Nitartha Digital Library
Tibetan
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅུ་བདུན་པའི་རྣམ་བཤད།


 
previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅུ་བདུན་པའི་རྣམ་བཤད།no next

གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅུ་བདུན་པའི་རྣམ་བཤད།

རིམ་པ་གཉིས་ཁོང་དུ་ཆུད་པས་ཀྱང་། དམ་ཚིག་དང་སྟོབས་ཉམས་སུ་མ་བླངས་ན། དངོས་གྲུབ་རིང བར་འགྱུར་རོ་ཞེས་དེ་བསྟན་པར་བྱ་བའི་ཕྱིར། ལེའུ་བཅུ་བདུན་པ་འཆད་པ་ལ་གཉིས་ཀྱི། བསྡུས་པའི་དོན་ནི། ལེའུ་འདིའི་བརྗོ་བྱ་དོན་གྱི་གཙོ་བོ་དམ་ཚིག་དང་སྡོམ་པ་ལེའུ་ཡི་སྟོད་ནས་སྟོན། སྐེད་ནས་རྒྱུད་པའི་ཆེ་བ་དང་། ཐོས་བསམ་གྱི་འབྲས་བུ་སྟོན། སྨད་ནས་རྒྱུད་གཏད་པ་དང་། ཉེ་བར་བསྡུ་བ་སྟོན་ནོ། །ཡན་ལག་གི་དོན་ལ་ཡང་ལྔ་ལས། དང་པོ་དམ་ཚིག་སྡོམ་པ་བསྟན་པ་ལ་བཅོ་ལྔ་སྟེ། བསྟོད་པ་སྔོན་དུ་འགྲོ་བས་གསོལ་བ་གདབ་པ་དང་། དམ་ཚིག་དང་སྡོམ་པ་དངོས་བསྟན་པ་དང་། ལས་ཀྱི་ལས་རྣམ་པར་དག་པ་དང་། ཕྱག་བྱ་བའི་ཚུལ་བསྟན་པ་དང་། དེ་ཁོ་ན་ཉིད་རྟོགས་པའི་ཐབས་དང་ལུས་བརྟས་པའི་ཆོ་ག་དང་། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་དང་། རྣལ་འབྱོར་གྱི་སྤྱོད་པ་དང་། ཡེ་ཤེས་ཀྱི་སྤྱོད་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྲུལ་པ་དང་། སྙོམས་པར་འཇུག་ཅིང་དབང་བསྐུར་བ་ཕན་ཡོན་དང་བཅས་པ་དང་། དྲག་པོའི་ལས་དང་། ཟས་ཀྱི་བྱ་བ་མཆོད་པའི་བྱེ་བྲག་དང་བཅས་པ་དང་། བསྐྱེད་རིམ་པའི་ལུས་བརྟས་པའི་ཆོ་ག་དང་། རྫོགས་རིམ་པའི་བྱ་བ་དང་བྱ་བ་མ་ཡིན་པ་དང་། དངོས་གྲུབ་གྱི་ཆོ་ག་བསྟན་པའོ། །དེ་ལ་དང་པོ་ནི། ལེའུ་བཅུ་དྲུག་པ་རྫོགས་པའི་རྗེས་དེ་ནས། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དགོངས་པ་གཅིག་ཏུ་འདུས་ནས། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་བཏབ་པ། མི་བསྐྱོད་ཅེས་སོགས་ཏེ། འདིས་དངོས་སུ་དེ་བཞིན་གཤེགས་པ་ལྔ་དང་། ཡེ་ཤེས་ལྔའི་སྒོ་ནས་བསྟོད་ནས། ཤུགས་ལ་དམ་ཚིག་དང་སྡོམ་པ་ལ་གསོལ་བ་གདབ་པ་སྟོན་ནོ། །དེ་ལ་མི་བསྐྱོད་པ་དང་ཆོས་དབྱིངས་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་ལོ་ཞེས་དྲངས། གང་ལ་ན། ཉོན་མོངས་པའི་ཚོགས་ཐམས་ཅད་ཀྱིས་མི་གཡོ་བས་ན་མི་བསྐྱོད་རྡོ་རྗེ་སྟེ། ཐུགས་རྡོ་རྗེ་ལའོ། །དེའི་ཁྱད་པར་ནི། སྟོང་པ་ཉིད་བཞིའི་བདག་ཉིད་ཡིན་པས་ན་ཡེ་ཤེས་ཆེའོ། །རྡོ་རྗེ་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་དག་འཛིན་པས་ན་དབྱིངས་སོ། །བདེན་པ་གཉིས་ཀྱི་ཚུལ་ཤེས་པས་ན་མཁས་པ་ཆེའོ། །སྐུ་རྡོ་རྗེ་ལ་སོགས་པའི་ནང་ནས་གཙོ་བོར་གྱུར་པས་ན་རྡོ་རྗེ་གསུམ་མཆོག་གོ །དོན་དམ་པ་དང་སྐུ་དང་ཕྱུང་བའི་དཀྱིལ་འཁོར་གསུམ་གྱི་ངོ་བོ་ཡིན་པས་ན་དཀྱིལ་འཁོར་གསུམ་སྟེ། དེ་ལྟ་བུའི་བཅོམ་ལྡན་འདས་ཁྱེད་ཀྱི་གསང་བའི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་དབྱངས་དེ་བཤད་དུ་གསོལ་ཞེས་པའོ། །རྣམ་སྣང་དང་མེ་ལོང་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་ལོ་ཞེས་དྲང་། གང་ལ་ན། འོད་གསལ་བའི་མེས་འབར་བར་གྱུར་པས་ན་རྣམ་པར་སྣང་མཛད་དེ་སྐུ་རྡོ་རྗེ་ལ་སོགས་པའོ། །དེའི་ཁྱད་པར་ནི། འོད་གསལ་གྱིས་སྦྱངས་པས་ན་དག་པ་ཆེའོ། །རྡོ་རྗེ་ནི་བཞིན་གཤེགས་པ་ལྔ་སྟེ། དེ་རྣམས་ཐིམ་པའི་གཞིར་གྱུར་པའི་དྲུག་པའི་ངོ་བོ་ཡིན་པས་ན་ཞི་བའོ། །མཆོག་ཏུ་དགའ་བའི་བདག་ཉིད་ཅན་ཡིན་པས་ན་དགའ་བ་ཆེའོ། །ངོ་བོ་ཉིད་ཀྱི་དག་པས་ན་རང་བཞིན་གྱིས་འོད་གསལ་བའི་མཆོག་སྟེ། དེ་ལྟ་བུའི་མཚན་ཉིད་ཅན་གྱི་རྡོ་རྗེ་ཞེས་བོས་ནས། སྟོན་པ་སྟེ་ཆོས་རྣམས་བཤད་པར་མཛོད་ཅིག་ཅེས་པའོ། །རིན་ཆེན་འབྱུང་ལྡན་དང་མཉམ་ཉིད་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་ཞེས་དྲང་ངོ་། །གང་ལ་ན། རིན་པོ་ཆེའི་རིགས་དང་ལྡན་པ་རྣམས་དག་ཅིང་གསལ་བར་མཛད་པས་ན་རིན་ཆེན་རྒྱལ་པོ་སྟེ་དེ་ལའོ། །དེའི་ཁྱད་པར་ནི། མཉམ་ཉིད་ཡེ་ཤེས་ཀྱི་བདག་ཉིད་ཡིན་པས་ན་རབ་ཏུ་ཟབ་པའོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་ནམ་མཁའ་དྲི་མ་མེད་དོ། །གཟོད་མ་ནས་དག་པས་ན་རང་བཞིན་དག་པའོ། །དེ་ལྟ་བུའི་བཅོམ་ལྡན་འདས་ཁྱོད་ཀྱིས་ཆོས་ཐམས་ཅད་ཀྱིས་མ་གོས་པས་ན་གོས་པ་མེད་པའི་གསང་བ་གསུངས་ཤིག་པའོ། །འོད་དཔག་མེད་དང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་ལོ་ཞེས་དྲང་། གང་ལ་ན། པད་མའི་རིགས་དང་ལྡན་པ་རྣམས་ཀྱི་བདག་པོར་གྱུར་པས་ན་རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ་སྟེ། འོད་དཔག་མེད་དོ། །དེའི་ཁྱད་པར་ནི། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པས་མི་རྟོག་པའོ། །དེ་ཉིད་ཀྱི་ཕྱིར་ནམ་མཁའི་རྡོ་རྗེ་འཛིན་ནོ། །འདོད་ཆགས་ནི་འཁོར་བ་ལ་ཞེན་པའི་མཚན་ཉིད་དེ། དེའི་ཕ་རོལ་ཏུ་ཕྱིན་པའི་ཤེས་རབ་བརྙེས་པ་ན་དེ་སྐད་ཅེས་བྱའོ། །དོན་ཡོད་གྲུབ་པ་དང་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ནི། དོན་ཡོད་པའི་རིགས་རྣམས་ཀྱིས་རྫོགས་པའི་སངས་རྒྱས་མདུན་དུ་བྱས་པས་ན་དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས་སོ། །ཞི་བ་ལ་སོགས་པའི་ལས་རྣམས་ཀྱིས་སྒྲུབ་པ་པོས་འགྲོ་བ་རྣམས་ཀྱི་མངོན་པར་འདོད་པའི་དོན་ཐམས་ཅད་རྫོགས་པར་མཛད་པས་ན་བསམ་པ་ཐམས་ཅད་རྫོགས་པར་མཛད་པའོ། །དག་པའི་ངོ་བོ་ཉིད་ནི་འོད་གསལ་བས་ཏེ། དེ་ལས་བྱུང་བས་ན་དེ་སྐད་ཅེས་བྱ་སྟེ། དེ་ལྟ་བུའི་རྡོ་རྗེའི་སེམས་དཔའ་ཁྱེད་ལ་ཕྱག་འཚལ་ལོ་ཞེས་བསྟོད་པ་ཉེ་བར་བསྡུ་བའོ། །བསྟོད་པའི་ཕན་ཡོན་ནི། དུས་གསུམ་གྱི་སངས་རྒྱས་ཀུན་གྱིས་བསྐུལ་བ་སྟེ། གསུངས་པའི་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་དུ་སྟོན་པའི་བསྟོད་ཚིག་ཡོངས་སུ་དག་ཅིང་ཞི་བ་བཤད་མ་ཐག་པ་འདི་རྣམས་ཀྱིས། རྡོ་རྗེ་ལོངས་སྤྱོད་རྡོ་རྗེ་འཆང་ཆེན་པོ་ལ་བསྟོད་ཅིང་མཆོད་ན། གང་བསྟོད་པར་བྱེད་པ་དེ་ཡང་སངས་རྒྱས་ཏེ་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ། །

དེ་ལྟར་བསྟོད་པས་རྡོ་རྗེ་འཆང་ཆེན་པོ་མཉེས་ཏེ་དམ་ཚིག་གསུང་པ་ལ་མངོན་པར་ཕྱོགས་པར་བསྟན་པ་ནི། དེ་ལྟར་བསྟོད་པ་དེ་ནས་བཀའ་བསྩལ་ཏོ་ཞེས་སྦྱར། སུ་ཞིག་གིས་ན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་ཚོགས་རྣམས་ཞི་བར་མཛད་པས་ན་སྟོན་པ་རྡོ་རྗེ་འཛིན་སྟེ་རྡོ་རྗེ་འཆང་ཆེན་པོས་སོ། །དེ་ཉིད་ནི་སངས་རྒྱས་ཀུན་ཏེ་ཕུང་པོ་ལྔའི་རང་བཞིན་གྱིས་སེམས་ཅན་རྣམས་ལ་མཐོ་རིས་དང་ཐར་པ་ཐོབ་པར་མཛད་པས་ན་རྗེས་བརྩེ་བའོ། །གང་ཞིག་ཅེ་ན། རྡོ་རྗེ་གསང་བ་ནི་བསྲུང་བའི་དམ་ཚིག་བཞི་སྟེ་དེ་དག་གི་གནས་ཏེ་གཞི་དག་ཅིང་རྙོག་པ་མེད་པ། འོག་ནས་འབྱུང་བའི་རྡོ་རྗེའི་གསུང་འདིའོ། །ཨེ་མ་ངོ་མཚར་ཆེའོ། །གང་ཞིག་ཅེ་ན། མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་ཡི་གེ་ཆེན་པོ་སྟེ་ཆོས་ཀྱི་རྒྱུན་ནོ། །ཅིའི་ཕྱིར་ཞེ་ན། རང་བཞིན་འོད་གསལ་ཞེས་སོ། །དམ་ཚིག་དང་སྡོམ་པ་དངོས་བསྟན་པ་ལ་གཉིས་ཏེ། འཇིག་རྟེན་ལས་འདས་པའི་དམ་ཚིག་དང་། འཇིག་རྟེན་པའི་དམ་ཚིག་གོ །དང་པོ་ལ་གསུམ་གྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་། རང་སངས་རྒྱས་ཀྱི་དམ་ཚིག་དང་། ཉན་ཐོས་ཀྱི་དམ་ཚིག་གོ །དང་པོ་ནི། དེ་ནས་ཕྱག་ན་རྡོ་རྗེ། རྡོ་རྗེ་འཆང་ཆེན་པོས་སངས་རྒྱས་ཏེ་རྣམ་སྣང་ལ་སོགས་པའི་རྣལ་འབྱོར་པ་ཐམས་ཅད་ཀྱི་ནང་ནས། སྐུ་རྡོ་རྗེ་རྣམ་པར་སྣང་མཛད་དང་དེའི་རིགས་ཅན་གྱི་རྣལ་འབྱོར་པའི་བསྲུང་བ་དང་ལོངས་སྤྱོད་པའི་དམ་ཚིག་འོག་ནས་འབྱུང་བ་འདི་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །སངས་རྒྱས་ཡེ་ཤེས་རྒྱ་མཚོ་སྟེ་རྣམ་སྣང་དེའི་རིགས་ཅན་གྱི་རྣལ་འབྱོར་པས། བསྲུང་བར་བྱ་བའི་དམ་ཚིག་བཞི་ནི། སྲོག་གཅོད་པ་ལ་སོགས་པ་བཞི་སྟེ་དེ་དག་ནི་སྔར་ལེའུ་ལྔ་པར་དགོངས་པས་བཤད་པ་ལྟར་ཤེས་པར་བྱའོ། །ལོངས་སྤྱོད་པའི་དམ་ཚིག་ནི། ཤ་ཆེན་གཙོར་བྱས་པའི་བདུད་རྩི་ལྔ་རྟག་ཏུ་བཟའ་བར་བྱའོ། །གསུང་རྡོ་རྗེ་ནི་འོད་དཔག་མེད་དང་། དེའི་རིགས་ཅན་གྱི་རྣལ་འབྱོར་པ་རྣམས་ཏེ། དེ་དག་གི་དམ་ཚིག་ནི་བསྲུང་བ་དང་བཟའ་བའི་དམ་ཚིག་གོ། དེ་ལ་བསྲུང་བའི་དམ་ཚིག་བཞི་ནི་སྔ་མ་དང་འདྲ་ལ། བཟའ་བའི་དམ་ཚིག་ནི་བཤང་གཅི་གཙོར་བྱས་པའི་བདུད་རྩི་ལྔ་རྟག་ཏུ་བཟའ་བར་བྱའོ། །རྡོ་རྗེ་འཛིན་པ་ནི། མི་བསྐྱོད་པ་དང་དེའི་རིགས་ཅན་གྱི་རྣལ་འབྱོར་པའོ། །དེ་དག་གི་བསྲུང་བའི་དམ་ཚིག་འདྲ་ལ། བཟའ་བའི་དམ་ཚིག་ཁྲག་དང་ཁུ་བ་དག་གཙོར་སྦྱར་བའི་བདུད་རྩི་ལྔ་བརྟུལ་ཞུགས་བརྟན་པས་རྟག་ཏུ་བཟའ་བར་བྱའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རྣལ་འབྱོར་རྣམས་ཀྱི་བཟའ་བ་དང་བསྲུང་བའི་དམ་ཚིག་རྨད་དུ་བྱུང་བ་བཤད་མ་ཐག་པ་འདི་དག་ནི། སངས་རྒྱས་ཏེ་རྣལ་འབྱོར་པ་ཀུན་གྱི་རྟག་ཏུ་སྟེ། དུས་ཐམས་ཅད་དུ་རྡོ་རྗེ་འཛིན་གྱིས་ཏེ་རྡོ་རྗེ་འཛིན་པ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་བསྲུང་ཞིང་བསྐྱང་པར་བྱ་བ་ཡིན་ནོ། །དམ་ཚིག་འདི་དག་ནི། རྣམ་སྣང་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཡིན་པར་མ་ཟད། རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པ་རྣམས་ཀྱི་ཡང་ཡིན་ནོ་ཞེས་སྟོན་པ་ནི། རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པ་གང་ཞིག་གོང་དུ་བསྟན་པའི་བསྲུང་བ་དང་། བཟའ་བའི་དམ་ཚིག་དེ་དག་བསྲུང་བ་ཞེས་སོགས་ཏེ་གོ་སླའོ། །རང་སངས་རྒྱས་ཀྱི་དམ་ཚིག་བསྟན་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་སྟེ་རྡོ་རྗེ་འཆང་ཆེན་པོས་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་ལྷག་པར་མོས་པ་རྣམས་ལ། རང་སངས་རྒྱས་ཀྱི་དམ་ཚིག་འོག་ནས་འབྱུང་བ་འདི་ཉིད་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །ལུས་ངག་གི་དཀོན་མཆོག་གསུམ་ལ། དད་པ་སྐྱེད་པས་འགྲོ་བའི་དོན་བྱེད་པ་ནི་སྟོན་པ་སྟེ། དེ་ཡང་རང་སངས་རྒྱས་རྣམས་གཙོ་བོར་ལུས་ཀྱིས་བྱེད་ཀྱི་ངག་གིས་མ་ཡིན་ཏེ། གཞན་གྱི་ལུས་ལ་བརྟེན་པ་མེད་པའི་ཕྱིར་རོ། །དེ་བས་ན་ཆོ་འཕྲུལ་ཡ་མ་ཟུང་ལ་སོགས་པ་རྨད་དུ་བྱུང་བ་སྟོན་པས། གདུལ་བྱ་རྣམས་དད་པར་བྱེད་དེ། དེའི་ཕྱིར་རང་སངས་རྒྱས་རྣམས་ནི་ལུས་ཀྱིས་ཆོས་སྟོན་ཏོ། །དེ་བས་ན་དེ་དག་གི་ཕྲིན་ལས་ནི། ངག་གི་འཇུག་པ་མེད་པར་རྡོ་རྗེའི་སྐུ་ལ་རབ་ཏུ་གནས་ནས་སེམས་ཅན་རྣམས་ཡང་དག་པའི་ལམ་ལ་འཇུག་པའི་ངང་ཚུལ་ཅན་ཡིན་ལ། སེམས་ཅན་འཇུག་པའི་རྒྱུར་གྱུར་པའི་ལུས་ཀྱི་དམ་ཚིག་སྟེ་སྡོམ་པ་གང་ཡིན་པ་དེའང་མཆོག་ཏུ་བརྟག་པ་སྟེ་ཐོག་མ་མེད་པའི་དུས་ཅན་ནོ། །འདིར་དམ་ཚིག་དང་སྡོམ་པ་ཡོངས་སུ་ལེན་པའི་རྟེན་གྱི་གང་ཟག་ནི། བསྙེན་པ་ལས་སུ་རུང་ཞིང་རིག་པའི་བརྟུལ་ཞུགས་ལ་བྱང་བར་བསླབས་པ་དེས། མ་རིག་པ་ལ་སོགས་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་དང་མཐུན་པ་དང་ལུགས་ལས་བཟློག་པར་ཉམས་སུ་ལེན་པ་སྟེ། དེ་ལྟར་ཉམས་སུ་ལེན་པའི་དགོས་པ་ནི། རང་སངས་རྒྱས་ཀྱི་རིགས་ཅན་གྱི་གདུལ་བྱ་རྣམས་ལ་དེ་དག་དང་རྗེས་སུ་མཐུན་པའི་ལམ་བསྟན་པར་བྱ་བའི་ཕྱིར་དང་། འབྲས་བུ་ལྷུན་གྱིས་གྲུབ་པའི་དུས་སུ་རང་རྒྱལ་གྱིས་འདུལ་བའི་གདུལ་བྱ་རྣམས་ལ་རང་རྒྱལ་དུ་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པའོ། །ཉན་ཐོས་ཀྱི་དམ་ཚིག་དང་སྡོམ་པ་བསྟན་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་རྡོ་རྗེ་འཆང་ཆེན་པོས་གང་ཟག་གི་བདག་མེད་པ་རྟོགས་པས་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ནི་ཉན་ཐོས་ཏེ། དེ་ཐོབ་པར་བྱ་བའི་ཕྱིར། ལམ་ལ་བསླབ་པའི་དམ་ཚིག་འོག་ནས་འབྱུང་བ་འདི་ཉིད་ཐོས་ལ་ལྷག་པར་མོས་པའི་རྣལ་འབྱོར་པ་རྣམས་ཀྱི་ཕྱིར་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །དེ་གང་ཞེ་ན། ཡེ་ཤེས་ཏེ་མི་གནས་པའི་མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་ཕྱོགས་ཤིང་སྤངས་ལ། རང་དོན་དུ་གང་ཟག་གི་བདག་མེད་ཀྱི་སྒོ་ནས་དགྲ་བཅོམ་པའི་འབྲས་བུ་ཙམ་ཐོབ་པའི་ཕྱིར་དུ། སྲོག་གཅོད་པ་སྤོང་བ་ལ་སོགས་པའི་དགེ་བ་བཅུའི་ལས་ཀྱི་ལམ་བྱེད་པ་སྟེ། དམན་པར་མོས་པ་སྟེ་བདག་ཅིག་པུ་མྱང་འདས་ལ་གཞོལ་བ་ཉན་ཐོས་ཀྱི་ཐེག་པ་བ་ཐམས་ཅད་ཀྱི་དམ་ཚིག་བཤད་མ་ཐག་པ་འདི་ནི་རྨད་དུ་བྱུང་བ་ཆེན་པོའོ། །རྟེན་གྱི་གང་ཟག་སྔར་དང་འདྲ་བས་གང་ཟག་གི་བདག་མེད་དང་དགེ་བ་བཅུ་ཉམས་སུ་ལེན་པའོ། །དགོས་པ་སྔ་མ་བཞིན་ནོ། །འཇིག་རྟེན་པའི་དམ་ཚིག་ལ་བཞི་ལས། ལྷའི་གཙོ་བོ་གསུམ་གྱི་དམ་ཚིག་འཁྲུལ་པ་བསལ་བ་དང་བཅས་པ་ནི། ཚངས་པའི་ས་ལ་མོས་པ་རྣམས་ཚངས་པའི་དམ་ཚིག་བསྟན་པར་བྱ་བའི་ཕྱིར་ཚངས་པའི་དམ་ཚིག་འོག་ནས་འབྱུང་བ་འདི་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །ཚངས་པར་གྱུར་པས་གྲོལ་བར་སེམས་པ་ནི་གཏི་མུག་སྟེ། དེའི་ལམ་གྱིས་ལས་ནི་བསྙུང་བར་གནས་པ་དང་། མེ་ལྔ་བསྟེན་པ་ལ་སོགས་པ་གང་བདག་ཉིད་ཉོན་མོངས་པར་བྱེད་པ་བདེ་བར་འཁོད་པ་རྣམས་འཇིགས་པར་བྱེད་ཅིང་ཡིད་དུ་མི་འོང་བས་མི་སྡུག་པ་སྟེ། སངས་རྒྱས་ཏེ་ཚངས་པ་ལ་ལྷག་པར་མོས་པ་རྣམས་ཀྱི། བྱང་ཆུབ་སྟེ་ཡེ་ཤེས་སྟོན་པས་ཏེ་ཐོབ་པར་བྱེད་པའི་དམ་ཚིག་ངལ་ཤིང་དུབ་པར་བྱེད་པའི་མཚན་ཉིད་ཅན་དེ་ནི་ཚངས་པ་ལ་ལྷག་པར་མོས་པ་རྣམས་ལ་སྟོན་ནོ། །དེ་ལྟར་བསྟན་པས་ཅི་ཞིག་བྱ་ཞེ་ན། ཚངས་པ་ལ་མོས་པ་རྣམས་ལ་ཐོག་མར་རང་དང་རྗེས་སུ་མཐུན་པའི་ལམ་བསྟན་ནས། རིམ་གྱིས་སངས་རྒྱས་ཀྱི་བསྟན་པ་ལ་བཅུག་པས། གཏི་མུག་ལ་སྤྱོད་པ་དེ་དག་གིས་མཐར་སྐུའི་རྡོ་རྗེ་ཉིད་ཐོབ་པར་འགྱུར་རོ། །དབང་ཕྱུག་གི་གཟུགས་ཀྱིས་འདུལ་བ་རྣམས་ལ་དྲག་པོའི་དམ་ཚིག་འོག་ནས་འབྱུང་བ་འདི་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། ཁམས་གསུམ་སྟེ་ས་འོག་ས་སྟེང་། ས་བླ་ན་གནས་པའི་བུད་མེད་སྣ་ཚོགས་པ་དག་ལྷ་མོ་དབུ་མའི་གཟུགས་སུ་བྱས་ནས། དབང་པོ་གཉིས་མཉམ་པར་སྦྱོར་བས་སྤྱོད་པ་ནི། དབང་ཕྱུག་གི་དམ་ཚིག་རྨད་དུ་བྱུང་བ་སྟེ། དེ་ནི་དབང་ཕྱུག་གིས་འདུལ་བ་རྣམས་ལ་བསྟན་ནས། རིམ་གྱིས་སངས་རྒྱས་ཀྱི་བསྟན་པ་ལ་བཅུག་པས། འདོད་ཆགས་ལ་སྤྱོད་པ་དག་གིས་མཐར་གསུང་གི་རྡོ་རྗེ་ཉིད་འཐོབ་པར་འགྱུར་རོ། །ཁྱབ་འཇུག་ལ་མོས་པ་རྣམས་ལ་ཁྱབ་འཇུག་གི་དམ་ཚིག་འོག་ནས་འབྱུང་བ་འདི་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །ཁྱབ་འཇུག་ནི་གདུག་པ་ཅན་བསད་པས་གྲོལ་བར་འདོད་པས། ཞེ་སྡང་ཅན་ཡིན་པས་དེ་ལ་མོས་པ་རྣམས་ལ་སྒོང་ང་ལས་སྐྱེས་པ་ལ་སོགས་པ་སེམས་ཅན་ཇི་སྙེད་པ་ཐམས་ཅད་དང་། རྡོ་རྗེ་མཁའ་དབྱིངས་ཏེ་སྣོད་ཀྱི་འཇིག་རྟེན་དང་བདག་ཉིད་ཀྱང་། བསམ་གཏན་རྡོ་རྗེས་སྟོང་པ་ཉིད་དུ་བཅུག་ནས། གསད་པར་བྱའོ་ཞེས་བསྟན་པར་བྱའོ། །དེ་ལྟར་བསྟན་པས་སངས་རྒྱས་ཀྱི་བསྟན་པ་ལ་རིམ་གྱིས་ཞུགས་ཏེ། ཞེ་སྡང་ལ་སྤྱོད་པ་དེ་དག་མཐར་ཐུག་གི་རྡོ་རྗེ་ཉིད་འཐོབ་པར་འགྱུར་རོ། །ཅིའི་ཕྱིར་ཚངས་པ་ལ་སོགས་པ་ཕྱི་རོལ་པའི་དམ་ཚིག་དག་སྟོན་ཞེ་ན། ཚངས་པ་ལ་སོགས་པ་ཡང་སྐུ་རྡོ་རྗེ་ལ་སོགས་པའི་ནང་དུ་འདུས་པས་དེ་དག་གི་དམ་ཚིག་ཀྱང་རིམ་གྱིས་རྡོ་རྗེ་གསུམ་འཐོབ་པར་བྱེད་པའི་ལམ་ཡིན་པས། འཁྲུལ་པར་མི་བལྟའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་སོགས་གསུངས་སོ། །ཚངས་པ་དང་དེ་ལ་མོས་པ་རྣམས་ནི་གཏི་མུག་ལ་སྤྱོད་པ་ཉིད་ཀྱིས་སྐུ་རྡོ་རྗེ་རྣམ་སྣང་གི་རིགས་སོ། །དབང་ཕྱུག་ཆེན་པོ་དང་དེ་ལ་མོས་པ་རྣམས་ནི་འདོད་ཆགས་ལ་སྤྱོད་པ་ཉིད་ཀྱིས་གསུང་རྡོ་རྗེ་འོད་དཔག་ཏུ་མེད་པའི་རིགས་སོ། ཁྱབ་འཇུག་ནི་འཇུག་པ་དགུ་སྟོན་པར་གྲགས་པས་ཁྱབ་འཇུག་རྫུ་འཕྲུལ་ཆེ་ཞེས་ཏེ། དེ་དང་དེ་ལ་མོས་པ་རྣམས་ནི། ཞེ་སྡང་ལ་སྤྱོད་པ་ཉིད་ཀྱིས་ཐུགས་ཀྱི་རྒྱལ་པོ་རྡོ་རྗེ་འཛིན་ཏེ། ཐུགས་རྡོ་རྗེ་མི་བསྐྱོད་པའི་རིགས་ཅན་ཡིན་ནོ། །དེ་བས་ན་ལྷའི་གཙོ་བོ་གསུམ་ལ་མོས་པ་དེ་དག་ཀྱང་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རིགས་ཅན་ཡིན་པས་དེ་དག་སྤང་བར་མི་བྱའོ། །ཐོག་མར་དེ་དག་དང་རྗེས་སུ་མཐུན་པའི་ལམ་བསྟན་ནས། རིམ་གྱིས་བསྟན་པ་ལ་བཅུག་པས་མཐར་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཐོབ་པར་འགྱུར་ཞེས་བསྟན་པ་ཡིན་ནོ། །

གནོད་སྦྱིན་མོ་ལ་སོགས་པའི་དམ་ཚིག་ལྔ་བསྟན་པ་ནི། གོང་དུ་བཤད་པའི་ཆོ་གས་གནོད་སྦྱིན་མོ་ལ་སོགས་པ་བཀུག་ནས་ལོངས་སྤྱད་པར་འདོད་ན། དེ་དག་ཏུ་མཉེས་པར་བྱེད་པའི་དམ་ཚིག་གཞུང་ནས་བཤད་པ་འདི་དག་གིས་བསྟེན་པར་བྱའོ། །ཞེས་སྟོན་པ་ནི། ཤ་དང་ཁྲག་དང་ཆང་ལ་སོགས་པ་ཟ་བའི་གནོད་སྦྱིན་མོ་འཁྲིག་པ་ལ་མཆོག་ཏུ་གཞོལ་བ་དེ་ནི་རྡོ་རྗེ་ཆེན་མོ་སྟེ། དེ་ཉིད་ནི་རང་ཤ་དང་ཁྲག་ལ་སོགས་པ་ཟ་ཞིང་དེ་ལ་ཡང་སྦྱིན་པ་དང་། རྟག་ཏུ་འདོད་པ་སྤྱོད་པ་ལ་སོགས་པ་དམ་ཚིག་བཀའ་བ་འདི་རྣམས་ཀྱིས་མཉེས་པར་བྱའོ། །ཀླུའི་བུ་མོའི་དམ་ཚིག་བསྟན་པ་ནི་ཀླུའི་རྒྱལ་པོ་ནོར་རྒྱལ་ལ་སོགས་པའི་ཆུང་མ་ལ་སོགས་ཀླུ་མོ་རྣམས་བཅུག་ནས་དབང་དུ་བྱ་བར་འདོད་ན། དེ་དག་ནི་འོ་མ་འཐུང་ཞིང་ཕ་རོལ་དབྱེ་བའི་ཚིག་སྨྲ་བ་ཕྲ་མ་ཅན་དང་། འདོད་པ་དང་དྲི་ལ་འབད་ཅིང་དགའ་བ་ཡིན་པས་དམ་ཚིག་འདི་དག་ཉམས་སུ་བླངས་པས་དེ་དག་བསྒྲུབ་པར་བྱ་ཞིང་དབང་དུ་བྱའི། གཞན་དུ་ངེས་པར་ཉོན་མོངས་པར་འགྱུར་བ་སྟེ་དབང་དུ་མི་འགྱུར་རོ། །ལྷ་མ་ཡིན་གྱི་བུ་མོ་དང་ལྷན་ཅིག་སྤྱོད་པར་འདོད་ན། དེ་དག་ནི་ཁྲོ་ཞིང་རྣམ་པར་འཚེ་བ་དང་། ང་རྒྱལ་གྱི་ཁུར་གྱིས་ནོན་པ་དང་། སྤོས་དང་མེ་ཏོག་ལ་སོགས་པ་ཉེ་བར་སྤྱོད་པ་ལ་ཀུན་ཏུ་ཆགས་པ་ནི་དེ་དག་གི་དམ་ཚིག་ཕྱོགས་གཅིག་གོ །དམ་ཚིག་རྒྱས་པ་ནི། གདུལ་དཀའ་བ་སྟེ་ཉམས་སུ་བླང་དཀའོ། །དེའི་ཕྱིར་རྡོ་རྗེ་འཇིགས་བྱེད་དང་། རྡོ་རྗེ་ས་འོག་གི་རྒྱུད་ལས་གསུངས་ཏེ། དམ་ཚིག་དེ་དག་གིས་ལྷ་མ་ཡིན་གྱི་བུ་མོ་བསྟེན་པར་བྱའོ། །སྲིན་མོ་དབང་དུ་བྱ་བར་འདོད་ན། དེའི་དམ་ཚིག་ནི་ཐོད་རུས་ཀྱི་ཕྱེ་མ་དང་། འབྲུ་མར་དང་ཤ་དང་ཞག་ལ་སོགས་པ་དག་གདུག་པ་དེ་དག་ལ་སྦྱིན་པར་བྱ་སྟེ། དམ་ཚིག་འདི་དག་གིས་སྲིན་མོ་དག་དགའ་བར་འགྱུར་རོ། །བཤད་མ་ཐག་པའི་དམ་ཚིག་འདི་ནི། ཤ་ཟ་ལ་སོགས་པ་འབྱུང་པོ་ཀུན་གྱིའང་དམ་ཚིག་ཡིན་ཞིང་། དག་བྱེད་དེ། བགེགས་རྣམས་འཇིགས་པར་བྱེད་པ་དང་། དོན་ཏེ་སྒྲུབ་པ་པོ་རྣམས་ཀྱི་དོན་ཆེན་པོ་བྱེད་པ་སྟེ་བསམ་པའི་དོན་ཐམས་ཅད་བསྒྲུབ་པ་ཡིན་ནོ། །དཀར་ཤམ་མ་ལ་སོགས་པའི་རྡོ་རྗེ་མཁའ་འགྲོ་མཉེས་པའི་དམ་ཚིག་ནི། བཤང་གཅི་དང་ཁྲག་ལ་སོགས་པ་སྔགས་ཀྱིས་བྱིན་གྱིས་བརླབས་ནས་བཟའ་བ་དང་། སྦྱར་བའི་ཆང་ལ་སོགས་པ་རྟག་ཏུ་བཏུང་ཞིང་དེ་རྣམས་ལ་བྱིན་ནས། རྡོ་རྗེ་མཁའ་འགྲོ་དཀར་ཤམ་མ་ལ་སོགས་པའི་སྦྱོར་བ་ཡིས། གནས་ཀྱི་མཚན་ཉིད་ཀྱིས་ཏེ་གདུག་པ་རྣམས་རྒྱས་བཏབ་པ་ཁྲག་དྲང་བ་ལ་སོགས་པའི་སྦྱོར་བས་གསད་པར་བྱ་བ་འདི་ནི། རྡོ་རྗེ་མཁའ་འགྲོའི་དམ་ཚིག་གོ ། དེ་ལྟར་ཚངས་པ་ལ་སོགས་པ་ནས། རྡོ་རྗེ་མཁའ་འགྲོའི་མཐར་ཐུག་པའི་དམ་ཚིག་བསྟན་ནས། དེ་དག་ངེས་པར་ཉམས་སུ་བླང་བར་བྱ་བ་ནི། ཚངས་པ་ལ་སོགས་པ་འདི་དག་ནི། སྣོད་ཀྱི་འཇིག་རྟེན་བཞིན་དུ་རང་གི་ངོ་བོ་ཉིད་ཀྱིས་ཏེ། རང་དབང་གིས་ཐོག་མ་མེད་པའི་དུས་ནས་ཀུན་ཏུ་འབྱུང་བ། རྫུ་འཕྲུལ་ཆེན་པོ་དང་ལྡན་པ་སེམས་ཅན་རྣམས་ལ་ཕན་འདོགས་པ་དང་། ཚར་གཅོད་པར་བྱེད་ཅིང་ཆ་ལུགས་སྣ་ཚོགས་པའི་གཟུགས་དང་རྒྱན་རྣམས་ཀྱིས་རྣམ་པར་སྤྱོད་པའོ། །དེ་བས་ན་དེ་རྣམས་ཀྱི་དམ་ཚིག་དངོས་གྲུབ་ཀུན་ལ་ཕན་ཞིང་ཐོབ་པར་བྱེད་པ་ལ་འདུས་པ་པས་སྤྱད་པར་བྱའོ། །གཞན་དུ་ཡང་། ཕ་རོལ་རྒོལ་བ་གང་ཡང་རུང་། །མཚན་མའི་དབྱེ་བས་གནས་པ་རྣམས། །དེ་འདིར་བརྙས་པར་མི་བྱ་སྟེ། །རྡོ་རྗེ་སེམས་དཔའི་རྣམ་འཕྲུལ་ཡིན། །ཞེས་གསུངས་པས་སོ། །གཞུང་ཉེ་བར་བསྡུ་བ་ནི། ཁམས་གསུམ་ཐམས་ཅད་ནི་ཚངས་པ་ལ་སོགས་པའི་སེམས་ཅན་རྣམས་སོ། །དེ་རྣམས་ཀྱི་རྡོ་རྗེའི་དམ་ཚིག་ནི། མི་འདའ་བར་ཉམས་སུ་བླང་བའི་རྡོ་རྗེ་འཆང་གི་བཀའ་སྟེ། དེའི་རྗེས་སུ་འབྲང་བའི་ཏིང་ངེ་འཛིན་སྟོན་པ་ལ་དེ་སྐད་ཅེས་བྱའོ། །ལས་ཀྱི་ལམ་རྣམ་པར་དག་པ་ནི། ལུས་ཀྱི་དངོས་གྲུབ་ནི་ལུས་ཀྱི་བྱ་བ་རྣམས་སོ། །རྫོགས་རིམ་ལ་གནས་པའི་རྣལ་འབྱོར་པས། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་སྟེ་ལུས་ཀྱི་ལས་རྣམ་པ་གསུམ་ནི། རྡོ་རྗེ་ལས་བྱུང་བ་སྟེ་འོད་གསལ་ལས་བྱུང་ཞིང་དེར་ཐིམ་པར་ཤེས་པར་བྱས་ནས། སྤྱོད་ལམ་ཐམས་ཅད་དུ་ཆོས་དང་ཆོས་མ་ཡིན་པ་ལ་ལྟོས་པ་མེད་ཅིང་བླང་དོར་མེད་པར་སྟོང་པ་ཉིད་ཀྱི་ངང་ནས་ཉམས་སུ་བླང་བའི་ཀུན་ཏུ་སྤྱོད་པ་བྱའོ། །དེ་ལྟར་བྱས་པས་དགེ་མི་དགེའི་ལས་རྣམ་པར་དག་ཅིང་མེད་པས། འབྲས་བུ་བདེ་འགྲོ་དང་ངན་འགྲོ་ཡང་འབྱིན་པར་མི་འགྱུར་བས། སེམས་ཅན་ཁམས་ཏེ་ཁམས་གསུམ་པ་རྣམས་སངས་རྒྱས་ཀྱི་སྐུ་བྱེད་པ་སྟེ་མི་འཇིག་པ་རྡོ་རྗེའི་སྐུ་བྱེད་ཅིང་བསྐྱེད་པར་འགྱུར་རོ། །དེ་བཞིན་དུ་ངག་གི་དངོས་གྲུབ་ནི། ངག་གི་བྱ་བ་རྣམས་ཏེ། རྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ངག་འཁྱལ་པར་སྨྲ་བའི་མཚན་ཉིད་ཅན་གྱི། ཚིག་གི་ལས་ཀྱི་ལམ་མ་ལུས་པ། ཁམས་གསུམ་དྲི་མེད་ནི་རྡོ་རྗེ་འཆང་ཆེན་པོའོ། །དེའི་དཀྱིལ་འཁོར་ནི་འོད་གསལ་བ་སྟེ་འོད་གསལ་གྱིས་རྣམ་པར་དག་པའི་ཚིག་གི་ལམ་ཉམས་སུ་བླང་བར་བྱའོ། །དེས་ཅིར་འགྱུར་ཞེ་ན། ཚིག་གི་དངོས་གྲུབ་སྟེ་ངག་གི་དབང་ཕྱུག་ཉམས་དགའ་ཞིང་ཡིད་དུ་འོང་བ་ཐོབ་པས། འདི་ནི་དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །སེམས་ཀྱི་རྡོ་རྗེའི་དམ་ཚིག་དངོས་གྲུབ་ནི། སེམས་ཀྱི་བྱ་བ་རྣམས་ཏེ། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བའི་མཚན་ཉིད་ཅན་གྱིས་ཡིད་ཀྱི་རྡོ་རྗེའི་རང་བཞིན་ཀུན་རྡོ་རྗེ་བརྟན་པའི་བློས་ཏེ། འོད་གསལ་ལ་གཞོལ་བའི་བློ་གྲོས་ཀྱིས་སོ་སོར་བརྟག་བཞིན་པས་བསྒོམ་པར་བྱའོ། །གཞུང་ཉེ་བར་བསྡུ་བ་ནི། རྡོ་རྗེ་མི་ཕྱེད་གསུམ་ལྡན་གྱིས་ཏེ། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་གནས་པ་རྣམས་ཀྱིས། དམ་ཚིག་བཤད་མ་ཐག་པ་གསུམ་པོ་འདི་ཡིན་གྱི། གཞན་གྱི་མ་ཡིན་ནོ་ཞེས། བཅོམ་ལྡན་འདས་ཀུན་ཏུ་མཛེས་དགའ་རྡོ་རྗེ་སེམས་དཔས་དེ་སྐད་བཀའ་བསྩལ་ཏོ། །ཕྱག་བྱ་བའི་ཚུལ་ལ་གཉིས་ཀྱི། བསྐྱེད་རིམ་པའི་ཕྱག་བྱ་བའི་ཚུལ་ནི། སྔགས་ཐམས་ཅད་ཀྱི་རྡོ་རྗེ་ནི་སྔགས་ལ་མཆོག་ཏུ་གཞོལ་བ་རྣམས་ཏེ། དེ་རྣམས་ཀྱི་དམ་ཚིག་འོག་ནས་འབྱུང་བ་འདི་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །བསྐྱེད་པའི་རིམ་པ་ལ་གནས་པས་ཀྱང་སངས་རྒྱས་ལ་སོགས་པ་གཞན་དག་ལ། འཇིག་རྟེན་མ་དད་པ་སྤང་བ་ལ་སོགས་པ་དགོས་པའི་དབང་གིས་ལུས་སམ་ངག་གང་རུང་ངམ། གཉིས་ཀ་ཕྱག་བྱེད་པ་ལ་ཉེས་པ་མེད་ཀྱི། སྐུ་གསུང་ཐུགས་སུ་སྦྱོར་བས་ཏེ་ཡིད་གུས་པ་དང་བཅས་པས་ལུས་ངག་གཉིས་ཀྱིས་ཕྱག་འཚལ་ན། མ་རུངས་པ་སྟེ་མངོན་པར་འདོད་པའི་དངོས་གྲུབ་ཉམས་པར་འགྱུར་ཏེ། བདག་ཉིད་ཧེ་རུ་ཀའི་ང་རྒྱལ་ལས་ཉམས་ནས་དམན་པའི་འདུ་ཤེས་སྐྱེས་པའི་ཕྱིར་རོ། །རྫོགས་རིམ་པའི་ཕྱག་བྱ་བ་ནི། དེ་བཞིན་གཤེགས་པས་ཏེ་སེམས་ཅན་ཐམས་ཅད་ཀྱི་སྐུ་ལ་སོགས་པའི་བསམ་གཏན་གྱི་དམ་ཚིག་ནི་ཡེ་ཤེས་ཀྱི་སྐུ་སྒྱུ་མ་ལྟ་བུར་དམིགས་པའི་རྣམ་པ་སྟེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །བསམ་གཏན་བསྒོམ་པར་བྱའོ་ཞེས་དྲང་། སུ་ཞིག་གིས་ན། སྔགས་ཟློས་པས་ཏེ་རྡོ་རྗེའི་བཟླས་པ་ལ་དགའ་བ་ནང་ལ་མཆོག་ཏུ་གཞོལ་བའི་རྣལ་འབྱོར་པས་སོ། །ཡུལ་གང་ལ་ཞེ་ན། ཀུན་ཏུ་སྟེ་སེམས་ཅན་ཐམས་ཅད་ཀྱི་སྐུ་ལ་སོགས་པའི་དཀྱིལ་འཁོར་ལའོ། །ཚུལ་ཇི་ལྟར་ན། རྡོ་རྗེ་སེམས་དཔའ་སྟེ་རྡོ་རྗེ་འཆང་ཆེན་པོ་བསམ་གཏན་རྡོ་རྗེ་གསུམ་སྦྱོར་བས་ཏེ་རྡོ་རྗེ་གསུམ་མི་ཕྱེད་པའི་རང་བཞིན་གྱི་ཡེ་ཤེས་ཀྱི་སྐུ་སྒྱུ་མ་ལྟ་བུར་དམིགས་པས་སོ། །རྫོགས་རིམ་པས་ཕྱག་བྱ་བ་ཇི་ལྟ་བུ་ཞེ་ན། སྔགས་ཐམས་ཅད་ཀྱི་སྒྲུབ་པའི་རྡོ་རྗེ་ནི་ཟུང་འཇུག་གི་རིམ་པ་གནས་པ་སྟེ། དེ་རྣམས་ཀྱི་དམ་ཚིག་དང་སྡོམ་པ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །མཆོག་སྟེ་ཤིན་ཏུ་ཁྱད་པར་དུ་འཕགས་སོ་ཞེས་དྲང་། གང་ཞིག་ན། རྡོ་རྗེ་གསུམ་སྟེ་དེ་བཞིན་གཤེགས་པ་ལ་སོགས་པའི་སྐུ་ལ་སོགས་པ་ལ་དགོས་པའི་དབང་གིས་ཕྱག་འཚལ་བའོ། །སུ་ཞིག་གིས་ན། རྫོགས་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པས་སོ། །

ཚུལ་ཇི་ལྟར་ཕྱག་འཚལ་ཞེ་ན། རྫོགས་པ་དང་མ་རྫོགས་པའི་སེམས་ཅན་གྱི་ཁམས་རྣམས་མདོར་ནས་ཏེ་གཅིག་ཏུ་བྱས་ནས་ཡེ་ཤེས་ཀྱི་སྐུ་སྒྱུ་མ་ལྟ་བུ་དམིགས་པའི་བསམ་གཏན་རྡོ་རྗེས་བསྐུལ་ཞིང་བསླབ་པར་བྱ་བའི་ཚུལ་གྱིས་སོ། །དོན་ནི། རྫོགས་རིམ་པས་གཞན་གང་ལའང་ཕྱག་མི་བྱ་ཞིང་། གལ་ཏེ་དགོས་པའི་དབང་གིས་ཕྱག་བྱེད་ན། སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་ཆེན་པོ་སྒྱུ་མ་ལྟ་བུའི་སྐུར་དམིགས་ཏེ་ཕྱག་བྱའོ། །ཞེས་པའོ། རྫོགས་རིམ་པའི་ཕྱག་འདི་ནི་རྡོ་རྗེ་སྟེ་རྫོགས་པའི་རྣལ་འབྱོར་རྡོ་རྗེ་འཆང་ཆེན་པོ་འབྱུང་ཞིང་བསྐྱེད་པར་བྱེད་པའི་སྤྱོད་པ་ཞེས་བྱའོ། །དེ་ཁོ་ན་ཉིད་རྟོགས་པའི་ཐབས་ལ་གཉིས་ལས། བསྐྱེད་རིམ་སྒོམ་པ་པོས་ཡུལ་དང་དབང་པོ་ཐབས་ཤེས་རབ་ཏུ་བསྒོམ་པ་ནི། བསྙེན་པ་ལ་སོགས་པ་རྣལ་འབྱོར་བཞི་ལ་ཞུགས་པ་རྣམས་ཀྱིས་སྒྲུབ་པའི་དུས་སུ་སྡོམ་པ་བསྟན་པ་ནི། དེ་ནས་ཞེས་སོགས་ཏེ། བསྙེན་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །རྡོ་རྗེ་བཤང་གཅི་སྟེ་མིག་ལ་སོགས་པའི་དབང་པོ་ལྔ་དང་། གཟུགས་ལ་སོགས་པའི་ཡུལ་ལྔ་ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱིས། ནམ་མཁའི་དབྱིངས་ཡོངས་སུ་གང་བར་བསམས་ནས། དུས་གསུམ་དག་ཏུ་རྡོ་རྗེ་སྟེ་སྐུ་གསུམ་ལ་དབུལ་ཞིང་བསྟེན་པར་བྱའོ། །དེ་ལ་གཟུགས་ལ་སོགས་པའི་ཡུལ་ལྔ་དེ་བཞིན་གཤེགས་པ་ལྔར་བསྒོམ་སྟེ། ལོངས་སྤྱོད་པ་ལོངས་སྐུ་ལ་དབུལ་བ་དང་། སྤྱན་མ་ལ་སོགས་པ་བཞི་དང་། ཆོས་དབྱིངས་རྡོ་རྗེ་མ་དང་ལྔ་བསྒོམ་པ་ཆོས་སྐུ་ལ་དབུལ་བ་དང་། གཟུགས་རྡོ་རྗེ་མ་ལ་སོགས་པ་ལྔར་བསྒོམ་པ་སྤྲུལ་སྐུ་ལ་དབུལ་བའོ། །ཞེས་བླ་མ་སྔ་རབས་པ་དག་འཆད་དོ། །རྫོགས་རིམ་སྒོམ་པ་པོས་འོད་གསལ་ལས་ཟུང་འཇུག་གི་སྐུར་བསྒོམ་པ་ནི། དེ་ནས་ཞེས་སོགས་ཏེ། རྡོ་རྗེ་ཐམས་ཅད་ནི་ཐུན་མོང་བའི་སྐུ་གསུང་ཐུགས་ཏེ་དེ་མི་སྣང་བ་ནི་འོད་གསལ་དུ་འཇུག་པའོ། །འདི་ལས་རྡོ་རྗེའི་སྐུ་དང་མཉམ་པས་ན་དམ་ཚིག་སྟེ། གཉིས་པོ་འདི་དག་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །དུས་བཞི་སྟེ། སྟོང་པ་ཉིད་བཞིའི་མཆོག་སྟེ་བླ་ན་མེད་པ་དེ་ཉིད་ཉིན་རེ་སྟེ་རྟག་ཏུ་སྤྱད་ཅིང་བསྒོམ་པར་བྱའོ། །ཞེས་པས་རྟག་ཏུ་འོད་གསལ་ལ་འཇུག་པ་བསྟན་ནས། དགོས་པའི་དབང་གིས་ལྡང་བར་ཡང་བྱའོ་ཞེས་སྟོན་པ་ནི། ཡང་ན་རྫས་ཀྱང་རྟག་ཏུ་དབྲོག ཞེས་ཏེ། རྫས་ནི་ཡེ་ཤེས་ཀྱི་སྐུའོ། །དབྲོག་པ་ནི་ལེན་པ་སྟེ་ལུགས་བཟློག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས་ཡེ་ཤེས་ཀྱི་སྐུར་ལྡང་ངོ་ཞེས་པའོ། །དམ་ཚིག་རྡོ་རྗེ་རྫོགས་བྱེད་ཞེས་པ་དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱེད་པའི་དམ་ཚིག་གོ ལུས་བརྟས་པའི་སྦྱོར་བ་ལ་གཉིས་ཀྱི། གང་ལ་གཞོལ་བའི་ལུས་བརྟས་པའི་སྦྱོར་བ་ནི། དེ་ནས་ཞེས་སོགས་ཏེ། ནམ་མཁའི་རིག་པ་ནི་དེ་བཞིན་ཉིད་དེ། དེ་འཛིན་ཅིང་དམིགས་པར་བྱེད་པས་ན། ནམ་མཁའི་རིག་པ་འཛིན་པ་ནི་རྣལ་འབྱོར་པའོ། །དེའི་མཉམ་པ་འདིས་བྱེད་ཅིང་ལུས་རྒྱས་པར་བྱེད་པས་ན་དམ་ཚིག་སྟེ། ལུས་བརྟས་པའི་ཆོ་ག་འདི་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །སྒྲུབ་པ་པོ་བདག་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བདེ་བར་གནས་པར་བྱ་བའི་ཕྱིར། དབུ་རྒྱན་དག་ལ་བསམ་གཏན་བསམ། །ཞེས་པ། ཀླད་རྒྱས་ཀྱི་བདུད་རྩི་ཆ་བཅུ་དྲུག་ཏུགནས་པ་ཟླ་བ་ཕྱེད་ཀྱི་བར་དུ་ཉིན་ཞག་རེ་ལ་ཆ་རེ་འབབ་པ་སྟེ། མང་དུ་ཕབ་པས་ལུས་བརྟས་པར་འགྱུར་ཏེ། རྒྱས་པར་ལེའུ་བཅུ་གཉིས་པར་བཤད་པ་བཞིན་ཤེས་པར་བྱའོ། །དེའི་ཕན་ཡོན་ནི་རྡོ་རྗེ་གསུམ་ནི་ལུས། དེ་སྐྱེས་པ་ནས་བརྩམས་ནས་མཉམ་པར་འགྲོ་ཞིང་རྗེས་སུ་འཇུག་པས་ན། རྡོ་རྗེའི་དམ་ཚིག་གི་རླུང་ལ་སོགས་པའི་ནད་རྣམས་ཏེ། དེ་རྣམས་ཁྲོས་ཤིང་འཁྲུགས་པས་ལུས་མི་ཐུབ་ཅིང་ཟིལ་གྱིས་གནོན་མི་ནུས་སོ། །དེ་སྐད་དུ་ཡང་མ་རྒྱུད་ལས། གང་ཞིག་བདུད་རྩིིའི་རང་བཞིན་དུ། །སྤྱི་བོར་རྟག་ཏུ་ངེས་འབབ་པ། །རྣལ་འབྱོར་དབང་པོས་དེ་འཐུང་ན། །རྒ་དང་འཆི་བ་རྣམ་པར་འཇིག །ཇི་ལྟར་པད་མའི་སྡོང་པོ་ལས། མི་ཡིས་ཆུ་ནི་འདྲེན་པར་བྱེད། །དེ་བཞིན་ཉེ་བར་འཐུང་པ་ཡིས། །རྣལ་འབྱོར་དབང་པོ་སྟོབས་ཆེན་འཚོ། །ཞེས་དང་། རྩ་བའི་རྒྱུད་ལས་ཀྱང་། ལྕེ་ནི་སྐན་ལ་སྦྱར་བྱ་ཞིང་། སྣ་ཡི་རྩེ་མོར་བསམ་པར་བྱ། །རྡོ་རྗེ་ཕྲ་མོ་དེ་རེག་པས། །སེམས་ནི་མཉམ་པར་བཞག་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །སྔགས་ལ་མཆོག་ཏུ་གཞོལ་བའི་ལུས་བརྟས་པའི་ཆོ་ག་ནི། སྔགས་འཆང་ལས་དང་པོ་པ་ནི། རྣམ་སྣང་ལ་སོགས་པའི་ཟློས་པ་པོ་རྣམས་སོ། ཁ་ཟས་ལ་ལོངས་སྤྱོད་པའི་དུས་སུ། སྐུའི་རྡོ་རྗེ་བྱིན་གྱིས་བརླབ་པར་བྱའོ། །ཟས་ལས་གཞན་པའི་ཕྱི་རོལ་གྱི་ཡུལ་རྣམས་ལ་ནི་རྡོ་རྗེ་འཛིན་པར་བྱིན་གྱིས་བརླབ་བོ། །མདོ་ནི་གསུང་རབ་བོ། །འདོན་པ་ནི་ཀློག་པའོ། །ཆོ་གའི་བྱ་བ་ནི། སྤྱན་འདྲེན་དང་། གཤེགས་གསོལ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ཚིག་ཏུ་འདོན་པ་དང་། དབྱངས་སུ་ལེན་པ་ལ་སོགས་པ་ལ། རྟག་པར་རྡོ་རྗེ་ཆོས་ཏེ་འོད་དཔག་ཏུ་མེད་པར་བྱིན་གྱིས་བརླབ་བོ། །དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་གཉིས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་བསྟན་པ་དང་། རྟོགས་པའི་ཐབས་བསྐྱེད་རིམ་གྱི་ལྷ་བསྒོམ་པའོ། །དང་པོ་ལ་བདུན་གྱི། ལས་ལ་སོགས་པ་རྣམ་པར་དག་པའི་སྒོ་ནས་གཉིས་སུ་མེད་པའི་ཡེ་ཤེས་བསྟན་པ་ནི། གང་སྔར་འདས་པ་དང་འོག་ནས་འཆད་པའི་ལས་ཀྱི་ཚོགས་ལ་སོགས་པ་བྱེད་པ་ན། རྣམ་པར་དག་པ་ལ་སྦྱར་བ་དེ་བཤད་པའི་དོན་དུ་འོད་གསལ་གྱི་ཏིང་ངེ་འཛིན་མངོན་སུམ་དུ་མཛད་པར་བསྟན་པའི་ཕྱིར། དེ་ནས་ཞེས་སོགས་ཏེ། རྡོ་རྗེ་འཛིན་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་སོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། མ་རྫོགས་པའི་སེམས་ཅན་རྣམས་ཏེ། དེ་རྣམས་མཉམ་པ་ཉིད་ནི་འོད་གསལ་ལ་གཅིག་ཏུ་གཞོལ་བར་རྣམ་པར་དགོངས་པར་ཏེ་བསྒོམས་ནས་ཅང་མི་སྨྲ་བར་འགྱུར་ཏོ། །འཁོར་གྱི་དྲིས་ལན་གྱི་ཚུལ་གྱིས་གཉིས་སུ་མེད་པའི་ཡེ་ཤེས་བསྟན་པ་ནི། བཅོམ་ལྡན་འདས་ཅང་མི་གསུང་བར་བཞུགས་པ་དེ་ནས། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་འཁོར་གྱི་ནང་དུ་ཅང་མི་གསུང་བའི་རྒྱུ་ཞུས་པའོ། །རིགས་ཀྱི་བུ་ཞེས་བྱང་ཆུབ་སེམས་དཔའ་དེ་དག་ལ་བོས་ནས། རྡོ་རྗེ་འཆང་ཆེན་པོ་ནི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད་དམིགས་སུ་མེད་པ་ནི། འོད་གསལ་བ་ཡིན་ལ། དེ་ཡི་ཡི་གེའི་ཚིག་ནི། དེ་ཁོ་ཉིད་ལས་མི་འགྱུར་བའི་གནས་ཏེ། ངོ་བོ་ཉིད་མེད་པའི་ཡི་གེའི་ཚིག་སྟེ་བརྗོད་དུ་མེད་ཅིང་རྣམ་པར་མི་འཇིག་པའི་གནས་འོད་གསལ་ལ་རྣམ་པར་དཔྱོད་ཅིང་དེ་མངོན་སུམ་དུ་མཛད་ནས། བདག་ཅག་རྣམས་ལ་འོད་གསལ་དེ་བསྟན་པའི་ཕྱིར་ཅང་མི་གསུང་བར་འགྱུར་ཏོ། །དེ་ཉིད་རྣམ་པར་འགྲེལ་པ་ནི། རིགས་ཀྱི་བུ་ཞེས་བོས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་འདི་འོད་གསལ་ལ་ཞུགས་ནས། གནས་ལུགས་ལ་སེམས་པ་ན་འདི་སྙམ་དུ་འགྱུར་རོ། །ཁམས་གསུམ་པ་རྣམས་ཀྱི་སྐུ་དང་། གསུང་དང་ཐུགས་དག་ནི་སྐྱེ་བའི་རྒྱུ་མེད་པས་ན་གདོད་མ་ནས་མ་སྐྱེས་ཤིང་མི་འགྱུར་བ། ཁ་དོག་དང་དབྱིབས་ལ་སོགས་པའི་མཚན་མ་མེད་པའི་བདག་ཉིད་ཅན། ནམ་མཁའ་རྡོ་རྗེའི་ཏོག་སྟེ་དེ་བཞིན་ཉིད་ལས་བྱུང་བ། ཐམས་ཅད་སྟོང་པ་འོད་གསལ་གྱི་ངོ་བོ་ཉིད་ཡིན་ནོ། །འོ་ན་ལྷའི་འཁོར་ལོར་ཇི་ལྟར་འགྱུར་ཞེ་ན། ལོག་པར་གཟུང་བ་ནི་སྒྱུ་མ་ལྟ་བུའི་སྐུ་སྟེ། དེས་ཟིན་པ་ནི་ཁམས་གསུམ་པ་རྣམས་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་ཡིན་ཡང་། ཐ་སྙད་དུ་སྒྱུ་མ་ཙམ་དུ་གནས་པས་ལྷའི་འཁོར་ལོ་མི་འགལ་ཞེས་པའོ། །དེ་བཞིན་གཤེགས་པ་རྣམས་ཕན་ཚུན་བསྐུལ་བའི་སྒོ་ནས་དེ་ཉིད་གསལ་བར་བསྟན་པ་ནི། དེ་ནས་འཇམ་དཔལ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ལོག་པར་གཟུང་བས། ཞེས་པའི་རྡོ་རྗེའི་ཚིག་འདིའི་དགོངས་པ་མི་ཤེས་པ་ལྟ་བུར་བཅོས་ནས། མ་འོངས་པའི་གདུལ་བྱ་ལ་ཕན་གདགས་པའི་ཕྱིར། དེ་གསལ་བར་བྱ་བའི་བསམ་པས། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་དག་ལ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བོས་ནས། ལོག་པར་གཟུང་བས་ཟིན་པ་ཡིན་ཞེས། གསུང་རྡོ་རྗེ། རྡོ་རྗེ་འཆང་ཆེན་པོས་ཆོས་སྟོན་པའི་ཚིག་ལ། ཕྱིན་ཅི་ལོག་སྟེ་རྫུན་ཀུན་ཏུ་འབྱུང་བའི་རྒྱུ། སྟོན་པ་ཅང་མི་གསུང་བར་བཞུགས་པ་དེ། འོད་གསལ་མ་རྟོགས་པའམ་མི་ཤེས་པ་ཡིན་ནམ་སྙམ་དུ་མི་བརྟག་ཏུ་གསོལ། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ་འདི་འདས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དབྱིངས་ཏེ་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཐམས་ཅད་སྟོང་པས་འོད་གསལ་ལ། ལུགས་འབྱུང་གི་སྣང་བ་གསུམ་གྱིས་རིམ་གྱིས་གཤེགས་ཤིང་། ལུགས་ལྡོག་གི་སྣང་བ་གསུམ་གྱིས་སླར་ཡང་ཟུང་འཇུག་ཏུ་བྱོན་པའི་རྗེས་སུ་འགྲོ་ཞིང་སྤྱོད་པར་གྱུར་པའི་ཕྱིར། འོད་གསལ་མ་རྟོགས་པ་མ་ཡིན་ནོ། །དེ་ཅིའི་སླད་དུ་ཞེ་ན་ཞེས་པས། དགོས་པ་ཅིའི་ཕྱིར་དུ་སྟོན་པ་འོད་གསལ་ལ་ཞུགས་པ་དང་བཞེངས་པ་སྟོན་ཅེ་ན། ཚངས་པ་དང་སྐྱེ་རྒུའི་བདག་པོ་ལ་སོགས་པ་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པའི་སེམས་དང་ལྡན་པས་ན། བྱང་ཆུབ་སེམས་དཔའ་ཆེན་པོ་ཕྲ་བ་དང་ཡང་བ་ལ་སོགས་པའི་མངོན་པར་ཤེས་པ་དང་། འཇིག་རྟེན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་ཡིན་ཀྱང་། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀུན་རྫོབ་ཀྱི་བདེན་པ་དང་། ངོ་བོ་ཉིད་འོད་གསལ་ལ་དོན་དམ་པའི་བདེན་པ་དག་གི་རྣམ་དབྱེ་མི་ཤེས་ནས། འདི་སྙམ་དུ་རྟོགས་ཏེ། ཅི་རྡོ་རྗེའི་བདག་ཉིད་དེ་སྟོན་པ་རྡོ་རྗེ་འཆང་ཆེན་པོ་འདི་རྒྱུ་བ་དང་། མི་རྒྱུ་བའི་ཆོས་ཐམས་ཅད་ཀྱི་རྡོ་རྗེའི་དེ་ཁོ་ན་ཉིད་མཐར་ཐུག་པའི་ངོ་བོ་ཉིད་དེ། མངོན་པར་མི་ཤེས་ཤིང་མ་རྟོགས་ཀྱང་། གསང་བའི་ཡི་གེ་སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་གསང་བ་འཆད་དམ། ཡང་ན་ཤེས་ནས་སྟོན་སྙམ་དུ་སོམ་ཉིར་གྱུར་ཏེ། དེ་རྣམས་ཀྱི་སོམ་ཉི་བཟློག་པར་བྱ་བའི་ཕྱིར་དང་། བདག་ཉིད་ཀྱིས་བདེན་པ་གཉིས་ཐུགས་སུ་ཆུད་པར་བསྟན་པར་བྱ་བའི་ཕྱིར། འོད་གསལ་བར་ཞུགས་པ་དང་བཞེངས་པ་སྟོན་པ་ཡིན་ནོ། །དེ་ལྟར་སྟོན་པའི་དེ་ཁོ་ན་ཉིད་བརྙེས་པར་བསྟན་པས་ཚངས་པ་ལ་སོགས་པ་འདི་སྙམ་དུ་སེམས་པར་གྱུར་ཏེ། བདག་ཅག་ཁོ་ནས་ཟུང་འཇུག་མ་རྟོགས་པ་ཅིའི་ཕྱིར་སྙམ་དུ་སེམས་པ་དང་། དེ་བཟློག་པའི་ཕྱིར། དེ་ནས་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། འཇམ་དཔལ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །ཚངས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཟུང་འཇུག་གི་ཡེ་ཤེས་རྟོགས་པ་ལྟ་ཅི་སྨོས། ངེད་དེ་བཞིན་གཤེགས་པ་རྣམས་ཀྱིས་སྐུ་གསུང་ཐུགས་ཀྱི་གསང་བ་སྟོན་པའི་ཡི་གེའི་རྡོ་རྗེའི་ཚིག་ཇི་སྙེད་ཅིག་རྡོ་རྗེ་འཆང་ཆེན་པོ་ལ་མངོན་སུམ་དུ་ཐོས་ཀྱང་། སྐུ་གསུང་ཐུགས་ཏེ་རྡོ་རྗེ་འཆང་ཆེན་པོའི་བྱང་ཆུབ་འབྲས་བུའི་མངོན་པར་རྟོགས་པ་ནི། ངེད་ཀྱིས་ཀྱང་དོན་དམ་པར་མི་ཤེས་ཤིང་མ་རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་མེད་པའི་རྡོ་རྗེ། རྡོ་རྗེ་འཆང་ཆེན་པོའི་མངོན་པར་བྱང་ཆུབ་པ་རྒྱུ་དང་འབྲས་བུ་གཉིས་སུ་མེད་པ་ནི། རྟོག་པ་ཐམས་ཅད་ཀྱི་ངོ་བོ་ཉིད་དང་ངེས་པར་བྲལ་བས་ན་ངོ་བོ་ཉིད་མེད་པ་དེ་ཉིད་ཀྱིས་ན་མི་འགྱུར་བ་སྟེ། དོན་དམ་པའི་བདེན་པ་ལས་བྱུང་ཞིང་སྐྱེས་པའི་ཕྱིར། རྟོགས་བྱའམ་འཐོབ་བྱར་མེད་དོ་སྙམ་དུ་དགོངས་སོ། །དེ་ལྟར་རྡོ་རྗེ་འཆང་ཆེན་པོའི་བྱང་ཆུབ་རྙེད་པར་དཀའ་བ་བསྟན་པ་ན། ཚངས་པ་ལ་སོགས་པ་འདི་སྙམ་དུ་སེམས་ཏེ། ཁྱེད་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་མ་རྟོགས་ན། ངེད་སེམས་ཅན་རྣམས་ཀྱིས་རྣམ་པ་ཐམས་ཅད་དུ་མི་རྟོགས་སོ་སྙམ་དུ་སེམས་པ་ན། དེ་དག་གི་སྒྱིད་ལུག་པ་བསལ་བའི་ཕྱིར། ཀུན་རྫོབ་ཙམ་དུ་ཐོས་བསམ་སྒོམ་གསུམ་ལ་འབད་ན། སེམས་ཅན་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་ཤིང་ཐོབ་པར་འགྱུར་རོ་ཞེས་སྟོན་པ་ནི། རིགས་ཀྱི་བུ་ཞེས་བྱང་ཆུབ་སེམས་དཔའ་རྣམས་ལ་བོས་ནས། སྒོ་ང་ལས་སྐྱེས་པ་ལ་སོགས་པ་སེམས་ཅན་ཆེན་པོའི་ཁོངས་སུ་གཏོགས་པའི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཐོས་བསམ་སྒོམ་པའི་རིམ་གྱིས་ཞུགས་པར་གྱུར་ན་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་བྱང་ཆུབ་ལ་གནས་པ་སངས་རྒྱས་རྡོ་རྗེ་སྟེ་དེ་བཞིན་གཤེགས་པ་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་མ་ཞེས་པ་ནི་ངེས་པར་རོ། །ཁམས་གསུམ་དུ་གཏོགས་པའི་སེམ་ཅན་འདི་དག་ནི། ཆོས་ཀྱི་སྐུ་ལ་སོགས་པ་སྐུ་གསུམ་རྡོ་རྗེ་འཛིན་པ་དྲུག་པ་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཐོས་བསམ་སྒོམ་གསུམ་ལ་རིམ་གྱིས་ཞུགས་ནས། སྐུ་གསུང་ཐུགས་རྡོ་རྗེ། རྡོ་རྗེ་འཆང་ཆེན་པོའི་གཉིས་སུ་མེད་པའི་ཡེ་ཤེས་གདོན་མི་ཟ་བར་ཐོབ་པར་འགྱུར་བ་ཤ་སྟག་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་རྣམས་ཕན་ཚུན་རྣམ་པར་སྨྲ་བས། བཅོམ་ལྡན་འདས་མཉེས་པར་མཛད་ནས། དོན་དེ་ཉིད་སྟོན་པ་རང་གི་གསུང་གིས་བསྟན་པ་ནི། དེ་ནས་ཞེས་སོགས་སོ། །རང་བཞིན་གྱིས་དག་པའི་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་རྣམས་ཀྱི་བདག་མེད་པ་ནི་འོད་གསལ་བས་ཏེ། དེ་ལས་བྱུང་བའི་ཆོས་ཀྱི་དབྱིངས་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ། རྡོ་རྗེ་འཆང་ཆེན་པོ་དེ་ནི་གནས་མེད་པ་ཡིན་ཡང་དཀྱིལ་འཁོར་བ་མ་ལུས་པ་བསྐྱེད་པའི་གནས་སུ་གྱུར་པས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡང་དག་པར་བྱུང་བས་དེ་བསྐྱེད་པ་དང་། རྟོགས་པས་ཏེ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པའི་བྱ་བ་རྣམས་འབྱུང་ཞིང་འཇའ་ཚོན་ལྟར་སྣང་བས་སྨྲ་བ་དང་། རྣམ་པར་བརྟགས་ན་མི་རྙེད་པའི་ཕྱིར་སྨྲ་བ་མ་ཡིན་པའོ། །རྣལ་འབྱོར་པས་སངས་རྒྱས་འགྲུབ་པའི་རྒྱུ་ཞུས་ལན་གྱི་སྒོ་ནས་བསྟན་པ་ནི། དེ་བཞིན་གཤེགས་པ་སྟེ་སངས་རྒྱས་ཐམས་ཅད་ཀྱི་སྐུ་ལ་སོགས་པའི་དངོས་གྲུབ་དང་པོར་གང་ལས་ཡང་དག་པར་བྱུང་། བར་དུ་གང་དུ་གནས། མཐར་གང་དུ་ཐིམ་པར་འགྱུར་ཞེས་ཞུས་པའོ། །རྡོ་རྗེ་འཆང་ཆེན་པོས་ལན་གསུངས་པ་ནི། དངོས་གྲུབ་ཐམས་ཅད་ནི་རང་གི་སྐུ་གསུང་ཐུགས་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུན་དེ་ཉིད་མི་བསྐྱོད་པས་ན་རྡོ་རྗེ་སྟེ། འོད་གསལ་བར་ཞུགས་པ་དེ་ཉིད་ལ་ཐ་སྙད་དུ་གནས་སོ། །འཇིག་རྟེན་པའི་དངོས་གྲུབ་འབའ་ཞིག་ཏུ་མ་ཟད་ཀྱི། སྟོབས་དང་མི་འཇིགས་པ་ལ་སོགས་པ་ཐམས་ཅད་མཁྱེན་པའི་ཡོན་ཏན་དང་། ཁམས་གསུམ་ཇི་སྙེད་པ་དག་ཀྱང་ཐ་སྙད་དུ་སྐུ་གསུང་ཐུགས་ལས་བྱུང་ཞིང་དེ་ཉིད་ལ་གནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་ཀྱི་རྒྱུ་སྐུ་གསུང་ཐུགས་དང་། ས་ལ་སོགས་པའི་ཁམས་གསུམ་པ་རྣམས་དོན་དམ་པར་གང་ན་གནས་ཞེས་ཞུས་པའོ། །དེ་དག་ནི་ནམ་མཁའ་སྟེ་ཡང་དག་པའི་མཐའ་ལ་གནས་སོ་ཞེས་པ་ལན་ནོ། །ནམ་མཁའ་སྟེ་ཡང་དག་པའི་མཐའ་གང་ན་གནས་ཞེས་ཞུས་པའོ། །གང་དུ་ཡང་གནས་པ་མ་ཡིན་ནོ་ཞེས་པ་ལན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་ངོ་མཚར་བའི་སྒོ་ནས་ཀྱང་གཉིས་སུ་མེད་པའི་ཡེ་ཤེས་གསལ་བར་བསྟན་པ་ནི། རྣམ་པར་དག་པ་འོད་གསལ་བ་ལ་ངོ་མཚར་དུ་གྱུར། ལྟ་བ་ལ་རྨད་དུ་གྱུར་ནས། ཨེ་མ་ཧོ་རྡོ་རྗེ་ཞེས་རབ་ཏུ་དང་བས་ལན་གཉིས་བཟླས་པའོ། །ཨེ་མ་ཧོ་རྡོ་རྗེ་ཡིས་བཤད་པ། ཞེས་པ་བཤད་པ་རྙེད་པར་དཀའ་བ་ཉིད་ཀྱིས་ངོ་མཚར་བར་གྱུར་པ་སྟེ། ཨེ་མའོ་སྟེ་ངོ་མཚར་རོ། །གང་ལ་ཞེ་ན། རྡོ་རྗེ་སྟེ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་བཤད་ཅིང་བསྟན་པ་ལའོ། །གང་དུ་ཞེ་ན། དོན་དམ་པའི་བདེན་པ་གང་དུ་ལུས་དང་ངག་དང་སེམས་མེད་པ་དེ་རུ་སྟེ། དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་བདག་ཉིད་ཅན་གྱི་གཟུགས་ཏེ་ལྷའི་སྐུར་རྣམ་པར་བསྒོམ་ཞིང་སྐྱེད་པར་བྱེད་པ་དེ་ངོ་མཚར་རོ་ཞེས་པའོ། དེའི་ཐབས་བསྐྱེད་རིམ་པའི་ལྷའི་སྐུ་བསྐྱེད་པ་ལ་གསུམ་ལས། སྡུད་པ་པོའི་ཚིག་གིས་སྟོན་པའི་ཁྱད་པར་བསྟན་པ་ནི། དེ་ནས་བཤད་པར་མཛད་ཅེས་སྦྱར་རོ། །གང་གིས་ན་སྟོན་པ་རྡོ་རྗེ་འཛིན་ཏེ། དེ་ནི་སངས་རྒྱས་ཏེ་དེ་བཞིན་གཤེགས་པ་ཀུན་གྱིས་ཕྱག་བྱས་པ་དང་། རྡོ་རྗེ་གསུམ་ནི་སེམས་ཅན་ཐམས་ཅད་དོ། །དེ་རྣམས་ཀྱི་མཆོག་ནི་ལྷ་ཆེན་པོ་དང་ཁྱབ་འཇུག་དང་ཚངས་པ་རྣམས་སོ། །དེ་རྣམས་ཀྱི་མཆོག་ནི་ཉན་ཐོས་དང་རང་རྒྱལ་རྣམས་སོ། །དེ་རྣམས་ཀྱི་མཆོག་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ནི་སྐུ་དཔག་ཏུ་མེད་པ་སྤྲུལ་ནས་འགྲོ་བའི་དོན་མཛད་པ།སྐུ་ཡི་དབང་ཕྱུག་གསུང་དབྱངས་དྲུག་ཅུ་དང་ལྡན་པས་ཆོས་སྟོན་པ་གསུང་གི་དབང་ཕྱུག་དང་། དེ་བཞིན་དུ་ནི་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ་ཐུགས་ཀྱི་དབང་ཕྱུག་དང་། སྟོད་ནས་མེ་འབར་སྨད་ནས་ཆུ་འཁྲུག་སོགས་རྫུ་འཕྲུལ། ཟླ་བ་ཆུ་ནང་དུ་འཆར་བ་ལྟར་གདུལ་བྱ་གང་ན་ཡོད་པར་ཀུན་ཏུ་འགྲོ་བའི་དབང་ཕྱུག་དང་། ཅི་འདོད་སྟེར་བ་དང་སེམས་བསྐྱེད་དང་སྟོབས་སོགས་ཀྱི་ཡོན་ཏན་བརྒྱད་པའོ། །ཞེས་གསུངས་པ་ལྟར། དབང་ཕྱུག་གི་ཡོན་ཏན་བརྒྱད་དང་ལྡན་པས་ན་སྐུ་རྡོ་རྗེ་ལ་སོགས་པའི་རྡོ་རྗེ་གསུམ་ལ། མཆོག་སྟེ་ཁྱད་པར་དུ་དབང་བསྒྱུར་བར་མཛད་པས་ན། རྡོ་རྗེ་གསུམ་གྱི་དབང་ཕྱུག་མཆོག་གོ །དེས་ཅི་ཞིག་བཤད་ཅེ་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀུན་སྒྲུབ་པར་གྱུར་པའི་རིག་པའི་སྐྱེས་བུ་ནི་སྔགས་ཀྱི་སྐུ་སྟེ། དེ་བསྒོམ་ཞིང་སྐྱེད་པར་བྱེད་པ་བསྐྱེད་པའི་རིམ་པའོ། །སྟོན་པའི་གསུང་གིས་མི་བསྐྱོད་པའི་དཀྱིལ་འཁོར་བསྐྱེད་པའི་ཏིང་ངེ་འཛིན་བསྟན་པ་ནི། སངས་རྒྱས་ཀྱི་དཀྱིལ་འཁོར་ཏེ་རྫོགས་པ་དང་མ་རྫོགས་པའི་སེམས་ཅན་གྱི་ཁམས་རྣམས་མཁའ་དབྱིངས་རྡོ་རྗེའི་དབུས་སུ་གནས་པ་སྟེ། འོད་གསལ་བར་ཆུད་པར་བསྒོམ་ཞེས་པ་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ནས། ལྷག་མོས་བསྡུ་བ་སྔོན་དུ་འགྲོ་བ་ཅན་གྱི་དེ་བཞིན་ཉིད་ལ་བྱང་ཆུབ་པ་བསྟན་ཏོ། །དེ་ནས་སེམས་ཅན་གྱི་ཚོགས་ཐམས་ཅད་རྡོ་རྗེའི་སྐུ་སྟེ་སྐུ་རྡོ་རྗེའི་རྒྱུར་གྱུར་པ་ཟླ་བའི་གཟུགས་སུ་རབ་ཏུ་བསྒོམས་ནས་ཞེས་པར་ཟླ་བ་ལས་བྱང་ཆུབ་པའོ། །ཟླ་བའི་སྤྱི་བོར་ཏེ་སྟེང་དུ་འབྲུ་གསུམ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་མོ་ལྔ་པ་བསྒོམ་པ་ཕྱག་མཚན་ལས་བྱང་ཆུབ་པའོ། །དེ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་ཞལ་གསུམ་པ་སྐུ་གསུམ་ལས་བྱུང་བ་སྟེ་སྐུ་གསུམ་གྱི་བདག་ཉིད་ཅན་འོད་ཟེར་ལྔ་རྣམ་པར་འཕྲོ་བ་རྣམ་པར་བསམ་ཞེས་པ་དང་པོ་སྦྱོར་བའོ། །རྡོ་རྗེ་འཁོར་ལོ་འཛིན་བསམས་ན། །ཞེས་པ། ཕྱག་རྒྱ་དང་སྙོམས་པར་ཞུགས་པས་དཀྱིལ་འཁོར་པ་རྣམས་བསྐྱེད་དེ། སྤྲོས། བསྡུས་རང་གནས་སུ་བཀོད་པ་དཀྱིལ་འཁོར་རྒྱལ་མཆོག་གོ །ལྷའི་སྐུ་དེ་ལྟ་བུ་བསམས་ན། རྣལ་འབྱོར་པས་བྱང་ཆུབ་སྟེ། མི་བསྐྱོད་པ་ཉིད་མྱུར་དུ་ཐོབ་པར་འགྱུར་རོ། །རྣམ་སྣང་ལ་སོགས་པའི་ཏིང་ངེ་འཛིན་གྱི་དབྱེ་བས་བསྒོམ་པ་ནི། ཇི་སྐད་བཤད་པའི་རིམ་པ་འདི་ཉིད་ཀྱིས་རྣམ་སྣང་ལ་སོགས་པའི་རྣལ་འབྱོར་པས། འཁོར་ལོ་ལ་སོགས་པ་ཡོངས་སུ་གྱུར་པ་ལས། ཐམས་ཅད་དེ། རྣམ་པར་སྣང་མཛད་ལ་སོགས་པའི་གསང་བ་འདི་ནི། རིགས་ཀྱི་བྱེ་བྲག་གིས་ལྷའི་གཟུགས་འཛིན་པའི་གསང་བ་རྣམ་པར་བསམ་མོ། །གཞན་དུ་སྟེ་རྣམ་པ་གཞན་གྱིས་བསྒོམ་ན། རྣམ་སྣང་ལ་སོགས་པ་དེ་དག་གི་དངོས་གྲུབ་མཆོག་གི་རྒྱུར་མི་འགྱུར་རོ། །རྣལ་འབྱོར་གྱི་སྤྱོད་པ་བསྟན་པ་ལ་ལྔ་ལས། ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པ་བསྟན་པ་ནི། དེ་ལྟར་བདག་ཉིད་ལྷའི་སྐུར་བསྐྱེད་ནས་དེའི་འོག་ཏུ་ཅི་ཞིག་བྱ་ཞེ་ན། མཉེས་པར་བྱེད་པ་སྟེ་དགའ་བའི་བདེ་བ་སྐྱེད་པར་བྱེད་པར་རྣམ་པར་བསམ། སུ་ཞིག་མཉེས་པར་བྱེད་ཅེ་ན། ཁམས་གསུམ་ནི་རྣལ་འབྱོར་པ་རང་གི་ལུས་ཏེ། དེ་ལས་བྱུང་བ་དེ་ནི་དེ་ལ་གནས་པའི་རྒྱལ་པོ་ཆེ་སྟེ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །ཐབས་གང་གིས་ཤེ་ན། རྡོ་རྗེའི་སྐུ་སྟེ་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་གཉིས་ཀྱིས་མཚན་པའི་ཆགས་པ་དང་། ཆགས་པ་དང་བྲལ་བ་དང་། ཆགས་པ་བར་མ་གསུམ་ཉམས་སུ་མྱོང་བ་ཉིད་ཀྱིས་སོ། །ཇི་སྐད་བཤད་པའི་ཚུལ་དེས་ནི། ཁྱུ་མཆོག་སྟེ་ཟུང་འཇུག་ལ་གནས་པའི་རྣལ་འབྱོར་པ་མཉེས་པར་འགྱུར་རོ། །ཕན་ཡོན་བསྟན་པ་ནི། བདེན་པ་མཐོང་བ་གང་ལ་ལ་ཞིག་བྱང་ཆུབ་སྟེ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སེམས་པས་ན། བྱང་ཆུབ་སེམས་དཔའ་བསྐྱེད་པའི་རིམ་པ་མཐར་ཕྱིན་ནས། རྫོགས་པའི་རིམ་པ་ལ་གནས་པས་ན་གྲགས་ཆེན། བརྩོན་འགྲུས་བརྟུལ་བ་ཅན་ཡིན་པས་ན། གཟི་ཆེ་བ་རྣམས་ཀྱིས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པས་ནི། ཞག་བདུན་གྱིས་ཏེ་རིང་པོ་མི་ཐོག་པར་སྐུ་གསུམ་དབྱེར་མེད་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཕྱི་རོལ་གྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ནས་བདེ་བ་ལ་བསླབ་པར་བྱ་བ་ནི། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སྐུ་གསུང་ཐུགས་རྡོ་རྗེ་འདོད་ཆགས་ཆེན་པོའི་མེས་ཞུ་བར་གྱུར་པ་རྣམས། ཐིག་ལེའི་གཟུགས་གཅིག་ཏུ་གྱུར་པ་དེ་ནི་སྐུ་གསུང་ཐུགས་རྡོ་རྗེ་བསྡུས་པའོ། །དེ་གང་ཞེ་ན། གསང་བ་སྟེ་ཆོས་འབྱུང་ངོ་། །དེ་བསྒྲུབ་པའི་ཡན་ལག་གི་ཆོ་ག་ནི། གསང་བ་སྟེ་དེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །ཕྱག་རྒྱ་ཆེན་པོ་ནི་སྒྲུབ་པ་པོའོ། །དེའི་དོན་ནི་ཀུན་ཏུ་དགའ་བའོ། །དེ་འཁྱུད་པ་ལ་སོགས་པས་བརྟགས་ཤིང་རྫོགས་པར་བྱེད་པས་ན། ཕྱག་རྒྱ་ཆེན་པོའི་དོན་བརྟག་པའོ། །དེ་གང་ཞེ་ན། མཉམ་པར་རྗེས་སུ་འགྲོ་བས་ན་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ། ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས་བྱུང་བའི་འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་བར་མའི་མཚན་ཉིད་ཅན་གྱི་ཡེ་ཤེས་གསུམ་སྟེ། དེ་དག་ཡོངས་སུ་ཤེས་པའི་རྒྱུར་ཆོ་ག་བཞིན་དུ་སྟེ། ཕྱག་རྒྱ་འདུ་བྱས་པའི་ཆོ་ག་སྔོན་དུ་འགྲོ་བས་བསྒོམ་ཞིང་ཉེ་བར་སྤྱད་ན། སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །མཉམ་པར་བཞག་པའི་རྣལ་འབྱོར་པས་ཕྱི་རོལ་གྱི་ལྷར་དམིགས་པ་དགག་པ་ནི། དེ་ནས་ཕྱག་ན་རྡོ་རྗེ། རྡོ་རྗེ་འཆང་ཆེན་པོས། རྟོག་པའི་རྣལ་འབྱོར་ལ་གནས་པའི་སྒྲུབ་པ་པོ་ཐམས་ཅད་ཀྱི་ལུས་ལ་སོགས་པའི་ཡུལ་མ་ཡིན་པས་གསང་བ། རྫོགས་རིམ་པའི་རྣལ་འབྱོར་པ་ཉིད་ཀྱི་སྤྱོད་པ་འདི་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །རྫོགས་རིམ་ལ་གནས་པའི་རྣལ་འབྱོར་པ་བྱང་ཆུབ་མཆོག་སྟེ་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཉིད་དུ་གྱུར་པར་འདོད་ཅིང་བསྒོམ་ན། ལག་པའི་ཕྱག་རྒྱ་སྟེ་རང་ལས་ཐ་དད་པའི་ཕྱི་རོལ་གྱི་ལྷ་ལ་མངོན་པར་ཞེན་པ་མི་བཅིང་སྟེ། བདག་ཉིད་རྡོ་རྗེ་སེམས་དཔའ་མངོན་སུམ་ཡིན་ན། དེ་ལས་གཞན་པའི་ལྷ་གཞན་ཅི་ཚོལ་ཞེས་གསུངས་སོ། །དོན་ཐམས་ཅད་འགྲུབ་པར་བྱེད་པའི་གསང་བའི་སྔགས་རྣམས་ནི། སྔགས་རྣམས་ཀུན་ཏེ། དེ་ལྟ་བུའི་གསང་བ་འདུས་པའི་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་ལག་པའི་ཕྱག་རྒྱ་མི་བཅིང་ངོ་ཞེས་པ་འདི་ནི། རྒྱལ་བ་ཀུན་ཀྱང་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་འདའ་བར་མི་མཛད་དོ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་གསལ་བར་བསྟན་པ་ནི། སངས་རྒྱས་ཏེ་སྐུ་རྡོ་རྗེའི་རིགས་སུ་རྟོགས་པ་རྣམས་ཀྱིས་ཉམས་སུ་བླང་བར་བྱ་བའི་དམ་ཚིག་ནི། བཤང་གཅི་ལ་སོགས་པ་དག་ལ་སྨད་ཅིང་གཤུང་བ་ཉིད་དུ་བསྔགས་པས་མི་བྱའོ། །དེ་བས་ན་ཆོ་ག་བཞིན་དུ་སྟེ་འཁྱུད་པ་ལ་སོགས་པའི་སྦྱོར་བ་བསྐྱེད་པའི་བདུད་རྩི་ཁུ་བ་དང་། ཁྲག་ལ་སོགས་པ་བཟའ་བར་བྱ་ཞིང་ཉེ་བར་སྤྱད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བཤད་མ་ཐག་པའི་གསང་བ་འདི་རྡོ་རྗེ་གསུམ་བྱུང་སྟེ་ལུས་ངག་ཡིད་གསུམ་བདེ་བར་གནས་པར་བྱེད་པའི་བཅུད་ལེན་ཡིན་ནོ། །གསུང་རྡོ་རྗེའི་རིགས་སུ་གཏོགས་པའི་ཉམས་སུ་བླང་བར་བྱ་བའི་དམ་ཚིག་ནི་ཐ་མ་དང་། འབྲིང་དང་། མཆོག་གི་བུད་མེད་ཇི་སྙེད་པ་ཡོད་པ་རྣམས་ཀྱིས་ཁམས་གསུམ་དག་གི་ལམ་མཆོག་ན་ཞེས་པ། ཁམས་གསུམ་ནི་སེམས་ཅན་རྣམས་ཏེ་དེ་དག་གི་བསྒྲུབ་པར་བྱ་བའི་ལམ་མཆོག་ནི་པདྨ་སྟེ་དེ་ལ་ཡོད་པའི་འདོད་པའི་གདུགས་དང་། ཟླ་བ་གང་བ་དང་རུས་སྦལ་ཞེས་བྱ་ལ་སོགས་པའི་རྩ་སྦུབས་ཐམས་ཅད་ཆོ་ག་བཞིན་དུ་སྟེ། རྗེས་སུ་མཉེས་པར་བྱེད་པ་ལ་སོགས་པའི་ཆོ་ག་དང་བཅས་པས། ངག་གི་རྡོ་རྗེ་སྟེ་རོ་འཛིན་གྱི་བྱ་བས་བསྐྱོད་ལ། ཀུན་ཏུ་ལོངས་སྤྱོད་ཅིང་དགའ་བར་བྱའོ། །དེ་ལས་བྱུང་བ་རྣམས་སྨད་པར་མི་བྱ་ཞིང་མྱང་བར་བྱའོ། །ཐུགས་ཀྱི་རྡོ་རྗེའི་རིགས་སུ་རྟོགས་པའི་ཉམས་སུ་བླང་བར་བྱ་བའི་དམ་ཚིག་ནི། རྡོ་རྗེ་སྐུ་གསུམ་ལ་གནས་པ་སྟེ་རྣམ་སྣང་ལ་སོགས་པའི་ངོ་བོ་ཉིད། དམ་ཚིག་ཇི་སྙེད་ཡོད་པ་སྟེ་པད་མ་ཅན་ལ་སོགས་པའི་བུད་མེད་ཀུན་རྡོ་རྗེ་གསུམ་གྱི་དམ་ཚིག་གིས་ཏེ་བདག་ཉིད་ཀྱི་ལུས་དང་ངག་དང་ཡིད་ཀྱི་བྱ་བ་རྣམས་ཀྱིས་མགུ་ཞིང་ཚིམ་པ་དག་ཏུ་བྱའི། དེ་དག་གི་ཐུགས་ཀྱི་རྡོ་རྗེས་སྨད་ཅིང་ཐུགས་དབྱུང་བར་མི་བྱ་སྟེ། སེམས་ཀྱི་རྩ་བ་ལུས་ཡིན་པའི་ཕྱིར་དང་། ལུས་ཀྱི་རྩ་བ་སེམས་ཡིན་པའི་ཕྱིར་ཞེས་བྱ་བར་དགོངས་སོ། །རྡོ་རྗེའི་དམ་ཚིག་གསུམ་ནི་སྐུ་གསུང་ཐུགས་ཀྱི་དམ་ཚིག་གོ །ཐུན་མོང་མ་ཡིན་པས་ན་ཆེན་པོ་སྟེ། དེ་སྟོན་པར་མཛད་པ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་ཅེས་བཀའ་བསྩལ་ཏོ། སྤྱོད་པ་གསུམ་ལ་གནས་པའི་རྣལ་འབྱོར་པས་ཕྱི་རོལ་གྱི་ལྷར་ཞེན་པ་སྤང་ཞིང་། རང་ཉིད་ལྷར་བསྒྲུབ་པ་བསྟན་པ་ནི། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟན་པ་ཉན་ཐོས་ལ་སོགས་པ་དམན་པ་རྣམས་ལ་སྦ་བར་བྱ་བ་ཡིན་པས་ན་གསང་བའི་རྡོ་རྗེ་སྟེ། དེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །སྔར་ལག་པའི་ཕྱག་རྒྱ་མི་བཅིང་ངོ་ཞེས། རང་ལས་ཐ་དད་པའི་ཕྱི་རོལ་གྱི་ལྷ་ལ་ཞེན་པ་སྤང་བ་དེ་གསལ་བར་བྱེད་པ་ནི། རིགས་བརྒྱ་མདོར་བསྡུས་ན་རྣམ་སྣང་ལ་སོགས་པ་སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས་ཤིང་། དེ་དག་ཀྱང་རང་གི་གཟུགས་ལ་སོགས་པ་ཕུང་པོ་ལྔའི་བདག་ཉིད་ཡིན་གྱི། དེ་ལས་གཞན་པ་མེད་དོ། །དེ་བཞིན་དུ་རང་གི་ཕུང་པོ་ལས་མ་གཏོགས་པའི་བྱང་ཆུབ་སེམས་དཔའ་ཡང་ཡོད་པ་མ་ཡིན་ཏེ་ཡུལ་འཛིན་པ་ལ་གཙོ་བོར་གྱུར་པས་ན་རྡོ་རྗེ་སྟེ་མིག་ལ་སོགས་པའི་སྐྱེ་མཆེད་དག་པའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཡིན་གྱི། དེ་ལས་གཞན་ན་བྱང་ཆུབ་སེམས་དཔའི་དཀྱིལ་འཁརོ་མེད་དོ། །སྤྱན་ལ་སོགས་པའི་རིག་མ་རྣམས་ཀྱང་རང་གི་ཕུང་པོ་ལ་རྫོགས་པའི་ཐབས་བསྟན་པ་ནི། དེ་ནས་ཕྱག་ན་རྡོ་རྗེས་སྣོད་དང་བཅུད་ཀྱིས་བསྡུས་པའི་ཁམས་གསུམ་པོ་གང་གིས་ཀུན་ཏུ་བསགས་ཤིང་བསྐྱེད་པ་དེ་ནི། ཁམས་གསུམ་བསགས་པ་སྟེ་ས་ལ་སོགས་པའོ། །དེ་ཉིད་འོད་གསལ་ལ་འཇུག་ཅིང་གནས་པས་ན་རྡོ་རྗེ་སྟེ། དེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །སྤྱན་ལ་སོགས་པ་ལྷ་མོར་ཡོངས་སུ་བརྟགས་པ་རྣམས་ནི། ཟིན་པ་དང་མ་ཟིན་པའི་ས་དང་ཆུ་དང་མེ་དང་རླུང་དག་ལས་གུད་ན་མེད་ཀྱི་ས་ལ་སོགས་པ་དེ་དག་ཉིད་ལ་སྤྱན་ལ་སོགས་པའི་ལྷ་མོར་རབ་ཏུ་བསྒྲགས་སོ། །ནམ་མཁའི་རྡོ་རྗེ་ནི་འོད་གསལ་བའོ། །དེ་ཉིད་ནི་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་ལ་མཉམ་པར་ཁྱབ་ཅིང་རྗེས་སུ་འགྲོ་བས་ན་དམ་ཚིག་སྟེ། དེ་ཉིད་ནི་དྲུག་པ་རྡོ་རྗེ་འཛིན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕུང་པོ་ལྔ་ཡི་ངོ་བོ་ཉིད་རྣམ་སྣང་ལ་སོགས་པའོ། །དེའི་གནས་ནི་ས་ལ་སོགས་པའི་ངོ་བོ་ཉིད་ལྷ་མོ་རྣམས་ཏེ། དེ་དག་གི་དབང་ཕྱུག་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་བསྩལ་ཏོ། །བླ་མ་ལ་ཇི་ལྟར་བལྟ་ཞིང་བསྙེན་བཀུར་དང་བྱ་བའི་ཚུལ་ལ་བདུན་གྱི། འཁོར་རྣམས་དྲི་བའི་སྐབས་དབྱེ་བའི་ཕྱིར་འོད་གསལ་ལ་ཞུགས་པ་ནི། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ། རྣམ་སྣང་ལ་སོགས་པ་དང་། སའི་སྙིང་པོ་ལ་སོགས་པ་དང་། སྤྱན་མ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཕུང་པོ་ལྔ་ལ་སོགས་པ་དང་། གཉིས་སུ་མེད་པ་ལ་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་བསྡུས་ལ། ཕུང་པོ་ལྔ་ལ་སོགས་པའི་ངོ་བོ་ཉིད། རྣམ་སྣང་ལ་སོགས་པ་གནས་ཇི་ལྟ་བ་བཞིན་དུ་གནས་པ་ལ་གཟིགས་ནས་ཅང་མི་གསུང་བར་གྱུར་ཏོ། །འཁོར་རྣམས་ཕན་ཚུན་དྲི་བའི་ཚུལ་གྱིས་ཇི་ལྟར་བལྟ་བར་བྱ་བ་ལ་བྱམས་པས་ཞུས་པ་ནི། དེ་ནས་ཞེས་སོགས་ཏེ་བཅོམ་ལྡན་འདས་ཞེས་བོས་ནས། རྫོགས་པ་དང་མ་རྫོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སོགས་པའི་གསང་བ་ནི་དེ་ཁོ་ཉིད་དེ། དེ་སྟོན་པའི་གཞུང་གི་ཚོགས་ནི་གསང་བ་འདུས་པའོ། །དེར་དབང་བསྐུར་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེས་སུ་གནང་ཞིང་བདག་པོར་མཛད་པའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྤྱོད་པ་སྟོན་པས་ན་སློབ་དཔོན་ཏེ། དེ་ལ་ཁྱེད་དེ་བཞིན་གཤེགས་པ་རྣམས་དང་། བདག་ཅག་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་པ་གང་གིས་ཇི་ལྟར་བལྟ་བར་བགྱི། ཞེས་ཞུས་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་ལན་གསུངས་པ་ནི། བྱང་ཆུབ་ཀྱི་སེམས་རྡོ་རྗེ། རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་ལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་དང་སྟེ། རྡོ་རྗེ་འཆང་ཆེན་པོ་དང་། སློབ་དཔོན་དང་། མི་བསྐྱོད་པ་དག་གཉིས་སུ་དབྱེར་མེད་དེ། རྒྱུ་དང་འབྲས་བུ་ཐ་མི་དད་ཅིང་། རྒྱུ་དང་འབྲས་བུའི་ངོ་བོ་ཉིད་ཀྱིས་དབྱེར་མེད་པའི་ཕྱིར་རོ། །དེ་མཆོད་ཅིང་བཀུར་བ་སོགས་ལ། ཐེ་ཚོམ་དང་བྲལ་བར་བསྟན་པ་ནི། རིགས་ཀྱི་བུ་ཞེས་བྱམས་པ་ལ་བོས་ནས། བླ་མ་ལ་བསྙེན་བཀུར་བྱ་བའི་ཚུལ་ཤིན་ཏུ་མདོར་བསྡུས་ཏེ་བསྟན་ན། ཤར་ལ་སོགས་པའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དག་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པ་ཇི་སྙེད་ཅིག་ཆོས་ཀྱི་སྐུས་མི་གཡོ་བས་ན་འཁོད་ཅིང་། ལོངས་སྤྱོད་རྫོགས་པའི་སྐུས་འོག་མིན་དུ་རྒྱུན་མི་འཆད་པར་སྟོན་པར་མཛད་པས་ན་འཚོ་ལ། སྤྲུལ་པའི་སྐུས་སེམས་ཅན་རྣམས་ལ་མཐོ་རིས་དང་ཐར་པ་ཐོབ་པར་མཛད་པས་ན་སྐྱོང་བ་དེ་དག་དུས་གསུམ་དུ་ལྷགས་ནས། གསང་བ་འདུས་པ་སྟོན་པའི་སློབ་དཔོན་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་མཆོད་པས་ཡང་དག་པར་མཆོད་ནས་རང་གི་སངས་རྒྱས་ཀྱི་ཞིང་དེར་འགྲོ་ཞིང་། འདི་སྐད་དུ། བདག་ཅག་གི་ཕའོ། །བདག་ཅག་གི་མའོ། །བདག་ཅག་གི་སྟོན་པའོ་ཞེས་སོགས་ཚིག་གི་ཚོགས་འབྱིན་པར་བྱེད་དོ། །སློབ་དཔོན་ལ་བསྙེན་བཀུར་བྱས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་ཅིག་འབྱུང་བ་སྟོན་པ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་དེ་བཞིན་གཤེགས་པ་ཇི་སྙེད་པ་དག་ལ་མཆོད་པ་བྱས་པ་ལས་བྱུང་བའི་བསོད་ནམས་ཀྱིས་ཕུང་པོ་བས་ཀྱང་། སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་ལ་མཆོད་པ་བྱས་པའི་བསོད་ནམས་ཁྱད་པར་དུ་འཕགས་སོ། །དེའི་རྒྱུ་མཚན་བྱང་ཆུབ་ཀྱི་སེམས་བསྐྱེད་པས་ན། བྱང་ཆུབ་ཀྱི་སེམས་ནི་སློབ་དཔོན་ཏེ། དེ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འབྱུང་གནས་ཡིན་པའི་ཕྱིར་ཞེས་པའི་དོན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པ་སློབ་དཔོན་ལ་ཇི་ལྟར་བལྟ་བར་བགྱི་ཞེས་པ་ཐེ་ཚོམ་གྱི་ཚིག་ཏུ་མཆོད་པའི་གནས་ལ་སོམ་ཉི་སྐྱེས་པ་ཉེས་པ་ཆེན་པོ་ཡོད་པས་འཇིགས་ཤིང་སྐྲག་ནས་ཅང་མི་སྨྲ་བར་གྱུར་ཏོ། །དེ་ལྟར་བྱམས་པ་ཅང་མི་སྨྲ་བར་གྱུར་པས་ལན་མ་ཐོབ་པ་དང་། ཡང་དོན་དེ་བསྐུལ་བར་བྱ་བའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་གསུངས་སོ། །རྡོ་རྗེ་འཛིན་པ་ནི་དཀྱིལ་འཁོར་གྱི་བདག་པོའོ། །དངོས་གྲུབ་ཀྱི་དམ་ཚིག་ནི་སྤྲུལ་པའི་སྐུ་སྟེ། དེ་ལ་དམིགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འཁོར་གྱི་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་བསྩལ་པ། བྱང་ཆུབ་སེམས་དཔའ་ཁྱེད་རྣམས་ཞེས་སོགས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུང་ཐོས་ནས། འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞུས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཞེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་སྤྲུལ་པའི་སྐུ་གང་ན་བཞུགས་ཞེས་པའོ། །རྡོ་རྗེ་སློབ་དཔོན་ཏེ་མི་བསྐྱོད་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་གནས་སོ་ཞེས་པ་ལན་ནོ། །སྐུ་གསུང་ཐུགས་རྡོ་རྗེ་གང་ལ་གནས་ཞེས་ཞུས་པའོ། །དེ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གནས་སོ་ཞེས་པ་ལན་ནོ། །ལོངས་སྐུ་གང་ལ་གནས་ཤེ་ན། ཆོས་ཀྱི་སྐུ་ལ་གནས་སོ། །ཆོས་ཀྱི་སྐུ་གང་ལ་གནས་ཞེ་ན། དེ་ནི་གང་ལ་ཡང་མི་གནས་ཏེ། དེའི་རང་བཞིན་ཇི་ལྟ་བུ་ཡིན་པ་ནི། བླ་མའི་མན་ངག་ལས་ཤེས་པར་བྱའོ་ཞེས་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐེ་ཚོམ་དང་བྲལ་བ་གྱུར་ཏེ། སྟོན་པ་པོ་ལ་ངོ་མཚར་དུ་གྱུར། དེའི་རྒྱུ་ལ་རྨད་དུ་གྱུར་ནས་ཅང་མི་སྨྲ་བར་འཁོད་དོ། །དེའི་དོན་བསྡུ་བ་ནི། དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པ་ཞེས་བྱ་བ་ནས་བརྩམས་ཏེ། གང་ནའང་མི་གནས་སོ་ཞེས་བྱ་བའི་བར་གྱི་གཞུང་གི་ཚོགས་ཀྱིས། ཇི་ལྟར་རྫོགས་པར་འགྱུར་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དཀྱིལ་འཁོར་གྱི་བདག་པོ་མི་བསྐྱོད་པ་གསང་བ་འདུས་པའི་སྟོན་པ་པོར་གྱུར་པས་མཆོད་པར་བྱ་བ་དང་། བླ་མར་བྱ་བ་ཡིན་པས་བདག་ཅག་རྣམས་ཀྱི་ཕའོ། །ཞེས་བྱ་བ་ལ་སོགས་པའི་ཚིག་སྙན་པས་མངོན་པར་བསྟོད་དེ། ཕྱི་དང་ནང་གི་མཆོད་པ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་པ་དེ་བཞིན་དུ། རིམ་པ་གཉིས་ལ་ཡང་དག་པར་བརྟེན་ཏེ། རྒྱན་རྣམ་པ་བདུན་དང་། བཤད་པའི་ཚུལ་རྣམས་ཀྱིས་གང་གསང་བ་འདུས་པ་རྣམ་པར་དབྱེ་བ་དེ་ཡང་མ་འོངས་པའི་ལག་ན་རྡོ་རྗེ། རྡོ་རྗེ་འཆང་ཆེན་པོ་མངོན་སུམ་པ་བཞིན་གུས་པ་བསྐྱེད་ནས་མཆོད་པ་བྱའོ། །ཞེས་པ་འདིའི་དོན་སྟོན་པ་ཡིན་ནོ། །དེ་ཉིད་ལུང་གིས་བསྒྲུབ་པ་ནི། དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར། དཔལ་སྒྱུ་འཕྲུལ་དྲྭ་བ་ཞེས་བྱ་བའི་རྒྱུད་ཆེན་པོ་ལས། སློབ་དཔོན་ཅི་འདྲ་བར་བལྟ་བར་བྱ་ཞེ་ན། བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང་། །དེ་བཞིན་གཤེགས་པ་རིན་ཆེན་ཏོག །དེ་ནི་ཡེ་ཤེས་རྒྱ་མཚོ་ཆེ། །ཡིད་བཞིན་ནོར་བུ་རིན་ཆེན་སྦྱིན། །སློབ་དཔོན་གྱི་ནི་ཡོན་ཏན་གཟུང་། །སྐྱོན་རྣམས་ནམ་ཡང་མ་ཡིན་ནོ། །ཡོན་ཏན་གྱིས་ནི་དངོས་གྲུབ་ཅིང་། །སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ཉམས། །དེ་ཕྱིར་ཀུན་ནས་རབ་བསྒྲིམས་ཏེ། །བསམ་ཡས་འབྲས་བུ་སྦྱིན་བྱེད་ལ། །སངས་རྒྱས་འབྲས་བུ་འདོད་པ་ཡི། །སེམས་ཅན་དད་པས་དེ་མཆོད་ཅིག །ཅེས་གསུངས་པ་དང་། དེ་བཞིན་དུ་རིན་ཆེན་རྒྱལ་པོ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ཆེན་པོ་ལས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཨུ་རྒྱན་གྱི་རི་ལ་བཞུགས་ནས་རྡོ་རྗེ་ཐེག་པ་ལ་སློབ་པར་བྱེད་པ་ཐམས་ཅད་ལ་བཀའ་བསྩལ་པ། རྡོ་རྗེ་ཐེག་པ་མ་ལུས་པ་ལ་སློབ་པར་བྱེད་པ་རྣམས་ཉོན་ཅིག དེ་བཞིན་གཤེགས་པ་སྟོན་པ་ཡོངས་སུ་མྱ་ངན་ལས་འདས་ཏེ་མི་མཐོང་ན་ཡང་། རྡོ་རྗེ་སློབ་དཔོན། རྡོ་རྗེ་བླ་མ་དེ་འདིར་སྟོན་པར་འགྱུར་ཞེས་གསུངས་པ་དང་། དེ་བཞིན་དུ་སྟོང་ཕྲག་བརྒྱ་པ་ལས་ཀྱང་། སངས་རྒྱས་ཀྱི་བྱང་ཆུབ་ནི་དགེ་བའི་བཤེས་གཉེན་ལ་ཉེ་བར་བསྟེན་པས་སོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་དག་པའི་མཐའི་ལམ་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བར་མཛད་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞུ་བའི་དུས་སུ། འོད་གསལ་ལ་ཞུགས་པ་དེ་ནས། ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ནི་མི་བསྐྱོད་པའོ། །གསང་བའི་རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་ཏིང་ངེ་འཛིན་གང་དུ་གནས་ཤིང་ཐིམ་པར་གྱུར་པ་དེ་ནི་གསང་བའི་རྡོ་རྗེའི་ཏིང་ངེ་འཛིན་ཏེ། ཡང་དག་པའི་མཐའ་ལ་བཞེངས་ནས། སྔ་མ་བཞིན་དུ་ཞེ་སྡང་རྡོ་རྗེར་གྱུར་ནས། རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་དང་། འཇམ་དཔལ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཁྱེད་ཐམས་ཅད། དེ་བཞིན་གཤེགས་པ་སྟེ་རྫོགས་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པ་ཆེན་པོ་ཐམས་ཅད་ཀྱི་སེམས་ཀུན་ཏུ་འབྱུང་ཞིང་བསྐྱེད་པའི་གནས། རྣམ་པར་མི་འཇིགས་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཉོན་ཅིག་ཅེས་བོས་པར་གྱུར་པ་དང་། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་བཅོམ་ལྡན་འདས་ཀྱི་གསུང་གིས་ཡང་དག་པར་དགའ་བར་གྱུར་ནས། བཅོམ་ལྡན་འདས་ཀྱི་གསུང་ཇི་ལྟ་བ་བཞིན་དུ་གསོལ་བ་འདེབས་པར་གྱུར་པ་ནི་དེ་ནས་ཞེས་སོགས་སོ། །ཟུང་འཇུག་པའི་རྣལ་འབྱོར་པས། སྒྱུ་ལུས་བསམ་གཏན་གཉིས་གང་རུང་གིས་བཤིག་སྟེ། ནམ་མཁའི་དབྱིངས་ཀྱི་དབུས་ཏེ། འོད་གསལ་དུ་ཆུད་པར་བསམ་ཞིང་བསྒོམ་མོ། །དེའི་འོག་ཏུ་ལུགས་ལྡོག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས་ཟུང་འཇུག་གི་སྐུར་བསྐྱེད་པ་ནི། གྲུ་བཞི་ལྷམ་པ་རབ་ཏུ་མཛེས། །ཞེས་ཏེ། ས་ལ་སོགས་པའི་ངོ་བོ་ཉིད་ཀྱི་སྤྱན་ལ་སོགས་པའི་རང་བཞིན་གྱི་ཐ་མལ་པའི་ལུས་ནི་གྲུ་བཞི་ལྷམ་པའོ། །དེ་སྤངས་ཏེ་ཐ་མལ་པ་མ་ཡིན་པའི་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་ནི་རབ་ཏུ་མཛེས་པའོ། །དེ་ཉིད་སྤྲུལ་པའི་སྐུར་བསྒྱུར་བ་ནི། སངས་རྒྱས་དཀྱིལ་འཁོར་ནི་འབྱུང་བ་བཞི་དང་རྣམ་ཤེས་ཏེ་གསང་བ་ལྔའི་དེ་ཁོ་ན་ཉིད་ཅན་གྱི་ཐ་མལ་པའི་ལུས་ཏེ། དེ་སྤངས་པའི་ཡེ་ཤེས་ཀྱི་སྐུར་རབ་ཏུ་སྦྱོར་བའི་ཏིང་ངེ་འཛིན་གྱིས་རྣལ་འབྱོར་པ་རྣམས་ཀྱིས་བསྒོམ་ཞིང་བསམ་པར་བྱ་བས་ན། བསམ་གཏན་ཏེ་མི་བསྐྱོད་པའོ། །དེ་ཉིད་དྲུག་པ་དང་དབྱེར་མེད་པར་སྦྱོར་བས་ན་རྡོ་རྗེ་སྟེ། དེ་རབ་ཏུ་བསྐུལ་བ་ནི་སྤྲོས་པ་དང་། བསྡུ་བས་བདག་ཉིད་དང་ཆུ་དང་འོ་མ་བཞིན་དུ་གཅིག་ཏུ་བྱ་བའོ། །འདིས་ཟུང་འཇུག་མི་བསྐྱོད་པའི་སྤྲུལ་སྐུར་བསྒྱུར་བ་བསྟན་ཏོ། །སྤྲུལ་སྐུ་དེ་ཉིད་ལ་ལུས་ཀྱི་དཀྱིལ་འཁོར་འགོད་པ་ནི། རྡོ་རྗེའི་དཀྱིལ་འཁོར་ཏེ་མི་བསྐྱོད་པའི་སྤྲུལ་སྐུ་དེ་ལ་རྡོ་རྗེའི་དཀྱིལ་འཁོར་བསྒོམ་པའི་བསམ་གཏན་གྱིས་འཁོར་ལོ་ཅན་ཀུན་ཏེ་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་སྤྱི་བོ་དང་། ལྐོག་མ་ལ་སོགས་པ་གནས་ཇི་ལྟ་བ་བཞིན་དུ་བཞུགས་པར་བྱ་བ་སྟེ་དགོད་པར་བྱའོ། །སྙོམས་པར་འཇུག་པས་དབང་བསྐུར་བ་ཕན་ཡོན་དང་བཅས་པ་ནི། དེ་ལྟར་ཐུན་མོང་གི་སྐུའི་དཀྱིལ་འཁོར་བསྒོམས་ནས། ཅི་ཞིག་བྱ་ཞེ་ན། ཐུགས་ཀྱི་དཀྱིལ་འཁོར་བསྒོམ་པའི་ཆོ་ག་བཤད་མ་ཐག་པ་འདི་ཉིད་ཀྱིས། བློ་དང་ལྡན་པ་སྟེ་རང་གི་ཕྱག་རྒྱ་དང་ལྷན་ཅིག་ཏུ་སྙོམས་པར་འཇུག་པའི་མཚན་ཉིད་ཅན་གྱི་མཆོད་པ་བརྟག་པར་བྱ་ཞིང་ཉམས་སུ་བླང་བར་བྱའོ། །དེས་ཅི་ཞིག་བྱ་ཞེ་ན། སློབ་མ་ལ་དབང་བསྐུར་རོ་ཞེས་བསྟན་པ་ནི། རང་གི་སྤྱོད་པ་སྤྱད་པས་རང་གི་གནས་ཐོབ་པར་བྱེད་ཅིང་རེག་པར་མཛད་པས་ན། སློབ་དཔོན་ཏེ་རྡོ་རྗེ་འཆང་ཆེན་པོའོ། །དེ་སྙིང་ཁའི་པད་མ་ལ་ཇི་ལྟ་བ་བཞིན་དུ་བསྒོམས་ནས། ཡིད་ཀྱི་དབང་བསྐུར་བ་བརྩམ་པར་བྱའོ། །ཚུལ་ཇི་ལྟར་ཞེ་ན། སངས་རྒྱས་ཀུན་གྱིས་ཏེ། ཐུགས་ཀྱི་དཀྱིལ་འཁོར་དང་འདྲ་བར་ཡང་དག་པར་བཞུགས་པ་རྣམས་ཀྱིས་ནམ་མཁའི་དབྱིངས་ཡོངས་སུ་གང་བར་བསྒོམས་ནས། དེ་དག་དང་མགྲིན་གཅིག་ཏུ་སློབ་མ་ལ་དབང་བསྐུར་བར་བསམ་མོ། །དངོས་པོ་གང་གིས་དབང་བསྐུར་བར་བྱ་ཞེ་ན། ལུས་ཀྱི་དཀྱིལ་འཁོར་གྱི་རྣམ་སྣང་ལ་སོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དབང་བསྐུར་བའི་གནས་གསུམ་གྱིས་ཏེ། འབྲུ་གསུམ་གྱི་བདག་ཉིད་སྲོག་དང་རྩོལ་བའི་རང་བཞིན་ཉིད་རྣམས་འདོད་ཆགས་ཆེན་པོའི་མེས་བཞུ་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཆོ་ག་བཞིན་དུ་སློབ་མའི་མགོ་ལ་དབབ་པར་བྱ་ཞིང་དབང་བསྐུར་བར་བྱའོ། །འདིས་དབང་པོ་དམན་པའི་གསང་དབང་བསྟན་ནང་དབང་བསྐུར་བ་དངོས་བསྟན་ཡིན་གསུང་།ཞེས་བླ་མ་དག་བཞེད་དོ། །སྔར་ལེའུ་བརྒྱད་པར། བསྐྱེད་རྫོགས་གཉིས་ཀའི་གསང་བའི་དབང་བསྐུར་བའི་ཆོ་ག་ཐུན་མོང་བ་བསྟན་ལ། འདིར་རྫོགས་རིམ་པའི་གསང་བའི་དབང་བསྐུར་བའི་ཆོ་ག་ཐུན་མོང་མ་ཡིན་པ་བསྟན་སྙམ་དུ་སེམས་སོ། །

དབང་བསྐུར་བའི་ཕན་ཡོན་ནི། དབང་བསྐུར་བའི་ཆོ་ག་འདིས་སློབ་མ་ལ་དབང་བསྐུར་ན། སེམས་ཅན་ཀུན་ལ་ཕན་པར་འདོད་ཅིང་རྗེས་སུ་འཛིན་པར་ནུས་པའི་བྱང་ཆུབ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་ནི། གཞན་དོན་ཕུན་སུམ་ཚོགས་པའོ། །མཐོང་བའི་ཆོས་ལ་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་གྱི་རང་བཞིན་གྱི་དངོས་གྲུབ་ངོ་མཚར་ཆེ་ཞིང་རྨད་དུ་བྱུང་བ་ཐོབ་པ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་བ་ནི་བདག་གི་དོན་ཕུན་སུམ་ཚོགས་པའོ། །རྣམ་སྣང་ལ་སོགས་པ་དང་། སའི་སྙིང་པོ་ལ་སོགས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དོ། །དེ་རྣམས་ཇི་ལྟ་བ་བཞིན་དུ་མཉམ་ཞིང་གཅིག་ཏུ་གྱུར་པར་གང་དུ་བསམ་གཏན་གྱིས་རྟོགས་པའི་སྐྱེ་བོ་དབང་བསྐུར་བའི་དོན་དུ་གང་བསྐྱེད་པར་བྱ་བ་དེ་ནི་མི་ཕྱེད་པའི་བསམ་གཏན་གྱི་དཀྱིལ་འཁོར་རོ། །ཞེས་བྱའོ། །གདུག་པ་ཚར་གཅད་པའི་སྦྱོར་བ་ལ་གཉིས་ཀྱི། ཁྲག་དྲང་བའི་སྦྱོར་བ་ནི། དེ་ནས་ཞེས་སོགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི། གདུག་པའི་སེམས་དང་ལྡན་པ་རྣམས་སོ། །དེ་རྣམས་ཀྱི་རྡོ་རྗེའི་སྦྱོར་བ་ནི་ཚར་གཅད་པའི་ཐབས་ཏེ། དེ་ནི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་སྟེ། སྐུ་ལ་སོགས་པ་གསུམ་བསྐྱེད་པའི་ཡི་གེ་གསུམ་སྟེ། དེ་རང་གི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །གང་ཞེ་ན། ཧཱུྃ་ཧྲི་ཁཾ་ཞེས་པའོ། །དེ་ཡང་བསྙེན་པ་ལས་སུ་རུང་བས་གཞན་གྱི་ཁྲག་དྲང་བར་འདོད་ན། སྒྲུབ་པ་པོ་རང་གི་ལུས་ཀྱི་དཀྱིལ་འཁོར་ཤ་རུས་དང་ཁྲག་དང་རྩ་རྒྱུས་ལ་སོགས་པའི་རང་བཞིན་དུ་བལྟས་ལ། དེ་དག་ནམ་མཁའི་དབྱིངས་ཀྱི་དབུས་སུ་སྟེ་འོད་གསལ་བར་བཅུག་པར་བསམ་མོ། །དེ་ནས་སྐུ་གསུང་ཐུགས་ཀྱི་སྙིང་པོ་སྟེ་ས་བོན་ཧཱུྃ་ཧྲི་ཁཾ་ཞེས་པ་ཡོངས་སུ་གྱུར་ཅེས་པས་ཕྱག་མཚན་མདུང་དང་། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་སྟེ་སྟོབས་ཆེ་ཞིང་ཕ་རོལ་གནོན་པའི་རྡོ་རྗེ་མཁའ་འགྲོ་བསྐྱེད་ཅིང་བསྒོམ་པར་བྱའོ། །ཇི་ལྟར་ཞེ་ན། གདུག་པ་རྣམས་ཀྱི་ཤ་ཁྲག་ཟ་བར་བརྩོན་པས་དྲག་པོ་མི་སྡུག་པ་ཁྲོས་པ་ཨུཏྤལ་སྔོན་པོའི་ཁ་དོག་འདྲ་བ། ཕྱག་བཞི་པ་འོག་ནས་འབྱུང་བའི་མཚོན་ཆའི་ཆོ་ག་ཡིས་ཏེ། ཕྱག་གཡས་ཀྱི་དང་པོ་ན་མདུང་རྩེ་གསུམ་པ། གཉིས་པ་ན་རྡོ་རྗེ། གཡོན་གྱི་དང་པོ་ན་ཐོད་པ། གཉིས་པ་ན་རྡོ་རྗེ་རྩེ་གཅིག་པ་བསྣམས་པ་བསྒོམ་མོ། །དེ་ལྟར་བསྒོམས་པས་ཅི་ཞིག་བྱ་ཞེ་ན། ལས་རྒྱལ་མཆོག་ནི། རང་གི་ལྕེ་རྡོ་རྗེ་རྩེ་ལྔ་པ་ལས་བྱུང་བ་རྩེ་ལྔ་པ་ཡི་གེ་ཡ་ར་ལ་ཝ་ཧ་ནག་པོ་ལ་སོགས་པའི་འོད་ཟེར་ལྔ་དང་ལྡན་པ་བརྟུལ་ཞུགས་ཅན་གྱིས་བསྒོམ་པར་བྱའོ། །དེའི་འོག་ཏུ་བཤད་མ་ཐག་པའི་རིམ་པས། བསྒོམ་པའི་ལྕེའི་རྡོ་རྗེ་དེ་ནི་བསམ་གཏན་རྡོ་རྗེ་སྟེ། དེ་སྦྱོར་བ་ནི་ཡ་ར་ལ་ཝ་ཧ་ཆེ་གེ་མོ་རུ་ཏི་ར་ཨ་ཀར་ཤ་ཡ་ཧྲི་ཞེས་འདོད་ཅིང་། ཡི་འབྲུ་ལྔ་ལ་འོད་ཟེར་ལྔ་སྤྲོས་ནས། བསྒྲུབ་བྱའི་སྙིང་ལ་བཅུག་པས། སྲིན་བུ་པད་མ་ལྟར་ཡན་ལག་མ་ལུས་པ་ནས་ཁྲག་དྲངས་པས་དེ་ཉིད་རུས་པ་དང་ལྤགས་པའི་ལྷག་མ་ཙམ་ལུས་པར་བསམས་ལ། འོད་ཟེར་བསྡུས་ཏེ་རང་བ་བཅུག་པས་བརླན་པར་བསམ་པ་ནི་ཁྲག་དྲང་བའི་མཆོག་ཡིན་ནོ། །དེ་ལྟར་བྱས་ན་བདག་ཉིད་ཉམས་སྟོབས་དང་ལྡན་ཞིང་བསྒྲུབ་བྱ་འཆི་བར་འགྱུར་རོ། །

ཕུར་བུ་ལ་སོགས་པ་མཚོན་ཆས་གདབ་པ་ནི། རྡོ་རྗེའི་སྦྱོར་བས་གདབ་ཅེས་པ། བཤད་མ་ཐག་པའི་རྡོ་རྗེ་མཁའ་འགྲོའི་ཏིང་ངེ་འཛིན་ལ་གནས་ནས། ལས་རྒྱལ་མཆོག་བསྒྲུབ་བྱ་མདུན་དུ་བསམས་ཏེ། ཕྱག་མཚན་མདུང་རྩེ་གསུམ་པ་དང་། རྡོ་རྗེ་དང་ཕུར་བུ་དྲག་པོའི་མཆོག་སྟེ་ཤིན་ཏུ་དྲག་པོའི་ཕུར་བུ་རྡོ་རྗེ་རྩེ་གཅིག་པ་དག་གིས་བསྣུན་ཅིང་བཏབ་ན་སངས་རྒྱས་ཉིད་ཀྱི་སྐུ་དག་ཀྱང་འཇིག་ན། ཐ་མལ་པའི་ལུས་ལྟ་ཅི་སྨོས་ཞེས་པའོ། །ཟས་ཀྱི་ཏིང་ངེ་འཛིན་མཆོད་པའི་ཆོ་ག་དང་བཅས་པ་ལ་གསུམ་གྱི། ཟས་ཀྱི་ཏིང་ངེ་འཛིན་ནང་གི་སྦྱིན་སྲེག་ནི། དེ་ནས་ཞེས་སོགས་ཏེ། རྡོ་རྗེ་སྟེ་སྒྲུབ་པ་པོའི་ཟས་ཀྱི་དུས་སུ། ཉམས་སུ་བླང་བར་བྱ་བའི་ཁ་ཟས་ཀྱི་དམ་ཚིག་གི་བྱ་བ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །བརྟུལ་ཞུགས་ཅན་ཏེ་རིགས་གསུམ་གྱི་རྣལ་འབྱོར་པས། བཟའ་བ་དང་བཏུང་བ་ལ་སོགས་པ་ཅི་འབྱོར་བ་རྣམས། བཤང་གཅི་ཤ་ཡི་སྦྱོར་བ་ཡིས་ཏེ། །བཤང་གཅི་ལ་སོགས་པ་བདུད་རྩི་ལྔ་དང་། ཤ་ལྔའི་རང་བཞིན་དུ་བསམས་ལ། །ལྐོག་མ་དང་། སྙིང་ཁ་སྦྱར་བ་སྔོན་དུ་འགྲོ་བས་ནང་གི་སྦྱིན་སྲེག་ཏུ་འབུལ་བར་བྱའོ། །མཆོད་པའི་བྱེ་བྲག་ལ་གསུམ་ལས། ཐུན་མོང་གི་མཆོད་པ་ཡུལ་ལྔ་ལ་ལོངས་སྤྱོད་པ་ནི། འགྲོ་བ་འདི་དག་སངས་རྒྱས་ལྔ་བདག་ཉིད། །ཅེས་གསུངས་པ་ལྟར། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་སྣང་ལ་སོགས་པའི་ངོ་བོ་ཉིད་ཀྱིས་སེམས་ཅན་ཐམས་ཅད་དེ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་མཆོད་པའི་མཆོག་ནི། མཆོད་པའི་ཁྱད་པར་ཏེ་དེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །མཆོད་པའི་ཡོ་བྱད་རྣམས་ནི་ཡུལ་ལྔའོ། །དེ་རྣམས་ཀྱི་མཆོག་ནི་ཡིད་དུ་འོང་བའི་ཡུལ་རྣམས་ཏེ། མཆོད་པ་དེས་བདག་དང་གཞན་ལ་མཆོད་པར་བྱ་བའི་ཆོ་ག་འདི་ནི་སྔགས་རྣམས་ཐམས་ཅད་དེ། སྒྲུབ་པ་པོ་ཐམས་ཅད་ཀྱི་དམ་ཚིག་ཤིན་ཏུ་འདའ་བར་དཀའ་བའོ། ཁྱད་པར་གྱི་ཆོ་ག་བུ་དང་ཚ་བོ་གསོ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ནི་སེམས་ཅན་རྣམས་ཏེ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཆོད་པ་སྦས་ཤིང་གསང་བར་བྱ་བ་ནི་སྐུ་ལ་སོགས་ལས་ཕྱུང་ངོ་། །གང་གི་ཚེ་སྒྲུབ་པ་པོས་ལས་ཀྱི་ཕྱག་རྒྱ་བསྟེན་པས་བུ་ལ་སོགས་པ་བྱུང་ན། མི་འདོར་བར་བསྲུང་བ་དང་གསོ་བ་ལ་སོགས་པ་བྱའོ་ཞེས་སྟོན་པ་ནི། སྒྲུབ་པ་པོ་དང་ཕྱག་རྒྱའི་རྡོ་རྗེ་དང་། པད་མོའི་དབང་པོ་གཉིས་སྦྱོར་བ་ཡིས། བདག་གི་ཁུ་བ་དང་ཕྱག་རྒྱའི་རྡུལ་ཚོན་ཆེན་པོ་མེར་མེར་པོ་ལ་སོགས་པར་གྱུར་པ་ལས། བུ་ལ་སོགས་པ་བྱུང་ན་མི་འདོར་པར་བསྲུང་བ་དང་གསོ་བ་ལ་སོགས་པའི་ཆོ་གས་མཆོད་པ་བྱའོ། །དེ་ལྟར་བྱས་ན་སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར་རོ། །སེམས་ཅན་མ་ལུས་པ་ལ་མཆོད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ནི་སེམས་ཅན་རྣམས་ཏེ། དེ་དག་ལ་ལུས་ལ་སོགས་པ་ཕན་འདོགས་པའི་སྒོ་ནས་རྗེས་སུ་འཛིན་པའི་རྣལ་འབྱོར་པའི་སྡོམ་པ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །སྒོང་ང་ལས་སྐྱེས་པ་ལ་སོགས་པའི་སེམས་ཅན་གྱི་ཁམས་མཐའ་ཡས་པ་རྣམས་ཀྱི་དམ་ཚིག་སྟེ། སྐྱེ་བ་དང་། འཇིག་པ་དང་། གནས་པའི་གནས་སྐབས་གསུམ་འཛིན་པར་བྱེད་པའི་མ་ནི་སྤྱན་གྱི་རང་བཞིན་གྱི་སའོ། །སྐྱེ་འཇིག་གནས་པའི་སྒོ་ནས་ས་ཆེན་པོ་ལ་བརྟེན་པའི་སེམས་ཅན་གྱི་ཁམས་མ་ལུས་པ་ལ་དམ་ཚིག་གསུམ་གྱི་རྡོ་རྗེ་སྟེ་རྣལ་འབྱོར་པ་བདག་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་བྱ་བ་དགེ་བ་ཕན་ཞིང་བདེ་བ་དང་ལྡན་པས་སྤྱད་པར་བྱ་ཞིང་། རྗེས་སུ་གཟུང་བར་བྱའོ། །བཤད་མ་ཐག་པའི་སྡོམ་པ་འདི་ནི། གསང་བ་འདུས་པ་བ་རྣམས་ཀྱི་སེམས་ཅན་གྱི་ཚོགས་ཆེན་པོ་རྗེས་སུ་འཛིན་པའི་ཕྱིར་རྨད་པོ་ཆེ་སྟེ་ཕུལ་དུ་བྱུང་བ་ཡིན་ནོ། །མཆོད་པའི་ཆོ་ག་དེ་དག་རྣམ་པར་དག་པར་བསྟན་པ་ནི། བཤད་མ་ཐག་པའི་མཆོད་པའི་ཆོ་ག་ཐམས་ཅད་བྱང་ཆུབ་ཀྱི་ཚོགས་སུ་འགྱུར་བ་ལ་ཐུན་མོང་དུ་རྗེས་སུ་འགྲོ་བས་ན་དེ་རྣམས་ཡང་དག་པར་རྗེས་སུ་འཛིན་པ་ནི་སྡོམ་པའོ། །དེ་སྙིང་པོ་གྱུར་པས་ན་རྡོ་རྗེ་སྟེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །མཆོད་པའི་ཆོ་ག་རྣམས་ལ་ལུས་ངག་སེམས་ཀྱི་ལོངས་སྤྱོད་སྟེ་བྱ་བ་རྣམས་གསང་བ་གསུམ་གནས་རྡོ་རྗེ་སྟེ་འོད་གསལ་བ་ལས་བྱུང་ཞིང་སྟོང་པ་ཉིད་ཀྱི་ངོ་བོར་ལྷག་པར་མོས་པར་བྱའོ། །དེ་ལྟར་ལྷག་པར་མོས་ནས་ཅི་ཞིག་བྱ་ཞེ་ན། མཆོད་པའི་ཆོ་ག་རྣམས་སྟོང་པ་ཉིད་ཀྱི་མོས་པས་ཟིན་པར་བྱས་ནས། བཟང་པོ་སྟེ་རྡོ་རྗེ་འཛིན་པའམ། སངས་རྒྱས་ཉིད་རྣལ་འབྱོར་པ་བདག་གིས་བསྒྲུབ་པར་བྱའོ། །གལ་ཏེ་དེ་ལྟར་མ་བྱས་ན་ཉེས་པ་ཅིར་འགྱུར་ཞེ་ན། སྒོ་གསུམ་གྱི་བྱ་བ་མི་དམིགས་པའི་ཤེས་རབ་ཀྱིས་མ་ཟིན་ན། བྱང་ཆུབ་ཀྱི་ཆེད་དུ་བསྒྲུབས་པའི་ཚོགས་ཐམས་ཅད་ཡོང་ཡེ་འཇིག་པར་འགྱུར་བ་སྟེ་འབྲས་བུ་མེད་པར་འགྱུར་ཏེ། དམིགས་པ་དང་བཅས་པའི་ཕྱིར་དང་། མཚན་བཅས་ཀྱི་དགེ་བ་བྱང་ཆུབ་ཀྱི་རྒྱུར་མི་འགྱུར་བའི་ཕྱིར་རོ། །ལུས་བརྟས་པའི་སྦྱོར་བ་གཞན་བསྟན་པ་ནི། སངས་རྒྱས་ཉིད་འདིས་བསྒྲུབ་པར་བྱེད་པས་ན། སྒྲུབ་པ་པོ་ཐམས་ཅད་སྟེ་རང་གི་ལུས་སོ། །དེའི་རྡོ་རྗེ་སེམས་དཔའི་སྡོམ་པ་ནི། རྡོ་རྗེ་སེམས་དཔའི་སྡོམ་པ་གང་གིས་རྡོ་རྗེ་སེམས་དཔའ་བསྐྱེད་པར་བྱེད་པ་སྟེ། དེ་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །སྒྲུབ་པ་པོ་རང་གི་མགོ་བོའི་སྤྱི་བོར་སྟེ། སྟེང་གི་མཐོ་གང་ཙམ་གྱིས་འཕགས་པར་བྃ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བརྟག་ཅིང་བསྒོམ་པར་བྱའོ། །དེའི་འོག་ཏུ་ཡི་གེ་ༀ་འཇུག་པའི་བདག་ཉིད་ཅན་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བསམས་ནས། དེ་ལས་དེ་བཞིན་གཤེགས་པ་ལྔའི་རང་བཞིན་བདུད་རྩི་ལྔ་པོ་བབས་པས་སྤྱི་བོ་ནས་རྐང་པའི་མཐར་ཐུག་པར་དབང་བསྐུར་བར་བྱའོ། །བཤད་མ་ཐག་པའི་རྡོ་རྗེའི་སྦྱོར་བ་དེ་བཞིན་གཤེགས་པ་ལ་དམིགས་པ་འདི་ཡིས་སྐད་ཅིག་གིས་ཏེ། རིང་པོ་མི་ཐོགས་པར་ལུས་གཟི་མདངས་དང་ལྡན་ཞིང་། ལུས་ལ་སོགས་པ་བདེ་བར་གནས་པ་ཐོབ་པར་འགྱུར་བ་ལ་དོགས་པ་མེད་དོ་ཞེས་པ་ཕན་ཡོན་ནོ། །རྫོགས་རིམ་པའི་བྱ་བ་དང་། བྱ་བ་མ་ཡིན་པ་བསྟན་པ་ནི། སྔགས་འཛིན་པ་ཐམས་ཅད་ནི་གསང་བ་འདུས་པའི་རྣལ་འབྱོར་པ་ཆེན་པོའོ། །དེའི་ལུས་ངག་སེམས་ཀྱི་གསང་བ་ནི། ལུས་ལ་སོགས་པའི་འཇུག་པ་སྟེ། དེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །རྫོགས་རིམ་རྟོགས་ཤིང་མཆོག་སྒྲུབ་པ་ལ་ཞུགས་པའི་རྣལ་འབྱོར་པས་ས་དང་བྱེ་མ་སོགས་ལས་མཆོད་རྟེན་བསྒྲུབ་ཅིང་མཆོད་པའི་ལས་མི་བྱ་སྟེ། བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་མཆོད་རྟེན་གྱི་མཆོད་པ་ལ་མངོན་པར་ཞེན་པ་མི་རིགས་པའི་ཕྱིར་རོ། །གླེགས་བམ་བཀླག་པའང་མི་བྱ་སྟེ་ལྷུན་གྱིས་གྲུབ་པའི་རྡོ་རྗེ་བཟླས་པ་ལ་རྟག་ཏུ་འཇུག་པས་གཞན་དོན་ལ་སོགས་པ་འཇུག་པ་མི་རིགས་པའི་ཕྱིར་རོ། །ཕྱིའི་དཀྱིལ་འཁོར་འབྲི་བ་དག་སྤོང་མི་བྱ་སྟེ་རང་གི་ལུས་དཀྱིལ་འཁོར་ཉིད་དུ་བཤད་པས་ཕྱིའི་དཀྱིལ་འཁོར་དེ་ཁོ་ན་ཉིད་དུ་མེད་པའི་ཕྱིར་རོ། །རྡོ་རྗེ་གསུམ་མཆོག་སྟེ་ཉན་ཐོས་དང་རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ལུས་ལ་སོགས་པ་འདུད་པ་དང་བཅས་པས་ཕྱག་མི་བྱ་སྟེ། བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་དུ་གྱུར་པ་དང་འགལ་བའི་ཕྱིར་རོ། །དེ་དག་ཐམས་ཅད་འཇིག་རྟེན་གྱི་ཐ་སྙད་ལ་བརྟེན་ནས་མངོན་པར་ཞེན་པ་མེད་པར་བྱེད་པ་ལ་ནི་འགལ་བ་མེད་དོ། །དངོས་གྲུབ་ཀྱི་ཆོ་ག་ལ་གསུམ་ལས། ལས་ཕྲན་ཚེགས་ཀྱི་ལྷག་མ་དུག་བསལ་བ་སོགས་ནི། ཟིན་པ་དང་མ་ཟིན་པའི་དུག་ཐམས་ཅད་འབྱིན་པ་ལ་སོགས་པའི་གསང་བ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །རང་གི་ལྷག་པའི་ལྷའི་དཀྱིལ་འཁོར་རྒྱལ་མཆོག་གི་བར་དུ་བསྐྱེད་ལ། ལས་རྒྱལ་མཆོག ༀ་ལས་བྱུང་བའི་འཁོར་ལོ་དཀར་པོ་བརྩིབས་བརྒྱད་པ་ༀ་གྱིས་མཚན་པས་ལྟེ་བ་ལ་བསྒྲུབ་བྱ་བཞག་པ་ནི། འོད་ཟེར་དཀར་པོའི་ཕྲེང་བ་ནི་འཁོར་ལོའི་དབུས་སུ་ཆུད་པར་བཞག་ཅེས་སོ། །བསྒྲུབ་བྱའི་སྤྱི་བོར་ༀ་ལས་བྱུང་བའི་འཁོར་ལོ་བརྩིབས་བརྒྱད་པ་ༀ་གྱིས་མཚན་པ་བསྐྱེད་དེ། སྤྱི་བོའི་ༀ་དང་འཁོར་ལོའི་འོད་ཟེར་དཀར་པོའི་ཚོགས་ཀྱིས་དེའི་ལུས་ཀྱི་དུག་ཐམས་ཅད་ཁ་དོག་སེར་པོའི་ཚུལ་དུ་ཐུར་དུ་ཕུལ་བས། འོག་གི་འཁོར་ལོའི་ༀ་ལ་ཐིམ་པས། དུ་བ་ལྟ་བུའི་ནག་པོར་བསམ་ལ། དུག་མེད་པ་མཆོད་སྦྱིན་ལྟ་བུའི་སྙིང་ཁར་ཁྃ་བསམ་ལ། བདག་གི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་ༀ་ལ་བསྡུས་པའི་དུག་དེ་དྲངས་ཏེ། ཁྃ་ལ་བཅུག་པས་དེ་དུག་དང ལྡན་པར་འགྱུར་བ་ནི། འོད་ཟེར་སེར་པོ་འཁྲིགས་པ་ནི། །སེར་པོ་ལྟ་བུར་བསྒོམ་པར་བྱ། །ཞེས་པའོ། །རྡོར་གསུམ་འོད་ཟེར་དམ་ཚིག་གིས། །ཞེས་པ་རྡོར་གསུམ་འོད་ཟེར་ནི་དཀར་པོ་དང་སེར་པོ་དང་དུད་ཀའི་འོད་ཟེར་ཏེ། གསུམ་པོ་དེ་དག་གི་དམ་ཚིག་སྟེ་སྦྱོར་བ་ཡིས་གོ་རིམ་བཞིན་དུ་དུག་འབྱིན་པ་དང་། དུག་གནོན་པ་དང་། དུག་འདྲེན་པའི་ཆོ་ག་བཤད་པ་ཡིན་ནོ། །ས་བོན་གྱི་ཡི་གེ་ༀ་འདི་ནི་གསང་གསུམ་ལས་བྱུང་སྟེ་དུག་འབྱིན་པ་ལ་སོགས་པའི་དེ་ཁོ་ན་ཉིད་ལ་གནས་པ་ཡིན་པར་ཤེས་པར་བྱའོ། །ལུས་བསྲུང་བའི་ཆོ་ག་ནི། ལུས་ལ་སོགས་པའི་བསྲུང་བའི་འཁོར་ལོའི་སྔགས་རྡོ་རྗེ་དང་ལྡན་པ་ནི་སྔགས་ཀྱི་སྙིང་པོ་སྟེ་དེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ་། །དེ་གང་ཞེ་ན། ༀ་ཞེས་སོགས་ཏེ་མིང་ནི་མཐའ་མེད་དོ། །དེ་ཡང་རང་གི་ལྷག་པའི་ལྷའི་དཀྱིལ་འཁོར་རྒྱལ་མཆོག་གི་བར་དུ་བསྐྱེད་ལ། ལས་རྒྱལ་མཆོག་སྔགས་འདི་འགྲོ་གའམ་རས་ལ་སོགས་པ་ལ་འཁོར་ལོ་བརྩིབས་བརྒྱད་པ་ལས་ཀྱི་རྡོ་རྗེ་སྟེ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པར་བྲིའོ། །ཇི་ལྟར་ན། ཧཾ་འཁོར་ལོའི་དབུས་སུ་བཞག་ལ། བསྲུང་བྱའི་མིང་སྤེལ་ཚིག་དང་བཅས་པ་དབུས་སུ་བྲིའོ། །དེ་ནས་ༀ་ལ་སོགས་པ་སྔགས་ཀྱི་ཚིག་རྣམས་ཀྱིས་རིམ་བཞིན་དུ་འཁོར་ལོའི་བརྩིབས་ཀྱི་མཚམས་རྣམས་སུ་བརྒྱན་ནས། རྟག་ཏུ་སྟེ་དུས་ཐམས་ཅད་དུ་ཟ་མ་ཏོག་ལ་སོགས་པའི་ནང་དུ་ལེགས་པར་བཞག་ནས། མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །སྔགས་ཀྱི་ཚིག་རྣམས་ཀྱིས་འཁོར་ལོ་ཇི་ལྟར་བརྒྱན་ཅེ་ན། བརྩིབས་དང་པོ་ལ་ནི་ༀ། གཉིས་པ་ལ་ཧུ་ལུ་ཧུ་ལུ། གསུམ་པ་ལ་ཏིཥྛ་ཏིཥྛ། བཞི་པ་ལ་བན་དྷ་བན་དྷ། ལྔ་པ་ལ་ཧ་ན་ཧ་ན། དྲུག་པ་ལ་ད་ཧ་ད་ཧ། བདུན་པ་ལ་ཨ་མྲྀ་ཏེ། བརྩིབས་བརྒྱད་པ་ལ་ཧཱུྃ་ཕཊ། ཞེས་པ་བྲི་བས་ཏེ། འདི་ནི་སྔགས་ཀྱི་ཡི་གེ་འགོད་པའོ། །སྔགས་ཀྱི་ཡི་གེ་འགོད་པ་འདི་ནི། སྔགས་རྣམས་ཐམས་ཅད་སྟེ་སྒྲུབ་པ་པོ་རྣམས་ཀྱི་གསང་བ་གསུམ་སྟེ། སྐུ་གསུང་ཐུགས་གནས་ཏེ་བསྲུང་བ་བསྡུས་པ་ཡིན་ནོ། །ཇི་སྐད་བཤད་པའི་ཚུལ་གྱིས་འཁོར་ལོ་བྲིས་ཏེ། ཟ་མ་ཏོག་ལ་སོགས་པར་བཅུག་སྟེ། ཞག་བདུན་ལ་སོགས་པར་མཆོད་པ་བྱས་ནས། རབ་གནས་བྱས་ཏེ། ལ་ཆ་ལ་སོགས་པས་དྲིལ་ཏེ། ལུས་ལ་བཏགས་ན་དུག་ལ་སོགས་པས་མི་ཚུགས་པའི་བསྲུང་བ་ཆེན་པོར་འགྱུར་རོ། །ལས་ཀྱི་མཐའ་རྡོ་རྗེ་ཨན་ཛ་ནའི་སྦྱོར་བ་ནི། བསྒྲུབ་པའི་གནས་ནི་ལམ་གྱི་ཞེས་སོགས་ཏེ། དེའང་ལམ་གྱི་བཞི་མདོ་ལ་སོགས་པར། འབྱུང་པོའི་ཉིན་ཞག་གི་ནམ་ཕྱེད་ན་ཐོད་པའི་སྟན་ལ་འདུག་སྟེ། ལྷག་པའི་ལྷའི་དཀྱིལ་འཁོར་རྒྱལ་མཆོག་གི་བར་དུ་བསྐྱེད་ལ། ལས་རྒྱལ་མཆོག དེ་རུ་རྡོ་རྗེ་ཨན་ཛ་ན། །ཐོད་པར་རྟག་ཏུ་དབབ་པར་བྱ། །ཞེས་པ། ཐོད་པ་གསུམ་གྱི་སྒྱེད་པུ་བྱས་པའི་སྟེང་དུ་ཚིལ་ཆེན་གྱི་ཞག་གིས་བཀང་བའི་ཐོད་པ་བཞག་པའི་ནང་དུ། ཁྲག་དང་བཤང་བ་ལ་སོགས་པ་བདུད་རྩི་ལྔས་སྦངས་པའི་པདྨའམ། ཨར་ཀའི་སྐུད་པས་མར་མེའི་སྙིང་པོ་བྱས་ལ། མེ་སྦར་ཏེ་དེའི་སྟེང་དུ་ཆང་གིས་བཀང་བའི་ཐོད་པ་བཞག་སྟེ། འཁོར་ལོའི་སྔགས་བརྒྱ་རྩ་བརྒྱད་བཟླས་ཤིང་ཁྲོ་བོ་དང་ཕུར་བུ་དང་མེའི་སྦྱོར་བས་སྲུང་བ་བྱས་ལ། ཚེས་ཉི་ཤུ་དགུའི་ནམ་ཕྱེད་ན། ཆང་གིས་བཀང་བའི་ཐོད་པའི་ཞབས་ལ་དུད་པ་དབབ་པར་བྱ་སྟེ། འདི་ནི་རྡོ་རྗེ་ཨན་ཛ་ནའི་ཆོ་གའོ། །

དེ་ནས་དུ་བ་བླངས་ལ་ཟ་མ་ཏོག་ཏུ་ལེགས་པར་བཞག་སྟེ། དུ་བ་དེ་ཉིད་ལ་འཁོར་ལོའི་སྔགས་བརྒྱ་རྩ་བརྒྱད་ཀྱིས་བཏབ་ནས་མིག་ལ་བསྐུས་ན། དངོས་གྲུབ་རབ་འབྲིང་ཐ་མ་གསུམ་འགྲུབ་པར་འགྱུར་ཏེ། མི་སྣང་བ་ནི་མཆོག་གོ །ས་འོག་གི་གཏེར་མཐོང་བ་ནི་འབྲིང་ངོ་། །དབང་དུ་བྱེད་པ་ནི་ཐ་མའོ། །འདི་ནི་གྲུབ་ཆེན་བརྒྱད་དུ་གཏོགས་པའི་མིག་སྨན་གྱི་སྒྲུབ་པ་ཡིན་ནོ་ཞེས་འཆད་དོ། །གཉིས་པ་རྒྱུད་ཀྱི་ཆེ་བ་བསྟན་པ་ལ་བཞི་ལས། འབྲས་བུ་བཟང་བས་རྒྱུད་ཀྱི་ཆེ་བ་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཞེས་པ་ནས། འདི་ལ་དད་ཅིང་བསྒོམ་པར་འགྱུར་རོ་ཞེས་པའི་བར་གྱིས། རྒྱུད་འདི་ལ་ཐོས་བསམ་སོགས་ཀྱིས་ཞུགས་པ་ལས། འབྲས་བུ་ཉིང་དགོས་ཅི་ཞིག་མཐོང་ནས་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་འདི་ལ་དད་ཅིང་འཇུག་པ་ལགས། ཞེས་ཞུས་པའོ། །དེ་ནས་ཕྱག་ན་རྡོ་རྗེས་ཞེས་པ་ནས། དད་པས་བསྒོམ་པར་འགྱུར་རོ་ཞེས་པའི་བར་གྱིས། འདི་ལ་ཉིང་དགོས་ཀྱི་འབྲས་བུ་བཟང་པོ་གསུམ་མཐོང་ནས་དད་ཅིང་འཇུག་པ་ཡིན་ནོ་ཞེས་པ་ལན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུམ་པོ་གང་ཞིག་ལགས་ཞེས་ཡང་ཞུས་པའོ། །རྡོ་རྗེ་འཛིན་པས་བཀའ་བསྩལ་པ་ཞེས་སོགས་ལན་ཏེ། དབང་ཕྱུག་བརྒྱད་ཀྱི་གཙོ་བོ་སྐུ་གསུང་ཐུགས་ཀྱི་དབང་ཕྱུག་གྲུབ་པར་སྟོན་ཏེ། དབང་ཕྱུག་གཞན་རྣམས་དེར་འདུས་པ་ཡིན་པའི་ཕྱིར་རོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཐེ་ཚོམ་དང་བྲལ་བར་འགྱུར་ནས་ཅང་མི་གསུང་བར་འགྱུར་རོ། །རྒྱུད་རྙེད་པར་དཀའ་བས་ཆེ་བ་བསྟན་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས། ཞེས་པ་ནས། ཐུབ་པ་ཆེན་པོ་འོད་སྲུང་མངོན་པར་སངས་རྒྱས་པའི་བར་གྱིས་ཀྱང་མ་གསུངས་སོ། །ཞེས་པས། འདས་པའི་སངས་རྒྱས་མང་པོས་མ་གསུངས་པས། རིན་པོ་ཆེ་ལྟར་རྒྱུད་རྙེད་པར་དཀའ་བ་བསྟན་པ་ཡིན་ནོ། །ཅིའི་ཕྱིར་མར་མེ་མཛད་ནས། ཐུབ་པ་ཆེན་པོ་འོད་སྲུང་གི་བར་གྱི་སངས་རྒྱས་རྣམས་ཀྱིས་གསང་བ་ཆེན་པོའི་དོན་མ་བཤད་ཅེ་ན། དེའི་ཚེ་དེའི་དུས་ཀྱི་སེམས་ཅན་རྣམས་གསང་བ་ཆེན་པོའི་དོན་བཤད་པའི་སྐལ་བ་མེད་པའི་ཕྱིར་ཏེ། དུས་དེ་སྲིད་ཀྱི་བར་དུ་ནི་སེམས་ཅན་རྣམས་དམན་ལ་ལྷག་པར་མོས་ཤིང་། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་འདོད་ཆགས་དང་བྲལ་བའི་ཆོས་ཀྱིས་འདུལ་བ་ཟབ་མོ་བསྟན་པས་སྐྲག་པའི་ཡིད་དང་ལྡན་པ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནི། སྙིགས་མ་ལྔ་བདོ་བ་ད་ལྟའི་དུས་འདིར་བྱོན་པས། སེམས་ཅན་འདོད་ཆགས་ལ་སྤྱོད་ཅིང་། ཆགས་བྲལ་གྱི་ལམ་གྱིས་མི་འདུ་བ་རྣམས་ཀྱི་མོས་པ་མཁྱེན་ནས། ཐུགས་རྗེའི་དབང་གིས་དེ་བཞིན་གཤེགས་པ་འབའ་ཞིག་གང་གིས་གསང་བ་ཆེན་པོའི་དོན་གསུངས་པ་ཡིན་ནོ། །འདི་ལ་ཁ་ཅིག་ཡེ་ཤེས་ཞབས་ལུགས་པ་ན་རེ། མར་མེ་མཛད་ནས། འོད་སྲུང་གི་བར་གྱིས་མ་གསུངས་ཞེས་པ་གསང་བ་འདུས་པ་ཁོ་ནའི་དབང་དུ་བྱས་པ་ཡིན་གྱི། གསང་སྔགས་སྤྱིའི་དབང་དུ་བྱས་པ་ནི་མ་ཡིན་ཏེ། མཚན་བརྗོད་ལས། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུང་བ་གང་། །ཞེས་བཤད་པའི་ཕྱིར་རོ། །ཞེས་ཟེར་རོ། །གཞན་དག་ན་རེ། འདིར་གསུངས་པ་ནི་སྤྲུལ་སྐུའི་དབང་དུ་བྱས་པ་ཡིན་ལ། མཚན་བརྗོད་ལས་གསུངས་པ་ནི། ལོངས་སྐུ་ཐམས་ཅད་ཀྱི་གསང་སྔགས་གསུང་བའི་དབང་དུ་བྱས་པ་ཡིན་ནོ་ཞེས་འཆད་དོ། །ཡང་དུས་འཁོར་བ་གཞན་དག་ན་རེ། མར་མེ་མཛད་ནས་འོད་སྲུང་གི་བར་དུ་མ་གསུངས་ཞེས་པ། ཡུལ་དབུས་སུ་མ་གསུངས་པ་ཡིན་ཏེ། དེའི་ཚེ་དེའི་དུས་ན་ཡུལ་དབུས་ཀྱི་སེམས་ཅན་རྣམས་རིགས་བཞིའི་མངོན་པའི་ང་རྒྱལ་དང་ལྡན་པས་གསང་བ་ཆེན་པོའི་སྐལ་བ་མེད་པའི་ཕྱིར་རོ། །ཡུལ་གཞན་དུ་མ་གསུངས་པ་ནི་མ་ཡིན་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་སྔགས་གསུང་བར་མཚན་བརྗོད་ལས་བཤད་པའི་ཕྱིར་ཞེས་ཟེར་རོ། །དེ་ལ་ཕྱོགས་དང་པོ་ནི་དེའི་ཚེ་སེམས་ཅན་རྣམས་སྐལ་བ་མེད་པའི་ཕྱིར་རོ་ཞེས་འོད་སྲུང་ཡན་ཆོད་ཀྱི་གདུལ་བྱ་རྣམས་གསང་བ་ཆེན་པོའི་སྣོད་དུ་མི་རུང་བར་གསུངས་པ་དང་འགལ་བའི་ཕྱིར་མི་རིགས་སོ། །ཕྱོགས་གཉིས་པའང་མི་རིགས་ཏེ། རྣལ་འབྱོར་བླ་ན་མེད་པ་སྐྱེས་བུ་ཆགས་ཅན་གྱི་དོན་དུ་མ་དག་པའི་ཞིང་དུ་སྙིགས་མ་ལྔ་བདོ་བའི་དུས་སུ་བྱོན་གྱི་སྤྲུལ་སྐུའི་སངས་རྒྱས་ཤཱཀྱ་ཐུབ་པ་ལྟ་བུ་ཁོ་ནས་གསུངས་པ་ཡིན་གྱི། ལོངས་སྐུས་གསུངས་པ་མ་ཡིན་ཏེ། ལོངས་སྐུའི་འཁོར་ན་གདུལ་བྱ་ཆགས་ཅན་མེད་པའི་ཕྱིར་རོ། །འདིས་ནི་བླ་མ་གོང་མ་དག་རྒྱུད་སྡེ་ཕལ་ཆེ་བ་འོག་མིན་དུ་ལོངས་སྐུས་གསུངས་པར་བཞེད་པ་ཡང་སུན་ཕྱུང་ངོ་། །ཕྱོགས་གསུམ་པ་ཡང་མི་རིགས་ཏེ། མར་མེ་མཛད་ནས་འོད་སྲུང་གི་བར་གྱིས་ཡུལ་དབུས་སུ་མ་གསུངས་ཞེས་པ། རྡོ་རྗེའི་ཚིག་འདིའི་དགོངས་པ་ཡིན་ན། ཤུགས་ཀྱིས་ཤཱཀྱ་ཐུབ་པས་ཡུལ་དབུས་སུ་གསུངས་ཞེས་བསྟན་པར་འགྱུར་ལ། དེ་ནི་ཁྱེད་རང་གི་ལུགས་ལའང་མི་རིགས་ཏེ་ཐུབ་པའི་དུས་ན་ཡང་ཡུལ་དབུས་ན་རིགས་བཞིའི་ང་རྒྱལ་ཡོད་པའི་ཕྱིར་དང་། ཐུབ་པས་ཀྱང་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་སོགས་ཡུལ་གཞན་དུ་རྡོ་རྗེ་ཐེག་པ་གསུངས་པར་ཁྱེད་རང་ཡང་འདོད་པའི་ཕྱིར་རོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་གསང་སྔགས་གསུངས་ཞེས་པ་ཡང་མི་འཐད་དེ། བདེ་བ་ཅན་ལ་སོགས་པ་གང་ན་བུད་མེད་ཀྱི་མིང་ཡང་མེད་པའི་དག་པའི་འཇིག་རྟེན་གྱི་ཁམས་དེ་དག་ན། འཁྲིག་པའི་འདོད་ཆགས་ལ་ཞེན་པའི་རྡོ་རྗེ་ཐེག་པའི་གདུལ་བྱ་མེད་པའི་ཕྱིར་རོ། །དེ་བས་ན་ཕྱོགས་འདི་ནི་བརྟག་མི་བཟོད་དོ། །འོ་ན་འདིར་གསུངས་པ་དང་། མཚན་བརྗོད་དུ་གསུངས་པ་དགོངས་པ་ཅི་ཞེ་ན། འདིར་གསུངས་པ་ནི་འཇིག་རྟེན་གྱི་ཁམས་འདིའི་དབང་དུ་མཛད་ནས། མར་མེ་མཛད་ནས། འོད་སྲུང་གི་བར་གྱིས་རྡོ་རྗེ་ཐེག་པ་མ་གསུངས་ཞེས་བསྟན་པ་ཡིན་ལ། མཚན་བརྗོད་པས་གསུངས་པ་ནི། མ་དག་པའི་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དུ་གདུལ་བྱ་ཆགས་ཅན་གྱི་དོན་དུ་སངས་རྒྱས་རྣམས་ཀྱིས་རྡོ་རྗེ་ཐེག་པ་གསུངས་པ་དང་། གསུང་བར་འགྱུར་བ་ལ་དགོངས་པས་མི་འགལ་ལོ། །འབྲས་བུ་མྱུར་དུ་ཐོབ་པས་ཆེ་བ་བསྟན་པ་ནི། དེ་ལྟར་རྒྱུད་རྙེད་པར་དཀའ་བ་བདེན་མོད། འདིས་སངས་རྒྱས་ཉིད་ཐོབ་པར་འགྱུར་རམ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པ་འདི་ལ་ཐོས་བསམ་སྒོམ་གསུམ་གྱིས་ཞུགས་པའི་རིན་པོ་ཆེ་ལྟ་བུའི་གང་ཟག་ནི། བསྐྱེད་པའི་རིམ་པ་མཐར་ཕྱིན་ནས། དབེན་གསུམ་སྔོན་དུ་འགྲོ་བ་ཅན་གྱི་སྒྱུ་ལུས་འོད་གསལ་དུ་བཅུག་ནས། རྙོག་པའི་དྲི་མ་ཐམས་ཅད་དཀྲུགས་ཏེ། ལུགས་བཟློག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་བདག་ལ་བྱིན་གྱིས་བརླབས་པའི་རིམ་པས་ལངས་ནས། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་བྱང་ཆུབ་རྫོགས་པར་བྱེད་དོ། །དེ་བས་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཆེས་ཁྱད་པར་དུ་འཕགས་སོ་ཞེས་སྟོན་པ་ནི། གངྒཱའི་བྱེ་མ་དུ་མ་སྙེད་ཀྱི་ཞེས་སོགས་སོ། །རྒྱུད་ཟབ་པའི།་ཆེ་བ་བསྟན་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སྟེ། ཙན་དན་ལྟ་བུ་ལ་སོགས་པའི་གང་ཟག་དེ་དག་གི་གསུང་རྡོ་རྗེའི་ཚིག་གསང་བ་འདུས་པ་འདི་ལ་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་སངས་རྒྱས་ཀྱི་བྱང་ཆུབ་ཚེ་འདི་ཉིད་ལ་རྫོགས་པར་བྱེད་དོ་ཞེས་པ་འདི་ཐོས་ཤིང་། རྒྱུད་ཀྱི་གཞུང་མ་ལུས་པ་ཐོས་ཀྱང་། མཐའ་དྲུག་གི་ཚིག་གི་དབྱེ་བས་རྒྱུད་ཀྱི་དོན་ལ་རྨོངས་པ་དང་མ་བྲལ་བས། སེམས་ཇི་ལྟ་བ་བཞིན་དུ་རངས་པ་མ་ཐོབ་ནས། རབ་ཏུ་ངུས་སོ། །དེ་ལྟར་ངུ་བར་གཟིགས་ནས། རིན་པོ་ཆེ་ལྟ་བུའི་གང་ཟག་ཕྱོགས་གཉིས་ཀ་ལ་འཇིགས་པ་མེད་པ་རྣམས་ཀྱིས་དབུགས་འབྱིན་པར་བྱེད་པ་ནི། དེ་ནས་ཞེས་སོགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་སོ། །བྱང་ཆུབ་སེམས་དཔའ་ནི་ཙནྡན་ལྟ་བུ་ལ་སོགས་པའི་གང་ཟག་གོ །དེ་ལྟར་རིན་པོ་ཆེ་ལྟ་བུའི་གང་ཟག་གིས་དབུགས་ཕྱུང་བ་ན། བདག་ཉིད་སྡུག་བསྔལ་བའི་རྒྱུ་ཇི་ལྟ་བ་བཞིན་དུ་གསོལ་བ་ནི། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་ཞེས་སོགས་སོ། །སྐུ་གསུང་ཐུགས་ནི་གསང་བའི་ཡི་གེ་གསུམ་སྟེ་ཡི་གེའི་དོན་ནོ། །ༀ་ལ་སོགས་པ་གསུམ་ནི་སྤྱིའི་དོན་ནོ། །འཇུག་གནས་ལྡང་གསུམ་ནི་སྦས་པའོ། །ཤེས་རབ་དང་ཐབས་དང་ཉེར་ཐོབ་གསུམ་ནི་མཐར་ཐུག་གོ །གསང་བའི་ཡི་གེ་གསུམ་པོ་རྣམ་པར་དག་པར་བསྟན་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་བཀའ་བསྩལ་པ་ཞེས་སོགས་ཏེ། གསང་བའི་ཡི་གེ་ནི་ཁྱེད་རྣམས་ཀྱིས་ཇི་ལྟར་མི་ཤེས་པ་དང་། མ་མཐོང་བ་དེ་བཞིན་དུ། ངེད་དེ་བཞིན་གཤེགས་པ་སྟེ་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་ཀྱིས་ཀྱང་། གསང་བའི་ཡི་གེ་འདི་དག་དོན་དམ་པར་གཟུང་བྱར་མེད་པས་མ་ཐོབ་ཅིང་། འཛིན་པ་པོ་མེད་པས་མངོན་པར་སངས་མ་རྒྱས་སོ། །དེ་ཅིའི་ཕྱིར་ཞེ་ན། གསང་བའི་ཡི་གེ་ནི་འོད་གསལ་གྱིས་སྦྱངས་པས་རྣམ་པར་དག་པའི་ཕྱིར་རོ། །ཞེས་མགོ་སྨོས་པས་གོ་བ་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གསལ་བར་མཛད་པ་ན། དེ་ནས་བྱང་ཆུབ་སེམས་དཔའ་སྟེ་ཙན་དན་ལྟ་བུ་ལ་སོགས་པའི་གང་ཟག་རྣམས་སོམ་ཉི་དང་བྲལ་ནས། དེ་ཁོ་ན་ཉིད་རྟོགས་པས་ཅང་མི་སྨྲ་བར་གྱུར་ཏོ། །གསུམ་པ་ཐོས་བསམ་གྱི་འབྲས་བུའི་གནས་སྐབས་ལ་དྲུག་གིས། སྟོན་པ་འོད་གསལ་ལ་བཞུགས་པ་ནི། དེ་ལྟར་དེ་བཞིན་གཤེགས་པའི་གསུང་གིས་ཐེ་ཚོམ་དང་བྲལ་བར་གྱུར་པ་དེའི་འབྲས་བུ་བསྟན་པར་བྱ་བའི་ཕྱིར་དང་། དེ་བཞིན་གཤེགས་པ་ལྔ་དྲུག་པའི་བདག་ཉིད་དུ་ཇི་ལྟར་འགྱུར་བ་དེ་བཤད་པ་ནི། དེ་ནས་བཅོམ་ལྡན་འདས་ཞེས་སོགས་ཏེ། སྔར་གླེང་གཞིའི་སྐབས་སུ་ཚུལ་བཞིན་བཤད་པའི་མཐར་ཐུག་གི་སྐབས་བཞིན་དུ་འདིར་ཡང་ཤེས་པར་བྱའོ། །དེ་ལ་ལྷ་མོའི་དབྱངས་ཀྱིས་བསྐུལ་བ་ནི། དེ་ལྟར་རྡོ་རྗེ་འཆང་ཆེན་པོ་འོད་གསལ་ལ་ཞུགས་པ་ན། བཙུན་མོ་བཞི་པོ་བདག་པོ་དང་བྲལ་བས་གདུང་བའི་ཡིད་ཀྱིས། བལྟ་བར་འདོད་པའི་སྙིང་རྗེ་དང་བཅས་པས། ཇི་ལྟར་སྨྲ་བ་དེ་བསྟན་པའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ཞེས་གསུངས་སོ། །དེའི་སྐུ་གསུང་ཐུགས་ཀྱི་བཙུན་མོ་ནི་སྤྱན་མ་སྟེ། དེས་དྲུག་ལྡན་ལ་སོགས་པ་སྒེག་ཅིང་སྙན་པའི་སྣ་གླུའི་དབྱིངས་ཀྱིས་བསྟོད་པ་སྔོན་དུ་འགྲོ་བས་བསྐུལ་བར་བྱེད་པ་ནི། སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པས་ན་སེམས་ཅན་ཁམས་ཀྱིའོ། ཁམས་གསུམ་གྱི་རྒྱལ་སྲིད་མཉེས་པས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནིའོ། །ཐུགས་ཀྱི་དབང་ཕྱུག་བརྙེས་པ་ན་རྡོ་རྗེ་ཐུགས་སོ། །དགའ་བ་ནི་རོལ་པའོ། །དེ་ཉིད་ཡིད་ཚིམ་པར་བྱེད་པས་ན་ཡིད་དུ་འོང་བའོ། །དོན་ཆེན་པོ་ནི་མཆོག་ཏུ་དགའ་བས་ཏེ། དེ་འདོད་ཅིང་བསྐྱེད་པས་ན། དགའ་བ་ཡིད་འོང་དོན་ཆེན་འདོད་པ་འཁྱུད་པ་ལ་སོགས་པས་སྤྱན་མ་བདག་ལ་སྐྱབ་ཅིང་རོལ་པར་མཛད་དུ་གསོལ། མགོན་པོ་ཞེས་སོགས་ནས། གལ་ཏེ་དེ་རིང་སྤྱན་མ་བདག་གསོན་ཞིང་འཚོ་བར་མཆིས་པར་བཞེད་ན། སེམས་ཅན་ཐམས་ཅད་བསྐྱེད་པའི་རྒྱུར་གྱུར་པའི་ཡབ་ཆེན། སེམས་ཅན་རྣམས་ལ་ཕན་བདེ་བྱེད་པས་གཉེན་གྱི་མཆོག་ཆེན་པོས་བདག་ལ་རོལ་ཞིང་དགྱེས་པར་མཛད་དུ་གསོལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ནི་མི་བསྐྱོད་པའོ། །དེའི་བཙུན་མོ་མཱ་མ་ཀིས། རྡོ་རྗེའི་འདོད་པ་དགའ་བའི་མཆོད་པའི་མཆོག་ནི། ཐ་མལ་པ་མ་ཡིན་པའི་དགའ་བའི་ཁྱད་པར་ལ་ཞུགས་པ་སྟེ། དེ་སྟོན་པའི་ཡི་གེའི་ཚིག་གིས་ཡང་དག་པར་བསྟོད་པ་ནི། འཁོར་བ་ཇི་སྲིད་པར་མི་འཇིག་པས་ན་རྡོ་རྗེའི་སྐུ་ཁྱོད་དོ། །སེམས་ཅན་མང་པོ་ལ་རྗེས་སུ་ཕན་པའི་ཆོས་སྟོན་པས་ན་བཀའི་འཁོར་ལོས་སེམས་ཅན་ཀུན་ལ་ཕན་ནོ། །སངས་རྒྱས་ནི་ཕུང་པོ་ལྔའོ། །དོན་ནི་ཀུན་རྫོབ་ཀྱི་བདེན་པའོ། །བྱང་ཆུབ་ནི་དོན་དམ་པའོ། །མཆོག་སྒྲུབ་པ་ནི་ཟུང་འཇུག་གོ། དེས་སེམས་ཅན་རྣམས་ལ་ཕན་པའི་ཕྱིར། དགོངས་པའི་གསུང་སྟོན་པས་ན་རབ་ཏུ་ཕན་པར་གཟིགས་ཞེས་བྱའོ། །མགོན་པོ་ཞེས་སོགས་སྔ་མ་བཞིན་ནོ། །འདོད་ཆགས་ནི་ཐ་མལ་པའི་འདོད་ཆགས་ཏེ། དེ་སྦྱོང་བའི་ཕྱིར་དམ་ཚིག་ཆགས་པས་ཏེ། ཡང་དག་པའི་འདོད་ཆགས་ཀྱིས་མཱ་མ་ཀི་བདག་ལ་དགྱེས་ཤིང་རོལ་པར་མཛད་དུ་གསོལ། འཇིག་རྟེན་དབང་ཕྱུག་ནི་འོད་གསལ་བའོ། །དེའི་སྐུ་གསུང་ཐུགས་རྡོ་རྗེའི་སྤྱན་ནི་གོས་དཀར་མོའོ། །དེས་ཡང་དག་པར་བསྟོད་པ་ནི། གསུང་གི་དབང་ཕྱུག་བརྙེས་པས་ནི་ཁྱོད་ནི་རྡོ་རྗེའི་གསུང་ངོ་། །དེ་ལྟ་བུ་དེས་སེམས་ཅན་ཀུན་ལ་ཕན་ཞིང་ཐུགས་བརྩེ་བའོ། །ཚད་མེད་བཞིས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ་ན། འཇིག་རྟེན་དག་གི་དགོས་པའི་དོན་མཛད་པ་ལ་རབ་ཏུ་བརྩོན་པའོ། །མགོན་པོ་ཞེས་སོགས་སྔ་མ་བཞིན་ནོ། །སྤྱོད་པ་ནི་ཤིན་ཏུ་དགའ་བའོ། །དེ་ཉིད་གློ་བུར་གྱི་དྲི་མས་མ་གོས་པས་ན་དྲི་མ་མེད་པའོ། །དེ་ཉིད་ཀུན་ཏུ་བཟང་ཞིང་དགེ་བས་ན་ཀུན་ཏུ་བཟང་པོའོ། །དེ་ལྟ་བུ་དེས། གོས་དཀར་མོ་བདག་ལ་དགེས་ཤིང་རོལ་པར་མཛད་དུ་གསོལ། སྐུ་གསུང་ཐུགས་ཀྱི་དམ་ཚིག་རྡོ་རྗེ་ནི་དོན་ཡོད་གྲུབ་པའོ། །དེའི་བཙུན་མོ་ནི་སྒྲོལ་མ་སྟེ། དེས་བསྟོད་པ་ནི། རྡོ་རྗེ་པདྨ་སྦྱོར་བ་ལས་བྱུང་བའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཞེ་སྡང་ལ་སྤྱོད་པ་སོགས་ཀྱི་སེམས་ཅན་གྱི་ཁམས་སྦྱོང་བས་ན་རྡོ་རྗེ་འདོད་པའོ། །ལས་ཀྱི་རིགས་ཀྱིས་མཆོག་ཏུ་གྱུར་པས་ན་དམ་ཚིག་མཆོག་གོ ། གདུལ་བྱ་འདོད་ཆགས་ཅན་ལ་འདོད་ཆགས་རྣམ་པར་དག་པའི་ཐབས་ཀྱིས་བྱང་ཆུབ་སྩོལ་བར་མཛད་པས་ན་ཕན་ཡོན་ཆེའོ། །ཤཱཀྱའི་རིགས་ལས་བྱུང་བ་རྣམས་ཀྱི་མཆོག་ཏུ་གྱུར་པས་ན་རྫོགས་སངས་རྒྱས་ཀྱི་གདུང་མཆོག་གོ །ཡང་ན་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་མཛད་པས་ན་རྫོགས་སངས་རྒྱས་ཀྱི་གདུང་མཆོག་གོ །རང་དང་གཞན་དུ་དམིགས་པ་དང་བྲལ་བ་ཡིན་ཡང་སེམས་ཅན་ཀུན་ལ་རྗེས་སུ་ཐུགས་བརྩེ་བར་མཛད་པས་ན། མཉམ་པ་ཉིད་གཅིག་པའོ། །མགོན་པོ་ཞེས་སོགས་སྔ་མ་བཞིན་ནོ། །དེ་ལྟ་བུའི་ཁྱད་པར་གྱི་ཡོན་ཏན་དང་ལྡན་པའི་ཡོན་ཏན་རིན་པོ་ཆེའི་གཏེར་མངའ་བས་སྒྲོལ་མ་བདག་ལ་མཉེས་ཤིང་རོལ་པར་མཛོད་ཅིག རོལ་པ་ལས་ཀྱང་འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་མ་དང་། འོད་གསལ་བའི་ཡེ་ཤེས་བསྐྱེད་པར་བྱེད་པ་མིན་ནོ་ཞེས་བདག་ལ་བསྟོད་པར་བྱེད་པའོ། །འོད་གསལ་བས་བཞེངས་ནས་འདོད་པ་ལ་ལོངས་སྤྱོད་པ་ནི། དེ་ལྟར་ཚངས་པའི་གནས་བཞིའི་རང་བཞིན་ལྷ་མོ་རྣམས་ཀྱིས་ཡང་དག་པར་བསྐུལ་བ་དང་། སྔོན་གྱི་སྨོན་ལམ་གྱི་རྒྱུན་གྱི་ཤུགས་ཀྱིས་སྟོང་པ་ཉིད་ཀྱི་རྣལ་འབྱོར་ལས་བཞེངས་ནས། དཔལ་ཤིན་ཏུ་དགའ་བའི་བདེ་བས་འདོད་ཆགས་ལ་སྤྱོད་པ་བསྟན་པ་ནི། འཁྱུད་པ་དང་། འོ་བྱེད་པ་དང་། འཇིབས་པ་དང་། ཐལ་མོས་གདབ་པ་དང་། སོ་དང་སེན་མོ་འདེབས་པ་དང་། ཉེད་པ་དང་། ཁྱུང་ལྡིང་བ་དང་། རབ་ཏུ་བརྐྱང་བ་དང་། གྲོང་གི་བྱ་བས་མུ་ཏིག་གི་ཕྲེང་བ་དང་། གདུབ་བུ་དང་། འཁོར་གདུབ་དང་། རྐང་གདུབ་ཀྱི་སྒྲ་དང་། ཡུལ་དང་དབང་པོ་སྟེ་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་ཞིང་། ཤེས་རབ་དང་ཐབས་ཀྱི་སྙོམས་པར་ཞུགས་པས་ཨཱ་ལྀ་ཀཱ་ལྀ་དང་། འདོད་པའི་གདུགས་དང་། རུས་སྦལ་དང་། ཟླ་བ་གང་བས་ཏེ། རྩ་སྦུབས་གསུམ་སོར་མོ་གསུམ་གྱིས་བསྐྱོད་ཅིང་། རབ་ཏུ་བསྐུལ་བས་དགའ་བ་འབྱུང་བའི་སྒྲས་མཆོག་ཏུ་དགའ་བའི་བདེ་བ་ཉམས་སུ་མྱོང་བས། དབང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་ངོ་བོ་ཉིད་སྤྱི་བོ་ནས་བརྩམས་ཏེ་དྲི་མ་མེད་པའི་ཆུ་རྒྱུན་བཞིན་དུ་བཞུས་ལ། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་དུ་འཛག་པས། ཆོས་འབྱུང་གི་ནང་དུ་ཡང་དག་པར་བཞག་སྟེ། དེས་འདོད་ཆགས་ལ་སོགས་པ་ལ་སྤྱོད་པའི་སེམས་ཅན་རྣམ་པར་སྦྱོང་བར་བྱ་བའི་ཕྱིར། དཀྱིལ་འཁོར་གྱི་འཁོར་ལོ་ཕྱུང་སྟེ། སླར་ཡང་འོད་གསལ་ལ་ཞུགས་ནས་རྣམ་པར་རྟོག་པ་མེད་པར་གྱུར་ཏོ། །དོན་དེ་ཉིད་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་སོགས་ཏེ། འདོད་ཅིང་ཆགས་པར་བྱ་བས་ན་འདོད་ཆགས་ཏེ། གཟུགས་ལ་སོགས་པའི་ཡུལ་ཐམས་ཅད་ལ་ངོ་བོ་ཉིད་ཤེས་པའི་སྒོ་ནས། ཡུལ་དང་དབང་པོ་མཉམ་པར་སྦྱོར་བའི་སྒོ་ནས་ལོངས་སྤྱོད་རྡོ་རྗེའི་དཔལ་ཏེ། ཤིན་ཏུ་བདེ་བའི་གནས་སྐབས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པའི་བདག་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་བཙུན་མོ། སྤྱན་མ་ལ་སོགས་པའི་ངོ་བོ་ཉིད་ལ་དམ ཚིག་གི་འཁོར་ལོ་སྟེ་རྣམ་སྣང་ལ་སོགས་པའི་ངོ་བོ་ཉིད་ཀྱིས་འདོད་པ་སྤྱོད་ཅིང་ཅང་མི་གསུང་བར་གྱུར་ཏོ། །ཞེས་པ་རྡོ་རྗེ་འཆང་ཆེན་པོ་ཆོས་སྟོན་པ་ལ་སོགས་པའི་བྱ་བ་དང་བྲལ་བས། ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ནས། བཞུགས་སོ་ཞེས་པའི་དོན་ནོ། །བཅོམ་ལྡན་འདས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་འོག་དེ་ནས། ནམ་མཁའི་དབྱིངས་འདི་ཐམས་ཅད་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེའི་དམ་ཚིག་གི་ཁུ་བ་སྟེ། དམ་ཚིག་གི་འཁོར་ལོ་རྣམ་པར་སྣང་མཛད་ལ་སོགས་པས་དེ་བཞིན་གཤེགས་པའི་ཚོགས་ཀྱིས་ཏིལ་གྱི་གོང་བུ་བཞིན་དུ་བར་དང་མཚམས་མེད་པར་ཡོངས་སུ་གང་བར་གྱུར་པ་ནི། བུམ་པ་རྡོ་རྗེའི་ཆུས་གང་བ་ལྟར་གནས་པར་གྱུར་ཏོ། །དེས་དབང་བསྐུར་བའི་སེམས་ཅན་རྣམས་བདེ་བ་ཐོབ་པར་བསྟན་པ་ནི། དེ་ནས་རྡོ་རྗེ་ནམ་མཁའི་དབྱིངས་ཏེ་ཁམས་གསུམ་ན་གནས་པའི་སེམས་ཅན་སྐུ་གསུམ་གྱི་དམ་ཚིག་ལས་ཡང་དག་པར་བྱུང་བས་ཏེ། རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པ་དེ་རྣམས་རྡོ་རྗེའི་དཔལ་གྱིས་ཏེ་རྡོ་རྗེ་འཆང་ཆེན་པོའི་སྙོམས་པར་འཇུག་པའི་བདེ་བས་རེག་ཅིང་དབང་བསྐུར་བས། ཐམས་ཅད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་གསུམ་སྟེ་རྡོ་རྗེ་འཆང་ཆེན་པོ་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡེ་ཤེས་ཅན་དུ་གྱུར་ཏོ། །དེ་ལ་རྗེ་འགོས་ན་རེ། རྡོ་རྗེ་འཆང་ཆེན་པོ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་ཐིག་ལེ་ལས་ནམ་མཁའི་ཁམས་གང་བར་གྱུར་པ་དེས། སེམས་ཅན་ཐམས་ཅད་ལ་རེག་ཅིང་དབང་བསྐུར་བས། སེམས་ཅན་ཐམས་ཅད་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཅན་དུ་གྱུར་པའོ་ཞེས་བཞེད་ལ། མ་ར། ཐིག་ལེ་གྱུར་པ་ལས། རྣམ་སྣང་ལ་སོགས་པ་དེ་བཞིན་གཤེགས་པ་ནམ་མཁའི་ཁམས་གང་བར་གྱུར་པ་དེ་དག་གིས། གསུང་བར་འོས་པའི་སེམས་ཅན་ཐམས་ཅད་ལ་ཆོས་བཤད་པས། སེམས་ཅན་དེ་དག་སྐུ་གསུམ་གྱི་ཡེ་ཤེས་ཅན་དུ་གྱུར་པའོ། །ཞེས་བཞེད་དོ། །

དེ་ལྟར་རྡོ་རྗེ་འོད་ཟེར་གྱི་དབང་བསྐུར་བ་དེ་ནས་བརྩམས་ཏེ་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བར་གྱུར་ནས། ཀུན་ཏུ་བཟང་པོ་ཀུན་ཏུ་བཟང་པོ་ཞེས། སྔོན་མ་བྱུང་བའི་དོན་གྱིས་མིང་ཅན་དུ་གྱུར་ཏོ། །དེ་ལྟར་སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་དབང་བསྐུར་བས་དབང་བསྐུར་ནས། སེམས་ཅན་མཉམ་པ་ཉིད་དུ་བསྟན་པས། ཇི་ལྟར་སྨྲ་བར་གྱུར་པ་དེ་ཉིད་བསྟན་པའི་ཕྱིར། དེ་ནས་ཕྱག་ན་རྡོ་རྗེ་ཞེས་སོགས་སོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ཐམས་ཅད་ཅེས་བོས་ནས། ཆོས་ཐམས་ཅད་མཉམ་པ་ཉིད་རྡོ་རྗེ་ཡེ་ཤེས་ཀྱི་སྤྱོད་པ་མཐོང་ངམ་ཞེས་དྲིས་པའོ། །བཅོམ་ལྡན་འདས་ཞེས་སྟོན་པ་ལ་བོས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་འཆང་ཆེན་པོ། དེའི་རྡོ་རྗེ་ཡེ་ཤེས་སྤྱོད་པ་ནི་རང་གི་སྙོམས་པར་འཇུག་པའི་བདེ་བ་ཉམས་སུ་མྱོང་བ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྙོམས་པར་འཇུག་པའི་བདེ་བ་བདག་གིར་མཛད་པ་སྟེ། དེ་མཐོང་ལགས་སོ་ཞེས་ལན་ཞུས་པའོ། །འདོད་པ་ལ་ལོངས་སྤྱོད་པས་བདེ་བ་ཐོབ་པ་ལ་ངོ་མཚར་བར་གྱུར་པ་ནི། དེ་ནས་བཅོམ་ལྡན་འདས་ཞེས་སོགས་ཏེ། འདོད་ཆགས་ཀྱི་ཡི་གེའི་ཚིག་སྟེ། འདོད་ཆགས་ཀྱི་ཀུན་ཏུ་སྤྱོད་པ་ནི་འཁོར་བའི་རྒྱུ་ཡིན་ལ། དེ་ལས་སངས་རྒྱས་ཀྱི་བྱང་ཆུབ་རྡོ་རྗེ་འཆང་ཆེན་པོ་རྟོགས་ཤིང་ཐབས་གང་ཡིན་པ་དེ་ངོ་མཚར་ཆེའོ། །ཞེས་འཁོར་རྣམས་ཀྱིས་ཞུས་པའོ། །འདོད་ཆགས་རྣམ་པར་དག་པར་བསྟན་པས་ཐེ་ཚོམ་དང་བྲལ་བ་ནི། ཐ་མལ་པའི་འདོད་ཆགས་དངོས་པོར་མངོན་པར་ཞེན་པས་གྲོལ་ན་ངོ་མཚར་བ་ལས། འདི་ནི་ཡང་དག་པའི་འདོད་ཆགས་ཉོན་མོངས་པ་མེད་པ་འོད་གསལ་བའི་བདག་ཉིད་ཡིན་པས། དེ་ལས་རྡོ་རྗེ་གསུམ་གྱི་ཡེ་ཤེས་འབྱུང་བ་ངོ་མཚར་མི་ཆེའོ་ཞེས་སྟོན་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་ཞེས་སོགས་སོ། །བཅོམ་ལྡན་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བོས་ནས། འདོད་ཆགས་ཀྱི་སྤྱོད་པས་བྱང་ཆུབ་ཐོབ་པ་ངོ་མཚར་ཆེའོ། །ཞེས་དེ་སྐད་མ་ཟེར་ཅིག དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་ལ་སོགས་པའི་ཆོས་ཐམས་ཅད་ནི་ནམ་མཁའི་རྡོ་རྗེའི་དམ་ཚིག་སྟེ་དེ་བཞིན་གཤེགས་པ་དྲུག་པ་དང་། མཚུངས་པར་འོད་གསལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར། དོན་དམ་པར་གཟུགས་ལ་སོགས་པའི་ཕུང་པོ་མ་ཡིན། མིག་ལ་སོགས་པ་ཁམས་དང་སྐྱེ་མཆེད་མ་ཡིན། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་མ་ཡིན། སྲོག་གཅོད་སྤོང་བ་ལ་སོགས་པ་ཆོས་མ་ཡིན། སྲོག་གཅོད་པ་ལ་སོགས་པ་ཆོས་མ་ཡིན་པ་མ་ཡིན་ནོ། །ཞེས་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་འོད་གསལ་བ་ཉིད་དུ་གསུང་པའི་རྗེས་ཐོགས་དེ་ནས། འོད་གསལ་མངོན་སུམ་དུ་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་བརྗོད་དུ་མེད་པའི་ཆོས་ཉིད་དེ་ཉིད་ལ་བསྒོམ་ཞིང་ཅང་མི་གསུང་བར་བཞུགས་པར་གྱུར་ཏོ། །དེ་ལྟར་སྔོན་བྱུང་ལ་སྟོན་པ་འོད་གསལ་དུ་ཞུགས་པ་མན་ཆོད་ཀྱིས་ནི་རྗེས་འཇུག་གི་མངོན་རྟོགས་ཀྱི་དོན་འདི་སྐད་བསྟན་ཏེ། དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་སྔོན་དུ་སོང་ནས། ཐུན་མོང་མ་ཡིན་པའི་ལས་རྒྱལ་མཆོག་ནི། དྲན་པ་གཅིག་པའམ། རྟོག་པའི་རྣལ་འབྱོར་རམ། དངོས་གྲུབ་སྒྲུབ་པའི་ཆོ་ག་གང་ཡང་རུང་བ་བྱས་ནས། ཐུན་ཐ་མ་ལ། ཐུན་མོང་གི་ལས་རྒྱལ་མཆོག་ནི། གཙོ་བོ་ཡབ་ཡུམ་འོད་གསལ་དུ་ཞུགས་པ་དང་། ལྷ་མོའི་གླུས་བསྐུལ་བ་དང་། བཞེངས་པ་ལ་སྔར་གསུངས་པའི་བསྟོད་པ་བྱས་ནས། མཆོད་པ་བྱ་བས་ཏེ། ཕྱི་མཆོད་སྔོན་དུ་སོང་ནས་ནང་མཆོད་དང་གསང་མཆོད་བྱ་བ་བསྟན་པ་ཡིན་ནོ། །བཞི་པ་རྒྱུད་གཏད་པ་ལ་བཞི་ལས། སྐལ་བ་དང་ལྡན་པ་ལ་སྤྱིར་གཏད་པ་ནི། དེ་ལྟར་གསང་བ་བསྟན་པ་ཡོངས་སུ་རྫོགས་ནས། དེས་འདུལ་བའི་སེམས་ཅན་རྣམས་ཀྱི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལ་ཇི་ལྟར་ཡོངས་སུ་གཏད་པར་མཛད་པ་དེ་བརྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་སོགས་གསུངས་ཏེ། ཕྱོགས་བཅུ་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། ཡུལ་ལ་ཆགས་པའི་སེམས་ཅན་འདོད་ཆགས་ལས་བྱུང་བའི་བྱང་ཆུབ་ཀྱི་གནས་ཐོབ་པའི་སྣོད་དུ་གྱུར་པ་རྣམས་ཏེ། དེ་དག་རྡོ་རྗེ་འཛིན་པ་ཆེན་པོའི་ཏིང་ངེ་འཛིན་རྣམ་པ་གཉིས་སྟོན་པར་བྱེད་པའི་རྒྱུད་ཀྱིརྒྱལ་པོ་ཆོས་ཀྱི་རྣམ་གྲངས་འདི་ལ་སྐལ་བ་ཡོད་པའི་ཕྱིར་རོ། །ཞེས་བྱ་བར་དགོངས་སོ། །རྡོ་རྗེ་ཆོས་ལ་ཁྱད་པར་དུ་གཏད་པ་ནི། དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཞེས་སོགས་ཏེ། རིགས་ཀྱི་བུ་ཞེས་རྡོ་རྗེ་ཆོས་ལ་བོས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོང་པ། འདའ་བར་མི་བྱ་བའི་དམ་ཚིག་གི་དེ་ཁོ་ན་ཉིད་སྐུ་གསུང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པའི་ཚུལ་འདི། ད་ལྟར་ངས་བཤད་པ་ཁྱོད་ཀྱིས་ཡིད་ལ་ཞོགས་ལ་ཟུངས་ཤིག གང་གི་ཕྱིར་ཁྱོད་ཀྱང་རྣམ་སྣང་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཞུང་དུ་བསྟན་པའི་ཆོས་ཐམས་ཅད་ལ་སྤོབས་པ་ཐོགས་པ་མེད་པ་དང་ལྡན་པས། ཆོས་ཐམས་ཅད་ཀྱི་དབང་ཕྱུག་རྡོ་རྗེ་ཞེས་བྱ་བར་དབང་བསྒྱུར་ཞིང་རྗེས་སུ་གནང་སྟེ། བསྟན་པ་འདི་ལ་གསུང་གི་རྡོ་རྗེ་གཙོ་བོ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་སོ། །དེ་ནས་ཞེས་སོགས་གོ་སླའོ། །དེ་ནས་སེམས་ཅན་ཐམས་ཅད་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་ཐོབ་པར་བསྟན་པ་ནི། རྒྱུད་གཏད་པའི་མཇུག་ཐོགས་སུ་བརྗོད་ཀྱི་མི་ལང་བའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་ཅི་ཞིག་མཛད་ཅེ་ན། རྒྱུད་གཏད་པའི་རྗེས་ཐོགས་དེ་ནས། གླེང་གཞིའི་སྐབས་ཀྱིས། འཁོར་དུ་རྟོགས་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དེ། རིགས་ལྔ་དང་ལྡན་པའི་སྤྲུལ་པའི་སྐུ་དཔག་ཏུ་མེད་ཅིང་། མཐའ་ཡས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། ཁྲོ་བོའི་རྒྱལ་པོ་ལ་སོགས་པ་ཐམས་ཅད་རྣམ་པར་སྣང་མཛད་དང་། འོད་དཔག་མེད་དང་། མི་བསྐྱོད་པར་འདུས་པར་གྱུར་ཏེ། རྡོ་རྗེ་སེམས་དཔའ་སྟེ་རྡོ་རྗེ་འཆང་ཆེན་པོའི་སྤྱི་བོ་དང་། ལྐོག་མ་དང་། སྙིང་ཁའི་ༀ་ལ་སོགས་པའི་ཡི་གེ་གསུམ་ལ། རང་རང་གི་སྐུ་གསུང་ཐུགས་ཞུགས་པར་གྱུར་ཏོ། །འདིས་སྔོན་བྱུང་ལ། རྒྱུད་གསུང་བ་རྫོགས་པའི་རྗེས་སུ། གླེང་གཞིའི་སྤྲུལ་པའི་འཁོར་ཐམས་ཅད་རིགས་གསུམ་དུ་འདུས་ནས། རྡོ་རྗེ་འཆང་ཆེན་པོའི་སྐུ་གསུང་ཐུགས་ལ་ཐིམ་པ་གཅིག་བསྟན་ལ། རྗེས་འཇུག་གི་མངོན་རྟོགས་ལྟར་ན་མདོར་བྱས་སུ། དེ་ནས་འཁོར་ལོ་སངས་རྒྱས་ཀྱིས་བསྟོད་གསོལ། །མཆོག་ཏུ་གསང་བ་ཇི་བཞིན་དོན་བཤད་ནས། །རང་གི་འཁོར་ལོ་པ་ནི་འཁོར་ལོ་གཞུག །མགོན་པོ་བདེ་བ་ཆེན་པོའི་གཅིག་པུ་བཞུགས། །ཞེས་པ་ལྟར། གཙོ་བོ་འོད་གསལ་ལས་བཞེངས་པ་ལ། འཁོར་རྣམས་ཀྱིས་བསྟོད་དེ། དེའི་འོག་ཏུ་གཙོ་བོའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱི་ལྕགས་ཀྱུས་དཀྱིལ་འཁོར་པ་ཐམས་ཅད་དྲངས་ཏེ། ཏིང་ངེ་འཛིན་སེམས་དཔའ་ལ་བཅུག་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྡུ་བ་བསྟན་ཏོ། །རྡོ་རྗེ་གསུམ་པོ་ཁམས་གསུམ་གྱི་ལུས་ངག་ཡིད་གསུམ་གྱི་ངོ་བོར་བསྟན་པ་ནི། དེ་ནས་དེ་བཞིན་གཤེགས་པ་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་ཁམས་གསུམ་པ་ཐམས་ཅད་ཀྱི། ལུས་རྡོ་རྗེ་ལ་གནས་ཤིང་ཞེས་པ་འདིས་ནི་སྲིད་པ་གསུམ་གྱི་གནས་འདི་ནི། སྒོང་ང་ལས་སྐྱེས་པ་སོགས་སེམས་ཅན་མཆོག་དང་། འབྲིང་དང་། ཐ་མའི་ཚོགས་རྣམས་ཀྱི། ལུས་གང་ཡིན་པ་དེ་ནི་རྣམ་པར་སྣང་མཛད་དོ་ཞེས་པའི་དོན་འདི་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཉམ་པ་ཉིད་སྒྱུ་མ་ལྟ་བུ་ལ་དམིགས་ནས། ཅང་མི་གསུང་བར་གྱུར་ཏོ། །ཞེས་པ་ནི། ལུས་དང་རྣམ་པར་སྣང་མཛད་ནི་རྟེན་དང་བརྟེན་པ་ཉིད་དུ་དབྱེར་མེད་ཅིང་། དེ་བཞིན་དུ་རྫོགས་པ་དང་། མ་རྫོགས་པའི་ལུས་དག་ནི་དབྱེར་མེད་པ་ཞེས་པའི་དོན་འདི་བསྟན་ཏོ། །དེ་ནས་དེ་བཞིན་གཤེགས་པ་གསུང་རྡོ་རྗེ། ཁམས་གསུམ་པ་ཐམས་ཅད་ཀྱི་ངག་རྡོ་རྗེ་ལ་གནས་ཤིང་ཞེས་པ་ནི། ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ཀྱི་ངག་གང་ཡིན་པ་དེ་ནི། འོད་དཔག་ཏུ་མེད་པའོ། །ཞེས་པའི་དོན་འདི་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་མཉམ་པ་ཉིད་ལ་གནས་ནས། ཅང་མི་གསུང་བར་གྱུར་ཏོ་ཞེས་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་གང་ཡིན་པ་དང་། སེམས་ཅན་རྣམས་ཀྱི་ངག་གཉིས་སུ་མེད་དོ་ཞེས་བསྟན་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཕྱག་ན་རྡོ་རྗེ། ཁམས་གསུམ་པ་ཐམས་ཅད་ཀྱི་སེམས་རྡོ་རྗེ་ལ་གནས་ཤིང་ཞེས་པས་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་གང་ཡིན་པ་དེ་ནི་མི་བསྐྱོད་པའི་ཞེས་པའི་དོན་འདི་བསྟན་ཏོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་དང་སེམས་ཅན་རྣམས་ཀྱི་སེམས་གཅིག་ཉིད་དུ་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་མཉམ་པ་ཉིད་དུ་གྱུར་པས་བདེན་པ་གཉིས། གཉིས་སུ་མེད་ཅིང་གཅིག་པ་ཉིད་ལ་དམིགས་པར་མཛད་ནས། ཅང་མི་གསུང་བར་གྱུར་ཏོ། །ཅེས་མཐར་ཐུག་པར་གསུངས་སོ། །འདིས་རྗེས་འཇུག་མངོན་རྟོགས་ཀྱི་དོན་ནི། མདོར་བྱས་ལས། ཧཱུྃ་གི་སྙིང་པོར་འཇིག་རྟེན་རབ་ཏུ་བསྒོམ། །དེ་བྱུང་འགྲོ་ཀུན་རྡོ་རྗེ་སེམས་དཔར་བསམ། །ལངས་ནས་འགྲོ་ལ་བལྟས་ཏེ་ཇི་བཞིན་སྤྱད། །ཞེས་གསུངས་ལྟར། ཐུན་མཚམས་སུ་སྣོད་བཅུད་ཐམས་ཅད་རྡོ་རྗེ་གསུམ་གྱི་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོར་མོས་པ་ཡིད་ལ་བྱེད་པའི་ཚུལ་གྱིས་བསྒོམ་པ་བསྟན་ཏོ། །མ་འོངས་པའི་དུས་སུ་རྒྱུད་དོན་གང་གིས་གསལ་བར་བྱེད་པ་ནི། སློབ་དཔོན་གྱི་ཞལ་སྔ་ནས་བཀའ་དྲིན་གྱིས། རྒྱུད་ཀྱི་དོན་དང་། ཚུལ་དང་། ཆོས་ཉིད་ལ་སོམ་ཉི་དང་བྲལ་མོད། སོམ་ཉི་གཞན་འགའ་ཞིག་མཆིས་ཏེ། མཐའ་དྲུག་གི་བཤད་པ་ལ་རྒྱབ་ཀྱིས་ཕྱོགས་པའི་སྔགས་པ་རྣམས། སྒྲ་ཇི་བཞིན་དུ་གསུངས་པའི་ཚིག་ལ་བརྟེན་ནས། རང་རང་གི་སློབ་དཔོན་གྱི་མན་ངག་གིས། ཟླ་བ་དང་རྡོ་རྗེ་ལ་སོགས་པ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རིམ་པས། སྲིད་པ་སྐྱེ་བའི་རིམ་པ་ལྟར། ཡོངས་སུ་བརྟགས་པའི་ལྷའི་རྣལ་འབྱོར་ཙམ་ལ་སློབ་ཀྱང་། ཡོངས་སུ་དག་པའི་ལྷའི་རྣལ་འབྱོར་རྟོག་པ་ཐམས་ཅད་ལས་འདས་པ། དངོས་པོ་རང་གི་རིགས་པ་སངས་རྒྱས་རྣསམ་ཀྱི་སྤྱོད་ཡུལ་ཕུང་པོ་རིན་པོ་ཆེའི་ཟ་མ་ཏོག་གི་ནང་ན་གནས་པ། ཡོད་པ་དང་མེད་པའི་ཕྱོགས་དང་བྲལ་བ། ཡི་གེའི་རྗེས་སུ་འབྲང་བ་རྣམས་དང་། རྟོག་གེ་པ་རྣམས་ཀྱི་ཡུལ་མ་ཡིན་པ། བླ་མའི་མན་ངག་འབའ་ཞིག་ལས་ཤེས་པར་བྱ་བ། འདི་ལྟ་བུའི་ལྷའི་དེ་ཁོ་ན་ཉིད་ཤེས་པར་མི་ནུས་པས། ཡོངས་སུ་དག་པའི་ལྷའི་དེ་ཁོ་ན་ཉིད་འདི་ལྟ་བུ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཤིང་། ཕྱག་ན་རྡོ་རྗེ་ལ་སོགས་པའི་སྡུད་པ་པོ་རྣམས་ཀྱང་མེད་པར་གྱུར་པ་ཕྱི་མའི་དུས་ན། སངས་རྒྱས་ཀྱིས་ཡང་དག་པར་འགྲོ་བ་དེའི། རྒྱུན་མི་འཆད་པར་སུ་ཞིག་སྟོན་པར་འགྱུར། གདུལ་བྱ་སེམས་ཅན་རྣམས་ཀྱི་རྒྱུད་ལ་ཇི་ལྟར་འཇུག་པར་འགྱུར་ཞེས་ཞུས་པའོ། །དེའི་ལན་སློབ་དཔོན་གྱིས་སྨྲས་པ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་། ཇི་སྲིད་འཇིག་རྟེན་དུ་དམ་པའི་ཆོས་གནས་པ་དེ་སྲིད་ཀྱི་བར་དུ། རྡོ་རྗེ་ཐེག་པ་ལ་རྩ་བའི་རྒྱུད་མཐའ་དྲུག་ཚུལ་བཞིས་བཅིངས་ཀྱང་། དེའི་དགོངས་པ་རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་ཕྲེང་བ་ལ་སོགས་པ། བཤད་པའི་རྒྱུད་ཀྱིས་བཀྲལ་བ་ལ་བརྟེན་ནས། བསྐྱེད་པའི་གོ་རིམ་གྱིས་རྫོགས་པའི་རིམ་པ་རྟོགས་ཏེ། ཚེ་འདི་ཉིད་ལ་སངས་རྒྱས་ཉིད་དུ་འགྱུར་བའི་མན་ངག སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་བརྩམས་ཏེ། གཏེར་གྱི་ཁ་བྱང་དང་འདྲ་བར། སློབ་དཔོན་རྣམས་བརྒྱུད་པ་རིམ་གྱིས། བླ་མའི་ཞལ་ནས། གསང་བ་འདུས་པ་བ་རྣམས་ཀྱི་རྒྱུད་ལ་འཇུག་ཅིང་འཕོའོ། །སློབ་དཔོན་ཀླུ་སྒྲུབ་ཉིད་རྒྱུད་ཀྱི་དོན་ལ་འཁྲུལ་པ་མེད་པར་ཅིས་ཤེས་སྙམ་ན། དེ་ལ་གཉིས་ཏེ། བདེ་བར་གཤེགས་པས་ལུང་བསྟན་པ་དང་། རང་ཉིད་ཀྱིས་ཡེ་ཤེས་བརྙེས་པར་བསྟན་པའོ། །དང་པོ་ནི། ལང་ཀར་གཤེགས་པ་ལས། རྟོག་གེ་རྣམས་ཀྱི་ཡུལ་མིན་པ། །སོ་སོ་རང་གི་ཡེ་ཤེས་ནི། །ཕྱི་མའི་དུས་སུ་གྱུར་པ་ན། །མགོན་པོ་སུ་ཞིག་འཛིན་འགྱུར་གསུངས། །བདེ་གཤེགས་མྱ་ངན་འདས་འོག་ཏུ། །དུས་དག་འདས་ནས་འབྱུང་བ་ནི། །གང་ཞིག་བསྟན་པ་འཛིན་གྱུར་ཏེ། །བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཞེས་བྱ་བ། །དེ་མིང་ཀླུ་ཞེས་བོད་པ་སྟེ། ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་བསྟན་པ་འཇིག་རྟེན་འདིར། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་གསུངས་པས་སོ། །རང་ཉིད་ཀྱིས་ཡེ་ཤེས་བརྙེས་པར་བསྟན་པ་ནི། སློབ་དཔོན་ཆེན་པོ་དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་མདོར་བྱས་དང་རིམ་ལྔ་ནས་ཀྱིས། ཉིད་ཀྱིས་དོན་རྗེས་སུ་བརྙེས་ནས། སོ་སོ་རང་རིག་པའི་རྡོ་རྗེ་འཛིན་པ་ཆེན་པོའི་ཏིང་ངེ་འཛིན་འཇིག་རྟེན་དུ་བསྟན་ནས། ལྷ་དང་མིའི་བདེ་བ་ལས་འདས་ཤིང་། མུ་སྟེགས་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་བསམ་གཏན་དང་སྙོམས་པར་འཇུག་པའི་བདེ་བ་ལས་འདས་ནས། སྐྱེ་བ་དང་། འགག་པ་དང་བྲལ་བའི་དེ་བཞིན་གཤེགས་པའི་སྐུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ལྟ་བས་ཆོག་མི་ཤེས་པ་སྟོབས་བཅུ་དང་། མི་འཇིགས་པ་བཞི་ལ་སོགས་པ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་བརྙེས་ནས། བདེ་བ་ཅན་དུ་གཤེགས་པ་སྟེ། ཡོན་ཏན་གྱི་དབང་ཕྱུག་བརྒྱད་དང་ལྡན་པར་བཞུགས་སོ། དེའི་ཕྱིར་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་བརྒྱུད་པའི་མན་ངག་ནི། རྡོ་རྗེ་འཆང་གི་དགོངས་པ་ལ་འཁྲུལ་པ་མེད་པར་ཤེས་པར་བྱའོ། །ལྔ་པ་གཞུང་ཉེ་བར་བསྡུ་བ་ནི། འདི་སྐད་བདག་གི་ཐོས་པ་ཞེས་པ་ལ་སོགས་པ། རྒྱུད་མ་ལུས་པར་རྒྱན་རྣམ་པ་བདུན་དང་། བཤད་པའི་ཚུལ་རྣམས་ཀྱིས་ཐོས་ནས། དོན་དང་། ཚུལ་དང་། ཆོས་ཉིད་ཁོང་དུ་ཆུད་དེ། རིམ་པ་གཉིས་ཀྱིས་མན་ངག་སྦྱིན་པ་སྔོན་དུ་འགྲོ་བས། ཉན་པ་པོ་རྣམས་ལ་ཡང་དག་པར་བཤད་པས། བརྩམས་པའི་དོན་དང་། བདག་ཉིད་ཀྱིས་དམ་བཅས་པའི་བསམ་པ་ཡོངས་སུ་རྫོགས་པར་སྟོན་པ་ནི། སྡུད་པར་བྱེད་པས་དེ་སྐད་ཅེས་བཀའ་བསྩལ་ཏོ། །ཞེས་སྨྲས་ཏེ། གསང་བ་འདུས་པའི་རྒྱུད་འདི་གོང་དུ་ཇི་སྐད་བསྟན་པ་དེ་སྐད་ཅེས། རྡོ་རྗེ་འཆང་ཆེན་པོས་བཀའ་བསྩལ་ཞིང་བསྟན་ཏོ་ཞེས་པའོ། །ལེའུ་ཡི་མཚན་དོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ནི། རྣམ་སྣང་ལ་སོགས་པའོ། །དེ་རྣམས་ཀྱི་དམ་ཚིག་ནི་ཉམས་སུ་བླང་བར་བྱ་བའི་དོན་ཏེ། བསྲུང་བར་བྱ་བ་ལ་སོགས་པ་ལྔའོ། །སྡོམ་པ་ནི་ནན་ཏན་གྱིས་བསྒྲུབ་པར་བྱ་བས་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱི་སྡོམ་པ་ལ་སོགས་པ་ལྔའོ། །དེ་ཉིད་ལ་གཉིས་སུ་མེད་ཅིང་འདའ་བར་བྱ་བ་མ་ཡིན་པས་ན་རྡོ་རྗེའོ། །དེ་ཡིས་བྱིན་གྱིས་བརླབས་པའི་རྒྱལ་པོ་ནི། རྡོ་རྗེ་འཆང་ཆེན་པོའོ། །རིགས་ཐམས་ཅད་ཀྱི་བདག་ཉིད་ཅན། ཐོག་མ་དང་། ཐ་མ་མེད་པ་དང་། དང་པོའི་སངས་རྒྱས། རིག་པ་ཆེན་པོ་སྐྱེས་བུའི་གཟུགས། ཡེ་ཤེས་ཀྱི་སྐུ། རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་ཅན། འཇིག་རྟེན་གསུམ་གྱི་བདག་ཉིད་ཅན། ཐེག་པ་གསུམ་གྱི་བདག་ཉིད་ཅན། དུས་གསུམ་གྱི་བདག་ཉིད་ཅན། རྡོ་རྗེ་གསུམ་གྱི་བདག་ཉིད་ཅན། བདེན་པ་གཉིས་ཀྱི་བདག་ཉིད་ཅན། ཞེས་སོགས་དེ་བཞིན་གཤེགས་པ་དྲུག་པའི་མཚན་གྱི་རྣམ་གྲངས་མཐའ་ཡས་ཏེ། དེ་སྟོན་པའི་གཞུང་གི་ཚོགས་ནི་གོས་དང་འདྲ་བར། ཀུན་ནས་ཉོན་མོངས་ལ་གསུམ་མམ། སྒྲིབ་གཉིས་ཀྱི་ཉེ་བར་འཚེ་བ་བཟློག་པའི་ཕྱིར་ལེའུ་ཞེས་བྱའོ། །ལེའུ་བཅུ་བདུན་པའི་རྣམ་བཤད་དོ།། །།

དེ་ལྟར་རྒྱུད་མ་ལུས་པའི་དོན་བཤད་ནས། གསུམ་པ་བྱ་བ་མཐར་ཕྱིན་པའི་ཡན་ལག་ལ་གཉིས་ཀྱི། མཐའ་དྲུག་དང་བྲལ་བས་རྒྱུད་དོན་མི་རྟོགས་པར་བསྟན་པ་ནི། བདེ་བར་གཤེགས་གསུང་ཤིན་ཏུ་ཕྲ་བའི་རྣལ་འབྱོར་རྒྱུད། །མཐའ་དྲུག་བྲལ་བས་ངེས་པར་རྟོགས་ཞེས་གང་སྨྲ་བ། །དེ་ནི་དེ་ཉིད་མཐོང་མིན་ཡི་གེ་ཙམ་བལྟས་ཏེ། ཟླ་བ་ལྟ་འདོད་སོ་མོའི་རྩེ་ལ་ལྟ་དང་མཚུངས། །ཞེས་ཏེ། བདེ་བར་གཤེགས་པ་སྟེ་རྡོ་རྗེ་འཆང་ཆེན་པོའི་གསུང་རྟོགས་པར་དཀའ་བས་ཤིན་ཏུ་ཕྲ་བ། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པའི་དོན་མཐའ་དྲུག་ཚུལ་བཞི་དང་བྲལ་ཏེ། སྒྲ་ཇི་བཞིན་པ་ལ་བརྟེན་ནས། ངེས་པར་རྟོགས་ཞེས་གང་སྨྲ་བ་དེ་ནི། རྗོད་བྱེད་ཡི་གེ་ཙམ་ལྟ་བར་ཟད་ཀྱི། བརྗོད་བྱའི་དེ་ཁོ་ན་ཉིད་མཐོང་ཞིང་རྟོགས་པ་མ་ཡིན་ཏེ། དཔེར་ན་ནམ་མཁའི་དཀྱིལ་འཁོར་ན་གནས་པའི་ཟླ་བ་ལྟ་བར་འདོད་པ་ན། དེ་སྟོན་བྱེད་སོར་མོའི་རྩེ་མོ་ལ་ལྟ་བ་དང་མཚུངས་སོ། །མཐའ་དྲུག་གི་སྒོ་ནས་རྒྱུད་དོན་ལེགས་པར་བཤད་པའི་དགེ་བ་བསྔོ་བ་ནི། གཞན་ཡང་རྒྱལ་བ་སྐྱེས་མཆོག་རྣམས་ཀྱིས་རྣམ་པར་བཤད་པའི་མཐའ་དྲུག་ལམ་གང་ཡིན། །གང་ཞིག་འདི་དང་རྒྱུད་ཚུལ་མ་ལུས་རྣམ་འབྱེད་རྒྱུ་ཀྱི་མཐར་ཐུག་མ་ལུས་བཤད་བྱས་པ། །བདག་གི་དགེ་བ་གང་ཐོབ་དེས་ནི་སྒྲོན་འབར་རྒྱ་ཆེར་བཤད་འདི་རིང་གནས་ཤིང་། །བདེ་བ་དམ་པའི་གནས་མཆོག་ཟླ་བའི་བློ་དང་འགྲོ་བ་རྣམས་ནི་ལྡན་པར་ཤོག །ཞེས་སོ། །རྒྱུད་མ་ལུས་པའི་དོན་མཐར་ཐུག་པར་བཤད་པར་བྱས་སོ། །ཞེས་དྲངས། སུ་ཞིག་གིས་ན། ཟླ་བ་གྲགས་པ་བདག་གིས་སོ། །རྒྱུད་དོན་མཐར་ཐུག་པ་དེ་གང་ཞེ་ན། དུས་གསུམ་གྱི་རྒྱལ་བ་སྐྱེས་མཆོག་རྣམས་ཀྱིས་རྩ་བའི་རྒྱུད་དུ་རྣམ་པར་བཤད་པའི་མཐའ་དྲུག་གི་ལམ་གང་ཡིན་པའོ། མཐའ་དྲུག་པོ་དེ་ནི། གསང་བ་འདུས་པ་འདི་དང་། དེ་ལས་གཞན་པའི་རྩ་བའི་རྒྱུད་ཚུལ་མ་ལུས་པ་རྣམ་པར་འབྱེད་པར་བྱེད་པ་ཡིན་པས། དེ་བཤད་པས་རྒྱུད་མ་ལུས་པའི་དོན་བཤད་པར་འགྱུར་རོ། །དེ་ལྟར་རྒྱུད་དོན་མ་ལུས་པ་མཐར་ཐུག་པར་བཤད་པར་བྱས་པ་ལས། ཟླ་བ་གྲགས་པ་བདག་གིས་དགེ་བ་གང་ཐོབ་པ་དེས་ནི། སྒྲོན་འབར་རྒྱ་ཆེར་བཤད་འདི་ཇི་སྲིད་བསྟན་པ་གནས་ཀྱི་བར་དུ་མི་ནུབ་ཅིང་འཇིག་རྟེན་དུ་ཡུན་རིང་དུ་གནས་པ་དང་། བདེ་བ་དམ་པའི་གནས་མཆོག་ཟླ་བའི་བློ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། དེ་དང་འགྲོ་བ་རྣམས་ལྡན་པར་ཤོག་ཅིག་ཅེས་པའོ། །ཐུབ་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དང་། །རྣམ་མང་རྒྱུད་སྡེའི་རྩ་བ་འདུས་པ་ལྟའི། ཐར་འདོད་རྣམས་ཀྱི་འཇུག་ངོགས་གཞན་མེད་དེ། །འཛམ་གླིང་འདི་ན་རིན་ཆེན་གཅིག་པུར་ཟད། །དེ་དོན་འགྲེལ་བྱེད་དཔལ་ལྡན་ཟླ་བའི་གཞུང་། །ཟབ་རྒྱས་དགོངས་པ་གསལ་བའི་སྒྲོན་མ་མཆོག ། འཛམ་གླིང་མཁས་པའི་རྒྱན་ཆེན་སྒྲོན་གསལ་ཏེ། །དེ་མཚུངས་རྣམ་བཤད་འཇིག་རྟེན་འདི་ན་མེད། །ཇི་ལྟར་སྒྲོན་གློག་ཉི་ཟླ་ལ་བརྟེན་ནས། །མིག་ལྡན་གཟུགས་ཀྱི་ཡུལ་ལ་ལྟ་བ་བཞིན། །སྒྲོན་མ་གསལ་བྱེད་སྒྲོན་མ་ལ་བརྟེན་ནས། །དཔལ་ལྡན་འདུས་པའི་བཤད་སྦྱར་ངས་བྱས་སོ། །རི་བོང་རྐྱལ་གྱིས་རྒྱ་མཚོའི་མཐའ་ཚོལ་ལྟར། །རྒྱལ་བའི་དགོངས་ཟབ་བྱིས་བློའི་སྤྱོད་ཡུལ་མིན། །དེ་ཕྱིར་བདག་གིས་འདིར་ནོངས་ཅི་མཆིས་རྣམས། །རྒྱལ་དང་དེ་སྲས་རྣམས་ཀྱིས་བཟོད་པར་མཛོད། །ལྷག་བསམ་དག་པས་འདིར་འབད་ལས་བྱུང་བའི། །རྣམ་དཀར་དགེ་བ་དྲི་མེད་སྟོན་ཟླའི་འོད། །ཐོག་མེད་དུས་ཀྱི་དྲིན་ཅན་མ་རྣམས་ཀྱི། །ཕན་བདེའི་ཀུ་མུད་རྒྱས་པའི་རྒྱུ་རུ་བསྔོ། །དཔལ་གསང་བ་འདུས་པའི་འགྲེལ་པ་སྒྲོན་མ་གསལ་བ་དང་བཅས་པའི་བཤད་སྦྱར་ཡིད་ཀྱི་མུན་སེལ་ཞེས་བྱ་བ་འདི་ནི། དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་འཕགས་པ་ཡབ་སྲས་ཀྱིས་མཛད་པའི་རྒྱུད་འགྲེལ་ཆ་ལག་དང་བཅས་པ་ལ་ལེགས་པར་འདྲིས་པར་བྱས་ཤིང་། རྗེ་འགོས་དང་། མཁས་པ་སྡོག་དང་། གླན་ལ་སོགས་པ་སྔ་རབས་ཀྱི་བླ་མ་མཁས་པ་དག་གིས་ལེགས་པར་བཤད་པའི་སྲོལ་ལ་ཡང་བརྟེན་ནས། རྗེས་འཇུག་གི་གདུལ་བྱ་རྣམས་ཀྱིས་འཇུག་བདེ་བར་བྱ་བའི་ཕྱིར། གངས་བུ་ལེའི་དབེན་གནས་སུ་ལེགས་པར་སྦྱར་བའི་ཡི་གེའི་མཚམས་སྦྱོར་ནེ་པོ་བ་སྒྲུབ་པ་དཔལ་གྱིས་གུས་པས་བགྱིས་པ་འདི་རེ་ཞིག་རྫོགས་སོ། །འདིས་བསྟན་པ་དང་སེམས་ཅན་མང་པོ་ལ་ཕན་པར་གྱུར་ཅིག ། དགེའོ།། །།


previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཅུ་བདུན་པའི་རྣམ་བཤད།no next