Nitartha Digital Library
Tibetan
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅུ་བཞི་པའི་རྣམ་བཤད།
   
   
   


 
previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅུ་བཞི་པའི་རྣམ་བཤད།next

གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅུ་བཞི་པའི་རྣམ་བཤད།

སྔགས་སྨྲ་བ་རྣམ་པ་བཞིའི་སྔགས་ཀྱི་མིང་དང་། སྔགས་ཀྱི་དོན་དང་། སྔགས་སྤེལ་བ་དང་། སྒྲ་ཡངས་པ་ཤུབ་བུའི་བཟླས་པའོ། །རྗེས་སུ་གཞོལ་བ་རྣམས་ལ། ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་ཉམས་སུ་བླང་བར་བྱའོ་ཞེས་བསྟན་པའི་ཕྱིར། ལེའུ་བཅུ་བཞི་པ་འཆད་པ་ལ་གཉིས་ཀྱི། བསྡུས་པའི་དོན་ནི། ལེའུ་འདིས་གཙོར་སྔགས་ཀྱི་ལས་སྒྲུབ་པ་སྟོན་ཏེ། དེའང་སྟོད་ནས་སྔགས་ཀྱི་རིག་པས་ལས་བསྒྲུབ་པ་སྟོན། རྐེད་ནས་བསམ་གཏན་གྱི་ལས་སྒྲུབ་པ་དང་། སྔགས་ཀྱི་རིག་པ་གཞན་སྟོན། སྨད་ནས་གདུག་པ་འདུལ་བའི་རིམ་པ་དང་། ཕར་བུས་གདབ་པའི་ཆོ་ག་སྟོན་ནོ། །ཡན་ལག་གི་དོན་ལ་ལྔ་སྟེ། སྔགས་ཀྱི་ལས་དང་། བསམ་གཏན་གྱི་ལས་དང་། སྔགས་ཀྱི་རིག་པ་གཞན་དང་། གདུག་པ་འདུལ་བའི་ཆོ་ག་དང་། གཞུང་ཉེ་བར་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ལས་ཚོགས་ཀྱི་གོ་རིམ་བསྟན་པ་དང་། སྔགས་ཀྱི་ལས་བསྒྲུབ་པ་དངོས་སོ། །ལས་ཚོགས་ཀྱི་གོ་རིམ་བསྟན་པ་ལ་གཉིས་ཀྱི། བསྐྱེད་རིམ་པའི་ལས་བསྒྲུབ་པའི་གོ་རིམ་ནི་བཤད་པའི་རྒྱུད་ལས། ཞི་བ་དང་ནི་རྒྱས་པ་དག །ཟླ་བ་ཡར་གྱི་ངོ་ལ་བྱ། །དབང་དང་མངོན་སྤྱོད་ལ་སོགས་པ། །ཟླ་བ་མར་གྱི་ངོ་ལ་བརྩམ། །བྱང་དུ་ཁ་བལྟས་ཞི་བ་ལ། །དེ་བཞིན་རྒྱས་ལ་ཤར་དུ་བལྟ། །དྲག་པོའི་ལས་ལ་ལྷོ་ཕྱོགས་སུ། །དབང་གི་ལས་ལ་ནུབ་ཏུ་བལྟ། །གསོད་པ་ཉིད་ལ་མེ་ཡི་ཕྱོགས། །སྡང་འབྱེད་བར་བྱེད་ལ་བདེན་བྲལ་དུ། །གནས་ལས་བསྐྲད་པ་རླུང་གི་ཕྱོགས། །གནོན་པ་ལ་ནི་དབང་ལྡན་ཕྱོགས། །ཞི་ལ་ཁ་དོག་དཀར་པོ་སྟེ། །རྒྱས་པ་ལ་ནི་སེར་པོ་བྱ། །དབང་དང་དགུག་པ་དག་ལ་དམར། ཁ་དོག་ནག་པོ་གསོད་པ་ལ། །དགའ་བའི་སེམས་ཀྱིས་རྒྱས་པ་ལ། །ཆགས་པའི་སེམས་ཀྱིས་དབང་དག་ལ། ཁྲོས་པའི་སེམས་ཀྱིས་གསོད་པ་ལའོ། །ཞི་བ་ཕལ་ཆེར་སྲོད་ལ་བྱ། །དེ་བཞིན་རྒྱས་པ་སྔ་དྲོ་བྱ། །དབང་དང་མངོན་སྤྱོད་དག་གི་ལས། །ཉི་མ་དགུང་དང་མཚན་ཕྱེད་ལའོ། །ཞེས་དུས་ཀྱི་ཁྱད་པར་དང་། ཕྱོགས་ཀྱི་ཁྱད་པར་དང་། ཁ་དོག་གི་ཁྱད་པར་དང་། བསམ་པའི་ཁྱད་པར་དང་བཞི་དགོངས་པ་ལུང་སྟོན་ནས་བཤད་ལ། གནས་ཀྱི་ཁྱད་པར་དང་། ཡུལ་གྱི་ཁྱད་པར་དང་། ཁ་ཟས་ཀྱི་ཁྱད་པར་དང་། ཆོ་གའི་ཁྱད་པར་དང་བཞི་ནི་རྒྱུད་འདི་ཉིད་ནས་བཤད་དེ། གནས་ཀྱི་ཁྱད་པར་ནི། དགོན་པ་ཆེན་པོའི་ས་ཕྱོགས་ནི། །མེ་ཏོག་འབྲས་བུ་རྣམས་ཀྱིས་བརྒྱན། །ཞེས་སོགས་བཤད་དོ། །ཡུལ་གྱི་ཁྱད་པར་ནི། མ་དད་སྨྲ་བའི་སེམས་ཅན་དང་། །ཞེས་སོགས་མངོན་སྤྱོད་ཀྱི་ཡུལ་བཤད་པས་མཚོན་ནས་གཞན་ཡང་ཤེས་པར་བྱའོ། ཁ་ཟས་ཀྱི་ཁྱད་པར་ནི། ཤ་ཆེན་དམ་ཚིག་དག་གི་ནི། །ཞེས་སོགས་བཤད་ཅིང་། ཆོ་གའི་ཁྱད་པར་ནི། ཞི་བ་ལ་སོགས་པའི་ལས་ཐ་དད་པ་ལ་ཆོ་ག་ཡང་མི་འདྲ་བ་ཐ་དད་པ་བཤད་དོ། །དེ་ལྟར་ན་བསྐྱེད་རིམ་པས་ཇི་སྐད་བཤད་པའི་ཁྱད་པར་བརྒྱད་ཀྱི་སྒོ་ནས་ཞི་སོགས་ཀྱི་ལས་བསྒྲུབ་པར་བྱའོ། །རྫོགས་རིམ་པའི་ལས་སྒྲུབ་པའི་གོ་རིམ་ནི། བཤད་པའི་རྒྱུད་ལས། ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་ནང་གི་བདག་ཉིད་ཅན་གྱི་དུས་ཞེས་གང་ལ་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཕྱག་ན་རྡོ་རྗེ་ནང་གི་བདག་ཉིད་ཀྱི་དུས་ནི། གསང་བ་ཆེན་པོ་ཤིན་ཏུ་གསང་བ་ཤིན་ཏུ་ཕྲ་བ་བྱང་ཆུབ་ཀྱི་སེམས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཏེ། སེམས་ཅན་བསྒྲལ་ཕྱིར་ཡེ་ཤེས་ཡིན། །སྔགས་རྣམས་སྒྲུབ་པ་དངོས་གྲུབ་ཡིན། །ཞི་དང་རྒྱས་པའི་ལས་དག་དང་། དེ་བཞིན་དབང་དང་མངོན་སྤྱོད་ལ། །བཅོམ་ལྡན་གཟུང་མིན་ཞི་བ་སྟེ། །སེམས་དབྱིངས་དེ་བཞིན་གཤེགས་པ་ཡིན། །མེ་ཏོག་ལ་དྲི་ཇི་ལྟ་བར། །དེ་བཞིན་འགྲོ་བའི་སྙིང་ལ་གནས། །རིམ་ནི་གོ་རིམ་ཇི་བཞིན་དུ། །ཐུན་ཕྱེད་ཀྱི་ནི་དུས་སུ་གནས། །མེ་དང་རླུང་དང་དབང་ཆེན་དང་། །ཆུ་སྟེ་སོ་སོའི་དཀྱིལ་འཁོར་ཏེ། །ནག་དང་སེར་དང་དམར་པོ་སྟེ། །དཀར་པོ་ཉིད་དེ་མདོར་བསྡུས་པའོ། །ཞེས་གསུངས་སོ། །དེ་ལ་ནང་གི་བདག་ཉིད་ཀྱི་དུས་ནི་རླུང་གི་དེ་ཁོ་ན་ཉིད་དེ། དེ་ནི་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པས་གསང་བ་ཆེན་པོའོ། །བསྐྱེད་རིམ་པའི་ཡུལ་མ་ཡིན་པས་ཤིན་ཏུ་གསང་བ་རྟོགས་པར་དཀའ་བས་ན་ཤིན་ཏུ་ཕྲ་བའོ། །སེམས་སྣང་བ་གསུམ་དང་འགྲོགས་ཏེ་འཁོར་འདས་ཀུན་གྱི་རྒྱུ་བྱེད་པས་ན། བྱང་ཆུབ་ཀྱི་སེམས་ཀྱིས་ཞེས་སོ། །མཆོག་གི་དངོས་གྲུབ་ཀྱི་རྒྱུ་བྱེད་པས་ན། སེམས་ཅན་སྒྲོལ་ཕྱིར་ཞེས་སོ། །ཐུན་མོང་གི་དངོས་གྲུབ་ཀྱི་རྒྱུ་བྱེད་པས་ན་སྔགས་རྣམས་ཞེས་སོ། །དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཡིན་པས་ན་བཅོམ་ལྡན་འདས་སོ། །ཕྲ་བས་ན་གཟུང་བ་མིན་པའོ། །དེ་ཉིད་ཀྱིས་ན་ཞི་བའོ། །སེམས་དབྱིངས་ནི་འོད་གསལ་ཏེ། དེ་ལས་བྱུང་ཞིང་དེར་ཐིམ་པས་ན་དེ་བཞིན་གཤེགས་པའོ། །མེ་ཏོག་དང་དྲི་ཇི་བཞིན་དུ་རླུང་སེམས་དབྱེར་མེད་འབྲལ་མི་རུང་དུ་གནས་པས་ན་མེ་ཏོག་ལ་དྲི་ཞེས་སོ། །གོ་རིམ་དང་ཡུན་ཇི་ཙམ་དུ་རྒྱུ་བ་ནི། རིམ་ནི་ཞེས་སོགས་ཏེ། ཆུའི་དཀྱིལ་འཁོར་ཁ་དོག་དཀར་པོ་དགུ་བརྒྱ་པ་ཕྲག་གཅིག་རྒྱུ་བའི་དུས་སུ། ཞི་བ་ཆེན་པོའི་ལས་བྱེད་པ་སོགས་ནི་གོ་སླའོ། །སྔགས་ཀྱི་ལས་སྒྲུབ་པ་དངོས་ལ་གཉིས་ཏེ། ལྷ་མོའི་རིག་པས་སྒྲུབ་པ་དང་། ཁྲོ་བོའི་རིག་པས་སྒྲུབ་པའོ། །ལྷ་མོའི་རིག་པས་སྒྲུབ་པ་ལ་བཞི་སྟེ། སངས་རྒྱས་སྤྱན་གྱིས་ནད་ཞི་བར་བྱ་བ་དང་། མཱ་མ་ཀིས་བགེག་བསལ་བ་དང་། གོས་དཀར་མོས་ལུས་ལ་སོགས་པ་རྒྱས་པར་བྱ་བ་དང་། སྒྲོལ་མས་རྒྱལ་པོ་ལ་སོགས་པ་དབང་དུ་བྱའོ། །དང་པོ་ནི། ལེའུ་བཅུ་གསུམ་པ་རྫོགས་པའི་རྗེས་དེ་ནས། བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར། བཅོམ་ལྡན་འདས་ཇི་ལྟ་བུ་ཞེ་ན། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་དང་། དམ་ཚིག་སྟེ་ལྷ་མོ་རྣམས་ཀྱི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོའོ། །ཏིང་ངེ་འཛིན་ཇི་ལྟ་བུ་ཞེ་ན། རིམས་ལ་སོགས་པ་ཞི་བའི་དམ་ཚིག་མཆོག་ཅེས་བྱ་བ་ལའོ། །གང་ཞིག་ཞེ་ན། དེ་བཞིན་གཤེགས་པ་སྟེ་སྒྲུབ་པ་པོ་ཐམས་ཅད་ཀྱིས་གཟུང་བར་བྱ་བས་ན་བཙུན་མོ་སྟེ། འོག་ནས་འབྱུང་བའི་གཟུངས་འདི་ཉིད་དོ། །གང་ལས་ན། སྐུ་ལ་སོགས་པ་ལས་སོ། །གཟུངས་ནི་ༀ་ཞེས་སོགས་ཏེ། འདི་ལ་སྔགས་ཀྱི་མིང་དང་དོན་དང་སྔགས་སྤེལ་བ་གསུམ་གྱིས་ཤེས་པར་བྱ་བ་སྟེ། མིང་ནི་སྦྲུལ་ཞེས་བྱ་སྟེ། རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས། ཐོག་མར་ༀ་ལྡན་ཐ་མར་ནི། །སྭཱ་དྷཱ་ཡང་དག་ལྡན་པ་ནི། །སྦྲུལ་ཏེ་ཞི་བའི་ལས་ཅན་དུ། །སྔགས་སྟོན་རྣམས་ཀྱིས་ཤེས་པར་བྱ། །ཞེས་གསུངས་པས་སོ། །སྔགས་ཀྱི་དོན་ནི། སྔགས་རྣམས་ཀྱི་བརྗོད་བྱའི་དོན་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་སྟེ། འདི་དང་འོག་ནས་འབྱུང་བའི་སྔགས་ཐམས་ཅད་ཀྱི་དོན་འགྲེལ་པར་གསལ་བར་བཤད་པས། དེ་ཉིད་དུ་ཤེས་པར་བྱའོ། །སྔགས་སྤེལ་བ་ནི། འདི་ཞི་བའི་ལས་ཡིན་པས་སྭཱདྷཱི་སྔོན་དུ་འགྲོ་བའི་ཆེ་གེ་མོ་ཤནྟིཾ་ཀུ་རུ་ཞེས་བྱའོ། །ལས་སྦྱོར་དངོས་ནི། བསྙེན་པ་ལས་སུ་རུང་ཞིང་རིག་པའི་བརྟུལ་ཞུགས་ལ་སྦྱང་བར་བྱས་པ། རང་གི་ལྷའི་མཚན་སྔགས་སམ། རུ་རུ་སྤུ་རུའི་ཕྲེང་སྔགས་འབུམ་ཕྲག་གཅིག་བཟླས་པས་ལྷ་མཉེས་པར་བྱ་ཞིང་། སྔགས་དེས་སྦྱིན་སྲེག་ཁྲི་ཕྲག་ཏུ་བྱས་པས་ལྷ་ཚིམས་པར་བྱས་པའི་རྣལ་འབྱོར་པས། སངས་རྒྱས་སྤྱན་གྱི་རིག་པ་ལ་བརྟེན་ནས་ཞི་བའི་ལས་བསྒྲུབ་པར་འདོད་ན། སྔར་བཤད་པའི་ཞི་བའི་ལས་ཀྱི་ཁྱད་པར་བརྒྱད་དང་ལྡན་པའི་སྒོ་ནས་བྱ་སྟེ། དེ་ལ་ཆོ་གའི་ཁྱད་པར་རྣམ་པར་སྣང་མཛད་ཀྱི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ནི། རང་གི་སྙིང་ཁའི་ཡེ་ཤེས་སེམས་དཔའི་ཐུགས་ཁར། ཟླ་བའི་དཀྱིལ་འཁོར་གྱི་སྟེང་གི་འཁོར་ལོ་ལ་ཏིང་ངེ་འཛིན་སེམས་དཔའ་ༀ་བསམ་ལ། དེ་ལ་རུ་རུ་སྤུ་རུ་ལ་སོགས་པའི་སྔགས་ཕྱུང་སྟེ། སྦྲུལ་འཁྱིལབ་ལྟར་གཡས་སྐོར་དུ་མགོ་གྱེན་ལ་བསྟན་པ་ཁ་དོག་དཀར་པོ་བཀོད་པ། མདུན་དུ་སྒྲུབ་བྱ་ཟླ་བའི་སྟེང་དུ་བསམ་ལ། སྔགས་ཀྱི་ཕྲེང་བ་མུ་ཏིག་སྟར་ལ་བརྒྱུས་པ་བཞིན་དུ། རང་གི་སྣ་བུག་གཡོན་པ་ནས་ཕྱུང་སྟེ་བསྒྲུབ་བྱའི་སྣ་བུག་གཡས་པ་ནས་བཙུགས་ལ། སྙིང་ཁར་བཀོད་པའི་འོད་ཀྱིས་བསྒྲུབ་བྱའི་ལུས་ཀྱི་ནད་དང་། སེམས་ཀྱི་སྒྲིབ་པ་ལ་སོགས་པ་ཤ་ཟའི་གཟུགས་སུ་སྣ་བུག་གཡོན་པ་ནས་ཕྱིར་བྱུང་བར་བསམས་ཏེ། ཞག་བདུན་གྱི་བར་དུ་བཟླས་ན། ནད་དང་རིམས་པ་སོགས་པ་ལས་ཐར་པར་འགྱུར་རོ། །ཕན་ཡོན་བསྟན་པ་ནི། དེ་ནས་གཟུངས་འདི་གསུངས་པ་ཙམ་གྱིས་འབྱོར་པ་ཀུན་ལ་དགེས་པ་སྟེ། སེམས་ཅན་ཐམས་ཅད་ནད་མེད་པར་བཞེད་པ་རྣམས་སངས་རྒྱས་རྡོ་རྗེ་སྟེ། རྣམ་སྣང་རྗེས་སུ་དྲན་པས་མཉེས་ཤིང་རབ་ཏུ་དགེས་ནས་རྩེ་གཅིག་པ་ཐོབ་པར་འགྱུར་རོ། །སྔགས་ཀྱི་ནུས་པ་ཅི་ཞེ་ན། ཞི་བ་ལ་སོགས་པའི་ལས་འདོད་པའི་སངས་རྒྱས་ཏེ་སྒྲུབ་པོ་རྣམས་ཀྱི། ནད་སོགས་ཀྱི་ཞི་བའི་ལས་འབྱུང་ཞིང་། དེར་མ་ཟད་བསྐུལ་བ་དང་། ཁ་དོག་དང་། བསམ་པའི་བྱེ་བྲག་ཐ་དད་པས་བཟླས་ན། དབང་ལ་སོགས་པ་ལས་ཐམས་ཅད་རབ་ཏུ་འགྲུབ་པར་འགྱུར་རོ། །རྡོ་རྗེ་དམ་ཚིག་སྟེ། རྣམ་པར་སྣང་མཛད་བསྐུལ་བར་མཛད་པ། གཟུངས་འདི་ནི་ཤི་བ་སློང་བར་བྱེད་པས་ན། ཤི་བ་སོས་པར་བྱེད་པར་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །མཱ་མ་ཀིའི་རིག་པས་བགེགས་བསལ་བའི་སྦྱོར་བ་ནི། དེ་ནས་བཅོམ་ལྡན་འདས་སྐུ་གསུམ་གྱི་དམ་ཚིག་རྡོ་རྗེ་ཁྲོ་བོ་སྟེ་རྡོ་རྗེ་འཆང་ཆེན་པོ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར་རོ། །ཏིང་ངེ་འཛིན་གང་ལ་ན། དངོས་པོ་ནི་བགེགས་རྣམས་ཡིན་ལ། དངོས་པོ་མེད་པ་ནི་དེ་མེད་པར་བྱེད་པའི་དམ་ཚིག་རྡོ་རྗེ་ཞེས་བྱ་བ་ལའོ། །གང་ཞིག་ན། གདུག་པ་རྣམས་འཇིགས་པར་མཛད་པའི་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་དང་འདྲ་བར་གཟུངས་ཐམས་ཅད་ཀྱི་གཙོ་བོར་གྱུར་པའི་གཟུངས་དེའོ། །གང་ལས་ན། ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྔགས་ནི་ༀ་ཞེས་སོགས་སོ། །མིང་ནི་སྦྲུལ་ལོ། །སྤེལ་བ་ནི། སྭཱ་དྷཱི་སྔོན་དུ་འགྲོ་བས་ཆེ་གེ་མོ་རཀྵ་རཀྵ་ཞེས་བྱའོ། །དེའང་བསྙེན་པ་ལས་སུ་རུང་ཞིང་། མཱ་མ་ཀིའི་སྔགས་དང་། སྦྱིན་སྲེག་ཚད་ལྡན་བྱས་པའི་རྣལ་འབྱོར་པ་མཱ་མ་ཀིའི་རིག་པས་བགེགས་བསལ་བར་འདོད་ན། མི་བསྐྱོད་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ཏེ། ལས་རྒྱལ་མཆོག་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཁའི་ཉི་མའི་སྟེང་གི་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ལས་ༀ་ཤཾ་ཀ་རའི་སྔགས་ཕྱུང་ལ། དེ་ཉིད་ལ་སྦྲུལ་འཁྱིལ་བའི་ཚུལ་དུ་བཀོད་དེ། སྔགས་དེ་མིང་དང་སྤེལ་ཏེ་བཟླས་པས། སྔགས་མུ་ཏིག་སྟར་ལ་བརྒྱུས་པ་ལྟ་བུ་རང་གི་སྣ་བུག་གཡས་པ་ནས་བྱུང་ནས། བསྒྲུབ་བྱའི་སྣ་བུག་གཡོན་པ་ནས་ཞུགས་ཏེ། སྙིང་ཁར་ཉི་མའི་དཀྱིལ་འཁོར་ལ་བཀོད་ལ། སྔགས་ཀྱི་འོད་ཟེར་གྱིས་བསྒྲུབ་བྱའི་ལུས་ལ་འཚེ་བའི་བགེགས་དང་ལོག་འདྲེན་ཐམས་ཅད་བསྲེག་ཤིང་ཐལ་བར་བྱས་པར་བསམ། སླར་སྔགས་ཀྱི་འོད་ཟེར་བ་སྤུའི་བུ་ག་ཐམས་ཅད་ནས་ཕྱི་རུ་འཕྲོས་པས། ཕྱི་རོལ་གྱི་བགེགས་ཐམས་ཅད་ཚར་བཅད་དེ། སླར་འོད་ཟེར་འདུས་ཏེ་བདག་གི་ལུས་ལ་བཅུག་པས། རྡོ་རྗེའི་གོ་ཆར་གྱུར་ཞིང་། རྡོ་རྗེའི་གོ་ཆའི་བར་རྣམས་ཁྲོ་ཆུང་གིས་གང་བར་བསམ་མོ། །དེ་ལྟར་ཞག་བདུན་ལ་སོགས་པ་བྱས་ན། བགེགས་ཐམས་ཅད་ཀྱིས་མི་ཚུགས་ཤིང་ནུས་པ་ཆེན་པོ་དང་ལྡན་པར་འགྱུར་རོ། །ཕན་ཡོན་ནི། དེ་ནས་གཟུངས་འདི་གསུངས་པ་ཙམ་གྱིས། སེམས་ཅན་རྣམས་ཀྱིས་མི་ཕྱེད་པའི་རྡོ་རྗེའི་ལུས་ལ་ལྡན་པས་ན། སྐུ་གསུམ་དབྱེར་མེད་རྡོ་རྗེ་ཅན་ཏེ། སྒྲུབ་པ་པོ་རྣམས་མཉེས་པའི་སྤྱན་གདངས་ནས། རྡོ་རྗེ་ཐུགས་ཏེ་མི་བསྐྱོད་པ་རྗེས་སུ་དྲན་ནོ། །སྔགས་ཀྱི་ནུས་པ་ཅི་ཞེ་ན། རྡོ་རྗེ་བསྲུང་བ་སྟེ། བདུད་ལ་སོགས་པ་བསྲུང་བའི་སྦྱོར་བ་ལ་མངོན་པར་འདོད་པའི་ལས་རྣམས་ཐམས་ཅད་དུས་རྟག་ཏུ་བསྒྲུབ་པ་བྱེད་པར་འགྱུར་རོ། །གཞན་ཡང་རྡོ་རྗེ་ཆེན་པོ་སྟེ་བགེགས་དང་ལོག་འདྲེན་རྣམས་ཀྱིས་འཇིགས་ཤིང་ཉེན་པ་རྣམས་ལ་རྟག་ཏུ་བགེགས་གཞན་གྱིས་མི་ཐུབ་པའི་སྟོབས་ནི་བྱེད་པར་བཤད་དོ། །གོས་དཀར་མོའི་རིག་པས་ལུས་ལ་སོགས་པ་རྒྱས་པར་བྱ་བའི་སྦྱོར་བ་ནི། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་འདོད་ཆགས་ཆེན་པོའི་དམ་ཚིག་ནི་འོད་དཔག་ཏུ་མེད་པ་སྟེ། ཏིང་ངེ་འཛིན་གང་གིས་དེ་གཟིགས་ཤིང་ཡུལ་དུ་བྱས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར་རོ། །གང་ཞིག་ན་ཆོས་ཀྱི་སྐུའི་བཙུན་མོ་ནི། པད་མའི་རིགས་ཀྱི་ལྷ་མོ་རྣམས་ཏེ། དེ་རྣམས་ཀྱི་མཆོག་ཏུ་གྱུར་པའི་གཟུངས་འདིའོ། །གང་ལས་ན། ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྔགས་ནི་ༀ་ཞེས་སོགས་སོ། །མིང་ནི་སྦྲུལ་ལོ། །སྤེལ་བ་ནི། སྭཱ་དྷཱི་སྔོན་དུ་འགྲོ་བས། ཆེ་གེ་མོ་པུཥྚིཾ་ཀུ་རུ་བོ་ཥཊ་ཞེས་བྱའོ། །དེ་ཡང་གོས་དམར་མོའི་རིག་པས་ལུས་རྒྱས་པ་སོགས་བྱར་འདོད་ན། རྒྱས་པའི་ལས་ཀྱི་ཁྱད་པར་བརྒྱད་དང་ལྡན་པའི་སྒོ་ནས་བྱ་སྟེ། དེ་ལ་ཆོ་གའི་ཁྱད་པར་ནི། འོད་དཔག་ཏུ་མེད་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ཡེ་ཤེས་སེམས་དཔའི་ཐུགས་ཁའི་པད་མའི་སྟེང་གི་ཏིང་ངེ་འཛིན་སེམས་དཔའ་ལ་ཨ་ལས་ༀ་ག་ཏེ་ཞེས་པ་ཕྱུང་སྟེ། སྦྲུལ་འཁྱིལ་བའི་ཚུལ་དུ་བཀོད་ལ། སྒྲུབ་བྱ་མདུན་དུ་པད་མའི་སྟེང་དུ་བསམས་ཏེ། སྔགས་མིང་དང་སྤེལ་ནས་བཟླས་པས། བདག་གི་ཏིང་ངེ་འཛིན་སེམས་དཔའ་ལས་འོད་ཟེར་གྱི་ཕྲེང་བ་སེར་པོ་སྣ་བུག་གཡས་པ་ནས་གོས་དཀར་མོའི་རང་བཞིན་སྤྲོས་ལ། སྒྲུབ་བྱའི་སྣ་བུག་གཡོན་པ་ནས་ཞུགས་ཏེ། སྙིང་ཁར་ཟླ་བ་སེར་པོའི་སྟེང་དུ་བཀོད་ལ། སྔགས་ཀྱི་ཕྲེང་བ་ལ་འོད་ཟེར་སེར་པོ་འཕྲོས་པས། སྒྲུབ་བྱའི་དབུལ་བ་དང་། སེར་སྣ་ལ་སོགས་པའི་དྲི་མ་ཐམས་ཅད་བསྲེག་པར་བསམ་ཞིང་། ལུས་འོད་ཟེར་སེར་པོས་བཀང་ནས། སྔགས་ཀྱི་འོད་ཟེར་སེར་པོ་ཕྱི་རོལ་དུ་སྤྲོས་པས། འོད་ཟེར་དེ་ལས་ནོར་དང་འབྲུ་ལ་སོགས་པ་ཆར་བཞིན་འབབ་པར་བསམ་མོ། །དེ་ལྟར་ཞག་བདུན་ལ་སོགས་པ་བྱས་པས། ནོར་ལ་སོགས་པ་འཕེལ་བར་འགྱུར་རོ། །ཡང་སྒྲུབ་བྱ་གསུང་རབ་ཀྱི་དོན་ཤེས་པའི་ཡེ་ཤེས་སྤེལ་བར་འདོད་ན། རང་གི་ཏིང་ངེ་འཛིན་སེམས་དཔའ་ལས་སྤྲོས་པའི་ཨཱ་ལྀ་ཀཱ་ལྀའི་སྔགས་ཕྲེང་བསྒྲུབ་བྱའི་སྙིང་ཁར་བཀོད་ལ། དེས་གསུང་རབ་ལ་རྨོངས་པའི་སྡིག་པའི་དྲི་མ་ཐམས་ཅད་བསྲེགས་ཏེ། ལུས་ཐམས་ཅད་ཨཱ་ལི་ཀཱ་ལིས་བཀང་ལ། དེ་ལས་ཕྱི་རོ་དུ་ཨཱ་ལྀ་ཀཱ་ལྀའི་འོད་ཟེར་སྤྲོས་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་གསུང་ཐམས་ཅད་ཨཱ་ལྀ་ཀཱ་ལྀའི་རང་བཞིན་དུ་བསྡུས་ནས། སྒྲུབ་བྱ་ལ་བཅུག་པས་བསྒྲུབ་བྱའི་ཤེས་རབ་འཕེལ་བར་འགྱུར་རོ། །ཕན་ཡོན་ནི། དེ་ནས་གཟུངས་འདི་གསུངས་པ་ཙམ་གྱིས། རྡོ་རྗེ་ཆོས་མཆོག་འཛིན་པ་སྟེ། པད་མའི་རིགས་ལ་མོས་པ་རྣམས་མཉེས་ཤིང་རྩེ་གཅིག་པའི་བསམ་གཏན་ཐོབ་ནས། རྡོ་རྗེ་ཆོས་ཏེ་འོད་དཔག་ཏུ་མེད་པ་རྗེས་སུ་དྲན་པར་འགྱུར་རོ། །སྔགས་ཀྱི་ནུས་པ་ཅི་ཞེ་ན། རྟག་ཏུ་གསུང་རབ་ཡན་ལག་དགུའི་ཆོས་དང་། ལུས་རྒྱས་ཤིང་སྟོབས་ཏེ་བྱ་བ་རྣམས་ལ་སྤྲོ་བ་དང་། ནོར་དང་འབྲུ་ལ་སོགས་པའི་མཛོད་ཆེན་པོ་དང་ལྡན་པར་འདོད་པ་རྣམས་ཀྱིས། རྡོ་རྗེ་གསུང་གི་བཀའ་བཞིན་དུ་གཟུངས་འདི་བཟླས་ཤིང་བཏོན་པ་ཙམ་གྱིས་མངོན་པར་འདོད་པ་བྱེད་པར་འགྱུར་རོ། །སྒྲོལ་མའི་རིགས་ལས་རྒྱལ་པོ་ལ་སོགས་པ་དབང་དུ་བྱ་བའི་སྦྱོར་བ་ནི། དེ་ནས་བཅོམ་ལྡན་འདས་དམ་ཚིག་ཀུན་ནས་འབྱུང་བ་ནི་དོན་ཡོད་གྲུབ་པ་སྟེ། དེ་གང་དུ་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར་རོ། །གང་ཞིག་ན། དམ་ཚིག་སེམས་དཔའི་བཙུན་མོ་ནི། དོན་ཡོད་གྲུབ་པའི་རིགས་ཀྱི་ལྷ་མོ་རྣམས་ཏེ། དེ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་སྒྲོལ་མའི་གཟུངས་འདིའོ། །གང་ལས་ན། ཉིད་ཀྱི་སྐུ་སོགས་པ་ལས་སོ། །གཟུངས་ནི་ༀ་ཞེས་སོགས་ཏེ། མིང་ནི་སྦྲུལ་ལོ། །སྤེལ་བ་ནི། སྭཱ་དྷཱི་སྔོན་དུ་འགྲོ་བས་ཆེ་གེ་མོ་བ་ཤ་མ་ན་ཡ་ཞེས་བྱའོ། །དེ་ཡང་བསྙེན་པ་ལས་སུ་རུང་བས་དབང་གི་ཁྱད་པར་བརྒྱད་དང་ལྡན་པས་བསྒྲུབ་སྟེ། ཆོ་གའི་ཁྱད་པར་དོན་ཡོད་གྲུབ་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ནི། རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཁའི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་རལ་གྲིའི་ལྟེ་བ་ལ་ཏིང་ངེ་འཛིན་སེམས་དཔའ་ཧ་ལས་ༀ་ཏ་རེའི་སྔགས་ཕྱུང་སྟེ། སྦྲུལ་འཁྱིལ་བའི་ཚུལ་དུ་གཡས་བསྐོར་དུ་ཁ་དོག་དམར་པོ་བཀོད་ལ། བསྒྲུབ་བྱ་མདུན་དུ་སྣ་ཚོགས་རྡོ་རྗེ་ལ་འདུག་པར་བསམས་ཏེ། སྔགས་སྤེལ་ཚིག་དང་བཅས་པ་ཟློས་ཤིང་། ཏིང་ངེ་འཛིན་སེམས་དཔའ་ལས། བདག་གི་སྣ་བུག་གཡས་པ་ནས། སྔགས་ཀྱི་ཕྲེང་བ་དམར་པོ་སྒྲོལ་མའི་རང་བཞིན་ཅན་བྱུང་སྟེ། བསྒྲུབ་བྱའི་སྣ་བུག་གཡོན་པར་ཞུགས་ནས། སྙིང་ཁར་ཟླ་བ་དམར་པོའི་སྟེང་དུ་བཀོད་ལ་དེ་ལ་འོད་ཟེར་དམར་པོ་འཕྲོས་པས། བདག་ལ་མ་དད་པའི་སྡིག་པ་དང་དྲི་མ་དག་པར་བྱས་ཏེ། ལུས་འོད་ཟེར་དམར་པོས་གང་བར་བསམས་ལ། བྱང་ཆུབ་ཀྱི་སེམས་འོད་ཟེར་དམར་པོ་དེས། མྱོས་ཤིང་དྲན་པ་མེད་པར་བྱས་ཏེ་རིམ་གྱིས་བདག་གི་གན་དུ་འོང་བར་བསམས་ན། ཞག་བདུན་ལ་སོགས་པས་དབང་དུ་འགྱུར་རོ། །ཕན་ཡོན་ནི། དེ་ནས་གཟུངས་འདི་གསུངས་པ་ཙམ་གྱིས། སངས་རྒྱས་ཀུན་ནི་དོན་ཡོད་གྲུབ་པའོ། །དེའི་བདག་ཉིད་ཆེ་ལས་སྐྱེས་པ་ནི། དེ་ལ་ལྷག་པར་མོས་པ་རྣམས་ཏེ། དེ་དག་མཉེས་ཤིང་རྩེ་གཅིག་པའི་ཡེ་ཤེས་ཐོབ་པར་གྱུར་ནས། རྡོ་རྗེའི་སྐུ་སྟེ་དོན་ཡོད་གྲུབ་པ་རྗེས་སུ་དྲན་ཞིང་བསྒོམ་མོ། །སྔགས་ཀྱི་ནུས་པ་ཅི་ཞེ་ན། སངས་རྒྱས་རྡོ་རྗེ་སྟེ་སྐྱེས་བུའི་གཙོ་བོ་སྙིང་སྲ་བ་རྣམས་དང་། སྡེ་ཆེན་སྟེ་རྒྱལ་པོ་དང་། སེམས་ཅན་ཁམས་ཏེ་འཇིག་རྟེན་ཐ་མལ་པ་རྣམས། སྐད་ཅིག་གིས་ཏེ་འཕྲལ་དུ་བྲན་བཞིན་དུ་ཐམས་ཅད་གཡོ་བ་མེད་པར། སྒྲུབ་པ་པོས་དབང་དུ་བྱེད་པར་འགྱུར་རོ། །ཁྲོ་བོའི་རིག་པས་ལས་བསྒྲུབ་པ་ལ་དགུ་ཡོད་པའི། གཤིན་རྗེ་གཤེད་ཀྱི་རིག་པས་སྐྱེས་པ་དང་བུད་མེད་དགུག་པའི་སྦྱོར་བ་ནི། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ། དེ་བཞིན་གཤེགས་པ་དྲི་མ་མེད་པའི་འོད་ཟེར་གྱི་སྤྲིན་རྡོ་རྗེ་ནི། རྣམ་པར་སྣང་མཛད་དེ། དེ་བསྐྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕྱུང་ངོ་ཞེས་སྦྱར། གང་ཞིག་ན། རྡོ་རྗེ་གཤིན་རྗེ་གཤེད་པོ་ཆེན་པོ། རྡོ་རྗེ་ཁྲོ་བོའི་བདག་ཉིད་ཀྱི་སྔགས་འདིའོ། །གང་ལས་ན། ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྔགས་ནི་ན་མ་ཞེས་སོགས་ཏེ། མིང་ནི་སྦྲུལ་ལོ། །སྤེལ་བ་ནི། སྭཱ་དྷཱི་སྔོན་དུ་འགྲོ་བས། ཆེ་གེ་མོ་ཨ་ཀར་ཤ་ཡ་ཧྲི་ཞེས་བྱའོ། །དེ་ནས་སྔགས་ཀྱི་རྒྱལ་པོ་འདི་གསུངས་པ་ཙམ་གྱིས་བསྒྲུབ་པར་བྱ་བ་ཉིད་དང་། བསྒྲུབ་བྱར་བྱ་བ་ཉིད་དུ་ཤེས་པས་ན་སངས་རྒྱས་ཏེ། བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་སྐྱོང་བ་གྲགས་པ་ཆེན་པོ་ཀུན་འཁྲུལ་པས་འཇིགས་ཤིང་། སེམས་འཁྲུགས་པས་ཀུན་ཏུ་སྐྲག་ནས། རྡོ་རྗེ་སེམས་དཔའ་སྟེ་རྡོ་རྗེ་འཆང་ཆེན་པོ་ལ་རྗེས་སུ་དྲན་ཞིང་སྐྱབས་སུ་འགྲོའོ། །དེ་ཡང་བསྙེན་པ་ལས་སུ་རུང་ཞིང་གཤིན་རྗེ་གཤེད་ཀྱི་སྔགས་དང་། སྦྱིན་སྲེག་ཚད་དུ་སོང་བའི་རྣལ་འབྱོར་པས། སྐྱེས་པ་དང་བུད་མེད་དགུག་པར་འདོད་ན། རྣམ་སྣང་གི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ནི། ཐོད་པ་མ་ཆག་མ་གས་པ། །གཟུགས་མཛེས་ཡིད་འོང་རྙེད་པ་ལ། །ཞེས་ཏེ། བུད་མེད་ཀྱི་ཐོད་པ་མ་ཆག་མ་གས་པ་གཟུགས་མཛེས་པ་བླངས་ལ། ཐོད་པ་དེའི་དབུས་སུ། རོའི་སེན་རྩི་དང་། རྒྱ་སྐྱེགས་ཀྱི་ཁུ་བས་བུད་མེད་ཀྱི་གཟུགས་བརྙན་བྲིས་ལ། སྙིང་ཁར་མིང་གི་ཡི་གེ་སྔགས་དང་སྤེལ་བ་བཀོད་ལ། རྐང་པས་མནན་པའི་ཚུལ་དུ་བྱས་ནས། སྔགས་འདི་རྗེས་སུ་དྲན་པར་བྱ། ཞེས་པ། མིང་ལ་རྣམ་པར་ཤེས་པ་བཀུག་ལ། དོན་དུ་མངོན་པར་ཞེན་པས། རྣམ་པར་སྣང་མཛད་ཀྱི་སྦྱོར་བ་དང་ལྡན་པས། བདུད་རྩི་འཁྱིལ་བའི་སྔགས་བཟླས་ཤིང་དེ་ནས་གཤིན་རྗེ་གཤེད་དུ་བསྒྱུར་ལ། དེའི་རྐང་པ་གཡས་བརྐྱང་པས་གཟུགས་བརྙན་གྱི་སྙིང་ཁར་མནན་ལ། ཕྱག་ན་གནས་པའི་ལྕགས་ཀྱུ་དེས། བུ་མོའི་སྙིང་ཁར་ཕུག་ནས་འགུགས་པར་བསམས་ཏེ། སྔགས་འདི་ཁྲོས་པས་འདོན་པར་བྱའོ། །དེས་ཅིར་འགྱུར་ཞེ་ན། མཱ་མ་ཀི་སྟེ་རྒྱས་རིགས་མོ་དང་། སྤྱན་ཏེ་བྲམ་ཟེ་མོ་དང་། རྡོ་རྗེ་རིགས་ཆེན་ཏེ་རྒྱལ་པོ་དང་བློན་པོ་ལ་སོགས་པ་རིགས་མཐོན་པོ་ལས་བུད་མེད་རྣམས་ལན་གསུམ་སྟེ་དུས་གསུམ་དུ་ཕྲེང་སྔགས་ཅི་ནུས་སུ་བརྗོད་ན། དེ་མ་ཐག་ཏུ་ཞག་བདུན་ལ་སོགས་པ་ངེས་པར་འགུག་པར་འགྱུར་རོ། །སྐྱེས་པ་དགུག་པར་འདོད་ན། གཞན་རྣམས་སྔར་དང་འདྲ་ལ། སྐྱེས་པའི་ཐོད་པ་བཤད་མ་ཐག་པའི་ཆོ་གས་གཟུགས་བརྙན་བྲིས་ནས་གཡོན་བརྐྱང་བའི་གནས་པས་མནན་ནས་དགུག་པར་བྱའོ། །བདུད་རྩི་འཁྱིལ་བའི་རིག་པས། གནས་ནས་བསྐྲད་པའི་སྦྱོར་བ་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དེ། རྡོ་རྗེ་འཆང་ཆེན་པོ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར་རོ། །ཏིང་ངེ་འཛིན་ཇི་ལྟ་བུ་ཞེ་ན། དམ་ཚིག་ནི་དོན་ཡོད་གྲུབ་པའོ། །དེའི་འོད་ཟེར་སྟུག་པོ་མཆོག་ནི། མརྒད་ཀྱི་མདོག་ལྟ་བུའི་འོད་དེ་དེ་ལྟ་བུའི་འོད་དང་ལྡན་པའི་བདུད་རྩི་འཁྱིལ་བ་བསྐྱེད་པའི་ཏིང་ངེ་འཛིན་ལའོ། །གང་ཞིག་ཅེ་ན། མི་འཆི་བའི་དམ་ཚིག་ནི་དོན་ཡོད་གྲུབ་པ་སྟེ། དེ་ལས་བྱུང་བའི་ཁྲོ་བོ་བདུད་རྩི་འཁྱིལ་བའི་སྔགས་འདིའོ། །སྔགས་ནི་ན་མ་ཞེས་སོགས་ཏེ་མིང་ནི་སྦྲུལ་ལོ། །སྤེལ་བ་ནི་སྭཱ་དྷཱི་སྔོན་དུ་འགྲོ་བས་ཆེ་གེ་མོ་ལུད་ཚ་ཊ་ཡ་ཧཱུྃ་ཞེས་པའོ། །འདི་ནི་གསུངས་མ་ཐག་ཏུ་ཞེས་པ། ཚིགས་བཅད་ཅིག་གི་དོན་བཤད་ཟིན་ཏོ། །སྔགས་ཀྱི་ནུས་པ་ཅི་ཞེ་ན། སྐྲོད་པ་ལ་སོགས་པའི་སྔགས་ཀུན་གྱི་སྦྱོར་བ་ཤེས་པ་དང་། རྡོ་རྗེ་སྟེ་བསྐྲད་པར་དཀའ་བ་རྣམས་ཀྱང་། རྟོག་པ་ནས་འབྱུང་བའི་ལས་ཀྱི་ཆོ་ག་རྣམས་དང་། དོན་ཡོད་གྲུབ་པའི་སྦྱོར་བ་དང་ལྡན་པས་ཚུལ་བཞིན་བྱས་ན་སངས་རྒྱས་ཀྱི་དཔུང་སྟེ་ཚོགས་དག་ཀྱང་སྤྲོད་པར་འགྱུར་ན། གཞན་དག་ལྟ་ཅི་སྨོས་ཞེས་པའོ། །དེའང་དོན་ཡོད་གྲུབ་པའི་དྲན་པ་གཅིག་པའི་ཏིང་ངེ་འཛིན་མཐར་ཕྱིན་པ་དང་། སྔགས་འདི་འབུམ་དུ་བཟླས་ཤིང་སྦྱིན་སྲེག་ཁྲི་ཁྲག་ཏུ་བྱས་པའི་རྣལ་འབྱོར་པས། བསྐྲད་པའི་ལས་བྱེད་པར་འདོད་ན། དོན་ཡོད་གྲུབ་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ནི། སྐྱེ་ཚེ་དང་། ལན་ཚྭ་དང་། ཏིལ་དང་། དུག་དང་། ད་དུ་རའི་ཁུ་བ་དང་། མཛུབ་མོའི་ཁྲག་གཅིག་ཏུ་བྱས་ལ། དེར་དུར་ཁྲོད་ཀྱི་རས་ལ། རླུང་གི་དཀྱིལ་འཁོར་ཟླ་གམ་ངོས་གཉིས་སུ་རྡོ་རྗེ་གཉིས་ཀྱིས་མཚན་པ་བྲིས་ལ། དེའི་དབུས་སུ་བསྒྲུབ་བྱའི་མིང་གི་ཡི་གེ་སྔགས་དང་སྤེལ་བ་བྲིས་ལ། དེ་ལ་རྣམ་ཤེས་དགུག་པ་སྔོན་དུ་འགྲོ་བས། དོན་དུ་མངོན་པར་ཞེན་པས་མནན་ལ། སྔ་མ་བཞིན་དུ་བཟླས་ནས་དུར་ཁྲོད་དུ་སྦས་ན་ངེས་པར་སྐྲོད་པར་འགྱུར་རོ། །གཞན་གྱིས་མི་ཐུབ་པའི་རིག་པས་སྲིན་པོས་གཟུང་བ་བསལ་བ་ནི་དེ་ནས་བཅོམ་ལྡན་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར། བཅོམ་ལྡན་འདས་ཇི་ལྟ་བུ་ཞེ་ན། དེ་ཁོ་ན་ཉིད་ཀྱི་རིན་པོ་ཆེའི་རྒྱལ་མཚན་གང་ལ་ཡོད་པ་དེ་ནི། རིན་ཆེན་ཏོག་སྟེ་རྡོ་རྗེ་འཆང་ཆེན་པོའོ། །ཏིང་ངེ་འཛིན་ཇི་ལྟ་བུ་ཞེ་ན། སངས་རྒྱས་ཀྱི་འོད་ཟེར་རྡོ་རྗེ་ནི་རིན་ཆེན་འབྱུང་ལྡན་ཏེ། དེ་བསྐྱེད་པའི་ཏིང་ངེ་འཛིན་ལའོ། །གང་ཞིག་ཅེ་ན། རྡོ་རྗེ་ཁྲོ་བོ་གཞན་གྱིས་མི་ཐུབ་པའི་སྔགས་འདིའོ། །གང་ལས་ན་ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྔགས་ནི་ན་མ་ཞེས་སོགས་ཏེ། མིང་ནི་སྦྲུལ་ལོ། །སྤེལ་བ་ནི་སྭཱ་དྷཱི་སྔོན་དུ་འགྲོ་བས་ཆེ་གེ་མོ་རཀྵ་ས་ཏི་བྱོ་བི་མོ་ཙ་ཡ་ཧྲི་བྱའོ། །དེ་ནས་སྔགས་འདི་གསུངས་པ་ཙམ་གྱིས་སངས་རྒྱས་ཏེ་སྒྲུབ་པ་པོ་བདག་ཉིད་ཆེས་སྐྱེས་ཏེ་བརྩོན་འགྲུས་དང་ལྡན་པ་ཀུན་འཇིགས་ཤིང་ཀུན་ཏུ་སྐྲག་པར་གྱུར་ནས། བྱང་ཆུབ་སེམས་ཏེ་རིན་ཆེན་འབྱུང་ལྡན་རྗེས་སུ་དྲན་ཞིང་བསྒོམ་པར་འགྱུར་རོ། །སྔགས་ཀྱི་ནུས་པ་ཅི་ཞེ་ན། སྲིན་པོ་སྟེ་ཤ་ཟ་དང་། སེང་གེ་ལ་སོགས་པ་མ་རུངས་པ་དང་། གཏུམ་པོ་ཕྱིར་རྒོལ་བ་གནོད་པ་བྱེད་པ་རྣམས་དང་། མེ་དང་སྦྲུལ་ལ་སོགས་པ་འཇིགས་པ་ཆེན་པོས་འཁྲུགས་པ་ལས་རྡོ་རྗེ་འཆང་ཆེན་པོས་རབ་ཏུ་སྦྱར་ཞིང་གཏོར་བས་ན། རྡོ་རྗེ་སེམས་ཀྱིས་རབ་སྦྱོར་ནས་ཏེ། རིན་ཆེན་འབྱུང་ལྡན་གྱི་ཏིང་ངེ་འཛིན་ལ་དམིགས་ནས། ཁྲོ་བོ་གཞན་གྱིས་མི་ཐུབ་པ་ལ་བཀའ་བསྒོའོ། །དེས་ཅི་ཞིག་བྱེད་ཅེ་ན། བསྲུང་བ་ལ་སོགས་པའི་ལས་རྣམས་རྟོག་པ་ལས་བྱུང་བའི་ཆོ་ག་བཞིན་དུ་བྱེད་པར་འགྱུར་རོ། །ཆོ་ག་ནི་འདི་ཡིན་ཏེ། བསྙེན་པ་ལས་སུ་རུང་བས་རིན་ཆེན་འབྱུང་ལྡན་གྱི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་གི་བར་དུ་བསྐྱེད་ལ། ལས་རྒྱལ་མཆོག་ནི། རིན་ཆེན་འབྱུང་ལྡན་གྱི་ལག་མཐིལ་གཉིས་སུ་ཡི་གེ་ཧཱུྃ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་གཉིས་བསམས་ལ། དེ་ནས་ཁྲོ་བོ་གཞན་གྱིས་མི་ཐུབ་པ་ལ་བཀའ་བསྒོས་ཏེ། དེས་སྲིན་པོ་ལ་སོགས་པས་གཟུང་བའི་བསྒྲུབ་བྱ་དེའི་སྤྱི་བོ་ནས་སྤྲུགས་པས། བསྒྲུབ་བྱའི་ལུས་ལ་སྲིན་པོ་སོགས་ཕྱིར་བྱུང་བར་བསམས་ལ། དེ་ནས་སྲིན་པོ་ལ་སོགས་པ་ཁྲོ་བོ་གཞན་གྱིས་མི་ཐུབ་པས་བླངས་ནས། རིན་ཆེན་འབྱུང་ལྡན་ལ་ཕུལ་བས། རིན་ཆེན་འབྱུང་ལྡན་གྱིས་ལག་མཐིལ་གྱི་ཉི་མའི་དཀྱིལ་འཁོར་གྱི་བར་དུ་བཅུག་ནས། ཉི་མའི་འོད་ཟེར་གྱིས་བསྲེགས་ཏེ་ཐལ་བར་གྱུར་པར་བསམ་ཞིང་། གཞན་གྱིས་མི་ཐུབ་པའི་སྔགས་བརྗོད་ན། བདེ་བར་གནས་པར་འགྱུར་རོ། །རྟ་མགྲིན་གྱི་རིག་པས་དུག་གསལ་བ་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །དཔག་ཏུ་མེད་པའི་རྡོ་རྗེ་སྟེ། འོད་དཔག་ཏུ་མེད་པ་འབྱུང་ཞིང་བསྐྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕྱུང་ངོ་ཞེས་སྦྱར། གང་ཞིག་ན། པད་མོ་སྟེ་འོད་དཔག་ཏུ་མེད་པ་ལས་བྱུང་བའི་རྡོ་རྗེ་ཁྲོ་བོ་ཆེན་པོ་རྟ་མགྲིན་འདི་སྔགས་ཀྱི་བདག་ཉིད་དུའོ། །གང་ལས་ན། ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྔགས་ནི་ན་མ་ཞེས་སོགས་ཏེ། མིང་ནི་སྦྲུལ་ལོ། །སྤེལ་བ་ནི། ཆེ་གེ་མོ་བི་ཤ་དི་ཀམ་ཨ་པ་ཧ་ར་ཧཱུྃ་ཞེས་བྱའོ། །དེ་ནས་སྔགས་འདི་གསུངས་པ་ཙམ་གྱིས། ཆོས་ཀྱི་རྡོ་རྗེ་སྟེ་འོད་དཔག་ཏུ་མེད་པའོ། །དེའི་ཚེ་མཆོག་སྐྱེས་ནི། དེ་ལས་སྐྱེས་པའི་གཙོ་བོ་རྟ་མགྲིན་ལ་སོགས་པ་སྟེ། དེས་འདུལ་བའི་བགེགས་རྣམས་འཇིགས་ཤིང་རབ་ཏུ་བརྒྱལ་བར་འགྱུར་ནས། ཡེ་ཤེས་རྒྱལ་པོ་འོད་དཔག་ཏུ་མེད་པ་རྗེས་སུ་དྲན་ཞིང་བསྒོམ་པར་འགྱུར་རོ། །སྔགས་ཀྱི་ནུས་པ་ཅི་ཞེ་ན། མཁའ་དབྱིངས་ཏེ། ནམ་མཁའི་དབྱིངས་ཐམས་ཅད་དུག་གིས་ཡོངས་སུ་གང་བའི་དུག་རྣམས་ཐམས་ཅད་མེད་པར་བྱེད་དོ་ཞེས་སྦྱར། དུག་ཇི་ལྟ་བུ་ཞེ་ན། མི་ཕྱེད་པས་ན་རྡོ་རྗེ། ཧ་ལ་ཧ་ལ་ཞེས་པའི་དུག་གི་ཁྱད་པར་གྱིས་སོ། །གང་གིས་ན། ཁྲ་བོའི་རྒྱལ་པོ་རྟ་མགྲིན་བསྐུལ་བར་བྱེད་པའི་སྔགས་འདི་ཡིས་སོ། །མན་ངག་ནི་འདི་ཡིན་ཏེ། བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས། འོད་དཔག་ཏུ་མེད་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ནི། སྒྲུབ་བྱ་དུག་གིས་ཟིན་པ་ལྟ་བུ་དེ། རྟ་མགྲིན་སེམས་དཔའ་སུམ་རྩེག་ཏུ་སྐད་ཅིག་གིས་བསྐྱེད་ལ། དེའི་ཏིང་ངེ་འཛིན་སེམས་དཔའ་ལས་འོད་ཟེར་འཕྲོས་པས། དེས་ལུས་ཐམས་ཅད་གང་བར་བསམ་མོ། །དེ་ནས་བདག་ཉིད་ཀྱི་ལག་པ་གཡས་པའི་མཐིལ་དུ་ཨ་ལས་ཟླ་བ་བསམས་ལ། ཟླ་བའི་སྟེང་དུ་ཧཾ་དཀར་པོ་འོད་ཟེར་འཕྲོ་བ་དང་བཅས་པ་བསམས་ལ། ལག་པའི་སོར་ཚིགས་རྣམས་ལ། ༀ་ཛྲིཾ་ཧྲིཾ་ཁྲིཾ་སྭཾཿཞེས་པའི་ཡི་གེ་ལྔ་བཀོད་དེ། རྟ་མགྲིན་གྱི་སྔགས་བརྗོད་པ་སྔོན་དུ་འགྲོ་བས། ལག་པ་ལ་བཀོད་པའི་སྔགས་དང་བཅས་པས། བསྒྲུབ་བྱ་ལ་བྱབས་པས། སྔགས་ཀྱི་འོད་ཟེར་དཀར་པོས་བསྒྲུབ་བྱའི་ལུས་ཐམས་ཅད་གང་བས། དུག་གི་རྒྱུན་ཁ་དོག་སྔོན་པོའི་རྣམ་པ་ལྟ་བུར་གདས་ནས། རྐང་པའི་མཐིལ་ནས་བཏོན་ལ། ལུས་ཤེལ་ལྟ་བུར་གྱུར་པར་བསམ་པ་དེ་ཞག་བདུན་ལ་སོགས་པ་བྱས་ན་དུག་ཞི་བར་འགྱུར་རོ། །དབྱུག་སྔོན་ཅན་གྱི་རིག་པས་གསད་པ་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གདོན་མི་ཟ་བར་འགྲུབ་པ་སྟེ། རྡོ་རྗེ་འཆང་ཆེན་པོ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར། གང་ལ་ན། གདོན་མི་ཟ་བའི་དམ་ཚིག་ནི་དོན་ཡོད་གྲུ་པ་སྟེ། དེ་འབྱུང་བའི་དཔལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལའོ། །གང་ཞིག་ན། རྡོ་རྗེ་བེ་ཅོན་སྔོན་པོ་ཁྲོ་བོའི་རྒྱལ་པོ་འདི་སྔགས་ཀྱི་བདག་ཉིད་དུའོ། །གང་ལས་ན་ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྔགས་ནི་ན་མ། ཞེས་སོགས་སོ། །མིང་ནི་སྦྲུལ་ལོ། །སྤེལ་བ་ནི། སྭཱ་དྷཱི་སྔོན་དུ་འགྲོ་བས། ཆེ་གེ་མོ་མ་ར་ཡ་ཕཊ་ཕཊ་ཅེས་བྱའོ། །

དེ་ནས་སྔགསའདི་གསུངས་པ་ཙམ་གྱིས་གདུག་པའི་མཆོག་ལས་བྱུང་བ་ནི། བགེགས་ཀྱི་མཆོག་རྣམས་སོ། །སྔགས་ཀྱི་ནུས་པ་ཅི་ཞེ་ན། ཁྲོ་བོའི་རྒྱལ་པོ་གྲགས་ཆེན་དབྱུག་སྔོན་ཅན་གྱི་སྔགས་འདི་བརྒྱ་རྩ་བརྒྱད་དུ་བཟླས་པ་དང་། རྟོགས་པ་ལས་འབྱུང་ཞིང་ཆོ་ག་ཚུལ་བཞིན་དུ་བྱས་ཏེ། སྔགས་ཀྱི་དོན་ཡོངས་སུ་ཤེས་པ་ལ་སོགས་པས་ལྷ་རྣམས་བསྐུལ་བ་ཡིས། དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་ལ་སོགས་པའི་གདུག་པ་ཐམས་ཅད་གསོད་པར་འགྱུར་རོ། །དེ་ལ་ཆོ་ག་ནི་འདི་ཡིན་ཏེ། བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས། དོན་ཡོད་གྲུབ་པའི་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་དུར་ཁྲོད་ཀྱི་རས་ལ་འཁོར་ལོ་བརྩིབས་བཅུ་དྲུག་པ་བྲིས་ཏེ། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་བྲི། དེའི་ལྟེ་བ་ལ་མེའི་དཀྱིལ་འཁོར་ལ་སྐྱེ་ཚེ་ལ་སོགས་པ་མངོན་སྤྱོད་ཀྱི་རྫས་ཀྱིས་བསྒྲུབ་བྱའི་མིང་གི་ཡི་གེ་དང་སྔགས་སུ་སྤེལ་ཏེ་བྲིས་ལ། དེ་ནས་ཆུ་ཕ་འགྲམ་ཚུར་འགྲམ་གྱི་ས་དང་། བསྒྲུབ་བྱའི་རྐང་རྗེས་ཀྱི་ས་དང་། བདུད་རྩི་ལྔ་དང་བསྲེས་ལ། དགྲའི་གཟུགས་བརྙན་བྱས་ལ། གཟུགས་བརྙན་དེའི་སྙིང་ཁར་འཁོར་ལོ་དེ་བཅུག་ལ། མིང་ལ་རྣམ་ཤེས་བཀུག་སྟེ། དཔའ་བོ་གཡུལ་དུ་བསད་པའི་ཐོད་པ་ཁ་སྦྱར་དུ་བཅུག་ལ། ཉི་མ་ཕྱེད་དམ་ནམ་ཕྱེད་ན། དབྱུག་སྔོན་ཅན་གྱི་ང་རྒྱལ་ལྡན་པས། རྐང་པ་གཡོན་པས་མནན་ཏེ་སྔགས་ཟློས་པའི་དུས་སུ། དོན་ཡོད་གྲུབ་པའི་ང་རྒྱལ་དང་ལྡན་པས། སྔགས་བརྒྱ་རྩ་བརྒྱད་བཟླས་པ་དེ་ལྟ་བུ་ཞག་བདུན་ལ་སོགས་པའི་བར་དུ་བྱས་ན། གདུག་པ་ཅན་དེ་འཆི་བར་འགྱུར་རོ། དེས་ཤི་བར་མ་གྱུར་ན། དཔའ་བོ་གྲི་བསད་པའི་ཐོད་པ་གསུམ་གྱི་སྒྱེད་བུ་བྱས་ལ། །དེའི་སྟེང་དུ་གཟུགས་བརྙན་བཞག་ལ། གྲིར་བསད་པའི་རོ་བསྲེགས་པའི་མེས་གཟུགས་བརྙན་དེ་གདུང་བར་བྱས་ན། གདུག་པ་ཅན་དེ་དང་པོར་ཚ་བའི་རིམས་ཀྱིས་འཛིན་པར་འགྱུར་རོ། །དེ་ནས་གཟུགས་བརྙན་དེའང་མེར་བཅུག་ནས་བསྲེགས་ན་འཕྲལ་དུ་འཆི་བར་འགྱུར་རོ། །སྟོབས་པོ་ཆེའི་རིག་པས་ཆར་དབབ་པ་ནི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་བསྐྱོད་པ་རྡོ་རྗེ་འཆང་ཆེན་པོས་ཀུན་ནས་སྤྲིན་གྱི་དཔལ་ཏེ། སྟོབས་པོ་ཆེ་བསྐྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕྱུང་ངོ་ཞེས་སྦྱར། གང་ན་རྡོ་རྗེ་སྟོབས་པོ་ཆེ་འདི་སྔགས་ཀྱི་བདག་ཉིད་དུའོ། །གང་ལས་ན། ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྔགས་ནི་ན་མ་ཞེས་སོགས་སོ། །མིང་ནི་སྦྲུལ་ལོ། །སྤེལ་བ་ནི། སྭཱ་དྷཱི་སྔོན་དུ་འགྲོ་བས་བར་ཥ་ད་རམ་ཏ་པ་ཡ་ཧྲི་ཅེས་བྱའོ། །འདི་ནི་ཞེས་སོགས་གོ་སླའོ། །སྔགས་ཀྱི་ནུས་པ་ཅི་ཞེ་ན། སྔགས་འདི་ལན་བརྒྱ་རྩ་བརྒྱད་བཟླས་པའི་སྦྱོར་བ་ཡི་ཞེས་སོ། །དེ་ཡང་བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས། མི་བསྐྱོད་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ཏེ། ལས་རྒྱལ་མཆོག་ནི། དུག་དང་ཁྲག་ལ་སོགས་པའི་མངོན་སྤྱོད་ཀྱི་རྫས་རྣམས་ཀྱིས། དུར་ཁྲོད་ཀྱི་རས་ལ་པད་མ་འདབ་མ་བརྒྱད་པ་བྲིས་ལ། པད་མའི་འདབ་མ་རྣམས་ལ་ཀླུ་བརྒྱད་བྲིས་ལ། དེ་ནས་ཀླུ་དེ་རྣམས་ཀྱི་སྙིང་ཁ་དང་སྤྱི་བོར་ཧཱུྃ་ནཾ་ཧཱུྃ་ཞེས་བྱ་བ་དང་སྔགས་སྤེལ་བ་བྲིས་ལ་ལྟེ་བའི་དབུས་སུ་ཡང་། ༀ་ཨཱཿཧཱུྃ་བཛྲ་ད་རོ་ཨད་ཉ་པ་ཡ་སྟེ་སརྦ་ན་ག་བར་ཥ་ར་མུད་ཙ་རེ་ཛན་ཏི་ཧྲི་སྭཱ་ཧཱ། ཞེས་བྱ་བ་བཀོད་ནས། ཡང་འཁོར་ལོ་གཉིས་པ་གཅིག་དེ་བཞིན་དུ་གཡོན་བསྐོར་དུ་བྲིས་ལ། འཁོར་ལོ་གཉིས་ཁ་སྦྱར་ཏེ། དེ་ནས་མིང་ལ་རྣམ་པར་ཤེས་པ་བཀུག་པ་སྔོན་དུ་འགྲོ་བས་གཟུགས་བརྙན་གྱི་སྙིང་ཁར་བཞུགས་སོ། །དེ་ལ་གཟུགས་བརྙན་གྱི་རྒྱུ་ནི། ཆུ་ཕ་འགྲམ་ཚུར་འགྲམ་གྱི་ས་དང་། བདུད་རྩི་ལྔ་དང་བསྲེས་ལ་བྱ་སྟེ། དེ་ནས་དུག་དང་ཁྲག་ལ་སོགས་པའི་མངོན་སྤྱོད་ཀྱི་རྫས་རྣམས་ཀྱིས་ཉེ་བར་བྱུགས་ཏེ། སྔགས་བརྗོད་ཅིང་དུར་ཁྲོད་ཀྱི་མེ་ལ་གདུང་བར་བྱས་ན། ཞག་བདུན་ལ་སོགས་པས་ཀླུ་རྣམས་ཀྱིས་ཆར་འབེབས་པར་འགྱུར་རོ། །འདོད་པའི་རྒྱལ་པོའི་རིག་པས། རྒྱལ་པོ་ལ་སོགས་པ་དགུག་པ་ནི། དེ་ནས་བཅོམ་ལྡན་འདས་ཀུན་ཏུ་སྒྲོགས་རྡོ་རྗེ་སྟེ། འདོད་པའི་རྒྱལ་པོ་བསྐྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕྱུང་ངོ་ཞེས་སྦྱར། གང་ན་ཊ་ཀི་རྒྱལ་པོ་ཁྲོ་བོ་ཆེན་པོ་འདི་སྔགས་ཀྱི་བདག་ཉིད་དུའོ། །གང་ལས་ན། ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྔགས་ནི་ན་མ་ཞེས་སོགས་ཏེ། མགོ་ན་ༀ་མེད་ཅིང་། མཇུག་ན་སྭཱ་ཧཱ་མེད་པས་མིང་ནི་བཏུས་པའོ། །སྤེལ་བ་ནི། ཆེ་གེ་མོ་ཨ་ཀར་ཤ་ཧྲི། ཞེས་པའོ། །དེ་ནས་སྔགས་འདི་གསུངས་པ་ཙམ་གྱིས་བསྒྲུབ་པར་བྱ་བ་ཉིད་དུ་ཤེས་པས་སངས་རྒྱས་ཏེ། བགེགས་རྫུ་འཕྲུལ་དང་ལྡན་པའི་བདག་ཉིད་ཆེན་པོ་ཀུན་འཇིགས་ཤིང ། དམ་ཚིག་ལྡན་པ་སྟེ་འདོད་པའི་རྒྱལ་པོ་བློས་དམིགས་ནས། རྡོ་རྗེ་སྐུ་གསུམ་སྟེ་རྡོ་རྗེ་འཆང་ཆེན་པོ་རྗེས་སུ་དྲན་ཞིང་བསྒོམ་པར་འགྱུར་རོ། །སྔགས་ཀྱི་ནུས་པ་ནི། རྡོ་རྗེ་སེམས་དཔའི་སྦྱོར་བ་སྟེ། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པས། ལིངྒ་སྟེ་བསྒྲུབ་བྱའི་གཟུགས་བརྙན་བཙག་གིས་ས་ལ་བྲིས་ཏེ། སྙིང་ཁའི་ཕྱོགས་སུ་སྔགས་དང་། དེ་གཉིས་སྤེལ་བར་བྲིས་ལ། དེ་ནས་བསྒྲུབ་བྱའི་རྣམ་ཤེས་བདག་གི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་བཀུག་ལ། གཟུགས་བརྙན་ལ་བསྟིམ་མོ། །དེ་ནས་འདོད་པའི་རྒྱལ་པོའི་ང་རྒྱལ་དང་ལྡན་པས། རྡོ་རྗེ་ལྕགས་ཀྱུས་བྱིན་གྱིས་བརླབས་པའི་རྐང་པ་གཡས་པས་གཟུགས་བརྙན་དེ་མནན་ནས། མི་བསྐྱོད་པའི་ང་རྒྱལ་གྱིས། རྡོ་རྗེ་གསུམ་སྟེ་འདོད་པའི་རྒྱལ་པོ་ནི་སྔགས་ལན་བརྒྱ་རྩ་བརྒྱད་ལ་སོགས་པར་བཟླས་པ་ཞག་བདུན་གྱི་བར་དུ་བྱས་ན། སྔགས་རྣམས་ཏེ་རྒྱལ་པོ་ལ་སོགས་པ་གང་འགུགས་པར་འདོད་པ་ཐམས་ཅད་འགུགས་པར་བྱེད་པར་འགྱུར་རོ། །མི་གཡོ་བའི་རིག་པས་ཚངས་པ་ལ་སོགས་པའི་ལྷ་དགུག་པ་ནི། དེ་ནས། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཡེ་ཤེས་ཀྱི་ཕྲེང་བའི་ཆུའི་རྡོ་རྗེ་ནི་མི་གཡོ་བ་སྟེ། དེ་བསྐྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕྱུང་ངོ་ཞེས་སྦྱར་རོ། །གང་ཞིག་ན། མི་གཡོ་བ་རྡོ་རྗེ་གཏུམ་པོའི་དམ་ཚིག་སྔགས་ཀྱི་བདག་ཉིད་ཅན་འདིའོ། །གང་ལས་ན། ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྔགས་ནི་ན་མ་ཞེས་སོགས་ཏེ། མིང་མགོ་མེད་ཅེས་བྱའོ། །དེ་སྐད་དུ་ཡང་། སྭཱ་ཧཱར་ལྡན་ཞིང་ༀ་མེད་དང་། །མིང་ནི་མགོ་མེད་ཅེས་བྱ་སྟེ། །འདི་ནི་ལས་ཀུན་ཆོ་ག་ལ། །རྡོ་རྗེ་གཙུག་ཏོར་གྱིས་གསུངས་སོ། །ཞེས་འབྱུང་བས་སོ། །དེ་ནས་སྤེལ་བ་ནི། གཤིན་རྗེ་གཤེད་ཀྱི་སྐབས་དང་འདྲའོ། །ལྷ་རྣམས་ནི་ཚངས་པ་ལ་སོགས་པའོ། །རྡོ་རྗེ་སྐུ་ནི་རྡོ་རྗེ་འཆང་ཆེན་པོའོ། །སྔགས་ཀྱི་ནུས་པ་ཅི་ཞེ་ན། ཁྲོ་བོ་ཆེན་པོ་མི་གཡོ་བའི་ཕྲེང་སྔགས་འདིས་ལྷ་ཆེན་དག་སྟེ་དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་མཐུ་ཆེན་དག་ཀྱང་དམ་ཚིག་ལས་འདས་པའི་འཇིགས་པས་སྐྲག་པར་གྱུར་ནས། ཁ་སྦྱར་ལུས་སུ་སྟེ། འཕྲུལ་འཁོར་ཁ་སྦྱར་བས་འགུགས་པར་འགྱུར་རོ། །དེ་ཡང་མི་བསྐྱོད་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་པས། ལས་རྒྱལ་མཆོག་ནི། གྲོ་ག་དང་། ཤོག་བུ་ལ་སོགས་པ་ལ། གི་ཝང་དང་། གུར་གུམ་ལ་སོགས་པས་བསྒྲུབ་བྱ་ཚངས་པ་ལ་སོགས་པའི་གཟུགས་བྲིས་ལ། དེ་ནས་ཡང་འཁོར་ལོ་གཉིས་པ་སྔགས་དང་མིང་གཡོན་སྐོར་དུ་བྲིས་པ་གཅིག་བྱས་ལ། དེ་གཉིས་ཁ་སྦྱར་ལ། སྔགས་དང་སྔགས་ཕྲད་པར་བྱས་ལ། དེ་ནས་མིང་ལ་རྣམ་ཤེས་བཀུག་སྟེ། མི་གཡོ་བའི་ང་རྒྱལ་གྱིས། རྡོ་རྗེ་ལྕགས་ཀྱུས་མཚན་པའི་རྐང་པ་གཡོན་བརྐྱངས་པས་མནན་ལ། དེ་ནས་སྔགས་ཟློས་པའི་དུས་སུ། མི་བསྐྱོད་པའི་ང་རྒྱལ་གྱིས། སྔགས་དུས་གསུམ་དུ་བཟླས་ན། ཞག་བདུན་ལ་སོགས་པས་ཚངས་པ་ལ་སོགས་པའི་ལྷ་ཁུག་པར་འགྱུར་རོ། །གནོད་མཛེས་ཀྱི་རིག་པས་བུ་མོ་དགུག་པའི་སྦྱོར་བ་ནི། དེ་ནས་བཅོམ་ལྡན་འདས་དམ་ཚིག་རྣམ་པར་འཕྲུལ་པ་རྡོ་རྗེ་སྟེ། རྡོ་རྗེ་འཆང་ཆེན་པོའི་བཀའ་རབ་ཏུ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་དམ་ཚིག་སྟེ། བཀའི་ངོ་བོ་གདུག་པ་རྣམ་པར་འདུལ་བའི་ཁྲོ་བོ་ཆེན་པོ་གནོད་མཛེས་འདི། སྔགས་ཀྱི་བདག་ཉིད་དུ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །སྔགས་ནི་ༀ་ཞེས་སོགས་སོ། །མིང་ནི་མཐའ་མེད་ཅེས་བྱ་སྟེ། གང་ལ་ༀ་ཡོད་སྭཱ་ཧཱ་མེད། །དེ་ནི་མཐའ་མེད་ཅེས་བྱར་བརྗོད། །ཞེས་གསུངས་པས་སོ། །དེ་ནས་སྔགས་འདི་གསུངས་པ་ཙམ་གྱིས། ལྷ་མོ་ཀླུ་མོ་ལ་སོགས་པའི་བུ་མོ་མཐུ་ཆེན་རྣམས་ཆགས་པའི་དབང་གིས་སྐྲ་བཤིག གོས་དང་བྲལ་བར་གྱུར་ནས། རྡོ་རྗེ་སེམས་དཔའ་སྟེ་རྡོ་རྗེ་འཆང་ཆེན་པོ་རྗེས་སུ་དྲན་ནོ། །སྔགས་ཀྱི་ནུས་པ་ཅི་ཞེ་ན། རྡོ་རྗེ་སེམས་དཔའ་ནི་རང་གི་ཡེ་ཤེས་སེམས་དཔའོ། །ཞབས་ཀྱིས་མནན་པ་ནི། དེའི་འོད་ཟེར་གྱིས་བསྒྲུབ་བྱ་བསྐུལ་བའོ། །དེ་བཞིན་གཤེགས་པ་ཀུན་གྱི་བདག་པོ་ནི་བསྒྲུབ་བྱའི་ཡེ་ཤེས་སེམས་དཔའ་སྟེ། དེ་ལྕགས་ཀྱུ་དང་ཞགས་པས་བཅིངས་ནས་བུ་མོ་ལ་སོགས་པ་དགུག་པར་བྱའོ། །དེ་ཡང་མི་བསྐྱོད་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་པས། ལས་རྒྱལ་མཆོག་གོང་གི་སྐྱེས་པ་ལ་སོགས་པ་དགུག་པའི་སྦྱོར་བ་དང་འདྲ་བར་བལྟ་བར་བྱའོ། །བསམ་གཏན་གྱིས་ལས་སྒྲུབ་པ་ལ་གཉིས་ཀྱི། མདོ་བསྟན་པ་ནི། དེ་ནས་རྡོ་རྗེ་འཆང་ཆེན་པོ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕྱུང་ངོ་ཞེས་སྦྱར། ཏིང་ངེ་འཛིན་ཇི་ལྟ་བུ་ཞེ་ན། དམ་ཚིག་ཆེན་པོ་སྟེ་སྒྲུབ་པ་པོ་རྣམས་ཀྱི་དགུག་པ་ལ་སོགས་པའི་སེམས་ཅན་གྱི་དོན་བྱེད་པའི་དེ་ཁོ་ན་ཉིད་འབྱུང་བ་རྡོ་རྗེ་ཞེས་བྱ་བ་ལའོ། །གང་ཞིག་ཅེ་ན། དམ་ཚིག་ཆེན་པོ་སྟེ་སློབ་བཞིན་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་གྱི་གསང་བ་གསུང་གི་དམ་ཚིག་དེ་ཁོ་ན་ཉིད་ཀྱི་གནས་ཏེ་གཞིར་གྱུར་པ་དགུག་པ་ལ་སོགས་པའི་ལས་འདིའོ། །གང་ལས་ན་ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །རྒྱས་པར་བཤད་པ་ལ་བཞི་སྟེ། སྐུ་གསུང་ཐུགས་དགུག་པ་དང་། རང་གི་མཚན་མ་ལ་བསྐྱོན་ཏེ་དགུག་པ་དང་། དེ་དག་ཀྱང་སྔགས་དང་ཕྱག་རྒྱ་འཛོམས་པས་སྒྲུབ་པ་དང་། སྦྱོར་བ་གང་ལ་ཡང་རྡོ་རྗེ་སེམས་དཔར་བསྒོམ་པའོ། །དང་པོ་ནི། བསམ་གཏན་གྱི་ཁྱད་པར་རྣམ་པར་བསྒོམ་མོ། །སུ་ཞིག་གིས་ཞེ་ན། རྡོ་རྗེ་སེམས་དཔའ་སྟེ་སྒྲུབ་པ་པོ་སེམས་གཏན་པར་གྱུར་པས་སོ། །ཡུལ་གང་ལ་བསྒོམ་ཞེ་ན། སངས་རྒྱས་ཏེ་བསྒྲུབ་བྱ་དཀའ་བ་ས་གསུམ་གྱི་བདག་པོ་པཎྜི་ཏ་ལ་སོགས་པའི་རྡོ་རྗེའི་སྐུ་གསུམ་སྟེ་ལུས་ངག་ཡིད་གསུམ་ལའོ། །ཚུལ་ཇི་ལྟར་ཞེ་ན། བསྒྲུབ་བྱའི་ལུས་ལ། རང་གི་ཕྱག་མཚན་ལས་འཕྲོས་པའི་འོད་ཟེར་གྱི་ཚོགས་ཞགས་པའམ། རྡོ་རྗེ་ཀྱོ་བ་ལྟ་བུའི་རྣམ་པ་གཞུག་པར་རྣམ་པར་བསྒོམ་མོ། །དེ་ལས་ཅིར་འགྱུར་ཞེ་ན། དེ་ནི་སངས་རྒྱས་གདུག་པ་སྟེ་སྐུ་དགུག་པ་དམ་པ་ཡིན་ནོ། །ཐུགས་དགུག་པ་ནི། སངས་རྒྱས་གསུང་སྐུ་སྦྱོར་བ་ཡིས། །འཁོར་ལོ་ཆེན་པོ་སྦྱོར་བ་ལས། །རྡོ་རྗེ་སེམས་པ་རྒྱལ་པོ་ཆེ། །རྟག་ཏུ་ངེས་པར་ཁུགས་པར་འགྱུར། །ཞེས་ཏེ། ངེས་པར་ཁུགས་པར་འགྱུར་རོ་ཞེས་དྲང་། ནམ་གྱི་ཚེ་ན། རྟག་ཏུ་སྟེ་འཕྲལ་དུའོ། །གང་ཞིག་ན། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ་སྟེ་ཐུགས་རྡོ་རྗེའོ། །གང་གི་ཐུགས་ཞེ་ན། འཁོར་ལོ་ཆེན་པོ་སྟེ་དཀྱིལ་འཁོར་པ་རྣམས་ཀྱི་བདག་པོ་ཡིན་ནོ། །དཀྱིལ་འཁོར་ཇི་ལྟ་བུའི་ཞེ་ན། སངས་རྒྱས་ཏེ་སྟོན་པ་པོ་སློབ་དཔོན་གྱི་གསུང་སྐུ་སྟེ། ཚིག་གི་ཚོགས་ཀྱི་སྦྱོར་བ་ཡིས། འཁོར་དུ་འདུས་པའི་སློབ་མའི་ཚོགས་ཀྱི་དཀྱིལ་འཁོར་པ་རྣམས་ཀྱིའོ། །ཐབས་གང་གིས་ཁུག་པར་འགྱུར་ཞེ་ན། ཐུགས་དགུག་པར་བྱ་བའི་ཕྱིར་འོད་ཟེར་གྱི་ཚོགས་རྡོ་རྗེ་ལྕགས་ཀྱུའི་རྣམ་པར་གཏོང་བའི་སྦྱོར་བ་ལས་སོ། །སུ་ཞིག་གིས་འགུགས་པར་འགྱུར་ཞེ་ན། མི་ཕྱེད་རྡོ་རྗེ་གསུམ་བསྒོམ་པ་སྟེ། རྣམ་སྣང་ལ་སོགས་པ་རིགས་གསུམ་གྱི་རྣལ་འབྱོར་པ་རྣམས་ཀྱིས་ཁུག་པར་འགྱུར་རོ། །དེ་དག་གིས་ཐབས་གང་གིས་འགུགས་པར་བྱེད་ཅེ་ན། འཁོར་ལོ། པད་མོ། རྡོ་རྗེ་ཆེས་རྡོ་རྗེ་ཀྱོ་བའི་དབྱེ་བ་ཡིས་ཞེས་སྦྱར་ཏེ། གཏི་མུག་ལ་སྤྱོད་པ་རྣམ་སྣང་དང་། འདོད་ཆགས་ལ་སྤྱོད་པ་འོད་དཔག་ཏུ་མེད་པ་དང་། ཞེ་སྡང་ལ་སྤྱོད་པ་མི་བསྐྱོད་པའི་རྣལ་འབྱོར་པ་རྣམས་ཀྱི་རང་གི་ཕྱག་མཚན་གྱི་དང་པོ་འཁོར་ལོ་དང ། པད་མོ་དང་། རྡོ་རྗེ་རྣམས་ལས་འཕྲོས་པའི་འོད་ཟེར་གྱི་ཚོམས། འཁོར་ལོ་ལྕགས་ཀྱུ་དང་། པད་མོ་ལྕགས་ཀྱུ་དང་། རྡོ་རྗེ་ལྕགས་ཀྱུའི་དབྱེ་བའི་ཁྱད་པར་གྱིས། སྔགས་རྣམས་ཏེ་བསྒྲུབ་བྱ་ས་གསུམ་གྱི་བདག་པོ་པཎྜི་ཏ་ལ་སོགས་པ་ཐམས་ཅད་ཀྱི་སེམས་དགུག་པའི་མཆོག་ཡིན་ནོ། །ནང་ལ་མཆོག་ཏུ་གཞོལ་བའི་རྣལ་འབྱོར་པ་བསྙེན་པ་ལས་སུ་རུང་བ་དེས། ས་གསུམ་གྱི་བདག་པོ་པཎྜི་ཏ་དགུག་པར་འདོད་ན། རྣལ་འབྱོར་པ་གཏི་མུག་ཅན་ཡིན་ན་རྣམ་སྣང་དང་། འདོད་ཆགས་ཅན་ཡིན་ན་འོད་དཔག་ཏུ་མེད་པ་དང་། ཞེ་སྡང་ཅན་ཡིན་ན་མི་བསྐྱོད་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ནི། དེ་དག་གི་ཕྱག་གཡས་ཀྱི་འཁོར་ལོ་དང་། པད་མོ་དང་། རྡོ་རྗེ་རྣམས་ལས་ལྕགས་ཀྱུ་དང་། ཞགས་པའི་རྣམ་པ་ཅན་གྱི་འོད་ཟེར་སྤྲོས་པས། བསྒྲུབ་བྱ་རླུང་གི་དཀྱིལ་འཁོར་ལ་བསྐྱོན། མགྲིན་པ་ཞབས་པས་བཅིངས། སྙིང་ལྕགས་ཀྱུས་ཕུག་ནས། འཁོར་དང་བཅས་པ་རིམ་གྱིས་བདག་གི་གན་དུ་འོང་བར་བསམས་ན་ཞག་བདུན་ལ་སོགས་པས་ཁུགས་པར་འགྱུར་རོ། །མཚན་མ་ལ་བསྐྱོན་ཏེ་དགུག་པ་ལ་དྲུག་ལས། མིའི་བུ་མོ་དགུག་པ་ནི། ནང་ལ་མཆོག་ཏུ་གཞོལ་བ་བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས་རང་སྔགས་སྐྱེས་བུ་སྟེ། རང་གི་ལྷག་པའི་ལྷའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ནི། བུ་མོའི་མདུན་དུ་སྐད་ཅིག་གིས། རྡོ་རྗེ་སེམས་དཔའ་གཟུགས་ག ཅིག་བསྐྱེད་ལ། དེ་ཡོངས་སུ་གྱུར་པ་ལས། ཐམས་ཅད་རྡོ་རྗེའི་དངོས་ཞི་བ། །ཞེས་པ་སྣ་ཚོགས་རྡོ་རྗེ་མཛེས་པ་གཅིག་ཏུ་བསམས་ལ། རླུང་གི་དཀྱིལ་འཁོར་སྦྱོར་བ་ཡིས། །ཞེས་པ་དེའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་བསྐྱེད་ལ། དེ་ནས་མིའི་བུ་མོ་མཆོག་རྣམས་ཀྱི་སྙིང་ཁར་རྡོ་རྗེ་ཀྱོ་བ་སྦྱར་ཞེས་པ། བདག་གི་ཏིང་ངེ་འཛིན་སེམས་དཔའ་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པའི་རྣམ་པ་ཅན་འཕྲོས་པས། བུ་མོའི་སྙིང་ལྕགས་ཀྱུས་ཕུག མགྲིན་པ་ཞགས་པས་བཅིངས་ནས། བདག་གི་གན་དུ་འོང་བར་བསམས་ན། ངེས་པར་རྟག་ཏུ་སྟེ་ཞག་བདུན་ལ་སོགས་པས་འགུགས་པར་འགྱུར་རོ། །ཤ་ཙི་དགུག་པ་ནི། དེ་ཡང་ནང་ལ་མཆོག་ཏུ་གཞོལ་བ་བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས། བརྒྱ་བྱིན་གྱིས་ཆུང་མ་བདེ་སོགས་མ་དགུག་པར་འདོད་ན། རྣམ་སྣང་གི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ནི། ཟླ་བའི་དཀྱིལ་འཁོར་དག་ལ་ནི། །རྣམ་པར་སྣང་མཛད་གཟུགས་ཆེན་བསྒོམ། །ཞེས་པ་ཤ་ཙིའི་མདུན་དུ་རྣམ་པར་སྣང་མཛད་ཀྱི་གཟུགས་ཆེན་པོ་གཅིག་བསྒོམ་ལ། དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དུ་བསམས་ནས། དེ་ལ་ཤ་ཙི་གནས་པར་བསམ་ལ། དེའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་བསྐྱེད་དེ། བདག་གི་ཏིང་ངེ་འཛིན་སེམས་དཔའ་ལས་འོད་ཟེར་འཕྲོས་པས། ཤ་ཙིའི་སྙིང་ལྕགས་ཀྱུས་ཕུག མགྲིན་པ་ཞགས་པས་བཅིངས་ནས། བདག་གི་གན་དུ་རིམ་གྱིས་འོང་བར་བསམ་ཞིང་། དེ་ནས་རྡོ་རྗེ་མི་འཆིའི་སྦྱོར་བ་སྟེ། བདུད་རྩི་འཁྱིལ་བའི་ང་རྒྱལ་དང་ལྡན་པས་དེའི་སྔགས་ལས་གྲངས་ལྔ་བཅུ་བརྗོད་ན། ངེས་པར་རྟག་ཏུ་སྟེ་ཞག་བདུན་ལ་སོགས་པས་ཤ་རྩི་འགུགས་པར་འགྱུར་རོ། །ལྷའི་བུ་མོ་འགུགས་པ་ནི། འདོད་པའི་རྒྱལ་པོ་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས་ལས་རྒྱལ་མཆོག་ལྷའི་བུ་མོའི་མདུན་དུ། རྡོ་རྗེ་དཀྱིལ་འཁོར་ཏེ། འདོད་པའི་རྒྱལ་པོའི་གཟུགས་ཆེན་པོ་ཞིག་བསྒོམ་ལ། དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ཀྱོ་བ་གཟུགས་པོ་ཆེ། །འབར་བ་རྡོ་རྗེ་འདྲ་བའི་འོད། །ཅེས་པ་རྡོ་རྗེ་ལྕགས་ཀྱུར་བསམ་ལ། དེ་ལ་ལྷའི་བུ་མོ་བསྐྱོན་ཏེ། འོག་ཏུ་རླུང་གི་དཀྱིལ་འཁོར་བསྒོམ་ལ། རང་གི་ཏིང་ངེ་འཛིན་སེམས་དཔའ་ལས་འཕྲོས་པའི་འོད་ཟེར་གྱིས། སྙིང་ལྕགས་ཀྱུས་ཕུག མགྲིན་པ་ཞགས་པས་བཅིངས་ནས། བདག་གི་གན་དུ་འོང་བར་བསམ་ཞིང་། འདོད་རྒྱལ་གྱི་སྔགས་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླས་ན། ཞག་བདུན་ལ་སོགས་པས་ནམ་མཁའི་བུ་མོ་སྟེ་ལྷའི་བུ་མོ་འགུགས་པར་འགྱུར་རོ། །ལྷ་མ་ཡིན་གྱི་བུ་མོ་དགུག་པ་ནི། རང་གི་ཁྲོ་བོ་རྡོ་རྗེ་སྟེ། མི་བསྐྱོད་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་དེའི་དམ་ཚིག་སྟེ་བཀའ། རྡོ་རྗེ་ས་འོག་གནས་པ་སྟེ། གནོད་མཛེས་རྒྱལ་པོ་ལ་ཧཱུྃ་བཞིའི་སྔགས་ཀྱིས་ཆེ་གེ་མོ་ཁུག་ལ་ཤོག་ཅིག་ཅེས་བསྒོའོ། །དེ་ནས་གནོད་མཛེས་ཀྱིས་བསྒྲུབ་བྱ་སྟེ། ཤུ་ལ་རྡོ་རྗེ་ཀྱོ་བའི་གནས་ཏེ། མདུང་གིས་སྙིང་ཕུག་ལ་དེའི་བུ་ག་ནས་རྡོ་རྗེ་ལྕགས་ཀྱུས་དྲངས་ཏེ། མགྲིན་པ་ཞགས་པས་བཅིངས་ནས། རླུང་གི་དཀྱིལ་འཁོར་ལ་བསྐྱོན་ལ། གནོད་མཛེས་ཀྱི་སྔགས་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླས་ན་ལྷ་མ་ཡིན་གྱི་བུ་མོ་དགུག་པར་འགྱུར་རོ། །ལྷ་དགུག་པ་ནི། རང་གི་ལྷག་པའི་ལྷ་གང་ཡིན་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་བཙག་གམ། རྡོ་རྒྱུས་དག་ལས། རྡོ་རྗེའི་ཀྱོ་བའི་སྦྱོར་བ་སྟེ་རྡོ་རྗེ་ལྕགས་ཀྱུའི་གཟུགས་བྱས་ལ། ཟླ་བ་གཟས་ཟིན་པའི་ཚེ། ཁར་བཅུག་ནས་ནི་བསྒྲུབ་པར་བྱ། ཞེས་པ་རྡོ་རྗེ་ལྕགས་ཀྱུའི་གཟུགས་དེ་ཡུམ་གྱི་ཆོས་འབྱུང་དུ་བཅུག་ནས་སྙོམས་འཇུག་བྱ་ཞིང་། ནམ་ཟླ་བ་ཟས་ཟིན་མཐོང་པ་ན་དེ་བཏོན་ནས། འབྲུ་གསུམ་བཟླས་པའི་སྔགས་ཀྱིས་བསྲུངས་ཏེ། དེ་ནས་དེའི་སྣག་ཚ་བྱས་ནས། ཚངས་པ་དང་། དྲག་པོ་ལ་སོགས་པའི་ལྷ་གང་འགུགས་པར་འདོད་པའི་མིང་རྣམས་བྲིས་ནས་བོས་ན། རྡོ་རྗེ་གསུམ་སྟེ་རྡོ་རྗེ་འཆང་ཆེན་པོའི་བཀའ་བཞིན་དུ་འཇིགས་ཤིང་སྐྲག་ནས་འོང་བར་འགྱུར་རོ། །གནོད་སྦྱིན་མོ་དགུག་པ་ནི། རྣམ་པའི་མཆོག་རྣམས་ཀུན་ལྡན་པའི། །རྡོ་རྗེ་འཇམ་དཔལ་རབ་ཏུ་བསྒོམ། །ཞེས་པ། འཇམ་དཔལ་ལམ། གཤིན་རྗེ་གཤེད་ཀྱི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ཏེ། ལས་རྒྱལ་མཆོག་གནོད་སྦྱིན་མོའི་མདུན་དུ། ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་སྤྲོས་ལ། དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ཀྱོ་བར་བསམས་ལ། དེ་ལ་བསྐལ་པ་བསྲེག་པའི་མེའི་འཁོར་ལོ་ལྟ་བུ་འོད་འཕྲོ་བར་བསམས་ནས། དེ་ལ་གནོད་སྦྱིན་མོ་བསྐྱོན་ཏེ། འོག་ཏུ་རླུང་གི་དཀྱིལ་འཁོར་བསྒོམ་ལ། རང་གི་ཏིང་ངེ་འཛིན་སེམས་དཔའ་ལ་འོད་ཟེར་འཕྲོས་པས། སྙིང་ལྕགས་ཀྱུས་ཕུག མགྲིན་པ་ཞགས་པས་བཅིངས་ནས། བདག་གི་གན་དུ་འོང་བར་བསམ་ལ། སྔགས་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླས་པར་བྱས་ན། ཞག་བདུན་ལ་སོགས་པས་གནོད་སྦྱིན་མོ་ཁུག་པར་འགྱུར་བས་ལོངས་སྤྱད་པར་བྱའོ། །སྔགས་དང་ཕྱག་རྒྱས་བསྒྲུབ་པ་ནི། ཏིང་ངེ་འཛིན་དང་ལྡན་པར་བཟླས་པ་བྱ་བ་ནི། དེ་ལྟ་བུའི་དགུག་པ་ལ་སོགས་པའི་ལས་ཀྱང་། རང་གི་ལྷའི་ཏིང་ངེ་འཛིན་དང་། བཟླས་པ་གང་རུང་ཅིག་ཙམ་གྱིས་འགྲུབ་བམ་ཞེ་ན། མ་ཡིན་གྱི། སྔགས་ཀྱི་སྒོ་ནས་ལས་བསྒྲུབ་པ་ལ་ཏིང་ངེ་འཛིན་དང་སྔགས་གཉིས་ཀ་དང་ལྡན་དགོས་སོ་ཞེས་སྟོན་པ་ནི། ཡེ་ཤེས་ཀྱི་སྐུ་དང་སྔགས་ཀྱི་སྐུའི་དབྱེ་བས། ཕྱག་རྒྱ་ཆེན་པོའི་ཁྱད་པར་རྣམ་པ་གཉིས་དང་། ངག་གི་བཟླས་པ་དང་། རྡོ་རྗེའི་བཟླས་པའི་དབྱེ་བ་ཡིས་སྔགས་ཀྱི་བཟླས་པའི་ཁྱད་པར་གཉིས་ཏེ། དེ་ལྟར་ན་ཕྱག་རྒྱ་དང་བཅས་པའི་ཁྱད་པར་ཐམས་ཅད་དགུག་པ་ལ་སོགས་པའི་ལས་བསྒྲུབ་པའི་ཐབས་སུ་གསུངས་པ་ཡིན་ནོ། །གལ་ཏེ་སྔགས་དང་ཕྱག་རྒྱའི་ཁྱད་པར་གཉིས་ཀྱིས་སྒྲུབ་པ་ལས་གཞན་དུ་མ་བསྒྲུབས་ན། ལས་དེ་འཇིག་པར་འགྱུར་བ་སྟེ་འགྲུབ་པར་མི་འགྱུར་རོ། །སྦྱོར་བ་གང་ལའང་རྡོ་རྗེ་སེམས་དཔའ་བསྒོམ་པ་ནི། རྡོ་རྗེ་སེམས་དཔའ་ནི་དྲུག་པ་སྟེ་དེ་ཉིད་ལྔ་པོ་རྣམས་ཀྱི་རྟེན་དུ་གྱུར་པའི་ཕྱིར། རྒྱལ་པོ་ཆེའོ། །དེ་ནི་ལས་ཐམས་ཅད་དང་གནས་སྐབས་ཐམས་ཅད་དུ་ཡང་དང་ཡང་དུ་བསྐུལ་བར་བྱ་ཞིང་དམིགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཉིད་ནི་སྔགས་རྣམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱལ་པོ་སྟེ་གསལ་བར་བྱེད་པ་དང་། མཆོག་ཏུ་བརྟག་པ་ཡིན་པས་སོ། འདིས་ནི་དོན་གཉིས་སྟོན་ཏེ། སྦྱོར་བ་ཐམས་ཅད་ཀྱི་སྔོན་དུ་རྡོ་རྗེ་འཆང་གི་ལྷག་མོས་ཀྱི་དཀྱིལ་འཁོར་བསྒོམ་པའམ། ཡང་ན་སྔགས་ལ་གཞོལ་བའི་ལས་ཚོགས་ཀྱིས་ཞི་བ་ལ་སོགས་པའི་ལས་གྲུབ་པར་མ་གྱུར་ན། དེའི་ཚེ་རྒྱལ་པོ་གསུམ་གྱི་སྒོ་ནས་སྙིང་པོ་བསྐུལ་བ་ལས། འདི་ནི་ཕྱག་རྒྱའི་རྒྱལ་པོ་རྡོ་རྗེ་འཆང་དུ་བསྒོམ་པ་སྟེ་སྟོན་པ་ཡིན་ཞེས་སྡོག་གསུང་ངོ་། །སྔགས་ཀྱི་རིག་པ་གཞན་བསྟན་པ་ལ་གསུམ་ལས། རལ་གཅིག་མའི་རིག་པས་ཀླུ་དགུག་པ་ནི། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར་རོ། །ཏིང་ངེ་འཛིན་ཇི་ལྟ་བུ་ཞེ་ན། ནམ་མཁའ་ཀུན་ཏུ་རྣམ་པར་འཕྲུལ་པའི་ཡེ་ཤེས་རྡོ་རྗེ་ནི་དོན་ཡོད་གྲུབ་པ་སྟེ། དེ་བསྐྱེད་པའི་ཏིང་ངེ་འཛིན་ལའོ། །

གང་ཞིག་ཅེ་ན། རྡོ་རྗེའི་རང་བཞིན་ཐོར་གཙུག་སྟེ་རལ་པ་གཅིག་མ་ཅན། དམ་ཚིག་ཆེན་པོ་གཞན་གྱིས་མི་ཐུབ་པའི་གཟུངས་དོན་ཡོད་གྲུབ་པའི་རྡོ་རྗེ་སྟེ་དཀྱིལ་འཁོར་པ་རྣམས་ཀྱི་མཆོག་འདི་སྔགས་ཀྱི་བདག་ཉིད་དུའོ། །གང་ལས་ན། ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྔགས་ནི་ༀ་ཞེས་སོ། །ཤུ་ལི་ནི་མདུང་ཅན་མ་ཞེས་བོད་པའོ། །དེ་ནས་འདི་གསུངས་པ་ཙམ་གྱིས་ཀླུའི་བུ་མོ་མཐུ་ཆེན་རྣམས་འདོད་པས་མེས་ཚིག་པར་གྱུར་ཅིང་། གོས་དང་བྲལ་ནས་གཞན་དབང་དུ་གྱུར་ཏེ། སངས་རྒྱས་བྱང་ཆུབ་སྟེ་དོན་ཡོད་གྲུབ་པ་རྗེས་སུ་དྲན་ཞིང་བསྒོམ་པར་འགྱུར་རོ། །སྔགས་ཀྱི་རིག་པ་འདི་དང་ཆོ་ག་སྦྱོར་བ་ཡིས་ཀླུ་རྣམས་འགུགས་པར་འགྱུར་རོ། །ཆོ་ག་ནི། དོན་ཡོད་གྲུབ་པའི་དཀྱིལ་འཁོར་རྒྱལ་མཆོག་ཡན་ཆད་བསྐྱེད་ནས། ལས་རྒྱལ་མཆོག སྐྱེས་པའི་ཐོད་པ་ལ་བཙག་གིས་རླུང་གི་དཀྱིལ་འཁོར་བྲིས་ལ། དེའི་སྙིང་ཁར་མིང་བྲིས་ལ་རྣམ་ཤེས་བཀུག་སྟེ། དོན་དུ་མངོན་པར་ཞེན་པས། རྡོ་རྗེ་ལྕགས་ཀྱུས་བྱིན་གྱིས་བརླབ་པའི་རྐང་པ་གཡོན་པས་མནན་ལ། ༀ་ཤུ་ལི་ནི་ཆེ་གེ་མོ་ཨ་ཀར་ཤ་ཡ་ཧྲི། ཞེས་སྤེལ་ཚིག་དང་བཅས་པས། སྔགས་བཟླས་ན་ཞག་བདུན་ལ་སོགས་པས་ཀླུ་རྣམས་ཁུག་པར་འགྱུར་རོ། །ཆོ་ག་འདི་ཉིད་ཀྱིས་བུད་མེད་ཐོད་པའི་ནང་དུ་ཀླུའི་བུ་མོའི་གཟུགས་བྲིས་ན་དེ་ཉིད་ཁུག་པར་འགྱུར་རོ། །རིག་པ་འཛིན་པའི་བུ་མོ་དགུག་པ་ནི། དེ་ནས་བཅོམ་ལྡན་རྡོ་རྗེ་འཆང་ཆེན་པོ་ནམ་མཁའི་དམ་ཚིག་ནི་འོད་དཔག་ཏུ་མེད་པའོ། །དེ་ལས་བྱུང་བའི་རྡོ་རྗེ་ནི། ཁྲོ་གཉེར་ཅན་སྟེ། དེ་བསྐྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར། གང་ན་ཆོས་ཆེན་པོ་སྟེ་འོད་དཔག་ཏུ་མེད་པའི་དམ་ཚིག་སྟེ་རིག་དང་ལྡན་པའི་རྡོ་རྗེ་ཁྲོ་གཉེར་མ་འདི། སྔགས་ཀྱི་བདག་ཉིད་དུའོ། །གང་ལས་ན་ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྔགས་ནི་ༀ་ཅེས་སོགས་སོ། །ཡེ་ཤེས་རྡོ་རྗེ་ནི་འོད་དཔག་ཏུ་མེད་པའོ། །རིག་པ་འཛིན་པའི་བུ་མོ་གཟུགས་སོགས་ཀྱི་ཡོན་ཏན་དང་ལྡན་པས་མ ཆོག་ཏུ་གྱུར་པ་གསེར་གྱི་རྣ་ཆ་གཡོ་བ་རྣམས་སྔགས་ཀྱི་རིག་པ་འདི་དང་། དམ་ཚིག་ལ་སོགས་པ་ཆོ་གའི་ཁྱད་པར་གྱིས་དགུག་པར་བྱའོ། །དེ་ལ་ཆོ་ག་ནི། འོད་དཔག་མེད་ཀྱི་དཀྱིལ་འཁོར་རྒྱལ་མཆོག་ཡན་ཆད་བསྐྱེད་དེ། དེ་ལ་གནས་ནས་ལས་རྒྱལ་མཆོག་བུད་མེད་ཀྱི་ཐོད་པ་ལ་བཙག་གིས་རླུང་གི་དཀྱིལ་འཁོར་བྲིས་ཏེ། དེའི་དབུས་སུ་རིག་པ་འཛིན་པའི་བུ་མོའི་གཟུགས་བྲིས་ལ། དེའི་སྙིང་ཁར་མིང་བྲིས་ལ། དེ་ལ་རྣམ་ཤེས་བཀུག་སྟེ། དོན་དུ་མངོན་པར་ཞེན་པས། རྡོ་རྗེ་ལྕགས་ཀྱུས་བྱིན་གྱིས་བརླབསཔའི་རྐང་པ་གཡོན་པས་མནན་ལ། སྔགས་ལ་ཆེ་གེ་མོ་ཨ་ཀར་ཤ་ཡ་ཧྲི་ཞེས་པ་དང་སྤེལ་ཏེ་བཟླས་ན། ཞག་བདུན་ལ་སོགས་པས་འགུགས་པར་འགྱུར་རོ། །འབྲུ་གསུམ་བཟླས་པ་ཕན་ཡོན་དང་བཅས་པ་ནི། དེ་མ་ཐག་ཏུ་སྟེ་རིང་པོ་མི་ཐོགས་པར་འགུགས་ཤིང་འགྲུབ་པར་འགྱུར་རོ། །ཞེས་དྲང་། གང་ཞིག་ན། ཡེ་ཤེས་རྡོ་རྗེ་གསུམ་སྟེ། མི་བསྐྱོད་པ་ལ་སོགས་པའ་ིརིགས་ལས་བྱུང་བའི་སྤྱན་མ་ལ་སོགས་པའི་ལྷ་རྣམས་དང་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་རྣམས་ཀྱི་ཕྲེང་སྔགས་སྔར་བཤད་པ་དེ་རྣམས་ཀུན་ནོ། །གང་གིས་ཞེ་ན། སྦྲུལ་ལ་སོགས་པའི་སྔགས་རྣམས་སྐྱེས་པ་དང་། བུད་མེད་དང་། མ་ནིང་གི་དབྱེ་བས། གང་དུ་འགོག་ཅིང་གཟུང་བར་གྱུར་པ་ནི། འགོག་པ་རྡོ་རྗེ་རྒྱལ་པོ་སྟེ། ཡི་གེ་འབྲུ་གསུམ་གྱི་སྔགས་ཀྱིས་སོ། །འབྲུ་གསུམ་པོ་དེ་ནི། འཇུག་གནས་ལྡང་གསུམ་གྱི་ཚུལ་གྱིས་རྒྱུན་མི་འཆད་པར་རྒྱུ་བར་གྱུར་པས་ན། ཡོངས་སུ་རྫོགས་པར་མཛེས་མཆོག་ཅེས་བྱ་སྟེ། འདོད་པའི་དོན་སྒྲུབ་པས་མཛེས་པའི་ཕྱིར་རོ། །དོན་ནི་འདི་ཡིན་ཏེ། སྔར་བཤད་པའི་ཕྲེང་སྔགས་བཅོ་ལྔ་པོ་དེ་དག་གི་ལས་ཇི་སྙེད་ཅིག་འགྲུབ་པ་དེ་དག་ཐམས་ཅད་འབྲུ་གསུམ་ངག་ཏུ་བཟླས་པ་ཁོ་ནས་འགྲུབ་ཅེས་སྟོན་པ་སྟེ། དེ་ཡང་བསྙེན་པ་ལས་སུ་རུང་ཞིང་། འབྲུ་གསུམ་འབུམ་ཕྲག་གཅིག་བཟླས་པ་དང་། དེའི་སྦྱིན་སྲེག་ཁྲི་ཕྲག་གཅིག་བྱས་ཤིང་། རིག་པའི་བརྟུལ་ཞུགས་ལ་བྱ་བ་བྱས་པས། ལས་སྦྱོར་གྱི་དུས་སུ། ཕྲེང་སྔགས་བཅོ་ལྔ་པོས། ལས་གང་དང་གང་གྲུབ་པའི་ལས་དེ་ཐམས་ཅད་འབྲུ་གསུམ་བཟླས་པས་འགྲུབ་པར་འགྱུར་རོ། །གདུགས་པ་ཚར་བཅད་པ་ལ་ལྔ་ལས། དགུག་པ་ལ་སོགས་པའི་གནས་དང་། བསྙེན་པ་ཕན་ཡོན་དང་བཅས་པ་ནི། བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས། སྔར་ཇི་སྐད་བཤད་པའི་ལས་དེ་དང་དེ་སྒྲུབ་པའི་སྔོན་དུ་སྐྱེ་བས་དབེན་པའི་གནས་རི་བོ་ཆེན་པོ་ལ་སོགས་པ་རུ། གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་ཐམས་ཅད་དང་། སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་ཕྲེང་སྔགས་སྔར་བཤད་པ་དེ་རྣམས་འབུམ་དུ་བཟླས་ཤིང་། སྦྱིན་སྲེག་ཁྲི་ཕྲག་གཅིག་བྱས་ཏེ། དེ་ནས་གདུག་པ་ལ་སོགས་པའི་ལས་ཐམས་ཅད་བྱེད་པར་བཤད་དོ། །གསད་པའི་ཡུལ་བསྟན་པ་ནི། རྡོ་རྗེ་སློབ་དཔོན་ཞེས་སོགས་ཏེ་གོ་སླའོ། །བསད་པའི་ཆོ་ག་ལ་གཉིས་ལས། ཁ་སྦྱར་དབྱེ་བ་ནི། ཕྱོགས་བཅུའི་སེམས་ཅན་ཞེས་སོགས་ཏེ་གོ་བར་ཟད་དོ། །གསད་པའི་སྦྱོར་བ་ལྔ་བསྟན་པ་ནི། ཞེ་སྡང་རྡོ་རྗེའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ཁྲག་དང་ཆུ་དྲོན་དང་། བཤང་བ་དང་། གཅི་བ་དག་གཅིག་ཏུ་བྱས་པས། གཤེར་བར་བྱས་པའི་གོས་བགོས་ནས། དུག་དང་སྐྱེ་ཚེ་ལ་སོགས་པས་མངོན་སྤྱོད་ཀྱི་རྫས་ལས་སྒྲུབ་བྱའི་གཟུགས་བྱས་ལ། དེའི་སྙིང་ཁར་སྔགས་དང་སྤེལ་བའི་མིང་བཅུག་ལ། མིང་ལ་རྣམ་ཤེས་བཀུག་སྟེ་དོན་དུ་ཞེན་པས། སྣ་ཚོགས་རྡོ་རྗེས་མཚན་པའི་རྐང་པ་གཡས་པས་ལིངྒ་མནན་ལ་མི་བསྐྱོད་པའི་སྦྱོར་བ་དང་ལྡན་པས། གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོའི་རྒྱལ་པོ་གང་ཡང་རུང་བའི་སྔགས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ན། སངས་རྒྱས་ཏེ་ལས་ཀྱི་ཚོགས་ལ་མཁས་པ་དག་ཀྱང་ངེས་པར་འཇིག་ཅིང་འཆི་བར་འགྱུར་རོ། །ཡང་ཆུ་འབའ་ཞིག་གིས་གཤེར་བར་བྱས་པའི་གོས་བགོས་ཏེ། ཡང་སྔར་བཞིན་ཆོ་ག་བརྩམ་པར་བྱའོ། །དེ་བཞིན་དུ་བཤང་གཅིས་གཤེར་བར་བྱས་པ་དང་། ཐལ་སྐྱོས་གཤེར་བར་བྱས་པའི་གོས་བགོས་པ་དང་། གོས་མེད་པ་གཅེར་བུར་སྐྲ་བཤིག་སྟེ་སྔར་བཞིན་སྦྱོར་བ་རྩོམ་པར་བྱའོ། །སྦྱོར་མ་ལྔ་པོ་འདི་དག་ལ་ཆས་གོས་མི་འདྲ་བའི་ཁྱད་པར་མ་གཏོགས་ཆོ་གའི་དངོས་གཞི་ལ་ཁྱད་པར་མེད་ཅིང་། ཆས་གོས་གང་མོས་པ་བྱའོ། །ཞེས་པའོ། །གསད་པའི་གནས་ནི། དྲག་པོའི་ལས་དེ་དག་གནས་གང་དུ་བརྩམ་ཞེ་ན། ཚངས་པ་མོ་དང་། ཁྱབ་འཇུག་མོ་དང་། དྲག་མོ་དང་། དབང་མོ་དང་། གཞོན་ནུ་མོ་དང་། ཕག་མོ་དང་། རྒན་བྱད་མོ་སྟེ། འཇིག་རྟེན་གྱི་མ་མོ་བདུན་པོ་དེ་རྣམས་ཀྱི་གནས་སམ། དུར་ཁྲོད་ལ་སོགས་པ་དག་ཏུ་བརྩམ་པར་བྱའོ། །གསད་པ་དང་། བསྐྲད་པའི་སྦྱོར་བ་གཞན་གསུམ་བསྟན་པ་ནི། ནང་ལ་མཆོག་ཏུ་གཞོལ་བ་བསྙེན་པ་ལས་སུ་རུང་བས། ཞེ་སྡང་རྡོ་རྗེའི་དཀྱིལ་འཁོར་རྒྱལ་མཆོག་ཡན་ཆོད་ལ་གནས་ནས། ལས་རྒྱལ་མཆོག་དུར་ཁྲོད་ཀྱི་རས་ལ་དུག་ལ་སོགས་པ་མངོན་སྤྱོད་ཀྱི་རྫས་སུ་སྣ་ཚོགས་རྡོ་རྗེ་བྲིས་ཏེ། དེའི་ལྟེ་བ་ལ་བསྒྲུབ་བྱའི་མིང་དང་སྔགས་བྲིས་ཏེ། མིང་ལ་རྣམ་ཤེས་བཀུག་སྟེ་དོན་དུ་ཞེན་པས། འཁོར་ལོ་དེ་མིའི་རྗེ་ངར་གྱི་རུས་པ་ལས་བྱས་པའི་ཕུར་བུ་སོར་བརྒྱད་པའི་ཚད་ཙམ་གྱི་ཁོང་སྟོང་གི་ནང་དུ་བཅུག་ལ། བསྒྲུབ་བྱའི་རྐང་རྗེས་ཀྱི་སས་བཀབ་སྟེ། ཁྲོ་བོའི་སྔགས་ལན་བརྒྱ་རྩ་བརྒྱད་དུ་བཟླས་པ་བྱས་ཏེ། དགྲ་བོའི་སྒོ་གར་སྦ་བར་བྱའོ། །དེས་ཅིར་འགྱུར་ཞེ་ན། ཟླ་བ་ཕྱེད་ཀྱི་ནང་ཚུན་ཆད་དམ་ཟླ་བ་ཕྱེད་རྫོགས་པས་གནས་ནས་ཉམས་པའམ། ཡང་ན་འཆི་བར་འགྱུར་རོ། །སུ་ཞིག་ཞེ་ན། སངས་རྒྱས་ཏེ་སེམས་ཅན་ཤེས་རབ་ཅན་དང་། སྐུ་གསུམ་སྟེ་དམན་འབྲིང་བར་མའི་སེམས་ཅན་རྣམས་ལ་མཆོག་སྦྱིན་པ་དང་། ཤེས་པ་སྟེ་དྲིན་ལ་ལན་གྱིས་ལྡོན་པའི་སེམས་དང་ལྡན་པ་དང་། མི་ཤེས་པ་སྟེ་བྱས་པ་མི་བཟོ་བ་རྣམ་པར་སྤངས་པ་ཡིན་ཡང་། རྡོ་རྗེ་སློབ་དཔོན་ལ་སྨོད་པ་ལ་སོགས་མ་རུངས་པ་བྱེད་ན་མངོན་སྤྱོད་ཀྱི་ཡུལ་ཡིན་པས་དེ་དག་གོ །སྦྱོར་བ་གཉིས་པ་སྐྲོད་པ་ནི། ལྷའི་རྣལ་འབྱོར་སྔར་དང་འདྲ་ལ། ལས་རྒྱལ་མཆོག་ཐོད་པ་གང་བ་རྨ་མེད་པ་དག་བཙལ་ལ། བྱེ་བྲག་ཤེས་པའི་མཁས་པས། ཐོད་པ་དེར། ཁྲོ་བོ་གང་རུང་བའི་སྔགས་བསྒྲུབ་བྱའི་མིང་དང་བཅས་པ་བྲིས་ཏེ། ཁྲོ་བོའི་སྔགས་རྡོ་རྗེའི་ཚིག་གིས་རང་གཞན་གྱིས་ཐོས་པར་བཟླས་ནས། ཐོད་པ་དེ་དགྲའི་སྒོའམ་གྲོང་དག་དུ་སྦས་ན་ངེས་པར་སྐྲོད་པར་འགྱུར་རོ། །སྦྱོར་བ་གསུམ་པ་གསད་པ་ནི། ལྷའི་རྣལ་འབྱོར་སྔ་མ་དང་འདྲ་ལ། ལས་རྒྱལ་མཆོག་ནི། ཏ་ལའི་ལོ་མའམ་རས་གཞན་གང་ཡང་རུང་བ་ལ། ཁྲོ་བོ་གང་ཡང་རུང་བའི་སྔགས་དང་དགྲ་བོའི་མིང་སྤེལ་ཏེ་བྲིས་ལ། དགྲའི་སྒོའམ་གྲོང་དག་ཏུ་སྦས་ནས། སྔགས་དེ་ཉིད་ཐུན་བཞིར་བཟླས་ན། རིམས་ཀྱིས་ཐེབས་ནས། དང་པོར་སྐམ་པར་འགྱུར་ཞིང་ཕྱིས་འཆི་བར་འགྱུར་རོ། །དམ་ཚིག་ཆེན་པོའི་དཔལ་རྡོ་རྗེ་ནི། རྡོ་རྗེ་འཆང་ཆེན་པོའོ། །ཕུར་བུས་གདབ་པ་ལ་གཉིས་ཏེ། ཐུན་མོང་གི་ཕུར་བུས་གདབ་པ་དང་། ཐུན་མོང་མ་ཡིན་པའི་ཕུར་བུས་གདབ་པའོ། །ཐུན་མོང་གི་ཕུར་བུས་གདབ་པ་ལ་གསུམ་གྱི་ཐུན་མོང་གི་སྔགས་ནི། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེ་བཞིན་གཤེགས་པ་སྟེ། བསྒྲུབ་བྱ་གདུག་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ངེས་པར་འཆིང་ཞིང་མི་གཡོ་བར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར། གང་ཞིག་ན། རྡོ་རྗེ་ཁམས་གསུམ་སྟེ། རབ་འབྲིང་ཐ་མའི་བསྒྲུབ་བྱ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གནོན་ཅིང་གཟིར་བར་བྱེད་པའི་སྔགས་འདིའོ། །གང་ལས་ན་ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྔགས་ནི་ༀ་ཞེས་སོགས་སོ། །དེ་ནས་སྔགས་འདི་གསུངས་མ་ཐག་ཏུ་བསྒྲུབ་པར་དཀའ་བས་ན་སངས་རྒྱས། མཐུ་ཆེན་པོ་དག་ལྡན་པས་ན་རྫུ་འཕྲུལ་ཆེན་པོ་བརྒྱ་བྱིན་ལ་སོགས་པ་ཀུན་སྔགས་ཀྱིས་རེག་པས་དང་པོར་བརྒྱལ་ཞིང་། ཕྱིས་དྲན་པ་རྙེད་ནས་སྐྲག་པས་འཇིགས་པར་འགྱུར་ཏེ། ནམ་མཁའ་རྡོ་རྗེའི་ཐུགས་ཏེ་རྡོ་རྗེ་འཆང་ཆེན་པོ་དྲན་པ་སྟེ་དེ་ལ་སྐྱབས་སུ་སོང་བའོ། །རྫས་ཀྱི་ཕུར་བུས་གདབ་པ་ནི། ཞེ་སྡང་རྡོ་རྗེའི་དཀྱིལ་འཁོར་རྒྱལ་མཆོག་ཡན་ཆད་ལ་གནས་ནས། ལས་རྒྱལ་མཆོག་མངོན་སྤྱོད་ཀྱི་རྫས་ལ་དགྲ་བོའི་གཟུགས་བརྙན་བྱས་ལ་དུར་ཁྲོད་ཀྱི་རས་ལ་དུག་ལ་སོགས་པས་ཁྲོ་བོ་གང་ཡང་རུང་བའི་སྔགས་དང་དགྲ་བོའི་མིང་སྤེལ་ཏེ་བྲིས་ལ། གཟུགས་བརྙན་གྱི་སྙིང་ཁར་བཅུག་སྟེ། རྣམ་ཤེས་བཀུག་ལ། མི་རུས་སམ། སེང་ལྡེང་ངམ་ལྕགས་ལས་བྱས་པའི་ཕུར་བུ་སྟོད་ཁྲོ་བོའི་གཟུགས་ཅན་སྨད་མདུང་རྩེ་གཅིག་པའི་རྣམ་པ་བྱས་ལ། གསང་སྔགས་འདོན་ཤིང་གཟུགས་བརྙན་གྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་རྡོ་རྗེ་ཐོ་བས་བརྡུངས་ན། རྡོ་རྗེ་སྐུ་གསུམ་སྟེ་དགྲ་བོའི་ལུས་ངག་ཡིད་གསུམ་འཇིག་པར་བྱེད་པར་འགྱུར་རོ། །བསམ་གཏན་གྱི་ཕུར་བུས་གདབ་པ་ནི། འོད་འཕྲོ་འཁྲུག་ཅིང་མདངས་བཟང་བའི། །རྡོ་རྗེ་སེམས་དཔར་མཉམ་གཞག་ལ། །ཞེས་པ་སྒྲུབ་ཐབས་ལས་འབྱུང་བའི་ཚུལ་གྱིས། རྡོ་རྗེ་འཆང་ཆེན་པོའི་སྦྱོར་བ་དང་ལྡན་པས། བསྒྲུབ་པ་ཆེན་པོའི་དུས་སུ་མི་བསྐྱོད་པ་ཕྱུང་ཞིང་། རྗེས་སུ་ཞུགས་པས། བདག་ཉིད་ཞེ་སྡང་རྡོ་རྗེ་མཆེ་བ་ཅུང་ཟད་གཙིགས་པ། འོད་ཀྱི་དཀྱིལ་འཁོར་དམར་པོའི་དབུས་སུ་ཆུད་པར་བསྒོམ་ལ། དེའི་འོག་ཏུ་ཁྲ་བོ་བཅུ་ཕྱུང་སྟེ། ཕྱོགས་དང་མཚམས་རྣམས་སུ་བཞག་ནས། དེ་ནས་གནོད་མཛེས་ལ་བཀའ་བསྒོ་བ་ནི། རྡོ་རྗེའི་སྐུ་ནི་གསུམ་གྱི་མཐར་སྟེ། སྐུ་གསུམ་གྱི་བདག་ཉིད་ཅན་གྱི་གཟུགས་བརྙན་གནོད་མཛེས་ཀྱི་གཟུགས་སུ་བསམས་ལ། དེ་ཉིད་ལ་ཧཱུྃ་བཞིའི་སྔགས་ཀྱིས་བསྒྲུབ་བྱ་ཆེ་གེ་མོ་ཁུག་ཅིག་ཅེས་བཀའ་བསྒོས་ལ། དེ་ནས་བཤད་མ་ཐག་པའི་ཕུར་བའི་ཆོ་ག་བསམ་གཏན་གྱིས་སྦྱར་བར་བྱའོ། །མི་བསྐྱོད་པ་འབའ་ཞིག་དུ་མ་ཟད་ཀྱི། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་དང་། འདོད་ཆགས་རྡོ་རྗེ་ཅན་སྟེ་འོད་དཔག་ཏུ་མེད་པ་དང་། གཤིན་རྗེ་གཤེད་ཀྱི་ཕྱག་རྒྱ་ཆེན་པོ་དག་ཀྱང་བསམས་ནས། ཕུར་བུའི་ཆོ་ག་འདི་སྦྱར་བར་བྱ་སྟེ། དེ་ལྟར་བྱས་ན་རྡོ་རྗེ་གསུམ་ཡང་རྣམ་པར་གནོན་ནོ། །དེ་ལྟར་གནོད་མཛེས་ལ་བཀའ་བསྒོ་བ། གནོད་མཛེས་ཀྱིས་བསྒྲུབ་བྱའི་སྙིང་ལྕགས་ཀྱུས་ཕུག མགྲིན་པ་ཞགས་པས་བཅིངས་ཏེ་ཁྲོ་བོ་བཅུ་ལ་གཏད་པར་བསམ་མོ། །དེ་ནས་རྡོ་རྗེ་བདུད་རྩི་འཁྱིལ་བ་ཕུར་བའི་གཟུགས་སུ་གྱུར་པས། གདུག་ཅིང་ཁྲོ་བའི་བསྒྲུབ་བྱ་རྣམས་ཀྱིས། རྐང་མཐིལ་ནས་སྤྱི་གཙུག་གི་བར་དུ་བཏབ་པས་ཚར་གཅད་ཅིང་བརྩེ་བ་མེད་པར་གཞོམ་པར་བྱའོ། །བཤད་མ་ཐག་པའི་ཆོ་ག་འདི་ནི། རྡོ་རྗེ་སྦྱོར་བ་སྟེ་མི་བསྐྱོད་པའི་རྣལ་འབྱོར་པས་བྱ་བ་ཡིན་ཞིང་། སངས་རྒྱས་ཏེ་རྣམ་སྣང་དང་། འོད་དཔག་ཏུ་མེད་པ་དང་། བདག་ཉིད་ཆེན་པོ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པའི་ཡང་ཆོ་ག་འདི་ཉིད་ཡིན་ནོ། །ཕུར་བུའི་དབྱིབས་ཇི་ལྟ་བུ་ཞེ་ན། བདུད་རྩི་འཁྱིལ་བའི་སྙིང་ཁ་ནས། རྐང་པའི་མཐར་རྡོ་རྗེ་ཕུར་བུའི་རྣམ་པར་བསྒོམ་ཞིང་། ཕུར་བུ་དེ་ཉིད་ལྟེ་བའི་གོང་ཡན་ཆད་དུ་དམ་ཚིག་སྟེ། བདུད་རྩི་འཁྱིལ་བ་དེ་ཉིད་ཀྱི་གཟུགས་སུ་བསམ་མོ། །བཤད་མ་ཐག་པ་འདི་ནི་ཕུར་བུའི་རྣམ་འཕྲུལ་ལམ་དབྱིབས་ཡིན་ནོ། །བཤད་མ་ཐག་པའི་ཕུར་བུའི་དབྱིབས་དང་བསམ་གཏན་རྡོ་རྗེའི་སྦྱོར་བ་ཡིས། སངས་རྒྱས་ཏེ་ཕུར་བུའི་ཆོ་ག་ཤེས་པའི་སྒྲུབ་པ་པོས་ངེས་པར་འདེབས་ཤིང་མི་འགྱུར་བར་བྱེད་དོ། །ཕུར་བུས་བཏབ་པ་དེ་ལ་ཅིར་འགྱུར་ཞེ་ན། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེས། །ཕུར་བུས་བཏབ་ན་མྱུར་དུ་འཆི། །ཞེས་ཏེ། བརྩོན་འགྲུས་བརྟན་པས་ན་རྡོ་རྗེ་སེམས་དཔའོ། ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བས་ན། རྒྱལ་པོ་ཆེན་པོ་སྟེ། དེ་ལྟ་བུའི་སྒྲུབ་པ་པོས་ཇི་སྐད་བཤད་པའི་ཆོ་གས་བསྒྲུབ་བྱ་ལ་ཕུར་བུས་འདེབས་ན། དེའི་ཚེ་བསྒྲུབ་བྱ་མྱུར་ཞིང་རིངས་པར་འཆི་བར་འགྱུར་རོ། །ཐུན་མོང་མ་ཡིན་པའི་ཕུར་བུས་གདབ་པ་ལ་གསུམ་གྱི། ལུས་ལ་གདབ་པ་ནི། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་རྣམ་པར་སྣང་མཛད་ཆེན་པོ་སྐུ་སྟེ་བསྒྲུབ་བྱའི་ལུས་རྣམ་པར་འཕྲུལ་ཞིང་ཕུར་བུའི་གནས་སུ་རྣམ་པར་རོལ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར། གང་ཞིག་ན། བསྒྲུབ་བྱའི་སྐུའི་དམ་ཚིག་སྟེ་ལུས་ཀྱི་སྟོབས་ཚམ་ངམ་གྱིས་གནོན་ཅིང་ཚར་གཅོད་པའི་རྡོ་རྗེ་ཕུར་བུའི་སྔགས་འདིའོ། །གང་ལས་ན་ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྔགས་ནི་ༀ་ཞེས་སོགས་ཏེ་མིང་ནི་མཐའ་མེད་དོ། །སྤེལ་བ་ནི་མ་ར་ཡ་ཕཊ་ཅེས་བྱའོ། །ཕྱག་རྒྱ་མཱ་མ་ཀིར་བསྐྱེད་ལ། ཕན་ཚུན་དཀྲི་བའི་ཚུལ་ཏེ་འཁྱུད་པ་ལ་སོགས་པ་བྱས་ལ། མཐེ་བོ་རང་གི་རྡོ་རྗེ་དང་། གཞི་ཕྱག་རྒྱའི་པད་མ་གཉིས་རབ་ཏུ་བསྡམས་པ་སྟེ། གཅིག་ཏུ་འདུས་པར་བྱས་ནས། རྣམ་པར་སྣང་མཛད་ཀྱི་ཚུལ་ཏེ། སྒྲུབ་བྱའི་ལུས་དེའི་གནས་སྤྱི་བོ་ལ། རྡོ་རྗེ་ཕུར་བུ་ངེས་པར་གདབ་པས་མནན་པར་བྱའོ། །དེས་ཅིར་འགྱུར་ཞེ་ན། བཏབ་མ་ཐག་ཏུ། སེམས་དཔའ་ཆེ་སྟེ་སྟོབས་ཆེན་པོ་དང་ལྡན་པ་དང་། རྡོ་རྗེ་སྐུ་གསུམ་ལས་བྱུང་བ་སྟེ། སྐུ་གསུམ་གྱི་བདག་ཉིད་ཅན་ཡང་གནས་ནས་སྐྲོད་པའམ་མཆི་བར་འགྱུར་རོ། །དེ་ཡང་མི་བསྐྱོད་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་པས། ལས་རྒྱལ་མཆོག་ནི། ཕྱག་རྒྱ་མཱ་མ་ཀིར་བསྐྱེད་པ་དང་སྙོམས་པར་འཇུག་པའི་དུས་སུ། དེའི་ཆོས་འབྱུང་དུ་མེའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་མ་དད་པར་སྨྲ་བ་ལ་སོགས་པའི་བསྒྲུབ་བྱ་བསམ་ལ། དེའི་སྤྱི་བོར་སྒྲུབ་པ་པོའི་ལག་པའི་རྡོ་རྗེ་ཕུར་བུར་བསྐྱེད་པ་དེས་བཏབ་པར་བསམ་ཞིང་། སྔགས་དང་ཆེ་གེ་མོ་མ་ར་ཡ་ཕཊ་ཅེས་སྤེལ་བ་བཟླས་ཤིང་སྙོམས་འཇུག་བྱའོ། །ངག་ལ་གདབ་པ་ནི། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་འཇིག་རྟེན་དབང་ཕྱུག་གིས་གསུངས་ཏེ། བསྒྲུབ་བྱའི་ཚིག་ཕུར་བུ་འདེབས་པའི་རྣམ་པར་འཕྲུལ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར། གང་ཞིག་ན། གསུང་གི་དམ་ཚིག་སྟེ། བསྒྲུབ་བྱའི་ངག་གི་སྟོབས་གནོན་ཅིང་རེངས་པར་བྱེད་པའི་རྡོ་རྗེ་ཞེས་བྱ་བ་ཕུར་བུས་གདབ་པའི་སྔགས་འདིའོ། །གང་ལས་ན་ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྔགས་ནི་ༀ་ཞེས་ཏེ། མིང་དང་སྤེལ་བ་སྔར་དང་འདྲའོ། །མི་བསྐྱོད་པའམ་འོད་དཔག་ཏུ་མེད་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ཕྱག་རྒྱ་མཱ་མ་ཀིའམ། གོས་དཀར་མོར་བསྐྱེད་པའི་ཆོས་འབྱུང་དུ་མེའི་དཀྱིལ་འཁོར་ལ་བསྒྲུབ་བྱ་བསམ་ལ། ཡེ་ཤེས་གསུམ་འབྱུང་བའི་པད་མ་ནི་ཡུམ་གྱི་བྷ་ག་ཡིན་ལ། དེ་ཁ་ཕྱེ་བ་དེར་བསྒྲུབ་པ་པོའི་རྡོ་རྗེ་སེར་མོ་ངེས་པ་གཞུག་ཅིང་། འདོད་ཆགས་རྡོ་རྗེའི་ཚུལ་ནི་བསྒྲུབ་བྱའི་ཚིག་གི་རྒྱུན་ཏེ་དེའི་གནས་ལྕེའི་རྩེ་མོ་ལ། རྡོ་རྗེ་ཕུར་བུ་ངེས་པར་གདབ་ཅིང ། སྔགས་དང་ཆེ་གེ་མོ་མ་ར་ཡ་ཕཊ་ཅེས་པ་སྤེལ་ནས། བཟླས་ཏེ་སྙོམས་འཇུག་བྱའོ། །བཏབ་མ་ཐག་ཏུ་སྟེ་ཆོས་འབྱུང་དུ་ཆུད་པའི་བསྒྲུབ་བྱའི་ལྕེ་ལ་རྡོ་རྗེ་རེག་པ་ཙམ་གྱིས། རྡོ་རྗེ་ཆེ་སྟེ་འོད་དཔག་མེད་ཀྱི་རང་བཞིན་གྱི་བསྒྲུབ་བྱའི་ངག་གི་སྤྲོས་པ་སྐུ་གསུམ་དྲི་མེད་སྟེ་ནམ་མཁའི་རང་བཞིན་ལས་འབྱུང་བ་བཏབ་པ་ཙམ་གྱིས་ཏེ་སྦྱོར་བའི་ཁྱད་པར་གྱིས། ལྡང་བར་འགྱུར་བ་སྟེ་ངག་གནོན་པའམ། ཡང་ན་བསྒྲུབ་བྱ་འཆི་བར་འགྱུར་རོ། །སེམས་ལ་གདབ་པ་ནི། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་རྡོ་རྗེ་འཛིན་པ་ཆེན་པོའི་ཐུགས་ནི་བསྒྲུབ་བྱའི་སེམས་ཏེ། དེ་ལ་ཕུར་བུས་གདབ་པའི་རྣམ་པར་འཕྲུལ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱུང་ངོ་ཞེས་སྦྱར་རོ། །གང་ཞིག་ན་ཐུགས་ཀྱི་དམ་ཚིག་སྟེ། བསྒྲུབ་བྱའི་སེམས་ཀྱི་སོ་བ་ཚམ་ངམ་གྱིས་གནོན་ཅིང་འཇོམས་པའི་སྔགས་འདིའོ། །གང་ལས་ན་ཉིད་ཀྱི་སྐུ་ལ་སོགས་པ་ལས་སོ། །སྔགས་ནི་ༀ་ཞེས་ཏེ། མིང་དང་སྤེལ་བ་སྔ་མ་བཞིན་ནོ། །མི་བསྐྱོད་པའི་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ནས། ལས་རྒྱལ་མཆོག་ཕྱག་རྒྱ་མཱ་མ་ཀིར་བསྐྱེད་པའི་ཆོས་འབྱུང་དུ། མེའི་དཀྱིལ་འཁོར་ལ་བསྒྲུབ་བྱ་བསམས་ནས། རང་གི་རྡོ་རྗེ་རྩེ་མོ་ལྔ་པའི་མེ་འོད་འཕྲོ་བ་མང་པོ་འཁྲིགས་པའི་རང་བཞིན་དུ་བསྒོམ་ཞིང་། རྡོ་རྗེའི་ཐུགས་ཀྱི་ཚུལ་ནི་བསྒྲུབ་བྱའི་སེམས་ཏེ། དེའི་གནས་སྙིང་ལ་རྡོ་རྗེ་ཕུར་བུ་ངེས་པར་གདབ་ཅིང་། སྔགས་དང་མིང་སྤེལ་ནས་བཟླས་ཤིང་སྙོམས་འཇུག་བྱའོ། །དེ་ལས་ཅིར་འགྱུར་ཞེ་ན། རང་གི་ཕྱག་རྒྱའི་ཆོས་འབྱུང་དུ་མེའི་དཀྱིལ་འཁོར་ལ་གནས་པའི་སྒྲུབ་བྱའི་སྙིང་གི་པད་མོ་ལ། འབར་བའི་རྡོ་རྗེས་བཏབ་ཅིང་བརྡུངས་པ་ཙམ་གྱིས། རྡོ་རྗེ་ཆེ་སྟེ་བསྒྲུབ་བྱའི་སེམས་སྐུ་གསུམ་དྲི་མེད་སྟེ་འོད་གསལ་ལས་བྱུང་བ། བཏབ་པ་ཙམ་གྱིས་ཏེ་བཤད་མ་ཐག་པའི་སྦྱོ་བའི་ཁྱད་པར་གྱིས། ལྡང་བར་འགྱུར་བ་སྟེ་སེམས་མྱོས་པར་འགྱུར་བའམ། ཡང་ན་འཆི་བར་འགྱུར་རོ། །ཆོ་གའི་ཕན་ཡོན་སྟོན་པ་ནི། སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡི། །ཞེས་པ་ཚིགས་བཅད་གཅིག་སྟེ། འགྲེལ་པར་བཤད་པ་མི་སྣང་ཡང་གོ་སླའོ། །བཅོམ་ལྡན་འདས་རྡོ་རྗེ་ཕུར་བུ་ཆེན་པོ་ནི། རྡོ་རྗེ་འཆང་ཆེན་པོའོ། །ཆོ་ག་ལའོ་མཚར་བའི་སྒོ་ནས་ཉེ་བར་བསྡུ་བ་ནི། དེ་ལྟར་ལས་ཀྱི་ཚོགས་གསུངས་པའི་རྗེས་ཐོགས་དེ་ནས། སངས་རྒྱས་ཏེ་རྫོགས་པའི་རིམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོས་སྐུ་གསུམ་སྟེ་ཐེག་པ་གསར་པ་ལ་གནས་པའི་ལས་དང་པོ་པ་རྣམས་ཀྱི་མཆོག སེམས་ཅན་གྱི་དོན་བྱེད་ནུས་པས། སེམས་ཅན་ཁམས་ལ་ཕན་པར་མཛད་པ་རྣམས་དང་པོར་ཐོས་པས་མཉེས་ཤིང་། ཕྱིས་དོན་རྟོགས་པར་གྱུར་པས་རབ་ཏུ་དགེས་པར་གྱུར་ནས་རང་གི་རྗེས་སུ་མྱོང་བ་གསལ་བར་བྱེད་པའི་གསུང་འོག་ནས་འབྱུང་བ་འདི་སྐད་བཀའ་བསྩལ་ཏོ། །ཨེ་མ་ཧོ་ཞེས་པ་ངོ་མཚར་བའོ། །གང་ཞིག་ངོ་མཚར་ཞེ་ན། གསང་བའི་གནས་ནི་སྔགས་ཀྱི་གནས་ཏེ་དེ་ནི་མཆོག་གོ །སྙིང་པོ་ཀུན་བཏུས་པ་ནི། སྔགས་རྣམས་ཀྱི་རབ་ཏུ་སྦྱོར་བའི་བྱེ་བྲག་གོ །ཆོས་ཀྱི་གནས་ཞི་བ་ནི། རབ་ཏུ་སྦྱོར་བ་དེ་ཉིད་བསམ་གཏན་གྱིས་རྫོགས་པར་བྱས་པའོ། །དེ་ལ་རྐང་པ་དང་པོ་ནི། ལས་སྦྱོར་སྤྱི་ལ་ཆེད་དུ་བརྗོད་པའོ། །གཉིས་པ་ནི་སྔགས་ཀྱི་ལས་སྦྱོར་ལའོ། །གསུམ་པ་ནི་བསམ་གཏན་གྱི་ལས་སྦྱོར་ལ་ཆེད་དུ་བརྗོད་པའོ། །དེ་དག་གི་ནང་ནས་དྲག་པོའི་ལས་སྦྱོར་ལ་ཆེད་དུ་བརྗོད་པ་ནི། རྡོ་རྗེ་རྣམ་པར་འཇོམས་པ་སྟེ། གདུག་པ་ཚར་གཅོད་པ་ཡང་ངོ་མཚར་ཆེའོ་ཞེས་པའོ། །འདི་མན་ཆད་ཕུར་གདབ་ལ་ཆེད་དུ་བརྗོད་པ་སྟེ། སངས་རྒྱས་ཐམས་ཅད་སྟེ་ལས་ཀྱི་ཚོགས་ལ་ནུས་པ་དང་ལྡན་པ་རྣམས་ཕུར་བུས་འདེབས་པ་དེ་ཡང་ངོ་མཚར་ཆེའོ། །བྱང་ཆུབ་སེམས་དཔའ་སྟེ་སྐྱེ་བོ་ཐ་མལ་པ་རྣམས་དང་གྲགས་ཆེན་ཕྱོགས་སྐྱོང་རྣམས་ཕུར་བུས་གནོན་པ་དེ་ཡང་ངོ་མཚར་ཆེའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཕུར་བུས་གདབ་པའི་བསམ་གཏན་སོ་སོར་གསུངས་པ་དེ་ཡང་ངོ་མཚར་ཆེའོ་ཞེས་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་འདིར་བཤད་པ་ཡིན་ནོ། །བཤད་མ་ཐག་པ་འདི་ནི། སྔགས་རྣམས་ཐམས་ཅད་སྟེ་རིམ་པ་གཉིས་ཀྱི་སྒྲུབ་པ་པོ་རྣམས་དང་ཉེ་བར་མཚམས་པའོ། །གང་ཞེ་ན། ཕུར་བུས་གདབ་ཅིང་མི་གཡོ་བར་བྱས་པ་གོང་དུ་བཤད་པ་འདིའོ། །དེ་སུ་ཞིག་གིས་བསྟན་ཅེ་ན། དེ་ཉིད་ལས་བྱུང་བ་སྟེ། རྡོ་རྗེ་འཆང་ཆེན་པོས་བསྟན་པའོ། །སྐུ་གསུང་ཐུགས་ཏེ་སྒྲུབ་པ་པོ་རྣམས་ཀྱི་མཆོག་སྦྱིན་པ་སྟེ། འདོད་པའི་དོན་སྟེར་བར་བྱེད་པའི་སྦྲུལ་ལ་སོགས་པའི་སྔགས་རྣམས་ཀྱི་དོན་ཡོངས་སུ་ཤེས་པ་ལ་སོགས་པའི་དེ་ཁོ་ན་ཉིད་བསྡུས་ནས་བསྟན་པ་ཡིན་ནོ། །ལེའུ་ཡི་མཚན་དོན་སྐུ་དང་གསུང་དང་ཐུགས་རྨད་དུ་བྱུང་བ་སྟེ། གཅིག་ཏུ་གྱུར་པས་ཀྱང་། རང་གཞན་གྱི་ཆོ་ག་དམིགས་ནས་ཚར་གཅོད་པར་བྱེད་པའི་སྔགས་ཀྱིས་ཏེ་ཨཱ་ལི་ཀཱ་ལི་ལས་བྱུང་བའི་མཚན་མ་གསུམ་གྱི་ངོ་བོ་ཉིད་ཀྱི་ཡི་གེ་གསུམ་ལ་རབ་ཏུ་འཇུག་པས་དེ་འགུགས་ཤིང་། དེས་རྣམ་པར་འཕྲུལ་པ་ཡོངས་སུ་རོལ་བས། ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་སྒྲུབ་ལ། དེ་ཉིད་ཀྱིས་རྒྱལ་པོར་འགྱུར་ཞིང་། འབར་བའི་དོན་གྱིས་ན། དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ཏེ། དེ་སྟོན་པའི་གཞུང་གི་ཚོགས་ལ་ཡང་དེ་སྐད་ཅེས་བྱའོ། །ལེའུ་བཅུ་བཞི་པའི་རྣམ་བཤད་དོ།། །།


previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅུ་བཞི་པའི་རྣམ་བཤད།next