒྱས་པའི་ལས་འདི་ཡིས་ནི། བསྒྲུབ་བྱ་དགང་དཀའ་བ་དབུལ་པོ་ལ་སོགས་པ་ཡང་ནོར་ལ་སོགས་པས་རབ་ཏུ་འགེངས་ཤིང་རྒྱས་པར་འགྱུར་རོ། །རྒྱས་པའི་ཕན་ཡོན་ནོ། །དབང་གི་ཕན་ཡོན་ནི། སྦྱིན་པའི་རྡོ་རྗེ་ནི་རྒྱུན་མི་འཆད་པའི་སྦྱིན་པ་སྟེ། དེ་རབ་ཏུ་སྣང་ཞིང་གསལ་བར་བྱེད་པས་ན། སྦྱིན་པའི་རྡོ་རྗེས་རབ་ཏུ་སྣང་བ་ནི་སྒྲུབ་པ་པོའོ། །དེ་ལྟ་བུའི་སྒྲུབ་པ་པོ་དེ་ལ་བསྒྲུབ་བྱ་རྒྱལ་པོ་ལ་སོགས་པ་དེ། མངོན་པར་འདོད་པའི་དོན་སྦྱིན་པར་བྱེད་པས། ཡིད་བཞིན་གྱི་ནོར་བུ་དང་འདྲ་བ་དང་། རྒྱལ་སྲིད་ཀྱི་དབང་ཕྱུག་སོགས་དང་ལྡན་པས། དཔལ་དང་ལྡན་པར་འགྱུར་རོ། །ཆོས་ཀྱི་སྤྲིན་ནི། འོད་དཔག་མེད་ཀྱི་ཚོགས་སོ། །དམ་ཚིག་བཀོད་པ་ནི་དེ་དག་སྙོམས་པར་འཇུག་པ་སྟེ། གང་དུ་ཏིང་ངེ་འཛིན་དེ་སྟོན་པ་ལ་དེ་སྐད་ཅེས་བྱའོ། །དེ་ནི་འོད་དཔག་མེད་ལ་ལྟོས་པ་སྟེ། རིན་འབྱུང་ལ་ལྟོས་ནས། རིན་པོ་ཆེའི་སྤྲིན་ཞེས་སོགས་སྦྱར་རོ། གཟི་བརྗིད་བསྐྱེད་པའི་ཆོ་ག་ལ་གཉིས་ཀྱི། ལས་སྦྱོར་དངོས་ནི། ནོར་བུ་རྒྱལ་སར་གདོན་པ་ལ་ཁྱད་པར་བརྒྱད་ཀྱི། གཞན་རྣམས་རྒྱས་པ་དང་འདྲ་ལ། ཡུལ་གྱི་ཁྱད་པར། ནོར་བུ་ལ་སོགས་པ་རྒྱལ་སྲིད་འདོད་ཀྱང་མ་ཐོབ་པའོ། ཁ་དོག་གི་ཁྱད་པར། སྣ་ཚོགས་པའི་མདོག་ཅན་ནོ། །ཆོ་གའི་ཁྱད་པར་ནི། གཞལ་ཡས་ཁང་གི་ནང་དུ་རླུང་གི་དཀྱིལ་འཁོར་ཟླ་གམ་གྱི་སྟེང་དུ། ཡི་གེ་ལས་བྱང་ཆུབ་པ་ཧའོ། །དེ་ལྟར་རྣལ་འབྱོ་བཞི་ཡིས་དོན་ཡོད་གྲུབ་པའི་དང་པོའི་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པ་ནི། ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། །རྡོ་རྗེ་ཟླ་གམ་དཀྱིལ་འཁོར་བསམ། །རྡོ་རྗེ་ནམ་མཁའ་ཆོས་མདུན་གཟུགས། །ཞེས་ཏེ། རྡོ་རྗེ་ནམ་མཁའ་ནི་མི་བསྐྱོད་པའོ། །ཆོས་ནི་འོད་དཔག་མེད་དོ། །དེའི་མདུན་ཏེ་ཐད་ཀར་གནས་པར་ནི། ཆོས་མདུན་ཏེ་དོན་ཡོད་གྲུབ་པའོ། །གཟུགས་ནི་དེ་དག་གི་ཕྱག་རྒྱ་ཆེན་པོའོ། །དེ་ལ་ཆོས་མདུན་ཏེ་དོན་ཡོད་གྲུབ་པའི་ཕྱག་རྒྱ་ཆེན་པོར་བསྒོམ་ལ། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས། ལས་རྒྱལ་མཆོག་ནི། ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས། བསྒྲུབ་བྱ་ནོར་བུ་ལྟ་བུ་དེ་བཀུག་སྟེ། ཡེ་ཤེས་སེམས་དཔའི་ཐུགས་ཁར་བཞག་པ་ནི། འདོད་པ་སྙིང་ཁར་བཞག་པར་བྱ། །ཞེས་སོ། །དེ་ནས་ཡང་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས། རྣམ་སྣང་ལ་སོགས་པའི་སངས་རྒྱས་དང་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་རང་གི་ཕྱག་རྒྱ་དང་བཅས་པ་སྤྱན་དྲངས་ཏེ། ནམ་མཁའི་དབྱིངས་ཡོངས་སུ་གང་བར་བསམ་ལ། དེ་དག་སྙོམས་པར་ཞུགས་པས། འོད་ཟེར་ལྔའི་སྦྱོར་བ་སྟེ། དེ་བཞིན་གཤེགས་པ་ལྔའི་ཁ་དོག་དང་འདྲ་བའི་གཟི་བརྗིད་དེ་བྱང་ཆུབ་ཀྱི་སེམས་ལྔའི་རྒྱུན་དེར་ཏེ། བསྒྲུབ་བྱ་དེའི་སྤྱི་བོར་དབབ་པར་བྱ་ཞིང་དབང་བསྐུར་བས། རྒྱལ་སྲིད་ཐོབ་པའི་གེགས་བྱེད་པའི་དྲི་མ་ཐམས་ཅད་དཀྲུས་པར་བསམ་མོ། །དེ་ལྟ་བུའི་བསྒྲུབ་བྱ་དེ་ནི། དེ་མ་ཐག་ཏུ་སྟེ་རིང་པོ་མི་ཐོགས་པར་སངས་རྒྱས་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་སུ་བྱོན་པར་འགྱུར་ཞིང་། ཡང་དག་པར་སྣང་ཞིང་འབར་བས་ན་འཇམ་དཔལ་གྱི་མདོག་དང་འདྲ་བར་འགྱུར་ཞིང་། གནས་ཏེ་རྒྱལ་པོ་ལ་སོགས་པའི་ལས་ཏེ་བྱ་བ་བྱེད་པ་དེར་འགྱུར་རོ། །དེ་ནས་བསྒྲུབ་བྱ་དེ་ཕྱུང་སྟེ་མདུན་དུ་བཞག་ལ། རང་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ། རིགས་ལྔའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསྐྱེད་དེ་སྤྲོས་པས། དེ་དག་དགེས་པའི་བདག་ཉིད་ཅན་གྱི་ཐུགས་ཀྱིས་སྔ་མ་བཞིན་དུ་བསྒྲུབ་བྱ་ལ་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་བའི་དགའ་སྟོན་ཆེན་པོར་སྩོལ་པར་མཛད་དོ། །དེ་ལས་ཅིར་འགྱུར་ཞེ་ན། དེ་ལྟ་བུ་ཞག་བདུན་ལ་སོགས་པར་བྱས་ན། བསྒྲུབ་བྱ་དེས་དེ་ཙམ་བསྐྱེད་པས་ཀྱང་། འགྲོ་བ་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །རིན་པོ་ཆེ་དང་མཉམ་པར་གྱུར་པས་ན་རིན་ཆེན་དམ་ཚིག་སྟེ། རྒྱལ་པོ་དང་བློན་པོ་ལ་སོགས་པའོ། །དེ་རྣམས་ཀྱི་སྤྲིན་ནི་ཚོགས་སོ། །དེས་བཀོད་པ་བྱས་པ་ནི་བསྙེན་བཀུར་གྱི་དོན་དུ་འོངས་ནས། རིམ་གྲོ་བྱེད་པ་སྟེ། ཏིང་ངེ་འཛིན་དེ་གང་དུ་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ། །མི་བསྐྱོད་པས་གསད་པའི་ཆོ་ག་བསྟན་པ་ལ་གཉིས་ཀྱི། ལས་སྦྱོར་དངོས་ནི། སྔར། རྡོ་རྗེ་ནམ་མཁའ་ཆོས་མདུན་གཟུགས། །ཞེས་པར་བཞག་པའི་རྡོ་རྗེ་ནམ་མཁའ་མི་བསྐྱོད་པའི་ཏིང་ངེ་འཛིན་གྱི། ལས་ཀྱི་ལྷག་མ་སྟོན་པ་ནི། མངོན་སྤྱོད་ཀྱི་ལས་ཀྱི་སྐབས་སུ། འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པའི་རྗེས་ལ། གཞལ་ཡས་ཁང་གི་ཕྱི་རོལ་ཏུ་འཇིག་རྟེན་པའི་འཁོར་སྣ་ཚོགས་བསྒོམ་པ་ནི། ནམ་མཁའ་རྡོ་རྗེ་ཞེས་སོགས་ཚིགས་བཅད་གཅིག་སྟེ། གཞན་གསོད་པ་ལ་དགའ་བས་ན་དྲག་ཅིང་། ཁྲོ་བོའི་དབང་དུ་གྱུར་པས་ན་ཁྲོ་ལ། ཕ་རོལ་གནོན་པ་ལ་ཐོགས་པ་མེད་པས་ན་གཏུམ་པའོ། །ལས་རྒྱལ་གྱི་སྐབས་སུ་ཁ་སྦྱར་དབྱེ་བའི་རྗེས་ལ། གནོད་མཛེས་ཀྱི་བསྒྲུབ་བྱ་བཀུག་སྟེ། མེའི་དཀྱིལ་འཁོར་མདུན་དུ་བསྒྲུབ་བྱ་འདུག་པར་བསམས་པ་ནི། མེ་ཡི་དཀྱིལ་འཁོར་ཞེས་སོགས་ཚིགས་བཅད་གཅིག་གོ །དེ་ནས་འཇིག་རྟེན་ལས་འདས་པའི་འཁོར་རྣམས་ལ། གོང་དུ་གསུངས་པའི་སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཅན་ཞེས་སོགས་ཀྱི་བཀའ་བསྒོ་བས། འདས་པའི་ཁྲོ་བོ་རྣམས་ཀྱིས། བསྒྲུབ་བྱ་ཕྱིའི་དུར་ཁྲོད་དུ་ཁྱེར་ནས་མཚོན་ཆ་རྣམས་ཀྱིས་བཅད་ཅིང་གཏུབས་པ་དང་། སྲིན་པོ་ལ་སོགས་པ་འཇིག་རྟེན་པའི་འཁོར་རྣམས་ཀྱིས་རྒྱུ་མ་ལ་སོགས་པ་དྲངས་ཤིང་ཟོས་པར་བསམ་པ་ནི། མཚོན་ཆ་སྣ་ཚོགས་ཞེས་སོགས་ཚིགས་བཅད་གཅིག་གོ །ཕན་ཡོན་ནི། གསང་སྔགས་ཀྱི་ཐེག་པ་དང་། རྡོ་རྗེ་འཛིན་པ་སྟེ་ལས་དང་པོ་པ་དག་གིས་ཀྱང་། གལ་ཏེ་སྦྱོར་བ་འདི་དེ་ལྟར་བསྒོམ་ཞིང་རབ་ཏུ་སེམས་ན། ཟླ་བ་ཕྱེད་དམ་ཟླ་བ་ཕྱེད་ཀྱི་ཕྱེད་ཚུན་ཆད་ཀྱིས། བསྒྲུབ་བྱ་སེར་ལྷག་འཆི་བར་འགྱུར་བར་གདོན་མི་ཟའོ། །རྡོ་རྗེའི་སྤྲིན་ནི་མི་བསྐྱོད་པའོ། །དེའི་དམ་ཚིག་ནི་སྲིན་པོ་ལ་སོགས་པའོ། །དེ་རྣམས་ཀྱི་བཀོད་པ་ནི་རྣམ་འཕྲུལ་ཏེ། དེ་སྟོན་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །ལས་ཚོགས་དང་འབྲེལ་བའི་ལྷའི་རྣལ་འབྱོར་ལ་གཉིས་ཏེ། སྔགས་ཀྱི་སྐུ་བསྐྱེད་པ་དང་། ཡེ་ཤེས་ཀྱི་སྐུ་བསྐྱེད་པའོ། །སྔགས་ཀྱི་སྐུ་བསྐྱེད་པ་ལ་བཞི་ལས། རྣམ་སྣང་ལ་སོགས་པ་གསུམ་གྱི་སྐུ་མདོག་ཞལ་ཕྱག་སོགས་སྟོན་པ་ནི། དེ་ཡང་སྔར་ཞི་སོགས་ཀྱི་ལས་བསྒྲུབ་པའི་དུས་སུ། སྔགས་ཀྱི་སྐུ་བསྐྱེད་པའི་ལྷ་རྣམས་ཀྱི་སྐུ་མདོག་སོགས་གསལ་བར་མ་གསུངས་པ་འདིར་སྟོན་པ་སྟེ། དེ་ལ་རྣམ་པར་སྣང་མཛད་ནི། སྟོན་ཀའི་སྤྲིན་གྱི་མདོག་འདྲ་བ་ཁ་དོག་དཀར་པོར་བསམ་ཞེས་པའོ། །རྡོ་རྗེ་ཅན་ནི་མི་བསྐྱོད་པ་སྟེ། ཁ་དོག་ནག་པོ་འཇིག་རྟེན་ཁམས་རྣམས་འཁྲུག་བྱེད་པ་ཞེས་པ་ནི། ཉི་མའི་དཀྱིལ་འཁོར་གྱི་འོད་ཀྱིས་ཡོངས་སུ་བསྐོར་བའོ། །འདོད་ཆགས་ཅན་ནི་འོད་དཔག་ཏུ་མེད་པ་སྟེ་ཁ་དོག་དམར་པོའོ། །རྣམ་སྣང་ལ་སོགས་པའི་དང་པོའི་ཕྱག་མཚན་ནི། འཁོར་ལོ་ཞེས་སོགས་སོ། །རྡོ་རྗེ་ནི་ཕྱག་རྒྱ་ཆེན་པོའི་གཟུགས་ཏེ། ཕྱག་དྲུག་པར་བསྒོམ་མོ། །མཚོན་ཆ་སྣ་ཚོགས་ནི། སྒྲུབ་ཐབས་ལས་ཇི་སྐད་བཤད་པ་བཞིན་ནོ། །དེ་བཞིན་དུ་རིན་འབྱུང་ཁ་དོག་སེར་པོ་དང་། དོན་གྲུབ་ཀྱི་ལྗང་ཁུ་སོགས་ཤེས་པར་བྱའོ། །

སྤྱན་ལ་སོགས་པའི་ཞལ་ཕྱག་སོགས་ཀྱི་ངེས་པ་ནི། སེམས་ཅན་ཀུན་གྱི་སྡུག་བསྔལ་ཞི་བར་མཛད་པས་ན། སེམས་ཅན་ཀུན་ལ་ཕན་བཞེད་མ། སྤྱན་ནི་རྣམ་སྣང་གི་ཕྱག་རྒྱ་ཡིན་པས་དེ་དང་འདྲ་བར་བསྒོམ་མོ། །མཛེས་པའི་གཟུགས་ནི་ཞིང་སྒེག་པའི་ཉམས་དང་ལྡན་པའོ། །མཁའ་སྐྱེས་ནི་མི་བསྐྱོད་པའོ། །དེ་བདག་གི་གན་དུ་འདྲེས་པས་ན་སྤྱན་ཏེ་མཱ་མ་ཀིའོ། །བཙུན་མོའི་མཆོག་ཡིན་པས་རྒྱལ་མོ་ཆེའོ། །དེ་ནི་མི་བསྐྱོད་པ་འདྲ་བར་བསྒོམ་མོ། །གསུང་རྡོ་རྗེ་ནི་འོད་དཔག་ཏུ་མེད་པ་སྟེ། དེ་འདྲེན་པར་བྱེད་པས་ན་ཆུ་སྐྱེས་སྤྱན་ཏེ་གོས་དཀར་མོའོ། །དེ་ནི་འོད་དཔག་མེད་དང་འདྲ་བ་བསྒོམ་མོ། །རིག་མ་རྡོ་རྗེ་ནི་དོན་ཡོད་གྲུབ་པའི་ཕྱག་རྒྱ་སྒྲོལ་མ་སྟེ། དེ་ནི་དོན་ཡོད་གྲུབ་པ་དང་འདྲ་བར་བསྒོམ། ཁྲོ་བོ་རྣམས་ཀྱི་ཞལ་ཕྱག་དང་སྐུ་མདོག་སོགས་ནི། ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་ཅེས་པ་ནས། བསམ་གཏན་དཀྱིལ་འཁོར་བསྒོམ་པར་ཞེས་པའི་བར་ཡན་ཆད་གོ་སླའོ། །ལྷ་རྣམས་ཀྱི་ཏིང་ངེ་འཛིན་མཇུག་བསྡུ་བའི་ཚུལ་གྱིས་གྲངས་མེད་པར་བསྟན་པ་ནི། གཟི་བརྗིད་ཕུང་པོ་ནི་གཙུག་ཏོར་རྒྱལ་པོ་ལ་སོགས་པའི་ཁྲོ་བོ་རྣམས་སོ། །གང་གཞན་སྔགས་ཀྱི་འཁོར་ལོ་ཅན་ནི་བྱམས་པ་ལ་སོགས་པ་རྣམས་སོ། །དམ་ཚིག་ལོངས་སྤྱོད་ནི་རྡོ་རྗེ་དང་དགྲ་སྟྭ་ལ་སོགས་པའི་ཕྱག་གི་མཚན་མ་རྣམས་ཏེ། དེ་རྣམས་ཀྱིས་ཁྲོ་བོ་བཅུ་དང་བྱམས་པ་ལ་སོགས་པ་རྣམས་སོ་སོ་ཐ་དད་པར་བསྒོམ་པར་བྱའོ། །དེ་ལྟར་ཕྱག་མཚན་དང་། ཁ་དོག་ལ་སོགས་པ་ཐ་དད་པས་ལྷ་རྣམས་སོ་སོ་ཐ་དད་དུ་བསྒོམ་པར་བྱ་བ་ཡིན་པ་དེ་བས་ན། སྔགས་ཀྱི་ལྷ་རྣམས་ཀྱིས་ཏིང་ངེ་འཛིན་དཔག་ཏུ་མེད་ཅིང་ཚད་མེད་པ་བཤད་ཅིང་བསྟན་པ་ཡིན་ཏེ། དེ་བས་ན་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་རེ་རེ་ཞིང་ཡང་བྲན་དང་བྲན་མོ་དང་། ཕོ་ཉ་དང་ཕོ་ཉ་མོ་ལ་སོགས་པའི་རྣམ་པས། ཏིང་ངེ་འཛིན་རྣམས་ནི། ནམ་མཁའི་སྟེང་དུ་ཤིན་ཏུ་འཕགས་པ་སྟེ། ནམ་མཁའི་ཁམས་པས་ཀྱང་ལྷག་པར་འགྱུར་རོ། །ཞེས་ཏིང་ངེ་འཛིན་གྲངས་མེད་པར་བསྟན་པ་ཡིན་ནོ། །ཡེ་ཤེས་ཀྱི་ལྷའི་སྐུ་བསྐྱེད་པ་ལ་གསུམ་ལས། རྣམ་པར་སྣང་མཛད་ལ་སོགས་པའི་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་ནི། དེ་ཡང་རྫོགས་རིམ་པས་ཞི་བ་ལ་སོགས་པའི་ལས་བྱེད་པའི་ཚེ་རང་རང་གི་ལྷག་པའི་ལྷས་གཙོ་བྱས་པའི་ཟུང་འཇུག་གི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས་བྱ་ཞེས་སྟོན་པ་ཡིན་ནོ། །དེ་ལ་རྣམ་སྣང་གི་ཟློས་པ་པོ་ཟུང་འཇུག་གི་རྣལ་འབྱོར་པས། སྒྱུ་ལུས་བསམ་གཏན་གཉིས་ཀྱིས་བཤིག་སྟེ། འོད་གསལ་དུ་བཅུག་པ་ནི། ནམ་མཁའི་དབྱིངས་ཀྱི་དབུས་ཞེས་སོ། །དེ་ལས་བྱུང་བའི་ལུགས་ལྡོག་གི་སྣང་བ་གསུམ་ནི་གསལ་བར་དཀྱིལ་འཁོར་རོ། །དེ་ཉིད་ཟླ་བ་རྡོ་རྗེ་སོགས་མངོན་བྱང་ལ་ལྟོས་པ་མེད་པར་ཡེ་ཤེས་ཀྱི་སྐུ་བསྐྱེད་པས་ན་དམ་པའོ། །དེ་ལས་ཟུང་འཇུག་ཏུ་བཞེངས་པ་ནི། སངས་རྒྱས་གཟུགས་ཏེ་རྡོ་རྗེ་འཆང་ཆེན་པོར་རབ་ཏུ་བསྒོམ་ཞིང་བསྐྱེད་པའོ། །དེ་ཉིད་སྤྲུལ་སྐུ་རྣམ་སྣང་དུ་བསྒྱུར་བ་ནི། རྣམ་པར་སྣང་མཛད་རྣམ་པར་བསམ་ཞིང་སྤྲོ་བར་བྱའོ། །ཞེས་སོ། །ཇི་ལྟ་བུ་ཞེ་ན། གསལ་བས་ཏེ་ཁུག་སྣ་སོགས་ཀྱི་སྐྱོན་དང་བྲལ་བའི་ཟླ་བའི་གཟུགས་དང་འདྲ་བས་ན་ཟླ་བ་བཞིན་ནོ། །ཞི་བའི་ཉམས་དང་ལྡན་པས་ན་ཞི་བའོ། །འོད་ཟེར་རྣམ་པ་ལྔས་འོད་ཀྱི་དཀྱིལ་འཁོར་དུ་བྱས་པས་ན་འོད་ཟེར་སྣ་ཚོགས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལས་བྱུང་བས་ན་མེ་ལོང་ལྟ་བུར་ཡང་དག་འབྱུང་བའོ། །སྐྱེས་བུ་ཆེན་པོའི་མཚན་རྣམས་དང་ལྡན་པས་རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། དེ་ལྟ་བུའི་སྤྲུལ་སྐུ་རྣམ་སྣང་དུ་བདག་ཉིད་བསམས་ནས། ཕྱག་རྒྱ་དང་སྙོམས་པར་ཞུགས་ནས། བདེ་བའི་སྣང་བ་ཙམ་ལས་དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་དེ། ལས་རྒྱལ་མཆོག་རྡོ་རྗེ་བཟླས་པའི་སྒོ་ནས་ཞི་སོགས་ཀྱི་ལས་བྱའོ་ཞེས་འབྲེལ་ལོ། །ཕན་ཡོན་ཅི་འཐོབ་ཞེ་ན། དེ་ལྟ་བུའི་སྦྱོར་བ་དེ་ཡིས་བྱང་ཆུབ་སྟེ་མི་གནས་པའི་མྱ་ངན་ལས་འདས་པ་འཐོབ་བོ། །དེ་ཉིད་རྒྱས་པར་བསྟན་པ་ནི། ཟུང་འཇུག་པའི་བསམ་གཏན་རྡོ་རྗེ་རབ་ཏུ་བསྒོམ་པ་འདི་ཡིས་སངས་རྒྱས་ཆེ་བདག་ཉིད་དེ། སངས་རྒྱས་ཀུན་གྱི་དབང་ཕྱུག་དང་། ཉན་ཐོས་ལ་སོགས་པའི་འཇིག་རྟེན་ཐམས་ཅད་འདུད་ཅིང་དབང་དུ་བྱེད་པ་ཚེ་འདི་ཉིད་ཀྱིས་ཏེ་ལུས་འདི་ལ་གནས་ནས་ཐོབ་པར་འགྱུར་རོ། །རྣམ་པར་སྣང་མཛད་ཀྱི་དམ་ཚིག་ནི་རྫོགས་པའི་རིམ་པའོ། །དེ་ལས་འབྱུང་བ་མཛེས་པའི་རྡོ་རྗེ་ནི། ཡེ་ཤེས་ཀྱི་སྐུའི་རང་བཞིན་རྣམ་སྣང་སྟེ། ཏིང་ངེ་འཛིན་དེ་གང་དུ་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ། །མི་བསྐྱོད་པའི་རྣལ་འབྱོར་པས། སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི། ནམ་མཁའི་དབྱིངས་ཀྱི་ཞེས་སོ། །དེ་ལས་ལུགས་ལྡོག་གི་སྣང་བ་གསུམ་འབྱུང་བ་ནི། རྡོ་རྗེའི་དཀྱིལ་འཁོར་ཞེས་སོ། །དེ་ལས་ཟུང་འཇུག་ཏུ་བཞེངས་པ་ནི། སངས་རྒྱས་གཟུགས་ནི་ཞེས་སོ། །དེ་ཉིད་སྤྲུལ་སྐུ་མི་བསྐྱོད་པར་བསྒྱུར་བ་ནི། རྡོ་རྗེ་སེམས་དཔའ་ཞེས་སོ། །དེ་ཇི་ལྟ་བུ་ཞེ་ན། མཆེ་བ་ཅུང་ཟད་གཙིགས་པས་ན་ཁྲོས་པའོ། །གསལ་བའི་ལུས་ནི་དྲུག་པ་རྡོ་རྗེ་འཆང་སྟེ་དེ་དང་འདྲ་བའོ། །གཞན་སྔར་བཞིན་ནོ། །དམ་ཚིག་ཐམས་ཅད་ནི་དཀྱིལ་འཁོར་པ་རྣམས་སོ། །དེ་གང་ལས་བྱུང་བ་དེ་ནི། དམ་ཚིག་ཐམས་ཅད་འབྱུང་བ་མཛེས་པའི་རྡོ་རྗེ་སྟེ་མི་བསྐྱོད་པའོ། །འོད་དཔག་ཏུ་མེད་པའི་རྣལ་འབྱོར་པས་སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི། ནམ་མཁའ་རྡོ་རྗེ་ཞེས་སོ། །དེ་ལས་ལུགས་ལྡོག་གི་སྣང་བ་གསུམ་འབྱུང་བ་ནི། ཆོས་ཀྱི་དཀྱིལ་འཁོར་ཞེས་སོ། །

དེ་ལས་ཟང་འཇུག་ལོངས་སྐུར་བཞེངས་པ་ནི། སངས་རྒྱས་གཟུགས་ནི་ཞེས་སོ། །དེ་ཉིད་སྤྲུལ་སྐུ་འོད་དཔག་ཏུ་མེད་པར་བསྒྱུར་བ་ནི་ཆོས་ཀྱི་སེམས་དཔའ་ཞེས་སོ། །དེ་ཇི་ལྟ་བུ་ཞེ་ན་གསལ་བའི་ལུས་འཛིན་ཞེས་སོགས་སོ། །ཕན་ཡོན་ཅི་འཐོབ་ཅེ་ན། འདི་ཡིས་ཆོས་ཀྱི་བདག་ཉིད་ཆེ་སྟེ་ངག་གི་དབང་ཕྱུག་ཐོབ་པར་འགྱུར་རོ། །དེ་ཇི་ལྟ་བུ་ཞེ་ན། སྐུ་གསུམ་མི་ཕྱེད་པ་རྡོ་རྗེ་འཆང་ཆེན་པོ་ལས་བྱུང་ཞིང་སྐྱེས་པ། ཡེ་ཤེས་རྒྱ་མཚོ་སྟེ་ཟུང་འཇུག་གི་རྫོགས་པའི་རིམ་པ་ལ་གནས་པའི་རྣམ་པར་བརྒྱན་པའོ། །ཆོས་ཀྱི་སེམས་དཔའ་ནི་འོད་དཔག་མེད་དོ། །དེ་འབྱུང་བ་ནི། རྡོ་རྗེ་འཆང་ཆེན་པོ་སྟེ་དེའི་དམ་ཚིག་རྡོ་རྗེ་ནི་རྫོགས་པའི་རིམ་པའོ། །ཏིང་ངེ་འཛིན་དེ་སྟོན་པ་ལ་དེ་སྐད་ཅེས་བྱའོ། །སྤྱན་ལ་སོགས་པའི་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་ནི། སྤྱིར་རེག་རྡོ་རྗེ་ལ་སོགས་པ་ལྷ་མོ་དགུའི་ཟློས་པ་པོ་ཡིན་ན། ལུགས་གཉིས་ལས། དང་པོ་ལྟར་ན། སངས་རྒྱས་སྤྱན་གྱི་ཟློས་པ་པོ་ཡིན་ན། ཟུང་འཇུག་ལོངས་སྐུར་བཞེངས་ནས། ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས། བདེ་བའི་སྣང་བ་ཙམ་ལས་སངས་རྒྱས་སྤྱན་བསྐྱེད། སྤྲོས། བསྡུས་ནས་ལོངས་སྐུ་ལ་བཅུག་པས་སྤྲུལ་སྐུ་སྤྱན་མར་བསྒྱུར་བ་དང་། རྣམ་སྣང་སྙོམས་པར་ཞུགས་པ་ལས། ཆོས་འབྱུང་དུ་བདེ་བའི་སྣང་བ་ཙམ་ལས། ལྷ་ཐམས་ཅད་སྐད་ཅིག་གིས་བསྐྱེད་ནས། སྤྱན་མ་རང་གི་ཐུགས་ཀ་ནས་སྤྲོས། བསྡུས་ནས་རང་རང་གི་གནས་སུ་འགོད་དོ། །ལུགས་གཉིས་པ་ལྟར་ན། མཱ་མ་ཀིའི་ཟློས་པ་པོས་ཟུང་འཇུག་རྡོ་རྗེ་འཆང་དུ་བཞེངས་ནས། སྤྲུལ་སྐུ་མི་བསྐྱོད་པ་བསྐྱེད་དེ། སྤྲོས་བསྡུས་བདག་ལ་བཅུག་པས་མི་བསྐྱོད་པར་བསྒྱུར་བ་ལ། དེ་ཉིད་ཀྱིས་གཙོ་བྱས་པའི་དཀྱིལ་འཁོར་སྔ་མ་ལྟར་སྤྲུལ་ལོ། །དེ་ལྟར་ན་ལྷ་མོ་རྣམས་ཀྱིས་རང་རང་གི་ཡབ་ཀྱིས་གཙོ་བོ་བྱེད་པའོ། །ཞེས་སྔ་རབས་པ་དག་བཞེད་དོ། །སྤྱན་མའི་ཟློས་པ་པོས་སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི། ནམ་མཁའ་རྡོ་རྗེའི་ཞེས་སོ། །དེ་ལས་ལུགས་ལྡོག་གི་སྣང་བ་གསུམ་འབྱུང་བ་ནི། ཟླ་བའི་དཀྱིལ་འཁོར་ཞེས་སོ། །དེ་ལས་ཟུང་འཇུག་ཏུ་བཞེངས་པ་ནི། སངས་རྒྱས་གཟུགས་ནི་ཞེས་སོ། །དེ་ཉིད་སྤྲུལ་སྐུ་སྤྱན་མར་བསྒྱུར་བ་ནི། སྤྱན་གྱི་མཆོག་ཅེས་སོ། །འཁོར་ལོ་ནི་སྒྲུབ་པ་པོ་སྟེ། དེ་ལ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་འདོད་པ་སྟེར་བར་བྱེད་པའོ། །ཕྱག་གཡས་ཀྱི་དང་པོ་ན་རིན་པོ་ཆེའི་འཁོར་ལོ་བསྒོམ་མོ། །སྤྱན་གྱི་དམ་ཚིག་ནི་སྤྱན་གྱི་ཕྱག་རྒྱ་ཆེན་པོའོ། །དེའི་ཕྱག་གི་མཆོག་ན། ཕྱག་གི་སྙིང་པོ་འཁོར་ལོ་སྟེ། དེ་དང་ལྡན་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །མཱ་མ་ཀིའི་ཟློས་པ་པོས་སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི། ནམ་མཁའི་དབྱིངས་ཞེས་སོ། །དེ་ལས་ལུགས་ལྡོག་གི་སྣང་བ་གསུམ་འབྱུང་བ་ནི། རྡོ་རྗེའི་དཀྱིལ་འཁོར་ཞེས་སོ། །དེ་ལས་ཟུང་འཇུག་ཏུ་བཞེངས་པ་ནི། སངས་རྒྱས་གཟུགས་ནི་ཞེས་སོ། །དེ་ཉིད་སྤྲུལ་སྐུ་མཱ་མ་ཀིར་བསྒྱུར་བ་ནི་ནམ་མཁའི་ཞེས་ཏེ། ནམ་མཁའི་རྡོ་རྗེ་ནི་མི་བསྐྱོད་པའོ། །དེའི་བཙུན་མོའི་མཆོག་མཱ་མ་ཀི་བསྒོམ་མོ། །ཇི་ལྟ་བུ་ཞེ་ན། ཞལ་ཡངས་ཞེས་སོགས་པའོ། །དངོས་གྲུབ་རྡོ་རྗེ་ཅན་ནི་སྒྲུབ་པོ་རྣམས་ཏེ། དེ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་གསང་བའོ། །ཨུཏྤལ་སྔོན་པོ་རྩ་བ་དམར་བ་ཕྱག་ན་བསྣམས་པའོ། །ནམ་མཁའི་དབྱིངས་ནི་མི་བསྐྱོད་པའོ། །རིན་པོ་ཆེའི་སྤྲིན་རྡོ་རྗེ་ནི་རིན་ཆེན་འབྱུང་ལྡན་ནོ། །

དེ་དག་ཚིམ་པར་བྱེད་པ་ནི། མཱ་མ་ཀི་སྟེ། ཏིང་ངེ་འཛིན་དེ་སྟོན་པར་བྱེད་པ་ལ་དེ་སྐད་ཅེས་བྱའོ། །གོས་དཀར་མོའི་ཟློས་པ་པོས་སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི། ནམ་མཁའ་རྡོ་རྗེ་ཞེས་སོ། །དེ་ལ་ལུགས་ལྡོག་གི་སྣང་བ་གསུམ་འབྱུང་བ་ནི། ཆོས་ཀྱི་དཀྱིལ་འཁོར་ཞེས་སོ། །དེ་ལ་ཟུང་འཇུག་ཏུ་བཞེངས་པ་ནི། སངས་རྒྱས་གསུང་ནི་ཞེས་སོ། །དེ་ཉིད་སྤྲུལ་སྐུ་གོས་དཀར་མོར་བསྒྱུར་བ་ནི། རྡོ་རྗེ་ཆོས་མ་སྟེ་གོས་དཀར་མོ་རབ་ཏུ་བསྒོམ་མོ། །ཇི་ལྟ་བུ་ཞེ་ན། ཞལ་བཟང་ཞེས་སོགས་སོ། །སྒྱུ་མས་མཚན་པ་ནི་འོད་གསལ་ལོ། །དེ་ཉིད་ཕུལ་དུ་བྱུང་བས་ན་མཆོག་དེ་ལས་བྱུང་བའོ། །འདོད་ཆགས་ཆགས་པ་འཛིན་པ་ནི། འོད་དཔག་མེད་དེ། དེའི་ཡིད་དུ་འོང་བས་ན་སྡུག་པའོ། །ཆོས་ཀྱི་དམ་ཚིག་ནི། འོད་དཔག་མེད་དོ། །དེ་ཁོ་ན་ཉིད་མངོན་པར་བྱང་ཆུབ་པ་ནི་འོད་གསལ་ལོ། །དེ་ཀུན་ཏུ་སྟོན་པའི་རྡོ་རྗེ་ནི་གོས་དཀར་མོ་སྟེ། ཏིང་ངེ་འཛིན་དེ་སྟོན་པ་ལ་དེ་སྐད་ཅེས་བྱའོ། །སྒྲོལ་མའི་ཟློས་པ་པོས་སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི། ནམ་མཁའ་རྡོ་རྗེ་ཞེས་སོ། །དེ་ཉིད་ལ་ལུགས་ལྡོག་གི་སྣང་བ་གསུམ་འབྱུང་བ་ནི། དངོས་གྲུབ་དཀྱིལ་འཁོར་ཞེས་སོ། །དེ་ལས་ཟུང་འཇུག་ཏུ་བཞེངས་པ་ནི། སངས་རྒྱས་གཟུགས་ནི་ཞེས་སོ། །དེ་ཉིད་སྤྲུལ་སྐུ་སྒྲོལ་མར་བསྒྱུར་བ་ནི། ནམ་མཁའ་རྡོ་རྗེ་ཞེས་སོ། །དེ་ཉིད་ལ་ལུགས་ལྡོག་གི་སྣང་བ་གསུམ་འབྱུང་བ་ནི། དངོས་གྲུབ་དཀྱིལ་འཁོར་ཞེས་སོ། །དེ་ལས་ཟུང་འཇུག་ཏུ་བཞེངས་པ་ནི། སངས་རྒྱས་གཟུགས་ནི་ཞེས་སོ། །དེ་ཉིད་སྤྲུལ་སྐུ་སྒྲོལ་མར་བསྒྱུར་བ་ནི། སྒྲོལ་མའི་ཞེས་སོ། །རྡོ་རྗེའི་ཏིང་ངེ་འཛིན་ནི་འོད་གསལ་བ་སྟེ། དེ་ལས་བྱུང་བའོ། །དམ་ཚིག་ནི་དོན་ཡོད་གྲུབ་པའོ། །སྒྲོལ་མ་ནི་དེའི་བཙུན་མོ་སྟེ། ཡོན་ཏན་དང་ལྡན་པས་ན་མཆོག་གོ །ཏིང་ངེ་འཛིན་དེ་སྟོན་པ་ལ་དེ་སྐད་ཅེས་བྱའོ། ཁྲོ་བོ་རྣམས་ཀྱིས་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་སྟོན་པ་ནི། གཤིན་རྗེ་གཤེད་ཀྱི་ཟློས་པ་པོས་སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི། ནམ་མཁའ་རྡོ་རྗེ་ཞེས་སོ། །དེ་ལས་ལུགས་ལྡོག་གི་སྣང་བ་གསུམ་འབྱུང་བ་ནི། ཉི་མའི་དཀྱིལ་འཁོར་ཞེས་ཏེ། ཉི་མའི་དཀྱིལ་འཁོར་ནི་སྣང་བ་མཆེད་པ་ཡིན་ལ། དེས་གཞན་གཉིས་མཚོན་པའོ། །དེ་ལས་ཟུང་འཇུག་ཏུ་བཞེངས་པ་ནི། སངས་རྒྱས་གཟུགས་ནི་ཞེས་སོ། །དེ་ཉིད་སྤྲུལ་སྐུ་གཤིན་རྗེ་གཤེད་དུ་སྒྱུར་བ་ནི། གཤེད་རྗེ་གཤེད་ཅེས་སོ། །དེ་ཇི་ལྟ་བུ་ཞེ་ན། འབར་བའི་འོད་ཟེར་ཞེས་སོགས་སོ། །རྡོ་རྗེ་ཅན་ནི་སྒྲུབ་པ་པོའོ། །དགེས་པར་འགྱུར་བ་ནི་མངོན་པར་འདོད་པའི་དོན་བསྒྲུབ་པར་འགྱུར་བའོ། །གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་འདི་ནི་ཡེ་ཤེས་རྡོ་རྗེ་ཅན་ཏེ་སྒྲུབ་པ་པོ་རྣམས་ཀྱི་བསྟན་པ་ལ་གནོད་པར་བྱེད་པ་ལ་སོགས་པའི་ཁྲོ་བོ་ཀུན་ཏེ་ཁྲོ་བོ་གང་ཡིན་པ་འདུལ་བར་བྱེད་པའི་དམ་ཚིག་གོ །གཤིན་རྗེ་གཤེད་སྤྲོ་བའི་སྣང་བ་ནི་གཤིན་རྗེ་གཤེད་དོ། །དེའི་བཀོད་པ་བསྒོམ་ཞིང་སེམས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། ཁྲོ་བོ་གཞན་གྱིས་མི་ཐུབ་པའི་ཟློས་པ་པོས། སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི། ནམ་མཁའ་རྡོ་རྗེའི་ཞེས་སོ། །དེ་ཉིད་ལ་ལུགས་ལྡོག་གི་སྣང་བ་གསུམ་འབྱུང་བ་ནི། ཉི་མའི་དཀྱིལ་འཁོར་ཞེས་སོ། །དེ་ཉིད་ལས་ཟུང་འཇུག་ཏུ་བཞེངས་པ་ཏེ། སངས་རྒྱས་གཟུགས་ནི་ཞེས་སོ། །དེ་ཉིད་སྤྲུལ་སྐུ་གཞན་གྱིས་མི་ཐུབ་པར་བསྒྱུར་བ་ནི། གཞན་གྱིས་མི་ཐུབ་ཅེས་སོགས་སོ། །རྟ་མགྲིན་གྱི་ཟློས་པ་པོས་སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི། ནམ་མཁའ་རྡོ་རྗེ་ཞེས་སོ། །དེ་ཉིད་ལས་ལུགས་ལྡོག་གི་སྣང་བ་གསུམ་འབྱུང་བ་ནི། ཉི་མའི་དཀྱིལ་ཞེས་སོ། །དེ་ཉིད་ལས་ཟུང་འཇུག་ཏུ་བཞེངས་པ་ནི། སངས་རྒྱས་གཟུགས་ནི་ཞེས་སོ། །དེ་ཉིད་སྤྲུལ་སྐུ་རྟ་མགྲིན་དུ་བསྒྱུར་པ་ནི། རྡོ་རྗེ་རྟ་ནི་ཞེས་སོགས་སོ། །བདུད་རྩི་ཐབས་སྦྱོར་གྱི་ཟློས་པ་པོས་སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི། ནམ་མཁའ་རྡོ་རྗེ་ཞེས་པའོ། །དེ་ཉིད་ལས་ལུགས་ལྡོག་གི་སྣང་བ་གསུམ་འབྱུང་བ་ནི། ཉི་མའི་དཀྱིལ་འཁོར་ཞེས་སོ། །དེ་ལས་ཟུང་འཇུག་ཏུ་བཞེངས་པ་ནི། སངས་རྒྱས་གཟུགས་ནི་ཞེས་པའོ། །དེ་ཉིད་སྤྲུལ་སྐུ་རྟ་མགྲིན་དུ་བསྒྱུར་བ་ནི། རྡོ་རྗེ་རྟ་ནི་ཞེས་སོགས་སོ། །བདུད་རྩི་ཐབས་སྦྱོར་གྱི་ཟློས་པ་པོས་སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི། ནམ་མཁའ་རྡོ་རྗེ་ཞེས་སོ། །དེ་ཉིད་ལས་ལུགས་ལྡོག་གི་སྣང་བ་གསུམ་འབྱུང་བ་ནི། ཉི་མའི་དཀྱིལ་འཁོར་ཞེས་སོ། །དེ་ལས་ཟུང་འཇུག་ཏུ་བཞེངས་པ་ནི། སངས་རྒྱས་གཟུགས་ནི་ཞེས་སོ། །དེ་ཉིད་སྤྲུལ་སྐུ་བདུད་རྩི་ཐབས་སྦྱོར་དུ་བསྒྱུར་བ་ནི། རྡོ་རྗེ་མི་འཆི་ཞེས་སོགས་སོ། ཁྲོ་འཛིན་ཞེས་པ་དང་། ཁྲོ་བོ་ཐམས་ཅད་ཀྱི་ཞེས་པ་ནི་སྒྲུབ་པ་པོ་རྣམས་སོ། །འདོད་པའི་རྒྱལ་པོའི་ཟློས་པ་པོས་སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི། རྡོ་རྗེ་ནམ་མཁའི་ཞེས་སོ། །དེ་ལས་ལུགས་ལྡོག་གི་སྣང་བ་གསུམ་འབྱུང་བ་ནི། ཉི་མའི་དཀྱིལ་འཁོར་ཞེས་སོ། །དེ་ལས་ཟུང་འཇུག་ཏུ་བཞེངས་པ་ནི། སངས་རྒྱས་གཟུགས་ནི་ཞེས་སོ། །དེ་ཉིད་སྤྲུལ་སྐུ་འདོད་པའི་རྒྱལ་པོར་བསྒྱུར་བ་ནི། ཊ་ཀི་རྒྱལ་པོ་ཞེས་སོགས་སོ། །བསམ་གཏན་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མི་བསྐྱོད་པའོ། །དེ་ལ་དགའ་བ་ནི་དབུ་རྒྱན་དུ་འཇོག་པ་སྟེ། དེ་སྟོན་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །སྟོབས་པོ་ཆེའི་ཟློས་པ་པོས་སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི། ནམ་མཁའ་རྡོ་རྗེ་ཞེས་སོ། །དེ་ལས་ལུགས་ལྡོག་གི་སྣང་བ་གསུམ་འབྱུང་བ་ནི། ཉི་མའི་དཀྱིལ་འཁོར་ཞེས་སོ། །དེ་ལས་ཟུང་འཇུག་ཏུ་བཞེངས་པ་ནི། སངས་རྒྱས་གཟུགས་ནི་ཞེས་སོ། །དེ་ཉིད་སྤྲུལ་སྐུ་སྟོབས་པོ་ཆེར་བསྒྱུར་བ་ནི། སྟོབས་པོ་ཆེ་ནི་ཞེས་སོགས་སོ། །རྡོ་རྗེ་གསུམ་གྱི་གནས་ནི་འོད་གསལ་བའོ། །དེ་ཉིད་སྙིང་པོ་ལེན་པས་ན་དཀྱིལ་འཁོར་ཏེ། དེ་ལས་བྱུང་བའོ། །རྡོ་རྗེ་གསུམ་གྱི་སྟོབས་ནི་རྡོ་རྗེ་སྤྱན་གསུམ་པ་སྟེ། དེ་སྟོན་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། དབྱུག་སྔོན་ཅན་གྱི་ཟློས་པ་པོས་སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི། ནམ་མཁའ་རྡོ་རྗེའི་ཞེས་སོ། །དེ་ཉིད་ལས་ལུགས་ལྡོག་གི་སྣང་བ་གསུམ་འབྱུང་བ་ནི། ཉི་མའི་དཀྱིལ་འཁོར་ཞེས་སོ། །དེ་ལས་ཟུང་འཇུག་ཏུ་བཞེངས་པ་ནི། སངས་རྒྱས་གཟུགས་ནི་ཞེས་སོ། །དེ་ཉིད་སྤྲུལ་སྐུ་དབྱུག་སྔོན་ཅན་དུ་བསྒྱུར་བ་ནི། རྡོ་རྗེ་སྔོན་པོ་ཞེས་སོགས་སོ། །རྡོ་རྗེས་མཚན་པའི་དབྱུག་པ་ནི་རྡོ་རྗེ་དབྱུག་པ་སྟེ། དེ་ཉིད་འདའ་བར་མི་བྱ་བས་ན་དམ་ཚིག་གོ །དེ་སྟོན་པར་བྱེད་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །མི་གཡོ་བའི་ཟློས་པ་པོས་སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི། ནམ་མཁའ་རྡོ་རྗེ་ཞེས་སོ། དེ་ལས་ལུགས་ལྡོག་གི་སྣང་བ་གསུམ་འབྱུང་བ་ནི། ཉི་མའི་དཀྱིལ་འཁོར་ཞེས་སོ། །དེ་ལས་ཟུང་འཇུག་ཏུ་བཞེངས་པ་ནི། སངས་རྒྱས་གཟུགས་ནི་ཞེས་སོ། །དེ་ཉིད་སྤྲུལ་སྐུ་མི་གཡོ་བར་བསྒྱུར་བ་ནི། མི་གཡོ་མཆོག་ནི་ཞེས་སོ། །རྡོ་རྗེ་ནམ་མཁའ་ནི་ཀུན་ཏུ་སྣང་བ་གསུམ་མོ། །དེའི་དབྱིངས་ནི་འོད་གསལ་བའོ། །དེ་ཉིད་ཀྱི་དམ་ཚིག་ཞབས་ཀྱིས་གནོན་པ་སྟེ། འོད་གསལ་ལས་ཟུང་འཇུག་ཏུ་ལྡང་བའོ། །ཏིང་ངེ་འཛིན་སྟོན་པ་ལ་དེ་སྐད་ཅེས་བྱའོ། །གཙུག་ཏོར་འཁོར་ལོས་སྒྱུར་བའི་ཟློས་པ་པོས་སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི། ནམ་མཁའ་རྡོ་རྗེའི་རྩེ་མོའོ། ། དེ་ལས་ལུགས་ལྡོག་གི་སྣང་བ་གསུམ་འབྱུང་བ་ནི། ཉི་མའི་དཀྱིལ་འཁོར་ཞེས་སོ། །དེ་ལས་ཟུང་འཇུག་ཏུ་བཞེངས་པ་ནི། སངས་རྒྱས་གཟུགས་ནི་ཞེས་སོ། །དེ་ཉིད་སྤྲུལ་སྐུ་གཙུག་ཏོར་དུ་བསྒྱུར་བ་ནི། རིག་པའི་འཁོར་ལོ་ཞེས་སོགས་སོ། །གཙུག་ཏོར་གྱི་དམ་ཚིག་ནི་རིག་པ་འཛིན་པའི་དམ་ཚིག་གོ །དེ་དང་ལྡན་པའི་སྟོབས་ཀྱིས་འཁོར་ལོ་ཅན་གྱི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །གནོད་མཛེས་ཀྱི་ཟློས་པ་པོས་སྒྱུ་ལུས་འོད་གསལ་དུ་བཅུག་པ་ནི། ནམ་མཁའ་རྡོ་རྗེ་ཞེས་སོ། །དེ་ཉིད་ལས་ལུགས་ལྡོག་གི་སྣང་བ་གསུམ་འབྱུང་བ་ནི། ཉི་མའི་དཀྱིལ་འཁོར་ཞེས་སོ། །དེ་ལས་ཟུང་འཇུག་ཏུ་བཞེངས་པ་ནི། སངས་རྒྱས་གཟུགས་ནི་ཞེས་སོ། །དེ་ཉིད་སྤྲུལ་སྐུ་གནོད་མཛེས་སུ་བསྒྱུར་བ་ནི། རྡོ་རྗེ་སུཾ་བྷ་ཞེས་སོགས་སོ། །རྡོ་རྗེའི་དམ་ཚིག་སུཾ་བྷ་ནི་གནོད་མཛེས་སོ། །དེ་རབ་ཏུ་འབྱུང་ཞིང་བསྐྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཏིང་ངེ་འཛིན་གཉིས་པོ་ཉེ་བར་བསྡུ་བ་ལ་གཉིས་ཀྱི། དྲང་དོན་དུ་བཤད་པས་སྔགས་ཀྱི་སྐུ་བསྐྱེད་པ་བསྡུ་བ་ནི། རྡོ་རྗེའི་དཀྱིལ་འཁོར་ཏེ་བཀའི་འཁོར་ལོ་འགྲུབ་པར་འགྱུར་རོ། བཀའི་འཁོར་ལོ་ཇི་ལྟ་བུ་ཞེ་ན། འགོག་པ་སྟེ་གསོད་པ་ལ་སོགས་པ་མངོན་སྤྱོད་ཀྱི་ལས་སོ། ཏིང་ངེ་འཛིན་གང་གིས་འགྲུབ་ཅེ་ན། གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོའི་འཁོར་ལོ་སྟེ་ཏིང་ངེ་འཛིན་གྱིས་འགྲུབ་པར་འགྱུར་རོ། །དེ་ཇི་ལྟ་བུ་ཞེ་ན། སངས་རྒྱས་ཏེ་ལྷ་རྣམས་ཀྱི་འཁོར་ལོ་བསྟེན་པ་སྟེ་བསྒོམ་པའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ཏིང་ངེ་འཛིན་ཡེ་ཤེས་རྡོ་རྗེ་རྣམས་ཞེས་ཏེ། སྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བ་ཅན་གྱི། གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ནས། དེར་ལྷག་མོས་མཛད་པ་དང་བཅས་པ་བསྒོམས་ཏེ། དོན་དམ་དཀྱིལ་འཁོར་དུ་བཅུག་ནས། དེ་བཞིན་ཉིད་ལས་བྱང་ཆུབ་པ་སྔོན་དུ་འགྲོ་བ་ཅན་གྱི་ཟླ་བ་ལས་བྱང་ཆུབ་པ་བསྒོམ་པ་ནི། ཏིང་ངེ་འཛིན་ཞེས་པའོ། །ཟླ་བའི་སྟེང་དུ་ས་བོན་འགོད་པ་སྔོན་དུ་འགྲོ་བ་ཅན་གྱི་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་དམིགས་པ་དང་དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་དེ་ལྟར་བསྐྱེད་དེ་ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོའི་བར་བསྒོམ་པ་ནི། རྡོ་རྗེ་ཡེ་ཤེས་རྣམས་ཞེས་པའོ། །དེ་ལྟར་དང་པོ་སྦྱོར་བའི་འོག་ཏུ་ཕྱག་རྒྱ་འདུ་བྱས་ཏེ་སྙོམས་པར་ཞུགས་པ་ལས། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་ནས། ལས་རྒྱལ་མཆོག་སྔར་བཤད་པའི་ཞི་སོགས་ཀྱི་ལས་བྱ་བར་འབྲེལ་ལོ། །ངེས་དོན་དུ་བཤད་པ་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་ཉེ་བར་བསྡུ་བ་ནི། སངས་རྒྱས་ཀྱི་འཁོར་ལོ་སྟེ་རྣམ་སྣང་ལ་སོགས་པའི་ཚོགས་རྣམས་ཀྱིས་བསྟེན་པའི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་བསམ་གཏན་གཉིས་ཀྱིས་འོད་གསལ་དུ་བཅུག་པ་ནི། འགོག་པ་སྟེ་དོན་དམ་པའི་བདེན་པའོ། །དེ་ཉིད་རང་བཞིན་གྱི་ལུས་ལ་རྒྱབ་ཀྱིས་ཕྱོགས་པའི་ཁྲོ་བོ་དང་། ཐ་མལ་པའི་ལུས་འཇོམས་པས་མཚོན་ཆ་དང་འདྲ་བས་ན་འཁོར་ལོའོ། །འོད་གསལ་ལས་ལྡང་བའི་རིམ་པ་སྟོན་པ་ནི། རྡོ་རྗེའི་དཀྱིལ་འཁོར་ནི་འོད་གསལ་ཡིན་ལ། དེ་ལས་ཟུང་འཇུག་ཏུ་ལྡང་བ་འགྲུབ་པར་འགྱུར་རོ། །ཐབས་གང་ལས་བརྟེན་ནས་ཤེ་ན། ཏིང་ངེ་འཛིན་རྡོ་རྗེ་ནི་འོད་གསལ་བའོ། །ཡེ་ཤེས་རྣམས་ནི་དེ་ལས་བྱུང་བའི་ལུགས་ལྡོག་གི་སྣང་བ་གསུམ་རླུང་དང་བཅས་པ་རྣམས་ཏེ། དེ་རྣམས་ལ་བརྟེན་ནས་སོ། །དེ་ནས་སྤྲུལ་སྐུར་བསྒྱུར་ཏེ། ཟུང་འཇུག་གི་དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་རྡོ་རྗེ་བཟླས་པའི་སྒོ་ནས་ཞི་སོགས་ཀྱི་ལས་བྱ་བར་འབྲེལ་ལོ། །ལེའུ་ཡི་མཚན་དོན་ནི། རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དམ་ཚིག་ནི་སྤྱན་ལ་སོགས་པའོ། །བཀོད་པ་ནི་ཁྲོ་བོ་རྣམས་ཏེ། དེ་རྣམས་བསྐྱེད་པར་བྱ་བའི་ཕྱིར། དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་ནི་འོད་གསལ་ལ་གནས་པའོ། །དེ་སྔོན་དུ་འགྲོ་བ་ཅན་གྱི་མངོན་པར་བྱང་ཆུབ་པ་ནི་ཕྱག་རྒྱ་ཆེན་པོ་རྫོགས་པ་སྟེ། དེ་སྟོན་པའི་གཞུང་གི་ཚོགས་ནི་དེ་སྐད་ཅེས་བྱ་བའི་ལེའུའོ། །ལེའུ་བཅུ་གསུམ་པའི་རྣམ་བཤད་དོ།། །།


previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅུ་གསུམ་པའི་རྣམ་བཤད།next