Nitartha Digital Library
Tibetan
 
no previousདབུ་མ་ལ་འཇུག་པའི་རྣམ་བཤད་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མ།next

དབུ་མ་ལ་འཇུག་པའི་རྣམ་བཤད་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མ།

དབུ་མ་ལ་འཇུག་པའི་རྣམ་བཤད་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མ་ཞེས་བྱ་བ་བཞུགས་སོ། །

ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཡེ་ཤེས་ལུས་གྲིམས་ཏིང་འཛིན་སྟོབས་ཀྱིས་རྩེན། །ཉོན་མོངས་གཡུལ་ངོ་ཟློག་པའི་དགྲ་ཐབས་མཁས། །བྱམས་སོགས་ཚད་མེད་བཞི་ཡི་དཔུང་ཚོགས་ཅན། །མཐུ་ཆེན་དཔའ་བོ་དེ་ལ་ཕྱག་འཚལ་ལོ། །སྐལ་ལྡན་ཤིང་རྟའི་ཆུ་ཀླུང་མིན་ཡང་འགྲོ་བའི་དྲི་མ་དག་བྱེད་ཆུ། །ཙནྡ ན་གྱིས་བསྒོས་སེར་བུ་མིན་ཡང་འགྲོ་བའི་ཡིད་ཀྱི་གདུང་བ་སེལ། །གཟི་ལྡན་ནམ་མཁའི་ནོར་བུ་མིན་ཡང་འགྲོ་བའི་མུན་སེལ་སྣང་བྱེད་མཆོག །ཐུབ་པའི་བསྟན་དང་བསྟན་འཛིན་ཚོགས་རྣམས་སྐྱེ་རྒུའི་གཙུག་ན་རྒྱལ་གྱུར་ཅིག །མཐའ་གཉིས་སྤངས་པའི་ཆུ་གཏེར་འཇིངས་ལ་གནས། །བྱང་ཆུབ་ཡན་ལག་བདུན་གྱི་གདེངས་ཀས་བརྗིད། །གསུང་རབ་རིན་ཆེན་གླིང་ལ་དབང་བསྒྱུར་པ། །ཀླུ་སྒྲུབ་ཀླུ་ཡི་དབང་པོས་བདག་སྐྱོངས་ཤིག །དེ་ཡི་གཞུང་ལུགས་རབ་དཀར་ཀུན་དའི་ཚལ། །གང་གི་བློ་གྲོས་ཟེར་གྱིས་རྣམ་འབྱེད་ཅིང་། །ཐུབ་བསྟན་གླིང་བཞི་གསལ་བའི་འོད་དཀར་ཅན། །དཔལ་ལྡན་ཟླ་བའི་ཞབས་ལའང་གུས་བཏུད་ནས། །གང་ཞིག་རྟོགས་ན་མཐར་ལྟ་རྡོ་རྗེའི་རི། །ཉི་མའི་ཟེར་གྱིས་རྩྭ་རྩེའི་ཟིལ་པ་ལ། །རེག་པ་ཇི་བཞིན་འཇིག་འགྱུར་དབུ་མའི་ལམ། །རྟོག་གེའི་རླུང་གིས་མ་བསྐྱོད་འདིར་བཤད་བྱ། །ལྷ་དང་ལྷ་དབང་ལྷ་མིན་མིའམ་ཅི། །གྲུབ་པ་ལག་འགྲོ་གདེངས་ཅན་དབང་ལ་སོགས། །གཽའུ་ཏ་མའི་བསྟན་ལ་གང་དད་པའི། །སྐལ་ལྡན་དེ་དག་དང་བའི་ཡིད་ཀྱིས་ཉོན། །

སྤྱི་དོན་བཤད་པ།

འདིར་ཟབ་པ་དང་རྒྱ་ཆེ་བའི་ཚུལ་བླ་ན་མེད་པ་གསལ་བར་བྱེད་པ་དབུ་མ་ལ་འཇུག་པའི་བསྟན་བཅོས་ནི་གང་བཤད་པར་བྱ་བའི་ཆོས་ཡིན་ནོ། །འདིར་བསྟན་བཅོས་ཀྱི་འབྲེལ་བ་ནི་ཅི། བརྗོད་པར་བྱ་བ་ནི་གང་། དགོས་པ་ཅིའི་ཕྱིར་བརྩམས་ཞེ་ན། དེ་ལ་རེ་ཞིག་བསྟན་བཅོས་ཀྱི་འབྲེལ་བ་ནི། དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བའི་ཚུལ་དང་། སྡུད་པར་བྱེད་པ་རྣམས་ཀྱིས་ཇི་ལྟར་བསྡུས་པའི་ཚུལ་དང་། དགོངས་འགྲེལ་མཁན་པོ་རྣམས་ཀྱིས་ཇི་ལྟར་བཀྲལ་བའི་ཚུལ་གསུམ་གྱིས་རིག་པར་བྱའོ། །དེ་ལ་དང་པོ་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བ་ནི། དེ་བཞིན་གཤེགས་པས་འཇིག་རྟེན་སྐྱེ་བ་དང་། འགག་པ་དང་། རྟག་པ་དང་། ཆད་པ་དང་། གཅིག་དང་། ཐ་དད་ལ་སོགས་པ་སྤྲོས་པའི་ཚོགས་མཐའ་དག་ལ་མངོན་པར་ཞེན་པ། མ་རིག་པའི་མུན་པ་མཐུག་པོས་སྨག་ཏུ་གྱུར་པ། འཁོར་བའི་འབྲོག་དགོན་པ་ཉམ་ང་བར་ཡུན་རིང་པོ་ནས་ཆུད་པ། ཡང་དག་པའི་ལམ་སྟོར་བ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་སྡུག་བསྔལ་མི་བཟད་པ་གཅན་གཟན་དང་། སྦྲུལ་གདུག་པ་ལྟ་བུས་ཤིན་ཏུ་གཙེས་པར་གྱུར་ཏེ། ཉམ་ཐག་པའི་སྨྲེ་སྔགས་སྙིང་རྗེ་རྗེ་ལྟར་རྒྱུན་དུ་སྒྲོགས་པ་དག་ལ་ཤིན་ཏུ་ཕུལ་དུ་བྱུང་ཞིང་བླ་ན་མེད་པའི་ཐུགས་རྗེ་ཆེན་པོས་ཡང་དག་པར་གཟིགས་ནས། མཐའ་དག་སྒྲོལ་བར་འདོད་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་ཀྱི་ཐུགས་མངོན་དུ་མཛད་དེ། བསྐལ་པ་བྱེ་བ་ཕྲག་ཁྲིག་དུ་མར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཁུར་ཆེན་པོ་བཞེས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱ་མཚོ་བསྲུབས་པ་ལས། རང་དང་གཞན་གྱི་དགོས་འདོད་མ་ལུས་པ་སྩོལ་བ། ཐར་པ་བླ་ན་མེད་པ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུའི་གོ་འཕང་མཆོག་ཏུ་གྱུར་པ་བརྙེས་ཏེ། གདུལ་བྱ་རྣམས་ཀྱི་ཁམས་དང་། བསམ་པ་དང་། བག་ལ་ཉལ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་མཛད་དེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའང། བརྗོད་བྱ་བསླབ་པ་གསུམ་གྱི་བྱེ་བྲག་ལས་ནི་སྡེ་སྣོད་རིན་པོ་ཆེ་གསུམ་དུ་འགྱུར་རོ། །རྗོད་བྱེད་ཀྱི་བྱེ་བྲག་ལས་ནི་གསུང་རབ་ཡན་ལག་བཅུ་གཉིས་སུ་འགྱུར་རོ། །མི་མཐུན་ཕྱོགས་ཀྱི་གཉེན་པོའི་བྱེ་བྲག་ལས་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་འགྱུར་ཏེ། འདི་ལྟར། འདོད་ཆགས་ལ་སྤྱོད་པའི་གང་ཟག་ཉི་ཁྲི་ཆིག་སྟོང་། དེ་བཞིན་དུ་ཞེ་སྡང་ལ་སྤྱོད་པ་དང་། གཏི་མུག་ལ་སྤྱོད་པ་དང་། ཆ་མཉམ་པ་ལ་སྤྱོད་པའི་གང་ཟག་ཀྱང་དེ་སྙེད་རེ་ཡོད་པས། དེ་དག་གི་ཕྱིར་དུ་ཆོས་ཀྱི་ཕུང་པོའང་དེ་སྙེད་གསུངས་སོ་ཞེས་འཕགས་པ་ཀླུ་སྒྲུབ་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐབས་ཀྱི་ལེའུའི་འགྲེལ་པར་བཤད་དོ་ཞེས་རྒྱའི་མཁན་པོ་ཟེར་རོ། །དུས་ཀྱི་བྱེ་བྲག་ལས་ནི་ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་སྟེ། འདི་ལྟར། བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་དང་། མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་དང་། ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པའི་ཆོས་ཀྱི་འཁོར་ལོའོ། །

དང་པོ་ནི། ཝཱ་ར་ཎཱ་སཱི་དྲང་སྲོང་རྒྱུ་བ་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་བདེན་པ་བཞི་ལས་བརྩམས་ཏེ་བསྟན་པ་གང་ཡིན་པའོ། །གཉིས་པ་ནི། བྱ་རྒོད་ཕུང་པོའི་རི་ལ་སོགས་པར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་དོན་དམ་པའི་བདེན་པ་སྟོང་པ་ཉིད་ལས་བརྩམས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བསྟན་པ་གང་ཡིན་པའོ། །གསུམ་པ་ནི། པད་མའི་སྙིང་པོ་ཅན་ལ་སོགས་པ་ཞིང་ཡོངས་སུ་དག་པ་དང་། མ་དག་པ་རྣམས་སུ་ཐེག་པ་ཐམས་ཅད་ལ་ཡང་དག་པར་གཞོལ་བ་རྣམས་ལ་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལས་བརྩམས་ནས་འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ལ་སོགས་པ་བསྟན་པ་གང་ཡིན་པའོ། །འདིར་ཆོས་ཀྱི་འཁོར་ལོའི་ངོ་བོ་ནི་གང་། ཅིའི་ཕྱིར་འཁོར་ལོ་ཞེས་བྱ་ཞེ་ན། ཆོས་ཀྱི་འཁོར་ལོའི་རང་བཞིན་ནི་གཉིས་ཏེ། བསྟན་པའི་ཆོས་དང་། རྟོགས་པའི་ཆོས་སོ། །དང་པོ་ནི། གསུང་རབ་ཡན་ལག་བཅུ་གཉིས་རྣམས་སོ། །གཉིས་པ་ནི། མཐོང་ལམ་ལ་སོགས་པ་འཕགས་པའི་ལམ་རྣམས་སོ། །འཁོར་ལོ་དང་ཆོས་མཐུན་པའི་ཕྱིར་ཆོས་ཀྱི་འཁོར་ལོ་ཞེས་བྱ་སྟེ། འདི་ལྟར། འཁོར་ལོས་མི་མཐུན་པའི་ཕྱོགས་འཇོམས་པར་བྱེད་པ་དང་། ཡུལ་གཞན་ནས་གཞན་དུ་འཕོ་བ་ལྟར། བསྟན་པ་དང་རྟོགས་པའི་བདག་ཉིད་ཀྱི་ཆོས་རྣམ་པ་འདི་གཉིས་ཀྱང་འདོད་ཆགས་ལ་སོགས་པ་མི་མཐུན་པའི་ཕྱོགས་འཇོམས་པར་བྱེད་པ་དང་། གདུལ་བྱའི་རྒྱུད་ལ་རིམ་གྱིས་འཕོ་བའི་ཕྱིར་རོ། །ཇི་ལྟར་འཕོ་བར་འགྱུར་ཞེ་ན། བཅོམ་ལྡན་འདས་ཀྱིས་བསྟན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལས། ཀུན་ཤེས་ཀོའུ་ཌི་ནྱ་ལ་སོགས་པས་དེ་ཚུལ་བཞིན་བསྒྲུབས་པས་རྟོགས་པའི་ཆོས་ཀྱི་འཁོར་ལོ་སྐྱེ་ལ། དེ་དག་གིས་ཀྱང་གདུལ་བྱ་གཞན་ལ་དེ་བསྟན་པ་ལས་དེ་ལྟར་རྟོགས་པ་སྐྱེ་བར་འགྱུར་བའི་ཚུལ་གྱིས་སོ། །ཆོས་ཀྱི་འཁོར་ལོ་གསུམ་པོ་འདི་དག་དུས་ནམ་གྱི་ཚེ་གསུངས་ཞེ་ན། བཙུན་པ་ཡང་དག་བདེན་ན་རེ། འཁོར་ལོ་དང་པོ་ནི་མངོན་པར་རྫོགས་པར་སངས་རྒྱས་པའི་ལོ་ཉིད་ཀྱི་ཚེ་གསུངས་ལ། གཉིས་པ་ནི་སངས་རྒྱས་ནས་ལོ་བདུན་ལོན་པ་ནའོ། །གསུམ་པ་ནི་སངས་རྒྱས་ནས་ལོ་སུམ་ཅུ་རྩ་བདུན་ལོན་པ་ན་གསུངས་སོ་ཞེས་ཟེར་རོ། །གཞན་དག་ན་རེ། གསུམ་པོ་དེ་དག་ཀྱང་ཐོག་མ་དང་། བར་དང་། ཐ་མར་གསུངས་པ་ཙམ་དུ་མངོན་གྱི་ལོ་དང་། ཟླ་བ་དང་། དུས་ཚིགས་ཀྱི་བྱེ་བྲག་འདི་ཙམ་ཞེས་བྱ་བ་ནི་ངེས་པར་མི་ཤེས་སོ། །ཞེས་ཟེར་རོ། །མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་དུས་གཉིས་པར་བསྐོར་བ་གང་གིས་ཤེས་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། དེའི་ཚེ་ལྷའི་བུ་བརྒྱ་སྟོང་ཚད་མེད་པ་རྣམས་ནམ་མཁའ་ལ་མེ་ཏོག་གཏོར་ནས། སྐད་མཐུན་པར་འདི་སྐད་དུ། ཀྱེ་བདག་ཅག་ལ་སོགས་པས་ནི། དེང་འཛམ་བུའི་གླིང་དུ་བཅོམ་ལྡན་འདས་ཀྱིས་ཤིན་ཏུ་གྱ་ནོམ་པའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བར་མཐོང་ཞེས་སྨྲས་སོ། །ཞེས་གསུངས་པ་ལས་ཤེས་སོ། །འཁོར་ལོ་གསུམ་པོ་འདི་དག་ལས་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ནི་ཉན་ཐོས་ཀྱི་སྡེ་སྣོད་དེ། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་ནི་ཐེག་པ་ཆེན་པོའི་སྡེ་སྣོད་དེ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །ལེགས་པར་རབ་ཏུ་ཕྱེ་བའི་ཆོས་ཀྱི་འཁོར་ལོ་ནི་ཐེག་པ་ཆེ་ཆུང་གཉིས་ཀའི་ཐུན་མོང་བ་ཡིན་ཏེ། ཐེག་པ་ཐམས་ཅད་ལ་ཡང་དག་པར་བཞུགས་པ་རྣམས་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །

གསུམ་པོ་འདི་དག་ལས་དྲང་བའི་དོན་ནི་གང་། ངེས་པའི་དོན་ནི་གང་ཞེ་ན། དེ་ལ་སྡེ་པ་དག་ནི་ཐ་མ་གཉིས་ཆོས་ཀྱི་འཁོར་ལོར་མི་འདོད་ལ། བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ཉིད་ལན་གསུམ་དུ་བཟླས་ཤིང་རྣམ་པ་བཅུ་གཉིས་སུ་བསྐོར་བར་འདོད་དོ། །ཅི་ལྟར་ན་ལན་གསུམ་དུ་བཟླས་པ་ཡིན་ཞེ་ན། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་པ་ནས་འདི་ནི་ལམ་འཕགས་པའི་བདེན་པའོ། །ཞེས་པའི་བར་ནི་བདེན་པ་བཞིའི་ངོ་བོ་ལ་བཟླས་པ་སྟེ་དང་པོའོ། །དེའི་འོག་ཏུ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་སྟེ་ཡོངས་སུ་ཤེས་པར་བྱའོ། །ཞེས་པ་ནས་འདི་ནི་ལམ་འཕགས་པའི་བདེན་པ་སྟེ། བསྒོམ་པར་བྱའོ་ཞེས་པའི་བར་ནི་བདེན་པ་བཞིའི་བྱ་བ་ལ་བཟླས་པ་སྟེ་གཉིས་པའོ། །དེའི་འོག་ཏུ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་སྟེ་ཡོངས་སུ་ཤེས་སོ། །ཞེས་པ་ནས་འདི་ནི་ལམ་འཕགས་པའི་བདེན་པ་སྟེ། བསྒོམས་སོ་ཞེས་པའི་བར་ནི་བདེན་པ་བཞི་ལ་མཐར་ཕྱིན་པར་བཟླས་པ་སྟེ་གསུམ་པའོ། །དེ་དག་ཀྱང་གོ་རིམ་བཞིན་དུ་མཐོང་བ་དང་། སྒོམ་པ་དང་། མི་སློབ་པའི་ལམ་གསུམ་གྱི་དབང་དུ་བྱས་པ་ཡིན་ནོ། །གསུམ་པོ་དེ་དག་རེ་རེ་ལའང་མིག་དང་། ཤེས་པ་དང་། བློ་དང་། རིག་པ་སྐྱེའོ་ཞེས་འབྱུང་སྟེ། དེ་ལ་ཐོག་མ་ཉིད་དུ་བདེན་པ་རྣམས་ལ་འཕགས་པའི་ཡེ་ཤེས་དྲི་མ་མེད་པ་སྐྱེས་པ་ནི་མིག་གོ །དེ་ཉིད་དུས་གསུམ་གྱི་བྱེ་བྲག་ལས་ཤེས་པ་ལ་སོགས་པ་རྣམ་པ་གསུམ་དུ་འགྱུར་རོ། །ཡང་ན། ཆོས་བཟོད་དང་། ཆོས་ཤེས་དང་། རྗེས་བཟོད་དང་། རྗེས་ཤེས་བཞི་དང་གོ་རིམ་བཞིན་དུ་སྦྱར་རོ། །ཅི་ལྟར་ན་རྣམ་པ་བཅུ་གཉིས་སུ་བསྐོར་ཞེ་ན། བདེན་པ་བཞི་པོ་རེ་རེ་ལའང་ངོ་བོ་དང་། བྱ་བ་དང་། མཐར་ཕྱིན་པར་བཟླས་པ་གསུམ་གསུམ་དུ་བསྐོར་བའི་ཕྱིར་རོ། །དེ་ལ་ཕལ་ཆེན་པའི་སྡེ་པ་ལ་སོགས་པ་ཁ་ཅིག་ནི། དེ་བཞིན་གཤེགས་པའི་གསུང་ཐམས་ཅད་ནི་ངེས་པའི་དོན་ཡིན་ནོ་ཞེས་ཟེར་རོ། །ཐམས་ཅད་ཡོད་པར་སྨྲ་བ་ལ་སོགས་པ་རྣམས་ནི། དེ་བཞིན་གཤེགས་པའི་གསུང་ལ་དྲང་བའི་དོན་དང་ངེས་པའི་དོན་གཉིས་ཀ་ཡོད་དོ་ཞེས་ཟེར་རོ། །ཐེག་པ་ཆེན་པོའི་སློབ་དཔོན་དག་ནི་མི་མཐུན་ཏེ། འདི་ལྟར་འཕགས་པ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་བ་དག་ནི། མདོ་སྡེ་གང་སྟོང་པ་ཉིད་མཁྱུད་༼སྦས་བའི་བརྡ་རྙིང་།༽ཅིང་ཀུན་རྫོབ་ཀྱི་བདེན་པ་གཙོ་བོར་སྟོན་པ་དེ་དག་ནི་དྲང་བའི་དོན་ཡིན་ལ། མདོ་སྡེ་གང་སྟོང་པ་ཉིད་དོན་དམ་པའི་བདེན་པ་གཙོ་བོར་སྟོན་པ་དེ་དག་ནི་ངེས་པའི་དོན་གྱི་མདོ་སྡེ་ཡིན་ནོ། །དེའི་ཕྱིར་འཁོར་ལོ་དང་པོར་ནི་གཟུགས་ལ་སོགས་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་རྣམ་པར་བཞག་ལ། ཐ་མར་ཡང་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡོད་པར་བསྟན་པའི་ཕྱིར་དྲང་བའི་དོན་ཡིན་པ་ལ། བར་པར་ནི་སྟོང་པ་ཉིད་ཀྱི་རྣམ་པ་གསལ་པོར་བསྟན་པའི་ཕྱིར་ངེས་པའི་དོན་ཡིན་པར་བཞེད་དོ། །འཕགས་པ་ཐོགས་མེད་ཀྱི་རྗེས་སུ་འབྲང་བ་དག་ནི། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་རྗེས་སུ་འབྲངས་ནས། བཀའ་དང་པོ་ནི་སྟོང་པ་ཉིད་མཁྱུད་ནས་ཡོད་པའི་རྣམ་པ་སྟོན་པ་དང་། གཉིས་པ་ཡང་ཡོད་པ་ཉིད་མཁྱུད་ནས་སྟོང་པ་ཉིད་ཀྱི་རྣམ་པ་སྟོན་པའི་ཕྱིར་ངེས་པའི་དོན་མ་ཡིན་ལ། ཐ་མར་ནི་རང་བཞིན་གསུམ་གྱི་སྒོ་ཡོད་པ་དང་མེད་པ་ལེགས་པར་ཕྱེ་ནས་སྒྲོ་འདོགས་པ་དང་། སྐུར་བ་འདེབས་པའི་མཐའ་གཉིས་ཀ་སྤངས་པའི་ཕྱིར་ངེས་པའི་དོན་ཡིན་པར་བཞེད་དོ། །དེ་ལྟར་ཡང་འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ལས། བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝཱ་ར་ཎཱ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ། འཕགས་པའི་བདེན་པ་བཞི་བསྟན་པའི་རྣམ་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ། མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་ཞིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ། སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ། ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པའི་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་གསུངས་སོ། །འདིའི་བསྡུས་པའི་དོན་ནི་གཉིས་ཀྱིས་རིག་པར་བྱ་སྟེ། འདི་ལྟར། བཤད་བྱའི་ཆོས་ཀྱི་འཁོར་ལོ་དང་། འཆད་བྱེད་ཀྱི་ཆོས་ཀྱི་འཁོར་ལོ་གཉིས་སོ། །དང་པོ་ལའང་། བདེན་པ་བཞིའི་འཁོར་ལོ་དང་། མཚན་ཉིད་མེད་པའི་འཁོར་ལོ་གཉིས་སོ། །དང་པོ་ལའང་། ཆོས་ཀྱི་འཁོར་ལོ་ཡང་དག་པར་བསྟན་པ་དང་། དེ་ཉིད་དམན་པར་བསྟན་པའོ། །དང་པོ་ལའང་། སྟོན་པ་གང་གིས། དུས་ནམ་གྱི་ཚེ། གནས་གང་དུ། གདུལ་བྱ་གང་ལ། བརྗོད་བྱ་གང་ལས་བརྩམས་ཏེ། ཆོས་ཀྱི་འཁོར་ལོ་གང་བསྐོར་བ་རྣམས་ཀྱིས་ཤེས་པར་བྱའོ། །དེ་ལ་དང་པོ་ནི། བཅོམ་ལྡན་འདས་ཀྱིས་ཞེས་པའོ། །གཉིས་པ་ནི་དང་པོར་ཞེས་པའོ། །གསུམ་པ་ནི། ཡུལ་ཝཱ་ར་ཎཱ་སཱི་ཞེས་པའོ། །བཞི་པ་ནི། ཉན་ཐོས་ཀྱི་ཐེག་པ་ལ་ཞེས་སོ། །ལྔ་པ་ནི། འཕགས་པའི་བདེན་པ་ཞེས་སོ། །དྲུག་པ་ནི། ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་ཞེས་སོགས་སོ། །གཉིས་པ་ཆོསའཁོར་དེ་ཉིད་དམན་པར་བསྟན་པ་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའང་ཞེས་སོགས་སོ། །དེ་ལ་བླ་ན་མཆིས་པ་ཞེས་པ་ནི་འཁོར་ལོ་ཐ་མ་གཉིས་གོང་ན་ཡོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྐབས་ཡོད་པའོ། །དྲང་བའི་དོན་ཅེས་པ་ནི་སྒྲ་ཇི་བཞིན་པ་མ་ཡིན་པའི་ཕྱིར་རོ། །འདི་ཉིད་ཀྱིས་ན་རྩོད་པའི་གཞིའི་གནས་སོ། །གཉིས་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་ལའང་། ཆོས་ཀྱི་འཁོར་ལོ་ཡང་དག་པར་བསྟན་པ་དང་། དེ་ཉིད་ངེས་པའི་དོན་མ་ཡིན་པར་བསྟན་པའོ། །དང་པོ་ལའང་སྔ་མ་ལྟར་དྲུག་ལས། སྟོན་པ་གང་གིས་ཞེ་ན། བཅོམ་ལྡན་འདས་ཀྱིས་ཞེས་སོ། །དུས་ནི་བདེན་བཞིའི་ཆོས་འཁོར་བསྐོར་བ་དེའི་འོག་ཏུའོ། །གནས་ནི་བྱ་རྒོད་ཕུང་པོའི་རི་ལ་སོགས་པར་རོ། །བརྗོད་བྱ་གང་ལས་བརྩམས་ཞེ་ན། ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ལས་བརྩམས་ཞེས་སོགས་སོ། །གདུལ་བྱ་གང་ལ་ན། ཐེག་པ་ཆེན་པོ་ལ་ཞེས་སོགས་སོ། །ཆོས་ཀྱི་འཁོར་ལོ་ནི། ཆེས་ངོ་མཚར་རྨད་དུ་བྱུང་བའི་ཞེས་སོགས་སོ། །གཉིས་པ་དེ་དོན་དམ་མ་ཡིན་པར་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའང་ཞེས་སོགས་སོ། །དེ་ལ་བླ་ན་མཆིས་པ་ནི་འཁོར་ལོ་ཐ་མ་གོང་ན་ཡོད་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་སྐབས་ཡོད་པའོ། །སྒྲ་ཇི་བཞིན་པ་མ་ཡིན་པས་དྲང་བའི་དོན་ཏོ། །དེ་ཉིད་ཀྱིས་ན་རྩོད་པའི་གཞིའི་གནས་སུ་གྱུར་པའོ། །གསུམ་པ་འཆད་བྱེད་ཀྱི་ཆོས་ཀྱི་འཁོར་ལོ་ནི། ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པའི་འཁོར་ལོ་སྟེ། དེས་ནི་འཁོར་ལོ་དང་པོ་གཉིས་ཀྱི་དགོངས་པ་མི་འགལ་བར་རྣམ་པར་འབྱེད་པའི་ཕྱིར་རོ། །འདིའང་ཆོས་ཀྱི་འཁོར་ལོ་ཡང་དག་པར་བསྟན་པ་དང་། དེ་ཉིད་ངེས་པའི་དོན་དུ་བསྟན་པ་གཉིས་ཀྱིས་རིག་པར་བྱའོ། །དང་པོ་ལའང་། སྟོན་པ་གང་གིས་ན། བཅོམ་ལྡན་འདས་ཀྱིས་ཞེས་སོ། །དུས་ནི་འཁོར་ལོ་གཉིས་པའི་འོག་ཏུའོ། །གནས་ནི་པད་མའི་སྙིང་པོ་ཅན་ལ་སོགས་པའོ། །བརྗོད་པར་བྱ་བ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ལས་བརྩམས་ཞེས་སོགས་སོ། །གདུལ་བྱ་ནི་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་ཞེས་སོ། །ཆོས་ཀྱི་འཁོར་ལོ་ནི་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཞེས་སོགས་སོ། །གཉིས་པ་དེ་ངེས་པའི་དོན་དུ་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་ཞེས་སོགས་ཏེ། བླ་ན་མ་མཆིས་པ་ནི། འདིའི་གོང་ན་འཁོར་ལོ་གཞན་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྐབས་མེད་པའོ། །ངེས་པའི་དོན་ནི་འདིར་ཡོད་པ་དང་མེད་པ་སོགས་སོ་སོར་ཕྱེ་ནས་བསྟན་པས་སྒྲ་ཇི་བཞིན་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་རྩོད་པའི་གཞིའི་གནས་མ་ཡིན་ནོ། །བཀའ་བར་པ་ངེས་པའི་དོན་དུ་འདོད་པ་དག་གིས་མདོ་འདི་ཇི་ལྟར་དྲང་ཞེ་ན། དེ་དག་ནི་མདོ་སྡེ་འདི་ལ་སོགས་པ་གང་དུ་རྣམ་པར་རིག་པ་ཙམ་གྱི་ཚུལ་སྟོན་པ་སྟེ། དེ་ཐམས་ཅད་ནི་དྲང་བའི་དོན་དུ་འཆད་པར་བྱེད་དོ། །འདི་དག་དྲང་དོན་ཡིན་པར་གང་ལས་ཤེས་ཞེ་ན། ལུང་དང་རིགས་པ་ལས་ཏེ། དེ་ལ་རེ་ཞིག་ལུང་ནི་འཕགས་པ་ལང་ཀར་གཤེགས་པ་ལས། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་ནི་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །སེམས་ཙམ་དུ་ཡང་ཆོས་སྟོན་ཏོ། །ཞེས་གསུངས་སོ། །དགོས་པ་ནི། གཙོ་བོ་དང་། རྡུལ་དང་། དབང་ཕྱུག་ལ་སོགས་པ་རང་གཞན་གྱི་སྡེ་པ་དག་གིས་བརྟགས་པའི་བྱེད་པ་པོ་དང་། གང་ཟག་ལ་སོགས་པ་དགག་པའི་ཕྱིར་ཏེ། ཡང་དེ་ཉིད་ལས། གང་ཟག་རྒྱུན་དང་ཕུག་པོ་དང་། །དེ་བཞིན་རྐྱེན་དང་རྡུལ་དང་ནི། །གཙོ་བོ་དབང་ཕྱུག་བྱེད་པོ་རྣམས། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །རིགས་པའང་ཡོད་དེ། དགོངས་འགྲེལ་ལ་སོགས་པ་དག་ལས་གཞན་དབང་རྣམ་རིག་ཙམ་ཡོད་པར་བསྟན་པ་དེ། གལ་ཏེ་ངེས་པའི་དོན་ཡང་དག་པ་ཡིན་ན་རིགས་པས་གནོད་པར་མི་འགྱུར་བར་རིགས་ན། འོག་ནས་འཆད་པར་འགྱུར་བའི་རིགས་པས་རྣམ་ཤེས་བདེན་པར་གྲུབ་པ་བརྟག་མི་བཟོད་པའི་ཕྱིར་རོ། །དེ་བས་ན་མདོ་འདིར། བར་པ་དྲང་བའི་དོན་དང་ཐ་མ་ངེས་པའི་དོན་དུ་གསུངས་པའི་དགོངས་པ་ནི། དམིགས་པ་ཅན་དུ་ལྟ་བ་སྟོང་པ་ཉིད་ལ་སྐྲག་པ་དག་རིམ་གྱིས་དྲང་བར་བྱ་བའི་ཕྱིར་དང་། ཐ་སྙད་དུ་སེམས་ཙམ་ལས་གཞན་པའི་བྱེད་པ་པོ་དང་། ཟ་བ་པོ་དགག་པའི་ཕྱིར་གསུངས་པར་ལུང་དང་རིགས་པས་ཤེས་ཏེ། རྒྱས་པར་འོག་ཏུ་འཆད་པའི་ཕྱིར་མ་སྤྲོས་སོ། །གང་དག་རྣམ་པར་ཤེས་པ་ལས་གཞན་པའི་བདེ་བར་གཤེགས་པའི་སྙིང་པོ་རྟག་པ་ཁས་བླངས་ནས། དེ་ཉིད་བཀའ་ཐ་མའི་དགོངས་པ་ཡིན་པར་བསམས་ནས་ལུང་འདི་ཉིད་ཀྱིས་བཀའ་ཐ་མ་ངེས་དོན་དུ་སྒྲུབ་པར་བྱེད་པ་ནི་སྣ་བཅད་མ་གཡར་པོའི་རྒྱན་གྱིས་མཛེས་པར་རློམ་པ་དང་འདྲ་སྟེ། ལུགས་དེ་ནི་བཀའ་ཐ་མ་ངེས་དོན་དུ་བཞེད་པའི་ཤིང་རྟ་ཆེན་པོ་དག་གི་ལུགས་ལས་ཀྱང་ཕྱི་རོལ་ཏུ་གྱུར་པའི་ཕྱིར་རོ། །རྒྱུ་མཚན་རྒྱས་པར་གཞན་དུ་བཤད་དོ། །

དེ་ལྟར་ཐུབ་པས་ཆོས་གསུངས་པའི་ཚུལ་མདོ་ཙམ་སྨོས་ནས། དེའི་འོག་ཏུ་གསུང་རབ་དེ་ཉིད་སྡུད་པར་བྱེད་པ་རྣམས་ཀྱི་ཇི་ལྟར་བསྡུས་པའི་ཚུལ་ཅུང་ཞིག་བརྗོད་པར་བྱའོ། །དེ་ལ་བསྡུ་བ་ནི་རྣམ་པ་གཉིས་ཏེ། ཐེག་པ་དམན་པའི་སྡེ་སྣོད་ཀྱི་བསྡུ་བ་དང་། ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་བསྡུ་བའོ། །དང་པོ་ལའང། རྩ་བའི་བསྡུ་བ་གཅིག་དང་། གནས་སྐབས་ཀྱི་བསྡུ་བ་གཉིས་ཏེ་གསུམ་དུ་གྲགས་སོ། །དང་པོ་ནི། རྩ་བའི་སྡུད་པ་པོ་འཕགས་པ་འོད་སྲུངས་ཆེན་པོ་དང་། ཉེ་བ་འཁོར་དང་། ཀུན་དགའ་བོ་རྣམས་ཀྱིས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་རིང་པོ་མ་ལོན་པར་ན། རྒྱལ་པོའི་ཁབ་ཏུ་དགྲ་བཅོམ་པ་ལྔ་བརྒྱའི་དབུས་སུ་སྟོན་པས་ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཇི་ལྟར་སྣང་བ་ལྟར། ཐོག་མར་འདི་སྐད་བདག་གིས་ཐོས་པ་དང་། ཐ་མར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་པ་དང་། བར་སྐབས་དག་ཏུ་མཚམས་སྦྱོར་དང་། འབྲེལ་བ་ལ་སོགས་པ་ཇི་ལྟར་རིགས་པ་བསྙད་དེ་ཐེག་པ་དམན་པའི་སྡེ་སྣོད་གསུམ་ཡང་དག་པར་བསྡུས་སོ། །དེ་ནས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་དང་། ཡངས་པ་ཅན་གྱི་གྲོང་ཁྱེར་དུ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པའི་གཞི་བཅུས་སངས་རྒྱས་ཀྱི་བསྟན་པ་ལ་རྨ་ཕྱུང་སྟེ་དྲི་མ་ཅན་དུ་བྱས་པ་ན་འཕགས་པ་གྲགས་པ་ལ་སོགས་པ་དགྲ་བཅོམ་པ་བདུན་བརྒྱས་རུང་བ་མ་ཡིན་པའི་གཞི་བཅུ་སུན་ཕྱུང་ནས་བཀྲ་ཤིས་ཀྱི་གསོ་སྦྱོང་མཛད་དེ། དེ་ལ་བསྡུ་བ་གཉིས་པ་ཞེས་གྲགས་སོ། །བསྡུ་བ་གཉིས་པོ་འདི་ནི་ལུང་ཕྲན་ཚེགས་ལས་བྱུང་ངོ་། །བསྡུ་བ་གསུམ་པ་ནི་བསྟན་བཅོས་ལས་གྲགས་པར་ཟད་ཀྱི་ལུང་ལས་མི་འབྱུང་ངོ་། །བསྡུ་བ་གཉིས་པ་མ་བྱུང་བའི་གོང་དུ་ནི་སྡེ་པ་སོ་སོར་གྱེས་པའང་མེད་ལ། དེ་ནས་བདུད་ཀྱི་ལས་ཆེར་གཡོས་ཏེ་རྩོད་པའི་ཆོས་འགའ་ཞིག་བྱུང་བས་སྡེ་པ་སོ་སོར་གྱིས་ཤིང་། སྡེ་པ་རྣམས་གྱེས་པའི་འོག་ཏུ་བསྡུ་བ་གསུམ་པ་བྱུང་བར་མངོན་ཏེ། རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས་ལུང་བསྟན་པའི་མདོ་ལ་བརྟེན་ནས་སྡེ་པ་ཐམས་ཅད་སངས་རྒྱས་ཀྱི་བསྟན་པར་བསྡུས་པ་ཉིད་ལ་བསྡུ་བ་གསུམ་པར་གྲགས་པའི་ཕྱིར་རོ། །སྡེ་པ་སོ་སོ་དེ་དག་ཀྱང་དུས་ནམ་གྱི་ཚེ་གྱེས། རྣམ་པ་དུ་ཞིག་ཡོད་ཅེ་ན། འདི་ལ་རྟོག་གེ་འབར་བར་ལུགས་གསུམ་འབྱུང་སྟེ། དང་པོ་ནི། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་དྲུག་ལོན་པ་ན། གྲོང་ཁྱེར་མེ་ཏོག་གིས་རྒྱས་པ་ཞེས་བྱ་བར། རྒྱལ་པོ་དྷརྨ་ཨ་ཤོ་ཀ་ཞེས་བྱ་བ་རྒྱལ་སྲིད་བྱེད་པའི་ཚེ། རྩོད་པའི་ཆོས་འགའ་ཞིག་བྱུང་བའི་དབང་གིས་དགེ་འདུན་གྱི་དབྱེན་ཆེན་པོར་གྱུར་ཏོ། །དེ་རེ་ཞིག་སྡེ་གཉིས་སུ་ཆད་ནས་གནས་ཏེ། དགེ་འདུན་ཕལ་ཆེན་པ་དང་། གནས་བརྟན་པའོ། །དེ་ལ་དགེ་འདུན་ཕལ་ཆེན་པའི་སྡེ་པའང་རིམ་གྱིས་བྱེ་བར་གྱུར་པ་ན་རྣམ་པ་བརྒྱད་དུ་གནས་ཏེ། འདི་ལྟར་དགེ་འདུན་ཕལ་ཆེན་པའི་སྡེ་པ་དང་། ཐ་སྙད་གཅིག་པ་དང་། འཇིག་རྟེན་ལས་འདས་པར་སྨྲ་བ་དང་། མང་དུ་ཐོས་པ་དང་། རྟག་པ་སྨྲ་བ་དང་། མཆོད་རྟེན་པ་དང་། ཤར་གྱི་རི་བོ་པ་དང་། ནུབ་ཀྱི་རི་བོ་པ་རྣམས་སོ། །གནས་བརྟན་པའང་རིམ་གྱིས་བྱེ་བར་འགྱུར་ནས་རྣམ་པ་བཅུར་གནས་ཏེ། འདི་ལྟ་སྟེ། གནས་བརྟན་པ་དང་། ཐམས་ཅད་ཡོད་པར་སྨྲ་བ་དང་། གནས་པ་བུ་པ་དང་། ཆོས་མཆོག་པ་དང་། བཟང་པོའི་ལམ་པ་དང་། ཀུན་གྱིས་བཀུར་བ་དང་། མང་སྟོན་པ་དང་། ཆོས་སྦས་པ་དང་། ཆར་བཟང་འབེབས་པ་དང་། བླ་མ་པ་ཞེས་བྱ་བ་རྣམས་སོ། །དེ་ལ་གནས་བརྟན་པའི་མིང་གཉིས་པ་ནི་གངས་རི་བ་ཞེས་ཀྱང་བྱའོ། །ཡོད་སྨྲ་བའི་མིང་གཞན་ཡང་རྣམ་པར་ཕྱེ་སྟེ་སྨྲ་བ་དང་། རྒྱུར་སྨྲ་བ་དང་། ཁ་ཅིག་མུ་རུན་ཏ་ཀ་པ་ཞེས་ཀྱང་ཟེར་རོ། །ཀུན་གྱིས་བཀུར་བ་པའི་མིང་གཞན་ནི། པན་ཏ་ཀ་པ་དང་། ཀུ་རུ་ཀུ་ལ་པ་ཞེས་ཀྱང་ཟེར་རོ། །ཆར་བཟང་འབེབས་པའི་མིང་གཉིས་པ་འོད་སྲུངས་པ་ཞེས་ཀྱང་ཟེར། བླ་མ་པ་ལའང་། ཁ་ཅིག་འཕོ་བར་སྨྲ་བ་ཞེས་ཟེར་རོ། །ལུགས་གཉིས་པ་ནི་ཕྱེ་བའི་དུས་དང་གནས་དང་། རྒྱུ་མཚན་སྔ་མ་དང་འདྲ་བ་ལ། རྩ་བའི་དབྱེ་བ་རྣམ་པ་གསུམ་ནི། འདི་ལྟར། གནས་བརྟན་པ་དང་། དགེ་འདུན་ཕལ་ཆེན་པ་དང་། རྣམ་པར་ཕྱེ་སྟེ་སྨྲ་བའོ། །གནས་བརྟན་པའང་གཉིས་ཏེ། ཐམས་ཅད་ཡོད་པར་སྨྲ་བ་དང་། གནས་མ་བུའི་སྡེ་པའོ། །ཡོད་པར་སྨྲ་བའང་གཉིས་ཏེ། དེ་ཉིད་དང་། མདོ་སྡེ་སྨྲ་བའོ། །གནས་མ་བུ་པའང་བཞི་སྟེ། མང་པོས་བཀུར་བ་དང་། ཆོས་མཆོག་པ་དང་། བཟང་པོའི་ལམ་པ་དང་། གྲོང་ཁྱེར་དྲུག་པ་རྣམས་སོ། །དེ་ལྟར་ན་གནས་བརྟན་པ་ནི་དྲུག་ཏུ་གནས་སོ། །དགེ་འདུན་ཕལ་ཆེན་པའང་རྣམ་པ་བརྒྱད་དེ། འདི་ལྟར། དེ་ཉིད་དང་། ཤར་གྱི་རི་བོ་པ་དང་། ནུབ་ཀྱི་རི་བོ་པ་དང་། རྒྱལ་པོའི་རི་པ་དང་། གངས་རི་པ་དང་། དོན་གྲུབ་པ་དང་། མཆོད་རྟེན་པ་དང་། བ་ལང་གནས་པ་ཞེས་བྱ་བ་རྣམས་སོ། །རྣམ་པར་ཕྱེ་སྟེ་སྨྲ་བའང་བཞི་སྟེ། ས་སྟོན་པ་དང། འོད་སྲུངས་པ་དང་། ཆོས་སྦས་པ་དང་། གོས་དམར་བ་ཞེས་བྱ་བ་རྣམས་སོ། །ལུགས་གསུམ་པ་ནི། བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་སུམ་ཅུ་རྩ་བདུན་ལོན་པ་ན། རྒྱལ་པོ་དགའ་བོ་དང་། པདྨ་ཆེན་པོ་ཞེས་བྱ་བས་གྲོང་ཁྱེར་པ་ཏ་ལ་པུ་ཏྲའི་ནང་དུ་སྡུད་པར་བྱེད་པ་ལ་སོགས་པའི་འཕགས་པ་ཕལ་ཆེ་བ་ནི། ཡང་ལེན་པ་མེད་པར་བསིལ་བའི་དངོས་པོ་ཐོབ་པར་གྱུར་པ་ན། འཕགས་པ་འོད་སྲུངས་ཆེན་པོ་དང་། འཕགས་པ་ཀླུ་ཆེན་པོ་དང་། གཏོང་བ་ཆེན་པོ་དང་། བླ་མ་དང་། རཻ་བ་ཏ་ལ་སོགས་པའི་ཡང་དག་པར་རིག་པ་ཐོབ་པའི་དགྲ་བཅོམ་པའི་དགེ་འདུན་དེ་ལྟར་བཞུགས་པ་ན། བདུང་སྡིག་ཅན་བཟང་པོ་ཐམས་ཅད་མི་མཐུན་པའི་ཕྱོགས་སུ་གྱུར་པ་དགེ་སློང་གི་ཆ་བྱད་འཛིན་པས་རྫུ་འཕྲུལ་སྣ་ཚོགས་བསྟན་ཏེ། གཞི་ལྔས་དགེ་འདུན་གྱི་དབྱེན་ཆེན་པོ་བསྐྱེད་དེ། གནས་བརྟན་ཀླུ་ཞེས་བྱ་བ་དང་། ཡིད་བརྟན་པ་ཞེས་བྱ་བ་མང་དུ་ཐོས་པ་དག་གིས་གཞི་ལྔ་བསྔགས་པར་བྱེད་དོ། །གཞི་ལྔ་ནི། རྗེས་སུ་སྟོན་པར་བྱེད་ཅིང་དེས་གཞན་ལ་ལན་གདབ་པ་དང་། མི་ཤེས་པ་དང་། ཡིད་གཉིས་དང་ཡོངས་སུ་བརྟག་པ་དང་། བདག་ཉིད་གསོ་བར་བྱེད་པ་ནི་ལམ་ཡིན་ཏེ། འདི་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནས་དགེ་འདུན་སྡེ་གཉིས་སུ་ཆད་ནས་གནས་ཏེ། གནས་བརྟན་པ་དང་ཕལ་ཆེན་སྡེ་པའོ། །དེ་ལྟར་ལོ་དྲུག་ཅུ་རྩ་གསུམ་བར་དུ་དགེ་འདུན་བྱེ་ནས་འཁྲུག་ལོང་གིས་གནས་སོ། །

དེ་ནས་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་གཉིས་འདས་པ་ན། གནས་བརྟན་གནས་མ་བུས་བསྟན་པ་ཡང་དག་པར་བསྡུས་སོ། །དེས་ཡང་དག་པར་བསྡུས་པའི་རྗེས་ལ། དགེ་འདུན་ཕལ་ཆེན་པ་ནི་རྣམ་པ་དྲུག་ཏུ་གྱེས་ལ། གནས་བརྟན་པ་ནི་རྣམ་པ་བཅུ་གཉིས་སུ་གྱེས་ཏེ་གནས་པར་བཤད་དོ། །སློབ་དཔོན་ཤཱཀྱ་འོད་ནི། གཞི་ཐམས་ཅད་ཡོད་པར་སྨྲ་བ་ཉིད་ལས་གཞན་བཅུ་བདུན་གྱེས་པར་བཞེད་དོ། །རྒྱའི་མཁན་པོས་དགོངས་འགྲེལ་གྱི་འགྲེལ་པར། ཐམས་ཅད་ཡོད་པར་སྨྲ་བ་དང་ཕལ་ཆེན་པ་གཉིས་ལ་རེ་རེ་ཞིང་བཅུ་བཅུར་གྱེས་པས་སྡེ་པ་ཉི་ཤུར་བཤད་དོ། །གཞན་ཡང་སློབ་དཔོན་དུལ་བའི་ལྷས་ཀྱང་སྡེ་པ་ཐ་དད་ཀླག་པའི་འཁོར་ལོ་ལས་རྩ་བ་དང་ཡན་ལག་གི་ད བྱེ་བ་ཅུང་ཟད་མི་འདྲ་བ་བཤད་དེ་མ་བྲེས་སོ། །སྡེ་པ་འདི་རྣམས་ཀྱི་སོ་སོའི་རྩ་བའི་དམ་ཚིག་དང་། མིང་གི་དོན་རྣམས་ནི་ཞིབ་པར་རྟོག་གེ་འབར་བ་ལས་ཤེསཔར་བྱའོ། །

གཉིས་པ་ཐེག་པ་ཆེན་པོའི་སྡེ་སྣོད་ཡང་དག་པར་བསྡུ་བ་ལའང་། རྩ་བའི་བསྡུ་བ་གཅིག་དང་། གནས་སྐབས་ཀྱི་བསྡུ་བ་གཉིས་སུ་གནས་སོ། །དང་པོ་རྩ་བའི་སྡུད་པ་པོ་ནི། བྱམས་པ་དང་། ཀུན་ཏུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཡིན་ཏེ། རྟོག་གེ་འབར་བར་རྩ་བའི་བསྡུས་པ་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་། འཇམ་དཔལ་དང་། གསང་བའི་བདག་པོ་དང་། བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར་རོ། །བདག་ཅག་གི་རྩ་བའི་སྡུད་པ་པོར་བྱེད་པ་ཉན་ཐོས་ནི་མ་ཡིན་ཏེ། ཐེག་པ་ཆེན་པོའི་གསུང་རབ་ནི་དེ་དག་གི་ཡུལ་མ་ཡིན་པའི་ཕྱིར་རོ། །ཞེས་བཤད་པས་སོ། ཁ་ཅིག་ན་རེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངསས་སུ་གཏད་པའི་ལེའུ་ལས། འཕགས་པ་ཀུན་དགའ་བོ་ཉིད་ལ་ཡོངས་སུ་གཏད་པའི་ཕྱིར། ཐེག་པ་ཆེན་པོའི་ཡང་སྡུད་པར་བྱེད་པ་པོ་ནི་འཕགས་པ་ཀུན་དགའ་བོ་ཉིད་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ། ཀུན་དགའ་བོའི་མདོ་ལས། བཅོམ་ལྡན་འདས་བགྲེས་པར་གྱུར་པའི་གནས་སྐབས་ན། འཕགས་པ་ཀུན་དགའ་བོ་ལ་བསྙེན་བཀུར་བར་བཀའ་བསྩལ་ཏེ། ངས་བསྟན་པའི་ཆོས་རྣམས་ཀྱང་འཛིན་པར་ནུས་སོ་ཞེས་པ་ནས། དེས་གསོལ་བ། བདག་ལོ་ཉི་ཤུ་ལྷག་ཙམ་ཞིག་བཅོམ་ལྡན་འདས་ཀྱི་ཐད་དུ་གནས་པར་བགྱི་ལགས་སོ། །ཞེས་བྱ་བ་དེ་ཉིད་ལས། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་ཞིག་བཅོམ་ལྡན་འདས་ཀྱི་ཐད་ནས་བདག་གིས་གཟུང་ངོ་། །གཉིས་ནི་དགེ་སློང་དག་ལའོ་ཞེས་པའི་ལུང་འདི་ལས་ནི། འཕགས་པ་ཀུན་དགའ་བོས་དེ་བཞིན་གཤེས་པ་ལས་ཆོས་ཐམས་ཅད་མ་ཐོས་པའི་ཕྱིར་ན། མདོ་སྡེ་ཐམས་ཅད་བསྡུ་བར་མི་ནུས་སོ་ཞེས་ཟེར་རོ། །གནས་སྐབས་ཀྱི་བསྡུ་བ་གཉིས་ཀྱང་། གཅིག་ནི་གླེགས་བམ་མི་ཉམས་པར་སྡུད་པར་བྱེད་པ་ཙམ་ཡིན་ལ། གཞན་ནི་ཐེག་ཆེན་ལ་སྒྲོ་སྐུར་སྤངས་ནས་དེའི་བསྟན་པ་རྒྱས་པར་བྱེད་པའོ། །དང་པོ་ནི། བསྟན་པ་ལ་དགའ་བའི་ཀླུ་རྣམས་ཡིན་ཏེ། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་འོག་ཏུ་འཛམ་བུའི་གླིང་ན་ཐེག་པ་ཆེན་པོའི་སྣོད་དུ་གྱུར་པ་སུའང་མེད་པས། ཐེག་ཆེན་གྱི་མདོ་སྡེ་རྣམས་སུས་ཀྱང་མ་བསྡུས་པ་ན་དེ་དག་གིས་བསྡུས་ཏེ། ཀླུའི་འཇིག་རྟེན་ལ་སོགས་པར་བཞུགས་པར་གསོལ་བའི་ཕྱིར་རོ། །དེའི་ཕྱིར་སློབ་སྤྲིང་ལས་ཀྱང་། བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་འཕེན་མེད་པ། །རྣམ་པར་དག་ཚུལ་གང་ཡིན་ཀླུ་མགོའི་གདེངས་ཀ་ཅན། །ཆེན་པོ་རྣམས་ཀྱིས་གཙུག་གི་རྒྱན་བཞིན་གུས་མནོས་ནས། །ས་ཡི་གཏིང་ན་གནས་པའི་རབ་རིབ་སེལ་བར་མཛད། །ཅེས་གང་གསུངས་པ་ཡིན་ནོ། །གཉིས་པ་ནི། འཕགས་པ་ཀླུ་སྒྲུབ་ཡིན་ཏེ། དེས་ཀླུའི་ཡུལ་ནས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐེག་ཆེན་གྱི་མདོ་སྡེ་དུ་མ་སྤྱན་དྲངས་ནས། མིའི་ཡུལ་དུ་ཐེག་ཆེན་གྱི་བསྟན་པ་རྒྱས་པར་མཛད་པའི་ཕྱིར་རོ། །དེ་སྐད་དུའང་། རྟོག་གེ་འབར་བ་ལས། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་རིང་པོར་མ་ལོན་པར་ཉན་ཐོས་ལ་སོགས་པ་རང་རང་གི་བསྟན་པ་ལ་ཡོངས་སུ་ཞེན་ཅིང་། དེའི་ཆེད་དུ་བྱེད་པའི་སྡུད་པ་པོས་ཇི་ལྟར་དབང་བ་བཞིན་ཡང་དག་པར་བསྡུས་པ་ན། ཐེག་པ་ཆེན་པོའི་གསུང་རབ་ཀྱི་སྣོད་དུ་གྱུར་པ་སུའང་མེད་པས་གང་གིས་ཀྱང་མ་བསྡུས་ཏེ། བདེ་བར་གཤེགས་པ་ལ་མངོན་པར་དགའ་བའི་ཀླུ་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་བསྡུས་ནས་ཀླུའི་འཇིག་རྟེན་ལ་སོགས་པར་བཞུགས་སུ་གསོལ་བ་ལས་དེའི་སྣོད་དུ་གྱུར་པ། སངས་རྒྱས་ཀྱིས་ལུང་བསྟན་པ་འཕགས་པ་ཀླུ་སྒྲུབ་ཀྱིས་དེ་དག་ནས་བསྡུས་ནས་མིའི་འཇིག་རྟེན་དུ་རྒྱས་པར་མཛད་པ་ཡིན་ནོ། །ཞེས་འབྱུང་ངོ་། །ཐེག་པ་ཆེན་པོའི་རྩ་བའི་བསྡུ་བ་དུས་ནམ་གྱི་ཚེ་བྱུང་བ་དང་། ཡུལ་གང་དུ་བསྡུས་པ་ནི། ཁུངས་ཐུབ་པའི་ལུང་གསལ་པོ་མ་མཐོང་བའི་ཕྱིར་ཤེས་པར་དཀའ་བར་སྣང་ངོ་། །དེ་ལྟར་ན་དེ་བཞིན་གཤེགས་པའི་བཀའ་བསྡུ་བའི་ཚུལ་མདོ་ཙམ་བཤད་ཟིན་ཏོ། །

དེའི་འོག་ཏུ་བསྡུས་པའི་གསུང་རབ་དེ་དག་གི་དགོངས་པ་ཤིང་རྟ་ཆེན་པོ་རྣམས་ཀྱིས་ཇི་ལྟར་བཀྲལ་བའི་ཚུལ་ཅུང་ཞིག་བརྗོད་པར་བྱའོ། །དེའང་ཐེག་པ་དམན་པའི་དགོངས་འགྲེལ་དང་། ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་དགོངས་འགྲེལ་གཉིས་སོ།།དང་པོ་ལའང་། བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་གཉིས་ལས། དང་པོ་བྱེ་བྲག་ཏུ་སྨྲ་བའི་ཐོག་མའི་གཞུང་ནི། ཆོས་མངོན་པ་སྡེ་བདུན་དང་། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལ་སོགས་པའོ། །ཆོས་མངོན་པ་སྡེ་བདུན་ནི་མདོ་ཡིན་ལ། འཕགས་པ་ཤཱ་རིའི་བུ་ལ་སོགས་པས་བཅོམ་ལྡན་འདས་བཞུགས་པའི་ཚེ་བསྡུས་པར་བྱེ་བྲག་ཏུ་སྨྲ་བ་རྣམས་འདོད་ཀྱང་། དེ་དག་མདོ་ཡིན་པར་མདོ་སྡེ་པ་དག་མི་འདོད་པས་བསྟན་བཅོས་ཡིན་པར་མངོན་ལ། བྱེད་པ་པོའང་འཕགས་པ་མ་ཡིན་པར་གསལ་ཏེ། མདོ་དང་འགལ་བ་ཡོད་པའི་ཕྱིར་རོ། །བསྟན་བཅོས་བྱེ་བྲག་བཤད་པའང་འཕགས་པ་ཉེར་སྦས་དང་། དབྱིག་བཤེས་ལ་སོགས་པས་བྱས་པར་འདོད་ཀྱང་། འཕགས་པ་དག་གི་མ་བྱས་པར་མངོན་ཏེ་གནས་ལུགས་ལ་འཁྲུལ་པ་དུ་མ་ཡོད་པའི་ཕྱིར་རོ། །དེ་བས་ན་བྱེ་བྲག་ཏུ་སྨྲ་བའི་གཞུང་རྣམས་ཀྱང་བསྡུ་བ་གཉིས་པའི་འོག་ཏུ་དེ་ཁོ་ན་ཉིད་མ་མཐོང་བའི་སོ་སོའི་སྐྱེ་བོ་རྣམས་ཀྱིས་བྱས་པར་སློབ་དཔོན་དབྱིག་གཉེན་བཞེད་པར་མངོན་ཏེ། མཛོད་ཀྱི་འགྲེལ་པར། སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །དཔང་གྱུར་སྐྱེ་བོ་ཕལ་ཆེར་འདས་པ་ན། །དེ་ཉིད་མ་མཐོང་རང་དགར་རྒྱུ་བ་ཡི། །རྟོག་གེ་ངན་པ་རྣམས་ཀྱིས་བསྟན་འདི་དཀྲུགས། །ཞེས་གསུངས་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་དེའང་ཡུལ་གྱི་ཁྱད་པར་ལས་ནི་ཉི་འོག་པ་དང་། ཁ་ཆེ་བ་གཉིས་སོ། །འདོད་པའི་ཁྱད་པར་ལས་ནི་དངོས་པོ་གཞན་དུ་འགྱུར་བར་སྨྲ་བ་དང་། མཚན་ཉིད་གཞན་དུ་འགྱུར་བར་སྨྲ་བ་དང་གནས་སྐབས་གཞན་དུ་འགྱུར་བར་སྨྲ་བ་དང་། གཞན་དང་གཞན་དུ་འགྱུར་བར་སྨྲ་བ་སྟེ་བཞིའོ། །སློབ་དཔོན་ནི་དབྱིག་གཤེས་དང་། ཆོས་སྐྱོབ་དང་། སངས་རྒྱས་ལྷ་དང་། འདུས་བཟང་ལ་སོགས་པ་རྣམས་སོ། །སློབ་དཔོན་ཡོན་ཏན་འོད་དང་། ཤཱཀྱ་འོད་ཀྱང་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་དུ་མངོན་ནོ། །གཞུང་ཡང་སློང་དཔོན་དེ་དག་གིས་མཛད་པ་ཅི་རིགས་པ་དང་། མངོན་པ་མཛོད་ལ་སོགས་པའོ། །བསྟན་བཅོས་བྱེ་བྲག་ཏུ་བཤད་པས་རྩེ་ཞིང་རོལ་པའི་ཕྱིར་བྱེ་བྲག་ཏུ་སྨྲ་བ་ཞེས་ཟེར་རོ། །མདོ་སྡེ་པའི་གྲུབ་མཐའང་བྱུང་བའི་དུས་ནི་བྱེ་བྲག་སྨྲ་བ་དང་མཚུངས་པར་མངོན་ཞིང་། མངོན་པ་སྡེ་བདུན་དང་། བྱེ་བྲག་ཏུ་བཤད་པ་སོགས་ཀྱི་རྗེས་སུ་མི་འབྲང་ཞིང་། མདོ་སྡེ་དག་གི་རྗེས་སུ་འབྲངས་ནས་རང་གི་ལུགས་རྣམ་པར་འཇོག་པའི་ཕྱིར་མདོ་སྡེ་པ་ཞེས་ཟེར་རོ། །སློབ་དཔོན་ནི་ཀུ་མཱ་ར་ཏ་དང་། ཤི་རི་ར་ཏ་དང་། བཙུན་པ་ར་ཏ་ལ་སོགས་པའོ། །མདོ་སྡེ་པའི་གཞུང་རང་དགའ་བ་འགྱུར་བ་མེད་ཅིང་། འདོད་པ་ཕལ་ཆེ་བ་མཛོད་ཀྱི་རང་འགྲེལ་དང་། ཚད་མ་རྣམ་འགྲེལ་སོགས་ལས་འབྱུང་ངོ་། །སྔར་བཤད་པའི་སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་གྲུབ་མཐའ་སྨྲ་བ་གཉིས་པོ་འདིར་ངེས་སམ་ཞེ་ན། དགོངས་འགྲེལ་གྱི་འགྲེལ་པར་ངེས་པར་བཤད་ཀྱང་། རྟོག་གེ་འབར་བ་ལས། གནས་མ་བུ་པ་དང་། བཟང་པོ་ལམ་པ་དང་། ཀུན་གྱིས་བཀུར་བ་པ་དང་། ཆོས་སྦས་པ་དང་། བླ་མ་པ་རྣམས་བརྗོད་དུ་མེད་པའི་གང་ཟག་འདོད་པར་བཤད་པས་དེ་དག་གྲུབ་མཐའ་སྨྲ་བ་གཉིས་པོར་མ་འདུས་པར་མངོན་ཏེ་གྲུབ་མཐའ་སྨྲ་བ་གཉིས་ཀའང་བདག་མེད་པར་སྨྲ་བའི་ཕྱིར་རོ། །དེ་ལྟར་ན། སངས་རྒྱས་ཆོས་ནི་རྣམ་པ་བཞིར། །ཡིད་འདོད་རྣམས་ཀྱིས་སྔོན་མཐོང་སྟེ། །བྱེ་བྲག་སྨྲ་ལ་སོགས་པའི་ལམ། །བཤད་པས་དེ་ཉིད་སྒྲུབ་པའོ། །ཞེས་བདེ་བར་གཤེགས་པའི་གྲུབ་མཐའ་སྨྲ་བ་བཞིར་བཤད་པ་དང་འགལ་ལོ་ཞེ་ན། ཉེས་པ་མེད་དེ། གང་ཞིག་བདག་ཏུ་སྨྲ་བ་དེ་དག་ནི་སངས་རྒྱས་ཀྱི་བསྟན་པ་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་ཏེ། སངས་རྒྱས་ཀྱི་བསྟན་པ་ནི་བདག་མེད་པ་སྟོན་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དེའི་ཕྱིར་དེ་དག་ནི་དེ་བཞིན་གཤེགས་པའི་གྲུབ་མཐའ་སྨྲ་བ་མ་ཡིན་ནོ། །

འོ་ན་སྡེ་པ་ཐམས་ཅད་དེ་བཞིན་གཤེགས་པའི་བསྟན་པར་བསྡུས་པ་ཅི་ལྟར་ཞེ་ན། དེ་བཞིན་གཤེགས་པའི་བསྟན་པ་ནི་ཚུལ་ཁྲིམས་རྣམ་པར་དག་པ་དང་། ལྟ་བ་རྣམ་པར་དག་པ་གཉིས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ལ། དེའི་ཕྱིར་སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་ཀྱང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་མ་ཉམས་པའི་ཕྱིར་ཀུན་ཀྱང་སངས་རྒྱས་ཀྱི་བསྟན་པར་བསྡུས་པ་ཡིན་ལ། དེ་དག་ལས་གང་དག་ལྟ་བ་རྣམ་པར་དག་པ་དང་ལྡན་པ་མ་ཡིན་པ་དེ་དག་ནི་བདེ་བར་གཤེགས་པའི་གྲུབ་མཐའ་སྨྲ་བ་མ་ཡིན་ཏེ། གྲུབ་པའི་མཐའ་ཐ་དད་པ་རྣམས་ནི་ལྟ་བ་ཐ་དད་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དེ་ལྟར་ན། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རྣམ་པར་དག་པ་དང་ལྡན་པ་ནི་སྡེ་པ་བཅོ་བརྒྱད་ཡིན་ལ། ལྷག་པ་ཤེས་རབ་ཀྱི་བསླབ་པ་དང་ལྡན་པ་ནི་གྲུབ་མཐའ་སྨྲ་བ་བཞི་ཡིན་ནོ། །དེ་བས་ན་གང་ཟག་ཏུ་སྨྲ་བའི་སྡེ་པ་དེ་དག་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་མ་ཉམས་པའི་ཕྱིར་རྣམ་གྲངས་ཀྱིས་སངས་རྒྱས་ཀྱི་བསྟན་པར་བསྡུས་ལ། ལྷག་པ་ཤེས་རབ་ཀྱི་བསླབ་པ་ཉམས་པའི་ཕྱིར་ཡང་དག་པར་ན་བསྟན་པ་ལས་ཕྱི་རོལ་པའང་ཡིན་ནོ། །

ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་དགོངས་འགྲེལ་ཡང་རྣམ་པ་གཉིས་ཏེ། དབུ་མ་པ་དང་། རྣམ་པར་རིག་པ་ཙམ་དུ་སྨྲ་བའོ། །དང་པོ་ནི། བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་གཅིག་ལྷག་ཙམ་ལོན་པ་ན། བདུད་ཀྱི་ལས་ཀྱི་དབང་གིས་སྡེ་པ་རྣམས་ཐ་དད་དུ་གྱེས། ལྟ་བ་མི་མཐུན་པ་ཐ་དད་པས་ཟིང་ཟིང་པོར་གྱུར་ཏེ། ཐམས་ཅད་ཀྱང་སྟོང་པ་ཉིད་ལ་སེམས་གཡེངས་ཏེ་དངོས་པོར་མངོན་པར་ཞེན་པའི་ལྟ་བ་ཅན་དུ་གྱུར་པ་ན། ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་ཁྱོད་ཤེས་ཀྱིས། །ང་ནི་མྱ་ངན་འདས་འོག་ཏུ། །ཚུལ་རྣམས་འཛིན་པར་གྱུར་པ་དེ། །ལྷོ་ཕྱོགས་བེ་དྷའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཞེས་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་བྱེད། །ང་ཡི་བསྟན་པ་འཇིག་རྟེན་ན། །བླ་མེད་ཐེག་པ་གཙོར་བསྟན་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་ལུང་བསྟན་པའི་སྐྱེས་བུ་ཆེན་པོ་འཕགས་པ་ཀླུ་སྒྲུབ་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན་བྱོན་ཏེ། ཀླ྄ུའི་ཡུལ་ལ་སོགས་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་སྡེ་དུ་མ་སྤྱན་དྲངས་ཏེ། དེ་བཞིན་གཤེགས་པའི་བསྟན་པ་ཐམས་ཅད་ཀྱི་དགོངས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་དབུ་མའི་ལམ་དུ་འགྲེལ་བར་བྱེད་པའི་བསྟན་བཅོས་དབུ་མ་རྩ་བའི་ཤེས་རབ་ལ་སོགས་པ་མཛད་ནས། སྒྲོ་འདོགས་དང་སྐུར་འདེབས་ཀྱི་མཐའ་ཐམས་ཅད་བསལ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ། ཐུགས་ཀྱི་སྙིང་པོ། མཐའ་བྲལ་དབུ་མ་ཆེན་པོའི་ཚུལ་འཛམ་གླིང་དུ་གསལ་བར་མཛད་དོ། །སློབ་དཔོན་གྱི་གཞུང་རྣམས་ཀྱང་ཟབ་མོ་ལྟ་བའི་ཆ་འགྲེལ་པ་དང་། རྒྱ་ཆེན་སྤྱོད་པའི་ཆ་འགྲེལ་པ་གཉིས་སུ་གནས་སོ། །དང་པོ་ལའང་། ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པའི་བསྟན་བཅོས་དང་། སྒོམ་བྱུང་གིས་ཉམས་སུ་ལེན་པའི་མན་ངག་གཉིས་སོ། །དང་པོ་ལའང་། ལོག་སྨྲ་ཚར་གཅོད་པ་དང་། སྐལ་ལྡན་རྗེས་སུ་འཛིན་པ་དང་། སྟོན་པ་ལ་གུས་པ་སྐྱེད་པའི་གཞུང་གསུམ་དུ་གནས་སོ། །དང་པོ་ནི་དབུ་མ་རིགས་པའི་ཚོགས་རྣམས་ཏེ། དེ་དག་གིས་རང་གཞན་གྱི་སྡེ་པ་རྟག་ཆད་དུ་སྨྲ་བ་མཐའ་དག་རིགས་པས་སུན་འབྱིན་པའི་ཕྱིར་རོ། །གཉིས་པ་ནི་རིན་པོ་ཆེའི་ཕྲེང་བ་ལ་སོགས་པ་སྟེ། དེ་དག་གིས་ནི་ག དམས་པ་དང་རྗེས་སུ་བསྟན་པའི་ཚུལ་གྱིས་གཞན་ལ་ཟབ་མོ་འདོམས་པའི་ཕྱིར་རོ། །གསུམ་པ་ནི་བསྟོད་པའི་ཚོགས་རྣམས་ཏེ། དེ་དག་གིས་ནི་གཙོ་ཆེར་ཟབ་མོ་གསུང་ཞིང་། ཐུགས་སུ་ཆུད་པའི་སྒོ་ནས་སྟོན་པའི་ཆེ་བའི་ཡོན་ཏན་བརྗོད་པའི་ཕྱིར་རོ། །སྤྱོད་པའི་ཆ་འགྲེལ་པ་ནི་མདོ་སྡེ་ཀུན་ལས་བཏུས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། རབ་ཏུ་བྱུང་བའི་ཕྱོགས་གཉིས་ཀའི་བསླབ་བྱ་རྣམས་མདོ་སྡེ་དག་ལས་ཇི་ལྟར་འབྱུང་བ་ལྟར་སྟོན་པའི་ཕྱིར་རོ། །དེ་ལ་དབུ་མ་རིགས་པའི་ཚོགས་རྣམས་ནི་བ སྒྲུབ་བྱ་བདེན་དངོས་འགོག་པ་དང་། སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་པ་གཉིས་སོ། །དང་པོ་ལའང་། གཞན་ལུགས་ཡོངས་གཅོད་དུ་སྨྲ་བ་ལ་དགག་པ་བསྟན་པ་དང་། རང་ལུགས་རྣམ་བཅད་ཙམ་སྨྲས་པ་ལ་རྩོད་པ་སྤང་བ་གཉིས་སོ། །དང་པོ་ལའང་རང་བཞན་གྱི་སྡེ་པ་གཉིས་ཀ་ཐུན་མོང་དུ་དགག་པ་དང་། རང་སྡེ་བྱེ་བྲག་ཏུ་དགག་པ་གཉིས་ལས། དང་པོ་ནི་དབུ་མ་རྩ་བའི་ཤེས་རབ་བོ། །གཉིས་པ་ནི་རིགས་པ་དྲུག་ཅུ་པའོ། །གཉིས་པ་ལའང་། སྤྱིར་རང་བཞིན་མེད་པར་སྨྲས་པ་ལ་རིགས་པ་དང་འགལ་བ་སྤང་བ་རྩོད་པ་ཟློག་པ། ཁྱད་པར་དུ་འདུས་བྱས་སྐྱེ་འཇིག་མེད་པར་སྨྲས་པ་ལ་ལུང་དང་འགལ་བ་སྤང་བ་སྟོང་ཉིད་བདུན་ཅུ་པ་དང་གཉིས་སོ། །དང་པོ་གཉིས་ནི་དབུ་མའི་བསྟན་བཅོས་ལུས་ཡོངས་སུ་རྫོགས་པ་ཡིན་ཏེ། རྟེན་འབྲེལ་སྤྱི་ལས་བརྩམས་ནས་རང་བཞིན་མེད་པར་གཏན་ལ་འབེབས་པའི་ཕྱིར་རོ། །ཕྱི་མ་གཉིས་ནི་ཡན་ལག་གི་བསྟན་བཅོས་ཡིན་ཏེ། དབུ་མ་རྩ་བ་ལས་འཕྲོས་པའི་ཕྱིར་རོ། །དེའང་རྩོད་པ་ཟློག་པ་ནི་རྐྱེན་བརྟག་པའི་རབ་བྱེད་ལས་འཕྲོས་པ་ཡིན་ལ། སྟོང་ཉིད་བདུན་ཅུ་པ་ནི་འདུ་བྱེད་བརྟག་པའི་རབ་བྱེད་ལས་འཕྲོས་པ་ཡིན་ནོ། །གཉིས་པ་སྒྲུབ་བྱེད་རྟོག་གེའི་རིགས་པ་འགོགས་པ་ནི་ཞིབ་མོ་རྣམ་པར་འཐག་པ་སྟེ། དེས་ཚད་མ་དང་གཞལ་བྱ་ལ་སོགས་པ་རྟོག་གེའི་རིགས་པ་མ་ལུས་པ་འགོག་པའི་ཕྱིར་རོ། །སྒོམ་བྱུང་གིས་ཉམས་སུ་ལེན་པའི་མན་ངག་ལའང་། ཕྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་བརྟེན་ནས་ཉམས་སུ་ལེན་པ་བྱང་ཆུབ་སེམས་འགྲེལ། ནང་རྡོ་རྗེའི་ཐེག་པ་ལ་བརྟེན་ནས་ཉམས་སུ་ལེན་པ་གསང་བ་འདུས་པ་རིམ་པ་ལྔ་པ་རྣམས་སོ། །དེ་ལྟར་སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་མཛད་པའི་རྗེས་སུ། འཕགས་པ་ལྷས་ཀྱང་རྣལ་འབྱོར་བསྒོམ་པའི་རིམ་པ་གསལ་བར་བྱེད་པའི་བསྟན་བཅོས་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལ་སོགས་པ་མཛད་དོ། །དེ་ཡན་ཆད་དུ་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ལ་མི་མཐུན་པ་མེད་དོ། །དེ་ནས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་དབུ་མ་རྩ་བའི་འགྲེལ་པ་མཛད་དེ་འཕགས་པའི་དགོངས་པ་ཐལ་འགྱུར་དུ་བཀྲལ་ལོ། །དེའི་འོག་ཏུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ཀྱི་ལུགས་སུན་དབྱུང་བའི་ཕྱིར་དབུ་མ་རྩ་བའི་ཚིག་གི་འགྲེལ་པ་ཤེས་རབ་སྒྲོན་མ་མཛད་དེ་འཕགས་པའི་དགོངས་པ་རང་རྒྱུད་དུ་བཀྲལ། རང་གཞན་གྱི་སྡེ་པ་དག་གི་ལོག་རྟོག་དགག་པའི་ཕྱིར་དབུ་མའི་བསྟན་བཅོས་རྩ་བ་དབུ་མ་སྙིང་པོ་དང་། འགྲེལ་པ་རྟོག་གེ་འབར་བ་དང་བཅས་པ་མཛད་དོ། །དེ་ཕྱིན་ཆད་འཕགས་པའི་དགོངས་པ་ཐལ་རང་གཉིས་སུ་གྱེས་སོ། །དེའི་འོག་ཏུ་དཔལ་ལྡན་ཟླ་བ་གྲགས་པ་བྱོན་ཏེ། འཕགས་པའི་དགོངས་པ་ཕྱིན་ཅི་མ་ལོག་པ་སངས་རྒྱས་བསྐྱངས་ཀྱི་ལུགས་དེ་ཡིན་པར་གཟིགས་ནས། དེའི་གཞུང་འཛུགས་པའི་ཕྱིར་དུ་དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་མཛད་ནས་ལེགས་ལྡན་འབྱེད་ཀྱི་ཕྱོགས་ལ་སྐྱོན་བརྗོད་ཅིང་། སངས་རྒྱས་བསྐྱངས་ཀྱི་གཞུང་འཛུགས་པར་མཛད་དོ། ཁྱད་པར་དུ་དབུ་མ་རྩ་བའི་རིགས་པའི་ཁ་བསྐང་བའི་ཕྱིར་དང་། ཐེག་ཆེན་གྱི་མདོ་སྡེའི་དགོངས་པ་རྣམ་པར་རིག་པ་ཙམ་དུ་སྨྲ་བ་བསལ་ནས་དབུ་མ་ལ་འཇུག་པ་འགྲེལ་པར་བྱ་བའི་ཕྱིར། མདོ་སྡེ་ས་བཅུ་པ་ལ་བརྟེན་ནས་དབུ་མ་ལ་འཇུག་པ་འགྲེལ་པ་དང་བཅས་པ་འདི་མཛད་དོ། །ཐལ་རང་འདི་དག་གི་འདོད་པའི་ཁྱད་པར་རྒྱས་པ་ནི་ཡི་གེ་ལོགས་སུ་བཀོད་པའི་ཕྱིར་འདིར་མ་བྲིས་སོ། །དེ་ལྟར་འཕགས་པ་ཀླ྄ུ་སྒྲུབ་ཀྱིས་བདེ་བར་གཤེགས་པའི་བསྟན་པ་ལ་སྒྲོ་བསྐུར་ཐམས་ཅད་སྤངས་ཏེ་མཐའ་བྲལ་དབུ་མའི་ལམ་གསལ་བར་མཛད་པའི་འོག་ཏུ། འཕགས་པ་ཐོགས་མེད་འཇིག་རྟེན་དུ་བྱོན་ཏེ། ཡང་དག་པའི་ཏིང་ངེ་འཛིན་བསྒྲུབས་པས་འཕགས་པ་མ་ཕམ་པས་རྗེས་སུ་བཟུང་ནས་དགའ་ལྡན་དུ་བྱོན་ཏེ། ཐེག་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་མང་དུ་གསན་ཅིང་། རྒྱལ་བའི་རྒྱལ་ཚབ་ལ་ཐེག་པ་ཆེན་པོའི་དགོངས་འགྲེལ་བྱམས་པའི་ཆོས་ལྔ་དག་ཀྱང་ཞུས་ཏེ། སླར་ཡང་འཛམ་གླིང་དུ་བྱོན་ནས། རང་ཉིད་ཀྱིས་ཀྱང་རྒྱས་པའི་བསྟན་བཅོས་ས་སྡེ་ལྔ་དང་། བསྡུས་པའི་བསྟན་བཅོས་སྡོམ་རྣམ་གཉིས་ལ་སོགས་ལ་རྣམ་པར་རིག་པ་ཙམ་གྱི་ཚུལ་གསལ་བར་བྱེད་པའི་བསྟན་བཅོས་མང་དུ་མཛད་ཅིང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བ སྟན་པས་རྣམ་པར་རིག་པ་ཙམ་དུ་སྨྲ་བའི་གྲུབ་མཐའ་བྱུང་བར་གྱུར་ཏོ། །དེའི་འོག་ཏུ་གནས་བརྟན་དབྱིག་གཉེན་དང་། ཆོས་སྐྱོང་དང་། ཕྱོགས་ཀྱི་གླང་པོ་ལ་སོགས་པས་དེའི་གཞུང་བཟུང་སྟེ་ཤིན་ཏུ་རྒྱས་པར་མཛད་དོ། །དེ་ལྟར་འཕགས་པ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད་ནི་ཐེག་པ་ཆེན་པོའི་བསྟན་པ་ལ་ཚད་མར་གྱུར་པའི་དགོངས་པ་འགྲེལ་བྱེད་ཡིན་པས། འཕགས་པའི་ཡུལ་དུའང་། སློབ་དཔོན་འདི་གཉིས་གང་རུང་གི་གཞུང་ལ་མི་བརྟེན་པའི་ཐེག་པ་ཆེན་པོའི་སློབ་དཔོན་སུའང་མ་བྱུང་ངོ་། །དེའི་ཕྱིར་བདག་ལེགས་སུ་འདོད་པའི་ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པར་འདོད་པ་དག་ཀྱང་། སློབ་དཔོན་འདི་དག་གི་གཞུང་ལ་འདྲིས་ཤིང་དགོངས་པ་དཔྱིས་ཕྱིན་པར་བྱས་ནས། གདོད་ཐེག་ཆེན་གྱི་མདོ་སྡེ་དག་གི་དགོངས་པ་འགྲེལ་བ་ལ་འཇུག་ན་ལེགས་པར་འགྱུར་གྱི། གཞན་དུ་ན་ཉམ་ངའི་ལམ་དུ་ལོང་བ་གྱ་ཚོམ་དུ་གོམ་པ་འདོར་བ་ལྟར། གདོན་མི་ཟ་བར་གཡང་ས་ཆེན་པོར་ལྷུང་བར་འགྱུར་རོ། །ཡང་རྒྱའི་མཁན་པོའི་དགོངས་འགྲེལ་གྱི་འགྲེལ་པར་ཡང་། སྡེ་སྣོད་གསུམ་པ་དག་གི་བཤད་པ་ལས་བྱུང་བ། ཆོས་ཀྱི་འཁོར་ལོ་གསུམ་པོ་དེའང་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་ལྷག་ཙམ་ལོན་པ་ན། སྡེ་པ་ཉི་ཤུའི་སློབ་དཔོན་རྣམས་སོ་སོ་ནས་རང་གི་རིགས་པས་ཆོས་ཀྱི་འཁོར་ལོ་དང་པོའི་རྣམ་པར་བཤད་པ་བྱས་སོ། །

ད ེ་ནས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་བརྒྱ་ལོན་པའི་འོག་ཏུ་བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ཀྱིས་མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་བསྟན་བཅོས་རྣམས་མཛད་དེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་དང་དབུ་མ་ལ་སོགས་པའོ། །དེ་དག་ལས་རྣམ་པར་བརྟགས་པའི་ངོ་བོ་ཉིད་སྤངས་པས་མཚན་ཉིད་མེད་པའི་ཚུལ་རབ་ཏུ་བསྟན་ཏོ། །དེ་ནས་འཕགས་པ་ལྷ་ལ་སོགས་པས་གཞུང་དེ་ཡང་དག་པར་བླངས་ཏེ། གཅིག་ནས་གཅིག་ཏུ་བརྒྱུད་ཅིང་སྤེལ་ཏོ། །སངས་རྒྱས་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ལོན་པ་ན། བྱང་ཆུབ་སེམས་དཔའ་བྱམས་པས་མདོ་སྡེ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པ་ལ་སོགས་པ་ལ་བརྟེན་ནས་བསྟན་བཅོས་མཛད་དེ། འདི་ལྟ་སྟེ། རྣལ་འབྱོར་སྤྱོད་པའི་ས་དང་། དབུས་དང་མཐའ་རྣམ་པར་འབྱེད་པ་ལ་སོགས་པའོ། །སློབ་དཔོན་ཐོགས་མེད་དང་དབྱིག་གཉེན་གྱིས་གཞུང་དེ་ཡང་དག་པར་བླངས་ནས་རབ་ཏུ་སྤེལ་ཏོ། །དེའི་ཚེ་སངས་རྒྱས་ཀྱི་ཆོས་རོ་གཅིག་པས་སྟོང་པ་དང་ཡོད་པར་སྨྲ་བ་དེ་དག་ལ་རྩོད་པར་གྱུར་པ་མེད་དོ། །ཞེས་འབྱུང་ངོ་། །དེ་དག་ནི་སངས་རྒྱས་ཀྱི་བསྟན་པ་ལ་དགོངས་འགྲེལ་རྣམས་དུས་ཅི་ཙམ་དང་རྣམ་པ་དུ་ཞིག་བྱུང་བའི་ཚུལ་མདོ་ཙམ་སྨོས་པ་ཡིན་ནོ། །

ད་ནི་འདི་དཔྱད་པར་བྱ་སྟེ། ཅི་དེ་བཞིན་གཤེགས་པའི་གསུང་རབ་ཀྱི་དགོངས་པ་ལ་གྲུབ་མཐའ་བཞིར་གནས་སམ་འོན་ཏེ་མ་ཡིན་ཞེ་ན། མ་ཡིན་ཏེ། འདི་ལྟར་གྲུབ་མཐའ་སྨྲ་བ་བཞི་པོ་དག་གི་གཞུང་རྣམས་ནི་ཕན་ཚུན་འགལ་བར་གནས་པ་ཡིན་ཏེ། གཞན་དུ་ན། དེ་དག་ཕན་ཚུན་ཇི་ལྟར་རྩོད་པར་འགྱུར། དེའི་ཕྱིར་གལ་ཏེ་སངས་རྒྱས་ཀྱི་གསུང་རབ་ཀྱི་དགོངས་པ་གྲུབ་མཐའ་བཞིར་གནས་ན་གསུང་རབ་རྣམས་དགོངས་པ་མི་འགལ་བར་ཅི་ལྟར་མི་འགྱུར། གསུང་རབ་ནང་འགལ་བའི་སྨྲ་བ་པོ་ཐམས་ཅད་མཁྱེན་པར་མི་འགྱུར་ཏེ། རིག་བྱེད་ལ་སོགས་པའི་བྱེད་པ་པོ་བཞིན། གཞན་ཡང་གྲུབ་མཐའ་སྨྲ་བ་བཞི་པོ་དག་ཀྱང་རང་རང་གི་གྲུབ་པའི་མཐའ་ཁོ་ན་དེ་བཞིན་གཤེགས་པའི་གསུང་རབ་དགོངས་པར་འདོད་ཀྱི། གཞན་གྱི་གྲུབ་པའི་མཐའ་ནི་གསུང་རབ་ཀྱི་དགོངས་པ་མ་ཡིན་པར་བསམས་ནས། ལུང་དང་རིགས་པས་དགག་པར་བྱེད་པའི་ཕྱིར་དང་། གྲུབ་མཐའ་སྨྲ་བ་གཞན་གྱིས་རང་གི་གྲུབ་མཐའི་ཤེས་བྱེད་དུ་དྲངས་པའི་ལུང་དག་གི་དགོངས་པའང་གཞན་དུ་འཆད་པར་བྱེད་པའི་ཕྱིར་རོ། །ཅི་སྟེ་གྲུབ་པའི་མཐའ་གཞན་རྣམས་ཀྱང་གསུང་རབ་ཀྱི་དགོངས་པར་འདོད་ན་ནི། དེ་བཞིན་གཤེགས་པའི་གསུང་རབ་བཀག་པར་འགྱུར་བས་སངས་རྒྱས་ཀྱི་གྲུབ་མཐའ་སྨྲ་བར་མི་འགྱ྄ུར་རོ། །ཅི་སྟེ་གྲུབ་མཐའ་བཞི་ལ་དྲང་དོན་དང་ངེས་དོན་གྱི་ཁྱད་པར་ཡོད་ཀྱི། གསུང་རབ་ཀྱི་དགོངས་པ་ཡིན་མ་ཡིན་གྱི་ཁྱད་པར་མེད་པས། གྲུབ་མཐའ་སྨྲ་བ་བཞི་པོའང་རང་གང་ཁས་ལེན་པའི་གྲུབ་པའི་མཐའ་དེ་ཉིད་ངེས་དོན་དུ་བསམས་ནས་གཞན་གྱི་འདོད་པ་རྣམས་དྲང་དོན་དུ་སྒྲུབ་པར་བྱེད་པ་ཡིན་གྱི། གསུང་རབ་ཀྱི་དགོངས་པ་ཡིན་པར་འགོག་པ་མ་ཡིན་ནོ་ཞེ་ན། གྲུབ་པའི་མཐའ་གཞན་རྣམས་དྲང་དོན་གྱི་སྒྲ་ཇི་བཞིན་པའི་དོན་དུ་སྒྲུབ་པར་བྱེད་ན་ནི། དེ་ཉིད་ཀྱི་ཕྱིར་གྲུབ་པའི་མཐའ་དེ་ནི་དྲང་དོན་གྱི་དགོངས་པ་ཡིན་པའང་དཀག་པ་ཡིན་ཏེ་དྲང་དོན་གྱི་མདོ་སྡེ་དག་ལ་སྒྲ་ཇི་བཞིན་པར་མངོན་པར་ཞེན་དུ་མི་རུང་བར་གྲུབ་མཐའ་སྨྲ་བ་ཐམས་ཅད་འདོད་པའི་ཕྱིར་རོ། །ཅི་སྟེ་གྲུབ་མཐའ་གཞན་དྲང་དོན་གྱི་མདོའི་དགོངས་པའི་དོན་ཡིན་པར་གྲུབ་བོ་ཞེ་ན། དེ་ལྟ་ན་དྲང་དོན་གྱི་མདོ་སྡེ་དང་ངེས་དོན་གྱི་མདོ་སྡེ་རྣམས་དགོངས་པའི་དོན་འགལ་བའམ། འོན་ཏེ་མི་འགལ། དང་པོ་ལྟར་ན། བཀའ་ལ་ནང་འགལ་བའི་ཉེས་པ་ཇི་ལྟར་སྤོང་། ཕྱོགས་གཉིས་པ་ལྟར་ན། རང་གི་ལུགས་ནི་ངེས་དོན་གྱི་དགོངས་པ་ཡིན་པས་འཐད་ལ། གཞན་གྱི་ལུགས་ནི་དྲང་དོན་གྱི་དགོངས་པ་ཡིན་པས་མི་འཐད་དོ་ཞེས་སུན་འབྱིན་པ་ཅི་ལྟར་རིགས། དེ་ལྟར་གྲུབ་མཐའ་སྨྲ་བ་བཞི་པོ་སངས་རྒྱས་ཀྱི་གྲུབ་མཐའ་སྨྲ་བར་མི་འགྱུར་ཏེ། འགའ་ཞིག་གསུང་རབ་ཀྱི་དགོངས་པ་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་རོ་ཞེ་ན། ཉེས་པ་མེད་དེ། དེ་བཞིན་གཤེགས་པའི་གསུང་རབ་ནི་བདག་མེད་པ་སྟོན་པས་ཕྱི་རོལ་པའི་བསྟན་པ་ལས་ཁྱད་ཞུགས་པ་ཡིན་ལ། གྲུབ་མཐའ་སྨྲ་བ་བཞི་པོ་རྣམས་ཀྱང་བདག་མེད་པ་ཁས་ལེན་པའི་ཕྱིར་རོ། །འོ་ན་རྒྱུད་ལས། དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ཏེ། །རྣལ་འབྱོར་སྤྱོད་པ་དེ་ལས་ཕྱིས། །དེ་ཡི་རྗེས་སུ་དབུ་མ་བསྟན། །ཅེས་གསུངས་པ་ཇི་ལྟར་དྲང་ཞེ་ན། དེས་ནི་སངས་རྒྱས་ཀྱིས་གདུལ་བྱ་ལ་གྲུབ་མཐའ་བཞི་བསྟན་པར་སྟོན་པའི་ལུང་མ་ཡིན་གྱི། འོན་ཀྱང་མ་འོངས་པ་ན་སངས་རྒྱས་ཀྱི་བསྟན་པ་ལ་དགོངས་འགྲེལ་གྱི་གྲུབ་མཐའ་བཞི་འོང་བར་གཟིགས་ནས། དེའི་ཚེ་སློབ་དཔོན་གྱིས་སློབ་མ་བློ་གྲོས་དམན་པ་དག་ཚུལ་དེས་བསྟན་པ་ལ་རིམ་གྱིས་དྲང་བར་བྱའོ་ཞེས་སྟོན་པ་ཡིན་ནོ། །དེ་བས་ན་གྲུབ་མཐའ་བཞི་པོ་སོ་སོའི་ལུགས་ལ་ཐེག་པ་གསུམ་གྱི་རྣམ་གཞག་བྱེད་དེ། དེ་བཞིན་གཤེགས་པས་ཐེག་པ་གསུམ་བསྟན་པའི་ཕྱིར་རོ། །རང་ཁས་ལེན་པ་ལས་གཞན་པའི་གྲུབ་པའི་མཐའ་རྣམས་ནི་དེ་དང་དེ་ཁས་ལེན་པ་པོ་རྣམས་ཀྱིས་སྒྲོ་བཏགས་པ་ཙམ་ཡིན་གྱི། དེ་བཞིན་གཤེགས་པའི་དགོངས་པ་མ་ཡིན་པར་འཇོག་གོ །དེའི་ཕྱིར་གྲུབ་མཐའ་བཞི་པོ་བཀའི་དགོངས་པ་ལ་གནས་སོ་ཞེས་བྱ་བ་འདི་ནི་གྲུབ་མཐའ་སྨྲ་བ་བཞི་པོ་སུ་ཡིའང་ལུགས་མ་ཡིན་ལ། རིགས་པ་དང་འགལ་བའི་ཕྱིར་ཤིན་ཏུ་མི་རིགས་སོ། །

འོ་ན་གྲུབ་མཐའ་བཞི་ལས་གང་ཞིག་བདེ་བར་གཤེགས་པའི་དགོངས་པ་ཡིན་ཞེ་ན། འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་འབའ་ཞིག་དེ་བཞིན་གཤེགས་པའི་བཀའི་དགོངས་པ་འཁྲུལ་པ་མེད་པ་ཡིན་ཏེ། དེ་བཞིན་གཤེགས་པས་ཆོས་གང་ཇི་སྙེད་གསུངས་པ་ཐམས་ཅད་ནི་བདེན་པ་གཉིས་ལས་བརྩམས་ཏེ་གསུངས་པ་ཡིན་ལ། འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་ལས་གཞན་ལ་བདེན་པ་གཉིས་ཕྱིན་ཅི་མ་ལོག་པར་རྣམ་པར་བཞག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་འདི་ཉིད་དུ། འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །བདེན་གཉིས་ཉམས་ལ་ཐར་པ་འགྲུབ་ཡོད་མིན། །ཅེས་འཆད་པར་འགྱུར་རོ། །གཞན་ཡང་བྱེ་བྲག་ཏུ་སྨྲ་བ་དག་གི་འདོད་པའི་དུས་གསུམ་རྫས་སུ་གྲུབ་པ་དང་། འདུས་མ་བྱས་དང་མི་ལྡན་པའི་འདུ་བྱེད་རྫས་སུ་གྲུབ་པ་དང་། མདོ་སྡེ་པའི་འདོད་པ་ཤེས་པ་རྣམ་ལྡན་དང་། དེའི་རྒྱུ་དོན་ལྐོག་ན་མོ་དང་། སྡེ་པ་གཉིས་ཀའི་ཐུན་མོང་གི་འདོད་པ་རྡུལ་ཕྲན་ཆ་མེད་བདེན་པ་དང་། རྣམ་རིག་པའི་འདོད་པ་རྣམ་ཤེས་བདེན་པ་རྣམས་གལ་ཏེ་གསུང་རབ་ཀྱི་དགོངས་པ་ཡིན་ན། དེ་དག་ལ་རིགས་པས་གནོད་པའི་ཕྱིར་སྨྲ་བ་པོ་ཐམས་ཅད་མཁྱེན་པར་མི་འགྱུར་ལ། གལ་ཏེ་དེ་དག་བཀའི་དགོངས་པ་མ་ཡིན་ན། རྣམ་རིག་པ་མན་ཆད་ཀྱི་གྲུབ་མཐའ་རྣམས་དེ་བཞིན་གཤེགས་པའི་དགོངས་པར་ཇི་ལྟར་འགྱུར། ཅི་སྟེ་འདི་དག་ཀྱང་ངེས་དོན་གྱི་མདོའི་དོན་མ་ཡིན་ཡང་། དྲང་དོན་གྱི་མདོའི་དོན་ཡིན་ནོ་ཞེ་ན། མ་ཡིན་ཏེ། དྲང་དོན་གྱི་མདོ་སྡེ་དག་གི་དོན་ནི་ཀུན་རྫོབ་བདེན་པ་ཡིན་ལ། རྣམ་རིག་པ་མན་ཆད་ཀྱི་འདོད་པ་དང་ཐུན་མོང་མ་ཡིན་པ་དེ་དག་ནི་ཀུན་རྫོབ་ཀྱི་བདེན་པར་ཡང་མ་གྲུབ་པའི་ཕྱིར་རོ། །གཞན་ཡང་དྲང་དོན་དང་ངེས་དོན་གྱི་མདོ་སྡེ་དག་ནི་གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་ནས་རྟོག་དཔྱོད་ཐ་དད་པས་བསྟན་པ་ཙམ་མ་གཏོགས། དགོངས་པའི་དོན་འགལ་བ་མ་ཡིན་ཏེ། དེ་བཞིན་གཤེགས་པའི་གསུང་ཐམས་ཅད་དེ་བཞིན་ཉིད་ལ་འབབ་ཅིང་གཞོལ་བའི་ཕྱིར་རོ། །དེ་བས་ན་གྲུབ་མཐའ་ཐ་དད་ནང་འགལ་བ་རྣམས་དྲང་དོན་དང་ངེས་དོན་གྱི་མདོ་སྡེ་རྣམས་ཀྱི་དགོངས་པ་ཡིན་ནོ་ཞེས་ཟེར་བ་ནི། རྣམ་པར་མ་བརྟགས་པར་སྨྲ་བ་ཡིན་ནོ། །དེ་ལྟར་ན་དེ་བཞིན་གཤེགས་པའི་གསུང་རབ་ཐམས་ཅད་ཀྱི་དགོངས་པ་ནི་མཐའ་བྲལ་དབུ་མའི་ལམ་གཅིག་པུ་འདི་ཉིད་དུ་གནས་སོ། །དེ་དག་ནི་རེ་ཞིག་བསྟན་བཅོས་ཀྱི་འབྲེལ་བ་ཡིན་ནོ། །

འདིའི་བརྗོད་པར་བྱ་བ་ནི་ཟབ་པ་དང་རྒྱ་ཆེ་བའི་ཚུལ་རྣམ་པ་གཉིས་ཡིན་ནོ། །དེ་ལ་ཟབ་པ་ནི་གང་ཟག་དང་ཆོས་ཀྱི་བདག་མེད་པ་གཉིས་ཀྱི་རང་བཞིན་སྟོང་པ་ཉིད་དང་། རྒྱ་ཆེ་བ་ནི། བསམ་པ་རྒྱ་ཆེ་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་སྙིང་རྗེ་ཆེན་པོ་དང་། སྦྱོར་བ་རྒྱ་ཆེ་བ་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་བྱང་ཆུབ་སེམས་དཔའི་ས་བཅུ་དང་། འབྲས་བུ་རྒྱ་ཆེ་བ་སངས་རྒྱས་ཀྱི་སྐུ་གསུམ་ཡོན་ཏན་ཕྲིང་ལས་དང་བཅས་པ་རྣམས་ཏེ། དེ་ལྟ་བུའི་ཟབ་པ་དང་རྒྱ་ཆེ་བའི་ཚུལ་རྣམ་པ་གཉིས་གཞུང་འདིར་གཏན་ལ་འབེབས་པར་བྱེད་དོ། །དགོས་པའང་གཉིས་ཏེ། གནས་སྐབས་ཀྱི་དགོས་པ་དང་། མཐར་ཐུག་གི་དགོས་པ་གཉིས་སོ། །གནས་སྐབས་ཀྱི་དགོས་པའང་གཉིས་ཏེ། བརྗོད་བྱ་རྟོགས་པའི་དགོས་པ་དང་། གཞུང་ལ་འཇུག་པའི་དགོས་པའོ། །དང པོ་ནི། འདི་ལས་ཇི་སྐད་བཤད་པའི་ཟབ་པ་དང་རྒྱ་ཆེ་བའི་ཚུལ་རྣམ་པ་གཉིས་བདེ་བླག་ཏུ་རྟོགས་པའོ། །གཉིས་པ་ནི། འདིར་ཀླུ་སྒྲུབ་ཀྱི་ཕྱོགས་ཀྱི་གཞུང་བཙུགས་ཤིང་། དེ་ལས་གཞན་དུ་སྨྲ་བ་དག་རིགས་པས་སུན་ཕྱུང་བ་ན། ཀླུ་སྒྲུབ་ཀྱི་ལུགས་འབའ་ཞིག་མཆོག་ཏུ་རྟོགས་ཏེ། དེའི་གཞུང་དབུ་མ་སོགས་ལ་གུས་པས་འཇུག་པར་འགྱུར་བ་སྟེ་འགྲེལ་པར། དབུ་མའི་བསྟན་བཅོས་ལ་འཇུག་པར་བྱ་བའི་ཕྱིར་དབུ་མ་ལ་འཇུག་པ་རྩོམ་པར་འདོད་པས། ཞེས་གསུངས་པའི་ཕྱིར་རོ། །མཐར་ཐུག་གི་དགོས་པ་ནི། གནས་སྐབས་ཀྱི་དགོས་པ་དེ་དག་ལ་བརྟེན་ནས་ཡང་དག་པའི་ལམ་ལ་ཞུགས་ཏེ། ཟབ་པ་དང་རྒྱ་ཆེ་བའི་ཚུལ་བླ་ན་མེད་པ་ཐུགས་སུ་ཆུད་པ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་བརྙེས་པའོ། །

ལེའུ་དང་པོའི་རྣམ་བཤད།

དེ་ལྟ་བུའི་བརྗོད་བྱ་དང་དགོས་པ་ཁྱད་པར་ཅན་དང་ལྡན་པའི་བསྟན་བཅོས་དབུ་མ་ལ་འཇུག་པ་འདིའི་བསྡུས་པའི་དོན་གསུམ་གྱིིས་རིག་པར་བྱ་སྟེ། འདི་ལྟར། རྩོམ་པའི་བྱ་བ་ལ་འཇུག་པའི་ཡན་ལག འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན། བྱ་བ་མཐར་ཕྱིན་པའི་ཡན་ལག་གོ །དང་པོ་རྩོམ་པའི་བྱ་བ་ལ་འཇུག་པའི་ཡན་ལག་ལའང་། དགེ་ལེགས་ཆེན་པོ་ཀུན་གྱི་རྩ་བ་བཅོམ་ལྡན་འདས་སྙིང་རྗེ་ཆེན་པོ་ལ་བསྟོད་པར་འོས་པའི་རྒྱུ་བསྟན་པ་དང་། དེའི་རང་བཞིན་བརྗོད་པའི་སྒོ་ནས་དེ་ལ་བསྟོད་པ་བསྟན་པ་གཉིས་སོ། །དང་པོའི་དབང་དུ་བྱས་ནས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱས་སྲས་རྣམས་ཀྱི་རྒྱུ། །ཞེས་སོགས་ཚིགས་སུ་བཅད་པ་གཉིས་སྨོས་སོ། །ཚིགས་སུ་བཅད་པ་དང་པོ་འདིས་ནི་མཆོག་ཏུ་གྱུར་པའི་གང་ཟག་བཞིའི་ནང་ནས་བྱང་ཆུབ་སེམས་དཔའ་གཙོ་བོར་བསྟན་ལ། དེའི་རྒྱུའང་སྙིང་རྗེ་ལ་སོགས་པ་ཆོས་གསུམ་ཡིན་པར་བསྟན་ཏོ། །དེ་ལ་ཉན་ཐོས་དང་། སངས་རྒྱས་འབྲིང་དུ་གྱུར་པ་རང་སངས་རྒྱས་ནི་ཐུབ་པའི་དབང་པོ་ཡང་དག་པ་རྫོགས་པའི་སངས་རྒྱས་ལས་སྐྱེས་པ་ཡིན་ཏེ། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཕྱིན་ཅི་མ་ལོག་པར་གསུངས་པར་འགྱུར་ལ། གདུལ་བྱ་རྣམས་ཀྱིས་དེ་ཉན་པ་དང་། སེམས་པ་དང་། བསྒོམས་པ་ལས་རང་རང་གི་ལྷག་པར་མོས་པའི་སྐལ་བ་ཇི་ལྟ་བ་བཞིན་ཉན་ཐོས་ལ་སོགས་པའི་བྱང་ཆུབ་གསུམ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ། །ཉན་ཐོས་རྣམས་ནི་སངས་རྒྱས་ཀྱི་གསུང་ལས་སྐྱེས་པར་རིགས་ན། རང་སངས་རྒྱས་རྣམས་ནི་གཞན་གྱི་བསྟན་པ་ལ་མི་ལྟོས་པར་རང་གིས་བྱང་ཆུབ་མངོན་དུ་བྱེད་པ་མ་ཡིན་ནམ། ཇི་ལྟར་ན་སངས་རྒྱས་ཀྱི་གསུང་ལས་སྐྱེས་པ་ཡིན་ཞེ་ན། ཉེས་པ་མེད་དེ། ཁ་ཅིག་གིས། དེ་བཞིན་གཤེགས་པ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཐོས་ཏེ། དོན་དམ་པ་རྟོགས་པ་ལ་མཁས་སུ་ཟིན་ཀྱང་། མཐོང་བའི་སྐྱེ་བ་ཁོ་ན་ལ་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་གྱི། འོན་ཀྱང་མྱོང་བར་ངེས་པའི་ལས་ཀྱི་རྣམ་པར་སྨིན་པ་བཞིན་དུ་ཚེ་རབས་གཞན་དུ་མྱ་ངན་ལས་འདས་པ་གདོན་མི་ཟ་བར་ཐོབ་པར་འགྱུར་ལ། དེའང་གལ་ཏེ་སངས་རྒྱས་འབྱུང་བ་དང་མ་ཕྲད་ན་རང་རྒྱལ་བར་འགྱུར་བའི་ཕྱིར་རོ། །ཇི་སྐད་དུ་བཞི་བརྒྱ་པར། དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་ངན་འདས་པ་མ་ཐོབ་ཀྱང་། །སྐྱེ་བ་གཞན་དུ་འབད་མེད་པར། །ངེས་པར་ཐོབ་འགྱུར་ལས་བཞིན་ནོ། །ཞེས་བཤད་ཅིང་། དབུ་མ་ལས་ཀྱང་། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །རྟེན་པ་མེད་ལ་རབ་ཏུ་འབྱུང་། །ཞེས་གསུངས་པ་ཡིན་ནོ། །གཞན་ཡང་རང་སངས་རྒྱས་རྣམས་ནི་སྲིད་པ་ཐ་མའི་ཚེ་གཞན་གྱིས་བསྟན་པ་ལ་ཉེ་བར་མི་ལྟོས་པ་ཡིན་གྱི་རྣམ་པ་ཐམས་ཅད་དུ་མི་ལྟོས་པ་མ་ཡིན་ནོ། །ཅིའི་ཕྱིར་ཉན་ཐོས་ཞེས་བྱ་ཞེ་ན། ཡང་དག་པའི་གདམས་ངག་གི་འབྲས་བུ་ཐོབ་པ་གཞན་ལ་སྒྲོགས་པ་བྱེད་པའི་ཕྱིིར་ཏེ། འདི་ལྟར་བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་པའི་ཚུལ་གྱིས་སོ། །ཡང་ན་ཐེག་པ་ཆེན་པོའི་ལམ་དེ་བཞིན་གཤེགས་རྣམས་ལས་ཐོས་ནས་དེ་དོན་དུ་གཉེར་བ་རྣམས་ལ་སྒྲོགས་པའི་ཕྱིར་ཉན་ཐོས་ཏེ་དམ་པའི་ཆོས་པདྨ་དཀར་པོ་ལས། མགོན་པོ་དེ་རིང་བདག་ཅག་ཉན་ཐོས་གྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲག་པར་བགྱི། །བྱང་ཆུབ་དམ་པའི་སྒྲ་ཡང་རབ་ཏུ་བརྗོད། །དེ་བས་བདག་ཅག་ཉན་ཐོས་མི་ཟད་འདྲ། །ཞེས་གསུངས་པ་ལྟར་རོ། །བྱང་ཆུབ་སེམས་དཔའ་རྣམས་ལའང་ཐལ་བར་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། སྒྲོགས་པར་བྱེད་པ་ཙམ་ཡིན་གྱི། རྗེས་སུ་མཐུན་པ་ཙམ་ཡང་མི་སྒྲུབ་པ་གང་ཡིན་པ་དེ་ནི་ཉན་ཐོས་ཞེས་བྱའི། བྱང་ཆུབ་སེམས་དཔའ་རྣམས་ནི་དེ་ལྟ་བུ་མ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་རང་སངས་རྒྱས་རྣམས་ལ་སངས་རྒྱས་འབྲིང་ཞེས་བྱ་ཞེ་ན། སངས་རྒྱས་ཞེས་པའི་སྒྲ་འདི་ནི་དེ་ཁོ་ན་ཉིད་རྟོགས་པའི་དོན་ཅན་ཡིན་པས་ཉན་ཐོས་དང་། རང་སངས་རྒྱས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་གསུམ་ཅར་ལའང་འཇུག་ལ། དེས་ན་རང་སངས་རྒྱས་ལའང་སངས་རྒྱས་ཀྱི་སྒྲས་བསྙད་ལ། དེ་ཉིད་བསོད་ནམས་དང་ཡེ་ཤེས་ཀྱི་ཁྱད་པར་གོང་ནས་གོང་དུ་འཕེལ་བས་ཉན་ཐོས་རྣམས་ལས་ཁྱད་པར་དུ་འཕགས་པའི་ཕྱིར་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ཐུགས་རྗེ་ཆེན་པོ་དང་རྣམ་པ་ཐམས་ཅད་མཁྱེན་པ་ལ་སོགས་པ་མེད་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ལས་དམན་པའི་ཕྱིར་འབྲིང་། དེ་ཉིད་ཀྱི་ཕྱིར་དེ་དག་ནི་སྲིད་པ་ཐ་མའི་ཚེ་གཞན་གྱིས་ཉེ་བར་བསྟན་པ་ལ་མི་ལྟོས་པར་རང་བྱུང་གི་ཡེ་ཤེས་མངོན་དུ་བྱེད་ཅིང་། བདག་ཉིད་གཅིག་པུའི་ཕྱིར་སངས་རྒྱས་པས་ན་རང་སངས་རྒྱས་སོ། །ཅིའི་ཕྱིར་བཅོམ་ལྡན་འདས་ལ་ཐུབ་པའ་ིདབང་པོ་ཞེས་བྱ་ཞེ་ན། གོང་ན་མེད་པའི་ཆོས་ཀྱི་དབང་ཕྱུག་ཕུན་སུམ་ཚོགས་པའི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལས་ཀྱང་ཆོས་ཀྱི་དབང་ཕྱུག་ཕུན་སུམ་ཚོགས་པ་མངའ་བའི་ཕྱིར་དང་། ཉན་ཐོས་ལ་སོགས་པའང་དེའི་བཀས་མངའ་བསྒྱུར་བའི་ཕྱིར་རོ། །ཡང་ཐུབ་པའི་དབང་པོ་ཉིད་གང་ལས་བལྟམས་ཞེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བྱང་ཆུབ་སེམས་དཔའ་རྣམས་ལས་འཁྲུངས་སོ། །གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་བཞིན་གཤེགས་པས་ཉེ་བར་བསྟན་པ་ལས་སྐྱེས་པར་གྱུར་པར་རྒྱལ་བའི་སྲས་ཞེས་བརྗོད་པ་མ་ཡིན་ནམ། ཇི་ལྟར་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཞེ་ན། བདེན་མོད་ཀྱི། འོན་ཀྱང་རིགས་པ་དང་ལུང་གཉིས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་རྒྱུར་བསྟན་ཏོ། །དེ་ལ་རེ་ཞིག་རིགས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་རྒྱུ་གཉིས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འབྲས་བུ་མཐར་ཐུག་པའི་རྒྱུའི་གཙོ་བོར་གྱུར་པའི་ཕྱིར་རོ། །རྒྱུ་གཉིས་པོ་གང་ཞེ་ན། གནས་སྐབས་ཀྱི་ཁྱད་པར་དང་། ཡང་དག་པར་འཛིན་དུ་འཇུག་པ་ལས་སོ། །དང་པོ་ནི། དེ་བཞིན་གཤེགས་པའི་གནས་སྐབས་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །འདི་ལྟར། ས་བཅུ་རྒྱུན་གྱི་ཐ་མའི་བྱང་ཆུབ་སེམས་དཔའ་རྣམས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྐྱེད་དེ། སྐད་ཅིག་མ་གཉིས་པ་ལ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ། མངོན་པར་རྫོགས་པར་བྱང་ཆུབ་པའི་རང་བཞིན་ཅན་གྱི་དེ་བཞིན་གཤེགས་པར་འགྱུར་བའི་ཕྱིར་རོ། །

གཉིས་པ་ནི། དེ་བཞིན་གཤེགས་པ་རྣམས་སྔོན་སོ་སོ་སྐྱེ་བོར་གྱུར་པ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོག་མ་ཉིད་དུ་བྱང་ཆུབ་ཀྱི་སེམས་ཡང་དག་པར་ལེན་དུ་འཇུག་པའི་ཕྱིར་ཏེ། ཇི་ལྟར་འཕགས་པ་འཇམ་དཔལ་བྱང་ཆུབ་སེམས་དཔར་གྱུར་པས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་། དེ་ལས་གཞན་པའི་དེ་བཞིན་གཤེགས་པ་རྣམས་ཐོག་མར་བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་དུ་བཅུག་པར་འདོད་པ་བཞིན་ནོ། །ལུང་ཡང་ཡོད་དེ། ཇི་སྐད་དུ། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། འོད་སྲུངས་འདི་ལྟ་སྟེ་དཔེར་ན། ཟླ་བ་ཚེས་པ་ལ་ཕྱག་འཚལ་བ་ལྟར་ཉ་བ་ལ་ནི་མ་ཡིན་ནོ། །འོད་སྲུངས་དེ་བཞིན་དུ་གང་དག་ང་ལ་རབ་ཏུ་དད་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་ལ་ཕྱག་བྱའི། དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ལ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ལས་ནི་དེ་བཞིན་གཤེགས་པ་རྣམས་འབྱུང་ངོ་། །དེ་བཞིན་གཤེགས་པ་རྣམས་ལས་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་འབྱུང་ངོ་ཞེས་གང་གསུངས་པ་ལྟར་རོ། །ཅིའི་ཕྱིར་མདོ་འདིར་བྱང་ཆུབ་སེམས་དཔའ་ལ་བསྔགས་པར་མཛད་ཅེ་ན། བྱང་ཆུབ་སེམས་དཔའ་ནི་ཇི་སྐད་བཤད་པའི་རྒྱུ་མཚན་གྱི་སངས་རྒྱས་ཀྱི་རྒྱུ་ཕུན་སུམ་ཚོགས་པ་ཆེས་བརླིང་བ་ཡིན་ལ། དེའི་ཕྱིར་རྒྱུ་ལ་མཆོད་པར་བརྗོད་པས་ཀྱང་འབྲས་བུ་ལ་མཆོད་པར་དོན་གྱིས་འཕངས་པར་དགོངས་ཏེ། ཇི་ལྟར་སྨན་གྱི་ལྗོན་ཤིང་ཆེན་པོ་འབྲས་བུ་དཔག་ཏུ་མེད་པ་སྟེར་བའི་མྱུ་གུ་ནི་བསྒྲིམས་ཏེ་བསྐྱང་བར་བྱ་བ་ལྟར། དེ་བཞིན་གཤེགས་པའི་སྨན་གྱི་ལྗོན་པ་ཆེན་པོ་འབྱིན་པར་བྱེད་པའི་བྱང་ཆུབ་སེམས་དཔའི་མྱུ་གུ་ཡང་བསྒྲིམས་ཏེ་བསྐྱང་བར་བྱ་བ་ཉིད་དུ་བསྟན་པའི་ཕྱིར་དང་། དུས་དེར་ཉེ་བར་གྱུར་པའི་གདུལ་བྱ་ཐེག་པ་གསུམ་ལ་གནས་པ་རྣམས་ཀྱང་ཐེག་པ་ཆེན་པོ་ལ་ངེས་པར་སྦྱར་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་བསྔགས་པ་མཛད་པ་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའ་དེ་དག་ཅིའི་རྒྱུ་ཅན་ཞིག་ཡིན་ཞེ་ན། འཆད་པར་འགྱུར་བའི་དམིགས་པ་དང་རྣམ་པའི་མཚན་ཉིད་ཅན་གྱི་སྙིང་རྗེའི་སེམས་དང་། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་མཐའ་ཐམས་ཅད་དང་བྲལ་བའི་གཉིས་སུ་མེད་པའི་བློ་དང་། གཞན་གྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱ་བར་འདོད་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་རྣམས་ནི་རྒྱལ་བའི་སྲས་པོ་རྣམས་ཀྱི་རྒྱུཡིན་ནོ། །ཅིའི་ཕྱིར་གསུམ་པོ་འདི་ཙམ་ཞིག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུར་བརྗོད་ཅེ་ན། གང་ཞིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་མ་ཚང་བ་མེད་པ་དང་། ཕྱིན་ཅི་མ་ལོག་པ་ལ་ནན་ཏན་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། བྱང་ཆུབ་ཆེན་པོའི་རྒྱུ་ལ་སློབ་པའི་ཕྱིར་རོ། །གསུམ་པོ་འདི་དག་ཀྱང་རྣམ་མཁྱེན་གྱི་ཡེ་ཤེས་ཀྱི་རྒྱུ་མ་ཚང་བ་མེད་པ་དང་། ཕྱིན་ཅི་མ་ལོག་པ་ཡིན་ཏེ། ཇི་སྐད་དུ། རྣམ་སྣང་མངོན་བྱང་གི་རྒྱུད་ལས། གསང་བའི་བདག་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ། སྙིང་རྗེའི་རྩ་བ་ཅན་ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ་ཞེས་འབྱུང་ཞིང་། རིན་པོ་ཆེའི་ཕྲེང་བ་ལས་ཀྱང་། དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་གསུམ་པོ་འདི་ཙམ་ཞིག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུར་བརྗོད་དོ། །གལ་ཏེ་གསུམ་ཆར་ཡང་བྱང་ཆུབ་སེམས་དཔའི་རྒྱུ་ཡིན་ན་ཅིའི་ཕྱིར་སྙིང་རྗེ་ཆེན་པོ་ཁོ་ན་ལ་བསྟོད་ཅེ་ན། བྱང་ཆུབ་ཀྱི་སེམས་དང་གཉིས་སུ་མེད་པའི་ཡེ་ཤེས་གཉིས་ཀྱི་རྩ་བའང་སྙིང་རྗེ་ཉིད་ཡིན་པས། དེའི་ཕྱིར་སྙིང་རྗེ་གཙོ་བོ་ཡིན་པའི་ཕྱིར་རོ། །དེའང་འདི་ལྟར། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཐོག་འདིའི། །ས་བོན་དང་ནི་ཆུ་དང་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་གྱུར་པ། །དེ་ཕྱིར་ཐོག་མར་སྙིང་རྗེར་བསྟོད་པར་བགྱི། །ཇི་ལྟར་ཕྱི་རོལ་གྱི་འབྲུ་དང་ཤིང་ཐོག་ལ་སོགས་པ་ཕུན་སུམ་ཚོགས་པར་བྱེད་པ་ལ་ས་བོན་དང་། ཆུ་དང་། སྨིན་པ་རྣམས་གོ་རིམ་བཞིན་དུ་མྱུ་གུ་མ་སྐྱེས་པ་སྐྱེད་པར་བྱེད་པ་དང་། སྐྱེས་ཟིན་གོང་ནས་གོང་དུ་འཕེལ་བར་བྱེད་པ་དང་། ས་བོན་གྱི་ཚོགས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཡུན་རིང་དུ་གནས་པར་བྱེད་པའི་ཕྱིར་ཐོག་མ་དང་། བར་དང་། ཐ་མ་གསུམ་དུ་གཙོ་བོར་གྱུར་པས་ཉེ་བར་མཁོ་བ་དེ་བཞིན་དུ། གང་གི་ཕྱིར་བརྩེ་བ་སྙིང་རྗེ་ཆེན་པོ་ཉིད་རྒྱལ་བའི་ལོ་ཐོག་ཕུན་སུམ་ཚོགས་པ་འདིའི་ཐོག་མར་བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་མ་སྐྱེས་པ་སྐྱེད་པར་བྱེད་པས་ས་བོན་དང་། བར་དུ་སྐྱེས་ཟིན་གྱི་ཚོགས་གཉིས་གོང་ནས་གོང་དུ་འཕེལ་བར་བྱེད་པས་ཆུ་དང་། ཐ་མར་ཡུན་རིང་པོར་དམ་པའི་ཆོས་ཀྱི་ལོངས་སྤྱ྄ོད་ཉེ་བར་གནས་པར་བྱེད་པས་སྨིན་པ་ལྟ་བུར་གྱུར་པའི་ཕྱིར། ཟླ་བ་གྲགས་པ་བདག་གིས་བསྟན་བཅོས་རྩོམ་པའི་ཐོག་མར་སྙིང་རྗེ་ཆེན་པོ་ཉིད་ལ་བསྟོད་པར་བགྱིའོ། །ཅིའི་ཕྱིར་སྙིང་རྗེ་ཉིད་ས་བོན་དང་འདྲ་བ་ཡིན་ཞེ་ན། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་མྱུ་གུ་མ་སྐྱེས་པ་སྐྱེད་པར་བྱེད་པའི་ཕྱིར་ཏེ། འདི་ལྟར་སྙིང་རྗེ་ཅན་ནི་གཞན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་ཀྱིས་སེམས་ཅན་སྡུག་བསྔལ་བར་གྱུར་པ་མ་ལུས་པ་ཡོངས་སུ་བསྐྱབ་པར་བྱ་བའི་ཕྱིར་བདག་གིས་འཇིག་རྟེན་འདི་མཐའ་དག་སྡུག་བསྔལ་ལས་བཏོན་ཏེ། སངས་རྒྱས་ཉིད་ལ་སྦྱར་རོ་སྙམ་དུ་གདོན་མི་ཟ་བར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་པར་འགྱུར་རོ། །དམ་བཅས་པ་འདིའང་གཉིས་སུ་མེད་པའི་ཡེ་ཤེས་སྤངས་པས་མི་འགྲུབ་པས་དེའི་འོག་ཏུ་གདོན་མི་ཟ་བར་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་ལའང་འཇུག་པར་འགྱུར་རོ། །དེའི་ཕྱིར་སྙིང་རྗེ་ཆེན་པོ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ས་བོན་ལྟ་བུ་ཡིན་ནོ། །ཅིའི་ཕྱིར་ཆུ་དང་འདྲ་བ་ཡིན་ཞེ་ན། བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུས་འབྲས་བུ་ཕུན་སུམ་ཚོགས་པ་སངས་རྒྱས་ཀྱི་གནས་སྐབས་མཐར་ཐུག་པར་མ་བསྐྱེད་ཀྱི་བར་དུ་བར་མ་དོར་ཉེ་ཞོར་མི་འགྱུར་བར་གོང་ནས་གོང་དུ་འཕེལ་བར་བྱེད་པའི་ཕྱིར་ཏེ། འདི་ལྟར་བྱང་ཆུབ་ཀྱི་སེམས་སྐྱེས་སུ་ཟིན་ཀྱང་། གལ་ཏེ་དུས་ཕྱིས་སྙིང་རྗེའི་ཆུས་ཡང་དང་ཡང་དུ་མ་བཅུས་ན་གཞན་དོན་དུ་ཚོགས་གཉིས་རྒྱ་ཆེན་པོ་ཡུན་རིང་པོའི་བར་དུ་སྒྲུབ་པ་ལ་སྒྱིད་ལུག་སྟེ། འབྲས་བུའི་ཚོགས་ཡངས་པ་མ་བསགས་པར་འདི་གདོན་མི་ཟ་བར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེའི་ཕྱིར་སྙིང་རྗེ་ནི་སངས་རྒྱས་ཀྱི་ཆོས་རྣམས་སྐྱེད་པར་བྱེད་པ་ལ་ཆུ་དང་ཆོས་མཚུངས་པ་ཡིན་ནོ། །ཅིའི་ཕྱིར་སྨིན་པ་དང་འདྲ་བ་ཡིན་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རང་དོན་སྤྲོས་པ་ཀུན་དང་བྲལ་བའི་ཆོས་སྐུ་བརྙེས་ཀྱང་། སྙིང་རྗེ་ཆེན་པོ་ཡོངས་སུ་སྨིན་པའི་དབང་གིས་གཟུགས་ཀྱི་སྐུ་འཁོར་བ་ཇི་སྲིད་བར་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། འཕགས་པའི་ཚོགས་ཀྱི་འབྲས་བུ་གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམས་བར་མ་ཆད་པར་ཡུན་རིང་དུ་མངོན་པར་འཕེལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་སྙིང་རྗེ་ཡོངས་སུ་སྨིན་པ་དང་བྲལ་བར་འགྱུར་ན། འབྲས་བུ་ཡངས་པའི་གནས་སྐབས་ཐོབ་ཏུ་ཟིན་ཀྱང་། མྱ་ངན་ལས་འདས་པ་མངོན་དུ་བྱས་ནས་ཆོས་ཀྱི་ལོངས་སྤྱོད་ཡུན་རིང་དུ་གནས་པར་མི་འགྱུར་ལ། དེའི་ཕྱིར་འཕགས་པའི་ཚོགས་ཀྱི་འབྲས་བུ་གཅིག་ནས་གཅིག་ཏུ་བརྒྱུད་པ་མངོན་པར་འཕེལ་བར་མི་འགྱུར་རོ། །དེ་ལྟར་ན་སྙིང་རྗེ་ནི་ཡོངས་སུ་སྨིན་པ་དང་འདྲ་བ་ཡིན་ནོ། །གཉིས་པ་དམིགས་པ་དང་རྣམ་པའི་སྒོ་ནས་རང་བཞིན་བརྗོད་དེ་སྙིང་རྗེ་ལ་བསྟོད་པ་ནི། སྙིང་རྗེ་དེའང་དམིགས་པའི་བྱེ་བྲག་གིས་རྣམ་པ་གསུམ་སྟེ་འདི་ལྟར། སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའི་སྙིང་རྗེའོ། །དང་པོ་ནི། སེམས་ཅན་རྫས་ཡོད་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་ནོ། །གཉིས་པ་ནི། ཕུང་པོའི་ཆོས་ཙམ་ལ་སེམས་ཅན་དུ་ཉེ་བར་བཏགས་པ་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་ནོ། །གསུམ་པ་ནི་སེམས་ཅན་སྒྱུ་མ་ལྟ་བུ་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་ནོ། །དང་པོ་ནི་སོ་སོའི་སྐྱེ་བོ་རྣམས་མངའོ། །གཉིས་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་མངའོ། །གསུམ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་དང་སངས་རྒྱས་རྣམས་ལ་མངའོ། །ཞེས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་འདོད་པ་དག་གིས་བཞེད་པའོ། །འདིར་ནི་སྙིང་རྗེ་ཐ་མ་གཉིས་ངོ་བོ་གཅིག་ལ་ལྡོག་པའི་སྒོ་ནས་འབྱེད་ཅིང་། དེའང་འཕགས་པའི་གང་ཟག་ཐམས་ཅད་ལ་ཡོད་དེ་འཆད་པར་འགྱུར་རོ། །དེ་ལ་རེ་ཞིག་སེམས་ཅན་ལ་དམིགས་པའི་སྙིང་རྗེ་རང་གི་ངོ་བོའི་ཁྱད་པར་མངོན་པར་གསལ་བར་བྱེད་པའི་སྒོ་ནས་དེ་ཉིད་ཕྱག་འཚལ་བ་བརྩོམ་པར་འདོད་ནས། དང་པོར་བདག་ཏུ་མངོན་པར་ཞེན་གྱུར་ཅིང་། །དངོས་པོ་རྣམས་ལ་བདག་གི་གཞི་བཟུང་བས། །ཟོ་ཆུན་རྒྱུད་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །ཅེས་སྨོས་སོ། །དེ་ལ་འདུད་ཅེས་དྲང་ངོ་། །གང་ལ་ཞེ་ན། འགྲོ་བ་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་བསྒྲལ་བར་འདོད་པའི་མཚན་ཉིད་ཅན་གྱི་སྙིང་རྗེར་གྱུར་པ་གང་ཡིན་པ་དེ་ལའོ། །འགྲོ་བ་ཅི་འདྲ་བ་ཞིག་ཅེ་ན། ཟོ་ཆུན་གྱི་རྒྱུད་འཕྱན་པ་ལྟར་ལས་དང་ཉོན་མོངས་པའི་མཐུས་རང་དབང་མེད་པར་ཐོག་མ་མེད་པའི་འཁོར་བར་འཕྱན་པ་ཞིག་གོ། རྒྱུ་གང་ལས་འཕྱན་ཞེ་ན། བདག་གི་མངོན་པར་ཞེན་པའི་དང་པོ་རང་གི་ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་ཡོད་པ་མ་ཡིན་པའི་བདག་ཏུ་མངོན་པར་ཞེན་ཅིང་། དེའི་འོག་ཏུ་བདག་ཏུ་གཟུང་བྱ་མ་ཡིན་པའི་སེམས་ཅན་དང་སེམས་ཅན་མ་ཡིན་པའི་དངོས་པོ་རྣམས་ལ་བདག་གིའོ་ཞེས་བཟུང་བས་འཕྱན་པར་གྱུར་ཏོ། །ཅི་ལྟར་ན་འགྲོ་བ་འདི་ཟོ་ཆུན་གྱི་རྒྱུད་དང་ཆོས་མཐུན་པ་ཡིན་ཞེ་ན། རྣམ་པ་དྲུག་གིིས་ཆོས་མཐུན་ཏེ། འདི་ལྟར་ཟོ་ཆུན་གྱི་རྒྱུད་ལ་ཆོས་དྲུག་ཉེ་བར་གནས་ཏེ། ཐག་པས་བཅིངས་པ་དང་། འཕྲུལ་འཁོར་མཁན་གཞན་གྱི་དབང་དུ་གྱུར་པ་དང་། ཁྲོན་པར་འཁོར་བར་བྱེད་པ་དང་། འོག་ཏུ་རང་གི་ངང་གིས་འགྲོ་ཞིང་སྟེང་དུ་འབད་པས་དྲང་བར་བྱ་བ་དང་། ཐོག་མ་དང་། ཐ་མ་དང་། བར་གྱི་རིམ་པ་ངེས་པར་མི་ཟིན་པ་དང་། ཉི་མ་རེ་རེ་ཞིང་འཆགས་པར་འགྱུར་བའི་རང་བཞིན་ཅན་ནོ། །ཇི་ལྟར་ཟོ་ཆུན་གྱི་རྒྱུད་ལ་ཆོས་དྲུག་དམིགས་པ་ལྟར་འགྲོ་བ་རྣམས་ལའང་ཆོས་དྲུག་དམིགས་ཏེ། འདི་ལྟར། བདག་དང་བདག་གིར་མངོན་པར་ཞེན་པའི་འཇིག་རྟེན་འདི་དག་ནི་ལས་དང་ཉོན་མོངས་པའི་ཐག་པས་ཆེས་དམ་དུ་བསྡམས་པ། རྣམ་པ་ཤེས་པའི་འཕྲུལ་འཁོར་མཁན་གྱི་སྤྱོད་པ་ལ་རག་ལས་ཏེ་འཇུག་པ། འཁོར་བའི་ཁྲོན་པ་ཆེན་པོ་སྲིད་པའི་རྩེ་མོ་ནས་མནར་མེད་པར་ཐུག་པར་ཟབ་པར་བར་མེད་པར་འཕྱན་པ། ངན་སོང་གསུམ་གྱི་ཐུར་དུ་རང་གི་ངང་གིས་འཇུག་ཅིང་ལྷ་དང་མིའི་གནས་ལ་གྱེན་དུ་འབད་པས་དྲང་བར་བྱ་བ། ཉོན་མོངས་པ་དང་། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་གསུམ་ཡོད་ཀྱང་། སྔ་མ་དང་། ཕྱི་མ་དང་བར་གྱི་རིམ་པ་ངེས་པར་མི་ཟིན་པ། ཉི་མ་རེ་རེ་ཞིང་སྡུག་བ སྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དག་གིས་གཅོག་པའི་ཕྱིར། ཟོ་ཆུན་རྒྱུད་མའི་གནས་སྐབས་ལས་མ་འདས་པ་ཞིག་གོ །ད་ནི་ཆོས་ལ་དམིགས་པ་དང་དམིགས་པ་མེད་པའི་སྙིང་རྗེ་རྣམ་པ་གཉིས་ཀྱང་དམིགས་པའི་སྒོ་ནས་གསལ་བར་བྱ་སྟེ་ཕྱག་འཚལ་བར་བཞེད་ནས། འགྲོ་བ་གཡོ་བའི་ཆུ་ནང་ཟླ་བ་ལྟར། །གཡོ་དང་རང་བཞིན་སྟོང་པར་མཐོང་བ་ཡི། །ཞེས་སྨོས་ཏེ། སྙིང་རྗེར་གྱུར་གང་དེ་ལ་འདུད། །ཅེས་སྦྱར་རོ། །སྙིང་རྗེར་ཇི་ལྟར་གྱུར་ཞེ་ན། རླུང་གིས་ཅུང་ཟད་བསྐྱོད་དེ་གཡོ་བའི་ཆུ་ཤིན་ཏུ་དྭངས་པའི་ནང་དུ་ཟླ་བའི་གཟུགས་བརྙན་ཤར་བ་ལྟར། འགྲོ་བ་སྐད་ཅིག་གིས་གཡོ་བ་དང་། དོན་དམ་པར་སྐྱེ་བ་མེད་པས་རང་བཞིན་གྱིས་སྟོང་པར་མཐོང་བའི་སྒོ་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་ནོ། །ཅི་ལྟར་ན། འགྲོ་བ་ཆུ་ནང་གི་ཟླ་བ་དང་ཆོས་མཚུངས་པར་མཐོང་བ་ལས་སྙིང་རྗེ་སྐྱེ་བ་ཡིན་ཞེ་ན། ཆུ་ཤིན་ཏུ་དྭངས་པ་རླུང་དྲག་པོ་མ་ཡིན་པས་ཆ་ཤས་བརླབས་ཀྱིས་ཁྱབ་པའི་ནང་དུ་ཟླ་བའི་གཟུགས་བརྙན་ཤར་བ་ན། དམ་པ་དག་གིས་གཉིས་པོ་འདི་རང་གི་བདག་ཉིད་གསལ་བར་བྱེད་པ་ལྟར་མཐོང་སྟེ་སྐད་ཅིག་རེ་རེ་ལ་མི་རྟག་པ་ཉིད་དང་། རང་བཞིན་གྱིས་སྟོང་པ་ཉིད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྙིང་རྗེའི་གཞན་དབང་དུ་གྱུར་པ་རྣམས་ཀྱིས་ཀྱང་སེམས་ཅན་འཇིག་ཚོགས་ལ་ལྟ་བའི་མཚོ་མ་རིག་པའི་ཆུ་སྔོན་པོ་རྒྱ་ཆེ་བ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རླུང་གིས་རབ་ཏུ་བསྐྱོད་པའི་ནང་དུ། རང་གི་ལས་ཀྱི་གཟུགས་བརྙན་ལྟ་བུ་མདུན་ན་གནས་པ་རྣམས་སྐད་ཅིག་རེ་རེ་ཞིང་མི་རྟག་པའི་སྡུག་བསྔལ་ཐོག་ཏུ་འབབ་པ་དང་། རང་བཞིན་གྱིས་སྟོང་པར་མཐོང་བ་ན། དེ་དག་གི་སྡུག་བསྔལ་གཞོམ་པར་བྱ་བའི་ཕྱིར་དམ་པའི་ཆོས་ཀྱི་རོ་ཕུལ་དུ་བྱུང་བའི་འབྱུང་གནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཐོབ་པར་འདོད་པ་ཡིན་ནོ། །

གཉིས་པ་འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་ངེས་པར་བྱ་བ་ལ། རྒྱུའི་གནས་སྐབས་ཀྱི་ས་བཅུ་དང་། འབྲས་བུའི་གནས་སྐབས་ཀྱི་ས་གཅིག་སྟེ་གཉིས་སོ། །དེ་ལ་རྒྱུའི་གནས་སྐབས་ཀྱི་ས་བཅུ་ནི་མངལ་གྱི་གནས་སྐབས་དང་འདྲ་སྟེ། སའི་སྒྲིབ་པ་དང་བཅས་པའི་ཕྱིར་རོ། །འབྲས་བུའི་གནས་སྐབས་སངས་རྒྱས་ཀྱི་ས་ནི། བཙས་པའི་གནས་སྐབས་དང་འདྲ་སྟེ། སྐྱེས་ནས་དབང་པོ་ཐམས་ཅད་ཀྱི་སྤྱོད་ཡུལ་ཉམས་སུ་མྱོང་བ་ལྟར། བྱ་བ་ཡོངས་སུ་རྫོགས་པས་ཤེས་བྱ་ཐམས་ཅད་ཀྱི་ཡུལ་ཉམས་སུ་མྱོང་བའི་ཕྱིར་རོ། །དེ་ལ་མངལ་གྱི་གནས་སྐབས་བཅུ་སྟེ། ཁུ་བའི་ལུས་ཀྱི་གནས་སྐབས་དང་། ཤའི་ལུས་ཀྱི་གནས་སྐབས་དང་། ལྷོད་པའི་ལུས་ཀྱི་གནས་སྐབས་དང་། སྲ་བའི་ལུས་ཀྱི་གནས་སྐབས་དང་ལུས་དང་རྗེས་སུ་མཐུན་པའི་ལུས་ཀྱི་གནས་སྐབས་དང་། རང་བཞིན་དང་རྗེས་སུ་མཐུན་པའི་ལུས་ཀྱི་གནས་སྐབས་དང་། ལས་དང་བཅས་པའི་ལུས་ཀྱི་གནས་སྐབས་ཏེ། བདུན་པོ་དེ་དག་ནི་ཡོངས་སུ་མ་རྫོགས་པའི་གནས་སྐབས་ཡིན་ལ། དེ་དག་དང་མ་དག་པའི་ས་བདུན་ཆོས་མཐུན་པར་རིག་པར་བྱའོ། །ཡོངས་སུ་རྫོགས་པའི་གནས་སྐབས་ཀྱང་གསུམ་སྟེ། དབང་པོ་ཡོངས་སུ་རྫོགས་པ་དང་། མཚན་ཡོངས་སུ་རྫོགས་པ་དང་། ཆུ་དང་ཞེང་ཡོངས་སུ་རྫོགས་པའོ། །དེ་དག་དང་དག་པའི་ས་གསུམ་ཆོས་མཐུན་པར་རིག་པར་བྱའོ། །དེ་ལ་ས་ཞེས་བྱ་བ་འདིའི་རང་བཞིན་ཅི་ཞེ་ན། བྱང་ཆུབ་སེམས་དཔའི་ཟག་པ་མེད་པའི་ཡེ་ཤེས་སྙིང་རྗེ་ལ་སོགས་པས་ཡོངས་སུ་ཟིན་པ་ནི་ས་ཞེས་བྱ་བར་མིང་ཐོབ་སྟེ། ཡོན་ཏན་གྱི་རྟེན་དུ་གྱུར་པའི་ཕྱིར་རོ། །ཟག་པ་མེད་པའི་ཡེ་ཤེས་ནི་རྣམ་པར་མི་རྟོག་པར་རོ་གཅིག་པའི་ཕྱིར་དབྱེ་བ་མེད་ན། ཅི་ལྟར་ས་བཅུར་དབྱེ་ཞེ་ན། འདི་ལ་རང་གི་ངོ་བོས་བྱས་པའི་དབྱེ་བ་ནི་མེད་ཀྱི། འོན་ཀྱང་དེ་ཉིད་གོང་ནས་གོང་དུ་ཡོན་ཏན་གྱི་གྲངས་དང་མཐུ་ཕུལ་དུ་བྱུང་བའི་ཁྱད་པར་ཐོབ་པ་དང་། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ཀླགས་པ་དང་། རྣམ་པར་སྨིན་པ་འཕེལ་བའི་བྱེ་བྲག་གིས་ས་རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་ཅན་དང་། སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་ཞེས་བྱ་བའི་མིང་ཅན་རྣམ་པ་བཅུར་རྣམ་པར་བཞག་གོ །དེ་ལ་སེམས་བསྐྱེད་པ་དང་པོ་ས་རབ་ཏུ་དགའ་བ་ནི་དོན་གསུམ་གྱིས་ཤེས་པར་བྱ་སྟེ། འདི་ལྟར། ཁྱད་གཞི་སའི་ངོ་བོ་མདོར་བསྟན་པ་དང་། ཁྱད་ཆོས་སའི་ཡོན་ཏན་རྒྱས་པར་བཤད་པ་དང་། སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བའོ། །དང་པོའི་དབང་དུ་བྱས་ནས། འགྲོ་བ་སྒྲོལ་ཕྱིར་སྙིང་རྗེའི་གཞན་དབང་གིས། །ཀུན་ཏུ་བཟང་པོས་སྨོན་པས་རབ་སྨོན་ཅིང་། །གང་གི་སེམས་ནི་རབ་དགའ་ལ་གནས་པ། །དེ་ནི་རྒྱལ་བའི་སྲས་ཀྱི་དང་པོར་བརྗོད། །ཅེས་སྨོས་སོ། །བྱང་ཆུབ་སེམས་དཔའ་གང་གི་སེམས་ནི་རབ་ཏུ་དགའ་བ་ཞེས་བྱ་བའི་མིང་ཅན་གྱི་གཉིས་སུ་མེད་པའི་ཡེ་ཤེས་ལ་གནས་པ་དེ་ནི་རྒྱལ་བའི་སྲས་པོ་རྣམས་ཀྱི་སེམས་བསྐྱེད་པ་དང་པོར་བརྗོད་དོ། །ས་རབ་ཏུ་དགའ་བ་དེ་ཁྱད་པར་ཅི་འདྲ་བ་ཞིག་ཡིན་ཞེ་ན། སེམས་བསྐྱེད་པ་གང་ལ་གནས་ནས་བྱང་ཆུབ་སེམས་དཔའ་ཇི་སྐད་བཤད་པའི་ཚུལ་གྱིས་འགྲོ་བ་རང་བཞིན་མེད་པར་མཐོང་བའི་དམིགས་པ་མེད་པའི་སྙིང་རྗེའི་གཞན་དབང་དུ་གྱུར་ཏེ། འགྲོ་བ་སྒྲོལ་བའི་ཕྱིར་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་སྨོན་པའི་སྨོན་ལམ། གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཡི། །བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། །ཞེས་སོགས་ཀྱིས་བསྡུས་པའི་སྨོན་ལམ་ཆེན་པོ་བཅུ་ལ་སོགས་པ་སྨོན་ལམ་འབུམ་ཕྲག་གྲངས་མེད་པ་ཕྲག་བཅུ་རབ་ཏུ་སྨོན་ཅིང་འདེབས་པར་བྱེད་པ་དེ་ལ་རབ་ཏུ་དགའ་བ་ཞེས་བརྗོད་དོ། །གཉིས་པ་ལའང་། ཁྱད་ཆོས་ཕལ་པ་དང་། གཙོ་བོ་སྦྱིན་པའི་ཕར་ཕྱིན་བཤད་པ་གཉིས་སོ། །དང་པོ་ལ་རེ་ཞིག་མིང་ཁྱད་པར་བ་ཐོབ་པའི་ཡོན་ཏན་ནི། དེ་ནས་བཟུང་སྟེ་དེ་ཐོབ་གྱུར་པས་དེ། །བྱང་ཆུབ་སེམས་དཔའ་ཞེས་བྱའི་སྒྲས་བརྙད་དོ། །ཞེས་སྨོན་ཏེ། སེམས་བསྐྱེད་པ་དང་པོ་དེ་ཐོབ་པ་ནས་བཟུང་སྟེ་རྒྱལ་བའི་སྲས་དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་སྒྲ་ཁོ་ནས་བསྙད་པར་བྱ་བ་ཡིན་གྱི། སོ་སོ་སྐྱེ་བོ་ལ་སོགས་པས་བསྙད་པར་བྱ་བ་མ་ཡིན་ཏེ། དོན་དམ་པའི་སེམས་བསྐྱེད་པ་དེ་ཐོབ་པར་གྱུར་པས། དེའི་ཚེ་སོ་སོ་སྐྱེ་བོའི་ས་ལས་འདས་ཏེ་འཕགས་པར་གྱུར་པའི་ཕྱིར་རོ། །ཇི་སྐད་དུ་བཅོམ་ལྡན་འདས་མ་ཉིས་སྟོང་ལྔ་བརྒྱ་པ་ལས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་རྗེས་སུ་རྟོགས་པའི་སེམས་དཔའི་ཚིག་བླ་དྭགས་ཏེ། གང་གིས་ཆོས་ཐམས་ཅད་རྗེས་སུ་རྟོགས་ཤིང་ཤེས་པའོ། །ཇི་ལྟར་ཤེས་ཞེ་ན། མ་བྱུང་བ་དང་། ཡང་དག་པར་མ་བྱུང་བ་དང་། མ་ལོག་པ་དང་། དེ་དག་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོས་བརྟགས་པ་དེ་ལྟར་མ་ཡིན་པ་དང་། བྱིས་པ་སོ་སོའི་སྐྱེ་བོས་རྙེད་པ་དེ་ལྟར་མ་ཡིན་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ་ཞེས་གསུངས་པ་ཡིན་ནོ། །ཇི་སྐད་བཤད་པའི་སེམས་བསྐྱེད་པ་དང་པོ་དེ་ཐོབ་པའི་གནས་སྐབས་དེར་བྱང་ཆུབ་སེམས་དཔའི་སྒྲས་བརྗོད་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་ཡང་། འདི་ནི་དེ་བཞིན་གཤེགས་པའི་རིགས་སྐྱེས་ཏེ། །འདི་ཡིས་ཀུན་སྦྱོར་གསུམ་པོ་སྤངས་པར་གྱུར་། །དེ་ནི་དགའ་བ་མཆོག་ཏུ་གྱུར་འཆང་ཞིང་། །འཇིག་རྟེན་ཁམས་བརྒྱ་གཡོ་བར་ནུས་པའང་ཡིན། །སེམས་བསྐྱེད་པ་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་འདི་ནི་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན་ཏེ། སོ་སོ་སྐྱེ་བོ་དང་། ཉས་ཐོག་དང་། རང་སངས་རྒྱས་ཀྱི་ས་ཐམས་ཅད་ལས་འདས་པའི་ཕྱིར་དང་། དེ་བཞིན་གཤེགས་པའི་ས་ཀུན་ཏུ་འོད་ཅེས་བྱ་བའི་རྗེས་སུ་འགྲོ་བའི་ལམ་སྐྱེས་པའི་ཕྱིར་རོ། །སེམས་དཔའ་འདིའི་རྒྱུད་ཀྱི་ཀུན་ཏུ་སྦྱོར་བ་འཇིག་ཚོགས་སུ་ལྟ་བ་དང་། ཐེ་ཚོམ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཞེས་བྱ་བ་གསུམ་པོའང་སྤངས་པ་ཡིན་ཏེ། གང་ཟག་གི་བདག་མེད་པ་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །སེམས་དཔའ་དེ་ནི་འཇིག་རྟེན་ལས་འདས་པའི་དགའ་བ་མཆོག་ཏུ་གྱུར་པ་འཆང་བའང་ཡིན་ཏེ། ཡང་དག་པ་ཉིད་དུ་ངེས་པ་ལ་ཞུགས་པས་དེའི་རྒྱུ་ཅན་གྱི་ཡོན་ཏན་ཐོབ་པ་དང་། སའི་མི་མཐུན་ཕྱོགས་ཀྱི་སྐྱོན་དང་བྲལ་བས་ཐུན་མོང་མ་ཡིན་པའི་དགའ་བའི་ཁྱད་པར་སྐྱེས་པས་རབ་ཏུ་དགའ་བ་མང་བའི་ཕྱིར་རོ། །དེའི་ཕྱིར་ས་འདི་ལ་རབ་ཏུ་དགའ་བ་ཞེས་བྱ་བའི་མིང་ཡང་ཐོབ་པར་འགྱུར་རོ། །རྫུ་འཕྲུལ་གྱི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་ནུས་པའང་ཡིན་ནོ། །གཞན་ཡང་། ས་ནས་སར་གནོན་གོང་དུ་འགྲོ་བར་འགྱུར། །དེ་ཚེ་འདི་ཡི་ངན་འགྲོའི་ལམ་འགག་ཅིང་། །སོ་སོ་སྐྱེ་བོའི་ས་རྣམས་ཟད་འགྱུར་ཏེ། །འདི་ནི་འཕགས་པ་བརྒྱད་པ་བཞིན་དུ་བསྟན། །འདི་ནི་ས་འོག་མ་ནས་ས་གོང་མར་གནོན་ཅིང་གོང་ནས་གོང་དུ་འགྲོ་བར་ཡང་འགྱུར་ཏེ། ཇི་ལྟར་རང་གི་ཁོང་དུ་ཆུད་པའི་ཆོས་ལ་གོམས་པའི་ཕྱིར་དང་། ས་གཉིས་པ་ལ་སོགས་གནོན་པ་ལ་སྤྲོ་བ་ཆེ་བའི་ཕྱིར་རོ། །དེའི་ཚེ་འདིའི་རྒྱུད་ལ་མི་དགེ་བ་མི་བྱེད་པའི་སྡོམ་པ་ཐོབ་པའི་ཕྱིར་ངན་འགྲོར་འགྲོ་བའི་ལམ་མཐའ་དག་འགག་པར་འགྱུར་ལ། བདེན་པ་མཐོང་བའི་ཕྱིར་སོ་སོ་སྐྱེ་བོའི་ས་རྣམས་ཀྱང་ཟད་པར་འགྱུར་ཏེ། མདོར་ན་འཕགས་པ་རྒྱུན་དུ་ཞུགས་པ་རྣམས་ལ་རང་དང་རྗེས་སུ་མཐུན་པའི་འཕགས་པའི་ཆོས་རྗེས་སུ་རྟོགས་པ་ལས་སྐྱོན་དང་བྲལ་ཞིང་ཡོན་ཏན་འབྱུང་བ་དེ་བཞིན་དུ། སེམས་བསྐྱེད་པ་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་འདིའང་ས་རྟོགས་པ་ལས་རང་དང་འཚམས་པའི་ཡོན་ཏན་འབྱུང་བ་དང་། སྐྱོན་ཟད་པ་འཕགས་པ་བརྒྱད་པ་རྒྱུན་དུ་ཞུགས་པའི་དཔེའི་སྒོ་ནས་བསྟན་པ་ཡིན་ནོ། །སེམས་བསྐྱེད་པ་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པའི་ཁྱད་པར་བསྟན་པའི་ཕྱིར། རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དང་པོས་ཀྱང་། །ཐུབ་དབང་གསུང་སྐྱེས་རང་རྒྱལ་བཅས་པ་རྣམས། །བསོད་རྣམས་སྟོབས་ཀྱིས་ཕམ་བྱས་རྣམ་འཕེལ་ཞིང་། །ཞེས་སྨོན་ཏེ། འདི་ལྟར་དོན་དམ་པའི་རང་བཞིན་གྱི་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔས་ཀྱང་། ཐུབ་པའི་དབང་པོའི་གསུང་ལས་སྐྱེས་པ་ཉན་ཐོས་དགྲ་བཅོམ་པ་རྣམས་དང་རང་རྒྱལ་དང་བཅས་པ་རྣམས་གཞན་ལ་ཕན་པའི་ལྷག་པའི་བསམ་པའི་བསོད་ནམས་ཀྱི་སྟོབས་ཀྱིས་རྣམ་པར་ཕམ་ཞིང་ཟིལ་གྱིས་གནོན་པར་བྱེད་དེ། བྱང་ཆུབ་སེམས་དཔའ་ལ་མངའ་བའི་སེམས་ཅན་ཐམས་ཅད་བསྒྲལ་བར་འདོད་པའི་ལྷག་བསམ་དེ་དག་ལ་མེད་པའི་ཕྱིར་རོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ནི་དེ་དག་ལས་བསོད་ནམས་འཕེལ་ཞིང་ལྷག་པ་ཡིན་ནོ། །དེ་ལྟར་ཡང་། འཕགས་པ་བྱམས་པའི་རྣམ་ཐར་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྒྱལ་པོའི་བུ་སྐྱེས་ནས་རིང་པོར་མ་ལོན་པ་རྒྱལ་པོའི་མཚན་དང་ལྡན་པས་ནི། བློན་པོའི་ཚོགས་རྒན་པོ་གཙོ་བོར་གྱུར་པ་ཐམས་ཅད་ཀྱང་། རིགས་ཀྱི་བདག་ཉིད་ཆེ་བའི་དབང་གིས་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རིང་པོར་མ་ལོན་པ་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོའི་རིགས་སུ་སྐྱེས་པས་ཀྱང་། བྱང་ཆུབ་ཀྱི་སེམས་དང་སྙིང་རྗེའི་དབང་གིས་ཉན་ཐོས་དང་རང་སངས་རྒྱས་ཡུན་རིང་དུ་ཚངས་པར་སྤྱད་པ་རྣམས་ཟིལ་གྱིས་གནོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་ཕྲུ་གུ་སྐྱེས་ནས་རིང་པོར་མ་ལོན་པའི་གཤོག་པའི་རླུང་གི་ཤུགས་དང་མིག་ཡོངས་སུ་དག་པའི་ཡོན་ཏན་གང་ཡིན་པ་དེ་ནི། དེ་ལས་གཞན་པའི་བྱའི་ཚོགས་མ་ལུས་པ་རྒས་པར་གྱུར་པ་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པ་དེ་བཞིན་གཤེགས་པ་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་རིགས་ཀྱི་བརྒྱུད་དུ་ཡང་དག་པར་བྱུང་བ་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་ཕྲུག་གུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རླུང་གི་གཤོག་པའི་སྟོབས་ཀྱིས་ཕ་རོལ་གནོན་པ་དང་། ལྷག་པའི་བསམ་པ་ཡོངས་སུ་དག་པའི་མིག་གི་ཡོན་ཏན་གང་ཡིན་པ་དེ་ནི་བསྐལ་པ་བརྒྱ་སྟོང་དུ་ངེས་པར་འབྱུང་པའི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ། །ཞེས་གང་གསུངས་པ་ཡིན་ནོ། །ཅི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ཀྱིས་སམ། འོན་ཏེ་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིལ་གྱིས་གནོན་པ་ཡིན་ཞེ་ན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིལ་གྱིས་གནོན་གྱི། དོན་དམ་པས་ནི་མ་ཡིན་ཏེ། ཉན་རང་དག་ལའང་ཆོས་རང་བཞིན་མེད་པ་རྟོགས་པའི་ཤེས་རབ་ཡོད་པར་སྒྲུབ་པའི་ཕྱིར་རོ། །

དེ་ལྟར་ན་མོས་སྤྱོད་ཀྱི་ས་ལ་གནས་པ་དག་གིས་ཀྱང་ཉན་རང་དག་ཅིའི་ཕྱིར་ཟིལ་གྱིས་གནོན་པར་མི་བྱེད་ཅེ་ན། མོས་སྤྱོད་པ་དག་གི་བྱང་ཆུབ་ཀྱིི་སེམས་ནི་མི་བརྟན་པ་ཡིན་ཏེ། བདག་གཞན་མཉམ་པ་ཉིད་དུ་རྟོགས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ནི་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རིགས་སུ་མ་ངེས་པ་ཡིན་ཏེ། དཔེར་ན་མཚན་དང་མི་ལྡན་པའི་རྒྱལ་པོའི་བུ་ཕལ་པ་བཞིན་ནོ། །སེམས་བསྐྱེད་པ་དང་པོ་ཐོབ་པ་ན་བདག་གཞན་མཉམ་པ་ཉིད་དུ་རྟོགས་པས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བརྟན་པར་གྱུར་པས་ཆོས་ཀྱི་རྒྱལ་པོའི་རིགས་སུ་ངེས་པ་ཡིན་ལ། དེའི་ཕྱིར་མཚན་དང་ལྡན་པའི་རྒྱལ་པོའི་བུ་བཞིན་དུ་ཉན་རང་དག་ཟིལ་གྱིས་གནོན་པ་ཡིན་ནོ། །ནམ་གྱི་ཚེ་བློས་ཟིལ་གྱིས་གནོན་ཞེ་ན། རིང་དུ་སོང་བ་བློ་ཡང་ལྷག་པར་འགྱུར། །རྒྱལ་བའི་སྲས་པོ་དེ་ནི་གང་གི་ཚེ་སེམས་བསྐྱེད་པ་བདུན་པ་རིང་དུ་སོང་བར་སོན་པ་དེའི་ཚེ་བློ་ཤེས་རབ་ཀྱི་སྟོབས་ཀྱིས་ཀྱང་ཉན་རང་དག་ལས་ལྷག་པར་འགྱུར་ཏེ། ས་དེར་ཐབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་སེམས་ཀྱི་སྐད་ཅིག་རེ་རེ་ཞིང་འགོག་པ་ལ་སྙོམས་པར་འཇུག་ཅིང་ལྡང་བའི་ཕྱིར། ཉན་རང་དག་གིས་དེ་ལྟར་མི་ནུས་པའི་ཕྱིར་རོ། །ཇི་སྐད་དུ་འཕགས་པ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། རྒྱལ་པོའི་རིགས་སུ་སྐྱེས་པའི་རྒྱལ་པོའི་བུ་མཚན་དང་ལྡན་པ་ནི་སྐྱེས་པ་ཙམ་གྱིས་རྒྱལ་པོའི་བྱིན་གྱིས་བློན་པོའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་གྱི། རང་གིི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །ནམ་དེ་ནར་སོན་པར་གྱུར་པ་དེའི་ཚེ་རང་གི་བློའི་སྟོབས་བསྐྱེད་པས་བློན་པོའི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་བསྐྱེད་མ་ཐག་ཏུ་ལྷག་པའི་བསམ་པའི་ཆེ་བ་ཉིད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་གྱི། རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱོད་པས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པའི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བྱ་བ་ལས་ཤིན་ཏུ་འདས་པ་ཡིན་ནོ་ཞེས་གང་གསུངས་པ་ཡིན་ནོ། །ལུང་འདི་ལས་ནི། ཉན་ཐོས་དང་རང་སངས་རྒྱས་རྣམས་ལའང་ཆོས་ཐམས་ཅད་རང་བཞིན་མེད་པ་རྟོགས་པའི་ཤེས་རབ་ཡོད་པར་གསལ་བར་ངེས་ཏེ། དེ་ལྟ་མ་ཡིན་ན་ཉན་རང་དེ་དག་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཀྱང་ཅིའི་ཕྱིར་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་པར་མི་ནུས་ཏེ། དེ་དག་ལ་ཆོས་རང་བཞིན་མེད་པར་ཤེས་པ་མེད་པའི་ཕྱིར་དང་། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཡོད་པའི་ཕྱིར་རོ། །འདི་ལ་རིགས་པའང་ཡོད་དེ། གལ་ཏེ་ཉན་རང་དག་ལ་ཆོས་རང་བཞིན་མེད་པར་རྟོགས་པ་མེད་ན། ཕྱི་རོལ་པ་བཞིན་དུ་དེ་དག་གིས་ཁམས་གསུམ་གྱི་ཉོན་མོངས་པའི་བག་ལ་ཉལ་སྤོང་བར་མི་འགྱུར་ཏེ། གནས་ལུགས་རྟོགས་པའི་ཤེས་རབ་མེད་པའི་ཕྱིར་རོ། །ཕུང་པོ་མི་རྟག་པ་དང་སྡུག་བསྔལ་བ་སོགས་ཀྱི་རྣམ་པ་རྟོགས་པས་འདོད་ཆགས་ལ་སོགས་པ་དྲུངས་ནས་འབྱིན་པ་མ་ཡིན་ཏེ། གཉིས་ཀའང་ཕུང་པོའི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞུགས་པར་མཚུངས་པའི་ཕྱིར་རོ། །འདི་ལྟར་འདོད་ཆགས་སོགས་ཀྱིས་ཇི་ལྟར་ཞེན་པ་ལྟར་སྡུག་པ་དང་མི་སྡུག་པ་སོགས་ཀྱི་རང་བཞིན་དུ་ཕུང་པོ་མ་གྲུབ་པ་ལྟར་མི་རྟག་པ་དང་སྡུག་བསྔལ་བ་སོགས་ཀྱི་ངོ་བོར་ཡང་མ་གྲུབ་སྟེ། རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །གལ་ཏེ་མི་རྟག་པ་སོགས་སུ་རྟོགས་པས་མི་སྤོང་ཡང་། དེ་དག་གི་རྒྱུ་ཅན་གང་ཟག་གི་བདག་མེད་པར་རྟོགས་པས་སྤོང་བའི་ཕྱིར་ཉེས་པ་མེད་དོ་ཞེ་ན། གང་ཞིག་ཕུང་པོ་ལ་མི་རྟག་པ་སོགས་ཀྱི་དངོས་པོར་མངོན་པར་ཞེན་པ་དེ་དག་གིས་ནི་གང་ཟག་གི་བདག་མེད་པའང་རྟོགས་པར་མི་འགྱུར་ཏེ། བདག་ཏུ་འདོགས་པའི་གཞི་ཕུང་པོ་ལ་དམིགས་པའི་ཕྱིར་རོ། །དེ་ལྟར་ཡང་། རིན་པོ་ཆེའི་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་པ་ལས་ཡང་ལས་ཏེ། །དེ་ལས་ཀྱང་ནི་སྐྱེ་བ་ཡིན། །ལམ་གསུམ་ཐོག་མ་དབུས་མེད་པར། །འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །འཁོར་ལོ་ལྟ་བུ་ཕན་ཚུན་གྱི། །རྒྱུན་ཅན་འདི་ནི་འཁོར་བར་འགྱུར། །ཅེས་འཁོར་བའི་འཇུག་པ་ལས་བརྩམས་ནས་ཕུང་པོ་ལ་མངོན་པར་ཞེན་པ་ཉིད་སྐྱེ་བའི་རྩ་བར་བསྟན་ཅིང་། ཡང་དེ་ཉིད་ལས། དེ་ནི་རང་གཞན་གཉིས་ཀ་དང་། །དུས་གསུམ་དུ་ཡང་མ་ཐོབ་ཕྱིར། །ངར་འཛིན་པ་ནི་ཟད་པར་འགྱུར། །དེ་ནས་ལས་དང་སྐྱེ་བ་ཡང་། །ཞེས་འཁོར་བའི་ལྡོག་པ་ལས་བརྩམས་ནས་ཕུང་པོ་རང་བཞིན་མེད་པར་ཤེས་པ་ཉིད་སྐྱེ་བའི་གཉེན་པོར་གསུངས་པའི་ཕྱིར་རོ། །ཅི་སྟེ་དེ་དག་ནི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ནས་གསུངས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །འདི་གང་ལས་ཤེས་ཞེ་ན། དེ་ཡི་མཇུག་ཐོགས་སུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་བྱས་ནས། དེ་ལྟར་བྱང་ཆུབ་སེམས་དཔས་ཀྱང་། །མཐོང་ནས་བྱང་ཆུབ་ངེས་པར་འདོད། །འོན་ཀྱང་དེ་ནི་སྙིང་རྗེ་ཡིས། །བྱང་ཆུབ་བར་དུ་སྲིད་མཚམས་སྦྱོར། །ཅེས་གསུངས་པའི་ཕྱིར་རོ། །གཞན་ཡང་ཉན་ཐོས་ཀྱི་མདོ་སྡེ་དག་ལས་ཀྱང་ཕུང་པོ་རང་བཞིན་མེད་པར་བསྟན་ཏེ། ཇི་སྐད་དུ། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་ཤེས་སྒྱུ་མ་ལྟ་བུ་སྟེ། །ཉི་མའི་གཉེན་གྱིས་བཀའ་བསྩལ་ཏོ། །ཞེས་ཕུང་པོ་ལྔ་སྒྱུ་མ་སོགས་དང་འདྲ་བར་རང་བཞིན་མེད་པར་དཔྱད་པའི་ཕྱིར་རོ། །དོན་དེ་ཉིད་སློབ་དཔོན་གྱིས་ཀྱང་སྟོན་པར་བཞེད་ནས། ཐེག་པ་ཆེ་ལ་སྐྱེ་མེད་བསྟན། །གཞན་གྱི་ཟད་པ་སྟོང་པ་ཉིད། །ཟད་དང་མི་སྐྱེ་དོན་དུ་ནི། །གཅིག་པ་དེ་ཕྱིར་བཟོད་པར་གྱིས། །ཞེས་དང་། ཡང་། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀ་ཏ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང་། །མེད་པ་གཉིས་ཀ་དགག་པར་མཛད། །ཅེས་གསུངས་སོ། །དེ་ལྟར་ན་འཁོར་ལོ་དང་པོར་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྐྱེ་བ་དང་འཇིག་པའི་རྣམ་པས་ཆོས་སྟོན་གྱི་རང་བཞིན་མེད་པའི་རྣམ་པས་ཆོས་སྟོན་པར་ཅིའི་ཕྱིར་མི་བྱེད་ཅེ་ན། དེ་ནི་རྒྱུད་ཡོངས་སུ་མ་སྦྱངས་པ་དག་སྟོང་པ་ཉིད་ལ་སྐྲག་པ་སྤང་བའི་ཕྱིར་དགོས་པའི་དབང་གིས་གསུང་པ་ཡིན་ཏེ། ཇི་སྐད་དུ། རིགས་པ་དྲུག་ཅུ་པར། སྐྱེ་བ་དང་ནི་འཇིག་པ་དག །དགོས་པའི་དོན་དུ་བསྟན་པའོ། །སྐྱེ་བ་ཤེས་པས་འཇིག་པ་ཤེས། །འཇིག་པ་ཤེས་པས་མི་རྟག་ཤེས། །མི་རྟག་ཉིད་ལ་འཇུག་པ་ཤེས། །ཆོས་ཀྱི་ཚུལ་ཡང་རྟོགས་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །ཀུན་ཤེས་ཀཽའུ་ཌི་ནྱ་ལ་སོགས་པ་ཁ་ཅིག་གིས་བསྟན་པ་དེ་ལས་ཆོས་ཀྱི་དེ་ཁོ་ན་ཉིད་མཐོང་བར་ཇི་ལྟར་འགྱུར་ཞེ་ན། རྒྱུད་ཡོངས་སུ་སྦྱངས་པ་དག་གིས་ནི་སྐྱེ་བ་དང་འཇིག་པའི་རྣམ་པས་ཆོས་བསྟན་པ་ལས་སྟོང་པ་ཉིད་ཁོང་དུ་ཆུད་པར་འགྱུར་ཏེ། སྐྱེ་བ་དང་འཇིག་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་རང་བཞིན་མེད་པ་ཁོ་ན་ལ་རུང་བའི་ཕྱིར་རོ། །ཅི་སྟེ་ཉན་ཐོས་དང་རང་སངས་རྒྱས་དག་གིས་ཆོས་ཀྱི་བདག་མེད་པ་རྟོགས་ན་ཤེས་བྱའི་སྒྲིབ་པ་ཅིའི་ཕྱིར་སྤོང་བར་མི་བྱེད་ཅེ་ན། ཆོས་ལ་བདག་མེད་པ་མཐོང་བ་ཙམ་གྱིས་ཤེས་བྱའི་སྒྲིབ་པ་སྤོང་བ་མ་ཡིན་གྱི། འོན་ཀྱང་ཡུན་རིང་དུ་གོམས་པར་བྱས་པ་ལས་ཡིན་ན། ཉན་ཐོས་ལ་སོགས་པ་ནི་ལམ་ཡུན་རིང་པོར་གོམས་པར་བྱེད་པ་མ་ཡིན་གྱི། ཚེ་གསུམ་ལ་སོགས་པ་གོམས་པས་རང་གི་འབྲས་བུ་ཐོབ་པའི་ཕྱིར་རོ། །ཅི་སྟེ་ཉན་ཐ ོས་ཀྱི་སྡེ་སྣོད་ལས་ཀྱང་ཆོས་ཀྱི་བདག་མེད་པ་སྟོན་ན་ཐེག་པ་ཆེ་ཆུང་གི་སྡེ་སྣོད་ལ་བྱེ་བྲག་ཅི་ཡོད་ཅེ་ན། ཐེག་པ་ཆེན་པོ་ནི་ཆོས་ཀྱི་བདག་མེད་པ་ཙམ་སྟོན་པས་རབ་ཏུ་ཕྱེ་བ་མ་ཡིན་གྱི། འོན་ཀྱང་བྱང་ཆུབ་སེམས་དཔའི་ས་དང་། ཕ་རོལ་ཏུ་ཕྱིན་པ་དང་། སྙིང་རྗེ་ཆེན་པོ་དང་། སྨོན་ལམ་ལ་སོགས་པའང་སྟོན་པར་བྱེད་པ་ཡིན་ལ། ཉན་ཐོས་ཀྱི་ཐེག་པར་ནི་དེ་ལྟ་བུ་མ་བསྟན་པའི་ཕྱིར་རོ། །དེ་སྐད་དུའང་། རིན་པོ་ཆེའི་ཕྲེང་བར། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེ། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །བྱང་ཆུབ་སྤྱོད་ལ་གནས་པའི་དོན། །མདོ་སྡེ་ལས་ནི་བཀའ་མ་བསྩལ། །ཐེག་པ་ཆེ་ལས་བཀའ་བསྩལ་པ། །དེ་ཕྱིར་མཁས་པ་རྣམས་ཀྱིས་བཟུང་། །ཞེས་གང་གསུངས་པ་ཡིན་ནོ། །གཞན་ཡང་ཉན་ཐོས་ཀྱི་ཐེག་པར་ནི་ཉོན་མོངས་པའི་སྒྲིབ་པ་ཙམ་སྤོང་བའི་ཕྱིར། ཆོས་ལ་བདག་མེད་པ་མདོ་ཙམ་བསྟན་ལ། ཐེག་པ་ཆེན་པོར་ནི་ཤེས་བྱའི་སྒྲིབ་པ་སྤོང་བའི་ཕྱིར་ཆོས་ལ་བདག་མེད་པ་རྒྱས་པར་གསུངས་པའི་ཕྱིར་ཡང་ཁྱད་ཞུགས་པ་ཡིན་ནོ། །དེ་ལྟར་ཡང་། སློབ་དཔོན་གྱི་ཞལ་སྔ་ནས། མཚན་མ་མེད་པར་མ་རྟོགས་པར། ཁྱོད་ཀྱིས་ཐར་པ་མེད་པ་གསུངས། །དེ་ཕྱིར་ཁྱེད་ཀྱིས་ཐེག་ཆེན་ལ། །དེ་ནི་ཚང་བར་བསྟན་པ་ལགས། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པ་ནི་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་ཡིན་ཅིང་། ཡང་། མདོ་སྡེའི་རྒྱན་ལས། ཆེར་འོས་སེམས་བསྐྱེད་སྤངས་པའི་སྐྱེ་བོ་ལ། །གཞན་དོན་སེམས་དང་དེ་ཡི་ཐབས་རྙེད་དང་། །དགོངས་ཆེན་དོན་དང་དེ་ཉིད་མཆོག་མཐོང་བའི། །བདེ་བ་དེ་སྤངས་ཞི་བར་འགྲོ་བར་འགྱུར། །ཞེས་ཉན་རང་དག་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་བཤད་ལ། ལུང་གཉིས་ཀ་ལ་ཡོད་ཀྱང་། རིགས་པ་ཀླུ་སྒྲུབ་ཀྱི་ལུགས་འབའ་ཞིག་བཟང་བར་མཐོང་ངོ། །

གཉིས་པ་ཁྱད་ཆོས་ཀྱི་གཙོ་བོ་སྦྱིན་པའི་ཕར་ཕྱིན་བཤད་པ་ལའང་། ས་དེར་སྦྱིན་པ་ལྷག་པར་བསྟན་པ་དང་། ཞར་ལ་སྦྱིན་པའི་བསྔགས་པ་བསྟན་པ་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབྱེ་བ་བསྟན་པ་དང་གསུམས་ལས། དང་པོའི་དབང་དུ་བྱས་ནས། དེ་ཚེ་དེ་ལ་རྫོགས་སངས་བྱང་ཆུབ་རྒྱུ། །དང་པོ་སྦྱིན་པ་ཉིད་ནི་ལྷག་པར་འགྱུར། །ཞེས་སྨོས་སོ། །སེམས་བསྐྱེད་པ་དང་པོ་ཐོབ་པ་དེའི་ཚེ་རྒྱལ་བའི་སྲས་པོ་དེ་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཕ་རོལ་ཏུ་ཕྱིན་པ་བཅུའི་དང་པོ་སྦྱིན་པ་ཉིད་ལྷག་པར་འགྱུར་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་ཕྱོགས་མ་ལུས་པ་སྤངས་པའི་ཕྱིར་རོ། །དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ས་འདི་ན་མེད་པ་མ་ཡིན་ནོ། །རང་ཤ་གཏོང་ལའང་གུས་པར་བྱས་པ་ཡིས། །སྣང་དུ་མི་རུང་དཔོག་པའི་རྒྱུར་ཡང་འགྱུར། །དེའི་ཚེ་བྱང་ཆུབ་སེམས་དཔས་སྦྱིན་པ་ལྷག་པར་སྤྱོད་པས་བདོག་པ་ཐམས་ཅད་གཞན་ལྟ་ཅི་སྨོས་སློང་བ་དག་ལ་རང་གི་ཤ་བཅད་དེ་གཏོང་བ་ལའང་གུས་པར་བྱས་པའི་ལུས་ངག་གི་ལས་ཁྱད་པར་བ་ནི། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པ་ལ་སོགས་པ་ས་དང་པོའི་ཡོན་ཏན་སྣང་དུ་མི་རུང་བ་གཞན་དག་རྗེས་སུ་དཔོག་པའི་རྒྱུར་ཡང་འགྱུར་ཏེ། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་ཏེ་བདག་གཞན་མཉམ་པ་ཉིད་དུ་ཁོང་དུ་ཆུད་པར་མ་གྱུར་ན་གཞན་དོན་དུ་རང་གི་ཤ་སྟེར་བ་ལ་གུས་པར་མི་འགྱུར་བའི་ཕྱིར་རོ། །ཞར་ལ་སྦྱིན་པའི་བསྔགས་པ་བསྟན་པ་ལའང་། གང་ཟག་གཞན་གྱི་སྦྱིན་པའི་བསྔགས་པ་དང་། བྱང་ཆུབ་སེམས་དཔའི་སྦྱིན་པ་ཁྱད་པར་དུ་བསྔགས་པ་གཉིས་ལས། དང་པོའི་དབང་དུ་བྱས་ནས། སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང་། །མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ། །ལོངས་སྤྱོད་ཀྱང་ནི་སྦྱིན་ལས་བྱུང་མཁྱེན་ནས། །ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ། །ཞེས་སྨོས་ཏེ། ཕྱིན་ཅི་ལོག་ལ་མངོན་པར་ཞེན་པའི་སྐྱེ་བོ་འདི་ཀུན་བཀྲེས་པ་དང་། སྐོམ་པ་དང་། ཚ་གྲང་ལ་སོགས་པའི་སྡུག་བསྔལ་ཕྱིར་བཅོས་པ་ཙམ་གྱི་བདེ་བ་མངོན་པར་འདོད་ཅིང་མི་རྣམས་ཀྱི་སྡུག་བསྔལ་ཕྱིར་བཅོས་པ་ཙམ་གྱི་བདེ་བ་དེའང་ཟས་གོས་ལ་སོགས་པའི་ལོངས་སྤྱོད་མེད་པར་འབྱུང་བ་མ་ཡིན་ལ། སྡུག་བསྔལ་ཕྱིར་བཅོས་པའི་རྒྱུར་གྱུར་པའི་ལོངས་སྤྱོད་དེ་དག་ཀྱང་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ལས་བྱུང་བར་མཁྱེན་ནས། ཐུབ་པ་བཅོམ་ལྡན་འདས་འགྲོ་བ་མ་ལུས་པའི་བསམ་པའི་རང་བཞིན་མཁྱེན་པས་གདུལ་བྱ་རྣམས་ལ་ཚུལ་ཁྲིམས་ལ་སོགས་པའི་དང་པོར་སྦྱིན་པ་ལ་བསྔགས་པའི་གཏམ་མཛད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྦྱིན་པ་ལས་ལོངས་སྤྱོད་འབྱུང་བར་རིགས་ཀྱང་། གཏོང་བ་པོ་ཚུལ་དང་མི་མཐུན་པ་གཞན་ལ་ཕན་པའི་བསམ་པ་སྤངས་ནས་རང་གི་དོན་འབའ་ཞིག་གི་ཆེད་དུ་ནོར་ཆུང་ངུ་བཏང་ནས་དེའི་རྣམ་པར་སྨིན་པ་རྒྱ་ཆེན་པོ་འདོད་པ་དག་གི་སྦྱིན་པ་ལ་ལོངས་སྤྱོད་ཅི་ལྟར་འབྱུང་ཞེ་ན། དེ་ནི་གཏོང་བ་པོ་ཚུལ་དང་མི་མཐུན་ཡང་། སྦྱིན་པས་རང་དང་རྗེས་སུ་མཐུན་པའི་འབྲས་བུ་འབྱིན་པར་བསྟན་པའི་ཕྱིར། སྙིང་རྗེ་དམན་ཞིང་ཤིན་ཏུ་རྩུབ་སེམས་ཅན། །རང་དོན་ལྷུར་ལེན་ཉིད་དུ་གྱུར་པ་གང་། །དེ་དག་གི་ཡང་འདོད་པའི་ལོངས་སྤྱོད་རྣམས། །སྡུག་བསྔལ་ཉེར་ཞིའི་རྒྱུར་གྱུར་སྦྱིན་ལས་འབྱུང་། །ཞེས་སྨོས་ཏེ། གཏོང་བ་པོ་སྙིང་རྗེ་དམན་པས་གཞན་ལ་ཕན་པའི་བསམ་པ་སྤངས་ཤིང་ཁྲོ་བ་ཤས་ཆེ་བས་ཤིན་ཏུ་རྩུབ་བའི་སེམས་ཅན། རང་གི་དོན་འབའ་ཞིག་ལྷུར་ལེན་པ་གང་ཡིན་པ་དེ་དག་གིས་ཚོང་པ་བཞིན་དུ་ནོར་ཅུང་ཟད་བཏང་བས་དེའི་འབྲས་བུ་ནོར་གྱི་ཕུང་པོ་ཆེན་པོ་འདོད་ནས་བཏང་བའི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་རྣམས་ཀྱང་། མ་འོངས་པ་ན་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་ཉེ་བར་ཞི་བའི་རྒྱུར་གྱུར་པའི་ཟས་གོས་ལ་སོགས་པའི་ལོངས་སྤྱོད་རྣམས་འབྱུང་བའི་རྒྱུ་རུ་འགྱུར་རོ། །དེ་དག་གི་ཡང་སྦྱིན་བྱུང་དངོས་པོ་རྣམས། །སྡུག་བསྔལ་ཉེར་ཞིའི་ལོངས་སྤྱོད་རྒྱུ་རུ་འགྱུར། །ཞེས་པའི་དོན་དུ་འགྲེལ་པས་བཤད་དོ། །དེ་ལྟར་སྦྱིན་པ་མངོན་པར་མཐོ་བའི་རྒྱུར་བསྟན་ནས། ངེས་པར་ལེགས་པའི་རྒྱུར་ཡང་འགྱུར་ཏེ། འདི་ལྟར། འདི་ཡང་སྦྱིན་པའི་སྐབས་ཀྱི་ནམ་ཞིག་ཚེ། །འཕགས་པའི་སྐྱེ་བོ་དང་ཕྲད་མྱུར་དུ་ཐོབ། །དེ་ནས་སྲིད་རྒྱུན་ཡང་དག་བཅད་བྱས་ཏེ། །དེ་ཡི་རྒྱུ་ཅན་ཞི་བར་འགྲོ་བར་འགྱུར། །སྦྱིན་བདག་གཏོང་བ་པོ་གང་གི་ཐད་དུ་དམ་པ་དག་གིས་བགྲོད་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་གཏོང་བ་པོ་ཚུལ་དང་མི་མཐུན་པ་འདིའང་སྦྱིན་པ་ལ་མོས་པ་ན། སྦྱིན་པའི་སྐབས་ཀྱི་དུས་ནམ་ཞིག་གི་ཚེ་འཕགས་པའི་སྐྱེ་བོ་དང་ཕྲད་པ་མྱུར་དུ་ཐོབ་པར་འགྱུར་ལ། དེ་ནས་དེས་ཉེ་བར་བསྟན་པ་ལས་འཁོར་བ་ལ་ཡོན་ཏན་མེད་པར་རིག་ནས་འཕགས་པའི་ལམ་དྲི་མ་མེད་པ་མངོན་སུམ་དུ་བྱས་ནས་མ་རིག་པ་སྤངས་ཏེ། སྐྱེ་བ་དང་འཆི་བ་གཅིག་ནས་གཅིག་ཏུ་བརྒྱུད་པའི་སྲིད་པའི་རྒྱུན་ཡང་དག་པར་བཅད་པར་བྱས་ཏེ། འཕགས་ལམ་དེའི་རྒྱུ་ཅན་གྱི་ཞི་བ་མྱ་ངན་ལས་འདས་པར་འགྱུར་རོ། །དེ་ལྟར་རེ་ཞིག་བྱང་ཆུབ་སེམས་དཔའ་མ་ཡིན་པ་དག་གི་སྦྱིན་པའང་མངོན་མཐོ་དང་། མྱ་ངན་ལས་འདས་པའི་རྒྱུ་ཡིན་ནོ། །གཉིས་པ་བྱང་ཆུབ་སེམས་དཔའི་སྦྱིན་པ་ཁྱད་པར་དུ་བསྔགས་པ་ནི། འགྲོ་ལ་ཕན་པར་དམ་བཅས་ཡིད་ཅན་རྣམས། །སྦྱིན་པས་རིང་པོར་མི་ཐོགས་དགའ་བ་ཐོབ། །བྱང་ཆུབ་སེམས་དཔའ་མ་ཡིན་པ་རྣམས་ནི་སྦྱིན་པའི་རྣམ་སྨིན་ལ་རེ་བའི་ཕྱིར་སྦྱིན་པ་དང་དུས་གཅིག་ཁོ་ནར་སྦྱིན་པའི་འབྲས་བུ་ལོངས་སྤྱོད་པ་མ་ཡིན་པས་སྦྱིན་པ་ལ་མི་འཇུག་པ་སྲིད་ན། འགྲོ་བ་མཐའ་དག་ལ་ཕན་པར་དམ་བཅས་ཤིང་སེམས་བསྐྱེད་པའི་ཡིད་ཅན་བྱང་ཆུབ་སེམས་དཔའ་རྣམས་ནི་སྦྱིན་པ་དང་དུས་མཉམ་པ་ཁོ་ནར་སྦྱིན་པའི་འབྲས་བུ་ལོངས་སྤྱོད་པ་ཡིན་ཏེ། དེ་དག་ནི་སྦྱིན་པའི་རྣམ་པར་སྨིན་པ་ལ་རེ་བ་མེད་པར་གཞན་བདེ་བ་འབའ་ཞིག་འདོད་པའི་ཕྱིར། སྦྱིན་པས་ཡུན་རིང་པོ་མི་ཐོགས་པར་སློང་མོ་བ་དག་ཚིམ་པར་མཐོང་བ་ཙམ་གྱིས་ཡིད་དགའ་བ་ཐོབ་པའི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་ཀྱི་ཚེ་སྦྱིན་པ་ལ་དགའ་བར་འགྱུར་རོ། །སྙིང་རྗེ་ཅན་དང་སྙིང་རྗེ་མེད་ལ་ཡང་། །དེ་ཕྱིར་སྦྱིན་པའི་གཏམ་ཉིད་རྩ་བར་འདོད། །སྙིང་རྗེ་ཅན་བྱང་ཆུབ་སེམས་དཔའ་རྣམས་དང་། སྙིང་རྗེ་མེད་པ་གཞན་རྣམས་ཀྱིའང་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རྒྱུ་སྦྱིན་པ་ཡིན་པ་དེའི་ཕྱིར་སྦྱིན་པ་ལ་བསྔགས་པའི་གཏམ་ཉིད་དགེ་ལེགས་ཀུན་གྱི་རྩ་བར་འདོད་དོ། །གང་ལས་བྱང་ཆུབ་སེམས་དཔའ་རྣམས་སྦྱིན་པ་ལ་གུས་པར་འགྱུར་བ་སློང་མོ་བ་རྣམས་ཡིད་ཚིམ་པའི་བཞིན་མཐོང་བ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བའི་ཁྱད་པར་དེ་ཅི་འདྲ་བ་ཞིག་ཅེ་ན། ཇི་སྟར་བྱིན་ཅིག་ཅེས་སྒྲ་ཐོས་སེམས་ལས། །རྒྱལ་སྲས་བདེ་འབྱུང་དེ་ལྟར་ཐུབ་རྣམས་ལ། །ཞི་བར་ཞུགས་པས་བདེ་བར་བྱེད་མིན་ན། །ཐམས་ཅད་བཏང་བས་ལྟ་ཞིག་སྨོས་ཅི་དགོས། །ཇི་ལྟར་སློང་མོ་བ་དག་མདུན་དུ་འོངས་ཏེ་བདག་ཅག་ལ་ལུས་དང་ལོངས་སྤྱོད་ཀྱི་ཁྱད་པར་འདི་དང་འདི་འདྲ་བ་དག་བྱིན་ཅིག་ཅེས་པའི་སྒྲ་ཐོས་ཏེ། འདི་དག་ནི་བདག་ལ་སློང་བ་པོ་སྙམ་དུ་སེམས་པའི་གནས་སྐབས་ལས་རྒྱལ་སྲས་རྣམས་ལ་ཡང་དང་ཡང་དུ་ཡིད་ལ་བདེ་བ་འབྱུང་བ་དེ་ལྟར་ཐུབ་པ་ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་རྣམས་ཞི་བ་མྱ་ངན་ལས་འདས་པར་ཞུགས་པས་ཀྱང་བདེ་བར་མི་བྱེད་ན། ཕྱི་ནང་གི་བདོག་པ་ཐམས་ཅད་བཏང་བས་སློང་མོ་བ་རྣམས་ཚིམ་པའི་ལུས་ངག་གི་རྣམ་འགྱུར་མཐོང་བ་དང་ཐོས་པའི་གནས་སྐབས་ཀྱི་བྱང་ཆུབ་སེམས་དཔའི་དགའ་བའི་ཁྱད་པར་ཚད་ཅི་ཙམ་ཞིག་ཡོད་པ་ལྟ་ཞིག་སྨོས་ཅི་དགོས། དེ་ལྟར་ཕྱི་ནང་གི་བདོག་པ་ཐམས་ཅད་གཏོང་བའི་བྱང་ཆུབ་སེམས་དཔའ་ལུས་དང་ཡན་ལག་གཏོང་བ་སོགས་ཀྱི་གནས་སྐབས་ན་ལུས་ཀྱི་སྡུག་བསྔལ་ཡང་མི་འབྱུང་ངམ་ཞེ་ན། བྱང་ཆུབ་སེམས་དཔའ་ནི་གཉིས་ཏེ། ཆགས་པ་མེད་པའི་ས་ལ་གནས་པ་དང་། ཆགས་པ་དང་བཅས་པའོ། །དེ་ལ་ཆགས་པ་མེད་པའི་ས་ལ་གནས་པའི་བདག་ཉིད་ཆེན་པོ་རྣམས་ལ་ནི་སེམས་མེད་པ་རྣམས་བཅད་པ་ལྟར་ལུས་ཀྱི་སྡུག་བསྔལ་འབྱུང་བ་མི་སྲིད་དེ། ལུས་རང་བཞིན་མེད་པར་མཐོང་བའི་ཕྱིར་རོ། །དེའི་ཕྱིར་འཕགས་པ་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལས། འདི་ལྟ་སྟེ་དཔེར་ན། ཤིང་སཱ་ལ་ཆེན་པོའི་ཚལ་ཞིག་ཡོད་ལ་དེར་འགའ་ཞིག་འོངས་ནས་སཱ་ལ་གཅིག་བཅད་པ་ན་དེར་ཤིང་སཱ་ལ་ལྷག་མ་དེ་རྣམས་འདི་ནི་བཅད་པའོ། །བདག་ཅག་རྣམས་ནི་མ་བཅད་པའོ་སྙམ་དུ་མི་སེམས་ཤིང་དེ་དག་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་དོ། །རྟོག་པ་དང་རྣམ་པར་རྟོག་པ་མེད་དོ། །བྱང་ཆུབ་སེམས་དཔའི་བཟོད་པ་དེ་ལྟ་བུ་གང་ཡིན་པ་འདི་ནི་བཟོད་པ་ཡོངས་སུ་དག་པ་མཆོག་ནམ་མཁའ་དང་མཉམ་པ་ཡིན་ནོ། །ཞེས་གསུངས་ཤིང་། རིན་པོ་ཆེའི་ཕྲེང་བ་ལས་ཀྱང་། དེ་ལ་ལུས་ཀྱི་སྡུག་བསྔལ་མེད། །ཡིད་ཀྱི་སྡུག་བསྔལ་ག་ལ་ཡོད། །དེ་ནི་སྙིང་རྗེས་འཇིག་རྟེན་སྡུག །དེ་ཉིད་ཀྱིས་ནི་ཡུན་རིང་གནས། །ཞེས་གང་གསུངས་པ་ཡིན་ནོ། །ཆགས་པ་མེད་པའི་གནས་སྐབས་མ་ཐོབ་པའི་བདག་ཉིད་ཆེན་པོ་རྣམས་ལ་ལུས་ཀྱི་སྡུག་བསྔལ་འབྱུང་མོད། འོན་ཀྱང་དེ་དག་གི་སྡུག་བསྔལ་དེ་ནི་སྙིང་རྗེའི་དབང་གིས་སེམས་ཅན་གྱི་དོན་ལ་འཇུག་པའི་རྒྱུར་འགྱུར་ཏེ། འདི་ལྟར། ལུས་བཅད་སྟེར་ཞིང་བདག་གི་སྡུག་བསྔལ་གྱིས། །གཞན་དག་རྣམས་ཀྱི་དམྱལ་བ་ལ་སོགས་པའི། །སྡུག་བསྔལ་རང་རིག་ཉིད་དུ་མཐོང་ནས་དེ། །གཅད་པར་བྱ་ཕྱིར་དེ་ནི་བརྩོན་པར་བྱེད། །བྱང་ཆུབ་སེམས་དཔའ་ལུས་བཅད་དེ་སྟེར་བ་ལས་བྱུང་བའི་བདག་གི་སྡུག་བསྔལ་ཉམས་སུ་མྱོང་བ་ན། དེ་ལས་རྗེས་སུ་དཔགས་ནས་སེམས་ཅན་གཞན་དག་གི་དམྱལ་བ་ལ་སོགས་པ་ངན་སོང་གསུམ་གྱི་སྡུག་བསྔལ་རྣམས་ནི་འདི་ལས་ཀྱང་བརྒྱ་འགྱུར་གྱིས་ལྷག་གོ་སྙམ་དུ་བསམས་ནས་དེ་དག་གི་སྡུག་བསྔལ་མི་བཟོད་པས་རང་རིག་པའི་ཚུལ་ཉིད་དུ་མཐོང་ནས། རང་གི་ལུས་ཀྱི་ཤ་བཅད་པ་ལ་སོགས་པའི་སྡུག་བསྔལ་ཁྱད་དུ་བསད་ནས་དེ་དག་གི་སྡུག་བསྔལ་དེ་རྒྱུན་གཅད་པར་བྱ་བའི་ཕྱིར་དུ་བྱང་ཆུབ་སེམས་དཔའ་དེ་ནི་བརྩོན་པ་ཆེར་སྐྱེད་པར་བྱེད་དོ། །

གསུམ་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕར་ཕྱིན་གྱི་དབྱེ་བ་བསྟན་པའི་ཕྱིར། སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་པོས་སྟོང་། །འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཅེས་བྱ། །ཞེས་སྨོས་ཏེ། སྦྱིན་པ་འདིའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ཏེ། སྦྱིན་པར་བྱ་བ་དང་། ལེན་པ་པོ་དང་། གཏོང་པ་པོས་སྟོང་ཞིང་དམིགས་པ་དང་བྲལ་བར་གྱུར་ན་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་ཏེ། འཁོར་གསུམ་དུ་མི་དམིགས་པ་ནི་འཇིག་རྟེན་ལས་འདས་པ་ཡིན་པའི་ཕྱིར་རོ། །དེ་ནི་དོན་དམ་པའི་བྱང་ཆུབ་སེམས་དཔའི་གནས་སྐབས་མ་ཐོབ་པ་དག་ལ་མེད་དོ། །གཞན་ཡང་། གསུམ་པོ་དག་ལ་ཆགས་སྐྱེས་གྱུར་པས་དེ། །འཇིག་རྟེན་པ་ཡི་ཕ་རོལ་ཕྱིན་ཅེས་བསྟན། །སྦྱིན་པ་གང་ལ། སྦྱིན་བྱ་དང་། ལེན་པ་པོ་དང་། གཏོང་པ་པོ་དང་གསུམ་པོ་དག་ལ་ཆགས་པ་སྐྱེས་ཤིང་མངོན་པར་ཞེན་པར་གྱུར་པ་དེ་ནི་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བསྟན་ཏེ། འཁོར་གསུམ་དུ་དམིགས་པ་ནི་ཐ་སྙད་ཀྱི་བདེན་པས་བསྡུས་པས་འཇིག་རྟེན་པ་ཡིན་པའི་ཕྱིར་རོ། །གསུམ་པ་སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་བསྟན་པ་ནི། དེ་ལྟར་རྒྱལ་སྲས་ཡིད་ལ་རབ་གནས་ཤིང་། །དམ་པའི་རྟེན་ལ་འོད་ཆགས་མཛེས་གྱུར་པའི། །དགའ་བ་འདི་ནི་ནོར་བུ་ཆུ་ཤེལ་བཞིན། །མུན་སྡུག་ཐམས་ཅད་རྣམ་པར་བསལ་ནས་རྒྱལ། །གོང་དུ་བཤད་པའི་ཚུལ་དེ་ལྟར་ས་རབ་ཏུ་དགའ་བ་འདི་ནི་རང་གི་མི་མཐུན་པའི་ཕྱོགས་ཀྱི་མུན་པ་སྟུག་པོ་ཐམས་ཅད་རྣམ་པར་བསལ་ནས་རྒྱལ་བར་འགྱུར་རོ། །དཔེ་ཅི་དང་འདྲ་བར་ཞེ་ན། ནོར་བུ་ཆུ་ཤེལ་ལས་གྲུབ་པའི་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་བཞིན་དུའོ། །ས་རབ་ཏུ་དགའ་བ་དེའང་ཅི་འདྲ་བ་ཞིག་ཅེ་ན། སེམས་བསྐྱེད་པ་དང་པོ་ཐོབ་པའི་རྒྱལ་བའི་སྲས་ཀྱི་ཡིད་ལ་རབ་ཏུ་གནས་ཤིང་། དམ་པའི་རྟེན་བྱང་ཆུབ་ཀྱི་སེམས་ལ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་འོད་ཆགས་ཤིང་མི་མཐུན་ཕྱོགས་ཀྱི་དྲི་མ་མེད་པས་མཛེས་པར་གྱུར་པ་ཞིག་གོ །དབུ་མ་ལ་འཇུག་པ་ལས། རབ་ཏུ་དགའ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་དང་པོའི་རྣམ་པར་བཤད་པའོ།། །།

ལེའུ་གཉིས་པའི་རྣམ་བཤད།

ད་ནི་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་གཉིས་པ་དྲི་མ་མེད་པ་བཤད་པར་བྱའོ། །དེའང་དོན་གསུམ་གྱིས་རིག་པར་བྱ་སྟེ། འདི་ལྟར་ཚུལ་ཁྲིམས་རྣམ་པར་དག་པའི་སྒོ་ནས་སའི་ངོ་བོ་བསྟན་པ་དང་། ཞར་ལ་ཚུལ་ཁྲིམས་ཀྱི་བསྔགས་པ་བསྟན་པ་དང་། སའི་ཡོན་ཏན་བརྗོད་ནས་མཇུག་བསྡུ་བའོ། །དང་པོའི་དབང་དུ་བྱས་ནས། དེ་ཚུལ་ཕུན་ཚོགས་ཡོན་ཏན་དག་ལྡན་ཕྱིར། །རྨི་ལམ་དུ་ཡང་འཆལ་ཚུལ་དྲི་མ་སྤངས། །ཞེས་སོགས་སྨོན་ཏེ། སེམས་བསྐྱེད་པ་གཉིས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཚུལ་ཁྲིམས་ཕུན་སུམ་ཚོགས་པས་རང་གི་སའི་ཡོན་ཏན་ཡོངས་སུ་དག་པ་དང་ལྡན་པའི་ཕྱིར་རྨི་ལམ་གྱི་གནས་སྐབས་སུའང་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་སྤངས་ཤིང་མི་སྤྱོད་ན་སད་པའི་ཚེ་ལྟ་སྨོས་ཀྱང་ཅི་དགོས། དེ་ལ་ཚུལ་ཁྲིམས་ཞེས་བྱ་བ་འདི་ཅི་ཞེ་ན། ངོ་བོ་སྤོང་བ་བདུན་གྱི་བདག་ཉིད་ཡིན་ལ་མ་ཆགས་པ་ལ་སོགས་དགེ་བའི་རྩ་བ་གསུམ་གྱིས་ཀུན་ནས་བསླངས་ཏེ། དེའི་ཕྱིར་ཀུན་སློང་དང་བཅས་ན་ལས་ཀྱི་ལམ་བཅུའི་རང་བཞིན་དུ་རྣམ་པར་བཞག་གོ །ཅིའི་ཕྱིར་ཚུལ་ཁྲིམས་ཞེས་བྱ་ཞེ་ན། ཉོན་མོངས་པ་དང་དུ་མི་ལེན་པའི་ཕྱིར་དང་། སྡིག་པ་མི་འབྱུང་བས་སེམས་ལ་ཡིད་གཅག་པའི་མ་ཞི་བས་བསིལ་བ་ཉིད་ཀྱི་ཕྱིར་རམ། བདེ་བའི་རྒྱུར་གྱུར་པས་དམ་པ་རྣམས་ཀྱིས་བསྟེན་པར་བྱ་བ་ཡིན་པའི་ཕྱིར་ཚུལ་ཁྲིམས་ཞེས་བྱའོ། །འཆལ་བའི་ཚུལ་ཁྲིམས་ནི་དེའི་མི་མཐུན་ཕྱོགས་སུ་གྱུར་པ་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་སོ། །ཡང་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་དེ་ཚུལ་ཁྲིམས་ཕུན་སུམ་ཚོགས་པས་ཡོན་ཏན་ཡོངས་སུ་དག་པ་ཡིན་ནོ་ཞེ་ན། ལུས་ངག་ཡིད་ཀྱི་རྒྱུ་བ་དག་གྱུར་པས། །དམ་པའི་ལས་ལམ་བཅུ་ཆར་སོགས་པར་བྱེད། །ས་གཉིས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་འདི་ནི་ལུས་དང་ངག་དང་ཡིད་ཀྱི་རྒྱུ་བ་མི་མཐུན་པའི་ཕྱོགས་ཀྱི་དྲི་མས་དག་པར་གྱུར་པས། དམ་པ་རྣམས་ཀྱིས་བསྟེན་པའི་དགེ་བའི་ལས་ཀྱི་ལམ་བཅུ་ཆར་རང་གི་ངང་གིས་བསོག་པར་བྱེད་པ་དེའི་ཕྱིར་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡིན་ནོ། །དེའི་ཕྱིར་མདོ་སྡེ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག བྱང་ཆུབ་སེམས་དཔའི་ས་དྲི་མ་མེད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་སྲོག་གཅོད་པ་སྤངས་པ་ཡིན་ཏེ། ཞེས་པ་ནས། ལྟ་བ་དྲང་ཞིང་གཡོ་མེད་ལ་སྒྱུ་མེད་པས་སངས་རྒྱས་དང་། ཆོས་དང་། དགེ་འདུན་དག་ལ་བསམ་པ་ངེས་པ་ཡིན་ནོ། །ཞེས་སོགས་གསུངས་པ་ཡིན་ནོ། །ཡང་ཅི་ལས་ཀྱི་ལམ་འདི་དག་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་བ སོག་པར་མི་བྱེད་དམ་ཞེ་ན། དེས་ཀྱང་བསོག་པར་བྱེད་མོད་ཀྱི། འོན་ཀྱང་། དགེ་བའི་ལམ་འདི་ལྟ་ཞིག་བཅུ་ཆར་ཡང་། །དེ་ལ་ཀླགས་ཏེ་ཤིན་ཏུ་དག་པར་འགྱུར། །དགེ་བའི་ལས་ཀྱི་ལམ་འདི་བཅུ་ཆར་ཡང་སེམས་བསྐྱེད་པ་གཉིས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ལ་ཀླགས་ཏེ་ཤིན་ཏུ་རྣམ་པར་དག་པར་འགྱུར་གྱི། དེ་ཙམ་དུ་སེམས་བསྐྱེད་པ་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི་མི་འགྱུར་རོ། །དེའི་ཕྱིར། སྟོན་ཀའི་ཟླ་ལྟར་རྟག་ཏུ་རྣམ་དག་སྟེ། །ཞི་འོད་ཆགས་པ་དེ་དག་གིས་རྣམ་མཛེས། །བྱང་ཆུབ་སེམས་དཔའ་དེ་ནི་སྤྲིན་དང་བྲལ་པའི་སྟོན་ཀའི་ཟླ་བ་ལྟར་རྟག་ཏུ་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མས་རྣམ་པར་དག་སྟེ། དབང་པོ་བསྡམས་པས་ཞི་ཞིང་། འོད་ཆགས་པ་ལྟར་ལྷམ་མེར་ཚུལ་ཁྲིམས་རྣམ་པར་དག་པ་དེ་དག་གིས་རྣམ་པར་མཛེས་སོ། །ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་གཞན་བསྟན་པའི་ཕྱིར། གལ་ཏེ་འདི་ནི་ཁྲིམས་དག་རང་བཞིན་ལྟ། །དེ་ཕྱིར་དེ་ནི་ཚུལ་ཁྲིམས་དག་མི་འགྱུར། །ཅེས་སྨོས་ཏེ། གལ་ཏེ་ཚུལ་ཁྲིམས་སྲུང་བ་པོའི་གང་ཟག་འདི་ནི་རང་ཉིད་ཚུལ་ཁྲིམས་རྣམ་པར་དག་པའི་རང་བཞིན་དུ་ལྟ་བར་བྱེད་ན། དེའི་ཕྱིར་དེ་ནི་ཚུལ་ཁྲིམས་རྣམ་པར་དག་པར་མི་འགྱུར་ཏེ། ཚུལ་ཁྲིམས་ཀྱི་རློམ་པའི་དྲི་མ་དང་ལྡན་པའི་ཕྱིར་རོ། །དེ་ལྟར་ཡང་འཕགས་པ་དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་འདི་ལ་དགེ་སློང་ཁ་ཅིག་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། སོ་སོར་ཐར་པའི་སྡོམ་པས་བསྡམས་ཤིང་གནས། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ། ཁ་ན་མ་ཐོ་བ་ཕྲ་བ་ཙམ་ལའང་འཇིག་པར་ལྟ། ཡང་དག་པར་བླངས་ཏེ་བསླབ་པའི་གཞི་ཐམས་ཅད་ལ་སློབ་ཅིང་ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པ་དང་ལྡན་པར་གྱུར་པས་འཚོ་བ་ཡོངས་སུ་དག་ཀྱང་བདག་ཏུ་སྨྲ་བ་ཡིན་ཏེ། འོད་སྲུངས་དེ་ནི་ཚུལ་ཁྲིམས་འཆལ་བ་ཚུལ་ཁྲིམས་དང་ལྡན་པ་ལྟར་བཅོས་པ་དང་པོའོ། །ཞེས་སོགས་གསུངས་པ་ཡིན་ནོ། །དེ་ཕྱིར་དེ་ནི་རྟག་ཏུ་གསུམ་ཆར་ལའང་། །གཉིས་བློའི་རྒྱུ་བ་ཡང་དག་བྲལ་བར་འགྱུར། །གང་གི་ཕྱིར་མངོན་པར་ཞེན་པ་དང་ལྡན་པ་ནི་ཚུལ་ཁྲིམས་རྣམ་པར་དག་པ་མ་ཡིན་པ་དེའི་ཕྱིར་དྲི་མ་མེད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་རྟག་ཏུ་གཞི་གང་ལས་སྤོང་བ་དང་། གང་ཞིག་སྤོང་བ་དང་། གང་གིས་སྤོང་བར་བྱེད་པ་གསུམ་ཆར་ལའང་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་གཉིས་བློའི་རྒྱུ་བ་ཡང་དག་པར་བྲལ་བར་འགྱུར་རོ། །གཉིས་པ་ཚུལ་ཁྲིམས་ཀྱི་བསྔགས་པ་ལའང་། ཚུལ་ཁྲིམས་ཡོན་ཏན་ཀུན་གྱི་རྟེན་དུ་བསྟན་པ་དང་། བྱང་སེམས་ཀྱི་ཚུལ་ཁྲིམས་མི་མཐུན་ཕྱོགས་དང་མི་འགྲོགས་པར་བསྟན་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབྱེ་བ་བསྟན་པའོ། །དང་པོའི་དབང་དུ་བྱས་ནས། སྐྱེ་བོ་ཚུལ་ཁྲིམས་རྐང་པ་ཆག་གྱུར་ན། །སྦྱིན་པས་ལོངས་སྤྱོད་ལྡན་ཡང་ངན་འགྲོར་ལྟུང་། །ཞེས་སོགས་སྨོས་ཏེ། གཏོང་བ་པོ་ཚུལ་ཁྲིམས་དང་ལྡན་པའི་སྦྱིན་པ་ལས་ནི་ལྷ་དང་མི་རྣམས་ཀྱི་ནང་དུ་ཁྱད་པར་དུ་འཕགས་པའི་ལོངས་སྤྱོད་ཐོབ་པར་འགྱུར་ལ། གཏོང་བ་པོའི་སྐྱེ་བོ་ཚུལ་ཁྲིམས་ཀྱི་རྐང་པ་ཆག་སྟེ་ཚུལ་ཁྲིམས་འཆལ་བར་གྱུར་ན། སྦྱིན་པས་ལོངས་སྤྱོད་དང་ལྡན་པ་ཐོབ་ཀྱང་ཉི་ཚེ་བའི་སེམས་ཅན་དམྱལ་བ་དང་། ཀླུ་དང་། ཡི་དྭགས་རྫུ་འཕྲུལ་ཆེན་པོ་ལ་སོགས་པའི་ངན་འགྲོར་ལྟུང་བར་འགྱུར་ཞིང་། དེར་སྦྱིན་པའི་འབྲས་བུ་ལ་ལོངས་སྤྱོད་པར་འགྱུར་རོ། །གཏོང་བ་པོ་ཚུལ་ཁྲིམས་དང་ལྡན་པའི་སྤྱིན་པ་ལས་ནི་ལྷ་དང་མིའི་ཡུལ་དུ་ལོངས་སྤྱོད་ཐོབ་པ་ན། སླར་ཡང་སྤྱིན་པ་བཏང་བ་ལས་སྦྱིན་པའི་འབྲས་བུ་རྒྱུན་མི་ཆད་པར་ལོངས་སྤྱོད་པ་ཐོབ་པར་འགྱུར་ལ། ཚུལ་ཁྲིམས་ཀྱི་རྐང་པ་དང་བྲལ་བའི་སྦྱིན་པ་ལས་ནི་ལོངས་སྤྱོད་རྒྱུན་མི་ཆད་པ་འབྱུང་བ་མ་ཡིན་ཏེ། འདི་ལྟ་སྟེ། སྐྱེད་བཅས་རྩ་བ་ཡོངས་སུ་ཟད་པས་ན། །ཕྱིན་ཆད་དེ་ལ་ལོངས་སྤྱོད་འབྱུང་མི་འགྱུར། །ངན་སོང་དུ་སྐྱེས་པ་རྣམས་ནི་ལས་འབྲས་ཀྱི་འབྲེལ་བ་ལ་རྨོངས་པའི་ཕྱིར་སྔོན་གྱི་སྦྱིན་པའི་འབྲས་བུ་སྐྱེད་དང་བཅས་པ་ལོངས་སྤྱོད་པ་ཙམ་དུ་ཟད་ཀྱི། ཕྱི་མའི་འབྲས་བུའི་དོན་དུ་སྦྱིན་པ་གཞན་སྤེལ་བར་མི་བྱེད་པས་ཕྱི་མའི་ལོངས་སྤྱོད་ཀྱི་རྩ་བ་ཡོངས་སུ་ཟད་པས་ནི། ཕྱིན་ཆད་གང་ཟག་དེ་ལ་ལོངས་སྤྱོད་འབྱུང་བར་མི་འགྱུར་རོ། །ཚུལ་ཁྲིམས་ཀྱི་རྐང་པ་དང་བྲལ་ན་ཕྱིན་ཆད་ལོངས་སྤྱོད་མི་འབྱུང་བ་འབའ་ཞིག་ཏུ་མ་ཟད་ཀྱི། ངན་སོང་དུ་ལྷུང་ན་ངན་སོང་ལས་ལྡང་བར་ཡང་ཤིན་ཏུ་དཀའ་བའོ། །ཞེས་བསྟན་པའི་ཕྱིར། རང་དབང་འཇུག་ཅིང་མཐུན་པའི་ཡུལ་གནས་པ། །དེ་ཚེ་འདི་བདག་འཛིན་པར་མི་བྱེད་ན། །གཡང་སར་ལྷུང་བས་གཞན་དབང་འཇུག་འགྱུར་བ། །དེ་ཚེ་དེ་ནས་གང་གིས་འབྱིན་པར་འགྱུར། །ཞེས་སྨོས་ཏེ། དཔའ་བོ་མཐུན་པའི་ཡུལ་ན་གནས་པ་འཆིང་བ་ལས་གྲོལ་བ་ལྟར་གཞན་ལ་རག་མ་ལས་པར་རང་དབང་དུ་འཇུག་ཅིང་ལམ་སྒྲུབ་པ་དང་རྗེས་སུ་མཐུན་པའི་ཡུལ་ལམ་རྟེན་ལྷ་དང་མིའི་འགྲོ་བར་གནས་པས་དེའི་ཚེ་སྐྱེས་བུ་འདི་དག་ཚུལ་ཁྲིམས་བསྲུངས་ཏེ། བདག་ཉིད་ངན་འགྲོ་ལས་འཛིན་པར་མི་བྱེད་ན། དཔའ་བོ་ལྕགས་སྒྲོག་གིས་བཅིངས་ཏེ་རི་སུལ་ཆེན་པོར་བསྐྱུར་བ་ལྟར་ངན་སོང་གསུམ་གྱི་གཡང་སར་ལྷུང་བས་ལས་དང་ཉོན་མོངས་པ་དྲག་པོའི་གཞན་དབང་གིས་འཇུག་པར་འགྱུར་བ་དེའི་ཚེ་ཉམ་ང་བའི་གཡང་ས་དེ་ནས་ཐབས་གང་གིས་འབྱིན་པར་འགྱུར། དེ་ཕྱིར་རྒྱལ་བས་སྤྱིན་པའི་གཏམ་མཛད་ནས། །ཚུལ་ཁྲིམས་རྗེས་འགྲོའི་གཏམ་ཉིད་མཛད་པ་ཡིན། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་། སྡིག་པའི་ཆོས་མཐའ་དག་ཕམ་པར་མཛད་པའི་རྒྱལ་བས་གདུལ་བྱ་རྣམས་ལ་ཐོག་མར་སྦྱིན་པ་ལ་བསྔགས་པའི་གཏམ་མཛད་ནས། དེའི་འོག་ཏུ་སྦྱིན་པ་ལ་སོགས་པའི་ཡོན་ཏན་ཆུད་མི་ཟ་བར་བྱ་བའི་ཕྱིར་ཚུལ་ཁྲིམས་ལ་བསྔགས་པའི་གཏམ་མཛད་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང་། ཡོན་ཏན་ཚུལ་ཁྲིམས་ཞིང་དུ་རྣམ་འཕེལ་ན། །འབྲས་བུ་ཉེར་སྤྱོད་ཆད་པ་མེད་པར་འགྱུར། །ཡོན་ཏན་ཀུན་གྱི་རྟེན་དུ་གྱུར་པའི་ཕྱིར་ཚུལ་ཁྲིམས་ཉིད་ཞིང་སྟེ། དེ་ལ་བརྟེན་ནས་སྤྱིན་པ་ལ་སོགས་པའི་ཡོན་ཏན་ཐམས་ཅད་རྣམ་པར་འཕེལ་བ་ན་རྒྱུ་དང་འབྲས་བུའི་བརྒྱུད་པ་གོང་ནས་གོང་དུ་རིམ་པ་རྣམ་པར་མ་ཆད་པའི་སྒོ་ནས་འབྲས་བུའི་ཚོགས་ཆེན་པོ་ཡུན་རིང་པོར་ཉེར་བར་ལོངས་སྤྱོད་པ་རྒྱུན་ཆད་པ་མེད་པར་འཇུག་པར་འགྱུར་རོ། །དེའི་ཕྱིར། སོ་སོ་སྐྱེ་བོ་རྣམས་དང་གསུང་སྐྱེས་དང་། །རང་སངས་རྒྱས་ལ་ངེས་པའི་བདག་ཉིད་དང་། །རྒྱལ་སྲས་རྣམས་ཀྱི་མངོན་པར་མཐོ་བ་དང་། །ངེས་ལེགས་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །སོ་སོ་སྐྱེ་བོ་དང་། ཐུབ་པའི་གསུང་ལས་སྐྱེས་པ་ཉན་ཐོས་དང་། རང་སངས་རྒྱས་དང་། རྒྱལ་སྲས་རྣམས་ཀྱི་མངོན་པར་མཐོ་བ་འཁོར་བའི་བདེ་བའི་རྒྱུ་དང་། ངེས་པར་ལེགས་པ་བདེ་བའང་མ་ཡིན་སྡུག་བསྔལ་བའང་མ་ཡིན་པའི་མཚན་ཉིད་ཅན་གྱི་ཐར་པའི་རྒྱུ་ནི། དགེ་བ་བཅུའི་ལས་ཀྱི་ལམ་གྱི་རང་བཞིན་གྱི་ཚུལ་ཁྲིམས་ལས་གཞན་མེད་དོ། །འདི་ལྟར་མི་མཐུན་ཕྱོགས་མི་དགེ་བ་ཆུང་ངུ་དང་། འབྲིང་དང་། ཆེན་པོར་སྤྱད་པ་ལས་ནི་ཡི་དྭགས་དང་། དུད་འགྲོ་དང་། དམྱལ་བ་རྣམས་སུ་རྣམ་པར་སྨིན་པ་མྱོང་བར་འགྱུར་ལ། དེའི་གཉེན་པོ་དགེ་བ་བཅུའི་ལས་ཀྱི་ལམ་ཆུང་ངུར་སྤྱད་པ་ལས་ནི་ལྷ་དང་མིའི་གོ་འཕང་ཐོབ་ཅིང་དེ་ཉིད་ཁམས་གསུམ་ལས་ངེས་པར་འབྱུང་བའི་སེམས་ཀྱིས་ཡོངས་སུ་བཟུང་སྟེ་འབྲིང་དུ་སྤྱད་པ་ལས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འགྱུར་ལ། སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང་སྟེ་ཆེན་པོར་སྤྱད་པ་ལས་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་ཕྱིར་རོ། །

གཉིས་པ་བྱང་སེམས་ཀྱི་ཚུལ་ཁྲིམས་མི་མཐུན་ཕྱོགས་དང་མི་འགྲོགས་པར་བསྟན་པ་ནི། ཇི་ལྟར་རྒྱ་མཚོ་རོ་དང་ལྷན་ཅིག་དང་། །བཀྲ་ཤིས་སྣ་ནག་མ་དང་ལྷན་ཅིག་བཞིན། །དེ་ལྟར་ཚུལ་ཁྲིམས་དབང་བྱས་བདག་ཉིད་ཆེ། །དེ་འཆལ་བ་དང་ལྷན་ཅིག་གནས་མི་འདོད། །ཇི་ལྟར་རྒྱ་མཚོ་རོ་དང་ལྷན་ཅིག་ཞག་ཏུ་མི་གནས་ཤིང་བཀྲ་ཤིས་པའི་དགེ་མཚན་སྣ་ནག་མ་དང་ལྷན་ཅིག་མི་གནས་པ་བཞིན་དུ། གོང་དུ་བཤད་པའི་ཚུལ་དེ་ལྟར་ཚུལ་ཁྲིམས་རྣམ་པར་དག་པའི་དབང་དུ་བྱས་པའི་བདག་ཉིད་ཆེན་པོ་ས་གཉིས་པར་གནས་པ་དེ་འཆལ་བའི་ཚུལ་ཁྲིམས་དང་ལྷན་ཅིག་གནས་པར་མི་འདོད་དོ། །གསུམ་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་ཀྱི་དབྱེ་བ་བསྟན་པ་ནི། གང་གིས་གང་ཞིག་གང་ལ་སྤོང་བྱེད་པ། །གསུམ་དུ་དམིགས་པ་ཡོད་ན་ཚུལ་ཁྲིམས་དེ། །འཇིག་རྟེན་པ་ཡི་ཕ་རོལ་ཕྱིན་ཅེས་བཤད། །བྱེད་པ་པོ་གང་གིས། སྲོག་གཅོད་ལ་སོགས་པའི་བྱ་བ་གང་ཞིག ལས་སུ་བྱ་བའི་གཞི་སེམས་ཅན་གང་ལ་སྤོང་བར་བྱེད་པ་གསུམ་དུ་དམིགས་པ་ཡོད་ན་ཚུལ་ཁྲིམས་དེ་ནི་འཇིག་རྟེན་པའི་ཕ་རོལ་ཕྱིན་པ་ཞེས་བཤད་ལ། གསུམ་ལ་ཆགས་པས་སྟོང་སྟེ་འཇིག་རྟེན་འདས། །ཚུལ་ཁྲིམས་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཟིན་ཏེ། གསུམ་པོ་འདི་ཉིད་ལ་ཆགས་པས་སྟོང་ཞིང་མངོན་པར་ཞེན་པ་དང་བྲལ་ན་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །སའི་ཡོན་ཏན་བརྗོད་དེ་མཇུག་བསྡུ་བ་ནི། སྲིད་མིན་སྲིད་པའི་དཔལ་གྱུར་རྒྱས་སྲས་ཀྱི། །ཟླ་བ་ལས་བྱུང་དྲི་བྲལ་དྲི་མེད་པ། །འདི་ཡང་སྟོན་ཀའི་ཟླ་འོད་ཇི་བཞིན་དུ། །འགྲོ་བའི་ཡིད་ཀྱི་གདུང་བ་སེལ་བྱེད་ཡིན། །འདི་ནི་འཁོར་བའི་ཁོངས་སུ་མ་གཏོགས་པས་སྲིད་པ་མིན་ལ། ཡོན་ཏན་ཐམས་ཅད་དེའི་རྗེས་སུ་འབྲང་བའི་ཕྱིར་དང་། གླིང་བཞིའི་དབང་ཕྱུག་ཕུན་སུམ་ཚོགས་པའི་རྒྱུ་ཡིན་པའི་ཕྱིར་སྲིད་པའི་དཔལ་དུ་གྱུར་པ་ས་གཉིས་པ་ལ་གནས་པའི་རྒྱལ་སྲས་ཀྱི་ཟླ་བ་ལས་བྱུང་བ་དགེ་བ་བཅུའི་ལས་ལམ་གྱི་མི་མཐུན་ཕྱོགས་ཀྱི་དྲི་མ་དང་བྲལ་བའི་དྲི་མ་མེད་པ་ཞེས་བྱ་བའི་ས་འདིའང་། ཇི་ལྟར་སྟོན་ཀའི་ཟླ་བའི་འོད་དྲི་མ་དང་བྲལ་བས་སྐྱེ་བོའི་གདུང་བ་སེལ་བར་བྱེད་པ་དེ་བཞིན་དུ་འགྲོ་བ་རྣམས་ཀྱི་འཆལ་བའི་ཚུལ་ཁྲིམས་ཀྱིས་བསྐྱེད་པའི་ཡིད་ཀྱི་གདུང་བ་སེལ་བར་བྱེད་པ་ཡིན་ནོ། །དབུ་མ་ལ་འཇུག་པ་ལས། དྲི་མ་མེད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་གཉིས་པའི་བཤད་པའོ།། །།

ལེའུ་གསུམ་པའི་རྣམ་བཤད།

ད་ནི་སེམས་བསྐྱེད་པ་གསུམ་པ་འོད་བྱེད་པ་ཞེས་བྱ་བའི་མིང་ཅན་བཤད་པར་བྱའོ། །དེའང་བསྡུས་པའི་དོན་གསུམ་གྱིས་རིག་པར་བྱ་སྟེ། འདི་ལྟར་ཁྱད་གཞི་སའི་ངོ་བོ། ཁྱད་ཆོས་སའི་ཡོན་ཏན། སའི་ཡོན་ཏན་བརྗོད་དེ་མཇུག་བསྡུ་བའོ། །དང་པོའི་དབང་དུ་བྱས་ནས། ཤེས་བྱའི་བུད་ཤིང་མ་ལུས་སྲེག་པའི་མེ། །འོད་འབྱུང་ཕྱིར་ན་གསུམ་པའི་ས་འདི་ནི། །འོད་བྱེད་པ་སྟེ། ཞེས་སོགས་སྨོས་ཏེ། སེམས་བསྐྱེད་པ་གསུམ་པའི་སྐབས་འདིར་ཤེས་བྱའི་སྒྲིབ་པའི་བུད་ཤིང་མ་ལུས་པ་སྲེག་པར་བྱེད་པའི་ཡེ་ཤེས་ཀྱི་མེ་ཞི་བའི་བདག་ཉིད་ཅན་གྱི་འོད་འབྱུང་བའི་ཕྱིར་ན། སེམས་བསྐྱེད་པ་གསུམ་པ་འདི་དག་ནི་ས་འོད་བྱེད་པ་ཞེས་བྱའོ། །དེའི་ཚེ་ཡེ་ཤེས་ཀྱི་མེའི་འོད་ཅི་འདྲ་བ་ཞིག་འབྱུང་ཞེ་ན། བདེ་གཤེགས་སྲས་པོ་ལ། དེ་ཚེ་ཉི་འོད་ཟངས་འདྲའི་སྣང་བ་འབྱུང་། །བདེ་གཤེགས་སྲས་པོ་དེ་ལ་སེམས་བསྐྱེད་པ་གསུམ་པ་ཐོབ་པ་དེའི་ཚེ། ཇི་ལྟར་ཉི་མ་འཆར་བའི་སྔ་རོལ་གྱི་གནས་སྐབས་སུ་འོད་ཟངས་ཀྱི་མདོག་དང་འདྲ་བ་འབྱུང་བ་ལྟར་ཡེ་ཤེས་ཀྱི་སྣང་བ་ས་གཉིས་པ་ལ་ལྟོས་ཏེ་ཆེས་གསལ་བ་འབྱུང་བར་འགྱུར་རོ། །

གཉིས་པ་ཁྱད་ཆོས་སའི་ཡོན་ཏན་བསྟན་པ་ལ། གཙོ་བོ་བཟོད་པའི་ཕར་ཕྱིན་བསྟན་པ་དང་། ཕལ་པ་བསམ་གཏན་སོགས་ཀྱི་ཡོན་ཏན་གཞན་བསྟན་པ་གཉིས་སོ། །དང་པོ་ལ། ས་དེར་བཟོད་པའི་ཕར་ཕྱིན་ལྷག་པར་བསྟན། ཞར་ལ་བཟོད་པའི་བསྔགས་པ་བསྟན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབྱེ་བ་དང་གསུམ་མོ། །དང་པོའི་དབང་དུ་བྱས་ནས། གལ་ཏེ་གནས་མིན་འཁྲུག་པ་འགའ་ཞིག་གིས། །དེ་ཡི་ལུས་ལ་རུས་པ་དང་བཅས་ཤ །སྲང་རེ་ཡུན་རིང་དུས་སུ་གཅོད་བྱེད་ཀྱང་། །གཅོད་བྱེད་དེ་ལ་བཟོད་པ་ལྷག་པར་སྐྱེ། །ཞེས་སྨོས་ཏེ། གལ་ཏེ་ཁོང་ཁྲོ་སྐྱེ་བའི་གནས་མ་ཡིན་པ་གནོད་པ་མི་བྱེད་པའི་བྱང་ཆུབ་སེམས་དཔའ་ལའང་སེམས་ཁོང་ནས་འཁྲུག་ཅིང་ཁྲོ་བ་སྐྱེ་བའི་གང་ཟག་འགའ་ཞིག་གིས་སེམས་དཔའ་དེའི་ལུས་ལ་རུས་པ་དང་བཅས་པའི་ཤ་སྲང་རེ་རེ་ཞིང་ཡུན་རིང་པོའི་དུས་སུ་སྡོད་ཅིང་སྡོད་ཅིང་གཅོད་པར་བྱེད་ཀྱང་། རྣམ་པ་དེ་ལྟ་བུའི་གཅོད་པར་བྱེད་པ་དེ་ལ་སེམས་འཁྲུག་པར་མི་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། ལས་དེའི་རྒྱུ་ལས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་མི་ཟད་པ་མྱོང་བར་འགྱུར་རོ་སྙམ་དུ་བསམས་ནས་བཟོད་པ་ལྷག་པར་སྐྱེ་བར་འགྱུར་རོ། །དེ་ལྟར་སྙིང་རྗེའི་སྟོབས་ཀྱིས་གནོད་པ་བྱེད་པ་ལ་བཟོད་པ་ལྷག་པར་སྐྱེ་བར་བསྟན་ནས། ཤེས་རབ་ཀྱི་སྟོབས་ཀྱིས་ཀྱང་བཟོད་པར་བསྟན་པའི་ཕྱིར། བདག་མེད་ལྟ་བའི་བྱང་ཆུབ་སེམས་དཔའ་ཡིས། །གང་གིས་གང་ལ་གང་ཚེ་ཅི་བཅད་ཅེས། །གང་ཕྱིར་དེ་ཡིས་ཆོས་ཀུན་གཟུགས་བརྙན་ལྟར། །མཐོང་བའི་ཕྱིར་ཡང་དེ་ཡིས་བཟོད་པར་འགྱུར། །ཞེས་སྨོས་ཏེ། ཆོས་ཐམས་ཅད་གང་ཟག་དང་ཆོས་ཀྱི་བདག་མེད་པར་ལྟ་བའི་བྱང་ཆུབ་སེམས་དཔས། གཅོད་པ་པོ་གང་གིས། གཅད་བྱ་གང་ལ། དུས་ནམ་གྱི་ཚེ། རྣམ་པ་ཅི་ཞིག་བཅད་ཅེས་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཕྱིར་ཡང་སེམས་དཔའ་དེས་གནོད་པ་བཟོད་པར་འགྱུར་རོ། །འཁོར་གསུམ་དུ་མི་རྟོག་པའི་རྒྱུ་མཚན་ཡང་། གང་གི་ཕྱིར་དེ་ཡིས་ཕྱི་དང་ནང་གི་ཆོས་ཀུན་གཟུགས་བརྙན་ལྟར་རང་བཞིན་མེད་པར་མཐོང་བའི་ཕྱིར་རོ། །ཞར་ལ་བཟོད་པའི་བསྔགས་པ་བསྟན་པ་ལ། མི་མཐུན་ཕྱོགས་ཁྲོ་བ་ལས་ལྡོག་པར་རིགས་པར་གདམས་པ། གཉེན་པོ་བཟོད་པ་ལ་འཇུག་པར་གདམས་པའོ། །དང་པོའི་དབང་དུ་བྱས་ནས། གནོད་པ་བྱས་པས་གལ་ཏེ་དེར་བཀོན་ན། །དེ་ལ་བཀོན་པས་བྱས་ཟིན་ལྡོག་གམ་ཅི། །དེ་ཕྱིར་དེར་བཀོན་ངེས་པར་འདིར་དོན་མེད། །འཇིག་རྟེན་ཕ་རོལ་ཡང་ནི་འགལ་བར་འགྱུར། །ཞེས་སྨོས་ཏེ། གཞན་གྱིས་བདག་ལ་གནོད་པ་བྱས་པས་གལ་ཏེ་གནོད་པ་བྱེད་པ་པོ་དེར་བཀོན་ཅིང་ཞེ་བརྐམ་པར་བྱེད་པས་ན། དེ་ལ་ཞེ་བཀོན་ཅིང་བརྐམ་ལ་ཁྲོ་བར་བྱས་པས་སྔར་བདག་ལ་གནོད་པ་བྱས་ཟིན་པ་དེ་ལྡོག་གམ་ཅི། གང་གིས་ན་དེ་ལ་ཞེ་བརྐམ་པར་བྱེད། དེའི་ཕྱིར་གནོད་པ་བྱེད་པ་པོ་དེར་ཞེ་བཀོན་ཅིང་ཁྲོ་བར་བྱས་པས་ཚེ་འདིར་ཡང་དོན་མེད་དེ། བྱེད་རྒྱུ་སྔར་བྱས་ཟིན་པའི་ཕྱིར་རོ། །གནོད་པ་བྱས་པ་ལ་ཞེ་བཀོན་པ་ཚེ་འདིར་དོན་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། འཇིག་རྟེན་ཕ་རོལ་གྱི་བདེ་བ་དང་ཡང་འགལ་བར་འགྱུར་རོ། ཁོང་ཁྲོའི་དབང་གིས་རྣམ་སྨིན་མི་འདོད་པ་འཕེན་པའི་ཕྱིར་རོ། །གང་ཞིག་རང་གི་སྔོན་གྱི་ལས་ཀྱི་འབྲས་བུ་ལོངས་སྤྱོད་པ་ཡིན་བཞིན་དུ་དེ་ལྟར་མི་ཤེས་པར་གཞན་གྱིས་བདག་ལ་གནོད་པ་བྱས་སོ་སྙམ་དུ་བསམས་ནས་གནོད་ལན་བྱེད་པར་འདོད་པ་དེ་དག་བཟློག་པའི་ཕྱིར་བཤད་པ། སྔོན་བྱས་མི་དགེའི་ལས་ཀྱི་འབྲས་བུ་གང་། །ཟད་བྱེད་བརྗོད་པར་འདོད་པ་དེ་ཉིད་ཀོ །གཞན་ལ་གནོད་དང་ཁྲོ་བས་སྡུག་བསྔལ་ཕྱིར། །ས་བོན་ཉིད་དུ་ཇི་ལྟར་ཁྲིད་པར་བྱེད། །འགའ་ཞིག་ལ་མཚོན་ཆ་རྣོན་པོ་ལུས་ལ་བབས་པའི་སྡུག་བསྔལ་དགྲ་དག་གིས་ཉེ་བར་སྒྲུབ་པ་དེ་ནི་རང་གིས་སྔོན་བྱས་པའི་སྲོག་གཅོད་པའི་ལས་ཀྱི་རྒྱུ་མཐུན་པའི་འབྲས་བུ་ཡིན་པས། སྔོན་བྱས་པའི་མི་དགེའི་ལས་ཀྱི་འབྲས་བུ་ལྷག་མ་ཟད་པར་བྱེད་པ་ཡིན་ཡང་དེ་ལྟར་མི་ཤེས་པར་འདིས་བདག་ལ་གནོད་པ་བྱས་སོ་སྙམ་དུ་བསམས་ནས། ད་ལྟར་གྱི་སྡུག་བསྔལ་ལས་ཆེས་ལྷག་པའི་ཕྱི་མའི་སྡུག་བསྔལ་སྐྱེད་པའི་ས་བོན་བསྒྲུབ་པའི་ཕྱིར་དུ་གཞན་ལ་གནོད་པ་དང་ཁྲོ་བས་རང་ཉིད་ཇི་ལྟར་ངན་སོང་དུ་ཁྲིད་པར་བྱེད། དེའི་ཕྱིར་སྨན་པས་ནད་གསོ་བའི་ཕྱིར་བཙགས་ཆ་རྣོན་པོས་རྨ་འབྱིན་པ་ལ་བཟོད་པར་བྱ་བ་བཞིན་དུ་འཕྲལ་དུ་སྡུག་བསྔལ་འབྱུང་བའི་རྒྱུ་ལ་བཟོད་པར་བྱ་བར་རིགས་སོ། །མི་བཟོད་པ་ནི་རྣམ་པར་སྨིན་པ་ཡིད་དུ་མི་འོང་བ་འབྱིན་པའི་རྒྱུ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཡུན་རིང་པོར་བསགས་པའི་དགེ་བ་ཟད་པའི་རྒྱུའང་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཕྱིར་རྒྱལ་སྲས་རྣམས་ལ་ཁྲོས་པ་ཡིས། །སྦྱིན་དང་ཁྲིམས་བྱུང་དགེ་བ་བསྐལ་པ་བརྒྱར། །བསགས་པ་སྐད་ཅིག་གིས་འཇོམས་དེ་ཡི་ཕྱིར། །མི་བཟོད་ལས་གཞན་སྡིག་པ་ཡོད་མ་ཡིན། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་། རྒྱལ་བའི་སྲས་པོ་གཞན་རྣམས་ལ་བདེན་པའམ་བདེན་པ་མ་ཡིན་པའི་ཉེས་པ་ལྷག་པར་སྒྲོ་བཏགས་ནས་སྐད་ཅིག་ཙམ་ཞིག་ཁྲོས་པ་ཡིས་ཀྱང་། སྦྱིན་པ་དང་ཚུལ་ཁྲིམས་ལས་བྱུང་བའི་དགེ་བ་བསྐལ་པ་བརྒྱར་བསགས་པ་རྣམས་འཇོམས་པར་བྱེད་ན། བྱང་ཆུབ་སེམས་དཔའ་མ་ཡིན་པས་བྱང་ཆུབ་སེམས་དཔའ་རྣམས་ལ་ཁྲོ་བ་བསྐྱེད་ན་ལྟ་ཅི་སྨོས། དེའི་ཕྱིར་རྒྱ་མཚོ་ཆེན་པོའི་ཆུའི་ཚད་གྲངས་ཀྱིས་ངེས་པར་མི་ནུས་པ་ལྟར། དེའི་རྣམ་པར་སྨིན་པའི་མཚམས་ཀྱང་ངེས་པར་མི་ནུས་སོ། །དེ་ལྟར་ན་འབྲས་བུ་ཡིད་དུ་མི་འོང་བ་འཕེན་པ་དང་། དགེ་བ་འཇོམས་པར་བྱེད་པའི་སྡིག་པ་ནི་མི་བཟོད་པ་སྟེ་ཁོང་ཁྲོ་བ་ལས་མཆོག་ཏུ་གྱུར་པ་གཞན་ཡོད་པ་མ་ཡིན་ནོ། །གཞན་ཡང་། མི་སྡུག་གཟུགས་བྱེད་དམ་པ་མིན་པར་ཁྲིད། །རིགས་དང་མི་རིགས་རྣམ་དཔྱོད་འཕྲོག་བྱེད་ཅིང་། །མི་བཟོད་པ་ཡིས་མྱུར་དུ་ངན་འགྲོར་སྐྱུར། ཁྲོ་བས་ནི། ཁྲོ་གཉེར་སྡུག་ཅིང་བཞིན་རས་ནག་པོར་བྱེད་པའི་ཕྱིར་མི་སྡུག་གཟུགས་སུ་བྱེད་ལ། དེའི་དབང་གིས་བྱ་བ་ངན་པ་ལ་འཇུག་པས་ན་དམ་པ་མ་ཡིན་པར་ཁྲིད་ཅིང་། ཁྲོ་བས་ཟིས་གྱིས་ནོན་པ་ནི་བླང་དོར་ལ་རྨོངས་པར་འགྱུར་བས་རིགས་པ་དང་མི་རིགས་པ་རྣམ་པར་དཔྱོད་པའི་བློ་གྲོས་ཀྱང་འཕྲོག་པར་བྱེད་དོ། །དེར་མ་ཟད་རིས་མཐུན་བཏང་ནས་ཀྱང་། མི་བཟོད་པ་ཡིས་ངན་འགྲོའི་གཡང་སར་སྐྱུར་བར་བྱེད་དོ། །གཉིས་པ་བཟོད་པ་ལ་འཇུག་པར་གདམས་པའི་དབང་དུ་བྱས་ནས། བཟོད་པས་བཤད་ཟིན་དང་འགལ་ཡོན་ཏན་བྱེད། །ཅེས་སོགས་སྨོས་སོ། །བཤད་ཟིན་དང་འགལ་བའི་ཡོན་ཏན་གང་ཞེ་ན། མཛེས་ཤིང་དམ་པའི་སྐྱེ་བོས་འདོད་པ་དང་། །རིགས་དང་མི་རིགས་ཤེས་ལ་མཁས་འགྱུར་ཞིང་། །འདི་ལས་གཞན་དུ་ལྷ་མི་དག་ཏུ་སྐྱེ། །དེའི་ཕྱིར། སོ་སོ་སྐྱེ་བོ་དང་ནི་རྒྱལ་སྲས་ཀྱི། ཁྲོ་དང་བཟོད་པའི་སྐྱོན་ཡོན་རིག་བྱས་ཏེ། །མི་བཟོད་སྤངས་པ་འཕགས་པའི་སྐྱེ་བོ་ཡིས། །བསྔགས་པའི་བཟོད་པ་རྟག་ཏུ་བརྟེན་པར་བྱ། །སོ་སོའི་སྐྱེ་བོ་རྣམས་ཀྱི་ཁོང་ཁྲོ་བའི་སྐྱོན་དང་། རྒྱལ་སྲས་རྣམས་ཀྱིས་བཟོད་པའི་ཡོན་ཏན་ཇི་སྐད་བཤད་པ་རྣམས་རིག་པར་བྱས་ནས་མི་བཟོད་པ་སྤངས་པའི་སྒོ་ནས་འཕགས་པ་རྣམས་ཀྱིས་བསྔགས་པའི་བཟོད་པ་རྟག་ཏུ་བརྟེན་པར་བྱའོ། །གསུམ་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབྱེ་བ་བསྟན་པའི་ཕྱིར། རྫོགས་སངས་རྒྱས་ཀྱི་བྱང་ཆུབ་ཕྱིར་བསྔོས་ཀྱང་། །གསུམ་དམིགས་ཡོད་ན་དེ་ནི་འཇིག་རྟེན་པའོ། །ཞེས་སྨོས་ཏེ། བཟོད་པ་གང་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་བསྔོས་ཀྱང་། གང་བཟོད་པ་དང་། གང་གིས་བཟོད་པ་དང་། སེམས་ཅན་གང་ལ་བཟོད་པ་གསུམ་པོ་འདི་ལ་དམིགས་པ་ཡོད་ན་འཇིག་རྟེན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ལ། དམིགས་པ་མེད་ན་དེ་ཉིད་སངས་རྒྱས་ཀྱིས། །འཇིག་རྟེན་འདས་པའི་ཕ་རོལ་ཏུ་ཕྱིན་ཅེས་གསུངས། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ཏེ་འཁོར་གསུམ་དུ་དམིགས་པ་མེད་ན་འཇིག་རྟེན་ལས་འདས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །

གཉིས་པ་ཁྱད་ཆོས་ཕལ་པ་བསམ་གཏན་གྱི་ཡོན་ཏན་གཞན་བསྟན་པ་ནི་ས་དེར་བསམ་གཏན་མངོན་ཤེས་འབྱུང་འགྱུར་ཞིང་། །འདོད་ཆགས་ཞེ་སྡང་ཡོངས་སུ་ཟད་པར་འགྱུར། །དེས་ཀྱང་རྟག་ཏུ་འཇིག་རྟེན་པ་ཡི་ནི། །འདོ ད་པའི་འདོད་ཆགས་འཇོགས་པར་ནུས་པར་འགྱུར། །ས་གསུམ་པ་འོད་བྱེད་པ་དེར་བྱང་ཆུབ་སེམས་དཔའ་ལ་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། ཚད་མེད་པ་བཞི་དང་། མངོན་པར་ཤེས་པ་ལྔ་རྣམས་འབྱུང་བར་འགྱུར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བ་འཕོ་བ་མེད་པ་དང་། རྣམ་པར་འཇིག་པ་མེད་པ་ཉིད་དུ་རྟོགས་པས་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་ཕལ་ཆེར་ཡོངས་སུ་ཟད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེ་རྣམ་སྨིན་གྱི་དབང་གིས་ལྷའི་དབང་པོར་སྐྱེ་བ་འཛིན་ལ། དེས་ཀྱང་རྟག་ཏུ་འཇིག་རྟེན་པའི་འདོད་པའི་འདོད་ཆགས་འཇོམས་པའི་ཐབས་སྒྲུབ་ཅིང་སེམས་ཅན་རྣམས་འདོད་པའི་གནས་ནས་འདོན་པར་ནུས་པར་འ གྱུར་རོ། །ད་ནི་ཕ་རོལ་ཏུ་ཕྱིན་པ་དང་པོ་གསུམ་གྱི་རྟེན་གྱི་ཁྱད་པར་དང་། ཚོགས་ཀྱི་རང་བཞིན་དང་། མཐུས་ཡོངས་སུ་གྲུབ་པའི་རྣམ་གཞག་གསལ་བར་བྱ་བའི་ཕྱིར་བཤད་པ། སྦྱིན་སོགས་ཆོས་གསུམ་འདི་དག་ཕལ་མོ་ཆེར། །བདེ་བར་གཤེགས་པསཁྱིམ་པ་རྣམས་ལ་བསྔགས། །བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་དག་ཉིད། །སངས་རྒྱས་གཟུགས་ཀྱི་བདག་ཉིད་སྐུ་ཡི་རྒྱུ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྟེན་ནི་བྱང་ཆུབ་སེམས་དཔའ་ཁོ་ན་ཡིན་མོད་ཀྱི། འོན་ཀྱང་བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། རབ་ཏུ་བྱུང་བའི་ཕྱོགས་གཉིས་ལས། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པའི་ཆོས་གསུམ་པོ་འདི་དག་ཕལ་ཆེར་བདེ་བར་གཤེགས་པས་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྣམས་ལ་བསྔགས་ཏེ། དེ་དག་གིས་ཆོས་གསུམ་པོ་དེ་སྒྲུབ་སླ་བའི་ཕྱིར་རོ། །རབ་ཏུ་བྱུང་བ་རྣམས་ལ་ནི་བསམ་གཏན་དང་། ཤེས་རབ་ཡིན་ཏེ། གཞན་དག་མེད་པ་ནི་མ་ཡིན་ནོ། །སངས་རྒྱས་ཀྱི་རྒྱུ་ནི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་གཉིས་སོ། །དེ་ལ་བསོད་ནམས་ཞེས་བྱའི་ཚོགས་ཀྱི་རང་བཞིན་ནི་ཆོས་གསུམ་པོ་དེ་དག་ཉིད་ཡིན་ལ། བསམ་གཏ ན་དང་ཤེས་རབ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ནོ། །བརྩོན་འགྲུས་ནི་གཉིས་ཀའི་རྒྱུར་རྣམ་པར་བཞག་གོ །བསོད་ནམས་ཀྱི་ཚོགས་གང་ཡིན་པ་དེ་ནི་སངས་རྒྱས་གཟུགས་ཀྱི་བདག་ཉིད་ཀྱི་སྐུ་བསོད་ནམས་བརྒྱ་པའི་མཚན་ཅན་རྨད་དུ་བྱུང་ཞིང་བསམ་གྱིས་མི་ཁྱབ་པའི་རྒྱུ་ཡིན་ནོ། །ཡེ་ཤེས་ཀྱི་ཚོགས་ནི་ཆོས་ཀྱི་སྐུ་སྐྱེ་བ་མེད་པའི་རང་བཞིན་ཅན་གྱི་རྒྱུ་ཡིན་ནོ། །གསུམ་པ་སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་བསྟན་པ་ནི། རྒྱལ་སྲས་ཉི་མ་ལ་གནས་འོད་བྱེད་འདི། །རང་རྒྱུད་མུན་པ་དང་པོར་བསལ་བྱས་ནས། །འགྲོ་བའི་མུན་པ་སེལ་བར་འདོད་པ་ཡིན། །རྒྱལ་བའི་སྲས་པོ་ཉི་མའི་དཀྱིལ་འཁོར་ལྟ་བུ་ལ་གནས་པའི་ས་གསུམ་པ་འོད་བྱེད་པ་འདི་ནི་རང་གི་རྒྱུད་ལ་ཡོད་པའི་སའི་མི་མཐུན་ཕྱོགས་ཀྱི་མུན་པ་དང་པོ་རང་སྐྱེ་བཞིན་པའི་གནས་སྐབས་སུ་བསལ་བར་བྱས་ནས། དེའི་འོད་ཏུ་རང་གིས་ཇི་ལྟར་རྟོགས་པ་བཞིན་གཞན་ལ་བསྟན་པའི་སྒོ་ནས་འགྲོ་བ་རྣམས་ཀྱི་རྒྱུད་ལ་ཡོད་པའི་ས་གསུམ་པ་སྐྱེ་བའི་གེགས་སུ་གྱུར་པའི་མུན་པ་སེལ་བར་འདོད་པ་ཡིན་ནོ། །ས་འདིར་རྣོ་བར་གྱུར་ཀྱང་ཁྲོ་མི་འགྱུར། །བྱང་ཆུབ་སེམས་དཔའ་དེ་ནི་ས་འདེར་ཡོན་ཏན་གྱི་གེགས་སུ་གྱུར་པའི་ཉེས་པའི་མུན་པ་བཅོམ་པས་ཉི་མའི་ཟེར་ལྟར་བློ་གྲོས་ཤིན་ཏུ་རྣོ་བར་གྱུར་ཀྱང་སྐྱོན་དང་ལྡན་པའི་སྐྱེ་བོ་ལ་ཁྲོ་བར་མི་འགྱུར་ཏེ། བཟོད་པ་ལ་ཆེས་གོམས་པའི་ཕྱིར་དང་། སྙིང་རྗེས་རྒྱུད་སྣུམ་པར་བྱས་པའི་ཕྱིར་རོ། །དབུ་མ་ལ་འཇུག་པ་ལས། འོད་བྱེད་པ་ཞེས་བྱ་བ་སེམས་བསྐྱེད་པ་གསུམ་པའི་བཤད་པའོ།། །།

ལེའུ་བཞི་པའི་རྣམ་བཤད།

ད་ནི་སེམས་བསྐྱེད་པ་བཞི་པ་འོད་འཕྲོ་བའི་མིང་ཅན་བཤད་པར་བྱའོ། །འདིའང་བརྩོན་འགྲུས་ལྷག་པའི་སྒོ་ནས་སའི་ངོ་བོ་བསྟན་པ་དང་། སའི་མིང་དོན་བསྟན་པས་མཇུག་བསྡུ་བ་གཉིས་ལས། དང་པོའི་དབང་དུ་བྱས་ནས། ཡོན་ཏན་ཐམས་ཅད་བརྩོན་འགྲུས་རྗེས་འགྲོ་ཞིང་། །བསོད་ནམས་བློ་གྲོས་ཚོགས་ནི་གཉིས་ཀྱི་རྒྱུ། །བརྩོན་འགྲུས་གང་དུ་འབར་བར་གྱུར་པ་ཡི། །ས་དེ་བཞི་པ་འོད་འཕྲོ་ཞེས་བྱའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་བརྩོན་འགྲུས་ཀྱི་རྗེས་སུ་འགྲོ་བ་ཡིན་ཏེ། དགེ་བའི་བྱ་བ་ལ་སྤྲོ་བ་དང་ལྡན་པ་ལས་ནི་དགེ་བའི་ཆོས་མ་ཐོབ་པ་ཐོབ་པ་དང་། ཐོབ་པ་རྣམས་གོང་ནས་གོང་དུ་འཕེལ་བ་དང་། ཡངས་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་བསོད་ནམས་ཀྱི་ཚོགས་དང་། བློ་གྲོས་ཏེ་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་ཀྱི་རྒྱུའང་བརྩོན་འགྲུས་ཉིད་ཡིན་ནོ། །དེ་ལྟར་ཡོན་ཏན་ཐམས་ཅད་ཀྱི་རྒྱུར་གྱུར་པའི་བརྩོན་འགྲུས་རང་གི་ཡོན་ཏན་ཡོངས་སུ་དག་པའི་སྒོ་ནས་ས་གང་དུ་འབར་ཞིང་ལྷག་པར་གྱུར་པའི་ས་དེ་ནི་ས་བཞི་པ་འོད་འཕྲོ་བ་ཞེས་བྱའོ། །སའི་མིང་དོན་བསྟན་པའི་སྒོ་ནས་མཇུག་བསྡུ་བ་ནི། དེར་ནི་བདེ་གཤེགས་སྲས་ལ་རྫོགས་པ་ཡི། །བྱང་ཆུབ་ཕྱོགས་ལྷག་བསྒོམས་ལས་སྐྱེས་པ་ཡི། །སྣང་བ་ཟངས་ཀྱི་འོད་ལས་ལྷག་འབྱུང་ཞིང་། །ས་བཞི་པ་དེར་བདེ་བར་གཤེགས་པའི་སྲས་པོ་དེ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས་པ་ལས་སྐྱེས་པའི་ཡེ་ཤེས་ཀྱི་སྣང་བ་སྔར་བཤད་པའི་ཟངས་ཀྱི་འོད་ལྟ་བུ་བས་ཀྱང་ཆེས་ལྷག་པ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་ཡང་དག་པའི་ཡེ་ཤེས་ཀྱི་མེའི་འོད་འབྱུང་བའི་ཕྱིར་བྱང་ཆུབ་སེམས་དཔའི་ས་འདི་ལ་འོད་འཕྲོ་བ་ཞེས་བྱའོ། །ས་འདིར་བྱང་ཆུབ་ཀྱི་ཕྱོགས་སྒོམ་པ་འབའ་ཞིག་ཏུ་མ་ཟད་ཀྱི། བདག་ཏུ་ལྟ་བ་དང་འབྲེལ་ཡོངས་སུ་ཟད། །ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་བདག་དང་བདག་གིར་ལྟ་བ་དང་འབྲེལ་བའི་སེམས་ཅན་དང་སྲོག་དང་སྐྱེ་བ་དང་གསོ་བ་དང་། གང་ཟག་ལ་སོགས་པར་མངོན་པར་ཞེན་པ་ཐམས་ཅད་ཡོངས་སུ་ཟད་པར་འགྱུར་རོ། །དབུ་མ་ལ་འཇུག་པ་ལས། འོད་འཕྲོ་བ་ཞེས་བྱ་བ་སེམས་བསྐྱེད་པ་བཞི་པའི་བཤད་པའོ།། །།

ལེའུ་ལྔ་པའི་རྣམ་བཤད།

ད་ནི་སེམས་བསྐྱེད་པ་ལྔ་པ་སྤྱང་དཀའ་བའི་མིང་ཅན་བཤད་པར་བྱ་སྟེ། དེའང་སའི་མིང་དོན་བསྟན་པ་དང་། སའི་ཡོན་ཏན་བསྟན་པ་གཉིས་ཀྱིས་རིག་པར་བྱའོ། །དང་པོའི་དབང་དུ་བྱས་ནས། སྦྱང་དཀའི་ས་གནས་བདག་ཉིད་ཆེན་པོ་དེ། །བདུད་རྣམས་ཀུན་གྱིས་ཕམ་པར་ནུས་མ་ཡིན། །སྦྱང་དཀའི་སར་གནས་པའི་བདག་ཉིད་ཆེན་པོ་བྱང་ཆུབ་སེམས་དཔའ་དེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་བདུད་རྣམས་ཀུན་གྱིས་ཀྱང་ཕམ་པར་བྱེད་མི་ནུས་ན། དེ་ལས་གཞན་པ་བདུད་ཀྱི་བཀའ་ཉན་པ་ལ་སོགས་ཀྱིས་ལྟ་ཅི་སྨོས། དེ་ཉིད་ཀྱི་ཕྱིར་ས་འདིའི་མིང་སྦྱང་དཀའ་བ་ཞེས་བྱའོ། །གཉིས་པ་སའི་ཡོན་ཏན་བསྟན་པ་ནི། བསམ་གཏན་ལྷག་ཅིང་བློ་བཟང་བདེན་རང་བཞིན། །ཞིབ་མོ་རྟོགས་ལའང་ཤིན་ཏུ་མཁས་པ་ཐོབ། །ས་དེར་ཕ་རོལ་ཏུ་ཕྱིན་པ་བཅུའི་ནང་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་འགྱུར་ཞིང་། བློ་བཟང་འཕགས་པའི་བདེན་པ་བཞིའི་རང་བཞིན་འཕགས་པ་ལས་གཞན་གྱི་བློའི་ཡུལ་མ་ཡིན་པས་ཞིབ་མོ་རྟོགས་ཤིང་ཁོང་དུ་ཆུད་པས་ཤིན་ཏུ་མཁས་པ་ཐོབ་བོ། །དབུ་མ་ལ་འཇུག་པ་ལས། སྦྱང་དཀའ་བ་ཞེས་བྱ་བའི་སེམས་བསྐྱེད་པ་ལྔ་པའི་བཤད་པའོ།། །།

ལེའུ་དྲུག་པའི་རྣམ་བཤད།

ད་ནི་སེམས་བསྐྱེད་པ་དྲུག་པ་མངོན་དུ་གྱུར་པའི་མིང་ཅན་བཤད་པར་བྱའོ། །དེའང་ཡུལ་ཅན་སའི་ངོ་བོ་དང་། ཡུལ་སྟོང་ཉིད་གཏན་ལ་དབབ་པ་དང་། སའི་ཡོན་ཏན་བརྗོད་དེ་མཇུག་བསྡུ་བ་གསུམ་གྱིས་རིག་པར་བྱའོ། །དང་པོ་ལའང་། དངོས་དང་། ཞར་ལ་ཤེར་ཕྱིན་གྱི་ཆེ་བ་བརྗོད་པ་གཉིས་ལས། དང་པོའི་དབང་དུ་བྱས་ནས། མངོན་དུ་ཕྱོགས་པ་མཉམ་གཞག་སེམས་གནས་ཏེ། །རྫོགས་པའི་སངས་རྒྱས་ཆོས་ལ་མངོན་ཕྱོགས་ཤིང་། །རྐྱེན་ཉིད་འདི་པའི་དེ་ཉིད་མཐོང་བ་དེ། །ཤེས་རབ་གནས་པས་འགོག་པ་ཐོབ་པར་འགྱུར། །ཞེས་སྨོས་ཏེ། ས་ལྔ་པར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་ས་དྲུག་པ་མངོན་དུ་ཕྱོགས་པར་མཉམ་པར་བཞག་པའི་སེམས་ལ་གནས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་རྐྱེན་འདི་པ་ཙམ་གྱིས་དེ་ཁོ་ན་ཉིད་མཐོང་བའི་བྱང་ཆུབ་སེམས་དཔའ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལ་གནས་པས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་ཅན་གྱི་འགོག་པ་ལ་སྙོམས་པར་འཇུག་པ་ཐོབ་པར་འགྱུར་གྱི། དེའི་སྔ་རོལ་དུ་ནི་མ་ཡིན་ཏེ། ཤེས་རབ་ལྷག་པར་གྱུར་པ་མེད་པའི་ཕྱིར་ཏེ། སྦྱིན་པ་ལ་སོགས་པ་ཕུལ་དུ་བྱུང་བས་ནི་འགོག་པ་ཐོབ་པར་མི་ནུས་སོ། །ཅིའི་ཕྱིར་ས་འདི་ལ་མངོན་དུ་གྱུར་པ་ཞེས་བྱ་ཞེ་ན། གཟུགས་བརྙན་དང་འདྲ་བའི་ཆོས་ཉིད་ཁོང་དུ་ཆུད་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ས་ལྔ་པར་ལམ་གྱི་བདེན་པ་ལ་དམིགས་པའི་ཕྱིར་དང་། རྫོགས་པའི་སངས་རྒྱས་ཀྱི་ཆོས་ལ་མངོན་དུ་ཕྱོགས་པའི་ཕྱིར་ན། ས་འདི་ལ་མངོན་དུ་གྱུར་པ་ཞེས་བྱའོ། །ཞར་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆེ་བ་བརྗོད་པའི་དབང་དུ་བྱས་ནས། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ། །མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡི། །ཡུལ་དུ་ཁྲིད་པ་དེ་བཞིན་འདིར་ཡང་བློས། །མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་བར་ཁྲིད། །ཅེས་སྨོས་ཏེ། ཇི་ལྟར་ལོང་བའི་ཚོགས་ཀུན་ཇི་སྙེད་ཡོད་པ་དེ་ཀུན་ཀྱང་གཡང་ས་ལ་སོགས་པ་སྤངས་ཏེ་བདེ་བླག་ཏུ་མིག་དང་ལྡན་པའི་སྐྱེས་བུ་གཅིག་གིས་མངོན་པར་འདོད་པའི་ཡུལ་དུ་ཁྲིད་པ་དེ་བཞིན་དུ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདིར་ཡང་བློས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མིག་ཉམས་པ་ལྟ་བུའི་སྦྱིན་པ་ལ་སོགས་པའི་ཡོན་ཏན་ཐམས་ཅད་བླངས་ཏེ་རྒྱལ་བ་དེ་བཞིན་གཤེགས་པའི་ས་ཀུན་ཏུ་འོད་ཅེས་བྱ་བར་ཁྲིད་པར་བྱེད་དེ། ཡང་དག་པའི་ལམ་དང་ལམ་མ་ཡིན་པ་མཐོང་བའི་རང་བཞིན་ཡིན་པའི་ཕྱིར་རོ། །

ཡུལ་ཅན་པའི་ངོ་བོ་བཤད་པ།

དེ་ལྟར་ན་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་གཞན་ལྔ་ནི་དམུས་ལོང་དང་འདྲ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིག་བུ་དང་བྲལ་ན་རྣམ་པ་ཐམས་ཅད་མཁྱེན་པའི་སར་བགྲོད་པར་མི་ནུས་པའི་ཕྱིར་རོ། །དེ་བས་ན་འདིར་ཕ་རོལ་ནི་བགྲོད་བྱ་མཐར་ཐུག་པ་རྣམ་མཁྱེན་གྱི་སའོ། །འདིར་ཕ་རོལ་དེར་ཕྱིན་པར་བྱེད་པས་ན་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །འདི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡིན་པས་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ལ་སྦྱིན་པ་ལ་སོགས་པ་གཞན་ལྔ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཟིན་པ་ན་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་སྟེ། དེས་ཡོངས་སུ་ཟིན་པའི་སྦྱིན་པ་ལ་སོགས་པ་རྣམ་མཁྱེན་གྱི་རྒྱུར་གྱུར་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་དང་འདྲ་བས་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེའི་རང་བཞིན་ཅི་ཞེ་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །ཇི་ཙམ་གྱིས་ན་རྣམ་པར་མི་རྟོག་པར་བརྗོད་ཅེ་ན། གང་གི་ཚེ་རྣལ་འབྱོར་པའི་སེམས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་ཏེ་དེ་བཞིན་ཉིད་ཀྱི་ངོ་བོར་གྱུར་པ་དེའི་ཚེ་རྣམ་པར་མི་རྟོག་པ་ཞེས་བྱའོ། །ཇི་སྐད་དུ་སྤྱོད་འཇུག་ལས། གང་ཚེ་ཤེས་དང་ཤེས་བྱ་དག །བློ་ཡི་བདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་བཤད་པ་ལྟར་རོ། །གལ་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཤེས་པའམ། འོན་ཏེ་ཤེས་པ་མ་ཡིན། དང་པོ་ལྟར་ན། ཤེས་པ་ནི་ཡུལ་རིག་པས་རབ་ཏུ་ཕྱེ་བའི་ཕྱིར། ཡུལ་དང་ཡུལ་ཅན་གྱི་སྤྲོས་པ་ཉེ་བར་ཞི་བར་མི་འཐད་དོ། །གཉིས་པ་ལྟར་ན་དེས་དེ་ཁོ་ན་ཉིད་རྟོགས་པར་ཇི་ལྟར་འཐད་ཅེ་ན། ཇི་སྐད་བཤད་པའི་ཉེས་པར་གྱུར་བའི་ཕྱིར་ཕྱོགས་དང་པོ་ནི་མི་འདོད་དོ། །དེ་ལྟ་ནའང་དེ་ཁོ་ན་ཉིད་མ་རྟོགས་པའི་ཉེས་པར་མི་འགྱུར་ཏེ། ཡང་དག་པའི་ཤེས་རབ་ཀྱིས་ཅིའང་མ་རྟོགས་པ་ཉིད་ལ་དེ་ཁོ་ན་ཉིད་རྟོགས་པ་ཞེས་ཐ་སྙད་བྱས་པའི་ཕྱིར་རོ། །འོ་ན་ནི་གཉིད་དང་བརྒྱལ་བ་ལ་སོགས་པའང་དེ་ཁོ་ཉིད་རྟོགས་པར་ཐལ་བར་འགྱུར་རོ་ཞེ་ན། རྟོག་པ་བཀག་པ་ཙམ་རྣམ་པར་མི་རྟོག་པ་ཡིན་ནོ། །ཞེས་སྨྲས་སམ། གང་གིས་ན་གཉིད་ལ་སོགས་པའང་རྣམ་པར་མི་རྟོག་པར་འགྱུར། འོ་ན་ཅི་ཞེ་ན། རྣལ་འབྱོར་པས་ཐོག་མར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཆོས་རྣམས་ཀྱི་རང་བཞིན་ལ་རྣམ་པར་དཔྱོད་དོ། །དཔྱད་པ་ན་ཆོས་གང་ལའང་རང་བཞིན་རྡུལ་ཙམ་ཡང་ཉེ་བར་མི་དམིགས་སོ། །དེའི་འོག་ཏུ་ཆོས་ཉིད་དེ་ལྟ་བུ་ལ་རྣལ་འབྱོར་པས་སེམས་ཉེ་བར་འཇོག་གོ །བཞག་པ་ན་ཇི་ཞིག་ལྟར་རྣལ་འབྱོར་པའི་སེམས་ཆོས་ཉིད་དེ་ལྟ་བུའི་རང་བཞིན་དུ་འགྱུར་ནས་ཤེས་པའང། ཤེས་བྱ་ལ་སོགས་པའི་མཚན་མ་ཅིའང་མི་དམིགས་སོ། །དེ་ལས་ལངས་པ་ན་འདི་སྙམ་དུ་ཆོས་ཐམས་ཅད་ནི་ནམ་མཁའི་དཀྱིལ་ལྟར་སྤྲོས་པའི་མཚན་མ་ཐམས་ཅད་ཉེ་བར་ཞི་བའོ་ཞེས་ཡོངས་སུ་གཅོད་པར་བྱེད་པའི་ཡང་དག་པའི་ལྟ་བ་མངོན་དུ་བྱེད་དོ། །དེ་ལྟ་བུའི་མཉམ་གཞག་དང་རྗེས་ཐོབ་འདྲེན་མར་གོམས་པར་བྱས་པ་ལས། མཐར་བཤད་མ་ཐག་པའི་མཚན་ཉིད་ཅན་གྱི་མཉམ་གཞག་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་དེ་ལྟ་བུ་ལ་རྣལ་འབྱོར་པའི་སེམས་རོ་གཅིག་ཏུ་གནས་པར་འགྱུར་ལ། དེའི་ཚེ་ཆོས་ཀྱི་སྐུ་མངོན་སུམ་དུ་བྱས་པ་ཞེས་པའི་ཐ་སྙད་ཐོབ་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་གཞུང་འདིར་ཡང་། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པའང་མེད། །སེམས་འགག་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་འཆད་པར་འགྱུར་རོ། །དེ་བས་ན་ཡུལ་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་དོན་དམ་པའི་བདེན་པར་ཐ་སྙད་བཏགས་པ་དང་། ཡུལ་ཅན་སྟོང་པར་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཐ་དད་དུ་བྱ་བ་ཅུང་ཟད་ཀྱང་མེད་དེ། གང་གི་ཚེ་རྣལ་འབྱོར་པའི་སེམས་སོ་སོར་རྟོག་པའི་ཤེས་རབ་ཀྱི་སྟོབས་ཀྱིས་སྟོང་པ་ཉིད་དེའི་རང་བཞིན་དུ་གྱུར་པའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཐ་སྙད་ཉེ་བར་འདོགས་པ་ཙམ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་ཏེ། སྣང་བ་མེད་པ་དང། སྣང་བ་དང་བཅས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་སྣང་བ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་མཉམ་གཞག་རྣམ་པར་མི་རྟོག་པ་ཞེས་བརྗོད་པ་དེ་ཡིན་ནོ། །སྣང་བ་དང་བཅས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་སྤྲོས་པ་ཐམས་ཅད་བྲལ་བའི་སྟོང་པ་ཉིད་རྟེན་ཅིང་འབྲེལ་བར་བྱུང་བ་རྐྱེམ་འདི་པ་ཙམ་གྱི་ངོ་བོར་ཡོངས་སུ་གཅོད་པར་བྱེད་པ། ཡང་དག་པའི་ལྟ་བའི་མིང་ཅན་གང་ཡིན་པའོ། །ས་བཅུའི་གནས་སྐབས་ཀྱི་སྣང་བ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཐ་དད་དུ་བྱ་བ་ཅུང་ཀྱང་མེད་དོ། །སྣང་བ་དང་བཅས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པ་ལ་སོགས་པའི་ཚུལ་གྱིས་ཐ་དད་དུ་བྱ་བ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་པོ་དེའང་གཙོ་བོ་དང་ཕལ་པའི་ཚུལ་དུ་རིག་པར་བྱའོ། །གཉིས་པ་ཡུལ་སྟོང་ཉིད་གཏན་ལ་དབབ་པ་ལའང་། གང་ལ་བརྟེན་ནས་བཤད་པ་དང་། ཡུལ་གང་ལ་བཤད་པ་དང་། ཆོས་གང་བཤད་པའོ། །དང་པོ་ནི། འདིར་སྨྲས་པ་རྐྱེན་ཉིད་འདི་པའི་དེ་ཉིད་མཐོང་བ་དེ། །ཤེས་རབ་གནས་པས་འགོག་པ་ཐོབ་པར་འགྱུར། །ཞེས་གང་སྨྲས་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཁོ་ན་ཉིད་ནི་གང་ཡིན། བྱང་ཆུབ་སེམས་དཔས་དེ་ཇི་ལྟར་མཐོང་ཞེ་ན། དེའི་རང་གི་ངོ་བོ་ནི་མ་རིག་པའི་ལིང་ཐོག་མཐུག་པོས་བློ་གྲོས་ཀྱི་མིག་གཡོགས་པ་བདག་ཅག་ལྟ་བུའི་ཡུལ་མ་ཡིན་གྱི། གང་དག་སྟོང་པ་ཉིད་ཕྱིན་ཅི་མ་ལོག་པའི་མིག་སྨན་གྱིས་མ་རིག་པའི་རབ་རིབ་ཀྱི་ལིང་ཐོག་བསལ་བས་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་གཟིགས་པའི་བློ་གྲོས་ཀྱི་སྤྱན་མངའ་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ཡིན་པས། དེ་དག་ལ་དྲི་བར་བྱ་བ་ཡིན་ནོ། །གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་པས་ཇི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཉིད་མཐོང་བ་ཞེས་སོགས་གསུངས་པ་མ་ཡིན་ནམ། ལུང་ལ་བརྟེན་ནས་བཤད་པར་རིགས་སོ་ཞེ་ན། བདག་ཅག་ལྟ་བུས་རང་དབང་དུ་ལུང་ལ་བརྟེན་ནས་ཀྱང་དེ་ཁོ་ན་ཉིད་བསྟན་པར་མི་ནུས་ཏེ། ལུང་གི་དགོངས་པ་ངེས་པར་དཀའ་བའི་ཕྱིར་རོ། །རང་དབང་དུ་བྱས་ནས་དེ་སྐད་བརྗོད་ཀྱི། ཚད་མར་གྱུར་པའི་སྐྱེས་བུས་ལུང་གི་དགོངས་པ་ཕྱིན་ཅི་མ་ལོག་པར་བཤད་པའི་མན་ངག་ལ་བརྟེན་ནས་བདག་ཅག་གིས་ཀྱང་ལུང་གི་དགོངས་པ་ངེས་པས། དེའི་ཕྱིར། ཇི་ལྟར་དེ་ཡིས་ཆེས་ཟབ་ཆོས་རྟོགས་པ། །ལུང་དང་གཞན་ཡང་རིགས་པས་ཡིན་པས་ན། །དེ་ལྟར་འཕགས་པ་ཀླུ་སྒྲུ་བཞུང་ལུགས་ལས། །ཇི་ལྟར་གནས་པའི་ལུགས་བཞིན་བརྗོད་པར་བྱ། །ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེས་ཆེས་ཟབ་པའི་ཆོས་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཁོ་ཉིད་རྟོགས་པ་བདེ་བར་གཤེགས་པའི་ལུང་དང་། གཞན་ཡང་རིགས་པས་ངེས་པར་བྱ་བ་ཡིན་པས་ན། དེས་རྟེན་ཅིང་འབྲེལ་བར་འ བྱུང་བའི་དེ་ཉིད་ཇི་ལྟར་མཐོང་བ་དེ་ལྟར་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་ལུང་ཕྱིན་ཅི་མ་ལོག་པར་མཁྱེན་ནས། དབུ་མའི་བསྟན་བཅོས་ལས་རིགས་པ་དང་ལུང་གིས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་གསལ་བར་མཛད་དོ། །དེའི་ཕྱིར་འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ལུགས་ལས་ལུང་དང་རིགས་པ་དག་གིས་ཆོས་ཀྱི་དེ་ཁོ་ན་ཉིད་གསལ་བར་བྱས་ནས་ཇི་ལྟར་གནས་པའི་ལུགས་བཞིན་དུ་བདག་གིས་ཀྱང་བརྗོད་པར་བྱའོ། །འཕགས་པ་ཀླུ་སྒྲུབ་ལ་ལུང་གི་དགོངས་པ་ཕྱིན་ཅི་མ་ལོག་པ་ངེས་པར་ཡོད་པ་ཇི་ལྟར་ཤེས་པར་བྱ་ཞེ་ན། ལུང་ལས་ཏེ། འཕགས་པ་ལང་ཀར་གཤེགས་པ་ལས། ལྷོ་ཕྱོགས་བཻ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཞེས་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་བྱེད། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་བསྟན་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་གསུངས་པ་དང་། འཕགས་པ་སྤྲིན་ཆེན་པོ་ལས་ཀྱང་། ཀུན་དགའ་བོ་ལི་ཙྪ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི་ནི། ང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས། ངའི་བསྟན་པ་རྒྱས་པར་རབ་ཏུ་བསྟན་དེ་མཐར་གྱིས་དང་བའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་རོ། །ཞེས་གསུངས་སོ། །དེའི་ཕྱིར་འདི་ལ་ལུང་ཕྱིན་ཅི་མ་ལོག་པ་ཡོད་པར་སྒྲུབ་བོ། །གཉིས་པ་ཡུལ་གང་ལ་བཤད་པར་བྱ་བ་ལའང་ཉན་པ་པོའི་སྣོད་བརྟག་པ་དང་། དེ་ལ་མཉན་པར་གདམས་པ་གཉིས་ལས། དང་པོ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ཕྱིན་ཅི་མ་ལོག་པར་སྟོན་པའི་བསྟན་བཅོས་འདིའང་སྔར་གོམས་པའི་སྟོབས་ཀྱིས་རྒྱུད་ལ་སྟོང་པ་ཉིད་ཀྱི་ས་བོན་བཞག་པ་རྣམས་ཁོ་ན་ལ་བསྟན་པར་བྱའི། གཞན་དག་ལ་མ་ཡིན་ཏེ། དེ་དག་གིས་སྟོང་པ་ཉིད་ཉན་དུ་ཟིན་ཀྱང་དེ་ལ་ལོག་པར་ཞུགས་པས་དོན་མ་ཡིན་པ་ཆེན་པོ་དང་ལྡན་པར་འགྱུར་རོ། །འདི་ལྟ་སྟེ། རེས་འགའ་ནི་སྟོང་པ་ཉིད་ལ་མི་མོས་པས་དེ་སྤངས་ཏེ་ངན་འགྲོར་འགྲོ་བར་འགྱུར་རོ། །རེས་འགའ་ནི་སྟོང་པ་ཉིད་ཀྱི་དོན་མེད་པར་བཟུང་སྟེ་དངོས་པོ་ཐམས་ཅད་ལ་སྐུར་བ་འདེབས་པ་ལོག་པའི་ལྟ་བ་སྐྱེད་པར་བྱེད་དོ། །དེའི་ཕྱིར་སྟོན་པ་པོས་ལྷག་པར་མོས་པའི་ཁྱད་པར་རིག་པར་བྱས་ནས། ཉན་པ་པོ་རྣམས་ལ་སྟོང་པ་ཉིད་ཀྱི་ལྟ་བ་བཤད་པར་བྱའོ། །ཡང་ཇི་ལྟར་ན། འདི་ལ་ནི་སྟོང་པ་ཉིད་བསྟན་པར་འོས་སོ། །འདི་ལ་ནི་མི་འོས་སོ་ཞེས་ཤེས་པར་ནུས་ཤེ་ན། དེ་ནི་ཕྱི་རོལ་གྱི་མཚན་མ་དག་ལས་ངེས་པར་ནུས་ཏེ། འདི་ལྟར། སོ་སོ་སྐྱེ་བོ་ཉིད་ནའང་སྟོང་ཉིད་ཐོས། །ནང་དུ་དགའ་བ་ཡང་དང་ཡང་དུ་འབྱུང་། །དགའ་བ་ལས་བྱུང་མཆི་མས་མིག་གང་ཞིང། །ལུས་ཀྱི་བ་སྤུ་ལྡང་འགྱུར་གང་ཡིན་ཏེ། །དེ་ལ་རྫོགས་པའི་བྱང་ཆུབ་ས་བོན་ཡོད། །དེ་ཉིད་བསྟན་པའི་སྣོད་ནི་དེ་ཡིན་ཏེ། །དེ་ལ་དོན་དམ་བདེན་པ་བསྟན་པར་བྱ། །སོ་སོ་སྐྱེ་བོའི་དུས་ནའང་གཞན་ལས་སྟོང་ཉིད་ཀྱི་སྒྲ་ཙམ་ཐོས་པ་ལས་ཀྱང་མི་སྐྲག་ཅིང་། ནང་དུ་ཡིད་ཀྱི་དགའ་བ་ཡང་དང་ཡང་དུ་འབྱུང་ལ། དེའི་དབང་གིས་མཆི་མས་མིག་གང་ཞིང་ལུས་ཀྱི་བ་སྤུ་ལྡང་བ་གང་ཡིན་པ་དེ་ལ་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་སྟོང་པ་ཉིད་རྟོགས་པའི་ས་བོན་ཡོད་པ་ཡིན་པས། དེ་ཁོ་ན་ཉིད་བསྟན་པའི་སྣོད་ནི་དེ་ལྟ་བུའི་གང་ཟག་དེ་ཡིན་ཏེ། དེའི་ཕྱིར་དེ་ལ་འཆད་པར་འགྱུར་བའི་མཚན་ཉིད་ཅན་གྱི་དོན་དམ་པའི་བདེན་པ་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་དེ་ཡི་རྗེས་འགྲོའི་ཡོན་ཏན་འབྱུང་། །དེ་ལྟ་བུ་ཉན་པ་པོ་དེ་ལ་སྟོང་པ་ཉིད་ལ་ལོག་པར་ཞུགས་པས་བསྐྱེད་པའི་དོན་མ་ཡིན་པ་མི་འབྱུང་བ་འབའ་ཞིག་ཏུ་མ་ཟད་ཀྱི། སྟོང་པ་ཉིད་ཀྱི་ལྟ་བ་དེའི་རྗེས་སུ་འགྲོ་བའི་ཡོན་ཏན་ཐམས་ཅད་འབྱུང་བར་འགྱུར་རོ། །ཇི་ལྟར་ཞེ་ན། དེ་སྟོང་པ་ཉིད་ཉན་པ་ལ་གཏེར་རྙེན་པ་དང་འདྲ་བར་སེམས་ཤིང་། དེ་མི་ཉམས་པར་བྱ་བའི་ཕྱིར་དུ། རྟག་ཏུ་ཚུལ་ཁྲིམས་བླངས་ནས་གནས་པར་འགྱུར། །སྦྱིན་པ་གཏོང་ཞིང་སྙིང་རྗེ་བརྟེན་པར་བྱེད། །བཟོད་པ་བསྒོམ་ཞིང་དགེ་བ་བྱང་ཆུབ་ཏུ། །འགྲོ་བ་སྒྲོལ་ཕྱིར་ཡོངས་སུ་བསྔོ་བྱེད་ཅིང་། །བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པར་བྱེད་། །དེ་འདི་སྙམ་དུ། བདག་ཚུལ་ཁྲིམས་འཆལ་བའི་རྐྱེན་གྱིས་ངན་འགྲོར་ལྷུང་ན་སྟོང་པ་ཉིད་ཀྱི་ལྟ་བ་རྒྱུན་ཆད་པར་འགྱུར་རོ་སྙམ་དུ་རིག་ནས་རྟག་ཏུ་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་སོ། །བདག་ཚུལ་ཁྲིམས་ཀྱིས་བདེ་འགྲོར་སྐྱེས་སུ་ཟིན་ཀྱང་། དབུས་པོར་གྱུར་ན་ཟས་གོས་ལ་སོགས་པ་འཚོ་བའི་ཡོ་བྱད་ཚོལ་བ་ལྷུར་བྱེད་པས་སྟོང་པ་ཉིད་ཉན་པ་རྒྱུན་ཆད་པར་འགྱུར་རོ་ཞེས་རིག་ནས སྦྱིན་པ་གཏོང་བར་བྱེད་དོ། །སྟོང་པ་ཉིད་ཀྱི་ལྟ་བ་སྙིང་རྗེས་ཟིན་པ་ནི་སངས་རྒྱས་ཉིད་འདྲེན་པར་བྱེད་ཀྱི། གཞན་གྱིས་མ་ཡིན་ནོ་ཞེས་སྙིང་རྗེ་བསྟེན་པར་བྱེད་དོ། །ཁྲོ་བས་ནི་ངན་སོང་དུ་འགྲོ་ཞིང་ཁ་དོག་ངན་པ་ཐོབ་པར་བྱེད་པས་དེའི་རྐྱེན་གྱིས་འཕགས་པ་དག་མཉེས་པར་བྱེད་པར་མི་འགྱུར་རོ་སྙམ་ནས་བཟོད་པ་བསྒོམ་པར་བྱེད་དོ། །ཐམས་ཅད་མཁྱེན་པ་ཉིད་དུ་མ་བསྔོས་པའི་ཚུལ་ཁྲིམས་ལ་སོགས་པ་ནི་སངས་རྒྱས་ཀྱི་རྒྱུར་མི་འགྱུར་བས་དགེ་བའི་རྩ་བ་ཐམས་ཅད་འགྲོ་བ་སྒྲོལ་བའི་ཕྱིར་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་མ་གཏོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་བསྟན་མི་ནུས་སོ་སྙམ་དུ་བསམས་ནས་བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པར་བྱེད་དོ། །གཉིས་པ་དེ་ལ་མཉན་པར་གདམས་པའི་དབང་དུ་བྱས་ནས། ཟབ་ཅིང་རྒྱ་ཆེའི་ཚུལ་ལ་མཁས་པས་ནི། །རིམ་གྱིས་རབ་ཏུ་དགའ་བའི་ས་ཐོབ་པས། །དེ་དོན་གཉེར་བས་ལམ་འདི་མཉན་པར་གྱིས། །ཞེས་སྨོས་ཏེ། དེ་ལྟར་ཡུན་རིང་པོ་བར་མེད་པར་དགེ་བའི་ཚོགས་བསགས་པར་གྱུར་ནས། ཟབ་པ་དང་རྒྱ་ཆེ་བའི་ཚུལ་ལ་མཁས་པར་གྱུར་པའི་སྐྱེ་བོས་ནི། དུས་རིམ་གྱིས་རབ་ཏུ་དགའ་བའི་ས་ཐོབ་པར་འགྱུར་བས་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་གྱི་ས་དེ་དོན་དུ་གཉེར་བས་འཆད་པར་འགྱུར་བ་རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ་འདི་མཉན་པར་གྱིས་ཤིག །

ཆོས་ཀྱི་བདག་མེད་བཤད་པ།

གསུམ་པ་ཆོས་གང་བཤད་པ་ནི། རྟེན་ཅིང་འབྲེལ་བར་འབྱ྄ུང་བ་ཟབ་མོ་སྤྲོས་པའི་ཚོགས་ཐམས་ཅད་དང་བྲལ་བ་ཉིད་ཡིན་ཏེ། དེ་ཉིད་ལྟ་བ་ཐམས་ཅད་ཀྱི་གཉེན་པོར་གྱུར་པའི་ཕྱིར་རོ། །འདིའང་བདག་མེད་པ་གཉིས་ཀྱིས་བཤད་པ་དང་། སྟོང་ཉིད་བཅུ་དྲུག་གིས་བཤད་པའོ། །དང་པོ་ལ་སོ་སོར་བཤད་པ་དང་། ཐུན་མོང་དུ་རྒྱུ་འབྲས་ལ་དཔྱད་པ་གཉིས། དང་པོ་ལའང་ཆོས་ཀྱི་བདག་མེད་པ་དང་། གང་ཟག་གི་བདག་མེད་པའོ། །དང་པོ་ལ་ལུང་དང་རིགས་པ་གཉིས་ལས། དེ་ལ་ཆོས་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་བསྟན་པ་ལ་རེ་ཞིག་ལུང་ནི་འདི་ཡིན་ཏེ། འཕགས་པ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་ལྔ་པ་ལ་ལམ་ཤིན་ཏུ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་དེས། བྱང་ཆུབ་སེམས་དཔའི་ས་དྲུག་པ་ལ་འཇུག་སྟེ། དེ་ཆོས་མཉམ་པ་ཉིད་བཅུས་འཇུག་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་མཚན་མ་མེད་པར་མཉམ་པ་ཉིད་དང་། ཆོས་ཐམས་ཅད་མཚན་ཉིད་མེད་པར་མཉམ་པ་ཉིད་དང་། དེ་བཞིན་དུ་སྐྱེ་བ་མེད་པ་དང་། མ་སྐྱེས་པ་དང་། དབེན་པ་དང་། གདོད་མ་ནས་རྣམ་པར་དག་པ་དང་། སྤྲོས་པ་མེད་པ་དང་། བླང་བ་མེད་པ་དང་། དོར་བ་མེད་པ་མཉམ་པ་ཉིད་དང་། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། རྨི་ལམ་དང་། མིག་ཡོར་དང་། བྲག་ཅ་དང་། ཆུ་ཟླ་དང་། གཟུགས་བརྙན་དང་། སྤྲུལ་པ་ལྟ་བུར་མཉམ་པ་ཉིད་དང་། ཆོས་ཐམས་ཅད་དངོས་པོ་དང་དངོས་པོ་མེད་པ་གཉིས་སུ་མེད་པར་མཉམ་པ་ཉ ིད་དེ། དེ་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ལྟར་རབ་ཏུ་རྟོགས་པ་ན་རྣོ་ཞིང་རྗེས་སུ་མཐུན་པའི་བཟོད་པས་བྱང་ཆུབ་སེམས་དཔའི་ས་དྲུག་པ་མངོན་དུ་གྱུར་པ་རྗེས་སུ་ཐོབ་སྟེ། ཞེས་གང་གསུངས་པ་ཡིན་ནོ། །གཉིས་པ་རིགས་པ་ལའང་། སྐྱེ་མེད་ཀྱི་དམ་བཅའ་རྗེས་སུ་བརྗོད་པ་དང་། དེ་སྒྲུབ་བྱེད་ཀྱི་རིགས་པ་བསྟན་པ་གཉིས་ལས། དང་པོ་ནི། ཇི་སྐད་བཤད་པའི་མཉམ་པ་ཉིད་བཅུའི་ནང་ནས། ཆོས་སྐྱེ་བ་མེད་པ་མཉམ་པ་ཉིད་རིགས་པས་བསྟན་པ་ཉིད་ཀྱིས་གཞན་རྣམས་ཀྱང་བསྟན་པར་སླ་བར་དགོངས་ཏེ། སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་ཀྱི་དང་པོར། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་ཉེ་བར་བཀོད་དོ། །འདིར་ཡང་དམ་བཅའ་བཞི་པོ་དེ་རྗེས་སུ་བརྗོད་ནས། དེ་རིགས་པས་བསྒྲུབ་པའི་ཕྱིར། དེ་ཉིད་དེ་ལས་འབྱུང་མིན་གཞན་དག་ལས་ཀྱང་མིན། །གཉིས་ཀ་ལས་མིན་རྒྱུ་མེད་པར་ཡང་འབྱུང་བ་མིན། །ཞེས་སྨོས་སོ། །ཅི་དམ་བཅའ་བཞི་པོ་འདི་སློབ་དཔོན་གྱིས་སྔར་བསྒྲུབས་ཟིན་པ་མ་ཡིན་ནམ། ཡང་དེ་བསྒྲུབ་པའི་ཕྱིར་ཉེ་བར་བཀོད་པ་ལ་དགོས་པ་ཅི་ཡོད་ཅེ་ན། སློབ་དཔོན་གྱིས་ནི། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་ལ་ཡོད་མ་ཡིན། །ཞེས་སོགས་གཞན་སྐྱེ་འགོག་པའི་རིགས་པ་ཙམ་ཞིག་བསྟན་གྱི་གཞན་མ་བསྟན་ལ། འདིར་ནི་དམ་བཅའ་གཞན་རྣམས་ཀྱི་རིགས་པ་བསྟན་པ་དང་། གཞན་སྐྱེ་ལའང་རིགས་པའི་རྣམ་པ་གཞན་བསྟན་པའི་ཕྱིར་བཀོད་པ་ཡིན་ནོ། །སློབ་དཔོན་གྱིས་ཅིའི་ཕྱིར་བདག་སྐྱེ་སོགས་ལ་རིགས་པ་སྟོན་པར་མི་མཛད་ཅེ་ན། བདག་ལས་སྐྱེ་བ་སོགས་ནི་ཕྱི་རོལ་པ་རྣམས་ཀྱི་འདོད་པ་ཡིན་ལ། དེ་དག་ཀྱང་རང་གི་སྡེ་པ་དག་གིས་སྔར་བཀག་ཟིན་པར་དགོངས་པའི་ཕྱིར་རོ། །དེ་ལྟར་ན་འདིར་ཡང་བརྗོད་པས་ཅི་བྱ་ཞེ་ན། འདིར་ནི་རིགས་པའི་རྣམ་པ་ལྷག་པོ་གཞན་བསྟན་པའི་ཕྱིར་རོ། །ཅིའི་ཕྱིར་སྐྱེ་བ་འགོག་པ་ལ་དམ་བཅའ་བཞི་པོ་འདི་ཙམ་ཞིག་སྨོས་ཞེ་ན། སྐྱེ་བ་བདེན་པ་བ་སྨྲ་བ་ལ་མཐའ་བཞི་པོ་འདི་ལས་གཞན་མི་སྲིད་པའི་ཕྱིར་རོ། །འདིར་སྐྱེ་བའི་མཐའ་བཞི་པོ་འདི་དག་དོན་དམ་དུའམ། འོན་ཏེ་ཐ་སྙད་དུ་འགོག་ཅེ་ན། བདེན་པ་གཉིས་ཀར་དུའང་འགོག་སྟེ། ཇི་སྐད་དུ། དེ་ཉིད་སྐབས་སུ་རིགས་པ་འགའ་ཞིག་གིས། །བདག་དང་གཞན་ལས་སྐྱེ་བ་རིགས་མིན་པའི། །རིགས་དེ་ཐ་སྙད་དུ་ཡང་རིགས་མིན་པས། ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར། །ཞེས་འཆད་པའི་ཕྱིར་རོ། །དེ་ལྟ་ན་སྐྱེ་བ་ཐ་སྙད་དུའང་མེད་པར་འགྱུར་ཏེ། སྐྱེ་བ་ལ་མཐའ་བཞི་ལས་མི་སྲིད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། རིགས་པས་དཔྱད་པའི་སྐྱེ་བ་ལ་མཐའ་བཞི་ལས་མ་འདས་ཀྱང་། ཐ་སྙད་པའི་སྐྱེ་བ་ནི་འདིར་མ་ངེས་ཏེ། འཇིག་རྟེན་པ་རྣམས་ནི་རྒྱུ་དང་འབྲས་བུ་ལ་གཅིག་དང་ཐ་དད་ཀྱི་དཔྱོད་པ་མེད་པར་ས་བོན་ལས་མྱུ་གུ་དང་། མེ་ལས་དུ་བ་སྐྱེ་ཞེས་པ་ཙམ་ཞིག་གིས་ཐ་སྙད་བྱེད་པའི་ཕྱིར་རོ། །དེ་ལྟར་ན་མཐའ་བཞིའི་སྐྱེ་བ་བཀག་པས་སྐྱེ་བ་མི་ཁེགས་པར་འགྱུར་ཏེ། ཐ་སྙད་པའི་སྐྱེ་བ་མི་ཁེགས་པའི་ཕྱིར་རོ་ཞེ་ན། ཐ་སྙད་པའི་སྐྱེ་བ་དགག་པར་བྱ་བ་མ་ཡིན་ཏེ། མཐའ་བཞི་དང་བྲལ་བའི་ཐ་སྙད་པའི་སྐྱེ་བ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་ཐ་སྙད་དུ་བྱ་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་དབུ་མའི་ལམ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་བསྟན་བཅོས་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་བཏགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་གང་གསུངས་པ་ཡིན་ནོ། །མཐའ་བཞི་གང་རུང་ལས་སྐྱེ་བ་སྨྲ་བ་ནི་རྟེན་འབྲེལ་སྨྲ་བ་མ་ཡིན་ཏེ། རྟེན་ཅིང་འབྲེལ་འབྱུང་སྨྲ་བ་ལ་ནི་མཐར་ལྷུང་གི་ཁས་ལེན་ཅིའང་མེད་པའི་ཕྱིར་ཏེ། རྟེན་འབྲེལ་ནི་མཐར་འཛིན་གྱི་ལྟ་བ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་བསྟན་བཅོས་ལས། གང་ལ་བརྟེན་ནས་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཏེ། །དེ་ཕྱིར་ཆད་མིན་རྟག་པ་མིན། །ཅེས་གསུངས་ཤིང་། འདི་ཉིད་དུའང། དེའི་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་འཇོམས་པ་བྱེད། །ཅེས་འཆད་པར་འགྱུར་རོ། །དེ་བས་ན་རང་གཞན་གྱི་སྡེ་པ་དག་ནི་མཐའ་བཞི་གང་རུང་གི་སྐྱེ་བ་ཁས་ལེན་པས་རྟེན་འབྲེལ་དུ་སྨྲ་བ་མ་ཡིན་ལ། གང་ཞིག་རྟེན་འབྲེལ་དུ་སྨྲ་བ་དེ་ནི་མཐའ་ཐམས་ཅད་སྤངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཤེགས་པའི་ཤུལ་ཆེན་པོ་དབུ་མའི་ལམ་ལ་ཞུགས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མཐའ་བཞིའི་སྐྱེ་བ་བཀག་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་གསུངས་པའི་ཕྱིར་རོ། །དེ་ལྟར་ཡང་སློབ་དཔོན་གྱིས། སྡུག་བསྔལ་རང་གིས་བྱས་པ་དང་། །གཞན་གྱིས་བྱས་དང་གཉི་གས་བྱས། །རྒྱུ་མེད་རྟོག་གེ་པ་ཡིས་བརྟགས། ཁྱོད་ཀྱིས་བརྟེན་ནས་འབྱུང་བར་གསུངས། །ཞེས་པས་བསྟོད་པའི་ཕྱིར་རོ། །གལ་ཏེ་རྟེན་འབྲེལ་དུ་སྨྲ་བ་དང་། མཐའ་བཞིར་སྨྲ་བ་མི་འགལ་ན་ནི། ཐུབ་པ་རྟེན་འབྲེལ་གསུངས་པས་མཐའ་བཞིར་སྨྲ་བའི་རྟོག་གེ་པ་ལས་ཁྱད་ཞུགས་པར་བསྟན་པར་ཇི་ལྟར་འགྱུར། དེའི་ཕྱིར་དབུ་མ་པ་ནི་ཐ་སྙད་དུའམ་མཐའ་བཞིའི་སྐྱེ་བ་ཁས་ལེན་པ་མ་ཡིན་ཏེ། རྟེན་འབྲེལ་སྨྲ་བ་ཡིན་པའི་ཕྱིར་རོ། །གང་ཞིག་རྟེན་འབྲེལ་དུ་སྨྲ་བ་དེ་ནི་མཐའ་གང་དུའང་མ་ལྷུང་བས་གང་ལའང་མངོན་པར་ཞེན་པ་མེད་པའི་ཕྱིར་དོན་དམ་པའི་བདེན་པ་ལས་མ་ཉམས་པ་ཡིན་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐ་སྙད་ཐམས་ཅད་འདི་ལ་མི་འཐད་པ་མེད་པའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་ལས་ཀྱང་ཉམས་པ་མ་ཡིན་ནོ། །དེའི་ཕྱིར་བསྟན་བཅོས་ལས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མ་ཡིན། །ཅེས་གང་གསུངས་པ་ཡིན་ནོ། །དེ་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་སྨྲ་བའི་དབུ་མ་པ་ལ་ནི་ཕྱོགས་གང་ཡང་མེད་པའི་ཕྱིར་གཞན་གྱིས་ཅིའང་བརྒལ་དུ་མེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྩོད་ཟློག་ལས། གལ་ཏེ་ངས་དམ་བཅའ་འགའ་ཡོད། །དེས་ན་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་གང་གསུངས་པ་ཡིན་ནོ། །གལ་ཏེ་དམ་བཅའ་མེད་ན་མཐའ་བཞི་བཀག་པའི་དམ་བཅའ་བཞི་ཅིའི་ཕྱིར་འཇོག་ཅེ་ན། འདི་དག་ནི་མཐའ་བཞི་ལས་སྐྱེ་བར་སྨྲ་བ་དག་དགག་པའི་ཕྱིར་དེ་དག་གི་ངོར་དམ་བཅས་པ་ཙམ་ཡིན་གྱི། དབུ་མ་པ་རང་གི་ལུགས་མ་ཡིན་ཏེ། དགག་བྱ་བདག་ལས་སྐྱེ་བ་སོགས་མ་གྲུབ་པའི་ཕྱིར་རོ། །དགག་བྱ་མེད་པ་ལའང་དགག་པ་ཡོད་པ་མ་ཡིན་ཏེ། རི་བོང་གི་རྭ་གཅད་དུ་མེད་པ་བཞིན་ནོ། །དེའི་ཕྱིར། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ །ཞེས་གསུངས་པ་ཡིན་ནོ། །གལ་ཏེ་མཐའ་བཞིའི་སྐྱེ་བ་འགོག་པའི་རིགས་པ་འདི་རང་གི་རིགས་པའམ། འོན་ཏེ་གཞན་གྱི་ཡིན། གལ་ཏེ་རང་གི་ཡིན་ན་ནི། དེས་གྲུབ་པའི་སྐྱེ་མེད་རང་གི་ཕྱོགས་སུ་ཇི་ལྟར་མི་འགྱུར་ཞེ་ན། གཞན་གྱིས་ཁས་བླངས་པའི་རིགས་པ་ཡིན་གྱི། རང་གི་མ་ཡིན་ཏེ། བསྒྲུབ་པར་བྱ་བའི་ཕྱོགས་ཅུང་ཟད་ཀྱང་ཁས་མི་ལེན་ན། སྒྲུབ་བྱེད་ཀྱི་རིགས་པས་ཅི་ཞིག་བྱ། གཞན་གྱི་རིགས་པས་གཞན་ཇི་ལྟར་འགོག་ཅེ་ན། ཁས་བླངས་ནང་འགལ་བ་བསྟན་པའི་སྒོ་ནས་འགོག་སྟེ། རང་གི་རྣམ་གཞག་ནང་འགལ་བར་མཐོང་བ་ན། རང་གི་ཕྱོགས་ལ་མངོན་པར་ཞེན་པ་བཟློག་པའི་ཕྱིར་རོ། །རང་གི་རྣམ་གཞག་འགལ་བར་མཐོང་ཡང་དབུ་མར་སྨྲ་བ་ལ་གུས་པར་མི་འགྱུར་ཏེ། དབུ་མའི་ཕྱོགས་ལ་སྒྲུབ་བྱེད་མ་མཐོང་བའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། མཐར་ལྷུང་གི་ཕྱོགས་ཐམས་ཅད་རྣམ་གཞག་ནང་འགལ་བར་མཐོང་སྟེ། དེ་དག་ལ་མངོན་ཞེན་ལོག་པ་ན། ཕྱོགས་ཐམས་ཅད་དང་བྲལ་བ་རྟེན་ཅིང་འབྲེལ་བར་འབྱུང་བ་དབུ་མའི་ལམ་ལ་གུས་པར་འགྱུར་བའི་ཕྱིར་རོ། །སྤྲོད་པས་ཆོག་གོ །

བདག་སྐྱེ་དགག་པ།

གཉིས་པ་སྒྲུབ་བྱེད་ཀྱི་རིགས་པ་བསྟན་པ་ལ་བཞི་སྟེ། མཐའ་བཞིའི་སྐྱེ་བ་དགག་པ་དང་། དེ་ཉིད་ཀྱི་ཕྱིར་རང་བཞིན་མེད་པར་བསྟན་པ། ཀུན་རྫོབ་པའི་སྐྱེ་བ་རྟེན་འབྲེལ་དུ་བསྟན་པ། རིགས་པས་རྣམ་པར་དཔྱད་པའི་དགོས་པ་བསྟན་པའོ། །དང་པོ་ལ་བཞི་ལས་དང་པོ་བདག་སྐྱེ་དགག་པ་ལ། བདེན་པ་གཉིས་ཀར་དུ་དགག་པ་དང་། བཀག་པའི་མཇུག་བསྡུ་བ་གཉིས་སོ། །དང་པོ་ལའང་དེ་ཁོ་ན་ཉིད་དུ་དགག་པ་དང་། ཐ་སྙད་དུ་དགག་པའོ། །དང་པོའི་དབང་དུ་བྱས་ནས། དེ་ནི་དེ་ལས་འབྱུང་ན་ཡོན་ཏན་འགའ་ཡང་མེད། །སྐྱ྄ེས་ཟིན་སླར་ཡང་སྐྱེ་བར་རིགས་པའང་མ་ཡིན་ཉིད། །ཅེས་སོགས་སྨོན་ཏེ། སྐྱེ་བཞིན་པའི་མྱུ་གུ་དེ་ནི་རང་གི་བདག་ཉིད་དེ་ལས་འབྱུང་ན་འབྲས་བུའི་ཡོན་ཏན་འགའ་ཡང་མེད་དེ། ཡོད་པ་སྔར་ཉིད་ཐོབ་ཟིན་པའི་ཕྱིར་རོ། །ཅི་སྟེ་བདག་ལས་སྐྱེ་ན། སྐྱེས་ཟིན་སླར་ཡང་སྐྱེ་བར་འགྱུར་ན། དེའང་རིགས་པ་མ་ཡིན་ཏེ། འདི་ལྟར། སྐྱེས་པ་སླར་ཡང་སྐྱེ་བ་ཡོངས་སུ་རྟོག་ན་ནི། །མྱུ་གུ་སོགས་ཀྱི་སྐྱེ་བ་ཐོབ་པར་མི་འགྱུར་ཏེ། །ས་བོན་སྲིད་མཐར་ཐུག་པར་སྐྱེ་བ་ཉིད་དུ་འགྱུར། །ཞེས་སྨོས་ཏེ། སྐྱེས་པ་སླར་ཡང་སྐྱེ་བར་རྟོག་ན། མྱུ་གུ་དང་སྡོང་བུ་དང་སྦུབས་འཆོས་པ་ལ་སོགས་པ་འབྲས་བུ་ཕྱི་མ་ཕྱི་མ་སྐྱེ་བའི་གོ་ཐོབ་པར་མི་འགྱུར་ཏེ། གང་གི་ཕྱིར་ས་བོན་དང་། མྱུ་གུ་དང་། སྡོང་བུ་ལ་སོགས་པ་སྔ་མ་སྔ་མའི་གནས་སྐབས་མ་འགགས་པར་ཕྱི་མ་རྣམས་སྐྱེ་བ་མ་མཐོང་ལ། ས་བོན་ལ་སོགས་པ་བདག་ཉིད་ལས་སྐྱེ་ན་རང་སྐྱེ་བའི་རྐྱེན་ནམ་ཡང་མ་ཚང་བ་མེད་པས་ས་བོན་འགག་པའི་གོ་སྐབས་མེད་པའི་ཕྱིར་རོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན། ས་བོན་རང་ཉིད་སྲིད་པའི་མཐར་ཐུག་པར་སྐྱེ་བར་ཡང་འགྱུར་རོ། །ཅི་སྟེ་མྱུ་གུའི་ལྷན་ཅིག་བྱེད་རྐྱེན་ཆུ་དང་དུས་ལ་སོགས་པས་ས་བོན་མྱུ་གུའི་གནས་སྐབས་སུ་འགྱུར་བར་བྱེད་ཅིང་། མྱུ་གུའང་རང་གི་བྱེད་པ་པོ་ས་བོན་དང་ལྷན་ཅིག་གནས་པར་འགལ་བའི་ཕྱིར། ས་བོན་འཇིག་པར་བྱེད་ཅིང་འབྱུང་བ་ཡིན་ཏེ། དེའི་ཕྱིར་ཇི་སྐད་བཤད་པའི་ཉེས་པ་མེད་ལ། ས་བོན་དང་མྱུ་གུ་གཞན་མ་ཡིན་པའི་ཕྱིར་བདག་ལས་མི་སྐྱེ་བའང་མ་ཡིན་ནོ་ཞེ་ན། འདིའང་མི་རུང་སྟེ། འདི་ལྟར། ཇི་ལྟར་དེ་ཉིད་ཀྱིས་དེ་རྣམ་པར་འཇིག་པར་འགྱུར། །ཇི་ལྟར་མྱུ་གུ་དེ་ཉིད་ཀྱིས་ས་བོན་དེ་རྣམ་པར་འཇིག་པར་གྱུར་ཏེ། མྱུ་གུ་ས་བོན་ལས་གཞན་མ་ཡིན་པའི་ཕྱིར། ས་བོན་རང་གི་བདག་ཉིད་བཞིན་ནོ། །རང་གིས་རང་འཇིག་པར་བྱེད་ན་ནི་ནམ་ཡང་མི་འཇིག་པར་མི་འགྱུར་རོ། །ཅི་སྟེ་ཆུ་ལུད་སོགས་ཀྱི་རྐྱེན་གྱིས་ས་བོན་འཇིག་པར་བྱེད་དོ་ཞེ་ན། དེའང་མི་རིགས་ཏེ། ས་བོན་དང་ཆུ་ལ་སོགས་པ་དེ་དག་གཞན་མ་ཡིན་ན། མྱུ་གུ་བཞིན་དུ་འཇིག་བྱེད་དུ་མི་རུང་ལ། གཞན་ཡིན་ན་ཐམས་ཅད་ཀྱིས་ཐམས་ཅད་འཇིག་པར་ཐལ་བའི་ཕྱིར་མི་རིགས་སོ། །ཐོ་བ་བུམ་པ་ལས་གཞན་ཡིན་ཡང་འཇིག་པར་བྱེད་པ་མཐོང་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལའང་ཉེས་པ་མཚུངས་པའི་ཕྱིར་རོ། །མཐོང་བ་ལ་མི་རིགས་པ་མེད་དོ་ཞེ་ན། སྒྱུ་མ་དང་རྨི་ལམ་ལ་སོགས་པའང་ཐལ་བར་འགྱུར་རོ། །དེ་དག་ནི་འཁྲུལ་པའི་ཕྱིར་རོ་ཞེ་ན། དེ་ནི་འདིར་ཡང་མཚུངས་པའི་ཕྱིར་རོ། །གཞན་ཡང་། བྱེད་རྒྱུ་ས་བོན་གྱི་ལས་མྱུ་གུའི་དབྱིབས་དང་ནི། ཁ་དོག་རོ་ནུས་སྨིན་པའི་ཐ་དད་མེད་པར་འགྱུར། །གལ་ཏེ་ས་བོན་དང་མྱུ་གུ་བདག་ཉིད་གཅིག་ཡིན་ན། བྱེད་རྒྱུ་ས་བོན་གྱི་དབྱིབས་དང་ཁ་དོག་དང་རོ་དང་ནུས་པ་དང་ཡོངས་སུ་སྨིན་པའི་ཁྱད་པར་རྣམས་དང་། མྱུ་གུའི་དབྱིབས་དང་ཁ་དོག་དང་རོ་དང་ནུས་པ་དང་ཡོངས་སུ་སྨིན་པའི་ཁྱད་པར་ཐ་དད་པ་མེད་པར་འགྱུར་བ་ཞིག་ན། ཐ་དད་པར་ཡང་དམིགས་པ་ཡིན་པ་དེའི་ཕྱིར་སྒོག་སྐྱ་ལ་སོགས་པའི་ས་བོན་ལས་ཆུ་ཤིང་ལ་སོགས་པའི་མྱུ་གུ་ལྟར་བདག་ཉིད་གཅིག་པར་ཡང་མི་རིགས་སོ། །གལ་ཏེ་རང་གི་སྔར་གྱི་ངོ་བོ་ཡོངས་བཏང་ནས། །གཞན་གྱི་ངོ་བོར་འགྱུར་ན་དེ་ཉིད་ཇི་ལྟར་ཡིན། །གལ་ཏེ་ས་བོན་རང་གི་སྔར་ས་བོན་གྱི་གནས་སྐབས་ཀྱི་ངོ་བོ་ཡོངས་སུ་བཏང་ནས་གཞན་མྱུ་གུའི་གནས་སྐབས་ཀྱི་ངོ་བོར་གྱུར་པས། ས་བོན་དེ་ཉིད་མྱུ་གུར་འགྱུར་བ་ཡིན་ནོ་ཞེ་ན། དེ་ལྟར་ན་མྱུ་གུ་དེ་ཉིད་ས་བོན་གྱི་ངོ་བོར་ཇི་ལྟར་ཡིན་ཏེ། ས་བོན་གྱི་ངོ་བོ་བཏང་ནས་གནས་སྐབས་གཞན་ཐོབ་པའི་ཕྱིར་རོ། །གལ་ཏེ་ས་བོན་དང་མྱུ་གུའི་དབྱིབས་ལ་སོགས་པ་ཐ་དད་ཀྱང་རྫས་ཐ་དད་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དབྱིབས་སོགས་ལས་མ་གཏོགས་པའི་རྫས་མ་དམིགས་པའི་ཕྱིར་རོ། །གཞན་ཡང་། གལ་ཏེ་ས་བོན་མྱུ་གུ་འདིར་གཞན་མ་ཡིན་ན། །ས་བོན་བཞིན་དུ་མྱུ་གུ་གཟུང་དུ་མེད་པའམ། །ཡང་ན་དེ་བཞིན་དེ་ཡང་གཟུང་དུ་ཡོད་པར་འགྱུར། །དེ་ཡི་ཕྱིར་ན་དེ་དག་གཅིག་པར་ཁས་མི་བླང་། །གལ་ཏེ་བདག་སྐྱེ་འདོད་པའི་གནས་སྐབས་འདིར་ས་བོན་དང་མྱུ་གུ་གཞན་མ་ཡིན་ན། ཇི་ལྟར་མྱུ་གུའི་གནས་སྐབས་ན་ས་བོན་གྱི་རང་གི་ངོ་བོའང་གཟུང་དུ་མེད་པ་དེ་བཞིན་དུ་མྱུ་གུ་རང་གི་ངོ་བོའང་གཟུང་དུ་མེད་པའམ། ཡང་ན་མྱུ་གུའི་ངོ་བོ་གཟུང་བ་དེ་བཞིན་དུ། ས་བོན་གྱི་ངོ་བོའང་གཟུང་དུ་ཡོད་པར་འགྱུར་ཏེ། ས་བོན་དང་མྱུ་གུ་གཅིག་ཡིན་པའི་ཕྱིར་དང་། གཅིག་ལ་གཟུང་མ་བཟུང་ཆ་གཉིས་འགལ་བའི་ཕྱིར་རོ། །དེའི་ཕྱིར་ཇི་སྐད་བཤད་པའི་ཐལ་བའི་ཉེས་པ་སྤང་བར་འདོད་པས་ནི་ས་བོན་དང་མྱུ་གུ་གཅིག་པར་ཁས་མི་བླང་ངོ་། །གཉིས་པ་ཐ་སྙད་དུ་བདག་སྐྱེ་དགག་པ་ནི། གང་ཕྱིར་རྒྱུ་ཞིག་ན་ཡང་འབྲས་བུ་མཐོང་བའི་ཕྱིར། །དེ་དག་གཅིག་ཅེས་འཇིག་རྟེན་པས་ཀྱང་ཁས་ལེན་མེད། །གང་གི་ཕྱིར་རྒྱུ་ས་བོན་ཞེས་བྱ་བ་ཞིག་ཅིང་འགགས་སུ་ཟིན་ཀྱང་འབྲས་བུ་མྱུ་གུ་ཞེས་བྱ་བ་མཐོང་བའི་ཕྱིར་ན། ས་བོན་དང་མྱུ་གུ་གཅིག་པ་ཉིད་དུ་འཇིག་རྟེན་པས་ཀྱང་ཁས་ལེན་པ་མེད་དེ། དེ་དག་གཅིག་ཡིན་ན་ནི་མྱུ་གུ་བཞིན་ས་བོན་ཡང་མཐོང་བར་རིགས་པའི་ཕྱིར་རོ། །དེའི་ཕྱིར་དངོས་པོ་བདག་ལས་བྱུང་ཞེས་བརྟགས་པ་འདི། །དེ་ཉིད་དང་ནི་འཇིག་རྟེན་དུ་ཡང་རིགས་མ་ཡིན། །གང་གི་ཕྱིར་ཕྱོགས་གཉིས་ཀ་ལྟར་ཡང་བདག་ལས་སྐྱེ་བ་རིགས་པ་དང་འགལ་བ་དེའི་ཕྱིར་དངོས་པོ་རྣམས་བདག་ལས་འབྱུང་ཞེས་གཞན་གྱིས་བརྟགས་པ་འདི་ནི་དེ་ཁོ་ན་ཉིད་དོན་དམ་པའི་བདེན་པ་དང་། འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་གཉིས་ཀར་དུའང་རིགས་པ་མ་ཡིན་ནོ། །གཉིས་པ་བཀག་པའི་མཇུག་བསྡུ་བ་ནི། བདག་སྐྱ྄ེས་འདོད་ན་བསྐྱེད་པར་བྱ་དང་སྐྱེད་བྱེད་དང་། །ལས་དང་བྱེད་པོ་གཅིག་ཏུ་འགྱུར་ན་དེ་དག་ནི། །གཅིག་ཉིད་མིན་པས་བདག་ལས་སྐྱེ་བར་ཁས་བླང་བར། །བྱ་མིན་རྒྱ་ཆེར་བཤད་པའི་ཉེས་པར་འགྱུར་ཕྱིར་རོ། །དངོས་པོ་རྣམས་བདག་ལས་སྐྱེས་པར་འདོད་ན། བསྐྱེད་བྱ་དང་སྐྱེད་བྱེད་དང་། ལས་དང་བྱེད་པ་པོའང་གཅིག་ཏུ་གྱུར་ན། དེ་དག་ནི་གཅིག་པ་ཉིད་དུ་རིགས་པ་མིན་ཏེ། ཕ་དང་བུ་དག་དང་མིག་དང་མིག་གི་རྣམ་པར་ཤེས་པ་དག་ཀྱང་གཅིག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་དངོས་པོ་རྣམས་བདག་ལས་སྐྱེ་བར་ཁས་བླང་བར་བྱ་བ་མིན་ཏེ། གོང་དུ་རྒྱ་ཆེར་བཤད་པའི་ཉེས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །

གཞན་སྐྱེ་དགག་པ།

གཉིས་པ་གཞན་སྐྱེ་དགག་པ་ལ། དགག་པ་དངོས་དང་། ཞར་ལ་རྣམ་རིག་པའི་ལུགས་དགག་པ་གཉིས་སོ། །དང་པོ་ལའང་། ཕྱོགས་སྔ་མ་བརྗོད་པ་དང་། དེ་དགག་པ་གཉིས་ལས། དང་པོ་ནི། རང་གི་སྡེ་པ་དག་ན་རེ། འདིར་དངོས་པོ་རྣམས་བདག་ལས་འབྱུང་བ་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་ནི། རིགས་པ་ཉིད་ཡིན་ན། འདི་སྐད་དུ། གཞན་ལས་ཀྱང་མིན་ཞེས་སྨྲ་བ་ནི་མི་རིགས་ཏེ། འདི་ལྟར་གཞན་དུ་འགྱུར་པའི་རྐྱེན་བཞི་པོ་རྒྱུ་དང་། དེ་མ་ཐག་པ་དང་། དམིགས་པ་དང་། བདག་པོའི་རྐྱེན་རྣམས་ནི་དངོས་པོ་རྣམས་ཀྱི་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་གསུང་རབ་ལ་ལྟོས་ནས་ཁས་བླང་བར་བྱའོ། །དེ་ལ་རྒྱུ་དྲུག་གི་ནང་ནས་བྱེད་རྒྱུ་བོར་བ་གཞན་ལྔ་ནི་རྒྱུའི་རྐྱེན་ཡིན་ནོ། །རྣམ་པར་ཤེས་པ་དྲུག་གི་དམིགས་པ་ནི་དམིགས་པའི་རྐྱེན་ནོ། །དགྲ་བཅོམ་པ་ཐ་མའི་སེམས་སེམས་བྱུང་མ་གཏོགས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་དེ་མ་ཐག་པའི་རྐྱེན་ནོ། །བྱེད་རྒྱུ་ནི་བདག་པོའི་རྐྱེན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ། སྒྲུབ་པར་བྱེད་པ་ནི་རྒྱུའོ་ཞེས་པའི་མཚན་ཉིད་ལས་གང་ཞིག་གང་གིས་སྐྱེད་བྱེད་ས་བོན་གྱི་ངོ་བོར་གནས་པ་དེ་ནི་དེའི་རྒྱུའི་རྐྱེན་ཡིན་ལ། རྒན་པོ་འཁར་བ་ལ་བརྟེན་ནས་ལྡང་བ་ལྟར། སེམས་སེམས་བྱུང་རྒྱུ་ལས་སྐྱེ་བཞིན་པ་རྣམས་དམིགས་པ་གང་ལ་བརྟེན་ནས་སྐྱེ་བ་དེ་ནི་དམིགས་པའི་རྐྱ྄ེན་ནོ། །རྒྱུ་འགག་མ་ཐག་པ་ནི་འབྲས་བུ་སྐྱེ་བའི་དེ་མ་ཐག་པའི་རྐྱེན་ནོ། །གང་ཞིག་ཡོད་ན་གང་འབྱུང་བ་དེ་ནི་བདག་པོའི་རྐྱེན་ཡིན་ནོ། །རྐྱེན་གང་ལྷན་ཅིག་འབྱུང་བ་དང་། ཕྱི་ནས་སྐྱེ་བ་ལ་སོགས་པ་རྣམས་ཀྱང་འདིར་འདུས་ལ། དབང་ཕྱུག་ལ་སོགས་པ་ནི་རྐྱེན་མ་ཡིན་ཏེ། དེའི་ཕྱིར་རྐྱེན་ལྔ་པ་ནི་མེད་དོ་ཞེས་ཟེར་རོ། །དེ་བཞིན་གཤེགས་པས་གང་ཡང་ཆོས་མངོན་པ་སོགས་ལས་རྐྱེན་བཞི་ཞེས་གང་གསུངས་པ་དེ་ནི་ཐ་སྙད་པ་ཡིན་གྱི་ཡང་དག་པ་མ་ཡིན་ལ། སྡེ་པ་དག་གིས་ནི་རྫས་སུ་གྲུབ་པའི་རྐྱེན་བཞི་རྣམ་པར་འཇོག་པར་བྱེད་ལ། དེ་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ཏེ་རིགས་པ་དང་ལུང་དག་ལས་འགལ་བའི་ཕྱིར་རོ། །དེའི་ཕྱིར་གཞན་གྱིས་བརྟགས་པའི་རྐྱེན་བཞི་ནི། བདེན་པ་གཉིས་ཀར་དུ་དགག་པར་བྱ་བ་ཡིན་ནོ། །དེ་ལ་སློབ་དཔོན་གྱིས་དབུ་མ་རྩ་བར་རྐྱེན་བཞི་པོ་སོ་སོའི་མཚན་ཉིད་བཀག་ཟིན་པའི་ཕྱིར་འདིར་སྤྱིར་དགག་པ་ཙམ་ཞིག་བསྟན་གྱི། སོ་སོར་དགག་པ་མ་མཛད་དོ། །གཉིས་པ་དེ་དགག་པ་ལ། བདེན་པ་གཉིས་ཀར་དུ་དགག་པ་དང་། བཀག་པ་ལ་མི་འཐད་པ་སྤང་བའོ། །དང་པོ་ལའང་། དེ་ཁོ་ནར་དགག་པ་དང་། ཐ་སྙད་དུ་དགག་པ་གཉིས་སོ། །དང་པོ་ལའང་། རྒྱུ་འབྲས་དོན་གཞན་ལ་ཧ་ཅང་ཐལ་བར་བརྗོད། དོན་གཞན་མིན་པར་བསྟན། མཐའ་བཞིར་བརྟགས་ཏེ་དགག་པའོ། །

དང་པོའི་དབང་དུ་བྱས་ནས། གལ་ཏེ་གཞན་ལ་བརྟེན་ནས་གཞན་ཞིག་འབྱུང་ན་ནི། །མི་ལྕེ་ལས་ཀྱང་མུན་པ་མཐུག་པོ་འབྱུང་འགྱུར་ཞིང་། །ཀུན་ལས་ཐམས་ཅད་སྐྱེ་བར་འགྱུར་ཏེ་གང་གི་ཕྱིར། །སྐྱེ་བྱེད་མིན་པ་ཀུན་ལའང་གཞན་ཉིད་མཚུངས་ཕྱིར་རོ། །

གལ་ཏེ་རྒྱུ་གཞན་ལ་བརྟེན་ནས་འབྲས་བུ་གཞན་ཞིག་འབྱུང་ན་མེ་ལྕེ་ལས་ཀྱང་མུན་པ་མཐུག་པོ་འབྱུང་བར་འགྱུར་ཏེ། དེ་དག་ཀྱང་གཞན་ཉིད་དུ་མཚུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བསྟན་བཅོས་ལས། རྒྱུ་དང་འབྲས་བུ་གཞན་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་གསུངས་སོ། །གཞན་ཡང་། རྒྱུ་དང་རྒྱུ་མ་ཡིན་པ་ཀུན་ལས་འབྲས་བུ་དང་འབྲས་བུ་མ་ཡིན་པ་ཐམས་ཅད་སྐྱེ་བར་འགྱུར་ཏེ། གང་གི་ཕྱིར་ཇི་ལྟར་སཱ་ལུའི་ས་བོན་སཱ་ལུའི་མྱུ་གུ་ལས་གཞན་ཡིན་པ་དེ་བཞིན་དུ་སཱ་ལུའི་མྱུ་གུའི་སྐྱེད་བྱེད་མ་ཡིན་པ་མེ་དང་སོལ་བ་དང་ནས་ཀྱི་ས་བོན་ལ་སོགས་པ་ཀུན་ལའང་སཱ་ལུའི་མྱུ་གུ་ལས་གཞན་ཉིད་མཚུངས་པའི་ཕྱིར་རོ། །གཞན་ཡང་ཐམས་ཅད་ཀུན་ལས་སྐྱེ་བར་འགྱུར་ཏེ་གང་གི་ཕྱིར། བསྐྱེད་བྱ་མིན་པ་ཀུན་ལའང་གཞན་ཉིད་མཚུངས་ཕྱིར་རོ། །ཞེས་ཀྱང་འདོན་པ་བསྒྱུར་ལ་བཤད་དོ། །གཞན་གྱིས་ཧ་ཅང་ཐལ་བའི་ཉེས་པ་སྤང་བར་འདོད་ནས། རབ་ཏུ་བྱེད་པར་ནུས་པ་དེ་ཕྱིར་འབྲས་བུར་ངེས་བརྗོད་ཅིང་། །གང་ཞིག་སྐྱེད་བྱེད་ནུས་པ་དེ་ནི་གཞན་ནའང་རྒྱུ་ཡིན་ལ། །རྒྱུད་གཅིག་རྟོགས་དང་སྐྱེད་པར་བྱེད་ལས་སྐྱེ་བ་དེ་ཡི་ཕྱིར། །སཱ་ལུའི་མྱུ་གུ་ནས་ལ་སོགས་ལས་དེ་ལྟ་མིན་ཞེ་ན། །ཞེས་སྨོས་སོ། །རྒྱུ་དང་འབྲས་བུ་གཞན་ཡིན་ཡང་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་མི་འགྱུར་ཏེ། ངེས་པ་མཐོང་བའི་ཕྱིར་རོ། །འདི་ལྟར། གང་ཞིག་གང་གིས་རབ་ཏུ་བྱེད་པར་ནུས་པ་དེའི་ཕྱིར། དེ་ནི་དེའི་འབྲས་བུར་ངེས་པར་བརྗོད་ཅིང་། གང་ཞིག་འབྲས་བུ་སྐྱེད་པར་བྱེད་ནུས་པ་དེ་ནི་གཞན་ཡིན་དུ་ཟིན་ཀྱང་རྒྱུ་ཡིན་ཏེ། དེས་ན་གཞན་ཁྱད་པར་བ་རྒྱུ་འབྲས་ཡིན་གྱི། གཞན་ཙམ་ནི་མ་ཡིན་ལ། རྒྱུད་གཅིག་ཏུ་གཏོགས་ཤིང་རིགས་འདྲ་བ་དང་སྐྱེད་པར་བྱེད་པ་ལས་སྐྱེ་བ་ཡིན་གྱི། རྒྱུ་ཐ་དད་པ་ནས་ཀྱི་ས་བོན་སོགས་ལས་སཱ་ལུའི་མྱུ་གུའམ། རྒྱུད་གཅིག་ཡིན་ཀྱང་སྐྱེད་བྱེད་མ་ཡིན་པ་སྐད་ཅིག་མ་ཕྱི་མ་ལ་སྐད་ཅིག་མ་སྔ་མ་ལྟ་བུ་མ་ཡིན་པ་དེའི་ཕྱིར་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བ་དེ་ལྟ་མིན་ནོ་ཞེ་ན། གཞན་ཁྱད་པར་བ་སྒྲུབ་པའི་སྒྲུབ་བྱེད་འདི་དག་ཀྱང་བསྒྲུབ་བྱ་དང་མཚུངས་པར་མ་གྲུབ་པའི་ཕྱིར་ལན་ཡང་དག་པ་མ་ཡིན་ནོ། །ཇི་ལྟར་བསྒྲུབ་བྱ་ལྟར་མ་གྲུབ་པ་ཡིན་ཞེ་ན། ཇི་ལྟར་ནས་དང་གེ་སར་དང་ནི་ཀེང་ཤུ་ཀ་ལ་སོགས། །ནུས་པ་མེད་དང་རྒྱུད་གཅིག་མིན་དང་འདྲ་བ་མིན་པ་དག །སཱ་ལུའི་མྱུ་གུའི་སྐྱེད་བྱེད་མིན་པར་འདོད་པ་དེ་བཞིན་དུ། །སཱ་ལུའི་ས་བོན་ཉིད་ཀྱང་དེ་ཡི་མིན་ཏེ་གཞན་ཉིད་ཕྱིར། །ཇི་ལྟར་ནས་ལ་སོགས་པ་སཱ་ལུའི་མྱུ་གུ་སྐྱེད་པ་ལ་ནུས་པ་མེད་པ་དང་། རྒྱུད་གཅིག་མིན་པ་དང་། རིགས་འདྲ་བ་མིན་པ་དང་། སཱ་ལུའི་མྱུ་གུའི་སྐྱེད་བྱེད་མིན་པར་འདོད་པ་དེ་བཞིན་དུ་སཱ་ལུའི་ས་བོན་ཉིད་ཀྱང་སཱ་ལུའི་མྱུ་གུ་ལ་ནུས་པ་མེད་པ་དང་། རྒྱུད་གཅིག་པ་མིན་པ་དང་། རིགས་འདྲ་བ་མ་ཡིན་པ་དེ་བཞིན་ཉིད་དུ་འགྱུར་ཏེ། སཱ་ལུའི་མྱུ་གུ་ལས་གཞན་ཉིད་ཡིན་པའི་ཕྱིར། ཀེང་ཤུ་ལ་སོགས་པ་བཞིན་ནོ། །དེས་བས་ན་རྒྱུ་འབྲས་གཞན་ཉིད་དུ་ཁས་ལེན་པ་ལ་ནི་གཞན་ཐམས་ཅད་རྒྱུ་འབྲས་སུ་ཐལ་བར་འགྱུར་ཏེ། གཞན་ཁྱད་པར་བའི་སྒྲུབ་བྱེད་ཀུན་བསྒྲུབ་བྱ་དང་མཚུངས་པར་མ་གྲུབ་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་དབུ་མ་པ་རྒྱུ་འབྲས་གཞན་མ་ཡིན་པར་འདོད་པ་ལའང་དངོས་པོ་རྣམས་བདག་ལས་སྐྱེ་བར་འགྱུར་ཏེ། བདག་ཉིད་ལས་གཞན་མ་ཡིན་པའི་ཕྱིར་ཞེས་པའི་ཐལ་བ་མཚུངས་སོ་ཞེ་ན། ཁོ་བོ་ཅག་གིས་རྒྱུ་འབྲས་གཞན་ཡིན་པ་བཀག་པ་ཙམ་ལས་གཞན་མ་ཡིན་པའི་རྒྱུ་འགའ་ལ་འབྲས་བུ་འགའ་ཞིག་སྐྱེ་བར་བསྒྲུབས་པ་མེད་ན་ཇི་ལྟར་ཐལ་བ་མཚུངས་པ་ཡིན། དེའི་ཕྱིར་དབུ་མ་པའི་ཐལ་བ་འདི་ལྟ་བུ་ལ་བློ་གྲོས་ཆུང་བ་བདག་དངངས་ཏེ། སུན་འབྱིན་པ་དང་ལན་སྨྲ་བར་བྱེད་ཀྱང་ཐམས་ཅད་ཀྱིས་སུན་དབྱུང་བར་ཡང་མི་ནུས་ལ། ལན་ཡང་དག་པར་སྨྲ་བ་ཡང་མི་ནུས་ཏེ། བསྒྲུབ་པར་བྱ་བ་དང་མཚུངས་པའི་ཕྱིར་རོ། །དེའི་ཕྱིར་བསྟན་བཅོས་ལས། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །གང་ཞིག་ལན་འདེབས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །སྟོང་པ་ཉིད་ཀྱིས་བཤད་བྱས་ཚེ། །གང་ཞིག་སྐྱོན་འདོགས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་སྐྱོན་བཏགས་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཞེས་གང་གསུངས་པ་ཡིན་ནོ། །

རྒྱུ་འབྲས་དོན་གཞན་མ་ཡིན་པ་བསྟན་པ།

གཉིས་པ་རྒྱུ་འབྲས་དོན་གཞན་མ་ཡིན་པར་བསྟན་པ་ནི། མྱུ་གུ་ས་བོན་དུས་མཉམ་ཡོད་པ་མ་ཡིན་ཏེ། གཞན་ཉིད་མེད་པར་ས་བོན་གཞན་དུ་ག་ལ་འགྱུར། །དེས་ན་མྱུ་གུ་ས་བོན་ལས་སྐྱེ་འགྲུབ་མིན་པས། །གཞན་ལས་སྐྱེ་ཞེས་བྱ་བའི་ཕྱོགས་འདི་གཏོང་བར་བྱོས། །འདི་ན་བྱམས་པ་དང་ཉེར་སྦས་ལྟར་དུས་མཉམ་པ་དག་ཁོ་ན་ཕན་ཚུན་ལྟོས་ནས་གཞན་ཉིད་དུ་རྣམ་པར་འཇོག་ན། མྱུ་གུ་དང་ས་བོན་དུས་མཉམ་པར་ཡོད་པ་མ་ཡིན་ཏེ་ས་བོན་མ་འགག་པར་མྱུ་གུ་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་གཞན་ཉིད་དུ་མེད་པས་ས་བོན་ལས་མྱུ་གུ་གཞན་དུ་ག་ལ་འགྱུར། གཞན་ཉིད་མེད་པ་དེ་བས་ན་མྱུ་གུ་ས་བོན་དོན་གཞན་ལས་སྐྱེ་བར་འགྲུབ་པ་མིན་པས། དངོས་པོ་རྣམས་གཞན་ལས་སྐྱེའོ་ཞེས་བྱ་བའི་ཕྱོགས་འདི་གཏོང་བར་བྱོས་ཤིག །གལ་ཏེ་ས་བོན་དང་མྱུ་གུ་དུས་མཉམ་པ་མེད་པའི་ཕྱིར་གཞན་ཉིད་དུ་མ་གྲུབ་བོ་ཞེས་སྨྲ་བ་དེ་མི་རིགས་ས། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་སྲང་གི་མདའ་གཉིས་མཐོ་དང་དམའ་བ་དག །དུས་མཉམ་མ་ཡིན་མིན་པར་མཐོང་བ་དེ་བཞིན་དུ། །བསྐྱེད་བྱ་སྐྱེད་བྱེད་དག་གིས་དུས་མཉམ་འགྱུར་ཞེ་ན། །ཇི་ལྟར་སྲང་གི་མདའ་མགོ་མཇུག་གཉིས་མཐོ་བ་དང་དམའ་བ་དག་དུས་མཉམ་པ་མ་ཡིན་པ་མིན་པ་དེ་བཞིན་དུ། བསྐྱེད་བྱ་མྱུ་གུ་དང་སྐྱེད་བྱེད་ས་བོན་དག་གི་སྐྱེ་བ་དང་འགག་པའང་དུས་མཉམ་པར་འགྱུར་བས་གཞན་ཉིད་དུ་གྲུབ་བོ་ཞེ་ན། དེའང་རིགས་པ་མ་ཡིན་ཏེ། དཔེ་དང་དོན་ལ་འདྲ་བ་མེད་པའི་ཕྱིར་རོ། །འདི་ལྟར། གལ་ཏེ་དུས་གཅིག་ཡིན་ཡང་འདིར་དུས་གཅིག་མེད་དེ། །སྐྱེ་བཞིན་པ་དེ་སྐྱེ་ལ་ཕྱོགས་པས་ཡོད་མིན་ཞིང་། །འགག་བཞིན་པ་ནི་ཡོད་ཀྱང་འཇིག་ལ་ཕྱོགས་གྱུར་པ། །དེ་ཚེ་འདི་དག་ཇི་ལྟར་སྲང་དང་མཚུངས་པ་ཡིན། །སྲང་མདའི་མཐོ་དམན་དག་ད་ལྟར་བ་ཡིན་པས་དུས་གཅིག་པ་ཡིན་ཡང་། ས་བོན་དང་མྱུ་གུ་འདིར་ནི་དུས་གཅིག་པ་མེད་དེ། མྱུ་གུ་སྐྱེ་བཞིན་པ་ནི་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཙམ་ཡིན་པས་ད་ལྟར་ཡོད་པ་མ་ཡིན་ལ། ས་བོན་འགག་བཞིན་པ་ནི་འཇིག་པ་ལ་མངོན་དུ་ཕྱོགས་པ་ཙམ་ཡིན་པས་ད་ལྟར་ཡོད་པ་ཡིན་པ་དེའི་ཚེ། མྱུ་གུ་དང་ས་བོན་གྱི་སྐྱེ་བ་དང་འགག་པ་འདི་དག་ཇི་ལྟར་ན་སྲང་གི་མཐོ་དམན་དང་མཚུངས་པ་ཡིན། ཅི་སྟེ་ས་བོན་དང་མྱུ་གུའི་ཆོས་དག་དུས་མི་མཉམ་ཡང་། སྐྱེ་བ་དང་འགག་པའི་བྱ་བ་དག་དུས་མཉམ་མོ་ཞེ་ན་མ་ཡིན་ཏེ། ཆོས་ལས་ཐ་དད་པའི་བྱ་བ་མེད་པའི་ཕྱིར་རོ། །གཞན་ཡང་། སྐྱེ་བ་འདི་ནི་བྱེད་པོ་མེད་པར་རིགས་མ་ཡིན། །མྱུ་གུ་སྐྱེ་བའི་བྱ་བ་འདི་ནི་ས་བོན་འགག་པ་ལ་མངོན་དུ་ཕྱོགས་པའི་ཚེ་ཡོད་པར་རིགས་པ་མ་ཡིན་ཏེ། དེའི་ཚེ་སྐྱེ་བའི་བྱ་བ་དེའི་བྱེད་པོ་སྟེ་རྟེན་མྱུ་གུ་མེད་པའི་ཕྱིར་རོ། །དེའི་ཕྱིར་འགག་བཞིན་པའི་ཚེ་སྐྱེ་བཞིན་པའི་བྱ་བ་ཡོད་པར་ཡང་མི་རིགས་སོ། །གལ་ཏེ་སྲང་མདའི་མཐོ་དམན་གྱི་ཚུལ་དུ་ས་བོན་འགག་པའི་སྐད་ཅིག་དེ་ཉིད་ལས་མྱུ་གུ་སྐྱེའོ་ཞེས་འཕགས་པ་སཱ་ལུ་ལྗང་པའི་མདོ་ལས་གསུངས་པ་མ་ཡིན་ནམ་ཞེ་ན། གསུངས་མོད་ཀྱི། དེ་ནི་གཞན་ལས་སྐྱེ་བར་བསྟན་པའི་ཕྱིར་ཡང་མ་ཡིན་ལ། སྐྱེ་བ་རང་གི་མཚན་ཉིད་ཀྱིས་གྲུབ་པར་བསྟན་པའི་ཕྱིར་ཡང་མ་ཡིན་གྱི། འོན་ཀྱང་ཅིག་ཅར་དུ་བརྟེན་ནས་འབྱུང་བ་མ་བརྟགས་པར་གྲུབ་པ་སྒྱུ་མ་ལྟ་བུ་གསལ་བར་བྱ་བའི་ཕྱིར་ཏེ། ཇི་སྐད་དུ་སློབ་དཔོན་གྱིས། ས་བོན་ཞིག་དང་མ་ཞིག་ལས། །མྱུ་གུ་འབྱུང་བ་མ་ཡིན་པས། ཁྱེད་ཀྱིས་སྐྱེ་བ་ཐམས་ཅད་ནི། །སྒྱུ་མ་འབྱུང་བ་བཞིན་དུ་གསུངས། །ཞེས་བཤད་དོ། །གལ་ཏེ་ས་བོན་དང་མྱུ་གུ་ལྟ་བུ་དུས་མི་མཉམ་པ་དག་གཞན་དུ་མེད་ཀྱང་། མིག་ལ་སོགས་པ་དང་། ཚོར་བ་དང་། འདུ་ཤེས་ལ་སོགས་པ་རང་དང་ལྷན་ཅིག་པ་རྣམས་མིག་གི་རྣམ་པར་ཤེས་པ་སོགས་ཀྱི་རྐྱེན་དུ་འགྱུར་བས། དེ་ལྟར་བུའི་རྒྱུ་འབྲས་དུས་མཉམ་པ་དག་ལ་གཞན་ཉིད་ཡོད་པས་གཞན་སྐྱེ་འགྲུབ་བོ་ཞེ་ན། དེ་ཡང་མ་ཡིན་ཏེ། དུས་མཉམ་པ་རྒྱུ་འབྲས་སུ་མི་རིགས་པའི་ཕྱིར་རོ། །འདི་ལྟར། མིག་གི་བློ་ལ་རང་གི་སྐྱེད་བྱེད་དུས་གཅིག་པ། །མིག་ལ་སོགས་དང་ལྷན་ཅིག་འབྱུང་བ་འདུ་ཤེས་ལས། །གཞན་ཉིད་ཡོད་ན་ཡོད་ལ་འབྱུང་བས་དགོས་ཅི་ཡོད། །དེ་མེད་ཅེ་ན་འདི་ལ་ཉེས་པ་བཤད་ཟིན་ཏོ། །མིག་གི་བློ་ལ་རང་གི་སྐྱེད་བྱེད་རང་དང་དུས་གཅིག་པའི་མིག་དང་གཟུགས་ལ་སོགས་པ་དང་། རང་དང་ལྷན་ཅིག་འབྱུང་བའི་འདུ་ཤེས་ལ་སོགས་པ་སེམས་བྱུང་རྣམས་མིག་གི་རྣམ་པར་ཤེས་པ་ལས་གཞན་ཉིད་དུ་ཡོད་ན། མིག་གི་ཤེས་པ་དེ་ཡོད་དགོས་ཏེ། མེད་ན་དེ་ལས་གཞན་དུ་མི་འགྱུར་བའི་ཕྱིར་རོ། །གལ་ཏེ་ཡོད་ན་ཡོད་པ་ལའང་འབྱུང་བ་དགོས་པ་ཅི་ཡོད་དེ། ཡོད་པས་མིག་དང་འདུ་ཤེས་ལ་སོགས་པ་དེ་སྐྱེད་བྱེད་དུ་དོན་མེད་དོ། །ཅི་སྟེ་ཉེས་པ་དེ་སྤང་བར་འདོད་ནས་མིག་གི་རྣམ་ཤེས་དེ་མེད་དོ་ཞེ་ན། དེ་སྐད་སྨྲས་པ་འདི་ལ་ཡོད་པ་མ་ཡིན་པའི་མིག་གི་རྣམ་པར་ཤེས་པ་ལས་མིག་ལ་སོགས་པ་གཞན་མ་ཡིན་ནོ་ཞེས་ཉེས་པ་བཤད་ཟིན་ཏོ། །དེ་ལྟར་ན་གཞན་ལས་སྐྱེ་བར་ཁས་ལེན་པ་ན། གཞན་དུ་གྲུབ་ན་བསྐྱེད་བྱ་སྐྱེད་བྱེད་དུ་མི་འགྲུབ་ལ། བསྐྱེད་བྱ་སྐྱེད་བྱེད་དུ་གྲུབ་ན་གཞན་ཉིད་མ་གྲུབ་པས། དེའི་ཕྱིར་གཞན་ལས་སྐྱེ་བའི་རྣམ་པར་རྟོག་པ་འདི་རིགས་པ་མ་ཡིན་ནོ། །

གསུམ་པ་མཐའ་བཞིར་བརྟགས་ནས་དགག་པ་ནི། སྐྱེད་བྱེད་བསྐྱེད་བྱ་གཞན་སྐྱེད་པ་དེ་རྒྱུ་ཡིན་ན། །ཡོད་མེད་གཉིས་དང་གཉིས་ཀ་མིན་པ་སྐྱེ་འགྱུར་གྲང་། །ཡོད་ན་ཅི་དགོས་མེད་ལའང་དེས་ནི་ཅི་ཞིག་བྱ། །གཉིས་ལ་ཅི་བྱ་གཉིས་དང་བྲལ་ལ་དེས་ཅི་བྱ། །གལ་ཏེ་སྐྱེད་བྱེད་གང་གིས་བསྐྱེད་བྱ་རང་ལས་དོན་གཞན་པར་བསྐྱེད་པར་བྱེད་པ་དེ་རྒྱུ་ཡིན་ན། བསྐྱེད་བྱ་ཡོད་པའམ། མེད་པའམ། གཉིས་ཀའམ། གཉིས་ཀ་མ་ཡིན་པ་ཞིག་སྐྱེད་བྱེད་དུ་འགྱུར་གྲང་། རྣམ་པ་གཞན་མེད་པའི་ཕྱིར་རོ། །དེ་ལ་རེ་ཞིག་ཕྱོགས་དང་པོ་མི་རིགས་ཏེ། ཡོད་པ་ལ་སྐྱེད་བྱེད་ཅི་དགོས་ཏེ། སྐྱེས་ཟིན་སླར་ཡང་སྐྱེ་བར་རིགས་པ་མ་ཡིན་ཉིད། །ཅེས་པ་ལ་སོགས་པའི་ཉེས་པ་བཤད་ཟིན་པའི་ཕྱིར་རོ། །བསྐྱེད་པར་བྱ་བ་མེད་པ་ལའང་སྐྱེད་བྱེད་དེས་ཅི་ཞིག་བྱ་སྟེ། རི་བོང་གི་རྭ་ལྟར་མེད་པའི་ཕྱིར་རོ། །དེའི་ཕྱིར་བཞི་བརྒྱ་པ་ལས། འབྲས་བུ་ཡོད་པར་གང་འདོད་དང་། །འབྲས་བུ་མེད་པར་གང་འདོད་ལ། ཁྱིམ་གྱི་དོན་དུ་ཀ་བ་སོགས། །བརྒྱན་པའི་དོན་ཡང་མེད་པར་འགྱུར། །ཅེས་གསུངས་ཤིང་བསྟན་བཅོས་ལས་ཀྱང་། འབྲས་བུ་ངོ་བོ་ཉིད་ཡོད་ན། །རྒྱུས་ནི་ཅི་ཞིག་སྐྱེད་པར་བྱེད། །འབྲས་བུ་ངོ་བོ་ཉིད་མེད་ན། །རྒྱུས་ནི་ཅི་ཞིག་སྐྱེད་པར་བྱེད། །ཅེས་གང་གསུངས་པ་ཡིན་ནོ། །ཡོད་པ་དང་མེད་པ་གཉིས་ཡིན་ནའང་དེ་ལ་རྐྱེན་རྣམས་ཀྱིས་ཅི་ཞིག་བྱ་སྟེ། ཕྱོགས་གཉིས་ཀ་ལ་བཤད་ཟིན་ཉེས་པ་རྣམས་འབྱུང་བའི་ཕྱིར་དང་། ཡོད་པ་དང་མེད་པའི་ངོ་བོ་གཉིས་ནི་དུས་གཅིག་ཏུ་གཅིག་ལ་སྲིད་པའང་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་བསྟན་བཅོས་ལས་ཀྱང་། མྱ་ངན་འདས་པ་དངོས་པོ་དང་། །དངོས་མེད་གཉི་གར་ཇི་ལྟར་འགྱུར། །དེ་གཉིག་གཅིག་ལ་ཡོད་མིན་ཏེ། །སྣང་བ་དང་ནི་མུན་པ་བཞིན། །ཞེས་གསུངས་པ་ཡིན་ནོ། །ཡོད་པ་དང་མེད་པ་གཉིས་དང་བྲལ་བའི་འབྲས་བུ་ལའང་རྐྱེན་རྣམས་ཀྱིས་ཅི་བྱ་སྟེ། ཡོད་པ་དང་མེད་པའི་གཉིས་ཀ་སྤངས་པས་འབྲས་བུ་ཡོད་པར་མ་ཡིན་པའི་ཕྱིར་དང་། གང་གི་ཚེ་ཡོད་མེད་གཉིས་ཀ་མ་གྲུབ་པ་དེའི་ཚེ། དེ་དག་བཀག་པས་བཀག་པའི་ཡོད་པའང་མ་ཡིན། མེད་པའང་མ་ཡིན་པའང་མི་འགྲུབ་པའི་ཕྱིར་རོ། །དེ་སྐད་དུའང་བསྟན་བཅོས་ལས། དངོས་མེད་དངོས་པོ་མེད་མིན་པ། །མྱང་ངན་འདས་པ་གང་སྟོན་པ། །དངོས་པོ་མེད་དང་དངོས་པོ་དག །གྲུབ་ན་དེ་ནི་གྲུབ་པར་འགྱུར། །ཅེས་གང་གསུངས་པ་ཡིན་ནོ། །

གཉིས་པ་ཐ་སྙད་དུ་བཀག་པ་ལ། རྩོད་པ་དགོད་པ་དང་། ལན་བསྟན་པ་གཉིས་ལས། དང་པོ་ནི། ཁོ་བོ་ཅག་གིས་གཞན་ལས་སྐྱེ་བར་གྲུབ་པར་བྱ་བའི་ཕྱིར་རིགས་པ་གང་དང་གང་སྨྲས་པ་དེ་ཐམས་ཅད་བུད་ཤིང་སྐམ་པོ་མར་གྱིས་བྲན་པ་ལྟར་ཁྱོད་ཀྱི་བློ་གྲོས་ཀྱི་མེས་བསྲེགས་པས་ཁྱོད་ཀྱི་བློ་གྲོས་ཀྱི་མེ་སྤོར་བ་ལྷུར་བྱེད་པའི་རིགས་པའི་བུད་ཤིང་བསྐུལ་བས་ཆོག་གོ །གལ་ཏེ་རིགས་པ་མ་བསྟན་ན་མངོན་པར་འདོད་པའི་དོན་མི་འགྲུབ་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། རིགས་པ་མེད་པར་འཇིག་རྟེན་གྱི་གྲགས་པ་ལས་གཞན་ལས་སྐྱེ་བ་གྲུབ་པའི་ཕྱིར་རོ། །འདི་ལྟར། རང་ལྟ་ལ་གནས་འཇིག་རྟེན་ཚད་མར་འདོད་པས་ན། །འདིར་ནི་རིགས་པ་བརྗོད་པ་ཉིད་ཀྱིས་ཅི་ཞིག་བྱ། །གཞན་ལས་བྱུང་བའང་འཇིག་རྟེན་པ་ཡིས་རྟོགས་འགྱུར་ཏེ། །དེས་ན་གཞན་སྐྱེ་ཡོད་འདིར་རིགས་པས་ཅི་ཞིག་བྱ། །འཇིག་རྟེན་པ་འདི་དག་ནི་རིགས་པའི་རྗེས་སུ་མི་འབྲང་བར་རང་གི་ལྟ་བ་ཁོ་ན་ལ་གནས་ནས་བླང་དོར་ལ་འཇུག་ལྡོག་བྱེད་ཅིང་། བྱས་པ་ལྟར་དོན་ཡང་ཐོབ་པས། འཇིག་རྟེན་པའི་ལྟ་བ་ཉིད་ཚད་མར་འདོད་པས་ན། གཞན་སྐྱེ་སྒྲུབ་པའི་སྐབས་འདིར་རིགས་པ་བརྗོད་པས་ཅི་ཞིག་བྱ་སྟེ། དངོས་པོ་རྣམས་རྒྱུ་གཞན་ལས་བྱུང་བའང་འཇིག་རྟེན་པའི་ལྟ་བས་རྟོགས་པའི་ཕྱིར། དེས་ན་རིགས་པ་མེད་པར་ཡང་གཞན་སྐྱེ་ཡོད་པས་གཞན་སྐྱེ་སྒྲུབ་པ་འདིར་རིགས་པས་ཅི་ཞིག་བྱ་ཞིང་། གཞན་སྐྱེ་འགོག་པ་ལ་འཇིག་རྟེན་པའི་ལྟ་བས་གནོད་པའང་ཡིན་ནོ་ཞེ་ན། འདིའི་ལན་ལ།

ཞར་བྱུང་བདེན་གཉིས་ཀྱི་རྣམ་གཞག་བསྟན་པ།

ཞར་བྱུང་བདེན་གཉིས་ཀྱི་རྣམ་གཞག་དང་། དཀྱུས་མ་འཇིག་རྟེན་གྱིས་མི་གནོད་པར་བསྟན་པའོ། །དང་པོ་ལ་གང་ཞིག་བསྟན་བཅོས་ཀྱི་དོན་ཕྱིན་ཅི་མ་ལོག་པར་མ་རྟོགས་ཤིང་། ཐོག་མ་མེད་པའི་འཁོར་བར་དངོས་པོར་མངོན་པར་ཞེན་པའི་བག་ཆགས་ཡོངས་སུ་སྨིན་པ། དངོས་པོར་མངོན་པར་ཞེན་པའི་མཛའ་བོ་དང་མ་བྲལ་བར་ཐོས་པ་ན། འཇིག་རྟེན་པའི་གནོད་པའི་བླ་བརྟོལ་ལ་བརྟེན་པ་འདི་ནི། འཇིག་རྟེན་པའི་འབྱུང་ཚུལ་མང་ཞིང་རྒྱ་ཆེ་བ་མ་བསྟན་པར་འཇིག་རྟེན་པའི་གནོད་པའི་བླ་བརྟོལ་ལས་ཟློག་པར་མི་ནུས་པས། རེ་ཞིག་བདེན་པ་གཉིས་ཀྱི་རྣམ་པར་བཞག་པ་བཤད་པར་བྱའོ། །དེ་ལ་བདེན་གཉིས་ཀྱི་དབྱེ་བ་སྤྱིར་བསྟན་པ་དང་། ངོ་བོ་སོ་སོར་བཤད་པའོ། །དང་པོ་ལའང་དངོས་དང་། ཞར་ལ་མཐོང་བ་བརྫུན་པའི་དབྱེ་བ་བསྟན་པའོ། །དང་པོའི་དབང་དུ་བྱས་ནས། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་ཉིད་ནི་འཛིན་པར་གྱུར། །ཡང་དག་མཐོང་ཡུལ་གང་ཡིན་དེ་ཉིད་དེ། །མཐོང་བ་འཁྲུལ་པའི་ཀུན་རྫོབ་བདེན་པར་གསུངས། །ཞེས་སྨོས་སོ། །འདི་ནི། བདེན་པ་གཉིས་ཀྱི་ངོ་བོ་ཕྱིན་ཅི་མ་ལོག་པ་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཕྱི་དང་ནང་གི་དངོས་པོ་ཀུན་ལ་ངོ་བོ་གཉིས་གཉིས་འཛིན་པར་ཉེ་བར་བསྟན་ཏེ། འདི་ལྟ་སྟེ། དོན་དམ་པ་དང་། ཀུན་རྫོབ་བོ། །དེ་ལ་དོན་དམ་པ་ནི་འཕགས་པ་རྣམས་ཀྱི་ཡང་དག་པའི་ཡེ་ཤེས་ཀྱི་ཡུལ་དུ་བདག་གི་དངོས་པོ་རྙེད་པ་གང་ཡིན་པའོ། །ཀུན་རྫོབ་ནི་སོ་སོ་སྐྱེ་བོ་མ་རིག་པའི་ལིང་ཐོག་གིས་བློ་གྲོས་ཀྱི་མིག་བསྒྲིབས་པ་རྣམས་ཀྱིས་རྫུན་པ་མཐོང་བ་མ་རིག་པའི་སྟོབས་ཀྱིས་བདག་གི་དངོས་པོ་རྙེད་པ་གང་ཡིན་པའོ། །རང་གཞན་དེ་གཉིས་ལས། ཡང་དག་པ་མཐོང་བའི་ཡུལ་གང་ཡིན་པ་དེ་ནི་ཡོད་པ་དང་མེད་པ་དང་རྟག་དང་ཆད་པ་དང་ཤེས་བྱ་དང་ཤེས་པ་ལ་སོགས་པ་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་ཐ་སྙད་ཅི་ཡང་བདགས་སུ་མེད་པ། འཕགས་པ་རྣམས་ཀྱིས་སོ་སོ་རང་རིག་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཞིག་སྟེ། དེ་ནི་དེ་ཁོ་ན་ཉིད་དོན་དམ་པའི་བདེན་པ་ཞེས་ཐ་སྙད་དུ་བྱས་སོ། །མཐོང་བ་འཁྲུལ་པའི་ཡུལ་ནི་བརྗོད་པ་དང་། རྣམ་པར་རྟོག་པས་གང་ཟག་དང་། ཆོས་སུ་ཐ་སྙད་བཏགས་ཤིང་རྣམ་པར་བཞག་པའི་ཆོས་གཟུགས་ནས་རྣམ་མཁྱེད་གྱི་བར་ཇི་སྙེད་པ་སྟེ། དེ་དག་ནི་ཀུན་རྫོབ་ཀྱི་བདེན་པར་ཐུབ་པས་གསུངས་སོ། །བདེན་པ་གཉིས་པོ་འདི་དག་གཅིག་གམ་ཐ་དད་ཅེ་ན། གཅིག་པའང་མ་ཡིན་ཐ་དད་པའང་ཡིན་ཏེ། འདི་དག་ཕན་ཚུན་ལྟོས་ནས་རྣམ་པར་འཇོག་པའི་ཕྱིར་རོ། །གང་ཞིག་གང་ལ་ལྟོས་པ་དེ་ནི་དེ་དང་གཅིག་པ་ཉིད་མ་ཡིན་ཏེ། རང་ཉིད་རང་ལ་ལྟོས་པ་ལ་དགོས་པ་མེད་པའི་ཕྱིར་རོ། །གཞན་ཉིད་ཀྱང་མ་ཡིན་ཏེ། ལྟོས་པ་པོ་མ་གྲུབ་ན་ལྟོས་ས་ལས་གཞན་ཉིད་ཀྱང་མ་ཡིན་ལ། གྲུབ་ན་གཞན་ལ་ལྟོས་མི་དགོས་པའི་ཕྱིར་རོ། །དེའི་ཕྱིར་སློབ་དཔོན་གྱིས། གང་ལ་བརྟེན་ནས་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཏེ། །དེའི་ཕྱིར་ཆད་མིན་རྟག་པ་མིན། །ཞེས་གསུངས་པ་ཡིན་ནོ། །བདེན་པ་གཉིས་པོ་འདི་དག་ཇི་ལྟར་ཕན་ཚུན་ལྟོས་་ནས་རྣམ་པར་བཞག་ཅེ་ན། བདེན་པ་ལ་ལྟོས་ནས་རྫུན་པར་རྣམ་པར་འཇོག་ལ། རྫུན་པ་ལ་ལྟོས་ནས་བདེན་པར་རྣམ་པར་འཇོག་པའི་ཕྱིར་རོ། །བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བ་རྒྱས་པར་ནི་གཞན་དུ་བཤད་པའི་ཕྱིར་འདིར་ཡི་གེར་མ་བཀོད་དོ། །གཉིས་པ་མཐོང་བ་འཁྲུལ་པའི་དབྱེ་བ་ལའང་། ཡུལ་དང་ཡུལ་ཅན་གྱི་དབྱེ་བ་བསྟན་པ། ཡུལ་རྫུན་པའི་དཔེ་བརྗོད་པ། དེས་ན་དེ་ཉིད་ལ་འཇིག་རྟེན་པས་མི་གནོད་པར་བསྟན་པའོ། །དང་པོའི་དབང་དུ་བྱས་ནས། མཐོང་བ་འཁྲུལ་པའང་རྣམ་པ་གཉིས་འདོད་དེ། །དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ། །སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་ནི། །དབང་པ་ལེགས་གྱུར་ཤེས་ལྟོས་ལོག་པར་འདོད། །ཅེས་སོགས་སྨོས་ཏེ། མཐོང་བ་འཁྲུལ་པའང་དབྱེ་ན་རྣམ་པ་གཉིས་ཏེ། དབང་པོ་དྲུག་པོ་ཕྱི་ནང་གི་རྐྱེན་གྱིས་མ་བསླད་པའི་གསལ་པོ་ལས་བྱུང་བའི་ཤེས་པ་དང་། དབང་པོ་དྲུག་པོ་ཕྱི་ནང་གི་རྐྱེན་གྱིས་བསླད་པ་སྐྱོན་ལྡན་ལས་བྱུང་བའི་ཤེས་པའོ། །དེ་ལ་རབ་རིབ་དང་མིག་སེར་གྱི་ནད་དང་། དྷ་དྷུ་ར་ཟོས་པ་སོགས་ནི་དབང་པོ་གཟུགས་ཅན་ལ་གནོད་པའི་རྐྱེན་ནང་ན་ཡོད་པའོ། །ཏིལ་མར་དང་། ཆུ་དང་། མེ་ལོང་དང་། བྲག་ཕུག་ལ་སོགས་པ་དང་། ཉི་མའི་ཟེར་ལ་སོགས་པ་རྣམས་ནི་དབང་པོ་ལ་གནོད་པའི་རྐྱེན་ཕྱི་ན་ཉེ་བར་གནས་པ་ཡིན་ཏེ། དེ་དག་གི་དབང་གིས་ནང་གི་འཁྲུལ་རྒྱུ་མེད་པར་ཡང་གཟུགས་བརྙན་དང་། མིག་རྒྱུ་དང་། བྲག་ཅ་དང་། ཆུ་ཟླ་ལ་སོགས་པའི་སྣང་བ་འབྱུང་ངོ། །དེ་བཞིན་དུ་མིག་འཁྲུལ་མཁན་ལ་སོགས་པས་སྦྱར་བའི་སྔགས་དང་སྨན་ལ་སོགས་པའང་ཕྱིའི་རྐྱེན་ཡིན་ནོ། །ཡིད་ཀྱི་དབང་པོ་ལ་གནོད་པའི་རྐྱེན་ནི་དེ་དག་དང་ཡང་དག་པ་མ་ཡིན་པས་བྱས་པའི་གྲུབ་པའི་མཐའ་ལ་སོགས་པ་དང་། རྗེས་སུ་དཔག་པ་ལྟར་སྣང་བ་རྣམས་སོ། །དེ་ལ་ཇི་སྐད་བཤད་པའི་འཁྲུལ་རྒྱུའི་སྐྱོན་དང་ལྡན་པའི་དབང་པོ་ལས་བྱུང་བ་ཅན་གྱི་ཤེས་པ་རྣམས་ནི་ཕྱི་ནང་གི་གནོད་པའི་སྐྱོན་དང་བྲལ་བའི་དབང་པོ་ལེགས་པར་གྱུར་པའི་ཤེས་པ་ལ་ལྟོས་ནས་ལོག་པའི་ཤེས་པར་འདོད་དོ། །ཇི་ལྟར་འཇིག་རྟེན་པའི་ཤེས་པ་ལ་ཕྱི་ཅི་ལོག་པ་དང་། ཕྱིན་ཅི་མ་ལོག་པའི་སྒོ་ནས་རྣམ་པ་གཉིས་ཡིན་པ་དེ་བཞིན་དུ། ཡུལ་ཡང་བདེན་པ་དང་རྫུན་པ་གཉིས་ཡིན་ཞེས་བསྟན་པའི་ཕྱིར། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །གཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་དེ། །འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག །ཅེས་སྨོས་སོ། །ཕྱི་ནང་གི་རྐྱེན་གྱིས་གནོད་པ་མེད་པའི་དབང་པོ་དྲུག་པོ་རྣམས་ཀྱིས་གཟུང་བའི་དོན་གང་ཞིག་འཇིག་རྟེན་གྱིས་རྟོགས་པ་དེ་ནི་འཇིག་རྟེན་པ་བདག་གིས་བདེན་པར་མངོན་པར་ཞེན་པས་ཐ་སྙད་དུ་མི་སླུ་བའི་ཕྱིར། འཇིག་རྟེན་པ་ཉིད་ལས་བདེན་པར་རྣམ་པར་བཞག་གི འཕགས་པ་རྣམས་ལ་ལྟོས་ནས་ནི་མ་ཡིན་ཏེ། དེ་དག་གིས་དངོས་པོ་དེ་དག་གཟུགས་བརྙན་དང་འདྲ་བར་གཟིགས་པའི་ཕྱིར་རོ། །དེ་ལས་ལྷག་མ་གཟུགས་བརྙན་ལ་སོགས་པ་དབང་པོ་བསླད་པ་ལས་བྱུང་བའི་ཤེས་པ་རྣམས་ཀྱིས་བཟུང་བ་གང་ཡིན་པ་དེ་ནི་འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག་སྟེ། དེ་དག་ལ་འཇིག་རྟེན་པ་དག་བདེན་པར་མངོན་པར་ཞེན་པ་མེད་པས། བླང་དོར་གྱི་ཡུལ་དུ་ཐ་སྙད་བྱེད་པ་མེད་པའི་ཕྱིར་རོ། །གཉིས་པ་ཡུལ་རྫུན་པའི་དཔེར་བརྗོད་པའི་དབང་དུ་བྱས་ནས། མི་ཤེས་གཉིད་ཀྱིས་རབ་བསྐྱོད་མུ་སྟེགས་ཅན། །རྣམས་ཀྱིས་བདག་ཉིད་ཇི་བཞིན་བརྟགས་པ་དང་། །སྒྱུ་མ་སྨིག་རྒྱུ་སོགས་ལ་བརྟགས་པ་གང་། །དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །ཅེས་སྨོས་སོ། །གནས་ལུགས་ལ་རྨོངས་པའི་མི་ཤེས་པའི་གཉིད་མཐུག་པོས་རབ་ཏུ་བསྐྱོད་ཅིང་བརླམས་པར་བྱས་པའི་ཕྱི་དང་ནང་གི་མུ་སྟེགས་ཅན་རྣམས་ཀྱིས་རང་གི་གཞུང་ལུགས་དག་ཏུ་བདག་དང་། གཙོ་བོ་དང་། དབང་ཕྱུག་དང་། རྡུང་ཕྲན་དང་། ཀུན་གཞི་ལ་སོགས་བདག་ཉིད་ཇི་ལྟ་བ་བཞིན་བརྟགས་པ་དང་། དབང་པོ་བསླད་པའི་སྣང་བ་སྒྱུ་མ་དང་མིག་རྒྱུ་ལ་སོགས་པ་ལ་ཕྱི་རོལ་ཏུ་ཀུན་བརྟགས་པ་གང་ཡིན་པ་དེ་དག་ནི་འཇིག་རྟེན་གྱི་ཐ་སྙད་ལས་ཀྱང་ཡོད་པ་མ་ཡིན་ཏེ། འཇིག་རྟེན་པ་དག་དེ་དག་གི་སྒོ་ནས་ཐ་སྙད་བྱེད་པ་མེད་པའི་ཕྱིར་རོ། །ཕྱི་ནང་གི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་རྣམ་པར་བཞག་པ་རྣམས་དོན་དམ་པར་མེད་མོད་ཐ་སྙད་དུ་ཇི་ལྟར་མེད་ཅེ་ན། ཕྱི་ནང་གི་མུ་སྟེགས་ཅན་རྣམས་ནི་ཕུལ་དུ་བྱུང་བར་འགྲོ་བར་འདོད་པས་ཤིང་གི་ཡལ་ག་སྔ་མ་བཏང་ནས་ཡལ་ག་ཕྱི་མ་བསྙགས་ཏེ་མ་ཟིན་པ་ལྟར། དེ་ཁོ་ན་ཉིད་ལ་འཇུག་པར་འདོད་པས། དངོས་པོ་འཇིག་རྟེན་གྱི་སྐྱེ་བོ་གནག་རྫིའི་བར་ལ་གྲགས་པའི་སྐྱེ་བ་དང་འཇིག་པ་སོགས་རྣམས་རྣམ་པར་སྤངས་ཏེ། རྟོག་གེ་ངན་པས་གནས་ལུགས་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་ནས།བདེན་པ་གཉིས་ཀ་ལས་ཉམས་ཏེ་ལྟ་བ་ངན་པའི་གཡང་ས་ཆེན་པོར་ལྷུང་བ་ཡིན་ནོ། །དེས་ན་དེ་ཁོ་ན་ཉིད་ལ་འཇིག་རྟེན་པས་མི་གནོད་པར་བསྟན་པ་ནི། མིག་ནི་རབ་རིབ་ཅན་གྱིས་མཐོང་བ་ཡིས། །རབ་རིབ་མེད་ཤེས་ལ་གནོད་མིན་ཇི་ལྟར། །དེ་བཞིན་དྲི་མེད་ཡེ་ཤེས་སྤངས་པའི་བློས། །དྲི་མེད་བློ་ལ་གནོད་པ་ཡོད་མ་ཡིན། །གཞན་ལས་སྐྱེ་བ་དགག་པ་འདི་ནི་འཇིག་རྟེན་པའི་ཤེས་པ་ལ་ལྟོས་ནས་དགག་པ་སྨྲས་པ་མ་ཡིན་གྱི། འོན་ཀྱང་འཕགས་པ་རྣམས་ཀྱི་གཟིགས་པ་ལ་ལྟོས་ནས་དགག་པ་སྨྲས་པ་ཡིན་ནོ། །དེའི་ཕྱིར། ཇི་ལྟར་རབ་རིབ་ཀྱིས་བསླད་པའི་མིག་ཅན་གྱིས་མཐོང་བ་ཡིས། རབ་རིབ་མེད་པའི་ཤེས་པས་མཐོང་བ་ལ་གནོད་པ་མིན་པ་དེ་བཞིན་དུ། དྲི་མ་མེད་པ་འཕགས་པའི་ཡེ་ཤེས་སྤངས་པ་འཇིག་རྟེན་པའི་ཐ་སྙད་ལ་འཇུག་པའི་བློས་གཞན་ལས་སྐྱེ་བ་སོགས་གྲུབ་ཏུ་ཟིན་ཀྱང་། མི་ཤེས་པའི་རབ་རིབ་ཀྱི་དྲི་མ་མེད་པའི་འཕགས་པའི་བློའི་ཡུལ་སྐྱེ་མེད་སོགས་ལ་གནོད་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་ཁོ་ན་ཉིད་རྣམ་པར་དཔྱོད་པའི་སྐབས་སུ་འཇིག་རྟེན་ཚད་མར་བྱེད་པའི་ཕ་རོལ་པོ་ནི་དམ་པ་དག་གིས་བཞད་གད་དུ་བྱ་བར་འོས་པ་ཡིན་ནོ། །

གཉིས་པ་བདེན་གཉིས་སོ་སོའི་ངོ་བོ་ལ། རེ་ཞིག་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་བསྟན་པའི་ཕྱིར། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བདེན་པར་མཐོང་བའི་བཅོས་མ་དེ། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །འདིས་སེམས་ཅན་རྣམས་གནས་ལུགས་ལ་རྨོངས་པར་བྱེད་པས་གཏི་མུག་གོ །དེ་ནི་དངོས་པོའི་གནས་ལུགས་གཞན་དུ་སྒྲོ་འདོགས་པར་བྱེད་པས་རང་བཞིན་མཐོང་བ་ལ་སྒྲིབ་པའི་ཕྱིར་ཀུར་རྫོབ་ཅེས་བྱ་ལ། དེ་ལྟ་བུའི་ཀུན་རྫོབ་དེས་དངོས་པོ་གང་ཞིག་བདེན་པར་མཐོང་ཞིང་ཞེན་པ་དེ་ནི་གནས་ལུགས་ལ་མ་ཞུགས་པས་བཅོས་མ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ལ། དེ་ནི་ཀུན་རྫོབ་ཀྱི་བདེན་པར་བདེན་པ་གཉིས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་གཟིགས་པའི་ཐུབ་པ་དེས་གསུངས་སོ། །དེ་ལྟར་ན་རེ་ཞིག་ཉོན་མོངས་ཅན་གྱི་མ་རིིག་པའི་དབང་གིས་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་གོ །ཀུན་རྫོབ་ཀྱི་བདེན་པ་དེའང་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ཅན་གྱི་མ་རིག་པ་སྤངས་པ་རྣམས་ཀྱིས་བཅོས་མར་གྱུར་པའི་དངོས་པོ་གཟུགས་བརྙན་དང་འདྲ་བར་གཟིགས་པའི་ཕྱིར་ཀུན་རྫོབ་ཙམ་དུ་རྣམ་པར་བཞག་གི བདེན་པར་ནི་མ་ཡིན་ཏེ་བདེན་པར་མངོན་པར་རློམ་པ་མེད་པའི་ཕྱིར་རོ། །བཤད་མ་ཐག་པའི་ཀུན་རྫོབ་ཙམ་དེའང་། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ཙམ་ཀུན་ཏུ་སྤྱོད་པའི་ཕྱིར་སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་གྱི་འཕགས་པ་རྣམས་ལ་རྗེས་ཐོབ་ཀྱི་གནས་སྐབས་སུ་སྣང་གི མཉམ་གཞག་གི་གནས་སྐབས་སུ་ནི་མ་ཡིན་ཏེ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་རོ། །སྣང་བ་མེད་པའི་སྤྱོད་ཡུལ་ཅན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ནི་ཐམས་ཅད་དུ་སྣང་བ་མ་ཡིན་ཏེ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་སྤྲོས་པའི་མཚན་མ་ཉེ་བར་ཞི་བའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར། སེམས་དང་སེམས་ལས་བྱུང་བའི་རྒྱུ་བ་གཏན་ལོག་པར་འདོད་པ་ཡིན་ནོ། །འདི་ཇི་ལྟར་ཤེས་པར་བྱ་ཞེ་ན། དེ་ལ་མ་རིག་པ་ནི་གཉིས་ཏེ། ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའོ། །དང་པོ་ནི་བདག་དང་བདག་གི་བར་མངོན་པར་ཞེན་པའི་སྒོ་ནས་འཁོར་བའི་རྒྱུར་གྱུར་པའོ། །གཉིས་པ་ནི་གཟུགས་སོགས་ཆོས་སུ་མངོན་པར་ཞེན་པའི་སྒོ་ནས་ཡུལ་དང་ཡུལ་ཅན་དུ་སྣང་བ་སྐྱེད་པའོ། །དང་པོ་ནི་གང་ཟག་གི་བདག་མེད་པ་གོམས་པས་སྤོང་ངོ་། །ཕྱི་མ་ནི་ཆོས་སུ་བདག་མེད་པ་གོམས་པས་སྤོང་ངོ་། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བདག་མེད་པ་གཉིས་གོམས་པ་མཐར་ཕྱིན་པའི་ཕྱིར་མ་རིག་པ་རྣམ་པ་གཉིས་ཀ་ལྡོག་ལ། དེའི་ཕྱིར་གང་ཟག་དང་ཆོས་ཀྱི་མཚན་མ་ཅིའང་སྣང་བ་མེད་པ་ཡིན་ནོ། །གལ་ཏེ་དེ་བཞིན་གཤེགས་པ་རྣམས་ལའང་གཟུགས་སོགས་ཡུལ་གྱི་སྣང་བ་མངའ་ན་འཁྲུལ་པ་མ་སྤངས་པར་འགྱུར་ཏེ་ཡུལ་རྫུན་པ་སྣང་བའི་ཕྱིར་རྨི་ལམ་ལ་སོགས་པའི་ཤེས་པ་བཞིན་ནོ། །ཅི་སྟེ་སྣང་ཡང་བདེན་པར་ཞེན་པ་མེད་པའི་ཕྱིར་འཁྲུལ་པར་མི་འགྱུར་རོ་ཞེ་ན། རབ་རིབ་ཅན་གྱིས་ནམ་མཁར་སྐྲ་ཤད་དང་ཟླ་གཉིས་ལ་སོགས་པ་མཐོང་བ་ན། འདི་དག་ནི་ཡང་དག་པའི་སྐྲ་ཤད་དང་ཟླ་གཉིས་ལ་སོགས་པ་ཡིན་ནོ་སྙམ་དུ་མངོན་པར་ཞེན་པ་མེད་པའི་ཕྱིར་མ་འཁྲུལ་པ་ཉིད་དུ་ཐལ་བར་འགྱུར་རོ། །ཅི་སྟེ་གཟུགས་སོགས་མ་དག་པའི་སྣང་བ་ནི་མ་རིག་པའི་རྒྱུ་ཅན་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ལ་མི་སྣང་གི གསེར་གྱི་ས་གཞི་དང་རིན་པོ་ཆེའི་གཞལ་མེད་ཁང་ལ་སོགས་པ་དག་པ་ཡེ་ཤེས་ཀྱི་སྣང་བ་ཡིན་པའི་ཕྱིར་དེ་ཡོད་པས་འཁྲུལ་པ་མངའ་བར་མི་འགྱུར་རོ་ཞེ་ན། དག་པའི་སྣང་བ་དེ་དག་ཡང་དག་པར་གྲུབ་པ་མ་ཡིན་ཏེ། སྨོན་ལམ་དང་ཞིང་སྦྱོར་བ་ལ་སོགས་པའི་དགེ་བའི་རྩ་བ་ལས་བྱུང་བས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་དག་རྒྱུ་དང་རྐྱེན་ལས་མ་བྱུང་བར་ངོ་བོ་ཉིད་ཀྱིས་གྲུབ་པ་ཡིན་ན། ཕྱི་རོལ་པ་གང་དག ཁ་བ་རྒྱ་སྤོས་མེ་ཏོག་དང་། །བ་ཞོ་བ་མོ་མུ་ཏིག་མདོག །གདུགས་བཀན་བཟུང་བའི་དབྱིབས་འདྲ་བ། །ཐར་པ་ཡིན་པར་རྒྱལ་བས་བཤད། །ཅེས་འཇིག་རྟེན་གསུམ་བརྒལ་བ་ན་གདུགས་དཀར་པོ་གྱེན་ལ་བསླངས་པ་འདྲ་བའི་ཐར་པ་འདོད་པ་དང་མཚུངས་པས། བསྟན་པ་འདི་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་པར་ཤེས་པར་བྱའོ། །ཅི་སྟེ་དག་པའི་སྣང་བ་དེ་དག་རྟེན་འབྲེལ་ཡིན་པའི་ཕྱིར་ཡང་དག་པར་མ་གྲུབ་པ་ཡིན་ན། དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་འཁྲུལ་པ་མ་སྤངས་པའི་ཐལ་བ་སོ་ན་གནས་པ་ཡིན་ཏེ། ཡུལ་རྫུན་པ་སྣང་བའི་ཡུལ་ཅན་མ་འཁྲུལ་པ་འགལ་བའི་ཕྱིར་རོ། །གལ་ཏེ་ཐུབ་པ་རྣམས་ལ་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་མི་མངའ་ན། ཇི་ལྟ་བ་དང་། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་མེད་པའི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་ཕྲིན་ལས་འཇུག་པ་མེད་པར་འགྱུར་རོ་ཞེ་ན། དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་རྣམ་པར་རྟོག་པའང་རྣམ་པར་མི་རྟོག་པའི་བློའི་གཡོ་བ་སྔོན་དུ་གཏོང་བ་ལ་ལྟོས་པ་མ་ཡིན་ཏེ། སྔོན་གྱི་སྨོན་ལམ་དང་། གདུལ་བྱའི་བསོད་ནམས་ཀྱི་དབང་ལས་འབད་པ་མེད་པར་འབྱུང་བའི་ཕྱིར་ཏེ། ལྷའི་རྔ་བོ་ཆེ་ལས་ཆོས་ཀྱི་སྒྲ་འབྱུང་བ་དང་། དག་པའི་ཞིང་འགའ་ཞིག་ན་དེ་བཞིན་གཤེགས་པས་སྔོན་གྱི་སྨོན་ལམ་གྱི་དབང་གིས་རྩི་ཤིང་ནགས་ཚལ་ལ་སོགས་པ་སེམས་མེད་པ་དག་ལས་ཀྱང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སོགས་པ་ཆོས་ཀྱི་སྒྲ་འབྱུང་བ་བཞིན་ནོ། །ཕྱོགས་འདི་ནི་རྒྱས་པར་འོག་ཏུ་གཞུང་ནས་འཆད་པར་འགྱུར་པའི་ཕྱིར་མ་སྤྲོས་སོ། །ད་ནི་དོན་དམ་པའི་བདེན་པ་བསྟན་པར་འདོད་པས། དེའང་བརྗོད་དུ་མེད་ཅིང་ཤེས་པའི་ཡུལ་མ་ཡིན་པས་དངོས་སུ་བསྟན་པར་མི་ནུས་པའི་ཕྱིར་ཉན་པ་པོ་རྣམས་ཀྱིས་རང་གི་ཉམས་སུ་མྱོང་བའི་དཔེའི་སྒོ་ནས་གསལ་བར་བྱ་བའི་ཕྱིར་བཤད་པ། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི། །ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ། །དེ་ཉིད་བདག་ཉིད་གང་དུ་མིག་དག་པས། །མཐོང་སྟེ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། །རབ་རིབ་ཅན་གྱིས་རབ་རིབ་ཀྱི་མཐུས་རང་གི་ལག་ན་ཐོགས་པའི་བསེ་རུ་ལ་སོགས་པའི་སྣོད་ཀྱི་ནང་དུ་སྐྲ་ཤད་ལ་སོགས་པའི་ངོ་བོ་ལོག་པ་གང་ཞིག་ཡོད་པར་རྣམ་པར་བརྟགས་ནས་དེ་བསལ་བར་འདོད་པས་སྣོད་དེ་གྲེ་ལྡོག་བྱེད་པར་ཚེགས་ཐོབ་པར་རིག་སྟེ། འདི་ཅི་ཞིག་བྱེད་སྙམ་ནས་རབ་རིབ་མེད་པས་དེའི་གམ་དུ་ཕྱིན་ནས་སྐྲ་ཤད་ཀྱི་ཡུལ་དེར་མིག་གཏད་ཀྱང་སྐྲ་ཤད་མ་དམིགས་ཤིང་། དེའི་རྟེན་ཅན་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་མཚན་མ་གང་དུའང་སྐྲ་ཤད་ཀྱི་ཡུལ་ལ་རྣམ་པར་རྟོག་པར་མི་བྱེད་དོ། །ཡང་རབ་རིབ་མེད་པས་རབ་རིབ་ཅན་གྱིས་སྐྲ་ཤད་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་བསལ་བར་འདོད་པས། དེའི་ངོར་བྱས་ནས་སྐྲ་ཤད་ཡོད་པ་མ་ཡིན་ནོ་ཞེས་དགག་པ་སྨྲས་ཀྱང་སྨྲ་བ་པོ་ལ་སྐུར་བ་འདེབས་པའི་ཉེས་པ་ཡོད་པ་མ་ཡིན་ནོ། །སྐྲ་ཤད་ལ་སོགས་པ་དེ་ཉིད་ཀྱི་བདག་ཉིད་དམ་རང་བཞིན་ནི་བསེ་རུ་ལ་སོགས་པའི་སྣོད་གང་དུ་མིག་དག་པས་མཐོང་བ་ཁོ་ན་ཡིན་གྱི། རབ་རིབ་ཅན་གྱི་མཐོང་བ་ནི་མ་ཡིན་ནོ། །དེ་བཞིན་དུ་བདེན་པ་གཉིས་ཀྱི་རང་བཞིན་དཔྱོད་པའི་སྐབས་འདིར་ཡང་། མ་རིག་པའི་རབ་རིབ་ཀྱིས་བསླད་པའི་བྱིས་པ་རྣམས་ཀྱིས་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ཀྱི་ངོ་བོ་མཐོང་བ་གང་ཡིན་པ་དེ་ནི་ཀུན་རྫོབ་ཡིན་ལ། མ་རིག་པའི་རབ་རིབ་དང་བྲལ་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མིག་དག་པས་སྐྲ་ཤད་མི་མཐོང་བའི་ཚུལ་དུ། ཕུང་པོ་ལ་སོགས་པ་མ་དམིགས་པ་གང་ཡིན་པ་དེ་ནི་དོན་དམ་པའི་བདེན་པར་ཤེས་པར་བྱའོ། །གལ་ཏེ་རྣམ་པ་དེ་ལྟ་བུའི་རང་བཞིན་ནི་མཐོང་བ་མེད་པ་ཉིད་མ་ཡིན་ནམ། ཇི་ལྟར་ན་དེ་སངས་རྒྱས་རྣམས་ཀྱིས་གཟིགས་ཞེ་ན། བདེན་མོད་ཀྱི། འོན་ཀྱང་དེ་ནི་ཅིའང་མ་གཟིགས་པའི་ཚུལ་གྱིས་དེ་དག་གིས་གཟིགས་སོ་ཞེས་བརྗོད་དེ། ཇི་སྐད་དུ་འཕགས་པ་བདེན་པ་གཉིས་ལ་འཇུག་པ་ལས། ལྷའི་བུ་གལ་ཏེ་དོན་དམ་པར་ན་དོན་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་ཡུལ་གྱི་རང་བཞིན་དུ་འགྱུར་ན་ནི་དེ་དོན་དམ་པའི་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོ་སྟེ། ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །འོན་ཀྱང་ལྷའི་བུ་དོན་དམ་པར་ན་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ། བྱེ་བྲག་མེད་པར་མ་སྐྱེས་པ། མ་འགགས་པ། སྨྲ་བར་བྱ་བ་དང་། སྨྲ་བ་དང་། ཤེས་པར་བྱ་བ་དང་། ཤེས་པ་དང་བྲལ་བའོ། །ལྷའི་བུ་དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་འདས་པ་ཡིན་ཏེ། ཇི་ལྟར་དོན་དམ་པའི་བདེན་པའོ། །ཞེས་བརྗོད་པ་ལྟར་ནི་མ་ཡིན་ནོ། །ཆོས་ཐམས་ཅད་བརྫུན་པའོ། །སླུ་བའི་ཆོས་སོ། །ལྷའི་བུ་དོན་དམ་པའི་བདེན་པ་ནི་བསྟན་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་སྟོན་པ་དང་། ཅི་སྟོན་པ་དང་། གང་ལ་སྟོན་པའི་ཆོས་དེ་ཐམས་ཅད་ནི་དོན་དམ་པར་རབ་ཏུ་མ་སྐྱེས་པའོ། །རབ་ཏུ་མ་སྐྱེས་པའི་ཆོས་རྣམས་ཀྱིས་རབ་ཏུ་མ་སྐྱེས་པའི་ཆོས་རྣམས་བཤད་པར་མི་ནུས་སོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཞར་ལ་འོངས་པ་བརྗོད་ནས་དཀྱུས་མ་འཇིག་རྟེན་གྱིས་གནོད་པ་མེད་པར་བསྟན་པ་ལ། གཞན་སྐྱེ་འཇིག་རྟེན་ལ་གྲུབ་ཀྱང་མི་གནོད་པ་དང་། གཞན་སྐྱེ་འཇིག་རྟེན་ལའང་མ་གྲུབ་པར་བསྟན་པ་དང་། རྟེན་འབྲེལ་རྟག་ཆད་མེད་པར་གྲུབ་པའི་ཡོན་ཏན་བསྟན་པའོ། །དང་པོ་ལ་ཧ་ཅང་ཐལ་བ་བརྗོད་པ་ནི། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས། །ཅི་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། །བླུན་པོ་ཚད་མར་རིགས་པའང་མ་ཡིན་ནོ། །གལ་ཏེ་དེ་ཁོ་ན་ཉིད་དཔྱོད་པའི་སྐབས་སུ་འཇིག་རྟེན་ཚད་མ་ཡིན་ན། འཇིག་རྟེན་པ་ཉིད་ཀྱིས་དེ་ཉིད་མཐོང་བས། དེ་ཁོ་ན་ཉིད་སྟོན་པ་ལ་འཕགས་པ་གཞན་བསྟེན་ཅི་ཞིག་དགོས་ཏེ། དེ་ཁོ་ན་ཉིད་ཀྱི་ཚུལ་ལ་འཇིག་རྟེན་རང་ཉིད་མཁས་པའི་ཕྱིར་རོ། །ཅི་སྟེ་དེ་ཁོ་ན་ཉིད་ལ་མཁས་སུ་ཟིན་ཀྱང་། དེ་མངོན་དུ་བྱེད་པ་ལ་འཕགས་པའི་ལམ་ལ་བསྟེན་དགོས་ཤིང་། འཕགས་པའིི་ལམ་གྱི་ཐབས་ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པ་སྟོན་པར་བྱེད་པའི་འཕགས་པ་གཞན་ལ་བསྟེན་པར་བྱ་དགོས་སོ་ཞེ་ན། དེའང་མ་ཡིན་ཏེ། འཇིག་རྟེན་རང་ཉིད་ཀྱི་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་དེ་ཁོ་ན་ཉིད་མཐོང་བའི་ཕྱིར་རོ། །དེ་ཁོ་ན་ཉིད་མངོན་དུ་བྱ་བའི་ཕྱིར་འཕགས་པའི་ལམ་གྱི་ཐབས་ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པ་ལ་འབད་པས་ཅི་ཞིག་བྱ་སྟེ་དོན་མེད་དོ། །དེ་བས་ན་དེ་ཁོ་ན་ཉིད་ལ་བླུན་པོ་འཇིག་རྟེན་པ་ཚད་མར་རིགས་པ་མ་ཡིན་པས་འཇིག་རྟེན་གྱིས་གཞན་སྐྱེ་གྲུབ་ཀྱང་གནོད་པ་མེད་དོ། །རྣམ་ཀུན་འཇིག་རྟེན་ཚད་མིན་དེ་ཡི་ཕྱིར། །དེ་ཉིད་སྐབས་སུ་འཇིག་རྟེན་གནོད་པ་མེད། །ཇི་སྐད་བཤད་པའི་ཚུལ་དེ་ཉིད་ཀྱིས་ན། དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་སུ་རྣམ་པ་ཀུན་ཏུ་འཇིག་རྟེན་ཚད་མ་མ་ཡིན་པ་དེའི་ཕྱིར་འཇིག་རྟེན་གྱིས་གནོད་པ་མེད་དོ། །འཇིག་རྟེན་གྱིས་གནོད་པའི་ཡུལ་བསྟན་པ་ནི། འོ་ན་ཇི་ལྟར་འཇིག་རྟེན་གྱིས་གནོད་པར་འགྱུར་ཞེ་ན། འཇིག་རྟེན་དོན་ནི་འཇིག་རྟེན་གྲགས་ཉིད་ཀྱིས། །གལ་ཏེ་སེལ་ན་འཇིག་རྟེན་གྱིས་གནོད་འགྱུར། །དཔེར་ན། ཁ་ཅིག་གིས་ངའི་རྫས་འཕྲོགས་སོ་ཞེས་སྨྲས་པ་ན། ཅིག་ཤོས་ཀྱིས་རྫས་ཅི་ཞིག་ཡིན། དེས་སྨྲས་པ། བུམ་པའོ། །བུམ་པ་ནི་རྫས་མ་ཡིན་ཏེ་གཞལ་བྱ་ཡིན་པའི་ཕྱིར། རྨི་ལམ་གྱི་བུམ་པ་བཞིན། ཅེས་སུན་འབྱིན་པ་ལྟ་བུ། འཇིག་རྟེན་གྲགས་པའི་དོན་འཇིག་རྟེན་ན་གྲགས་པ་ཉིད་ཀྱིས་སེལ་ན་འཇིག་རྟེན་གྱིས་གནོད་པར་འགྱུར་གྱི། གང་གི་ཚེ་འཕགས་པའི་གཟིགས་པ་ལ་གནས་ནས། མཁས་པ་ཚད་མར་བྱེད་པ་དེའི་ཚེ་ན་འཇིག་རྟེན་གྱིས་གནོད་པ་མ་ཡིན་ནོ། །གཉིས་པ་གཞན་སྐྱེ་འཇིག་རྟེན་ལའང་མ་གྲུབ་པར་བསྟན་པ་ནི། གང་ཕྱིར་འཇིག་རྟེན་ས་བོན་ཙམ་བཏབ་ནས། །བདག་གིས་བུ་འདི་བསྐྱེད་ཅེས་སྨྲ་བྱེད་ཅིང་། །ཤིང་ཡང་བཙུགས་སོ་སྙམ་དུ་སེམས་དེས་ན། །གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད། །དངོས་པོ་རྣམས་གཞན་ལས་སྐྱེ་བ་དེ་ཁོ་ན་ཉིད་དུ་གྲུབ་པ་ལྟ་ཞོག །འཇིག་རྟེན་ལས་ཀྱང་གྲུབ་པ་མེད་དེ། གང་གི་ཕྱིར་འཇིག་རྟེན་པ་དག་མའི་མངལ་དུ་བུའི་ས་བོན་མི་གཙང་བ་བླུགས་ནས། ཕྱིས་ཀྱི་ཁྱེའུ་ལ་དམིགས་ནས་བདག་གིས་བུ་འདི་བསྐྱེད་ཅེས་སྨྲ་བར་བྱེད་ཅིང་། ཤིང་གི་ས་བོན་ཙམ་བཏབ་ནས། ཕྱིས་ཀྱི་ཤིང་ལྗོན་པ་ལ་དམིགས་ནས་འདིའང་བདག་གིས་གཙུགས་སོ་སྙམ་དུ་སེམས་པར་བྱེད་པའི་ཕྱིར་རོ། །རྒྱུ་འབྲས་གཞན་དུ་གྲུབ་ན། ས་བོན་ཙམ་བཏབ་ནས་དེ་དག་གི་འབྲས་བུ་ལ་འདི་དག་བདག་གིས་བསྐྱེད་དོ་ཞེས་ཇི་ལྟར་ཐ་སྙད་འདོགས་པར་བྱེད། དེའི་ཕྱིར་རྒྱུ་འབྲས་དོན་གཞན་དུ་འཇིག་རྟེན་པ་དག་ཐ་སྙད་བྱེད་པ་མེད་དོ། །

རྟེན་འབྲེལ་རྟག་ཆད་མེད་པར་གྲུབ་པའི་ཡོན་ཏན།

གསུམ་པ་རྟེན་འབྲེལ་རྟག་ཆད་མེད་པར་གྲུབ་པའི་ཡོན་ཏན་བསྟན་པ་ནི། གང་ཕྱིར་མྱུ་གུ་ས་བོན་ལས་གཞན་མིན། །དེ་ཕྱིར་མྱུག་ཚེ་ས་བོན་ཞིག་པ་མེད། །གང་ཕྱིར་གཅིག་ཉིད་ཡོད་མིན་དེ་ཕྱིར་ཡང་། །མྱུག་ཚེ་ས་བོན་ཡོད་ཅེས་བརྗོད་མི་བྱ། །གལ་ཏེ་མྱུ་གུ་ས་བོན་ལས་གཞན་ཡིན་ན་ནི། མྱུ་གུ་སྐྱེས་པའི་ཚེ་ས་བོན་རྒྱུན་ཆད་པར་འགྱུར་ཏེ། གང་གི་ཕྱིར་བ་མེན་ཡོད་པས་བ་ལང་ཤིའང་རྒྱུན་མ་ཆད་པར་མི་འགྱུར་བ་བཞིན་ནོ། ཁོ་བོ་ཅག་གི་ལྟར་ན་མྱུ་གུ་སྐྱེས་པའི་ཚེ་ས་བོན་ཞིག་ཅིང་རྒྱུན་ཆད་པ་མེད་དེ། གང་གི་ཕྱིར་མྱུ་གུ་ས་བོན་ལས་གཞན་མ་ཡིན་པ་དེའི་ཕྱིར་རོ། །དེས་ནི་ཆད་པ་རྣམ་པར་སྤངས་པ་ཡིན་ནོ། །མྱུ་གུའི་ཚེ་ས་བོན་རྟག་པར་ཡོད་ཅེས་ཀྱང་བརྗོད་པར་མི་བྱ་སྟེ། གང་གི་ཕྱིར་མྱུ་གུ་ས་བོན་དང་གཅིག་པ་ཉིད་དུ་ཡོད་པ་མིན་པ་དེའི་ཕྱིར་རོ། །དེས་ནི་རྟག་པ་རྣམ་པར་སྤངས་པ་ཡིན་ནོ། །དེའི་ཕྱིར་མདོ་ལས། ས་བོན་ཡོད་ན་མྱུ་གུ་ཇི་བཞིན་དེ། །ས་བོན་གང་ཡིན་མྱུ་གུ་དེ་ཉིད་མིན། །དེ་ལས་གཞན་མིན་དེ་ཡང་མ་ཡིན་ཏེ། །དེ་ལྟར་རྟག་མིན་ཆད་མིན་ཆོས་ཉིད་དོ། །ཞེས་གང་གསུངས་པ་ཡིན་ནོ། །འདིར་དོན་ནི་འདི་ཡིན་ཏེ། ས་བོན་དང་མྱུ་གུ་དག་ལ་རང་བཞིན་ཅུང་ཟད་ཡོད་ན་རྣམ་པ་གཞན་མེད་པའི་ཕྱིར་རོ། །གཅིག་གམ་གཞན་ཉིད་དུ་འགྱུར་དགོས་ན། གང་གི་ཚེ་ས་བོན་དང་མྱུ་གུ་གཉིས་ཀའང་བློས་བཏགས་པ་ཙམ་དུ་ཟད་ཀྱི། རང་བཞིན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་དེའི་ཚེ་རྨི་ལམ་གྱི་ས་བོན་དང་མྱུ་གུ་ལྟར་དུས་གཅིག་ཉིད་དམ་གཞན་དུ་ག་ལ་འགྱུར་ཞེས་བྱ་བ་འདི་ཡིན་ནོ། །དེ་བས་ན་དངོས་པོ་འགའ་ཡང་རང་གི་མཚན་ཉིད་སྐྱེ་བ་མེད་དོ་ཞེས་བྱ་བ་འདི་གདོན་མི་ཟ་བར་ཁས་བླང་དགོས་ཏེ། དེ་ལྟ་མ་ཡིན་པར། གལ་ཏེ་རང་གི་མཚན་ཉིད་བརྟེེན་འབྱུང་ན། །དེ་ལ་སྐུར་བས་དངོས་པོ་འཇིག་པའི་ཕྱིར། །སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་ན། །དེ་ནི་རིགས་མིན་དེ་ཕྱིར་དངོས་ཡོད་མིན། །གལ་ཏེ་གཟུགས་དང་ཚོར་བ་ལ་སོགས་པ་རྣམས་བློས་བཏགས་པ་ཙམ་མ་ཡིན་པར་རང་གི་མཚན་ཉིད་ཀྱིས་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་ན། གང་གི་ཚེ་རྣལ་འབྱོར་པ་རྣམས་ཀྱིས་ཆོས་ཐམས་ཅད་སྐྱེ་བ་མེད་པར་སྟོང་པ་ཉིད་དུ་མཐོང་བ་དེའི་ཚེ་དངོས་པོ་རྣམས་ཀྱིས་རང་གི་མཚན་ཉིད་ཀྱིས་སྐྱེ་བ་དེ་ལ་སྐུར་བ་བཏབ་པས། ཇི་ལྟར་ཐོ་བ་ལ་སོགས་པས་བུམ་པ་འཇིག་པར་བྱེད་པར་ལྟར་སྟོང་པ་ཉིད་ཀྱིས་དངོས་པོ་འཇིག་པར་བྱེད་པའི་ཕྱིར་སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་ན། དེ་ནི་རིགས་པ་མ་ཡིན་ཏེ། འཕགས་པ་དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་གཞན་ཡང་དབུ་མའི་ལམ་ཆོས་རྣམས་ལ་སོ་སོར་རྟོག་པ་ནི། གང་རྟོག་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་དེ། ཆོས་རྣམས་ཉིད་སྟོང་པ་ཉིད་དང་། གང་མཚན་མ་མེད་པས་ཆོས་རྣམས་མཚན་མ་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་མཚན་མ་མེད་པ་དང་། གང་སྨོན་པ་མེད་པས་ཆོས་རྣམས་ཉིད་སྨོན་པ་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་སྨོན་པ་མེད་པ་དང་། ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །དེའི་ཕྱིར་དངོས་པོ་རྣམས་རང་གི་མཚན་ཉིད་ཀྱིས་སྐྱེ་བ་ཡོད་པ་མ་ཡིན་ནོ། །གལ་ཏེ་དོན་དམ་པར་ཆོས་རྣམས་སྐྱེ་བ་མེད་པ་ཡིན་མོད། ཀུན་རྫོབ་ཏུ་གཞན་ལས་སྐྱེ་བར་འགྱུར་ཏེ། དེ་ལྟ་མ་ཡིན་ན་ཀུན་རྫོབ་ཏུའང་སྐྱེ་བ་མེད་པའི་ཕྱིར་བདེན་པ་གཉིས་སུ་མི་འགྱུར་རོ་ཞེ་ན། དོན་དམ་པར་བདེན་པ་གཉིས་མེད་མོད། འོན་ཀྱང་ཐ་སྙད་དུ་ཀུན་རྫོབ་ཀྱི་བདེན་པའང་དོན་དམ་པ་རྟོགས་པའི་ཐབས་སུ་དེ་ཉིད་དང་། གཞན་ལས་སྐྱེ་བར་རྣམ་པར་མ་དཔྱད་པར་འཇིག་རྟེན་གྱི་ལུགས་ལ་བརྟེན་ནས་ཁས་ལེན་པར་བྱེད་དེ། འདི་ལྟར། གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་བཞིན་ཉིད་ཀྱི་དངོས་ལས་ཚུ་རོལ་ཏུ། །གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །གང་གི་ཕྱིར་གཟུགས་དང་ཚོར་བ་ལ་སོགས་པའི་དངོས་པོ་འདི་དག་ཅི་བདག་ལས་སྐྱེ་བ་ཞིག་གམ། འོན་ཏེ་གཞན་ལས་སྐྱེ་ཞེས་རྣམ་པར་དཔྱད་ན་དོན་དམ་པར་དེ་བཞིན་ཉིད་སྟོང་པ་ཉིད་ཀྱི་དངོས་པོ་སྐྱེ་བ་དང་འགག་པ་མེད་པའི་རང་བཞིན་ལས་ཚུ་རོལ་དེ་བཞིན་དུ་གྱུར་པ་སྐྱེ་བ་དང་འགག་པ་ལ་སོགས་པ་ཅན་དུ་གནས་པ་མ་ཡིན་ཏེ། དེའི་ཕྱིར་འཇིག་རྟེན་གྱི་ཐ་སྙད་ཀྱི་བདེན་པ་ལ་བདག་དང་གཞན་ལ་སོགས་པར་རྣམ་པར་དཔྱོད་པ་མེད་པར་འཇིག་རྟེན་པས་མཐོང་བ་འདི་ཡོད་ན་འདི་འབྱུང་ཞེས་པ་འདི་ཙམ་ཞིག་གཞན་ལ་རག་ལས་པར་འཇུག་པའི་སྒོ་ནས་ཁས་བླང་བར་བྱ་སྟེ། འཕགས་པ་ལྷས། ཇི་ལྟར་ཀླ་ཀློ་སྐད་གཞན་གྱིས། །གཟུང་བར་མི་ནུས་དེ་བཞིན་དུ། །འཇིག་རྟེན་པ་ཡིས་མ་གཏོགས་པར། །འཇིག་རྟེན་གཟུང་བར་ནུས་མ་ཡིན། །ཅེས་གསུངས་པ་ལྟ་བུའོ། །རྣམ་པར་དཔྱད་ན་འཇིག་རྟེན་ཐ་སྙད་ཀྱང་འཇིག་པར་འགྱུར་ཏེ། ཇི་སྐད་དུ། མདོ་ལས། དཔེར་ན་ཤིང་དང་རྒྱུད་ལ་བརྟེན་བྱས་ནས། །ལག་པའི་རྩོལ་བ་བྱས་པ་གསུམ་ཚོགས་ན། །སྒྲོག་བྱེད་པི་ཝང་གླིང་བུ་ལ་སོགས་ལས། །དེ་དག་ལས་སྐྱེས་སྒྲ་ཡང་འབྱུང་བར་འགྱུར། །དེ་ནས་མཁས་པ་ལ་ལས་བརྟགས་བྱས་ཏེ། །དེ་ནི་གང་ནས་འོངས་ལ་གར་སོང་ཞེས། །ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་བརྟགས་བྱས་ན། །སྒྲ་ཡི་འོང་བའམ་འགྲོ་བ་རྙེད་མི་འགྱུར། །དེ་ལྟར་རྒྱུ་དག་དང་ནི་རྐྱེན་དག་ལས། །འདུ་བྱེད་གྱུར་པ་ཐམས་ཅད་འབྱུང་བ་སྟེ། །ཡང་དག་མཐོང་བའི་རྣལ་འབྱོར་པ་ཡིས་ནི། །འདུ་བྱེད་སྟོང་པ་གཡོ་བ་མེད་པར་མཐོང་། །ཕུང་པོ་དག་དང་སྐྱེ་མཆེད་ཁམས་རྣམས་ནི། །ནང་ཡང་སྟོང་ལ་ཕྱིར་རོལ་སྟོང་པ་སྟེ། །སེམས་ཅན་བདག་གིས་སྟོང་ཞིང་གནས་མེད་ལ། །ཆོས་ཀྱི་མཚན་ཉིད་ནམ་མཁའི་ངོ་བོ་ཉིད། །ཅེས་གསུངས་པ་ལྟར་རོ། །ཅི་སྟེ་ཐ་སྙད་ཀྱི་བདེན་པ་ལ་མངོན་པར་ཞེན་པ་འདི་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་རྒྱུར་འགྱུར་བས་རྫས་འགའ་ཞིག་ཀུན་རྫོབ་ཏུ་རང་གི་མཚན་ཉིད་ཀྱིས་སྐྱེ་དགོས་སོ་ཞེས་སྨྲ་ན། དེ་སྐད་དུ་སྨྲ་བ་དེའང་ཚིག་ཙམ་དུ་ཟད་དེ་དེ་ལྟར། དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བའང་རིགས་མིན་པས་། །རིགས་དེ་ཐ་སྙད་དུ་ཡང་རིགས་མིན་པས། ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར། །དེ་ཁོ་ན་ཉིད་དཔྱོད་པའི་སྐབས་སུ་ཇི་སྐད་བཤད་པའི་རིགས་པ་གང་ཞིག་གིས་བདག་དང་གཞན་ལས་དངོས་པོ་རྣམས་སྐྱེ་བ་རིགས་པ་མིན་པར་གྲུབ་པའི་རིགས་པ་དེས་ཐ་སྙད་དུའང་བདག་དང་གཞན་ལས་སྐྱེ་བར་རིགས་པ་མིན་པས། ཁྱོད་ཀྱི་དངོས་པོ་རྣམས་ཀྱི་སྐྱེ་བ་གང་གིས་འགྲུབ་པར་འགྱུར། དེའི་ཕྱིར་དངོས་པོ་རྣམས་ལ་རང་གི་མཚན་ཉིད་ཀྱིས་སྐྱེ་བ་ནི་བདེན་པ་གཉིས་ཀ་དུའང་གྲུབ་པ་ཡོད་པར་མ་ཡིན་ནོ། །

གཉིས་པ་བཀག་པ་ལ་མི་འཐད་པ་སྤོང་བ་ལ། མཐོང་བ་དང་འགལ་བ་སྤང་། ལས་འབྲས་ཀྱི་འབྲེལ་བ་འཐད་པར་བསྟན་པ་གཉིས་སོ། །དང་པོ་ལ། གལ་ཏེ་བདེན་པ་གཉིས་ཀར་དུའང་དེ་དག་གི་སྐྱེ་བ་རང་གི་མཚན་ཉིད་ཀྱིས་མ་གྲུབ་ན་དེའི་ཕྱིར་ཇི་ལྟར་ན་དེ་དག་གི་རང་གི་ངོ་བོ་འཇིག་རྟེན་དུ་དམིགས་པར་འགྱུར་ཞེ་ན། དངོས་པོ་སྟོང་པ་གཟུགས་བརྙན་ལ་སོགས་པ། །ཚོགས་ལ་ལྟོས་རྣམས་མ་གྲགས་པ་ཡང་མིན། །ཇི་ལྟར་དེར་ནི་གཟུགས་བརྙན་སོགས་སྟོང་ལས། །ཤེས་པ་དེ་ཡི་རྣམ་པར་སྐྱེ་འགྱུར་བ། །དེ་བཞིན་དངོས་པོ་ཐམས་ཅད་སྟོང་ན་ཡང་། །སྟོང་པ་ཉིད་ལས་རབ་ཏུ་སྐྱེ་བར་འགྱུར། །དངོས་པོ་རང་བཞིན་གྱིས་སྟོང་པ་གཟུགས་བརྙན་ལ་སོགས་པ་རྒྱུ་རྐྱེན་གྱི་ཚོགས་པ་ལ་ལྟོས་ནས་འབྱུང་བ་རྣམས་འཇིག་རྟེན་ན་མ་གྲགས་པའང་མ་ཡིན་ལ། དེའིི་ཕྱིར་ཇི་ལྟར་གཟུགས་བརྙན་ལ་སོགས་པ་རང་བཞིན་གྱིས་སྟོང་པ་ལས་དེའི་ཡུལ་ཅན་གྱི་ཤེས་པས་གཟུགས་བརྙན་དེའི་རྣམ་པར་སྐྱེ་བར་འགྱུར་བ་དེ་བཞིན་དུ་གཟུགས་དང་ཚོར་བ་ལ་སོགས་པའི་དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་ནའང་། རང་གི་རྒྱུ་དང་རྐྱེན་སྟོང་པ་ཉིད་ལས་རབ་ཏུ་སྐྱེ་བར་འགྱུར་རོ། །དེའི་ཕྱིར་རང་བཞིན་མེད་ཀྱང་ཐ་སྙད་དུ་སྐྱེ་བ་མི་འགལ་ཏེ། དཔེར་ན་གཟུགས་བརྙན་ལ་སོགས་པ་བཞིན་ནོ། །ཇི་སྐད་དུ། མེ་ལོང་ཤིན་ཏུ་ཡོངས་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་རོ། །དེ་ཉིད་ཀྱི་ཕྱིར། བདེན་པ་གཉིས་སུའང་རང་བཞིན་མེད་པའི་ཕྱིར། དེ་དག་རྟག་པ་མ་ཡིན་ཆད་པ་མིན། །གང་གི་ཕྱིར་དངོས་པོ་གཟུགས་བརྙན་དང་འདྲ་བར་རང་བཞིན་མེད་པ་དེའི་ཕྱིར། དོན་དམ་པ་དང་། ཀུན་རྫོབ་ཀྱི་བདེན་པ་གཉིས་སུའང་རང་བཞིན་མེད་ལ། དེའི་ཕྱིར་དེ་དག་རྟག་པ་མ་ཡིན་ཞིང་། ཆད་པའང་མ་ཡིན་ནོ། །དེ་ལྟར་ཡང་བསྟན་བཅོས་ལས། གང་ཞིག་ངོ་བོ་ཉིད་ཡོད་ན། །དེ་ནི་མེད་པ་མིན་པས་རྟག ། སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཅེས་དང་། དེ་བཞིན་དུ། དངོས་པོ་ཡོད་པར་ཁས་བླངས་ན། །རྟག་དང་ཆད་པར་ལྟ་བར་ནི། །ཐལ་བར་འགྱུར་ཏེ་དངོས་དེ་ནི། །རྟག་དང་མི་རྟག་འགྱུར་ཕྱིར་རོ། །ཞེས་གསུངས་པ་ལྟ་བུའོ། །

ལས་འབྲས་ཀྱི་འབྲིང་བ་བསྟན་པ།

གཉིས་པ་ལས་འབྲས་ཀྱི་འབྲེལ་བ་བསྟན་པ་ལ། དངོས་དང་། ལས་འབྲས་ཀྱི་རྟེན་གསུང་བ་དྲང་དོན་དུ་བསྟན་པའོ། །དང་པོ་ནི། བདེན་པ་གཉིས་ཀར་དུ་རང་བཞིན་མེད་པའི་ཕྱིར། རྟག་པ་དང་ཆད་པའི་ཉེས་པ་རིང་དུ་སྤངས་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཀུན་གཞི་ལ་སོགས་པའི་ལས་ཀྱི་རྟེན་མེད་ནའང་ལས་དང་འབྲས་བུའི་འབྲེལ་བ་འཐད་པ་ཡིན་ཏེ། འདི་ལྟར། གང་ཕྱིར་རང་བཞིན་གྱིས་དེ་མི་འགག་པ། །དེ་ཕྱིར་ཀུན་གཞི་མེད་ཀྱང་འདི་ནུས་ཕྱིར། །ལ་ལར་ལས་འགགས་ཡུན་རིང་ལོན་ལས་ཀྱང་། །འབྲས་བུ་ཡང་དག་འབྱུང་བར་རིག་པར་གྱིས། །འདས་པའི་ལས་འགགས་ནས་རིང་དུ་ལོན་པས་འབྲས་བུ་ཇི་ལྟར་འབྱིན་པར་འགྱུར་ཞེས་བརྩད་པའི་ལན་དུ། ཁ་ཅིག་ནི་ལས་འདས་པའི་བག་ཆགས་ཅན་གྱི་ཀུན་གཞི་རྟོག་པར་བྱེད་དོ། །ལ་ལ་ནི་བུ་ལོན་གྱི་ད པང་རྒྱ་དང་འདྲ་བའི་ཆོས་གཞན་ཆུད་མི་ཟ་བ་རྟོག་པར་བྱེད་དོ། །གཞན་དག་ནི་ལས་ཀྱི་བག་ཆགས་ཅན་གྱི་རྣམ་པར་ཤེས་པར་རྒྱུད་ཡོངས་སུ་རྟོག་པར་བྱེད་དོ། །འདིར་ནི་གང་གི་ཕྱིར་ལས་རང་བཞིན་གྱིས་མ་སྐྱེས་པ་དེའི་ཕྱིར། རང་བཞིན་གྱིས་མི་འགག་ལ། མ་འགགས་པའི་ལས་ལས་འབྲས་བུ་འབྱུང་བ་མི་འགལ་བས། དེའི་ཕྱིར་ཀུན་གཞི་ལ་སོགས་པའི་ལས་འབྲས་ཀྱི་རྟེན་མེད་ཀྱང་། འདས་པའི་ལས་ཀྱི་འབྲས་བུ་འདི་ནུས་པའི་ཕྱིར། ཡུལ་དང་དུས་ལ་ལར་ལས་འགགས་ནས་ཡུན་རིང་པོ་ལོན་པའི་ལས་ལས་ཀྱང་རྣམ་པར་སྨིན་པའི་འབྲས་བུ་འབྱུང་བ་འགལ་བ་མེད་པར་རིག་པར་གྱིས་ཤིག དེའི་ཕྱིར། བསྟན་བཅོས་ལས། གང་ཕྱིར་ལས་ནི་སྐྱེ་བ་མེད། །འདི་ལྟར་རང་བཞིན་མེད་དེའི་ཕྱིར། །གང་ཕྱིར་དེ་ནི་མ་སྐྱེས་པ། །དེ་ཕྱིར་ཆུད་ཟར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །ཇི་སྐད་དུ་བསྟན་པའི་དོན་ནི། དེ་ཉིད་དཔེའི་སྒོ་ནས་སྟོན་པའི་ཕྱིར་བཤད་པ། རྨི་ལམ་དམིགས་པའི་ཡུལ་དག་འཐོང་ནས་ནི། །སད་ཀྱང་བླུན་ལ་ཆགས་པ་སྐྱེ་འགྱུར་བ། །དེ་བཞིན་འགགས་ཤིང་རང་བཞིན་ཡོད་མིན་པའི། །ལས་ལས་ཀྱང་ནི་འབྲས་བུ་ཡོད་པ་ཡིན། །ཞེས་སྨོས་ཏེ། རྨི་ལམ་དུ་ཡུལ་གྱི་བུད་མེད་བཟང་མོ་དང་ལྷན་ཅིག་འདོད་པ་སྤྱད་པ་མཐོང་ཞིང་སྨིས་ནས། སླར་སད་པ་ན་རྨི་ལམ་གྱི་བུ་མེད་ནི་རང་བཞིན་གྱིས་མེད་ཅིང་འགགས་སུ་ཟིན་ཀྱང་། བླུན་པོ་འགའ་ཞིག་གི་འདོད་པའི་འདོད་ཆགས་སྐྱེ་བའི་རྒྱུར་འགྱུར་བ་དེ་བཞིན་དུ། འགགས་ནས་རིང་དུ་ལོན་ཞིང་རང་བཞིན་ཡོད་པ་མིན་པར་འདོད་པའི་ལས་ལས་ཀྱང་ནི་རྣམ་པར་སྨིན་པའི་འབྲས་བུ་འབྱུང་བ་ཡོད་པ་ཡིན་ནོ། །གལ་ཏེ་ལས་འགགས་པ་མེད་པའི་ཕྱིར་རྣམ་པར་སྨིན་པ་འབྱུང་བར་འདོད་ན། ཇི་ལྟར་རྣམ་སྨིན་མ་བསྐྱེད་པའི་ལས་ལྟར་རྣམ་སྨིན་ཕྱུང་ཟིན་པས་ཀྱང་འབྲས་བུ་འབྱིན་པར་འགྱུར་ཏེ་མ་འགགས་པའི་ཕྱིར་རོ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། འདི་ལྟར། ཇི་ལྟར་ཡུལ་ནི་མེད་པ་ཉིད་མཚུངས་ཀྱང་། །རབ་རིབ་ཅན་གྱིས་སྐྲ་ཤད་རྣམ་པར་ནི། །མཐོང་གི་དངོས་གཞན་རྣམ་པར་མ་ཡིན་ལྟར། །དེ་བཞིན་སྨིན་ལས་སླར་སྨིན་མིན་ཤེས་གྱིས། །ཇི་ལྟར་ཡུལ་སྐྲ་ཤད་དང་རི་བོང་གི་རྭ་ལ་སོགས་པ་མེད་པ་ཉིད་དུ་མཚུངས་ཀྱང། རབ་རིིབ་ཀྱིས་བསླད་པའི་མིག་ཅན་གྱིས་ནམ་མཁའ་སོགས་སུ་སྐྲ་ཤད་ཀྱི་རྣམ་པར་མཐོང་གི་རི་བོང་གི་རྭ་ལ་སོགས་པ་དངོས་པོ་གཞན་གྱི་རྣམ་པ་མཐོང་བ་མ་ཡིན་པ་ལྟར། རྣམ་སྨིན་ཕྱུང་ཟིན་པ་དང་མ་ཟིན་པའི་ལས་དག་ཀྱང་མ་འགགས་ཤིང་རང་བཞིན་མེད་པར་མཚུངས་ཀྱང་སྔར་འབྲས་བུ་ཕྱུང་མ་ཟིན་པའི་ལས་ཀྱིས་སླར་ཡང་རྣམ་སྨིན་འབྱིན་ལ། སྔར་འབྲས་བུ་རྣམ་པར་སྨིན་ཟིན་པའི་ལས་ལས་སླར་ཡང་འབྲས་བུ་སྨིན་པ་མིན་པར་ཤེས་པར་གྱིས་ཤིག བཤད་མ་ཐག་པའི་དཔེ་འདི་ཉིད་ལས་འབྲས་བུ་ཕྱུང་བ་དང་མ་ཕྱུང་བའི་ལས་ཀྱིས་རྣམ་སྨིན་སླར་འབྱིན་པ་དང་མི་འབྱིན་པ་ངེས་པ་འབའ་ཞིག་ཏུ་མ་ཟད་ཀྱི། དགེ་མི་དགེའི་རྣམ་སྨིན་སོ་སོར་ངེས་པའང་ཡིན་ཏེ། འདི་ལྟར། དེ་ཕྱིར་རྣན་སྨིན་མི་དགེ་ནག་པོའི་ལས། །རྣམ་སྨིན་དགེ་ཉིད་དགེ་ལས་ཡིན་མཐོང་ཞིང་། །དགེ་མི་དགེ་མེད་བློ་མེད་ཐར་འགྱུར་ཏེ། །ལས་འབྲས་རྣམས་ལ་སེམས་པ་དགག་པར་མཛད། །སྐྲ་ཤད་ལ་སོགས་པ་རང་བཞིན་མེད་ཀྱང་ངེས་པ་མཐོང་བ་དེ་ཉིད་ཀྱི་ཕྱིར་ན། དགེ་བ་དང་མི་དགེ་བའི་ལས་རང་བཞིན་མེད་པ་ཡིན་ཡང་། རྣམ་སྨིན་མི་དགེ་ཞིང་ཡིད་དུ་མི་འོང་བ་ནི་ནག་པོའི་ལས་མི་དགེ་བ་ཉིད་ལས་ཡིན་གྱི། དགེ་བ་ལས་མ་ཡིན་ལ། རྣམ་སྨིན་དགེ་ཞིང་ཡིད་དུ་འོང་བ་ནི་དགེ་བའི་ལས་ལས་ཡིན་པར་མཐོང་གི མི་དགེ་བའི་ལས་ལས་མ་ཡིན་ཞིང་། མཁས་པ་གང་ཞིག་དགེ་བ་དང་མི་དགེ་བའི་ལས་གཉིས་ཀ་རང་བཞིན་མེད་པས་མངོན་པར་ཞེན་པའི་བློ་མེད་པ་ཅན་ནི་ཐར་པར་འགྱུར་རོ། །དེ་ལྟར་རང་བཞིན་མེད་པའི་ལས་ཀྱི་འབྲས་བུ་འབྱིན་པ་དང་རྣམ་སྨིན་ངེས་པའི་ཚུལ་ཤིན་ཏུ་རྟོགས་པར་དཀའ་བའི་ཕྱིར། སོ་སོ་སྐྱེ་བོ་དག་གིས་དེ་དག་མ་རྟོགས་པར་ལས་འབྲས་ལ་སྐུར་བ་བཏབ་ན་ཀུན་རྫོབ་འཇིག་པར་གཟིགས་ནས་བཅོམ་ལྡན་འདས་ཀྱིས་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་བོ་ཞེས་ལས་འབྲས་ཀྱི་འབྲེལ་བ་ལ་བྱིས་པ་རྣམས་སེམས་པ་དགག་པར་མཛད་དོ། །འདིར་དོན་ནི་འདི་ཡིན་པར་རིག་པར་བྱ་སྟེ། འདི་ལྟར། དབུ་མ་པ་དག་ནི་ལས་འབྲས་ཀྱི་འབྲེལ་བ་འགའ་ཞིག་ཡོངས་གཅོད་དུ་སྒྲུབ་པར་བྱེད་པ་མ་ཡིན་ཏེ། རང་གི་ཕྱོགས་ཉམས་པར་འགྱུར་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། གཞན་དག་ལས་འབྲས་ཀྱི་འབྲེལ་བ་མི་འཐད་པར་རྒོལ་བའི་ལོག་པ་རྟོག་པ་སེལ་བ་ཙམ་དུ་ཟད་དོ། །ཡང་དག་པར་ན་ལས་འབྲས་ཀྱི་འབྲེལ་བ་འགའ་ཡང་མེད་པ་མ་ཡིན་ནམ། ཅི་ལྟར་ན་གཞན་དག་ལས་འབྲས་ལ་སྐུར་བ་འདེབས་པ་དགག་པར་བྱ་བ་ཡིན་ཞེ་ན། ཡང་དག་པར་ལས་འབྲས་རང་བཞིན་མེད་པ་ཡིན་ཡང་དེ་ལྟར་མ་རྟོགས་པའི་བྱིས་པ་རྣམས་ཀྱིས་གྱ་ཚོམ་དུ་ལས་འབྲས་ལ་སྐུར་བ་བཏབ་པ་ན། དགེ་སྡིག་གི་བླང་དོར་ལ་ཕྱིན་ཅི་ལོག་ཏུ་ཞུགས་པས་ངན་སོང་གསུམ་གྱི་གཡང་ས་ཆེན་པོར་ལྷུང་བར་འགྱུར་རོ། །དེའི་ཕྱིར་དམ་པ་དག་གིས་གཞན་དག་ལས་འབྲས་ཀྱི་འབྲེལ་བ་ལ་ལོག་པར་རྟོག་པ་དགག་པར་བྱ་བ་ཁོ་ན་ཡིན་ནོ། །མེད་པ་པ་ལྟར་དུ་དབུ་མ་པས་ཀྱང་ལས་འབྲས་ཀྱི་འབྲེལ་བ་འགའ་ཡང་མ་མཐོང་བའི་ཕྱིར། ལས་འབྲས་ལ་ལོག་པར་རྟོག་པ་དང་། བླང་དོར་ལ་ཕྱིན་ཅི་ལོག་ཏུ་ཞུགས་པར་ཇི་ལྟར་མི་འགྱུར་ཞེ་ན། ཇི་ལྟར་མི་གཅིག་གིས་རྐུན་མ་བྱས་པ་ལ་ཁ་ཅིག་གིས་དེ་ཇི་ལྟ་བ་བཞིན་མཐོང་ནས་འདིས་རྐུ་བྱས་སོ་ཞེས་སྨྲས་ལ། གཞན་གྱིས་ནི་དེ་དང་མི་མཛའ་བས་སྤུད་དེ་མ་མཐོང་བཞིན་དུ་འདིས་རྐུ་བྱས་སོ་ཞེས་སྨྲས་པ་ན། གཉིས་ཀའང་རྐུ་བྱས་པ་ལ་བྱས་པར་བརྗོད་པར་མཚུངས་ཀྱང་སྔ་མ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྨྲ་བའི་ཕྱིར་བརྫུན་དུ་སྨྲ་བར་མི་འགྱུར་ལ། ཅིག་ཤོས་ནི་གཞི་མ་མཐོང་བཞིན་དུ་མཐོང་བ་ལྟར་བཅོས་ནས་སྨྲ་བའི་ཕྱིར་རྫུན་དུ་སྨྲ་བར་འགྱུར་བ་བཞིན་དུ། དབུ་མ་པ་ཆོས་ཐམས་ཅད་རང་བཞིན་མེད་པར་ཡང་དག་པའི་རིགས་པས་ངེས་ནས་ལས་འབྲས་རང་བཞིན་མེད་པར་སྨྲ་བ་དང་། མེད་པ་པ་ཇི་ལྟར་མཐོང་བའི་དངོས་པོ་རྣམས་ལ་མངོན་པར་ཞེན་པ་ཡོད་བཞིན་དུ་མ་མཐོང་བའི་ལས་འབྲས་ལ་སྐུར་བ་འདེབས་པ་དག་མཚུངས་པར་ག་ལ་འགྱུར། མེད་པ་པ་བཞིན་དུ་དབུ་མ་པ་དག་དགེ་སྡིག་ལ་བླང་དོར་མི་བྱེད་པའང་མ་ཡིན་ཏེ། ཇི་ལྟར་རང་བཞིན་མེད་པའི་གཟུགས་བརྙན་ལས་དེར་སྣང་བའི་ཤེས་པ་སྐྱེ་བ་ལྟར། རང་བཞིན་མེད་པའི་དགེ་སྡིག་གི་ལས་ལས་ཀྱང་འདོད་མི་འདོད་ཀྱི་འབྲས་བུ་འབྱུང་བ་འགལ་བ་མེད་པར་མཐོང་ནས། སྒྱ྄ུ་མ་མཁན་གྱིས་སྒྱུ་མ་ལ་བྱ་བ་བཞིན་དུ་མངོན་པར་ཞེན་པ་ཅིའང་མེད་པའི་ཚུལ་གྱིས་བླང་དོར་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ཕྱིར་རོ། །ལས་འབྲས་ཀྱི་འབྲེལ་བའི་རྟེན་ཀུན་གཞིའམ། གང་ཟག་ལ་སོགས་པ་འགའ་ཞིག་ཁས་ལེན་པར་བྱེད་ན། མེད་པ་པ་དག་གིས་ལས་འབྲས་ཀྱི་འབྲེལ་བ་མེད་པར་བརྩད་པ་ཟློག་པར་ནུས་མོད། རང་བཞིན་མེད་པར་སྨྲ་བ་དག་ལ་ལས་འབྲས་ཀྱི་འབྲེལ་བའི་རྟེན་མེད་པའི་ཕྱིར་ཇི་ལྟར་མེད་པ་པ་དག་གི་རྩོད་པ་ཟློག་པར་ནུས་ཞེ་ན། དབུ་མ་པ་དག་ནི་ལས་འབྲས་ཀྱི་འབྲེལ་བ་མེད་པའི་ཉེས་པ་སྤོང་བའི་དོན་དུ་ཀུན་གཞི་ལ་སོགས་པ་ཁས་ལེན་པ་མ་ཡིན་ཏེ། ཉེས་པ་གཞན་གྱིས་རེག་པར་འགྱ྄ུར་བའི་ཕྱིར་རོ། །དེ་དག་ཁས་མ་བླངས་ཀྱང་མེད་པ་པ་དག་གི་རྩོད་པ་ཟློག་མི་ནུས་པ་མ་ཡིན་ཏེ། འདི་ལྟར་མེད་པ་པ་དག་གི་ལས་འབྲས་ཀྱི་འབྲེལ་བ་མི་འཐད་པའི་རྩོད་པ་ནི་འདི་ཙམ་དུ་ཟད་དེ། གལ་ཏེ་ལས་འགགས་ན་ལས་བྱས་པ་ཆུད་ཟོས་ཤིང་མ་བྱས་པ་དང་ཕྲད་པར་འགྱུར་རོ། །མ་འགགས་ན་ལས་དེ་རྟག་པའི་ཕྱིར་འབྲས་བུ་མི་འབྱིན་པའམ། ཡང་ན་ནམ་ཡང་འབྲས་བུ་མི་འབྱིན་པར་མི་འགྱུར་རོ་ཞེ་ན། གལ་ཏེ་ལས་འགའ་ཞིག་ལ་སྐྱེ་བ་ཡོད་ན་གདོན་མི་ཟ་བར་འགག་པར་འགྱུར་ལ། འགག་པ་ནའང་ལས་བྱས་པ་ཆུད་ཟོས་པའི་ཉེས་པར་འགྱུར་ན། ལས་ལ་ནི་སྐྱེ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་པ་ལས་སྐྱེ་བ་བཀག་ཅིང་འགོག་པར་འགྱུར་བའི་ཕྱིར་རོ། །མ་སྐྱེས་པའི་ཕྱིར་འགག་པར་མི་འགྱུར་ཏེ། འགག་པ་ནི་སྐྱེ་བ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་ཏེ། དཔེར་ན་མོ་གཤམ་གྱི་བུ་མ་སྐྱེས་པས་མི་འཆི་བ་བཞིན་ནོ། །མི་འགགས་པའི་ཕྱིར་འབྲས་བུ་ཆུད་ཟོས་པར་མི་འགྱུར་ཏེ། ལས་མ་འགགས་པ་ལས་འབྲས་བུ་འབྱུང་བ་མི་འགལ་བའི་ཕྱིར་རོ། །ལས་ནི་མ་སྐྱེས་པའི་ཕྱིར་མི་འགག་ཏུ་ཆུག་མོད། མ་སྐྱེས་པའི་ལས་ལས་འབྲས་བུ་ཅི་ལྟར་འབྱུང་། ལས་ལས་འབྲས་བུ་མི་འབྱུང་ནའང་ལས་འབྲས་ཀྱི་འབྲེལ་བ་མེད་པའི་ཁོ་བོ་ཅག་གི་ཕྱོགས་ཁྱོད་ཉིད་ཀྱིས་བསྒྲུབས་པ་ཡིན་ནོ་ཞེ་ན། རང་བཞིན་གྱིས་སྐྱེ་བ་མེད་པའི་ཆོས་ལས་ཀྱང་འབྲས་བུ་འབྱུང་བར་མཐོང་སྟེ། དཔེར་ན། ཆུ་དང་མེ་ལོང་ཤིང་ཏུ་དྭངས་པའི་ནང་གི་གཟུགས་བརྙན་ལས་དེར་སྣང་བའི་ཤེས་པ་སྐྱེ་བར་དམིགས་པ་བཞིན་ནོ། །གལ་ཏེ་ཤེས་པ་དེ་ནི་མེ་ལོང་གི་གཟུགས་ལས་སྐྱེ་བ་ཡིན་གྱི། གཟུགས་བརྙན་ལས་མ་ཡིན་ནོ་ཞེ་ན། དེ་གཉིས་ཤེས་པ་ལ་སྣང་བར་མཚུངས་བཞིན་དུ་གཅིག་ནི་རྒྱུ་ཡིན་ལ། ཅིག་ཤོས་ནི་མ་ཡིན་ནོ་ཞེས་བྱ་བའི་ཁྱད་པར་གང་ལས་ཤེས། ཅི་སྟེ་གཟུགས་ནི་ཡོད་ཅིང་གཟུགས་བརྙན་ནི་མེད་པའི་ཕྱིར་རོ་ཞེ་ན། ཡོད་པ་ཙམ་གྱིས་ཤེས་པ་དེའི་རྒྱུར་ཁས་ལེན་ན་སྡོང་དུམ་ལ་སོགས་པ་གཞན་དག་ཀྱང་དེའི་རྒྱུར་འགྱུར་རོ། །གལ་ཏེ་ཡོད་པའི་ཕྱིར་གཟུགས་དེའི་རྒྱུར་ཁས་ལེན་གྱི། མེད་པའི་ཕྱིར་གཟུགས་བརྙན་དེའི་རྒྱུར་མི་རུང་ངོ་ཞེ་ན། ཤེས་པ་དེའི་ངོར་གཟུགས་བརྙན་ཡང་མེད་པ་མ་ཡིན་ལ་ཡང་དག་པར་ནི་གཟུགས་ལ་སོགས་པ་དག་ཀྱང་ཡོད་པ་མ་ཡིན་ནོ། །དེ་བས་ན་གཟུགས་ལ་སོགས་པ་མིག་གི་རྣམ་པར་ཤེས་པ་སོགས་ལ་སྣང་བའི་ཕྱིར་དེ་དག་དམིགས་པའི་རྒྱུར་ཁས་ལེན་པ་དེ་བཞིན་དུ་གཟུགས་བརྙན་ཡང་རང་གི་ཤེས་པ་ལ་སྣང་བའི་ཕྱིར་དེའི་དམིགས་པའི་རྒྱུར་ཁས་བླང་བར་བྱ་དགོས་ཏེ་གཞན་དུ་ན་གཟུགས་ལ་སོགས་པའང་ཤེས་པའི་དམིགས་པར་སྒྲུབ་པར་མི་ནུས་སོ། །གལ་ཏེ་གཟུགས་བཞིན་དུ་གཟུགས་བརྙན་ཡང་ཡོད་པའི་ཕྱིར་དཔེ་མ་གྲུབ་བོ་ཞེ་ན། དེ་ལྟ་ན་ཟུར་ན་གནས་པ་དག་གིས་ཀྱང་མེ་ལོང་གི་གཟུགས་བཞིན་དུ་དེའི་ནང་ན་ཡོད་པའི་གཟུགས་བརྙན་ཡང་མཐོང་བར་འགྱུར་ཏེ། གཟུགས་དང་གཟུགས་བརྙན་ཡུལ་གཅིག་ན་སྣང་བའི་ཕྱིར་རོ། །ཅི་སྟེ་མེ་ལོང་གི་ཟུར་གྱིས་བསྒྲིབས་པའི་ཕྱིར་མི་མཐོང་ཞེ་ན། འོ་ན་ནི་མེ་ལོང་གི་ངོས་ཀྱང་མི་མཐོང་བར་འགྱུར་ལ། ཡང་ན་ནི་མེ་ལོང་གི་ངོས་ཀྱི་གཟུགས་དང་གཟུགས་བརྙན་ཡུལ་ཐ་དད་ན་གནས་པར་འགྱུར་ན། དེའང་རིགས་པ་མ་ཡིན་ཏེ། མེ་ལོང་གི་རྒྱབ་ལ་སོགས་པར་གཟུགས་བརྙན་དམིགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་མེ་ལོང་གི་ཁོང་ན་གནས་པའི་ཕྱིར་ཉེས་པ་དེ་མེད་དོ་ཞེ་ན། མདུན་ནས་ཀྱང་མེ་ལོང་གི་གཟུགས་བརྙན་མི་མཐོང་བར་འགྱུར་ཏེ། མེ་ལོང་གི་གཟུགས་ཀྱིས་སྒྲིབ་པའི་ཕྱིར་རོ། །གལ་ཏེ་མེ་ལོང་གི་གཟུགས་ཤིན་ཏུ་དྭངས་པའི་ཕྱིར་མི་སྒྲིབ་བོ་ཞེ་ན། འོ་ན་གཟུགས་བརྙན་བཞིན་དུ་མེ་ལོང་གི་ཁོང་གི་གཟུགས་དག་ཀྱང་མཐོང་བར་འགྱུར་རོ། །དེ་ལྟར་ལས་ཆད་པའི་ཉེས་པར་མི་འགྱུར་བ་འབའ་ཞིག་ཏུ་མ་ཟད། ལས་རྟག་པའི་ཉེས་པར་ཡང་མི་འགྱུར་ཏེ། མ་སྐྱེས་པ་ཉིད་ཀྱི་རང་བཞིན་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །རང་བཞིན་མེད་པར་སྨྲ་བ་ལ་ཇི་སྐད་བཤད་པའི་ཚུལ་གྱིས་ལས་འབྲས་ཀྱི་འབྲེལ་བ་འཐད་ཀྱང་རྟེན་མེད་པའི་ཕྱིར། གཞན་གྱིས་བྱས་པ་གཞན་གྱིས་ཉམས་སུ་མྱོང་བར་འགྱུར་རོ་ཞེ་ན། ལས་བྱེད་པའི་གནས་སྐབས་ཀྱི་ཕུང་པོ་ལ་བརྟེན་ནས་བཏགས་པའི་གང་ཟག་དང་འབྲས་བུ་མྱོང་བའི་དུས་ཀྱི་ཕུང་པོ་ལ་བརྟེན་ནས་བཏགས་པའི་གང་ཟག་གཉིས་གཞན་ཡིན་ན་ཉེས་པ་དེར་འགྱུར་ཀྱང་། དེ་དག་གཞན་མ་ཡིན་ཏེ་སྔ་མ་ལ་བརྟེན་ནས་ཕྱི་མ་དེ་འབྱུང་བའི་ཕྱིར་དང་གང་ལ་བརྟེན་ནས་གང་འབྱུང་བ་དེ་ནི་དེ་ལས་དེ་ཉིད་དང་གཞན་དུ་མི་འཐད་པར་སྔར་བསྒྲུབས་ཟིན་པའི་ཕྱིར་རོ། །དེ་ལྟར་ན་དབུ་མ་པ་དག་ནི་མེད་པ་པ་བཞིན་དུ་ལས་འབྲས་ཀྱི་འབྲེལ་བ་ལ་སྐུར་བ་འདེབས་པར་ཡང་མི་བྱེད་ལ། དངོས་སྨྲ་བ་བཞིན་དུ་སྒྲོ་འདོགས་པར་ཡང་མི་བྱེད་མོད། འོན་ཀྱང་ཇི་སྐད་བཤད་པའི་ཚུལ་གྱིས་རྟག་པ་དང་ཆད་པའི་མཐའ་ཐམས་ཅད་སྤངས་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཁས་ལེན་པར་བྱེད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་འདི་ནི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཡིན་ཡང་ཇི་ལྟར་འདབ་མ་དང་མི་ལྡན་པ་དག་གིས་ནམ་མཁའི་ལམ་ལ་འགྲོ་བར་མི་ནུས་པ་ལྟར། ཀུན་རྫོབ་དང་། དོན་དམ་པའི་བདེན་པ་གཉིས་ཀྱི་ཚུལ་ལ་མཁས་པའི་འདབ་མ་དང་མི་ལྡན་པ་དག་གིས་ཀྱང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ་ལ་བདེ་བླག་ཏུ་འགྲོ་བར་མི་ནུས་སོ། །སྤྲོད་པས་ཆོག་གོ།

གཉིས་པ་ཞར་ལ་ལས་འབྲས་ཀྱི་རྟེན་གསུངས་པ་དྲང་དོན་དུ་བསྟན་པ་ནི། དེ་ལྟར་ཇི་སྐད་བཤད་པའི་ཚུལ་གྱིས་རང་བཞིན་མེད་པར་ལས་ཀྱི་འབྲེལ་བ་རྣམ་པར་འཇོག་ན། འོ་ན་འཕགས་པ་ལང་ཀར་གཤེགས་པ་སོགས་ལས། ཀུན་གཞིའི་རྣམ་པར་ཤེས་པ་ཆོས་མཐའ་ཡས་པའི་བག་ཆགས་བསྒོ་བའི་གཞིར་གྱུར་པ་ས་བོན་ཐམས་ཅད་དང་ལྡན་པ་རྒྱ་མཚོ་ལས་རླབས་འབྱུང་བ་ལྟར། ཀུན་ནས་ཉོན་མོངས་ཀྱི་ཆོས་ཐམས་ཅད་རྐྱེན་ཇི་ལྟ་བ་བཞིན་དུ་འབྱུང་བའི་རྒྱུར་གྱུར་པའི་མཚན་ཉིད་ཅན་གསུངས་པ་གང་ཡིན་པ་དེ་རྣམ་པ་ཐམས་ཅད་དུ་མེད་པ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ལྟ་བུའི་ཀུན་གཞི་ཉེ་བར་བསྟན་པས་འདུལ་བ་རྣམས་ལ་དགོངས་པའི་དབང་གིས་དེ་ཡོད་པ་ཉིད་དུ་བསྟན་པའི་ཕྱིར་རོ། །གང་ལ་དགོངས་ནས་ཀུན་གཞི་ཡོད་པར་གསུངས་ཞེ་ན། ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ལ་དགོངས་ནས་གསུངས་པ་ཡིན་ཏེ། དེ་ནི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ལ་རྗེས་སུ་ཞུགས་པའི་ཕྱིར་ཀུན་གཞིའི་སྒྲའི་དོན་དུ་རུང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་པར་སྒྲ་ཇི་བཞིན་པའི་ཀུན་གཞི་ཡོད་པ་ལ་ནི་ཉེས་པ་འོག་ནས་འཆད་པར་འགྱུར་རོ། །ཀུན་གཞི་འབའ་ཞིག་མ་ཟད་ཀྱི་དགོངས་པའི་དབང་གིས་གང་ཟག་ཀྱང་ཡོད་པར་གསུངས་ཏེ། ཇི་སྐད་དུ། དགེ་སློང་དག་ཕུང་པོ་ལྔ་ནི་ཁུར་རོ། ཁུར་ཁུར་བ་པོ་ནི་གང་ཟག་གོ་ཞེས་གསུངས་པ་ལྟར་རོ། །ཁ་ཅིག་ལ་ཕུང་པོ་ཙམ་ཡང་སྟོན་པར་མཛད་དེ། སེམས་ཞེས་བྱ་བའམ། ཡིད་ཅེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བ་དེ་ནི་ཡུན་རིང་པོར་དད་པ་ཚུལ་ཁྲིམས་ལ་སོགས་པས་ཡོངས་སུ་བསྒོས་ཤིང་གོང་དུ་འགྲོ་བ་ན་ཕྱི་མ་ལ་མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེས་གསུངས་པ་ལྟར་རོ། །འདི་ཐམས་ཅད་ནི་དགོངས་པའི་དབང་གིས་གསུངས་པ་ཡིན་ནོ། །འདིར་དགོངས་པ་གང་ཞིག་ཡིན་ཞེ་ན། ཀུན་གཞི་ཡོད་ཅེས་གང་ཟག་ཉིད་ཡོད་ལ། །ཕུང་པོ་འདི་དག་འབའ་ཞིག་ཉིད་ཡོད་ཅེས། །གསུངས་པ་དེ་ནི་དེ་ལྟར་ཆེས་ཟབ་དོན། །རིག་པར་མི་འགྱུར་གང་ཡིན་དེ་ལའོ། །མདོ་སྡེ་གང་དུ་ཀུན་གཞི་དང་། གང་ཟག་དང་། བདག་དང་བྲལ་བའི་ཕུང་པོ་འདི་དག་འབའ་ཞིག་ཡོད་ཅེས་བསྟན་པ་འདི་ནི་གདུལ་བྱ་གང་དག་ཡུན་རིང་མོ་ནས་མུ་སྟེགས་ཅན་གྱི་ལྟ་བ་ལ་གོམས་པས་ཆེས་ཟབ་པའི་དོན་སྟོང་པ་ཉིད་རིག་པར་མི་འགྱུར་ཞིང་སྟོང་པ་ཉིད་ཐོས་ན་སྐྲག་སྟེ་བསྟན་པ་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་བ་གང་ཡིན་པ་དེ་དག་བསྟན་པ་ལ་རིམ་གྱིས་གཞུག་པའི་ཕྱིར་དུ་བསྟན་པ་ཡིན་ཏེ། དེ་དག་ལ་ཆེས་ཐོག་མར་ཀུན་གཞི་ལ་སོགས་པ་བསྟན་པ་ན་མུ་སྟེགས་པ་དག་གིས་འདོད་པ་ལྟར་གྱི་བདག་དང་གཙོ་བོ་ལ་སོགས་པ་མེད་ཀྱང་། ལས་འབྲས་ཀྱི་རྟེན་དང་འཁོར་འདས་ཀྱི་གཞི་རྣམས་ཀུན་གཞི་ལ་སོགས་པས་ཀྱང་རུང་ངོ་སྙམ་དུ་བསམས་ནས་བདེ་བར་གཤེགས་པའི་བསྟན་པ་ལ་འཇུག་པར་འགྱུར་ལ། ཕྱིས་ནི་གསུང་རབ་ཀྱི་དོན་ཕྱིན་ཅི་མ་ལོག་པ་རྟོགས་ནས་ཀུན་གཞི་ལ་སོགས་ལ་མངོན་པར་ཞེན་པའང་རང་ཉིད་ཀྱིས་སྤོང་བར་འགྱུར་བས་ཡོན་ཏན་ཁོ་ན་འབྱུང་གི་སྐྱོན་འདྲེན་པ་མ་ཡིན་ནོ། །དེ་སྐད་དུའང་འཕགས་པ་ལྷས། གང་ཞིག་གང་གང་ལ་དགའ་བ། །དེ་ཡིས་དེ་དེ་སྔར་སྤྱད་བྱ། །ཉམས་པར་གྱུར་པ་དམ་ཆོས་ཀྱི། །སྣོད་ནི་ཅེས་ཀྱང་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །གཞུག་པའི་ཐབས་སུ་ཀུན་གཞི་ལ་སོགས་པ་གསུངས་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་། འཇིག་ཚོགས་ལྟ་དང་བྲལ་ཡང་སངས་རྒྱས་ཀྱིས། །ཇི་ལྟར་ང་དང་ང་ཡི་ཞེས་བསྟན་ལྟར། །དེ་བཞིན་དངོས་རྣམས་རང་བཞིན་མེད་མོད་ཀྱི། །ཡོད་ཅེས་དྲང་དོན་ཉིད་དུ་བསྟན་པ་ཡིན། །འཇིག་ཚོགས་ལ་ལྟ་བ་མཐའ་དག་སྤངས་པས་ང་དང་ངའི་མེད་དུ་ཟིན་ཀྱང་། ང་དང་ངའི་ཞེས་སོགས་ཀྱི་ཐ་སྙད་འཇིག་རྟེན་གྱི་དོན་ཁོང་དུ་ཆུད་པའི་ཐབས་ཡིན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ང་དེའི་ཚེ་དེའི་དུས་ན་ཞེས་སོགས་ཇི་ལྟར་ང་དང་ངའི་ཞེས་བསྟན་པ་དེ་བཞིན་དུ། དངོས་པོ་རྣམས་རང་བཞིན་གྱིས་གྲུབ་པ་མེད་མོད་ཀྱི། འཇིག་རྟེན་གྱི་དོན་ཁོང་དུ་ཆུད་པའི་ཐབས་སུ་གཟུགས་དང་ཚོར་བ་ལ་སོགས་པ་ཕྱི་ནང་གི་དངོས་པོ་རྣམས་ཡོད་ཅེས་དྲང་དོན་ཉིད་དུ་བསྟན་པ་ཡིན་ནོ། །དེ་སྐད་དུའང་། ཤར་ཀྱི་རི་བོའི་སྡེ་པ་དང་མཐུན་པའི་ཚིགས་སུ་བཅད་པ་ལས། གལ་ཏེ་འཇིག་རྟེན་རྣམ་འདྲེན་རྣམས། །འཇིག་རྟེན་མཐུན་པར་མི་འཇུག་ན། །སངས་རྒྱས་ཆོས་ཉིད་གང་ཡིན་དང་། །སངས་རྒྱས་སུས་ཀྱང་ཤེས་མི་འགྱུར། །ཕུང་པོ་དག་དང་ཁམས་རྣམས་དང་། །སྐྱེ་མཆེད་རང་བཞིན་གཅིག་བཞེད་པ། ཁམས་གསུམ་པོ་དག་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །མིང་མེད་པ་ཡི་ཆོས་རྣམས་ཀྱང་། །བསམ་དུ་མེད་པའི་མིང་དག་གིས། །སེམས་ཅན་རྣམས་ལ་ཡོངས་བརྗོད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །དངོས་མེད་ཉེ་བར་སྟོན་མཛད་ཅིང་། །སངས་རྒྱས་རང་བཞིན་ལ་བཞུགས་པས། །དངོས་མེད་འགའ་ཡང་འདོར་མེད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །དོན་དང་དོན་མེད་མི་གཟིགས་ལ། །འགོག་པ་དང་ནི་དམ་པའི་དོན། །སྨྲ་བ་རྣམས་ཀྱིས་མཆོག་གསུངས་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །ཞིག་པ་མེད་ཅིང་སྐྱེ་མེད་ལ། །ཆོས་ཀྱི་དབྱིངས་དང་མཉམ་གྱུར་ཀྱང་། །སྲེག་པའི་བསྐལ་པ་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །དུས་གསུམ་དག་ཏུ་སེམས་ཅན་གྱི། །རང་བཞིན་དམིགས་པ་མ་ཡིན་ལ། །སེམས་ཅན་ཁམས་ཀྱང་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །ཞེས་རྒྱ་ཆེར་གསུངས་པ་ལྟར་རོ། །

ཞར་ལ་རྣམ་རིག་པའི་འདོད་པ་དགག་པ།

གཉིས་པ་ཞར་ལ་རྣམ་རིག་པའི་འདོད་པ་དགག་པ་ལ། འདོད་པ་དགོད་པ་དང་། དེ་དགག་པ་གཉིས་ལས། དང་པོ་ནི། དེ་ལྟར་དབུ་མ་པ་དག་གིས་ཀུན་གཞི་ལ་སོགས་པ་དྲང་དོན་དུ་བསྟན་ཅིང་། ཆོས་ཐམས་ཅད་རང་བཞིན་མེད་པར་བཤད་པ་ན། རྣམ་རིག་པ་དག་ཕྱོགས་དེ་མི་བཟོད་ཅིང་། རང་གི་རྣམ་པར་རྟོག་པས་སྦྱར་བའི་ལུགས་བརྗོད་པའི་སྒོ་ནས་དོན་རྣམ་པར་འཇོག་པར་བྱེད་པ་རྣམས་ཀྱིས་ཇི་སྐད་བཤད་པའི་ལུགས་བསལ་བར་བྱ་བའི་ཕྱིར་སྨྲས་པ། གཟུང་བ་མེད་པར་འཛིན་པ་མ་མཐོང་ཞིང་། །སྲིད་གསུམ་རྣམ་ཤེས་ཙམ་དུ་རབ་རྟོགས་པའི། །ཤེས་རབ་ལ་གནས་བྱང་ཆུབ་སེམས་དཔའ་དེས། །རྣམ་ཤེས་ཙམ་དུ་དེ་ཉིད་རྟོགས་པར་འགྱུར། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ས་དྲུག་པ་བ་དེས་། ཆོས་རྣམས་ཀྱི་དོན་དམ་པའི་དེ་ཁོ་ན་ཉིད་རྣམ་པར་ཤེས་པ་ཙམ་གྱི་ངོ་བོར་རབ་ཏུ་རྟོགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་འདིས་འཆད་པར་འགྱུར་བའི་རིགས་པས་སེམས་ཀྱི་གཟུང་བ་མེད་པས་དེ་ལ་ལྟོས་པའི་འཛིན་པའང་མ་མཐོང་ཞིང་། སྲིད་པ་གསུམ་པོ་འདི་དག་ཕྱི་རོལ་དོན་གྱིས་དབེན་པའི་རྣམ་པར་ཤེས་པ་ཙམ་མོ་ཞེས་ཡུན་རིང་དུ་གོམས་པར་བྱས་པས། གོམས་པ་རབ་ཏུ་གྱུར་པ་ན། གཟུང་འཛིན་དང་བྲལ་བའི་རྣམ་པར་ཤེས་པ་བརྗོད་དུ་མེད་པ་ཙམ་ཞིག་སོ་སོ་རང་རིག་པའི་ཚུལ་གྱིས་རབ་ཏུ་རྟོགས་པའི་ཕྱིར་རོ། །གལ་ཏེ་དོན་མེད་པའི་རྣམ་པར་ཤེས་པ་ཙམ་ཡིན་ན་གཟུགས་སོགས་དོན་དུ་སྣང་བའི་རྣམ་པར་ཤེས་པ་ཇི་ལྟར་སྐྱེ་ཞེ་ན། ཇི་ལྟར་རླུང་གིས་བསྐུལ་བས་རྒྱ་མཚོ་ནི། །ཆེ་ལས་ཆུ་རླབས་འབྱུང་བ་དེ་བཞིན་དུ། །ཀུན་གྱི་ས་བོན་ཀུན་གཞི་ཞེས་བྱ་ལས། །རང་གི་ནུས་པ་རྣམ་ཤེས་ཙམ་ཞིག་འབྱུང་། །ཇི་ལྟར་རྒྱ་མཚོ་ཆེན་པོ་ལ་རླུང་གི་རྐྱེན་གྱིས་བསྐུལ་བས་ཆུའི་རླབས་ཆེ་ཆུང་རྣམས་རྐྱེན་ཇི་ལྟ་བ་བཞིན་དུ་འབྱུང་བ་དེ་བཞིན་དུ། ཀུན་ནས་ཉོན་མོངས་པའི་ཆོས་ཀུན་གྱི་ས་བོན་ཐམས་ཅད་པ་ཀུན་གཞིའི་རྣམ་པར་ཤེས་པ་ལ་གཟུང་བ་དང་འཛིན་པར་མངོན་པར་ཞེན་པའི་རྣམ་པར་ཤེས་པ་ཐོག་མ་མེད་པ་ནས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་བཞག་པས་རང་གི་ནུས་པ་ཡོངས་སུ་སྨིན་པ་ལས། གཟུང་བ་དང་འཛིན་པ་གཉིས་སུ་སྣང་བའི་རྣམ་པར་ཤེས་པ་ཙམ་ཞིག་འབྱུང་བ་ན། བྱིས་པ་རྣམས་གཟུང་བ་དང་འཛིན་པར་རྣམ་པར་རྟོག་པར་བྱེད་ཀྱི། ཤེས་པ་ལས་ཐ་དད་པའི་གཟུང་བ་ཡོད་པ་ནི་མ་ཡིན་ནོ། །དཔེར་ན། དབང་ཕྱུག་རྒྱུར་སྨྲ་བ་དག བ་ནི་བ་སྒྲ་རྣམས་ཀྱི་རྒྱུ། །ཆུ་ཤེལ་ཆུ་རྣམས་ཀྱི་བཞིན་དང་། །བླག་ཤ་ཡན་ལག་རྣམས་ཀྱི་ལྟར། །དེ་ནི་ལུས་ཅན་ཀུན་གྱི་རྒྱུ། །ཞེས་དབང་ཕྱུག་འགྲོ་བ་མཐའ་དག་གི་བྱེད་པ་པོར་སྨྲ་བ་དེ་བཞིན་དུ། ཀུན་གཞིའི་རྣམ་པར་ཤེས་པ་སྨྲ་བ་དག་ཀྱང་། ཀུན་གཞི་ཉིད་འགྲོ་བ་མཐའ་དག་གི་རྒྱུར་སྨྲ་བར་བྱེད་དེ། དབང་ཕྱུག་རྟག་ལ་ཀུན་གཞི་མི་རྟག་ཅེས་བྱ་བ་འདི་ཙམ་ཞིག་ནི་ཁྱད་པར་རོ། །གང་གི་ཕྱིར་གསུང་རབ་ཀྱི་རྣམ་པར་བཞག་པ་ནི་འདི་ཡིན་པ། དེ་ཕྱིར་གཞན་གྱི་དབང་གི་ངོ་བོ་གང་། །དངོས་པོ་བཏགས་པར་ཡོད་པའི་རྒྱུར་འགྱུར་ཞིང་། །ཕྱི་རོལ་གཟུང་བ་མེད་པར་འབྱུང་འགྱུར་ལ། །ཡོད་དང་སྤྲོས་ཀུན་ཡུལ་མིན་རང་བཞིན་ཡོད། །དེ་བས་ན་གཞན་གྱི་དབང་གི་ངོ་བོ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་གང་ཡིན་པ་དེ་ནི། གང་ཟག་དང་ཆོས་ཀྱི་དངོས་པོ་བཏགས་པར་ཡོད་པ་རྣམས་ཀྱིས་སྒྲོ་བཏགས་པའི་རྒྱུར་འགྱུར་བར་ཁས་བླང་དགོས་ཏེ། གཞན་དུ་ན་འཁྲུལ་པའི་གཞི་མེད་པའི་ཕྱིར་འགའ་ཡང་བདག་དང་ཆོས་སུ་འཁྲུལ་པར་མི་རུང་བའི་ཕྱིར་རོ། །དཔེར་ན། སྦྲུལ་དུ་འཁྲུལ་པ་ཐག་པའི་རྒྱུ་མཚན་ཅན་ནི་ཐག་པ་མེད་པར་མི་རུང་ལ། བུམ་པར་འཁྲུལ་པ་ས་ལ་སོགས་པའི་རྒྱུ་མཚན་ཅན་ནི་ས་ལ་སོགས་པ་ལ་མ་ལྟོས་པར་ནམ་མཁའི་ཕྱོགས་སུ་མི་རུང་བ་བཞིན་ནོ། །དེ་བས་ན་གཞན་གྱི་དབང་འདི་ནི་ཕྱི་རོལ་གྱི་གཟུང་བ་མེད་པར་རང་ཉིད་གཉིས་སུ་སྣང་བའི་ངོ་བོར་འབྱུང་བར་འགྱུར་བ་དང་། བདག་དང་ཆོས་སུ་སྒྲོ་བཏགས་པའི་གཞིར་རྫས་སུ་ཡོད་པ་དང་། སྤྲོས་པ་སྒྲ་རྟོག་ཀུན་གྱི་ཡུལ་མིན་པའི་རང་བཞིན་དུ་ཡོད་དེ། སྒྲ་དང་རྟོག་པ་རྣམས་ནི་སྒྲོ་བཏགས་པའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར་དང་། གཞན་དབང་ནི་རྗེས་ཐོབ་དག་པ་འཇིག་རྟེན་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །དེ་དག་ནི་རྣམ་རིག་པ་དག་གི་འདོད་པའོ། །

གཉིས་པ་དེ་དགག་པ་ལ་གསུམ། ཤེས་བྱ་མེད་པའི་ཤེས་པ་དགག གཉིས་མེད་གཞན་དབང་རྫས་གྲུབ་དགག སེམས་ཙམ་གསུངས་པའི་དགོངས་པ་བསྟན། དང་པོ་ལ། ཕྱི་དོན་མེད་པའི་ཤེས་པའི་མཐུན་དཔེ་དགག ཕྱི་དོན་མེད་པའི་སྒྲུབ་བྱེད་གཞན་ཡང་དགག་པའོ། །དང་པོ་ལ་གཉིས་ལས། ཡིད་ཤེས་འཁྲུལ་པའི་མཐུན་དཔེ་དགག་པ་ནི། རྣམ་པར་ཤེས་པ་ནི་ཡུལ་རིག་པས་རབ་ཏུ་ཕྱེ་བའི་ཕྱིར། ཡུལ་མེད་པའི་རྣམ་པར་ཤེས་པ་མ་མཐོང་ནས་རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་ལ། ཕྱི་རོལ་མེད་སེམས་དཔེ་ནི་གང་དུ་ཡོད། །ཅེས་དྲིས་སོ། །སྨྲ྄ས་པ། རྨི་ལམ་ཇི་བཞིན་ཞེ་ན། ཇི་ལྟར་ཁང་མིག་ཤིན་ཏུ་ཆུང་ངུའི་ནང་དུ་ཉལ་ཏེ་གཉིད་ཀྱིས་ལོག་པ་ན། ཁང་མིག་གི་ནང་དུ་གླང་པོ་ཆེའི་ཁྱུ་འཁྲིམས་པ་རྨིས་པའི་ཚེ་ཡུལ་ཇི་ལྟ་བ་བཞིན་ཡོད་པ་མ་ཡིན་ཏེ། ཁང་མིག་གི་ནང་དུ་གླང་པོ་ཆེའི་ཁྱུ་ཤོང་བའི་གོ་སྐབས་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་པ་ཐམས་ཅད་མེད་བཞིན་དུ་འབྱུང་བ་ཡིན་ནོ་ཞེ་ན། དེའང་སྙིང་པོ་མེད་པར་བསྟན་པའི་ཕྱིར། དེ་བསམ་བྱ། །ཞེས་སྨོས་ཏེ། རྨི་ལམ་ན་ཡུལ་མེད་པའི་ཤེས་པ་གྲུབ་མ་གྲུབ་དཔྱད་པར་བྱ་བ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཚེ་ང་ལ་རྨི་ལམ་ན་ཡང་སེམས། །ཡོད་མིན་དེ་ཚེ་ཁྱོད་ཀྱི་དཔེ་ཡོད་མིན། །གང་གི་ཚེ་དབུ་མ་པ་ངའི་ལུགས་ལ། སད་པའི་གནས་སྐབས་སུ་མ་ཟད། རྨི་ལམ་ནའང་སེམས་བདེན་པ་བ་ཡོད་པ་མིན་པ་དེའི་ཚེ། རྣམ་རིག་པ་ཁྱོད་ཀྱིས་བཀོད་པའི་རྨི་ལམ་ནི་ཤེས་པ་བདེན་པ་བ་སྒྲུབ་པའི་དཔེར་ཡོད་པ་མ་ཡིན་ནོ། །གལ་ཏེ་སད་ཚེ་རྨི་ལམ་དྲན་ལས་ཡིད། །ཡོད་ན་ཕྱི་རོལ་ཡུལ་ཡང་དེ་བཞིན་འགྱུར། །གལ་ཏེ་སད་པའི་ཚེ་རྨི་ལམ་གྱི་ཤེས་པ་འཁྲུལ་པ་མྱོང་བ་དྲན་པ་ལས་ཡིད་ཀྱི་ཤེས་པ་འཁྲུལ་པ་ཡོད་པར་གྲུབ་བོ་ཞེ་ན། འོ་ན་ནི་ཇི་ལྟར་རྨི་ལམ་ན་ཤེས་པ་ཡོད་པ་དེ་བཞིན་དུ་ཕྱི་རོལ་གྱི་ཡུལ་ཡང་ཡོད་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཇི་ལྟར་ཁྱོད་ཀྱིས་ངས་མཐོང་སྙམ་དྲན་པ། །དེ་འདྲ་ཕྱི་རོལ་ལ་ཡང་མཚུངས་པ་ཡིན། །ཇི་ལྟར་སད་པའི་གནས་སྐབས་ན་ངས་འདི་ལྟ་བུ་མཐོང་ངོ་སྙམ་དུ་ཤེས་པ་དྲན་པ་དེ་དང་འདྲ་བར་གླང་པོ་ཆེ་ལ་སོགས་པའི་ཡུལ་ལའང་དྲན་པ་ཡོད་པར་མཚུངས་པའི་ཕྱིར་རོ། །རྣམ་པར་ཤེས་པར་སྨྲ་བས་དཔེ་བསྒྲུབ་པའི་ཕྱིར་སྒྲུབ་བྱེད་གཞན་སྨྲས་པ། གལ་ཏེ་གཉིད་ནང་མིག་བློ་མི་སྲིད་པས། །ཡོད་མིན་ཡིད་ཀྱི་ཤེས་པ་ཁོ་ན་ཡོད། །དེ་ཡི་རྣམ་པ་ཕྱི་རོལ་ཉིད་དུ་ཞེན། །རྨི་ལམ་ཇི་ལྟ་བཞིན་དུ་འདིར་ཡོད་ན། །གལ་ཏེ་གཉིད་ཀྱི་ནང་ན་དེས་དཀྲུགས་པས་མིག་བློ་ལ་སོགས་པའི་དབང་པོའི་ཤེས་པ་རྣམས་མི་སྲིད་པས་གཟུགས་སོགས་ཕྱི་རོལ་གྱི་ཡུལ་ཡོད་པ་མིན་ལ། འོན་ཀྱང་གཉིད་ཀྱིས་བསླད་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་དུ་སྣང་བ་ཁོ་ན་ཡོད་ལ་དེའི་རྣམ་པ་ལ་རྨི་ལམ་གྱི་ཚེ། ཕྱི་རོལ་དུ་ཞེན་པར་བྱེད་པ་ཙམ་མོ། །དེ་བས་ན་རྨི་ལམ་དུ་ཡུལ་མེད་པའི་རྣམ་པར་ཤེས་པ་འབྱུང་བ་དེ་བཞིན་དུ་སད་པའི་གནས་སྐབས་འདིར་ཡང་འབྱུང་ངོ་ཞེ་ན། དེའང་མ་ཡིན་ཏེ། ཇི་ལྟར་ཁྱོད་ཀྱི་ཕྱི་ཡུལ་རྨི་ལམ་དུ། །མ་སྐྱེས་དེ་བཞིན་ཡིད་ཀྱང་སྐྱེས་མ་ཡིན། །མིག་དང་མིག་གི་ཡུལ་དང་དེས་བསྐྱེད་སེམས། །གསུམ་པོ་ཐམས་ཅད་ཀྱང་ནི་རྫུན་པ་ཡིན། །ཇི་ལྟར་ཁྱོད་ཀྱི་ལུགས་ལ་རྨི་ལམ་དུ་ཕྱི་རོལ་གྱི་ཡུལ་སྐྱེ་བ་མེད་པ་དེ་བཞིན་དུ། ཡིད་ཀྱི་རྣམ་པར་ཤེས་པའང་སྐྱེས་པ་མ་ཡིན་ནོ། །འོན་ཀྱང་ཇི་ལྟར་སད་པའི་ཚེ་གཟུགས་མཐོང་བ་ན། མིག་དང་གཟུགས་དང་། རྣམ་པར་ཤེས་པ་གསུམ་དམིགས་པ་དེ་བཞིན་དུ། རྨི་ལམ་གྱི་ཚེའང་གསུམ་པོ་དེ་དག་དམིགས་པ་ཡིན་ནོ། །ཇི་ལྟར་དེར་མིག་དང་མིག་གི་ཡུལ་གཟུགས་གཉིས་བདེན་པ་མེད་པ་དེ་བཞིན་དུ་དེས་སྐྱེས་པའི་མིག་གི་སེམས་ཀྱང་བདེན་པ་མེད་པས། དེའི་ཕྱིར་རྨི་ལམ་གྱི་ཡུལ་དང་དབང་པོ་དང་རྣམ་ཤེས་གསུམ་པོ་ཐམས་ཅད་ནི་རྫུན་པ་འབའ་ཞིག་ཡིན་ནོ། །རྣ་སོགས་ལྷག་མ་གསུམ་ལའང་སྐྱེ་བ་མེད། །དེ་བཞིན་དུ་རྨི་ལམ་གྱི་གནས་སྐབས་ཀྱི་རྣ་བ་ནས་ཡིད་ཀྱི་བར་གྱི་ཡུལ་དང་། དབང་པོ་དང་རྣམ་ཤེས་རྣམས་ལའང་སྐྱེ་བ་མེད་དོ། །དེའི་ཕྱིར་རྨི་ལམ་གྱི་ཡུལ་དང་དབང་པོ་དང་རྣམ་ཤེས་ཐམས་ཅད་བརྫུན་པ་ཡིན་པའི་ཕྱིར་ཡིད་ཀྱི་ཤེས་པ་བདེན་པར་ཡོད་དོ་ཞེས་བྱ་བར་མི་རིགས་སོ། །རྨི་ལམ་གྱི་ཡུལ་དང་དབང་པོ་རྣམ་པར་ཤེས་པ་བརྫུན་པ་འབའ་ཞིག་ཏུ་མ་ཟད་ཀྱི། རྨི་ལམ་ཇི་ལྟ་བཞིན་དུ་སད་འདིར་ཡང་། །དངོས་རྣམས་བརྫུན་ཡིན་སེམས་དེ་ཡོད་མ་ཡིན། །སྤྱོད་ཡུལ་མེད་ཅིང་དབང་པོ་རྣམས་ཀྱང་མེད། །ཇི་ལྟར་རྨི་ལམ་གྱི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་བརྫུན་པ་དེ་བཞིན་དུ་སད་པའི་སྐབས་འདིར་ཡང་། སྤྱིར་ཕྱི་ནང་གི་དངོས་པོ་ཐམས་ཅད་རྫུན་པ་ཡིན་ཞིང་། བྱེ་བྲག་ཏུ་དམིགས་བྱེད་ཀྱི་སེམས་དང་དམིགས་བྱའི་སྤྱོད་ཡུལ་དང་། རྟེན་དབང་པོ་རྣམས་ཀྱང་བདེན་པར་གྲུབ་པ་མེད་དོ། །དེའི་ཕྱིར་མདོ་ལས། སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ལ་སུ་ཡང་མི་འཆི་སྐྱེ་བ་མེད། །སེམས་ཅན་མིང་དང་སྲོག་ཀྱང་མི་རྙེད་དེ། །ཆོས་འདི་ཐམས་ཅད་དབུ་བ་ཆུ་ཤིང་འདྲ། །ཞེས་གསུངས་པ་ཡིན་ནོ། །གཞན་ཡང་། འདི་ནི་ཇི་ལྟར་སད་བཞིན་ཇི་སྲིད་དུ། །མ་སད་དེ་སྲིད་དེ་ལ་གསུམ་པོ་ཡོད། །སད་པར་གྱུར་ན་གསུམ་ཅར་ཡོད་མིན་ལྟར། །གཏི་མུག་གཉིད་སད་ལས་དེ་དེ་བཞིན་ནོ། །འཇིག་རྟེན་འདི་ན་ཇི་ལྟར་སད་པའི་གནས་སྐབས་ན་ཡུལ་དབང་ཤེས་གསུམ་ཡོད་པ་དེ་བཞིན་དུ་ཇི་སྲིད་གཉིད་ལས་མ་སད་པ་དེ་སྲིད་དུ་རྨི་ལམ་གྱི་སྐྱེས་བུ་དེ་ལ་ཡུལ་དབང་རྣམ་པར་ཤེས་པ་གསུམ་ཅར་ཡོད་དེ། གསུམ་དུ་སྣང་བ་ཡོད་ཅིང་སྣང་བ་ལྟར་ཞེན་པའང་ཡོད་པའི་ཕྱིར། གཉིད་ལས་སད་པར་གྱུར་པ་ན་རྨི་ལམ་གྱི་སྐབས་ཀྱི་གསུམ་པོ་ཡོད་པ་མིན་པ་ལྟར། ཇི་ལྟར་མ་རིག་པའི་གཉིད་ལས་མ་སད་པ་དེ་སྲིད་དུ་ཡུལ་དང་དབང་པོ་དང་རྣམ་ཤེས་གསུམ་ཅར་མཚུངས་པར་ཡོད་ལ། གང་གི་ཚེ་མ་རིག་པའི་གཉིད་ལས་སད་དེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་མངོན་སུམ་དུ་བྱས་པ་དེའི་ཚེ་གསུམ་པོ་དེ་སད་པའི་དུས་དེ་བཞིན་དུ་སྣང་བ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཡུལ་མེད་པའི་རྣམ་ཤེས་ཡོད་པར་མི་རིགས་སོ། །གཉིས་པ་དབང་ཤེས་འཁྲུལ་པའི་དཔེ་དགག་པ་ནི། གལ་ཏེ་རབ་རིབ་ཅན་གྱིས་ཡོད་པ་མ་ཡིན་པའི་སྐྲ་ཤད་ལ་སོགས་པ་དམིགས་པའི་ཕྱིར། ཕྱི་རོལ་མེད་ཀྱང་རྣམ་པར་ཤེས་པ་ཡོད་དོ་ཞེ་ན། འདི་ལ་དགག་པ་དངོས་དང་། དེའི་སྐྱོན་སྤོང་དགག་པ་གཉིས་ལས། དང་པོ་ནི། གལ་ཏེ་ཤེས་བྱ་མེད་པར་བློ་ཡོད་ན། །དབང་པོ་རབ་རིབ་བཅས་པའི་བློ་གང་གིས། །རབ་རིབ་མཐུ་ཡིས་སྐྲ་རྣམས་གང་མཐོང་བ། །དེ་བློ་ལ་ལྟོས་གཉིས་ཅར་བདེན་པ་སྟེ། །དོན་གསལ་མཐོང་ལ་གཉིས་ཀའང་རྫུན་པ་ཡིན། །མིག་གི་དབང་པོ་རབ་རིབ་དང་བཅས་པའི་བློ་གང་གིས་རབ་རིབ་ཀྱིས་བསླད་པའི་མཐུས་སྐྲ་ཤད་ལ་སོགས་པའི་ཡུལ་གང་མཐོང་བ་དེའང་དེར་སྣང་བའི་བློ་ལ་ལྟོས་ནས་ཡུལ་དང་ཡུལ་ཅན་གཉིས་ཅར་བདེན་པ་སྟེ། དེ་དང་དེར་སྣང་བའི་ཕྱིར་རོ། །རབ་རིབ་དང་བྲལ་བའི་དོན་གསལ་བ་མཐོང་བ་ལ་ལྟོས་ནས་ཡུལ་དང་ཡུལ་ཅན་གཉིས་ཀའང་རྫུན་པ་ཡིན་ཏེ། གཉིས་ཀའང་དེ་ལ་མི་སྣང་བའི་ཕྱིར་རོ། །དེའི་ཕྱིར་ཡུལ་མེད་པའི་ཡུལ་ཅན་གྱི་ཤེས་པ་ནམ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་མ་ཡིན་པར། གལ་ཏེ་ཤེས་བྱ་མེད་པའི་བློ་ཡོད་ན། །སྐྲ་དེའི་ཡུལ་དང་མིག་ནི་རྗེས་འབྲེལ་བའི། །རབ་རིབ་མེད་ལའང་སྐྲ་ཤད་བློར་འགྱུར་ན། །དེ་ལྟ་མ་ཡིན་དེའི་ཕྱིར་དེ་ཡོད་མིན། །གལ་ཏེ་ཤེས་བྱའི་ཡུལ་སྐྲ་ཤད་མེད་པ་དེར་སྣང་བའི་བློ་ཡོད་ན། སྐྲ་ཤད་དེའི་ཡུལ་དང་རྗེས་སུ་འབྲེལ་བའི་འཁར་གཞོང་ལ་སོགས་པའི་ཡུལ་དེར་རབ་རིབ་མེད་པའི་མིག་ཅན་གྱིས་མིག་བལྟས་པ་ནའང་སྐྲ་ཤད་དུ་སྣང་བའི་བློ་སྐྱེ་བར་འགྱུར་ཏེ། ཡུལ་སྐྲ་ཤད་མེད་པར་མཚུངས་པའི་ཕྱིར་རོ། །ཡུལ་སྐྲ་ཤད་ཡོད་པ་དང་མེད་པའི་དབང་གིས་དེར་སྣང་བའི་བློ་སྐྱེ་བ་དང་མི་སྐྱེ་བ་མ་ཡིན་གྱི་སྣང་རུང་གི་རྒྱུའི་ཁྱད་པར་གཞན་ལས་ཡིན་ནོ་ཞེ་ན། མ་ཡིན་ཏེ། འོག་ནས་འགོག་པར་འགྱུར་བའི་ཕྱིར། དེ་བས་ན་རབ་རིབ་མེད་པ་ལ་སྐྲ་ཤད་དུ་སྣང་བ་སྐྱེ་བ་དེ་ལྟ་མ་ཡིན་པ་དེའི་ཕྱིར། ཡུལ་མེད་པའི་ཡུལ་ཅན་གྱི་ཤེས་པ་ཡོད་པ་མིན་ནོ། །གཉིས་པ་དེའི་སྐྱོན་སྤོང་དགག་པ་ནི། གང་ཕྱིར་མཐོང་བ་དག་ལ་བློ་ནུས་ནི། །སྨིན་མེད་དེ་ཕྱིར་དེ་ལ་བློ་མི་འབྱུང་། །ཤེས་བྱ་ཡོད་དངོས་བྲལ་བས་མིན་ཞེ་ན། །ཡུལ་ཡོད་པ་དང་མེད་པས་ཤེས་པ་སྐྱེ་བ་དང་མི་སྐྱེ་བར་ངེས་ན་དེ་ལྟར་འགྱུར་ནའང་། འདིར་ཤེས་བྱ་ཡོད་པ་ལས་དེར་སྣང་བའི་བློ་སྐྱེ། ཤེས་བྱ་དངོས་པོ་དང་བྲལ་བས་དེའི་བློ་མི་སྐྱེ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། རང་གི་བག་ཆགས་ཡོངས་སུ་སྨིན་པ་དང་། མ་སྨིན་པ་ལས་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་སྐྲ་ཤད་མཐོང་བ་དག་ལ་སྐྲ་ཤད་ཀྱི་བློའི་ནུས་པ་ཡོངས་སུ་སྨིན་ཞིང་། ནུས་པ་ཡོངས་སུ་སྨིན་པ་མེད་པའི་ཕྱིར་རབ་རིབ་མེད་པ་དེ་ལ་སྐྲ་ཤད་དུ་སྣང་བའི་བློ་མི་འབྱུང་བ་ཡིན་ནོ་ཞེ་ན། གལ་ཏེ་ནུས་པ་ཞེས་བྱ་བ་འགའ་ཞིག་ཡོད་ན། དེ་སྨིན་པ་དང་། མ་སྨིན་པ་ལས་ཤེས་པ་སྐྱེ་བ་དང་མི་སྐྱེ་བར་འགྱུར་བ་ཞིག་ན། ནུས་པ་མེད་པས་འདི་ནི་འགྲུབ་མ་ཡིན། །འཆད་པར་འགྱུར་བའི་རིགས་པས་ནུས་པ་མེད་པས་བཤད་མ་ཐག་པའི་ངེས་པ་འདི་འགྲུབ་པ་མ་ཡིན་ནོ། །ཅི་ལྟར་ནུས་པ་མི་འགྲུབ་ཅེ་ན། སྐྱེས་ལ་ནུས་པ་སྲིད་པ་ཡོད་མ་ཡིན། །མ་སྐྱེས་ངོ་བོ་ལ་ཡང་ནུས་ཡོད་མིན། །ནུས་པ་ཞེས་བྱ་བ་ཅུང་ཟད་ཅིག་ཡོངས་སུ་རྟོག་ན། རྣམ་ཤེས་ད་ལྟར་བ་དང་འབྲེལ་བ་ཅན་ཞིག་གམ། འདས་པ་དང་། མ་འོངས་པ་དང་འབྲེལ་བ་ཅན་ཞིག་ཡོངས་སུ་རྟོག དང་པོ་ལྟར་ན་རྣམ་པར་ཤེས་པ་སྐྱེས་པ་ད་ལྟ་བ་ལ་ནུས་པ་སྲིད་པ་ཡོད་པ་མ་ཡིན་ཏེ། གང་གི་ཚེ་ནུས་པའི་ཞེས་དྲུག་པ་ཡིན་པ་དེའི་ཚེ་ནུས་པ་ད་ལྟར་བ་ཡིན་ཅིང་། དེའང་རྣམ་པར་ཤེས་པ་ལས་གཞན་མ་ཡིན་པས། རྣམ་པར་ཤེས་པ་འབྲས་བུར་གྱུར་པ་ད་ལྟར་བ་ཉིད། རྒྱུ་ཉིད་དུའང་འགྱུར་ན་དེའང་རིགས་པ་མ་ཡིན་ནོ། །གལ་ཏེ་ཡིན་ན་རྣམ་ཤེས་ད་ལྟར་བ་སྐྱེ་བ་རྒྱུ་མེད་པར་ཡང་འགྱུར་ཏེ། ནུས་པ་ད་ལྟར་བ་དེའི་རྒྱུར་མི་རིགས་ཤིང་རྒྱུ་གཞན་ཡང་ཁས་མ་བླངས་པའི་ཕྱིར་རོ། །གང་གི་ཚེ་ནུས་པ་ལས་ཞེས་ལྔ་པ་ཡིན་པ་དེའི་ཚེ། ནུས་པ་ལས་རྣམ་ཤེས་ད་ལྟར་བ་འབྱུང་བ་འགྱུར་ན། དེའང་རིགས་པ་མ་ཡིན་ཏེ། ད་ལྟར་བ་ཡོད་པས་གཞན་ལ་རག་མ་ལས་པའི་ཕྱིར་རོ། །ཕྱོགས་གཉིས་པ་ལྟར་ན་རྣམ་པར་ཤེས་པ་མ་སྐྱེས་པ་མ་འོངས་པའི་འབྲེལ་བ་ཅན་གྱི་ནུས་པ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར། ཁྱད་པར་མེད་པར་ཁྱད་པར་ཅན་ཡོད་མིན། །མོ་གཤམ་བུ་ལའང་དེ་ནི་ཡོད་པར་ཐལ། །གང་གི་ཚེ་རྣམ་པར་ཤེས་པའི་ནུས་པ་ཞེས་རྣམ་པར་ཤེས་པ་ཁྱད་པར་ཡིན་ལ། ནུས་པ་ཁྱད་པར་གྱི་གཞི་ཡིན་པ་དེའི་ཚེ། ཁྱད་པར་རྣམ་པར་ཤེས་པ་མ་འོངས་པ་མེད་པས་དེས་ཁྱད་པར་དུ་བྱས་པ་ཅན་གྱི་ནུས་པ་དེ་ནི་ཡོད་པ་མ་ཡིན་ཏེ། ཁྱད་པར་མ་བཟུང་བར་ཁྱད་པར་གྱི་གཞིའི་བློ་མི་འཇུག་པའི་ཕྱིར་རོ། །གལ་ཏེ་རྣམ་ཤེས་མ་སྐྱེས་པ་ལའང་ནུས་པ་འདོད་ན། མོ་གཤམ་གྱི་བུ་ལའང་ནུས་པ་དེ་ནི་ཡོད་པར་ཐལ་བར་འགྱུར་ཏེ། མ་སྐྱེས་པར་མཚུངསཔའི་ཕྱིར་རོ། །གལ་ཏེ་འབྱུང་བར་འགྱུར་བས་བསྙད་འདོད་ན། གལ་ཏེ་ནུས་པ་ལས་འབྱུང་བར་འགྱུར་བའི་རྣམ་པར་ཤེས་པ་མ་འོངས་པ་སྙིང་ལ་བསམས་ནས་རྣམ་པར་ཤེས་པ་འདིིའི་ནུས་པ་འདིའོ་ཞེས་ནུས་པ་དེ་རྣམ་པར་ཤེས་པ་འབྱུང་བར་འགྱུར་བས་ཁྱད་པར་དུ་བྱས་ནས་བསྙད་པ་ལ་འགལ་བ་མེད་དེ། དཔེར་ན་འབྲས་ཆན་ཚོས་ཤིག སྣལ་མ་འདི་དག་ལ་སྣམ་བུ་གྱིས་ཤིག ཅེས་སྨྲ་བ་བཞིན་ཅེས་འདོད་ན། ནུས་པ་མེད་པར་འདི་ཡི་འབྱུང་འགྱུར་མེད། །གལ་ཏེ་ནུས་པ་ཡོད་ན་དེ་ལས་འབྱུང་བར་འགྱུར་བའི་རྣམ་པར་ཤེས་པ་མ་འོངས་པ་བློའི་ཡུལ་དུ་འགྱུར་བ་ཞིག་ན། རྣམ་པར་ཤེས་པ་མ་འོངས་པ་མེད་པས་དེས་ཁྱད་པར་དུ་བྱས་པའི་ནུས་པ་མེད་ལ། དེའི་ཕྱིར་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་ནུས་པ་མེད་པར་འདིའི་འབྱུང་བར་འགྱུར་བ་ཉིད་ཀྱང་མེད་པ་ཡིན་ནོ། །འདིས་ནི་འབྲས་ཆན་ལ་སོགས་པའི་དཔེ་དག་ཀྱང་བཀག་པ་ཡིན་ནོ། །གཞན་ཡང་རྣམ་པར་ཤེས་པ་ཡོད་ན་ནུས་པ་འ གྲུབ་ལ། ནུས་པ་གྲུབ་ན་རྣམ་པར་ཤེས་པ་འགྲུབ་པའི་ཕྱིར། རྣམ་པར་ཤེས་པ་དང་ནུས་པ་ཕན་ཚུན་ལྟོས་པས་གྲུབ་པར་འགྱུར་ལ། དེ་ལྟར་ན་གཉིས་ཀའང་རང་གི་ངོ་བོས་གྲུབ་པ་མ་ཡིན་ཏེ། འདི་ལྟར། ཕན་ཚུལ་དོན་ལ་བརྟེན་པའི་འགྲུབ་པ་ནི། །གྲུབ་པ་མིན་ཞེས་དམ་པ་རྣམས་ཀྱིས་གསུངས། །ཕན་ཚུལ་བརྟེན་ནས་འགྲུབ་པ་རྣམས་ནི། རིང་པོ་དང་། ཐུང་ངུ་དང་། ཕ་རོལ་དང་། ཚུ་རོལ་ལྟར་དུ། ངོ་བོ་ཉིད་ཀྱིས་གྲུབ་པ་མིན་ཞེས་དམ་པ་མཁྱེན་རབ་མངའ་བ་རྣམས་ཀྱིས་གསུངས་ཏེ། ཇི་སྐད་དུ། བསྟན་བཅོས་ལས། གལ་ཏེ་དངོས་པོ་གང་ལྟོས་གྲུབ། །དེ་ཉིད་ལ་ཡང་ལྟོས་ནས་ནི། །ལྟོས་བྱ་གང་ཡིན་དེ་འགྲུབ་ན། །གང་ལ་ལྟོས་ནས་གང་ཞིག་འགྲུབ། །ཅེས་དང་། ཡང་གསུངས་པ། དངོས་པོ་ལྟོས་གྲུབ་གང་ཡིན་པ། །དེ་མ་གྲུབ་ན་ཇི་ལྟར་ལྟོས། །ཅི་སྟེ་གྲུབ་པ་ལྟོས་ཞེ་ན། །དེ་ནི་ལྟོས་པར་མི་རིགས་སོ། །ཞེས་གསུངས་ཤིང་། འཕགས་པ་ལྷས་ཀྱང་། འབྲས་བུ་མེད་པར་རྒྱུ་ཡིས་ནི། །རྒྱུ་ཉིད་ཡོད་པ་མ་ཡིན་པར། །དེ་ཡི་ཕྱིར་ན་འབྲས་བུ་ཀུན། །རྒྱུ་ཉིད་དུ་ནི་ཐལ་བར་འགྱུར། །ཞེས་གང་གསུངས་པ་ཡིན་ནོ། །འདིར་དོན་ནི་འདི་ཡིན་ཏེ། ནུས་པ་མ་འགྲུབ་པར་རྣམ་པར་ཤེས་པ་འགྲུབ་པ་མ་ཡིན་ཏེ། ནུས་པ་ནི་རྣམ་པར་ཤེས་པའི་རྒྱུར་ཁས་བླངས་པའི་ཕྱིར་རོ། །རྣམ་པར་ཤེས་པ་མ་གྲུབ་པར་ཡང་ནུས་པ་མི་འགྲུབ་སྟེ། རྣམ་པར་ཤེས་པའི་ནུས་པ་ཞེས་ནུས་པ་རྣམ་ཤེས་ཀྱི་ཁྱད་པར་དུ་བྱས་པ་ཡིན་པའི་ཕྱིར་རོ། །

དེ་ལྟར་ན་གཅིག་མ་གྲུབ་ནའང་གཉིས་ག་མི་འགྲུབ་པའི་ཕྱིར་ངོ་བོ་ཉིད་ཀྱིས་གྲུབ་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་མ་འོངས་པ་ལ་ནུས་པ་ཡོད་པ་མ་ཡིན་ནོ། །ད་ནི་འདས་པ་ལའང་ནུས་པ་ཡོད་པ་མ་ཡིན་པར་བསྟན་པའི་ཕྱིར་བཤད་པ། གལ་ཏེ་འགག་པའི་ནུས་སྨིན་ལས་འགྱུར་ན། །གཞན་གྱི་ནུས་པ་ལས་གཞན་འབྱུང་བར་འགྱུར། །གལ་ཏེ་འགགས་ཤིང་འདས་པའི་རྣམ་པར་ཤེས་པ་དག་གིས་རང་འགག་བཞིན་པའི་གནས་སྐབས་ན་རང་དང་རྗེས་སུ་མཐུན་པའི་འབྲས་བུ་ཕྱི་མ་བསྐྱེད་པའི་དོན་དུ་ཀུན་གཞི་ལ་བཞག་པའི་ནུས་པ་ཡོངས་སུ་སྨིན་པ་ལས་རྣམ་པར་ཤེས་པ་རྣམས་འབྱུང་བར་འགྱུར་རོ་ཞེ་ན། བརྟག་པ་སྔ་མ་གཉིས་ནི་མཐའ་དཔྱོད་པ་ཙམ་ཡིན་ལ། འདི་ནི་རྣམ་རིག་པའི་འདོད་པ་རྣལ་མ་ཡིན་ནོ། །དེ་ལྟར་ན་རྣམ་པར་ཤེས་པ་གཞན་གྱི་ནུས་པ་ལས་རྣམ་པར་ཤེས་པ་གཞན་འབྱུང་བར་འགྱུར་ཏེ། གང་གི་ཕྱིར་ཞེ་ན། རྒྱུན་ཅན་རྣམས་དེར་ཕན་ཚུན་ཐ་དད་ཡོད། རྣམ་པར་ཤེས་པ་སྐད་ཅིག་སྔ་ཕྱི་རྒྱུན་མ་ཆད་པར་འཇུག་པའི་རྒྱུན་ཅན། སྐད་ཅིག་སྔ་ཕྱི་དེ་དག་ནི་རྫས་ཕན་ཚུལ་ཐ་དད་དུ་ཡོད་པར་གཞན་གྱིས་ཁས་བླངས་པ་ཡིན་ནོ། །གལ་ཏེ་གཞན་ལས་གཞན་འབྱུང་མོད། མི་རིགས་པ་ཅི་ཡོད་ཅེ་ན། འདི་ལ། གལ་ཏེ་གཞན་ལས་གཞན་ཞིག་འབྱུང་ན་ནི། །མེ་ལྕེ་ལས་ཀྱང་མུན་པ་མཐུག་པོ་འབྱུང་འགྱུར་ཞིང་། །ཞེས་སོགས་ཉེས་པ་བཤད་ཟིན་ཏོ། །གཞན་ཡང་། དེ་ཕྱིར་ཀུན་ལས་ཐམས་ཅད་སྐྱེ་བར་འགྱུར། །ཞེས་ཏེ། འདིའང་སྔར་གཞན་ལས་སྐྱེ་བ་འགོག་པའི་ཐད་དུ་བཤད་ཟིན་ཏོ། །འདིར་སྨྲས་པ། གལ་ཏེ་འདིར་ནི་རྒྱུན་ཅན་ཐ་དད་ཀྱི། །དེ་དག་ལ་རྒྱུན་ཐ་དད་མེད་དེའི་ཕྱིར། །ཉེས་མེད་ཅེ་ན། གལ་ཏེ་རྣམ་ཤེས་རྒྱུན་གྱིས་འཇུག་པའི་སྐབས་འདིར་རྒྱུན་ཅན་སྐད་ཅིག་སྔ་ཕྱི་ཐ་དད་པར་ཡོད་ཀྱང་། དེ་དག་གི་རྒྱུན་ཐ་དད་མེད་པ་དེའི་ཕྱིར་ཀུན་ལས་ཐམས་ཅད་སྐྱེ་བའི་ཉེས་པ་མེད་དོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་ན་ཉེས་པ་མེད་པར་འགྱུར་བ་ཞིག་ན། འདི་ནི་མ་བསྒྲུབས་པས། འདི་ནི་བསྒྲུབ་བྱ་ཞིག་གོ །ཅིའི་ཕྱིར་ཞེ་ན། ཐ་མི་དད་པའི་རྒྱུན་སྐབས་མེད་ཕྱིར་རོ། །རྣམ་ཤེས་སྐད་ཅིག་སྔ་ཕྱི་རྫས་ཐ་དད་པ་རྣམས་ལ་ཐ་མི་དད་པའི་རྒྱུན་གཅིག་རྗེས་སུ་འཇུག་པའི་གོ་སྐབས་མེད་པའི་ཕྱིར་རོ། །དེའང་འདི་ལྟར། བྱམས་པ་ཉེར་སྦས་ལ་བརྟེན་ཆོས་རྣམས་ནི། །གཞན་ཉིད་ཕྱིར་ན་རྒྱུད་གཅིག་གཏོགས་མིན་ཏེ། །གང་དག་རང་མཚན་ཉིད་ཀྱིས་སོ་སོ་བ། །དེ་དག་རྒྱུད་གཅིག་གཏོགས་པར་རིགས་མ་ཡིན། །ཇི་ལྟར་བྱམས་པ་དང་ཉེར་སྦས་ལྟ་བུ་གཞན་དང་གཞན་ལ་བརྟེན་པའི་ཆོས་རྣམས་ནི་གཞན་ཉིད་ཡིན་པའི་ཕྱིར་རྒྱུད་གཅིག་ཏུ་གཏོགས་པ་མ་ཡིན་པ། དེ་བཞིན་དུ་རྣམ་པར་ཤེས་པ་སྐད་ཅིག་སྔ་ཕྱི་གང་དག་རང་མཚན་ཉིད་ཀྱིས་སོ་སོ་ཐ་དད་པ་དེ་དག་རྒྱུད་གཅིག་ཏུ་གཏོགས་པར་རིགས་པ་མིན་ཏེ། གཞན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ནུས་པ་ཡོངས་སུ་སྨིན་པ་དང་མ་སྨིན་པ་ལས་རྣམ་པར་ཤེས་པ་སྐྱེ་བ་དང་མི་སྐྱེ་བ་ཡིན་ནོ། །ཞེས་སྨྲ་བ་དེ་བསལ་བ་ཡིན་ཏེ། དེའི་ཕྱིར་ཤེས་བྱ་མེད་ན་ཤེས་པའང་མེད་དོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །གཉིས་པ་ཕྱི་མེད་ཤེས་པ་ཡོད་པའི་སྒྲུབ་བྱེད་གཞན་ཡང་དགག་པ་ནི། སླར་ཡང་རྣམ་པར་ཤེས་པ་སྨྲ་བས་རང་གི་ལུགས་བརྗོད་པའི་སྒོ་ནས་མངོན་པར་འདོད་པའི་དོན་འགྲུབ་པར་བསམས་ནས་སྨྲས་པ། མིག་བློའི་སྐྱེ་བར་རང་ནུས་གང་ཞིག་ལས། །དེ་མ་ཐག་ཏུ་དེ་ནི་སྐྱེ་འགྱུར་ཞིང་། །རང་གི་རྣམ་ཤེས་རྟེན་གྱི་ནུས་དེ་ལ། །དབང་པོ་གཟུགས་ཅན་མིག་ཅེས་བྱ་བར་རྟོགས། །མིག་གི་དབང་པོའི་བློ་སྐྱེ་བར་འགྱུར་བའི་རང་གི་ནུས་པ་གང་ཞིག་ཀུན་གཞི་ལ་རྣམ་ཤེས་སྔ་མས་བཞག་པ་གང་ཡིན་པ་དེ་ལས་དེ་མ་ཐག་ཏུ་མིག་གི་རྣམ་པར་ཤེས་པ་དེ་ནི་སྐྱེ་བར་འགྱུར་ཞིང་། མིག་གི་རྣམ་ཤེས་རང་གི་རྟེན་དུ་གྱུར་པའི་ནུས་པ་དེ་ལ་གཏི་མུག་གི་དབང་གིས་འཇིག་རྟེན་ན་དབང་པོ་གཟུགས་ཅན་མིག་ཅེས་བྱ་བར་ཐ་སྙད་བྱེད་ཀྱི། རྣམ་ཤེས་ལས་ཐ་དད་པའི་མིག་གི་དབང་པོ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་དབང་པོ་གཞན་རྣམས་ལའང་ཤེས་པར་བྱའོ། །དེ་ལྟར་རྣམ་ཤེས་ལས་ཐ་དད་པའི་དབང་པོ་མེད་པར་བསྟན་ནས། གཟུགས་སོགས་ཡུལ་རྣམས་ཀྱང་ཤེས་པ་ལས་ཐ་མི་དད་པར་བསྟན་པའི་ཕྱིར་སྨྲས་པ། འདི་ན་དབང་པོ་ལས་བྱུང་རྣམ་པར་རིག །ཕྱི་གཟུང་མེད་པར་རང་གི་ས་བོན་ལས། །སྔོ་སོགས་སྣང་ཉིད་བྱུང་བར་མ་རྟོགས་ནས། །སྐྱེ་བོས་ཕྱི་རོལ་གཟུང་བར་སེམས་ཁས་ལེན། །འདི་ནི་མིག་ལ་སོགས་པའི་དབང་པོ་ལས་བྱུང་བའི་རྣམ་པར་རིག་པ་རྣམས་ཕྱི་རོལ་གྱི་གཟུང་བ་ལ་ལྟོས་པ་མེད་པར་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པའི་རང་གི་ས་བོན་ལས། སྔོ་སོགས་ཡུལ་དུ་སྣང་བ་ཉིད་བྱུང་བར་མ་རྟོགས་ནས་འཇིག་རྟེན་གྱི་སྐྱེ་བོས་ཤེས་པ་ལ་སྣང་བ་ཕྱི་རོལ་གྱི་གཟུང་བར་སེམས་ཤིང་ཁས་ལེན་པར་བྱེད་དོ། །དེ་ལྟར་ན་རྣམ་པར་ཤེས་པ་ལས་ཕྱི་རོལ་ཏུ་གྱུར་པའི་དོན་ཡོད་པ་མ་ཡིན་ནོ། །རྣམ་པ་གཅིག་ཏུ་ན། རྨི་ལམ་ན་ནི་གཟུགས་དོན་གཞན་མེད་པར། །རང་ནུས་སྨིན་ལས་དེ་ཡི་རྣམ་ཅན་སེམས། །འབྱུང་བ་ཇི་ལྟར་དེ་བཞིན་སད་ལའང་འདིར། །ཕྱི་རོལ་མེད་པར་ཡིད་ནི་ཡོད་ཅེ་ན། །ཇི་ལྟར་རྨི་ལམ་ན་ནི་གཟུགས་སོགས་ཕྱིའི་ཡུལ་དོན་གཞན་མེད་པར། རང་དང་རྗེས་སུ་མཐུན་པའི་ནུས་པ་སྨིན་པ་ལས་གཟུགས་སོགས་སད་པ་དེའི་རྣམ་པ་ཅན་གྱི་ཡིད་ཀྱི་སེམས་འབྱུང་བ་དེ་བཞིན་དུ། སད་པའི་གནས་སྐབས་ལའང་། ཕྱི་རོལ་མེད་པར་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པ་ཡིན་ནོ་ཞེ་ན། དེའང་མ་ཡིན་ཏེ། འདི་ལྟར་ཇི་ལྟར་མིག་མེད་པར་ནི་རྨི་ལམ་དུ། །སྔོ་སོགས་སྣང་བའི་ཡིད་སེམས་འབྱུང་དེ་ལྟར་། །མིག་དབང་མེད་པར་རང་གི་ས་བོན་ནི། །སྨིན་ལས་ལོང་བ་ལ་འདིར་ཅིས་མི་སྐྱེ། །ཇི་ལྟར་མིག་དང་གཟུགས་མེད་པར་ཡང་རྨི་ལམ་དུ་རང་གི་བག་ཆགས་ཡོངས་སུ་སྨིན་པ་ལས་སྔོ་སོགས་ཡུལ་དུ་སྣང་བའི་ཡིད་ཀྱི་སེམས་སད་པའི་གནས་སྐབས་ཀྱི་མིག་གི་ཤེས་པ་དང་རྗེས་སུ་མཐུན་པ་འབྱུང་ན། དེ་ལྟར་དུ་སད་པའི་གནས་སྐབས་འདིར་ཡང་རང་གི་ས་བོན་ཡོངས་སུ་སྨིན་པ་ལས་ལོང་བ་དག་ལ་སྔོ་སོགས་སྣང་བའི་ཡིད་བློ་ཇི་ལྟར་མི་སྐྱེ་སྟེ། གཉིད་ལོག་པའི་གནས་སྐབས་དང་། མིག་མེད་པར་འདྲ་བའི་ཕྱིར་རོ། །གལ་ཏེ་ཁྱོད་ལྟར་རྨི་ལམ་དྲུག་པ་ཡི། །ནུས་པ་སྨིན་ཡོད་སད་ལ་མེད་གྱུར་ན། །གལ་ཏེ་ཁྱོད་ཀྱི་ལྟར་ན་མིག་མེད་པ་ཉིད་ཤེས་པ་དེ་ལྟ་བུའི་རྒྱུ་མ་ཡིན་གྱི། འོ་ན་ཅི་ཞེ་ན། དེ་ལྟར་བུའི་ཡིད་ཀྱི་རྣམ་པར་ཤེས་པའི་ནུས་པ་ཡོངས་སུ་སྨིན་པ་ཡིན་ལ། དེའང་རྨི་ལམ་གྱི་ཚེ་གཉིད་ཀྱི་རྐྱེན་གྱིས་དེ་ལྟ་བུའི་དྲུག་པ་ཡིད་ཀྱི་ཤེས་པའི་ནུས་པ་སྨིན་པ་ཡོད་ལ། སད་པ་ལ་མེད་པས་ཇི་སྐད་བཤད་པའི་ཉེས་པར་མི་འགྱུར་ན། དྲུག་པའི་ནུས་སྨིན་ཇི་ལྟར་འདིར་མེད་པ། །དེ་ལྟར་རྨི་ཚེ་མེད་ཅེས་ཅིས་མི་རིགས། །གལ་ཏེ་ཤེས་བྱེད་མེད་པར་ཚིག་ཙམ་གྱིས་དེ་སྐད་སྨྲ་ན། ངེད་ཀྱི་ཚིག་གིས་ཀྱང་ཇི་ལྟར་སད་པའི་གནས་སྐབས་འདིར་དྲུག་པའི་ནུས་པ་སྨིན་པ་མེད་པ་དེ་ལྟར། རྨི་ལམ་གྱི་ཚེའང་མེད་དོ་ཞེས་ཅིས་མི་རིགས། ཅི་སྟེ་དེ་ལྟ་བུའི་ནུས་པ་སྨིན་པར་བྱེད་པའི་རྐྱེན་གཉིད་ཡོད་པ་དང་མེད་པའི་ཕྱིར་ཞེས་སྔར་མ་སྨྲས་སམ་ཞེ་ན། སྨྲས་ཀྱང་རིགས་པ་མ་ཡིན་ཏེ། ཇི་ལྟར་མིག་མེད་འདི་ཡི་རྒྱུ་མིན་ལྟར། །རྨི་ལམ་དུ་ཡང་གཉིད་ནི་རྒྱུ་མ་ཡིན། །ཇི་ལྟར་མིག་མེད་པའི་སད་པའི་གནས་སྐབས་ཀྱི་ལོང་བའི་རྒྱུད་ལ་སྔོ་སོགས་སྣང་བའི་ཡིད་ཀྱི་རྣམ་པར་ཤེས་པའི་ནུས་པ་སྨིན་པར་བྱེད་པའི་རྒྱུ་མིན་པ་ལྟར། རྨི་ལམ་དུའང་། གཉིད་ནི་དེ་ལྟ་བུའི་ཡིད་ཀྱི་ཤེས་པའི་ནུས་པ་སྨིན་པའི་རྒྱུ་མ་ཡིན་ཏེ། གནས་སྐབས་དེ་གཉིས་ཀའང་མིག་མེད་པར་མཚུངས་པའི་ཕྱིར་རོ། །འོ་ན་ལོང་བ་དག་ལ་རྨི་ལམ་དུ་སྔོ་སོགས་གསལ་བར་སྣང་བའི་ཤེས་པ་སྐྱེ་བ་ཇི་ལྟར་ཡིན་ཏེ། དེ་དག་ལ་མིག་མེད་པའི་ཕྱིར་རོ་ཞེ་ན། དེའི་ཚེ་གཉིད་ཀྱི་རྐྱེན་ལས་མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ་རྫུན་པའི་རང་བཞིན་ཅན་སྐྱེ་བའི་ཕྱིར་ཉེས་པ་མེད་དོ། །འོ་ན་སད་པའི་ཚེ་ཇི་ལྟར་མི་འབྱུང་ཞེ་ན། རྐྱེན་གཉིད་མེད་པའི་ཕྱིར་རོ། །འོ་ན། ཇི་ལྟར་སད་པའི་ཚེ་མིག་མེད་པ་དབང་ཡུལ་རྫུན་པའི་རྒྱུ་མ་ཡིན་པ་ལྟར། རྨི་ལམ་གྱི་ཚེའང་གཉིད་ཀྱང་དེ་དག་གི་རྒྱུར་མི་རུང་ངོ་ཞེ་ན། དེ་ནི་འབྲེལ་བ་མེད་དེ། སད་པའི་གནས་སྐབས་ན་ནམ་ཡང་མིག་མེད་པ་ལ་ནི་སྔོ་སོགས་གསལ་བར་སྣང་བའི་ཤེས་པ་བདེན་པའམ་རྫུན་པ་འགའ་ཡང་སྐྱེ་བར་མ་མཐོང་ལ། སྔོ་སོགས་གསལ་བར་སྣང་བའི་ཤེས་པ་དང་ལྡན་པ་ལ་ནི་མིག་དང་ལྡན་པའི་ཐ་སྙད་འདོགས་པའི་ཕྱིར། རྨི་ལམ་ནའང་སྔོ་སོགས་གསལ་བར་སྣང་བའི་ཤེས་པ་ཉམས་སུ་མྱོང་བའི་ཕྱིར་ན། མིག་དང་མིག་གི་རྣམ་པར་ཤེས་པ་ཁས་བླང་བར་བྱའོ། །དེ་ལྟ་བུའི་དབང་པོ་རྫུན་པའི་རྒྱུའང་གཉིད་ཡིན་ཏེ། རྒྱུ་གཞན་མ་དམིགས་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་ཕྱིར་རྨི་ལམ་དུ་ཡང་དེ་དངོས་མིག །རྫུན་པའི་ཡུལ་ཅན་རྟོགས་པའི་རྒྱུར་ཁས་བླང་། །དེ་བས་ན་རྨི་ལམ་དུའང་རྫུན་པའི་དངོས་པོའམ་རང་བཞིན་ཅན་གྱི་མིག་ནི། རྫུན་པའི་རང་བཞིན་ཅན་གྱི་ཡུལ་རྟོགས་པའི་རྒྱུར་ཁས་བླང་བར་བྱ་སྟེ། མིག་ལ་སོགས་པའི་དབང་པོ་མེད་པར་གཟུགས་སྒྲ་ལ་སོགས་པའི་ཡུལ་རྟོགས་པ་མ་མཐོང་བའི་ཕྱིར་རོ། །དེ་ལྟར་ན། འདི་ཡིས་ལན་ནི་གང་དང་གང་བཏབ་པ། །དེ་དང་དེ་ནི་དམ་བཅའ་མཚུངས་མཐོང་ནས། །རྩོད་འདི་སེལ་བྱེད། དབུ་མ་པས་ཡུལ་དང་དབང་པོ་རྣམ་ཤེས་གསུམ་ཀ་རང་བཞིན་མེད་པར་བསྟན་པ་ན། རྣམ་པར་ཤེས་པར་སྨྲ་བ་འདི་ཡིས་ཡུལ་བདེན་པར་མེད་ཅིང་ཤེས་པ་བདེན་པར་སྒྲུབ་པའི་ལན་ནི། སད་པའི་ཤེས་པ་ནི་དོན་གྱིས་སྟོང་སྟེ་རྣམ་པར་ཤེས་པ་ཡིན་པའི་ཕྱིར་རྨི་ལམ་གྱི་ཤེས་པ་བཞིན། སད་པའི་སྐབས་ཀྱི་ཡུལ་ཡང་རྫུན་པའི་རང་བཞིན་ཅན་ཡིན་ཏེ། ཡུལ་ཡིན་པའི་ཕྱིར་རྨི་ལམ་གྱི་ཡུལ་བཞིན། དེ་བཞིན་དུ་ཀུན་ནས་ཉོན་མོངས་དང་རྣམ་བྱང་ནི་གཞན་གྱི་དབང་མེད་ན་ཡོད་པ་མ་ཡིན་ཏེ། རྟེན་མེད་ཕྱིར་རུས་སྦལ་གྱི་སྤུའི་གོས་བཞིན་ཞེས་སོགས་གང་དང་གང་བཏབ་པ་དེ་དང་དེ་ནི་མཁས་པ་དབུ་མ་པ་དག་གིས་དམ་བཅའ་དང་མཚུངས་པར་བསྒྲུབ་བྱ་ལ་ནུས་པ་མེེད་པར་མཐོང་བའི་ཕྱིར་རྣམ་ཤེས་སྨྲ་བ་རྣམས་ཀྱི་རྩོད་པ་འདི་རྣམས་སེལ་བར་བྱེད་དོ། །དེ་བཞིན་དུ་རྣམ་ཤེས་བདེན་པ་མེད་པར་སྒྲུབ་པ་ལ་ལུང་གི་གནོད་པ་ལ་སོགས་པའི་ཉེས་པ་མེད་དེ། གང་གི་ཕྱིར། སངས་རྒྱས་རྣམས་ཀྱིས་ནི། །འགར་ཡང་དངོས་པོ་ཡོད་ཅེས་མ་བསྟན་ཏོ། །ཇི་སྐད་དུ་འཕགས་པ་ལང་ཀར་གཤེགས་པ་ལས། སྲིད་པ་གསུམ་ནི་བཏགས་པ་ཙམ། །ངོ་བོ་ཉིད་ཀྱིས་དངོས་པོ་མེད། །བཏགས་པ་དངོས་པོའི་ངོ་བོར་ནི། །རྟོག་གེ་པ་དག་རྟོག་པར་འགྱུར། །རང་བཞིན་མེད་ཅིང་རྣམ་རིག་མེད། །ཀུན་གཞི་མེད་ཅིང་དངོས་མེད་ན། །བྱིས་པ་ངན་པ་རྟོག་གེ་པ། །རོ་དང་འདྲ་བས་འདི་དག་བརྟགས། །ཞེས་གསུངས་པའི་ཕྱིར་རོ། །འདིར་སྨྲས་པ། རྣལ་འབྱོར་པ་ཡིས་བླ་མའི་མན་ངག་ལས། །ཀེང་རུས་ཀྱིས་གང་ས་གཞི་མཐོང་བ་གང་། །གལ་ཏེ་ཡུལ་མེད་པར་ཤེས་པ་ཡོད་པ་མ་ཡིན་ན་རྣལ་འབྱོར་པ་ཡིས་བླ་མའི་མན་ངག་ལ་བརྟེན་ནས་མི་སྡུག་པ་བ སྒོམ་པ་ན། ས་གཞི་ཀེང་རུས་ཀྱི་གང་བར་མཐོང་བ་དེ་ཇི་ལྟར་ཞེ་ན། དེར་ཡང་གསུམ་ཆར་སྐྱེ་བ་མེད་པར་མཐོང་། །ལོག་པ་ཡིད་ལ་བྱེད་པར་བསྟན་ཕྱིར་རོ། །རྣལ་འབྱོར་པས་ས་གཞི་ཀེང་རུས་ཀྱིས་གང་བ་མཐོང་བ་དེར་ཡང་ཡུལ་དང་དབང་པོ་དང་རྣམ་ཤེས་གསུམ་ཆར་སྐྱེ་བ་མེད་པ་ཡིན་ཏེ། ཏིང་ངེ་འཛིན་དེ་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་མ་ཡིན་གྱི། ལོག་པ་ཡིད་པ་བྱེད་པ་ཡིན་པར་ལུང་ལས་བསྟན་པའི་ཕྱིར་རོ། །འདི་ནི་གདོན་མི་ཟ་བར་དེ་ལྟར་འདོད་པར་བྱ་དགོས་ཏེ། གཞན་དུ་ན། ཁྱོད་ཀྱི་དབང་བློའི་ཡུལ་རྣམས་ཇི་ལྟ་བར། །དེ་ལྟར་མི་སྡུག་ཡིད་ཀྱི་ཡང་འགྱུར་ན། །དེ་བཞིན་ཡུལ་དེར་བློ་གཏད་ཅིག་ཤོས་ཀྱིས། །རྟོགས་འགྱུར་དེ་ནི་བརྫུན་པ་ཡང་མི་འགྱུར། །དབང་པོའི་ཤེས་པའི་ཡུལ་རྣམས་ཇི་ལྟ་བ་དེ་ལྟར་ཀེང་རུས་ལ་སོགས་པ་མི་སྡུག་པ་སྒོམ་པའི་ཡིད་ཀྱི་ཡུལ་ཡང་ལོག་པ་མ་ཡིན་པར་ཡང་དག་པར་གྲུབ་པར་འགྱུར་ན། ཡུལ་རུང་བ་གཅིག་ན་གནས་པའི་དབང་ཤེས་ཀྱིས་ཡུལ་རྣམས་ནི་ཇི་ལྟར་གཅིག་གིས་མཐོང་བ་ལྟར་གཞན་གྱིས་ཀྱང་མཐོང་བ་དེ་བཞིན་དུ་རྣལ་འབྱོར་པས་ཀེང་རུས་སོགས་མཐོང་བའི་ཡུལ་དེར་ཀེང་རུས་སོགས་ལྟ་བར་འདོད་པས་བློ་གཏད་ན་ཅིག་ཤོས་རྣལ་འབྱོར་པ་མ་ཡིན་པ་རྣམས་ཀྱིས་ཀྱང་རྟོགས་པར་འགྱུར་ཏེ། དེ་ནི་ཡུལ་དེར་ཇི་ལྟར་སྣང་བ་ལྟར་ཡང་དག་པར་གྲུབ་པའི་ཕྱིར་རོ། །གཞན་ཡང་ཏིང་ངེ་འཛིན་དེ་རྫུན་པ། ཡང་དག་པ་མ་ཡིན་པ་ཡིད་ལ་བྱེད་པར་ཡང་མི་འགྱུར་རོ། །དེ་བཞིན་དུ། རབ་རིབ་དང་ལྡན་དབང་པོ་ཅན་མཚུངས་པ། །ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང་། །རབ་རིབ་དང་ལྡན་པའི་དབང་པོ་ཅན་ལ་ཇི་སྐད་བཤད་པ་དང་མཚུངས་པར་ཆུ་འབབ་པའི་ཆུ་ཀླུང་ལ་ཡི་དྭགས་རྣམས་རྣག་ཏུ་སྣང་བ་ལ་སོགས་པའི་བློ་ཡང་རིག་པར་བྱའོ། །ཤེས་བྱ་མེད་པའིི་ཤེས་པ་མེད་པར་བསྟན་པའི་དོན་བསྡུ་བར་བཞེད་ནས། མདོར་ན་དེ་ལྟར་ཤེས་བྱ་མེད་དེ་བཞིན ། །བློ་ཡང་མེད་ཅེས་དོན་འདི་ཤེས་པར་གྱིས། །ཇི་སྐད་དུ་བཤད་པའི་ཚུལ་དེ་ལྟར་ན། ཤེས་བྱ་རང་བཞིན་མེད་པ་དེ་བཞིན་དུ་དེའི་རྣམ་པ་ཅན་གྱི་བློ་ཡང་རང་བཞིན་མེད་ཅེས་བྱ་བའི་དོན་འདི་ཤེས་པར་གྱིས་ཤིག །

གཉིས་མེད་གཞན་དབང་རྫས་གྲུབ་ཀྱི་ངོ་བོ་དགག་པ།

གཉིས་པ་གཉིས་མེད་གཞན་དབང་རྫས་གྲུབ་ངོ་བོ་དགག་པ་ལ། ཤེས་བྱེད་མིན་པས་ཤེས་བྱ་མིན། ཀུན་རྫོབ་པའི་རྒྱུ་ཡིན་པ་དགག་པའོ། །དང་པོ་ནི། གལ་ཏེ་གཟུང་མེད་འཛིན་པ་གཉིས་བྲལ་བའི། །གཉིས་ཀྱིས་སྟོང་པའི་གཞན་དབང་དངོས་ཡོད་ན། །འདི་ཡི་ཡོད་ཉིད་གང་གིས་ཤེས་པར་འགྱུར། །མ་གཟུང་བར་ཡང་ཡོད་ཅེས་བྱར་མི་རུང་། །གལ་ཏེ་གཟུང་བ་དང་འཛིན་པ་གཉིས་ཀྱིས་སྟོང་པའི་གཞན་གྱི་དབང་གི་དངོས་པོ་བདེན་པར་ཡོད་ན། འདི་ཡོད་པ་ཉིད་དུ་ཡུལ་ཅན་གང་གིས་ཤེས་པར་འགྱུར། ཡུལ་ཅན་འགའ་ཞིག་གིས་མ་གཟུང་བར་ཡང་ཡོད་ཅེས་བྱ་བར་མི་རུང་སྟེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལ་རེ་ཞིག་འདི་རང་ལས་དོན་གཞན་པའི་ཤེས་པས་འཛིན་པ་མ་ཡིན་ཏེ། ཤེས་པ་ཐམས་ཅད་གཟུང་འཛིན་དང་བྲལ་བར་ཁས་བླངས་པའི་ཕྱིར་རོ། །དེ་ཉིད་ཀྱིས་དེ་མྱོང་བར་གྲུབ་མ་ཡིན། །རང་ཉིད་རང་ལ་བྱེད་པ་འགལ་བའ་ིཕྱིར་ཏེ། འདི་ལྟར། རལ་གྲིའི་སོས་རང་མི་གཅོད་པ་དང་། སོར་མོས་རང་ལ་མི་རེག་པ་དང་། མེས་རང་མི་སྲེག་པ་དང་། མིག་གིས་རང་ལ་མི་ལྟ་བ་བཞིན་ནོ། །འདིར་རང་རིག་པ་སྒྲུབ་པའི་ཕྱིར་སྒྲུབ་བྱེད་སྨྲས་པ། གལ་ཏེ་ཕྱིས་དུས་དྲན་ལས་འགྲུབ་ཅེ་ན། །ཇི་ལྟར་མར་མེ་ནི་སྐྱེས་པ་ཉིད་ནས་རང་གི་བདག་ཉིད་དང་བུམ་པ་ལ་སོགས་པའི་ཡུལ་གཉིས་ཀ་ཅིག་ཅར་དུ་གསལ་བར་བྱེད་པ། དེ་བཞིན་དུ་ཤེས་པ་རྣམས་ཀྱང་རང་གི་བདག་ཉིད་དང་གཟུགས་སོགས་ཡུལ་རྣམས་ཅིག་ཅར་དུ་གསལ་བར་བྱེད་པ་ཡིན་ནོ། །དེའི་ཕྱིར་རང་རིག་པ་ནི་འདོད་པར་བྱ་དགོས་ཏེ། གཞན་དུ་ན་དུས་ཕྱིས་ངས་གཟུགས་མཐོང་ངོ་སྙམ་དུ། གཟུགས་ཉམས་སུ་མྱོང་བའི་ཤེས་པ་དྲན་པ་སྐྱེ་བར་མི་འགྱུར་ཏེ། དྲན་པ་ནི་མྱོང་བའི་ཡུལ་ཡིན་པའི་ཕྱིར་དང་། གཟུགས་མྱོང་བའི་ཤེས་པ་ལ་མྱོང་བྱེད་མེད་པའི་ཕྱིར་རོ། །འདི་ལྟར་རང་རིག་པ་མེད་པའི་ཕྱིར་དང་། ཤེས་པ་གཞན་གྱིས་ཀྱང་མྱོང་བར་རིགས་པ་མ་ཡིན་ཏེ། སྔོན་པོར་སྣང་བའི་ཤེས་པ་དེ་ཤེས་པ་རང་ལས་ཕྱིས་བྱུང་བ་གཞན་གྱིས་ཉམས་སུ་མྱོང་ན། དེའང་དེ་ལས་གཞན་གྱིས་མྱོང་བ་ལ་སོགས་པ་མྱོང་བྱེད་ཐུག་པ་མེད་པར་བརྒྱུད་དགོས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར། དུས་ཕྱིས་ངས་གཟུགས་མཐོང་ངོ་སྙམ་དུ་གཟུགས་མྱོང་བ་དྲན་པ་ལས་ཤེས་པ་མྱོང་བྱེད་ཡོད་པར་གྲུབ་ལ། དེའང་གཞན་གྱིས་མྱོང་བ་མི་འཐད་པའི་ཕྱིར་རང་རིག་པ་འགྲུབ་པ་ཡིན་ལ། རང་རིག་པ་ལས་གཞན་དབང་ཡོད་པར་གྲུབ་བོ་ཞེ་ན། དེའང་རིགས་པ་མ་ཡིན་ཏེ། འདི་ལྟར། མ་གྲུབ་བསྒྲུབ་པར་བྱ་ཕྱིར་བརྗོད་པ་ཡིས། །མ་གྲུབ་འདི་ནི་སྒྲུབ་པར་བྱེད་པ་མིན། །དེ་ལ་རེ་ཞིག་རང་རིག་པའི་རྫས་དོན་དམ་པར་གྲུབ་པའི་དབང་དུ་བྱས་ནས་དྲན་པ་སྒྲུབ་བྱེད་དུ་སྨྲ་ན། དོན་དམ་པར་མ་གྲུབ་པའི་རང་རིག་པ་བསྒྲུབ་པའི་ཕྱིར་དུ། བརྗོད་པའི་དྲན་པ་འདི་ནི་དེའི་སྒྲུབ་བྱེད་མིན་ཏེ། རང་རིག་ལྟར་དེའང་དོན་དམ་པར་མ་གྲུབ་པའི་ཕྱིར་ཏེ། བདག་དང་གཞན་སོགས་ལས་སྐྱེ་བ་མེད་པའི་ཕྱིར་རོ། །ཅི་སྟེ་ཐ་སྙད་དུ་རང་རིག་པ་སྒྲུབ་པའི་དབང་དུ་བྱས་ནས་དེ་སྐད་སྨྲ་ན། དྲན་པ་ཙམ་ཞིག་སྒྲུབ་བྱེད་དུ་སྨྲའམ། འོན་ཏེ་རང་རིག་པའི་རྒྱུ་ཅན་གྱི་དྲན་པ་སྨྲ། དང་པོ་ལྟར་ན། མེ་ཙམ་ལས་མེ་ཤེལ། ཚུ་ཙམ་ལས་ཆུ་ཤེལ་དཔོག་པ་ལྟར། མ་ངེས་པ་ཡིན་ཏེ། རང་རིག་པ་མེད་པར་ཡང་དྲན་པ་འབྱུང་བར་འོག་ནས་སྒྲུབ་པའི་ཕྱིར་རོ། །གཉིས་པ་ལྟར་ན། ཐ་སྙད་དུ་ཤེས་པ་རང་རིག་པ་གྲུབ་པ་མ་ཡིན་ཏེ། ཤེས་པས་དོན་རྟོགས་པར་འཇིག་རྟེན་ན་ཐ་སྙད་བྱེད་པའི་ཕྱིར་རོ། །དེའི་ཕྱིར་ཐ་སྙད་དུ་མ་གྲུབ་པའི་རང་རིགས་པ་བསྒྲུབ་པར་བྱ་བའི་ཕྱིར་དུ་བརྗོད་པའི་རང་རིག་པའི་རྒྱུ་ཅན་གྱི་དྲན་པ་འདི་ནི་རང་རིག་སྒྲུབ་བྱེད་མ་ཡིན་ཏེ། རང་རིག་ལྟར་དུ་མ་གྲུབ་པའི་ཕྱིར། མིག་གི་གཟུང་བྱས་སྒྲ་མི་རྟག་པ་སྒྲུབ་པ་བཞིན་ནོ། །གཞན་ཡང་དེ་ལྟ་བུའི་དཔྱོད་པ་བཏང་ནས་རང་རིག་ཁས་བླངས་ཀྱང་དགག་པའི་ཕྱིར་སྨྲས་པ། རང་རིག་པ་ནི་འགྲུབ་ལ་རག་མོད་ཀྱི། །དེ་ལྟར་དྲན་པའི་དྲན་པར་རིགས་མིན་ཏེ། །གཞན་ཕྱིར་མ་ཤེས་རྒྱུད་ལ་སྐྱེས་པ་བཞིན། །ཅི་སྟེ་ཤེས་པས་ཡུལ་དང་རང་གི་བདག་ཉིད་གཉིས་ཀ་མྱོང་པའི་ཕྱིར་རང་རིག་པ་གྲུབ་ཏུ་ཆུག་མོད། དེ་ལྟར་ནའང་དུས་ཕྱིས་ཀྱི་དྲན་པས་སྔར་གྱི་ཤེས་པའི་མྱོང་བ་དྲན་པར་རིགས་པ་མིན་ཏེ། སྔར་གྱི་མྱོང་བ་དང་ཕྱིས་ཀྱི་དྲན་པ་རྫས་གཞན་དུ་ཁས་བླངས་པའི་ཕྱིར། དཔེར་ན་བྱམས་པའི་རྒྱུད་ཀྱི་དྲན་པས། རང་གིས་མ་ཤེས་པའི་ཉེར་སྦས་ཀྱི་རྒྱུད་ལ་སྐྱེས་པའི་རང་རིག་དང་ཡུལ་མྱོང་བ་སོགས་མི་དྲན་པ་བཞིན་ནོ། །ཅི་སྟེ་སྔར་གྱི་མྱོང་བ་དང་ཕྱིས་ཀྱི་དྲན་པ་ནི་རྒྱུད་གཅིག་ཏུ་གཏོགས་པའི་ཕྱིར་དང་། རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར་གཞན་ཡིན་ཡང་དྲན་ནོ་ཞེ་ན། གཏན་ཚིགས་འདིས་ནི་ཁྱད་པར་རྣམས་ཀྱང་འཇོམས། །གཞན་ཡིན་པའི་ཕྱིར་ཞེས་པའི་གཏན་ཚིགས་འདི་ཉིད་ཀྱིས་ནི་བཤད་མ་ཐག་པའི་རྟགས་ཀྱི་ཁྱད་པར་ཐམས་ཅད་འཇོམས་པར་བྱེད་དེ། འདི་ལྟར། སྔར་གྱི་མྱོང་བ་དང་ཕྱིས་ཀྱི་དྲན་པ་ནི་རྒྱུད་གཅིག་ཏུ་གཏོགས་པ་དང་། རྒྱུ་དང་འབྲས་བུའི་དངོས་པོའང་མ་ཡིན་ཏེ། རྫས་གཞན་ཡིན་པའི་ཕྱིར། རྒྱུད་ཐ་དད་པའི་མྱོང་བ་དང་དྲན་པ་བཞིན་ཞེས་བྱ་བ་ལ་སོགས་པས་རྒྱ་ཆེར་དགག་པར་བྱའོ། ཁྱོད་ཀྱི་ལྟར་ན་དྲན་པ་ཇི་ལྟར་འབྱུང་ཞེ་ན། གང་ཕྱིར་གང་གིས་ཡུལ་མྱོང་གྱུར་དེ་ལས། །བདག་ལ་དྲན་པ་གཞན་ཡོད་མ་ཡིན་པ། །དེ་ཕྱིར་བདག་གིས་མཐོང་སྙམ་དྲན་འགྱུར་ཏེ། །འདི་ཡང་འཇིག་རྟེན་ཐ་སྙད་ཚུལ་ལུགས་ཡིན། །སྔར་གང་གིས་ཡུལ་ཉམས་སུ་མྱོང་བར་གྱུར་པ་དེ་ལས་ཕྱིས་ཀྱི་དྲན་པ་དོན་གཞན་ཡོད་པ་མ་ཡིན་ཏེ་སྔར་གྱི་མྱོང་བ་ཞིག་པའི་ཕྱིར་རོ། །གང་གི་ཕྱིར་དོན་གཞན་མ་ཡིན་པ་དེའི་ཕྱིར་གང་ཉམས་སུ་མྱོང་བ་དེ་དྲན་པས་མ་མྱོང་བ་མ་ཡིན་ལ། མྱོང་བས་ཡོངས་སུ་བཅད་པ་དེ་དྲན་པས་ཡོངས་སུ་མ་བཅད་པའང་མ་ཡིན་པས་བདག་གིས་མཐོང་སྙམ་དུ་དྲན་པར་འ གྱུར་རོ། །གལ་ཏེ་གཞན་མ་ཡིན་པའི་ཕྱིར་དྲན་ན། ལྷས་བྱིན་གྱི་སྔར་གྱི་མྱོང་བ་མཆོད་སྤྱིན་གྱི་ད་ལྟར་གྱི་དྲན་པས་དྲན་པར་འགྱུར་ཞེ་ན། དེའི་ཕྱིར། འདིའང་འཇིག་རྟེན་གྱི་ཐ་སྙད་ཀྱི་ཚུལ་ལུགས་ཙམ་ཡིན་གྱི་ཤིན་ཏུ་དཔྱད་པར་བྱ་བ་མ་ཡིན་ཏེ། འཇིག་རྟེན་གྱི་ཐ་སྙད་རྣམས་ནི་རྫུན་པའི་དོན་ཅན་ཡིན་པའི་ཕྱིར་རོ། །དེ་བས་ན་འཇིག་རྟེན་གྱི་ཐ་སྙད་དུའང་རྒྱུད་ཐ་དད་པའི་མྱོང་བ་དང་དྲན་པ་ནི། གཞན་མ་ཡིན་པར་ཐ་སྙད་བྱེད་པ་མེད་ཀྱི། རང་གི་སྔར་གྱི་མྱོང་བ་དང་། ཕྱིས་ཀྱི་དྲན་པ་གཞན་དུ་ཐ་སྙད་བྱེད་པ་མེད་དེ། ངས་སྔར་འདི་ལྟ་བུ་མྱོང་ངོ་ཞེས་ཐ་སྙད་བྱེད་པའི་ཕྱིར་རོ། །ཅི་སྟེ་གཞན་མ་ཡིན་པར་མཚུངས་པ་ལ་རང་གིས་སྔར་མྱོང་བ་ལ་ངས་མྱོང་ངོ་ཞེས་ཐ་སྙད་བྱེད་ལ། གཞན་གྱི་མྱོང་བ་ལ་དེ་ལྟར་ཐ་སྙད་མི་བྱེད་པ་ཅི་ཞེ་ན། འདི་ནི་ཁོ་བོ་ཅག་ལ་བརྒལ་ཞིང་བརྟག་པར་བྱ་བ་མ་ཡིན་གྱི། དེ་སྐད་སྨྲ་བའི་འཇིག་རྟེན་པ་ཉིད་ལ་བརྒལ་ཞིང་བརྟག་པར་གྱིས་ཤིག གཞན་ཡང་དབུ་མ་པ་ནི་དྲན་པ་རྫས་ཡོད་འགའ་ཞིག་སྒྲུབ་པར་འདོད་པ་མ་ཡིན་གྱི། འོན་ཀྱང་ཀུན་རྫོབ་རྣམ་པར་བཞག་པའི་ཕྱིར་དྲན་པ་མི་འཐད་པ་རྒོལ་བ་འབའ་ཞིག་བཟློག་པ་ཙམ་ཡིན་ནོ། །དེ་ལ་གལ་ཏེ་མྱོང་བ་དང་དྲན་པ་ཡུལ་གཞན་ཡིན་ན་རྒྱུད་ཐ་དད་པའི་ཤེས་པ་བཞིན་དུ་དྲན་པ་མི་འཐད་པར་འགྱུར་ན། ཡུལ་གཞན་མ་ཡིན་པའི་ཕྱིར་དྲན་པ་མི་འཐད་པ་མེད་དོ་ཞེས་སྟོན་པ་ཡིན་ནོ། །གང་དག་མྱོང་བ་དང་དྲན་པ་གཉིས་ཀ་རྫས་སུ་གྲུབ་པ་དག་གི་ལུགས་ལ་དེ་དག་རྫས་གཞན་ཡིན་པའི་ཕྱིར། སྔ་མས་མྱོང་བ་ཕྱི་མས་དྲན་པར་རིགས་པ་མ་ཡིན་ཏེ། རྒྱུད་ཐ་དད་པའི་ཤེས་པ་བཞིན་ནོ། །རྒྱུད་གཅིག་པ་དང་རྒྱུ་དང་འབྲས་བུའི་དངོས་པོར་ཡང་འགྲུབ་པ་མ་ཡིན་ཏེ་རྒྱུད་ཐ་དད་པའི་ཤེས་པ་བཞིན་དུ་ཐ་དད་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་གི་ལུགས་ལ་དྲན་པ་འཐད་པ་མ་ཡིན་པས་ཀུན་རྫོབ་རྣམ་པར་འཇིག་པར་འགྱུར་ལ། དབུ་མ་པ་ལ་མྱོང་བ་དང་དྲན་པ་གཞན་མ་ཡིན་པའི་ཕྱིར། དེ་དག་རྒྱུད་ཐ་མི་དད་པ་དང་། རྒྱུ་དང་འབྲས་བུའི་དངོས་པོ་སོགས་སུ་མི་འཐད་པ་ཅུང་ཟད་ཀྱང་མེད་དོ། །དེ་ཕྱིར་རང་རིག་ཡོད་པ་མ་ཡིན་ན། ཁྱོད་ཀྱི་གཞན་དབང་གང་གིས་འཛིན་པར་འགྱུར། །བྱེད་པོ་ལས་དང་བྱ་བ་གཅིག་མིན་པས། །དེ་ཉིད་ཀྱིས་དེ་འཛིན་པར་རིགས་མ་ཡིན། །གང་གི་ཕྱིར་གོང་དུ་བཤད་པའི་རྒྱུ་མཚན་དེ་དག་གི་ཕྱིར་རང་རིག་པ་ཡོད་པ་མ་ཡིན་ཞིང་། ཤེས་པ་གཞན་གྱིས་ཀྱང་མི་འཛིན་ན། ཁྱོད་ཀྱི་གཞན་དབང་ཡུལ་ཅན་གང་གིས་འཛིན་པར་འགྱུར། གཞན་ཡང་ཤེས་པ་དེ་ཉིད་ཀྱིས་དེ་འཛིན་པར་རིགས་པ་མ་ཡིན་ཏེ། དེ་ལྟར་ན་བྱེད་པ་པོ་དང་ལས་དང་བྱ་བ་རྣམས་གཅིག་ཏུ་འགྱུར་ན་དེའང་རིགས་པ་མིན་ཏེ། འདི་ལྟར་ཤིང་དང་། གཅོད་པ་པོ་དང་། གཅོད་པའི་བྱ་བ་དག་གཅིག་པ་ཉིད་མ་མཐོང་ངོ་། །འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང་། ཇི་ལྟར་རལ་གྲི་རང་གི་སོ། །གཅོད་པར་མི་བྱེད་སོར་མོ་ནི། །རང་ལ་རེག་པར་མི་བྱེད་ལྟར། །རང་རིག་སེམས་ཀྱང་དེ་བཞིན་ནོ། །ཞེས་གསུངས་སོ། །ད་ནི་གཞན་གྱི་དབང་གི་ངོ་བོ་ཡོད་པ་ཉིད་དུ་སྨྲ་བ་ལ་ཧ་ཅང་ཐལ་བ་བསྟན་པའི་ཕྱིར་སྨྲས་པ། གལ་ཏེ་སྐྱེ་བ་མེད་ཅིང་མ་ཤེས་པའི། །བདག་ཅན་གཞན་དབང་ངོ་བོའི་དངོས་ཡོད་ན། །གང་གིས་ན་འདི་ཡོད་པར་མི་འདོད་པ། །གཞན་ལ་མོ་གཤམ་བུས་གནོད་ཅི་ཞིག་བསྐྱལ། །གཞན་གྱི་དབང་བདག་དང་། གཞན་ལས་སྐྱེ་བ་མེད་པ་དེ་དག་ནི་གོང་དུ་བསྒྲུབས་ཟིན་ལ། ཡུལ་ཅན་གང་གིས་ཀྱང་མི་ཤེས་པ་ནི་བསྟན་མ་ཐག་པ་ཡིན་ནོ། །དེའི་ཕྱིར་སྐྱེ་བ་མེད་ཅིང་གང་གིས་མི་ཤེས་པའི་བདག་ཉིད་ཅན་སྤྲོས་པ་ཐམས་ཅད་དང་བྲལ་བའི་གཞན་དབང་ཡོད་པར་ཁས་ལེན་ན། རྒྱུ་མཚན་གང་གིས་ན་གཞན་གྱི་དབང་དང་མཚུངས་པའི་ཆོས་ཅན་ཡིན་དུ་ཟིན་ཀྱང་། འདི་ཡོད་པ་ཉིད་དུ་མི་འདོད་པ། ཁྱེད་ལ་མོ་གཤམ་གྱི་བུས་གནོད་པ་ཅི་ཞིག་བསྐྱལ་ནས་ཡོད་པར་མི་འདོད། དེ་བས་ན་མོ་གཤམ་གྱི་བུ་ཞེས་བྱ་བ་སྤྲོས་པ་ཐམས་ཅད་དང་བྲལ་བའི་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཞིག་ཡོད་དོ་ཞེས་འདིའང་འདོད་པར་གྱིས་ཤིག

གཉིས་པ་ཀུན་རྫོབ་པའི་རྒྱུ་ཡིན་པ་དགག་པ་ལ། དེ་ལྟར་གཞན་གྱི་དབང་བཀག་པ་ན་དེ་མི་བཟོད་པས་སླར་ཡང་སྨྲས་པ། གང་ཚེ་གཞན་དབང་ཅུང་ཟད་ཡོད་མིན་ན། །ཀུན་རྫོབ་བདེན་པའི་རྒྱུར་ནི་གང་ཞིག་འགྱུར། །གང་གི་ཚེ་ཇི་སྐད་བཤད་པའི་རིགས་པས་གཞན་དབང་ཡོད་པ་མིན་པ་དེའི་ཚེ་གང་ཟག་དང་ཆོས་ལ་སོགས་པ་ཀུན་རྫོབ་བདེན་པ་རྣམ་པར་འཇོག་པའི་རྒྱུར་གང་ཞིག་འགྱུར། དེ་བས་ན་ཀུན་རྫོབ་རྣམས་ལ་རྒྱུ་ཅུང་ཟད་ཀྱང་མེད་པར་འགྱུར་རོ་སྙམ་ན། གཞན་གྱི་དབང་གིས་རྫས་ལ་ཆགས་པ་ཡིས། །འཇིག་རྟེན་གྲགས་པའི་རྣམ་གཞག་ཀུན་ཀྱང་བརླག །གཞན་གྱི་དབང་གིས་རྫས་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ཀུན་ནས་ཉོན་མོངས་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱི་རྒྱུར་མངོན་པར་ཞེན་ཅིང་ཆགས་པ་ཡིས་འཇིག་རྟེན་གྱི་སྐྱེ་བོ་གནག་རྫིའི་བར་ལ་གྲགས་པའི་རྒྱུ་དང་རྐྱེན་ཀུན་རྫོབ་པ་རྣམས་སྤངས་པས། འཇིག་རྟེན་ལ་གྲགས་པའི་རྣམ་གཞག་འདུག་ཅིག སོང་ཞིག བྱོས་ཤིག ཅེས་པ་ལ་སོགས་པ་དང་། གཟུགས་དང་ཚོར་བ་ལ་སོགས་པ་ཀུན་ཀྱང་བརླག་ཅིང་འཇིག་པར་རྟོགས་ཏེ། དེའི་ཕྱིར་འདི་ལ་རྒུད་པ་ཉིད་འབའ་ཞིག་སྲིད་པར་འགྱུར་གྱི། མངོན་པར་མཐོ་བ་ནི་མ་ཡིན་ནོ། །དེ་བས་ན་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་ཀྱི་བདེན་པ་གཉིས་ཀྱི་རྣམ་གཞག་ལ་གུས་པར་མི་བྱེད་པར་རྣམ་རིག་དང་། རྡུལ་ཕྲན་དང་། གཙོ་བོ་སོགས་སྨྲ་བར་བྱེད་པ་རྣམས་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀ་ལས་ཉམས་པ་ཡིན་ལ། བདེན་པ་གཉིས་ལས་ཉམས་པ་ལས་ཐར་པ་ཐོབ་པ་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་སྨྲས་པ། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་ལས་ཉམས་ལ་ཐར་པ་འགྲུབ་ཡོད་མིན། །འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་གི་རྗེས་སུ་མི་འབྲང་བའི་རང་གཞན་གྱི་གྲུབ་མཐའ་སྨྲ་བ་དེ་དག་ནི། ཀུན་རྫོབ་དང་། དེ་ཁོ་ན་ཉིད་དོན་དམ་པའི་བདེན་པ་གཉིས་ཀ་ལས་ཉམས་པ་ཡིན་ཏེ། དེ་དག་གིས་ཇི་ལྟར་ཀུན་བརྟགས་པའི་གཞན་དབང་དང་། རྡུལ་ཕྲན་དང་། གཙོ་བོ་ལ་སོགས་པ་རྣམས་ནི་དོན་དམ་པར་གྲུབ་པ་ལྟ་ཞོག་འཇིག་རྟེན་ཀྱི་ཐ་སྙད་དུའང་མ་གྲུབ་པའི་ཕྱིར་རོ། །དེའང་འདི་ལྟར་དངོས་པོར་སྨྲ་བ་ཐམས་ཅད་ནི་རིགས་པས་རྣམ་པར་དཔྱད་ནས་རང་གི་ལུགས་རྣམ་པར་འཇོག་པར་བྱེད་ལ། འཇིག་རྟེན་པ་རྣམས་ནི་འཐད་པ་མ་བཅུག་པ་ཁོ་ནར་ཐ་སྙད་ལ་འཇུག་པར་བྱེད་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་བདེན་པ་གཉིས་ལས་ཉམས་པས་ཐར་པ་མི་འགྲུབ་ཅེ་ན། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པས་ལམ་ངན་ཞུགས། །འདིར་ཐ་སྙད་ཀྱི་བདེན་པ་ཐུབ་པས་བསྟན་པ་ནི། དོན་དམ་རྟོགས་པའི་ཐབས་སུ་གྱུར་པ་ཡིན་ལ། དོན་དམ་པའི་བདེན་པ་བསྟན་པ་ནི། ཐབས་ལས་བྱུང་བ་གྱུར་པ་ཡིན་ཏེ། ཐ་སྙད་ཀྱི་བདེན་པ་ཁོ་ན་ལ་གནས་ནས་དོན་དམ་པ་སྟོན་ལ། དོན་དམ་པ་ཁོང་དུ་ཆུད་པ་ལས་ཀྱང་ཐར་པ་ཐོབ་པར་འགྱུར་བའི་ཕྱིར་རོ། །བསྟན་བཅོས་ལས་ཀྱང་། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཅེས་གང་གསུངས་པ་ཡིན་ནོ། །དེ་བས་ན་རྣམ་རིག་པ་ལ་སོགས་པ་བདེན་པ་དེ་གཉིས་ཀྱི་རྣམ་དབྱེ་ཕྱིན་ཅི་མ་ལོག་པ་གང་གིས་མི་ཤེས་པ་དེ་དག་ནི་རྣམ་པར་རྟོག་པ་ཕྱིན་ཅི་ལོག་ཏུ་གྱུར་པས་ལམ་ངན་པར་ཞུགས་པ་ཡིན་ཏེ། སངས་རྒྱས་དགེས་པའི་ལམ་གཉིས་ལས་གོལ་བའི་ཕྱིར་རོ། །བདེན་པ་གཉིས་པོ་འདི་སངས་རྒྱས་དགེས་པའི་ལམ་ཡིན་པར་ཇི་ལྟར་ཤེས་ཞེ་ན། དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ནས་གདུལ་བྱ་རྣམས་ཉིད་ཀྱི་སྐུ་ཉམས་སུ་བསྟར་བའི་ལམ་ལ་གཞུགས་པར་བཞེད་དེ། བདེན་པ་གཉིས་པོ་འདི་ཉིད་ཀྱི་སྒོ་ནས་ཆོས་སྟོན་པར་མཛད་པའི་ཕྱིར་ཏེ། ཇི་སྐད་དུ། འཕགས་པ་དེ་ཁོ་ན་ཉིད་ངེས་པར་བསྟན་པའི་ཏིང་ངེ་འཛིན་ལས། འཇིག་རྟེན་མཁྱེན་པས་གཞན་ལས་མ་གསན་པར། །བདེན་པ་འདི་གཉིས་ཉིད་ཀྱིས་སྟོན་པར་མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །གང་གིས་བདེ་བར་གཤེགས་ལ་འགྲོ་བ་རྣམས། །བདེ་བའི་དོན་དུ་དད་པ་སྐྱེ་བར་འགྱུར། །རྒྱལ་བས་འགྲོ་བ་རྣམས་ཀྱི་དོན་སླད་དུ། །འཇིག་རྟེན་ཕན་ཕྱིར་ཀུན་རྫོབ་དེ་བསྟན་ཏོ། །སེམས་ཅན་ཚོགས་ཀྱི་འགྲོ་དྲུག་གང་བསྟན་པ། །སེམས་ཅན་དམྱལ་དང་དུད་འགྲོ་ཡི་དྭགས་དང་། །ལྷ་མིན་རིས་དང་མི་དང་ལྷ་ཡི་རྣམས། །མི་ཡི་སེང་གེས་ཀུན་རྫོབ་བཏགས་པ་མཛད། །རིགས་དམའ་དེ་བཞིན་མཐོ་བའི་རིགས་རྣམས་དང་། །ཕྱུག་པོའི་ཁྱིམ་དང་དབུལ་པོའི་ཁྱིམ་རྣམས་དང་། །བྲན་གྱི་ཚོགས་དང་དེ་བཞིན་གཡོག་གི་ཚོགས། །བུད་མེད་ཚོགས་དང་སྐྱེས་པ་མ་ནིང་ཚོགས། །འགྲོ་བའི་ཁྱད་པར་ཇི་སྙེད་གང་ཡང་རུང་། །མཚུངས་མེད་ཁྱོད་ཀྱིས་འཇིག་རྟེན་བསྟན་མཛད་པ། །ཀུན་རྫོབ་བདེན་པར་མཁས་པས་ཐུགས་ཆུད་ནས། །འཇིག་རྟེན་མཁྱེན་པས་མི་ལ་དེ་བསྟན་ཏོ། །འདི་ལ་དགའ་བའི་འགྲོ་བ་འཁོར་བ་ན། །འགྲོ་བ་ཆོས་བརྒྱད་ལ་ནི་འཇུག་འགྱུར་ཏེ། །ཐོབ་དང་མ་ཐོབ་སྙན་དང་མི་སྙན་དང་། །བསྟོད་དང་སྨད་དང་བདེ་དང་སྡུག་བསྔལ་ལོ། །ཐོབ་པ་རྙེད་ན་དེ་ལ་ཆགས་པ་སྐྱེད། །མ་ཐོབ་གྱུར་ན་དེས་ཀྱང་འཁྲུག་པར་འགྱུར། །གང་གཞན་མ་བསྟན་ཚུལ་འདིས་ཤེས་པར་བྱ། །ནད་རྣམས་བརྒྱད་ཀྱིས་དེ་རྒྱུན་གཅོད་པར་འགྱུར། །ཀུན་རྫོབ་དེ་ལ་དོན་དམ་དུ་སྨྲ་བ། །དེ་དག་ནོར་བའི་བློ་ལྡན་ཤེས་པར་བྱ། །མི་སྡུག་སྡུག་དང་སྡུག་བསྔལ་བདེ་བ་དང་། །བདག་མེད་རང་བཞིན་བདག་ཏུ་སྨྲ་བ་དང་། །མི་རྟག་ཆོས་ལ་རྟག་ཅེས་སྨྲ་བགྱིད་ཅིང་། །དེ་ལྟར་དགའ་སྟེ་མཚན་མར་གང་གནས་པ། །དེ་དག་བདེ་གཤེགས་གསུང་ནི་ཐོས་གྱུར་ནས། །འཇིགས་ཤིང་ཇི་བཞིན་མི་རྟོག་སྤོང་བར་བགྱིད། །དེ་དག་བདེ་གཤེགས་གསུང་ནི་སྤངས་གྱུར་ནས། །སེམས་ཅན་དམྱལ་བར་སྡུག་བསྔལ་མི་བཟད་མྱོང་། །དེ་དག་ཚུལ་མིན་བདེ་བ་ཚོལ་བགྱིད་ཀྱང་། །སྡུག་བསྔལ་བརྒྱ་དག་བྱིས་པས་མྱོང་བར་འགྱུར། །འཇིག་རྟེན་ཕན་པའི་བསྟན་པ་སུ་ཞིག་གིས། །མ་རྟོགས་བློ་ཡིའང་རྣམ་པར་རྟོག་གྱུར་ན། །སྦྲུལ་གྱི་ལྤགས་པ་རྙིང་ལྟར་རབ་སྤངས་ཏེ། །སྲིད་པ་ཀུན་ལས་འདས་ནས་ཞི་བར་འགྱུར། །ཆོས་འདི་ཐམས་ཅད་རང་བཞིན་དབེན་པ་སྟེ། །སྟོང་པ་མཚན་མ་མེད་པ་དོན་དམ་ཞེས། །གང་གིས་ཐོས་ནས་དགའ་བ་སྐྱེ་འགྱུར་བ། །དེ་དག་བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །རྒྱལ་བ་ཁྱོད་ཀྱིས་ཕུང་པོ་དབེན་པར་གཟིགས། ཁམས་དང་སྐྱེ་མཆེད་རྣམས་ཀྱང་དེ་བཞིན་ཏེ། །དབང་པོའི་གྲོང་ནི་མཚན་མས་དབེན་པ་དག །ཀུན་ཀྱང་ཐུབ་པ་ཁྱེད་ཀྱིས་དེ་བཞིན་གཟིགས། །ཞེས་གསུངས་པ་ཡིན་ནོ། །

མདོ་འདིའི་བསྡུས་པའི་དོན་ནི་གཉིས་ཀྱིས་རིག་པར་བྱ་སྟེ། འདི་ལྟར། བདེན་གཉིས་སྤྱིར་བསྟན་པ་དང་། སོ་སོའི་ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ནི། འཇིག་རྟེན་མཁྱེད་པས་ཞེས་སོགས་ཚིགས་སུ་བཅད་པ་གཅིག་གོ །གཉིས་པ་ལའང་། ཀུན་རྫོབ་ཀྱི་བདེན་པ་རྒྱ྄ས་པར་བཤད་པ་ལ། ཀུན་རྫོབ་བསྟན་པའི་དགོས་པ་དང་། བསྟན་བྱ་ཀུན་རྫོབ་ཀྱི་རང་བཞིན་དང་། དེ་ལ་ཆགས་པའི་ཉེས་དམིགས་དང་གསུམ་ལས། དང་པོ་ནི། གང་གིས་བདེ་བར་གཤེགས་པ་ཞེས་སོགས་ཚིགས་སུ་བཅད་པ་གཅིག་གོ །གཉིས་པ་ལའང་། གང་བསྟན་པ་དང་། རྒྱུ་གང་ལས་བསྟན་པའོ། །དང་པོ་ནི། སེམས་ཅན་ཚོགས་ཀྱི་ཞེས་སོགས་ནས། མཚུངས་མེད་ཁྱོད་ཀྱིས་ཞེས་པའི་བར་རོ། །གཉིས་པ་ནི། ཀུན་རྫོབ་བདེན་པ་མཁས་པས་ཐུགས་ཆུད་ནས་ཞེས་པའི་རྐང་པ་གཉིས་སོ། །ཀུན་རྫོབ་ལ་ཆགས་པའི་ཉེས་དམིགས་ལའང་། འཇིག་རྟེན་གྱི་ཆོས་ལ་འཇུག་པའི་ཉེས་དམིགས། འཇིག་རྟེན་ལས་འདས་པའི་ཆོས་སྤོང་བའི་ཉེས་དམིགས་གཉིས་ལས། དང་པོ་ནི། འདི་ལ་དགའ་བའི་ཞེས་པ་ནས། ནད་རྣམས་བརྒྱད་ཀྱི་ཞེས་པའི་བར་རོ། །གཉིས་པ་ནི། ཀུན་རྫོབ་དེ་ལ་ཞེས་པ་ནས། སྡུག་བསྔལ་བརྒྱ་དག་ཅེས་པའི་བར་རོ། །གཉིས་པ་དོན་དམ་པའི་བདེན་པ་རྒྱས་པར་བཤད་པ་ལའང་། དོན་དམ་བསྟན་པའི་དགོས་པ་དང་། བསྟན་བྱ་དོན་དམ་གྱི་རང་བཞིན་དང་། དེ་ལ་དད་པའི་ཕན་ཡོན། གང་ལ་བརྟེན་ནས་བསྟན་པའི་རྒྱུའོ། །དང་པོ་ནི། འཇིག་རྟེན་ཕན་པའི་ཞེས་པ་ཚིགས་སུ་བཅད་པ་གཅིག་གོ །གཉིས་པ་ནི། ཆོས་འདི་ཐམས་ཅད་ཅེས་པ་རྐང་པ་གཉིས་སོ། །གསུམ་པ་ནི། གང་གིས་ཐོས་ནས་ཞེས་པ་རྐང་པ་གཉིས་སོ། །བཞི་པ་ནི། རྒྱལ་བ་ཁྱོད་ཀྱིས་ཞེས་སོགས་ཚིགས་སུ་བཅད་པ་གཅིག་རྣམས་ཡིན་ནོ། །འདིར་སྨྲས་པ། གལ་ཏེ་ཁྱོད་ཀྱིས་དེ་སྐད་དུ་ཁོ་བོ་ཅག་ལ་ཤིན་ཏུ་ལྟོས་པ་མེད་པར་སྨྲ་ན་ད་ནི་ཁོ་བོ་ཅག་ཀྱང་ཁྱོད་ལ་བཟོད་པར་མི་བྱེད་དེ། གལ་ཏེ་བདག་ཉིད་གཞན་གྱི་ཕྱོགས་སུན་འབྱིན་པ་ཙམ་ལ་མཁས་པར་མངོན་པར་བྱེད་ཅིང་། འཐད་པས་མི་རིགས་པའི་ཕྱིར་གཞན་གྱི་དབང་གི་ངོ་བོ་སེལ་བར་བྱེད་ན། ད་ནི་བདག་ལས་མི་སྐྱེ་བ་ལ་སོགས་པ་ཇི་སྐད་བཤད་པའི་འཐད་པས་མི་རིགས་པའི་ཕྱིར་ཁྱོད་ལ་གྲགས་པའི་ཀུན་རྫོབ་སེལ་བར་བྱེད་དོ་ཞེ་ན། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཇི་སྐད་བཤད་པའི་རིགས་པས་གཞན་དབང་བསལ་བ་ན་ཇི་ལྟར་ཁྱོད་ལ་མི་འདོད་པ་ཐོག་ཏུ་འབབ་པར་འགྱུར་བ་དེ་ལྟར། ཀུན་རྫོབ་བསལ་བས་ཁོ་བོ་ཅག་ལ་མི་འདོད་པར་འགྱུར་བ་མ་ཡིན་ཏེ། ཇི་ལྟར་ཁྱོད་ཀྱིས་རང་དབང་དུ་བྱས་ནས་གཞན་གྱི་དབང་གི་ངོ་བོ་སྤྲོས་པ་ཐམས་ཅད་དང་བྲལ་བ་འཕགས་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བའི་དངོས་པོར་འདོད་པ་ལྟར་དུ། དབུ་མ་པ་བདག་གིས་ཀུན་རྫོབ་ཀྱི་བདེན་པ་རང་དབང་དུ་བྱས་ནས་གྲུབ་པར་ཁས་མ་བླངས་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཀུན་རྫོབ་ཁས་བླང་ཞེ་ན། འཇིག་རྟེན་གཞུག་པའི་འབྲས་བུའང་དགོས་པའི་ཕྱིར། ཀུན་རྫོབ་འདི་དག་དོན་ལ་མེད་ཀྱང་གྲགས་པའི་སྒོ་ནས་ཡོད་དོ་ཞེས་འཇིག་རྟེན་པའི་ངོར་བྱས་ནས་སྨྲ་བར་བྱེད་དེ། དེ་རྗེས་སུ་བརྗོད་པ་ནི་དེ་ལྡོག་པའི་ཐབས་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི། ང་ནི་འཇིག་རྟེན་དང་ལྷན་ཅིག་མི་རྩོད་དེ། གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ངའང་ཡོད་པར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ནི་ངའང་མེད་པར་བཞེད་དོ་ཞེས་གསུངས་པ་ཡིན་ནོ། །ཅི་སྟེ་ཀུན་རྫོབ་འདི་དག་ཇི་ལྟར་ཕུང་པོ་སྤངས་ནས་ཞིར་ཞུགས་པའི། །དགྲ་བཅོམ་རྣམས་ལ་ཡོད་པ་མིན་དེ་ལྟར། །འཇིག་རྟེན་ལ་ཡང་མེད་ན་དེ་བཞིན་འདི། །འཇིག་རྟེན་ལས་ཀྱང་ཡོད་ཅེས་བདག་མི་སྨྲ། །ཇི་ལྟར་ཕུང་པོའི་ལྷག་མ་མ་ལུས་པ་སྤངས་ནས་ཞི་བ་མྱ་ངན་ལས་འདས་པར་ཞུགས་པའི་དགྲ་བཅོམ་པ་རྣམས་ལ་ཀུན་རྫོབ་རྣམ་པ་ཐམས་ཅད་དུ་ཡོད་པ་མིན་པ་དེ་ལྟར་དུ་གལ་ཏེ་འཇིག་རྟེན་ལའང་མེད་ན་ནི་དགྲ་བཅོམ་པའི་ཕུང་པོ་དེ་བཞིན་དུ་ཀུན་རྫོབ་འདི་འཇིག་རྟེན་གྱི་གྲགས་པ་ལས་ཀྱང་ཡོད་ཅེས་བདག་མི་སྨྲ་སྟེ། དེའི་ཕྱིར་གཞན་གྱི་ངོ་ཁོ་ནར་བདག་གིས་ཀུན་རྫོབ་ཁས་བླངས་ཀྱི་རང་དབང་དུ་མ་ཡིན་ནོ། །དེ་བས་ན་ཀུན་རྫོབ་འདི་ནི་འཇིག་རྟེན་ཁོ་ནས་ཁས་བླངས་པ་ཡིན་ལ། གང་གིས་ཁས་བླངས་པ་དེ་དག་ལ་དགག་པ་བརྗོད་པར་རིགས་ཀྱི། གཞན་ལ་མ་ཡིན་ནོ་ཞེས་བཤད་པ། གལ་ཏེ་ཁྱོད་ལ་འཇིག་རྟེན་མི་གནོད་ན། །འཇིག་རྟེན་ཉིད་ལྟོས་འདི་ནི་དགག་པར་གྱིས། ཁྱོད་དང་འཇིག་རྟེན་འདིར་རྩོད་གྱིས་ཤིག་དང་། །ཕྱིས་ནས་སྟོབས་ལྡན་བདག་གིས་བསྟེན་པར་བྱ། ཁོ་བོ་ཅག་ནི་འཇིག་རྟེན་གྱི་ཀུན་རྫོབ་བཟློག་པའི་ཕྱིར་ཤིན་ཏུ་ཚེགས་ཆེ་བར་གནས་པར་གྱུར་གྱི་གལ་ཏེ་ཁྱོད་ལ་འཇིག་རྟེན་གྱི་གྲགས་པས་གནོད་པར་མི་འགྱུར་ན། འཇིག་རྟེན་པ་ཉིད་ལ་ལྟོས་ནས་འཇིག་རྟེན་ལ་གྲགས་པའི་ཀུན་རྫོབ་འདི་དགག་པར་གྱིས་ཤིག་དང་། ཁོ་བོས་ཀྱང་ཁྱོད་ལ་སྟོངས་གདབ་པར་བྱའོ། ཁྱོད་དང་འཇིག་རྟེན་ཀུན་རྫོབ་འདིར་རྩོད་པ་གྱིས་ཤིག་དང་། གལ་ཏེ་ཁྱེད་རྒྱལ་ན་ཁོ་བོས་ཀྱང་ཁྱོད་ཀྱི་ཕྱོགས་ལ་བརྟེན་ནས། ཀུན་རྫོབ་གཏན་ཁས་བླང་བར་མི་བྱའོ། །གལ་ཏེ་ཁྱོད་འཇིག་རྟེན་གྱིས་ཕམ་པར་བྱས་ན། དེའི་ཚེ་ཤིན་ཏུ་སྟོབས་དང་ལྡན་པའི་འཇིག་རྟེན་པ་ཉིད་ལ་བདག་གིས་བརྟེན་པར་བྱའོ། །དེ་ལྟར་བརྩད་པ་ནའང་འཇིག་རྟེན་བཟློག་པར་ནུས་པ་མ་ཡིན་ཏེ། འདི་ལྟར་རྣམ་པར་དཔྱད་པའི་རིགས་པས་ཟློག་པར་བྱེད་དམ། འོན་ཏེ་འཇིག་རྟེན་རང་ཉིད་ལ་གྲགས་པས་ཟློག་པར་བྱེད། དང་པོ་མི་རིགས་ཏེ། །འཇིག་རྟེན་པ་དག་རྣམ་པར་དཔྱད་པའི་རིགས་པ་ཁས་མི་ལེན་པའི་ཕྱིར་དང་། རིགས་པས་འཐད་པ་མ་བཅུག་པ་ཁོ་ནར་ཐ་སྙད་ལ་འཇུག་པའི་ཕྱིར་རོ། །གཉིས་པའང་མི་རིགས་ཏེ། གྲགས་པ་ཚད་མར་བྱེད་ན་གྲགས་པ་འགོག་པ་མི་འཐད་ལ། ཚད་མར་མི་བྱེད་ན་དེས་གྲགས་པ་དགག་པར་ཡང་མི་ནུས་པའི་ཕྱིར་རོ། །དེ་བས་ན་རེ་ཞིག་འཇིག་རྟེན་གྱི་ཐ་སྙད་ནི་དགག་པར་མི་ནུས་པའི་ཕྱིིར་དང་། འབྲས་བུ་དང་བཅས་པའི་ཕྱིར། ཁས་བླང་བར་བྱ་དགོས་སོ། །ཅི་སྟེ་དབུ་མ་པ་དག་མ་རིག་པའི་གཉིད་མཐུག་པོས་ནོན་པའི་འཇིག་རྟེན་པ་དག་གི་རྗེས་སུ་འབྲངས་ནས་ཇི་ལྟར་ཡང་དག་པའི་ལམ་ལ་ཞུགས་པ་ཡིན་ཞེ་ན། འདི་ལྟར་འཇིག་རྟེན་པ་དག་ཐ་སྙད་ཀྱི་རྗེས་སུ་འབྲངས་ནས་དོར་ལ་མངོན་པར་ཞེན་པ་དེ་ལྟར། དབུ་མ་པ་དག་འཇིག་རྟེན་གྱི་ཐ་སྙད་ལ་མངོན་པར་ཞེན་པ་མེད་དེ། རྣམ་པར་དཔྱད་ན་འཇིག་རྟེན་པའི་ཐ་སྙད་རྣམས་བརྫུན་པའི་དོན་ཅན་དུ་ཁོང་དུ་ཆུད་པའི་ཕྱིར་རོ། །དེ་བས་ན་འཇིག་རྟེན་པ་དག་ལ་ཇི་ལྟར་གྲགས་པའི་ཐ་སྙད་ཙམ་ཞིག་འཇིག་རྟེན་གཞུག་པའི་དོན་དུ་ཁས་ལེན་པར་བྱེད་ཀྱང་བྲག་ཅ་བཞིན་དུ་སྒྲ་ཙམ་ཞིག་རྗེས་སུ་ཟློས་པར་ཟད་ཀྱི་དོན་ལ་མངོན་པར་ཞེན་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་དབུ་མ་པ་དག་ནི་འཇིག་རྟེན་གྱི་ཐ་སྙད་ཀྱི་འཆིང་བར་བྱེད་པ་མ་ཡིན་ལ། འཁོར་བའི་ལམ་ལ་གནས་པའི་འཇིག་རྟེན་པ་དང་ཁྱད་པར་མེད་པའང་མ་ཡིན་ནོ། །དེ་ལྟར་ན་འཇིག་རྟེན་པ་དག་ལ་གྲགས་པའི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཆོས་རྣམས་ཀྱི་མིང་གི་ཐ་སྙད་གང་ལའང་སྐུར་བ་མི་འདེབས་ཤིང་། མིང་གི་ཐ་སྙད་དེ་དག་གི་དོན་འཇིག་རྟེན་པ་དང་། གྲུབ་མཐའ་སྨྲ་བ་རྣམས་ཀྱིས་ཇི་ལྟར་མངོན་པར་ཞེན་ཅིང་ཀུན་བརྟགས་པ་ལྟར་གྱི་མཐའ་གང་དུའང་མངོན་པར་ཞེན་པ་མེད་པར་རྗེས་སུ་ཐ་སྙད་འདོགས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་རྟག་ཆད་སྤངས་པ་དབུ་མའི་ལམ་ལ་གནས་པ་ཞེས་བྱའོ། །དེ་ལྟ་བུའི་ལམ་ལ་གནས་པའི་རྣལ་འབྱོར་པ་ལ་རྒོལ་བ་གང་གིས་བརྒལ་ཞིང་བརྟགས་པར་བྱ་བ་མ་ཡིན་ཏེ། སྒྱུ་མའི་སྐྱེས་བུ་བཞིན་དུ་ཕྱོགས་གང་ཡང་ཁས་བླངས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་རིགས་པ་དྲུག་ཅུ་པ་ལས། རྩོད་མེད་ཆེ་བའི་བདག་ཉིད་ཅན། །དེ་རྣམས་ལ་ནི་ཕྱོགས་ཉིད་མེད། །གང་རྣམས་ལ་ནི་ཕྱོགས་མེད་པ། །དེ་ལ་གཞན་ཕྱོགས་ག་ལ་ཡོད། །ཅེས་གསུངས་པ་ཡིན་ནོ། །གང་ཞིག་སྒོམ་བྱུང་གི་ཡེ་ཤེས་ཀྱི་ཇི་སྐད་བཤད་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ་མངོན་དུ་བྱས་པའི་རྣལ་འབྱོར་པ་རྣམས་ལ་བརྒལ་དུ་མེད་པར་མ་ཟད་ཀྱི། གང་དག་ཐོས་བསམ་གྱི་སྒོ་ནས་རྟེན་ཅིང་འབྲེལ་འབྱུང་ཟབ་མོའི་ལམ་ལ་ངེས་པ་ཐོབ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་སྨྲ་བ་དག་ལའང་རྟོག་གེ་པ་གཞན་གྱིས་ཅུང་ཟད་ཀྱང་བརྒལ་དུ་མེད་པ་ཡིན་ཏེ། དེ་དག་ཀྱང་རང་ལུགས་ཀྱི་ཕྱོགས་གང་ཡང་དམ་འཆའ་བར་མི་བྱེད་པའི་ཕྱིར་རོ། །འོན་ཀྱང་དེ་དག་ནི་ཇི་སྲིད་ཆོས་ཀྱི་དབྱིངས་མངོན་དུ་མ་བྱས་པ་དེ་སྲིད་དུ་མོས་པ་ཡིད་ལ་བྱེད་པའི་ཚུལ་གྱི་ཅི་ལའང་མངོན་པར་ཞེན་པ་མེད་པར་བྱས་ནས། གནས་སྐབས་དང་མཐར་ཐུག་གི་བླང་དོར་གྱི་ཐ་སྙད་ཐམས་ཅད་ལ་མངོན་ཞེན་ཅན་དག་དང་ཁྱད་པར་མེད་པར་འཇུག་ལྡོག་བྱེད་དེ། ཇི་སྲིད་རྣམ་པར་རྟོག་པ་མ་ཟད་པ་དེ་སྲིད་དུ་རྐྱེན་འདི་པ་ཙམ་གྱི་རང་བཞིན་གྱི་རྟེན་འབྲེལ་གྱི་ལམ་སླུ་བ་མེད་པར་ཁོང་དུ་ཆུད་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ནི་ཅི་ལའང་མངོན་པར་མ་ཞེན་པའི་ཕྱིར་རྟག་པའི་མཐའ་ལ་མི་གནས་ལ་བླང་དོར་ཐམས་ཅད་ལ་འཇུག་པས་ཆད་པའི་མཐའ་ལ་མི་གནས་པའི་ཕྱིར་རྟག་ཆད་སྤངས་པ་དབུ་མའི་ལམ་ལ་གནས་པ་ཡིན་ནོ། །གང་གི་ཚེ་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་མངོན་སུམ་དུ་བྱས་པ་དེའི་ཚེ། རྩོད་པ་ཐམས་ཅད་དང་བྲལ་བས་བླང་དོར་ལ་འཇུག་པ་མེད་མོད། འོན་ཀྱང་ཆད་པའི་ཉེས་པར་མི་འགྱུར་ཏེ། རྣམ་པར་རྟོག་པ་ཐམས་ཅད་སྤངས་པས་ལས་འབྲས་ཀྱི་འབྲེལ་བ་མི་དམིགས་པའི་ཕྱིར་རོ། །འཇིག་རྟེན་པའི་ཐ་སྙད་དང་། གྲུབ་མཐའ་སྨྲ་བ་གཞན་དག་གི་ཐ་སྙད་དག་བརྫུན་པའི་དོན་ཅན་དུ་མཚུངས་བཞིན་དུ་ཅིའི་ཕྱིར་དབུ་མ་པ་འཇིག་རྟེན་གྱི་ཐ་སྙད་ཁས་ལེན་པར་བྱེད་ཀྱི། གྲུབ་མཐའ་སྨྲ་བ་རྣམས་ཀྱི་མ་ཡིན་ཞེ་ན། འཇིག་རྟེན་པའི་ཐ་སྙད་ནི་རྣམ་པར་མ་བརྟགས་པའི་སྤྱོད་ཡུལ་ཅན་ཡིན་པས། རིགས་པས་འཐད་པ་མ་བཅུག་པར་ཁས་བླང་དུ་རུང་བ་ཡིན་ལ། དེའི་ཕྱིར་དེ་ཁས་ལེན་པ་དང་། ཕྱོགས་ཐམས་ཅད་བྲལ་བའི་དབུ་མ་པའི་ཕྱོགས་འགལ་བ་མེད་ཅིང་། དེའི་སྒོ་ནས་འཇིག་རྟེན་རྣམས་རྗེས་སུ་གཟུང་བར་ནུས་པའང་ཡིན་ལ། གྲུབ་མཐའ་སྨྲ་བ་ཐམས་ཅད་ནི་རིགས་པའི་འཐད་པ་བཅུག་ནས་རང་གི་ཕྱོགས་རྣམ་པར་འཇོག་པས། དེ་དག་གི་ཐ་སྙད་རྣམས་རིགས་པའི་འཐད་པ་མ་བཅུག་པར་ཁས་བླང་དུ་མི་རུང་ལ། རིགས་པའི་འཐད་པ་བཅུག་ནས་ཕྱོགས་འགའ་ཞིག་ཁས་བླངས་ནའང་དབུ་མ་པ་རང་གི་ཕྱོགས་ཉམས་པར་འགྱུར་བས། དེའི་ཕྱིར་ནོར་བའི་དོན་ཅན་དུ་མཚུངས་ཀྱང་འཇིག་རྟེན་གྱི་ཐ་སྙད་ཁས་ལེན་པར་བྱེད་ཀྱི། གྲུབ་མཐའ་སྨྲ་བ་རྣམས་ཀྱིས་ཀུན་བརྟགས་པའི་ཐ་སྙད་རྣམས་ནི་མ་ཡིན་ནོ། །ཇི་ལྟར་འཇིག་རྟེན་རྗེས་སུ་གཟུང་བའི་ཐབས་སུ་འཇིག་རྟེན་གྱི་ཐ་སྙད་ཁས་ལེན་པ་ལྟར་གྲུབ་མཐའ་སྨྲ་བ་གཞན་རྗེས་སུ་གཟུང་བའི་ཕྱིར་གཞན་ངོར་དེ་དག་གི་ལུགས་ཁས་ལེན་པར་ཡང་རིགས་སོ་ཞེ་ན། གལ་ཏེ་བློ་གྲོས་དམན་པ་བསྟན་པ་ལ་རིམ་གྱིས་གཞུག་པའི་ཕྱིར་རེ་ཞིག་གྲུབ་མཐའ་གོང་མ་གོང་མའི་ཕྱོགས་ཁས་བླངས་ནས་འོག་མ་འོག་མའི་ལུགས་འགོག་པར་བྱེད་ནའང་མི་རིགས་པ་མེད་མོད། འོན་ཀྱང་དེའི་ཚེ་སྨྲ་བ་པོ་དབུ་མར་སྨྲ་བ་ནི་མ་ཡིན་ཏེ། དངོས་པོར་སྨྲ་བ་གང་རུང་གི་ལུགས་འཐད་ཕྱོགས་སུ་བྱས་ནས་གཞན་འགོག་པའི་ཕྱིར་རོ། །ལུགས་འདི་ནི། དཔེར་ན་སྨན་པ་ཁ་ཅིག་གིས་ནད་པ་དག་ལ་ནད་སྨིན་པ་དང་། སྡུད་པ་དང་། དྲུངས་ནས་འབྱིན་པ་དང་། སླར་མི་ལྡོག་པའི་སྨན་རྣམས་རིམ་གྱིས་བཏང་ནས་ནད་གསོ་བ་བྱེད་པ་དང་འདྲ་བར་རིག་པར་བྱའོ། །ཇི་སྐད་བཤད་པའི་བདེན་པ་གཉིས་ཕྱིན་ཅི་མ་ལོག་པའི་ལུགས་ལ་བརྟེན་ནས་མཐར་འཛིན་གྱི་ལྟ་བ་མཐའ་དག་འགོག་པར་བྱེད་པ་ནི་རྩིའི་སྨན་ཆེན་པོ་ཐུན་གཅིག་གིས་ནད་ཐམས་ཅད་ཅིག་ཅར་དྲུངས་ནས་འབྱིན་པ་དང་འདྲ་བར་རིག་པར་བྱའོ། །

སེམས་ཙམ་གསུངས་པའི་དགོངས་པ་བསྟན་པ།

གསུམ་པ་སེམས་ཙམ་གསུངས་པའི་དགོངས་པ་བསྟན་པ་ལ་གསུམ་སྟེ། ས་བཅུའི་མདོའི་དགོངས་པ་བཤད། གཟུགས་སེམས་ཡོད་མེད་མཚུངས་པར་བསྟན། མདོ་སྡེ་གཞན་གྱིའང་དགོངས་པ་བཤད་པའོ། །དང་པོ་ནི། གལ་ཏེ་འཐད་པ་དང་བྲལ་ཡང་འཇིག་རྟེན་གྱི་གནོད་པས་འཇིགས་ཏེ། ཀུན་རྫོབ་ཁས་ལེན་ན་ལུང་གི་གནོད་པས་འཇིགས་པས་སེམས་ཙམ་དུའང་ཁས་བླང་དགོས་ཏེ། ཇི་སྐད་དུ། ས་བཅུ་པའི་མདོ་ལས། དེ་འདི་སྙམ་དུ་སེམས་ཏེ་འདི་ལྟར་ཁམས་གསུམ་པོ་འདི་ནི་སེམས་ཙམ་སྟེ། སྲིད་པའི་ཡན་ལག་བཅུ་གཉིས་པོ་གང་དག་དེ་བཞིན་གཤེགས་པས་རབ་ཏུ་ཕྱེ་སྟེ་བཀའ་བསྩལ་པ་དེ་དག་ཐམས་ཅད་ཀྱང་སེམས་གཅིག་ལ་བརྟེན་པ་དག་ག།ོ ཞེས་གསུངས་པའི་ཕྱིར་ན། ཙམ་ཞེས་པའི་སྒྲས་གཟུགས་ཉིད་བཀག་ནས་རྣམ་པར་ཤེས་པ་ཙམ་ཞིག་བདེན་པར་གྲུབ་པར་བསྟན་པ་ཡིན་ནོ། །ཞེས་རྣམ་རིག་པ་དག་སྨྲ་བར་བྱེད་དོ། །འདི་དགག་པ་ལ་གཉིས། ཙམ་སྒྲ་བྱེད་པོ་གཞན་དགག་པའི་དོན་ཅན་དུ་གཤད ། གཟུགས་ལས་སེམས་གཙོ་བོའི་དོན་ཅན་དུ་བཤད་པའོ། །དང་པོ་ལའང་གཉིས་ལས། དང་པོ་ནི། མདོའི་དོན་ནི་ཁྱོད་ཀྱི་ཇི་ལྟར་བློ་ལ་སྣང་བ་དེ་ལྟར་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། དེའི་ཕྱིར་བཤད་པ། མངོན་གྱུར་མངོན་ཕྱོགས་བྱང་ཆུབ་སེམས་དཔའ་ཡིས། །སྲིད་གསུམ་རྣམ་ཤེས་ཙམ་དུ་གང་རྟོགས་པ། །རྟག་བདག་བྱེད་པོ་བཀག་པ་རྟོགས་ཕྱིར་དེས། །བྱེད་པ་པོ་ནི་སེམས་ཙམ་ཡིན་པར་རྟོགས། །ཆོས་ཀྱི་དབྱིངས་ལ་མངོན་དུ་ཕྱོགས་པས་ན་མངོན་དུ་གྱུར་པ་ཞེས་བྱ་བ་ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིས་སྲིད་པ་གསུམ་པོ་རྣམ་ཤེས་ཙམ་དུ་རྟོགས་སོ་ཞེས་གང་གསུངས་པའི་དོན་ནི་བྱང་ཆུབ་སེམས་དཔའ་དེས་རྗེས་ཐོབ་དུ་ཕྱི་དང་ནང་གི་ཆོས་རྣམས་ཀྱི་བྱེད་པ་པོ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་རང་བཞིན་གྱི་སེམས་ཙམ་ཡིན་པར་རྟོགས་པས། རྟག་པའི་རང་བཞིན་གྱི་བདག་དང་གཙོ་བོ་ལ་སོགས་པའི་བྱེད་པ་པོ་བཀག་པར་རྟོགས་པའི་ཕྱིར། དེ་སྐད་གསུངས་པ་ཡིན་ཏེ། ཇི་སྐད་དུ། མདོ་སྡེ་ཉིད་ལས། དེ་ལྟར་ན། སྡུག་བསྔལ་གྱི་ཕུང་པོ། སྡུག་བསྔལ་གྱི་ལྗོན་པ། བྱེད་པ་པོ་དང་། འཚོ་བ་པོ་མེད་པ་འབའ་ཞིག་པོ་འདི་མངོན་པར་འགྲུབ་པར་འགྱུར་རོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། བྱེད་པ་པོ་ལ་མངོན་པར་ཞེན་པས་ལས་རྣམས་ཡོད་པར་འགྱུར་རོ། །གང་ན་བྱེད་པ་པོ་མེད་པ་དེར་ནི་དོན་དམ་པར་ལས་ཀྱང་མི་དམིགས་སོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ཁམས་གསུམ་པོ་འདི་ནི་སེམས་ཙམ་སྟེ། ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །མདོའི་དོན་དེ་ལྟར་ཡིན་པར་ཅིས་ཤེས་ཞེ་ན། གཉིས་པ་དེའི་དགོངས་པ་མདོ་གཞན་གྱིས་བཤད་པ་ལ་མདོ་འགོད་པ་ནི། དེ་ཕྱིར་བློ་ལྡན་བློ་ནི་འཕེལ་བྱའི་ཕྱིར། །ལང་ཀར་གཤེགས་མདོ་དེ་ལས་ཀུན་མཁྱེན་གྱིས། །མུ་སྟེགས་རི་བོ་སྤོ་མཐོན་འཇོམས་བྱེད་ངག །རྡོ་རྗེ་འདི་ནི་དགོངས་པ་གཅད་ཕྱིར་གསུངས། །གང་གི་ཕྱིར་སེམས་ཙམ་བྱེད་པ་པོ་ཡིན་པ་དེའི་ཕྱིར། བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་མེད་རྟོགས་པའི་བློ་གྲོས་འཕེལ་བར་བྱ་བའི་ཕྱིར་འཕགས་པ་ལང་ཀར་གཤེགས་པ་ལས་ཀུན་མཁྱེན་གྱིས་མུ་སྟེགས་རྣམས་ཀྱི་བདག་དང་གཙོ་བོ་ལ་སོགས་པ་བྱེད་པ་པོའི་སེམས་པའི་ལྟ་བ་ངན་པའི་རི་བོའི་སྤོ་ཤིན་ཏུ་མཐོ་ཞིང་ལྷུན་སྟུག་པོ་འཇོམས་པར་བྱེད་པ་ལ་རྡོ་རྗེའི་མེ་དང་འདྲ་བའི་ངག གང་ཟག་རྒྱུད་དང་ཕུང་པོ་དང་། །དེ་བཞིན་རྐྱེན་དང་རྡུལ་དག་དང་། །གཙོ་བོ་དབང་ཕྱུག་བྱེད་པོ་རྣམས། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་གསུངས་སོ། །དགོས་པ་འདི་ཅིའི་ཕྱིར་གསུངས་ཤེ་ན། སེམས་ཙམ་གསུངས་པའི་དགོངས་པ་ཡོངས་སུ་གཅད་ཅིང་གསལ་བར་བྱ་བའི་ཕྱིར་དུའོ། །གཉིས་པ་མདོའི་དོན་བཤད་པ་ནི། ཇི་ལྟར་རང་གི་བསྟན་བཅོས་དེ་དེ་ལས། །མུ་སྟེགས་རྣམས་ཀྱིས་གང་ཟག་སོགས་དེ་དག། སྨྲས་པ་དེ་དག་བྱེད་པོར་མ་གཟིགས་ནས། །རྒྱལ་བས་སེམས་ཙམ་འཇིག་རྟེན་བྱེད་པོར་གསུངས། །ཕྱི་དང་ནང་གི་མུ་སྟེགས་རྣམས་ཀྱིས་རང་རང་གི་བསྟན་བཅོས་ལས་གང་ཟག་དང་གཙོ་བོ་ལ་སོགས་པ་ཆོས་རྣམས་ཀྱི་བྱེད་པ་པོར་སྨྲས་པ་དེ་དག་ཐ་སྙད་དུའང་ཆོས་རྣམས་ཀྱི་བྱེད་པ་པོར་མ་གཟིགས་ནས་རྒྱལ་བས་ཐ་སྙད་དུ་སེམས་ཙམ་ཉིད་འཇིག་རྟེན་གྱི་བྱེད་པ་པོར་གསུངས་སོ། །ཞེས་བྱ་བ་ནི་ལང་ཀར་གཤེགས་པའི་མདོའི་དོན་ཡིན་ནོ། །དེ་ལྟར་ན་མདོའི་ཙམ་ཞེས་པའི་སྒྲས་ནི་བྱེད་པ་པོ་གཞན་དགག་པའི་དོན་བྱས་ཟིན་པའི་ཕྱིར། ཤེས་བྱ་འགོག་པའི་དོན་ཅན་མ་ཡིན་ནོ། །གཉིས་པ་གཟུགས་ལས་སེམས་གཙོ་བོའི་དོན་ཅན་དུ་བཤད་པ་ནི། ཇི་ལྟར་དེ་ཉིད་རྟོགས་ལ་སངས་རྒྱས་བསྙད། །དེ་བཞིན་སེམས་ཙམ་གཙོ་གྱུར་འཇིག་རྟེན་ལ། །མདོ་ལས་སེམས་ཙམ་ཞེས་གསུངས་གཟུགས་ནི་འདིར། །འགོག་པ་དེ་ལྟར་མདོ་ཡི་དོན་མ་ཡིན། །ཇི་ལྟར་དེ་ཁོ་ན་ཉིད་ཀྱི་རྟོགས་པ་རྒྱས་པ་ལ་སངས་རྒྱས་ཞེས་ཚིག་སྔ་མ་མི་མངོན་པར་བྱས་ནས་བཤད་པ་དེ་བཞིན་དུ་སེམས་ཙམ་གཙོ་བོར་གྱུར་པ་ལའང་གཟུགས་ལ་སོགས་པ་གཞན་གཙོ་བོ་ཡིན་པ་བཀག་ནས་འཇིག་རྟེན་པ་རྣམས་ལ་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ་ཞེས་གསུངས་པར་ཤེས་པར་བྱའོ། །དེའི་ཕྱིར་མདོ་འདིར་གཟུགས་ལ་སོགས་པ་གཙོ་བོ་ཡིན་པ་སེལ་བ་ཡིན་གྱི། སེམས་ཙམ་ཞིག་ཡོད་ཀྱི་གཟུགས་ནི་མེད་དོ་ཞེས་གཟུགས་འགོག་པ་མདོའི་དོན་མ་ཡིན་ནོ། །མདོའི་དོན་ནི་ཁོ་བོ་ཅག་གིས་ཇི་སྐད་བཤད་པ་དེ་ཁོ་ན་ལྟར་འདོད་པར་བྱ་དགོས་ཀྱི། དེ་ལྟ་མ་ཡིན་པར། གལ་ཏེ་འདི་དག་སེམས་ཙམ་ཞེས་མཁྱེན་ནས། །དེ་ལས་གཟུགས་ཉིད་དགག་པར་མཛད་ན་ནི། །སླར་ཡང་དེ་ལས་བདག་ཉིད་ཆེན་པོས་སེམས། །མ་རིག་ལས་ལས་སྐྱེས་པ་ཅི་ཕྱིར་གསུངས། །གལ་ཏེ་ཁམས་གསུམ་པོ་འདི་དག་སེམས་ཙམ་དུ་གྲུབ་པར་མཁྱེན་ནས་ས་བཅུ་པའི་མདོ་དེ་ལས་གཟུགས་ཉིད་ལ་དགག་པ་མཛད་ནས་སེམས་སུ་བདེན་པར་སྟོན་ན། སླར་ཡང་མདོ་དེ་ཉིད་ལས་ཇི་སྐད་དུ། དེ་ལྟར་བྱང་ཆུབ་སེམས་དཔའ་ལུགས་སུ་འབྱུང་བའི་རྣམ་པར་རྟེན་ཅིང་འབྲེལ་བར་འབྱུང་བ་རབ་ཏུ་རྟོགས་གོ །དེ་འདི་སྙམ་དུ་སེམས་ཏེ། བདེན་པ་རྣམས་མི་ཤེས་པ་ནི་དོན་དམ་པ་མ་རིག་པའོ། །མ་རིག་པས་བྱས་པའི་ལས་རྣམ་པར་སྨིན་པ་ནི་འདུ་བྱེད་རྣམས་སོ། །འདུ་བྱེད་ལ་བརྟེན་པའི་སེམས་དང་པོ་ནི་རྣམ་པར་ཤེས་པའོ། །ཞེས་བདག་ཉིད་ཆེན་པོ་བཅོམ་ལྡན་འདས་ཀྱིས་སེམས་དེ་ཉིད་མ་རིག་པ་དང་། ལས་ཀྱི་རྒྱུ་ལས་སྐྱེ་བར་ཅིའི་ཕྱིར་གསུངས་ཏེ། གལ་ཏེ་སེམས་ངོ་བོ་ཉིད་ཀྱིས་བདེན་པར་གྲུབ་པ་ཞིག་ཡིན་ན་ནི་རྒྱུ་དང་རྐྱེན་ལ་ལྟོས་པར་མི་རིགས་པའི་ཕྱིར་རོ། །ཅིའི་ཕྱིར་སེམས་ཉིད་གཙོ་བོ་ཡིན་ཞེ་ན། དེའི་ཕྱིར་བཤད་པ། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། །སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོད། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། །སེམས་སྤངས་ནས་ནི་ལས་ཀྱང་ཡོད་མ་ཡིན། །སེམས་ཉིད་ཀྱིས་ནི་དམྱལ་བ་ནས་སྲིད་པའི་རྩེ་མོའི་བར་གྱི་སེམས་ཅན་གྱི་འཇིག་རྟེན་རང་རང་གི་ཐུན་མོང་མ་ཡིན་པའི་ལས་ལས་སྐྱེས་པ་རྣམས་དང་། རླུང་གྱི་དཀྱིལ་འཁོར་ནས་འོག་མིན་གྱི་བར་གྱི་སྣོད་ཀྱི་འཇིག་རྟེན་རྣམ་པ་སྣ་ཚོགས་སེམས་ཅན་རྣམས་ཀྱི་ཐུན་མོང་གི་ལས་ལས་སྐྱེས་པ་རྣམས་འགོད་པར་བྱེད་དེ། ཇི་སྐད་དུ། སེམས་ཅན་ལས་ཀྱི་དབང་གིས་ནི། །ནག་པོ་དུས་སུ་སྐྱེས་ཏེ་དཔེར། །སེམས་དམྱལ་མཐོ་རིས་འཇིག་རྟེན་དུ། །མཚོན་དང་རིན་ཆེན་ཤིང་བཞིན་ནོ། །ཞེས་ཕྱི་ནང་གི་འགྲོ་བ་མ་ལུས་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལས་ལས་སྐྱེས་པར་གསུངས་ཤིང་། ལས་ཀྱང་སེམས་ལ་བརྟེན་པ་ཡིན་ཏེ། སེམས་དང་བཅས་པ་ཁོ་ནས་ལས་སོག་པར་བྱེད་ཀྱི། སེམས་སྤངས་ནས་ནི་ལས་ཀྱང་སོག་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འགྲོ་བ་འཇུག་པའི་རྒྱུ་སེམས་ཉིད་གཙོ་བོ་ཡིན་གྱི་གཟུགས་ནི་མ་ཡིན་ཏེ། འདི་ལྟར་གཟུགས་ཡོད་མོད་ཀྱི་དེ་ལ་ནི། །སེམས་བཞིན་བྱེད་པ་པོ་ཉིད་ཡོད་མ་ཡིན། །སེམས་བཞིན་དུ་གཟུགས་ཀྱང་ཐ་སྙད་དུ་ཡོད་མོད་ཀྱི། དེ་ལ་སེམས་བཞིན་དུ་འགྲོ་བའི་རྒྱུ་ལས་སོགས་པའི་བྱེད་པ་པོ་ཉིད་ཡོད་པ་མ་ཡིན་ཏེ། བེམ་པོ་ཡིན་པས་བློའི་གཡོ་བ་མེད་པའི་ཕྱིར་རོ། །གང་གི་ཕྱིར་གཟུགས་ལ་བྱེད་པ་པོའི་དོན་མེད་པ། དེས་ན་སེམས་ལས་གཞན་པའི་བྱེད་པ་པོ། བཟློག་གི་གཟུགས་ནི་བཀག་པ་མ་ཡིན་ནོ། །ཁ་ཅིག་ནི་བདག་དང་གཙོ་བོ་ལ་སོགས་པ་བྱེད་པ་པོར་འདོད་ལ། གཞན་དག་ནི་སེམས་བྱེད་པ་པོར་འདོད་དོ། །གཟུགས་བྱེད་པ་པོར་འདོད་པ་ནི་འགའ་ཡང་མེད་དོ། །དེས་ན་གཙོ་བོ་ལ་སོགས་པ་བྱེད་པ་པོར་མི་རིགས་པར་མཐོང་ཞིང་སེམས་ལ་བྱེད་པ་པོའི་ནུས་པ་དང་ལྡན་པར་མཐོང་སྟེ། སེམས་ཙམ་མོ་ཞེས་གསུངས་པ་ན་སེམས་ལས་གཞན་པའི་གཙོ་བོ་ལ་སོགས་པ། བྱེད་པ་པོ་ཡིན་པ་ཟློག་གི་གཟུགས་བཀག་པ་ནི་རིགས་པ་མ་ཡིན་ཏེ། ཡུལ་གཅིག་གི་བདག་པོ་བྱ་བར་འདོད་པའི་རྒྱལ་པོ་གཉིས་རྩོད་པ་ན་གང་རྒྱལ་བ་དེས་ཅིག་ཤོས་འགྲན་ཟླ་འདོད་པར་བྱེད་ཀྱི་གཉི་ག་ལ་མཁོ་བའི་ཕྱིར་འབངས་ཕལ་པ་དག་མ་ཡིན་པ་བཞིན་དུ། འདིར་ཡང་སེམས་གཞན་བྱེད་པ་པོར་འདོད་པ་གཉིས་ལའང་གཟུགས་མཁོ་བའི་ཕྱིར་རྟག་ཏུ་གནོད་པ་མེད་དོ། །གཉིས་པ་གཟུགས་སེམས་ཡོད་མེད་མཚུངས་པར་བསྟན་པ་ནི། དེ་ལྟར་ན། ཇི་སྐད་བཤད་པའི་ཚུལ་གྱིས་འཇིག་རྟེན་པ་ཡི་དེ་ཉིད་ལ་གནས་ལ། །ཕུང་པོ་འཇིག་རྟེན་གྲགས་དེ་ལྔ་ཅར་ཡོད། །དེ་ཉིད་ཡེ་ཤེས་འཆར་བར་འདོད་པ་ན། །རྣལ་འབྱོར་པ་ལ་དེ་ལྔ་འབྱུང་མི་འགྱུར། །འཇིག་རྟེན་པའི་ལྟ་བའི་དེ་ཁོ་ན་ཉིད་ལ་གནས་པ་ལ་ནི་ཕུང་པོ་ལྔ་ཆར་ཡོད་དེ། དེ་དག་འཇིག་རྟེན་ལ་གྲགས་པའི་ཕྱིར། དེ་ཁོ་ན་ཉིད་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་འཆར་བའི་རྣལ་འབྱོར་པ་རྣམས་ལ་གཟུགས་ལ་སོགས་པའི་ཕུང་པོ་དེ་ལྔ་ཆར་འབྱུང་བར་མི་འགྱུར་ཏེ། སྤྲོས་པའི་མཚན་མ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་གཟུགས་མེད་ན་ནི་སེམས་ཡོད་མ་འཛིན་ཅིག ། སེམས་ཡོད་ན་ཡང་གཟུགས་མེད་མ་འཛིན་ཅིག །དེ་ཅིའི་ཕྱིར་ཞེ་ན། ཐ་སྙད་དུ་གཉིས་ཀ་མཚུངས་པར་ཡོད་ལ། དོན་དམ་པར་གཉིས་ཀ་མེད་པ་མཚུངས་པའི་ཕྱིར་རོ། །ལུང་ལས་ཀྱང་གཉི་ག་ཡོད་མེད་མཚུངས་པར་གསུངས་ཏེ། འདི་ལྟར། དེ་དག་ཤེས་རབ་ཚུལ་མདོར་སངས་རྒྱས་ཤིང་། །མཚུངས་པར་སྤངས་ཤིང་མངོན་པའི་ཆོས་ལས་གསུངས། །གཟུགས་ལ་སོགས་པའི་ཕུང་པོ་དེ་དག་ཆོས་མངོན་པའི་མདོ་ལས་རང་དང་སྤྱིའི་མཚན་ཉིད་ལ་སོགས་པའི་སྒོ་ནས་ལྔ་ཅར་ཡང་མཚུངས་པར་གསུངས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོར། ལྔ་ཅར་མཚུངས་པར་སྤངས་ཤིང་བཀག་པ་ཡིན་ཏེ། རབ་འབྱོར་གཟུགས་ནི་རང་བཞིན་གྱིས་སྟོང་ངོ་། ཞེས་བྱ་བ་ནས་རྣམ་པར་ཤེས་པ་ནི་རང་བཞིན་གྱིས་སྟོང་ངོ་། ཞེས་པའི་བར་དུ་གསུངས་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ལུང་དང་རིགས་པས་གྲུབ་པའི། བདེན་གཉིས་རིམ་པ་འདི་དག་བཤིག་ནས་ཀྱང་། ཁྱོད་ཀྱི་རྫས་ནི་བཀག་པས་འགྲུབ་མི་འགྱུར། །གཟུགས་མེད་པར་སེམས་ཙམ་ཞིག་གྲུབ་པར་སྨྲ་བ་ནི། ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀྱི་རིམ་པ་ཇི་སྐད་བཤད་པ་འདི་དག་བཤིག་ནས་ཀྱང་རྣམ་རིག་པ་ཁྱོད་ཀྱིས་གཞན་དབང་གི་རྫས་འགྲུབ་པར་མི་འགྱུར་ཏེ། གཞན་དབང་གི་རྫས་ནི་སྔར་རིགས་པས་བཀག་པའི་ཕྱིར་རོ། །དེ་ཕྱིར་དེ་ལྟའི་རིམ་པས་དངོས་གདོད་ནས། །དེ་ཉིད་མ་སྐྱེད་འཇིག་རྟེན་སྐྱེས་རིག་བྱ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་གོང་དུ་ཇི་སྐད་བཤད་པ་དེ་ལྟ་བུའི་རིགས་པའི་རིམ་པས་ཕྱི་ནང་གི་དངོས་པོ་རྣམས་དོན་དམ་པར་གདོད་མ་ནས་མ་སྐྱེས་ཤིང་། འཇིག་རྟེན་གྱི་ཐ་སྙད་ཙམ་དུ་སྐྱེས་པར་རིག་པར་བྱའོ། །གསུམ་པ་མདོ་གཞན་གྱིའང་དགོངས་པ་བཤད་པ་ནི། འདི་སྐད་ཅེས་གལ་ཏེ་མདོ་དེ་དག་དགོངས་པ་དེ་ལྟ་ཡིན་མོད། དེ་ལྟ་ནའང་ལུང་གཞན་ལས་སེམས་ཙམ་དུ་འགྲུབ་སྟེ། ཇི་སྐད་དུ། ཕྱི་རོལ་སྣང་བ་ཡོད་མེད་དེ། །སེམས་ནི་སྣ་ཚོགས་རྣམས་སུ་སྣང། །ལུས་དང་ལོངས་སྤྱོད་གནས་འདྲ་བ། སེམས་ཙམ་དུ་ནི་ངས་བཤད་དོ། །ལུས་ནི་མིག་ལ་སོགས་པའི་དབང་པོ་རྣམས་སོ། །ལོངས་སྤྱོད་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །གནས་ནི་སྣོད་ཀྱི་འཇིག་རྟེན་ནོ། །དེ་ལ་སེམས་ལས་གཞན་པའི་ཕྱི་རོལ་ཡོད་པ་མ་ཡིན་པའི་ཕྱིར་སེམས་ཉིད་བག་ཆགས་ཀྱི་དབང་གིས་ལུས་དང་ལོངས་སྤྱོད་དང་གནས་སུ་སྣང་བ་སྐྱེ་བ་ན། ཤེས་པ་ལས་ཐ་དད་པའི་ལུས་ལ་སོགས་པར་མངོན་པར་ཞེན་པ་ཡིན་ནོ། །དེའི་ཕྱིར་ཁམས་གསུམ་པོ་འདི་ནི་སེམས་ཙམ་ཡིན་ནོ་ཞེ་ན། འདིའི་ལན་ལ་གསུམ། མདོ་དེ་དགོངས་པ་ཅན་དུ་བསྟན་པ། དེའི་ཤེས་བྱེད་དགོད་པ། ཞར་ལ་དྲང་ངེས་ཀྱི་ཁྱད་པར་བསྟན་པའོ། །དང་པོ་ནི། མདོ་སྡེ་གང་ལས་ཕྱི་རོལ་དོན་ཡོད་མིན། །སེམས་ཉིད་སྣ་ཚོགས་སྣང་ངོ་ཞེས་གསུངས་པ། །གཟུགས་ལ་ལྷག་པར་ཆགས་གང་དེ་དག་ལ། །གཟུགས་བཟློག་པ་སྟེ་དེ་ཡང་དྲང་དོན་ཉིད། །ལང་ཀར་གཤེགས་པ་ལ་སོགས་པའི་མདོ་སྡེ་གང་ལས་ཕྱི་རོལ་སྣང་བ་ཡོད་མེད་དེ། །ཞེས་སོགས་ཕྱི་རོལ་ཡོད་པ་མིན་ལ་སེམས་ཉིད་ལུས་དང་ལོངས་སྤྱོད་ལ་སོགས་པ་སྣ་ཚོགས་སུ་སྣང་ངོ་ཞེས་གང་གསུངས་པའི་དགོངས་པ་ནི། གདུལ་བྱ་གང་དག་གཟུགས་ལ་ལྷག་པར་ཆགས་པས་དེའི་རྐྱེན་ཅན་གྱི་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་རང་དབང་མེད་པར་འཇུག་ཅིང་། དེའི་གཞི་ལས་སྡིག་པ་ཆེན་པོ་ལ་སྦྱོར་ཞེས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་ཉམས་པར་འགྱུར་བ་དེ་དག་ལ་བཅོམ་ལྡན་འདས་ཀྱིས་གཟུགས་ཀྱི་རྐྱེན་ཅན་གྱིས་ཉོན་མོངས་པ་གཞོམ་པའི་ཕྱིར་ཆགས་པ་ཅན་རྣམས་ཀེང་རུས་བསྒོམ་པར་གསུངས་པ་ལྟར་དུ་ཡང་དག་པ་ཇི་ལྟ་བ་མ་ཡིན་ཡང་གཟུགས་བཟློག་ནས་སེམས་ཙམ་དུ་གསུངས་པར་ཤེས་པར་བྱའོ། །དེའི་ཕྱིར་མདོ་དེའང་དྲང་དོན་ཉིད་ཡིན་ནོ། །འདིའང་དྲང་དོན་ཉིད་ཡིན་གྱི་ངེས་དོན་མ་ཡིན་པར་ཅིས་ཤེས་ཤེ་ན། གཉིས་པ་ཤེས་བྱེད་དགོད་པ་ལ། ལུང་དང་། རིགས་པ་གཉིས་ལས། དང་པོ་ནི། འདི་ནི་སྟོན་པས་དྲང་དོན་ཉིད་གསུངས་ཤིང་། །འདི་ནི་དྲང་དོན་ཉིད་དུ་རིགས་པས་འཐད། །མདོ་འདི་འབའ་ཞིག་དྲང་དོན་ཡིན་པར་མ་ཟད་ཀྱིས། རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །རྣམ་རིག་པ་གང་དག་ངེས་པའི་དོན་དུ་འདོད་པའི་འཕགས་པ་དགོངས་པ་ངེས་པར་འགྲེལ་བ་སོགས་ལས། ཀུན་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པ་ཞེས་བྱ་བའི་ངོ་བོ་ཉིད་གསུམ་ལས། བརྟགས་པ་མེད་པ་ཉིད་དང་། གཞན་དབང་ཡོད་པ་ཉིད་དང་། དེ་བཞིན་དུ། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་སོགས་རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་རྣམས་གཏོང་བ་ལྟར། །སངས་རྒྱས་དེ་བཞིན་སེམས་ཅན་ལ། །སེམས་ཙམ་དུ་ཡང་རབ་ཏུ་གསུངས། །ཞེས་པའི་ལུང་འདིས་ཕྱི་རོལ་སྣང་བ་ཡོད་མེད་དོ། །ཞེས་སོགས་དྲང་དོན་ཉིད་དུ་གསལ་བར་བྱེད་དེ། ཇི་ལྟར་ནད་པའི་ནད་ཀྱི་བྱེ་བྲག་མི་འདྲ་བ་ཐ་དད་པའི་དབང་གིས་སྨན་པ་རྣམས་སྨན་མི་འདྲ་བ་དུ་མ་གཏོང་བ་ལྟར། དེ་བཞིན་གཤེགས་པས་སེམས་ཙམ་གསུངས་པའང་གདུལ་བྱའི་བསམ་པའི་བྱེ་བྲག་ལ་ལྟོས་པར་བསྟན་པའི་ཕྱིར་རོ། །སེམས་ཙམ་གསུངས་པ་ངེས་པའི་དོན་ཡིན་ན། སླར་ཡང་གདུལ་བྱའི་བསམ་པའི་བྱེ་བྲག་ལ་ལྟོས་ནས་སེམས་ཙམ་བསྟན་ནོ་ཞེེས་དེའི་དགོས་པ་གསུང་བ་མི་རིགས་པའི་ཕྱིར་རོ། །དེ་བཞིན་དུ་ལང་ཀར་གཤེགས་པ་ལས། བཅོམ་ལྡན་འདས་ཀྱིས་མདོ་བརྗོད་པ་ལས་དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ་བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པས་རྣམ་པར་དག་པ་ཐོག་མ་ནས་རྣམ་པར་དག་པ་ཉིད་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དེ། བཅོམ་ལྡན་འདས་ཀྱི་རིན་པོ་ཆེ་རིན་ཐང་ཆེན་པོ་གོས་དྲིི་མ་ཅན་གྱི་ཡོངས་སུ་དཀྲིས་པ་ལྟར། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་གོས་ཀྱིས་དཀྲིས་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ཟིལ་གྱིས་ནོན་པ། ཡོངས་སུ་རྟོག་པའི་རྟོག་པས་དྲི་མ་ཅན་དུ་གྱུར་པ། རྟག་པ། བརྟན་པ། ཐེར་ཟུག་པ་ནི་བརྗོད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་སྙིང་པོ་སྨྲ་བ་འདི་ནི་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་འདྲ་བ་མ་ལགས། བཅོམ་ལྡན་འདས་མུ་སྟེགས་བྱེད་རྣམས་ཀྱང་རྟག་པ། བྱེད་པ་པོ། ཡོན་ཏན་མེད་པ། ཁྱབ་པ། མི་འཇིག་པའོ་ཞེས་བདག་ཏུ་སྨྲ་བ་སྟོན་པར་བགྱེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཅན་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང་། ཡང་དག་པའི་མཐའ་དང་། མྱ་ངན་ལས་འདས་པ་དང་། མ་སྐྱེད་པ་དང་། མ་འགགས་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པར་བྱས་ནས། བྱིས་པ་རྣམས་བདག་མེད་པས་འཇིག་པར་འགྱུར་བའི་གནས་རྣམས་སྤང་བའི་ཕྱིར་དོན་དེ་དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་ནས་བསྟན་པས་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ། བློ་གྲོས་ཆེན་པོ་མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་ལ་མངོན་པར་ཞེན་པར་མི་བྱའོ། །བློ་གྲོས་ཆེན་པོ། དཔེར་ན་རྫ་མཁན་ནི་འཇིམ་པའི་རྡུལ་གྱི་ཕུང་པོ་གཅིག་ལ་ལག་པ་དང་། བཟོ་དང་། ལག་གཟུངས་དང་། ཆུ་དང་། སྲད་བུ་དང་། ནན་ཏན་དང་ལྡན་པ་ལས་སྣོད་རྣམ་པ་སྣ་ཚོགས་བྱེད་དོ། །བློ་གྲོས་ཆོན་པོ་དེ་བཞིན་དུ། དེ་བཞིན་གཤེགས་པ་རྣམས་ཀྱང་ཆོས་ལ་བདག་མེད་པ་རྣམ་པར་རྟོག་པའི་བདག་ཉིད་ཐམས་ཅད་རྣམ་པར་ལོག་པ་དེ་ཉིད་ཤེས་རབ་དང་། ཐབས་ལ་མཁས་པ་དང་། ལྡན་པ་རྣམ་པ་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའམ། བདག་མེད་པ་བསྟན་པས་ཀྱང་རུང་སྟེ། རྫ་མཁན་བཞིན་དུ། ཚིག་དང་། ཡི་གེའི་རྣམ་གྲངས་རྣམ་པ་སྣ་ཚོགས་ཀྱིས་སྟོན་ཏོ། །དེ་ལྟར་དེའི་ཕྱིར་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པས་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བས་བསྟན་པ་དང་མི་འདྲའོ། །བློ་གྲོས་ཆེན་པོ་དེ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་མུ་སྟེགས་ཅན་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་རྣམས་དྲང་བའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པས། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་ཏེ། ཡང་དག་པའི་བདག་ཏུ་རྣམ་པར་རྟོག་པའི་ལྟ་བར་ལྷུང་བའི་བསམ་པ་ཅན་དག་རྣམ་པར་ཐར་པའི་སྒོ་གསུམ་གྱི་སྤྱོད་ཡུལ་ལ་གནས་པའི་བསམ་པ་དང་ལྡན་ཞིང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་ཇི་ལྟར་འགྱུར། ཞེས་སོགས་ཀྱིས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་པའི་མདོ་རྣམས་དྲང་དོན་དུ་གསལ་བར་བྱེད་དོ། །འདིའི་བསྡུས་པའི་དོན་ནི་གཉིས་ཏེ། འདི་ལྟར་བྱང་ཆུབ་སེམས་དཔས་དྲི་བ་ཞུས་པ། དེ་བཞིན་གཤེགས་པས་ལན་གནང་བའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། བདག་ཏུ་སྨྲ་བར་བགྱེད་དོ་ཞེས་པའི་བར་རོ། །གཉིས་པ་ལའང། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། བཅོམ་ལྡན་འདས་ཀྱིས་ཞེས་པ་ནས། མངོན་པར་ཞེན་པར་མི་བྱའོ་ཞེས་པའི་བར་རོ། །གཉིས་པ་ལའང་། དགོངས་གཞི་དང་། དགོས་པ་བསྟན་པ་གཉིས་ལས། དང་པོ་ལའང་། དཔེ་དང་། དོན་དང་། མཇུག་བསྡུ་བ་གསུམ་མོ། །དང་པོ་ནི། དཔེར་ན་ཞེས་པ་ནས། སྣ་ཚོགས་བྱེད་དོ་ཞེས་པའི་བར་རོ། །གཉིས་པ་ནི། བློ་གྲོས་ཆེན་པོ་ཞེས་པ་ནས། སྣ་ཚོགས་ཀྱིས་བསྟོན་ཏོ་ཞེས་པའི་བར་རོ། །གསུམ་པ་ནི། དེ་ལྟར་དེའི་ཕྱིར་ཞེས་པ་ནས། མི་འདྲའོའི་བར་རོ། །དགོས་པ་ནི། བླ྄ོ་གྲོས་ཆེན་པོ་ཞེས་ལྷག་མ་རྣམས་སོ། །འདིར་མདོར་བསྡུས་པའི་དོན་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ་སྒྲ་ཇི་བཞིན་པ་ལགས་ན། མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་ཁྱད་པར་མེད་པར་འགྱུར་ལ། དགོངས་ཏེ་གསུངས་པ་ཡིན་ན། དགོངས་གཞི་དང་། དགོས་པ་གང་ལགས་ཞེས་པ་ནི་འདྲི་བ་པོའི་བསམ་པའོ། །འདི་ནི་སྒྲ་ཇི་བཞིན་པ་མ་ཡིན་གྱི་དགོངས་པ་ཅན་ཡིན་ལ། དགོངས་གཞི་སྟོང་པ་ཉིད་དང་། མཚན་མ་མེད་པ་ལ་སོགས་པ་ལས་བརྩམས་ནས། དགོས་པ་གདུལ་བྱ་མུ་སྟེགས་ཅན་གྱི་ལྟ་བ་ལ་གོམས་པ་ཟབ་མོའི་སྣོད་དུ་མི་རུང་བ་རྣམས་རིམ་གྱིས་བདག་མེད་པ་ལ་དྲང་བའི་ཕྱིར་བསྟན་ཏོ་ཞེས་པ་ནི་ལན་གྱི་དོན་ཏོ། །དེ་ལྟར་ན་སྒྲ་ཡིས་དངོས་སུ་ཟིན་པའི་བདེ་བར་གཤེགས་པའི་སྙིང་པོ་ནི་མུ་སྟེགས་པའི་བདག་དང་འདྲ་བར་ཐ་སྙད་ཙམ་དུའང་མ་གྲུབ་ལ། དགོངས་གཞི་བདེ་བར་གཤེགས་པའི་སྙིང་པོ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་ལ་སོགས་པའི་མིང་གིས་བསྟན་པའི་ཆོས་ཀྱི་དབྱིངས་ཉིད་ཡིན་པས། དེ་ནི་ཐ་སྙད་དུའང་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར། ཡོད་པ་དང་། མེད་པ་དང་། རྟག་པ་དང་། མི་རྟག་པ་ལ་སོགས་པ་གང་དུའང་བརྗོད་དུ་མེད་མོད། འོན་ཀྱང་བཤེས་གཉེན་ངན་པས་ཉེ་བར་བསྟན་པའི་དུག་ཆུས་མྱོས་པས། བློ་གྲོས་ཀྱི་མིག་ལྡོངས་པ་དག་ནི། བཅོམ་ལྡན་འདས་ཀྱིས་དགོངས་ཏེ་གསུངས་པའི་མདོ་སྡེ་ཟབ་མོ་རྣམས་ལ་སྒྲ་ཇི་བཞིན་དུ་བཟུང་ནས། བདེ་བར་གཤེགས་པའི་སྙིང་པོའི་ཟོལ་གྱིས། རྟག་པ་དང་། ཁྱབ་པའི་བདག་ཏུ་སྨྲ་བར་བྱེད་ཅིང་། རང་ཉིད་ཀྱང་ལོག་པའི་ལམ་ལ་གནས་ནས། གཞན་དག་ཀྱང་ལོག་པའི་ལམ་ལ་འཇུག་པར་བྱེད། དེ་ལྟར་ཞུགས་པ་དག་ལའང་བསྔགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་དོ། །གང་དག་བདེ་བར་གཤེགས་པའི་བསྟན་པའི་སྙིང་པོ་བདག་མེད་པ་དང་སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་སྨྲ་བ་དག་ལ། དངོས་སུ་ཚིག་དོར་དང་། ལྷག་ཆོད་ལ་སོགས་པའི་སྒོ་ནས་གྱ་ཚོམ་དུ་རྒོལ་ཞིང་སྐོག་ཏུ་ཆད་པ་བ་ཞེས་ངན་སྨྲས་སུ་བྱེད་པ་དག་གིས་དེང་སང་གངས་ཅན་གྱི་བསྟན་པ་བུད་ཤིང་ཟད་དུ་ཉེ་བའི་མེ་ལྕེ་ཙམ་འདིའང་ལྟ་བ་ངན་པའི་དྲི་མས་ཤིན་ཏུ་མ་རུངས་པར་བྱས་སོ། །གཉིས་པ་རིགས་པས་བསྒྲུབ་པ་ནི། ཤེས་བྱ་མེད་ན་ཤེས་པ་བསལ་བ་ནི། །བདེ་བླག་རྙེད་ཅེས་སངས་རྒྱས་རྣམས་ཀྱིས་གསུངས། །ཤེས་བྱ་མེད་ན་ཤེས་པ་བཀག་འགྲུབ་པས། །དང་པོ་ཤེས་བྱ་དགག་པར་མཛད་པ་ཡིན། །ཡུལ་ཤེས་བྱ་མེད་ན་ཡུལ་ཅན་ཤེས་པ་བསལ་བ་བདེ་བླག་ཏུ་རྙེད་དེ། ཡུལ་དང་ཡུལ་ཅན་ཕན་ཚུན་ལྟོས་ནས་བཞག་པའི་ཕྱིར་རོ། །དེ་བས་ན་དེ་བཞིན་གཤེགས་པ་རྣམས་ནི་གདུལ་བྱ་རྣམས་བདག་མེད་པ་ལ་རིམ་གྱིས་གཞུག་པར་བཞེད་ནས་དང་པོ་ཁོ་ནར། ཕྱི་རོལ་སྣང་བ་ཡོད་མེད་དེ། །ཞེས་སོགས་ཤེས་བྱ་དགག་པ་གསུངས་ཏེ། ཤེས་བྱའི་བདག་མེད་པར་རིག་པ་རྣམས་ནི་ཤེས་པའི་བདག་བཀག་པ་ལ་བདེ་བླག་ཏུ་འཇུག་པར་འགྱུར་པའི་ཕྱིར་རོ། །དེའང་འདི་ལྟར་ཤེས་བྱའི་བདག་མེད་པར་རིག་པ་རྣམས་ནི། ཤེས་པ་རང་བཞིན་མེད་པར་རེས་འགའ་ནི་རང་ཉིད་ཀྱིས་རྟོགས་པར་འགྱུར་ལ། རེས་ནི་ཅུང་ཟད་ཅིག་ཉེ་བར་བསྟན་པས་འགྱུར་བའི་ཕྱིར་རོ། །གསུམ་པ་དྲང་ངེས་ཀྱི་ཁྱད་པར་བསྟན་པ་ནི། དེ་ལྟར་ལུང་གི་ལོ་རྒྱུས་ཤེས་བྱས་ཏེ། །མདོ་གང་དེ་ཉིད་མ་ཡིན་བཤད་དོན་ཅན། །དྲང་དོན་གསུངས་པའང་རྟོགས་ནས་དྲང་བྱ་ཞིང་། །སྟོང་ཉིད་དོན་ཅན་ངེས་དོན་ཡིན་ཤེས་གྱིས། །གོང་དུ་བཤད་པའི་ཚུལ་དེ་ལྟར་དྲང་དོན་དང་། ངེས་པའི་དོན་གྱི་ལུང་གི་ལོ་རྒྱུས་རྒྱ་ཆེར་ཤེས་བྱ་སྟེ། དེ་ལ་མདོ་གང་ཞིག་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པས་ཁྱད་པར་དུ་བྱས་པའི་དེ་ཁོ་ན་ཉིིད་དོན་དམ་པའི་བདེན་པ་དངོས་སུ་གསལ་བྱེད་མ་ཡིན། དངོས་སུ་ཀུན་རྫོབ་ཀྱི་དོན་ཅན་བཤད་ན་སྟོང་པ་ཉིད་ཀྱི་དོན་ཅན་དུ་དྲང་དུ་རུང་བ་དེ་དག་ནི་རང་བཞིན་མེད་པ་ལ་འཇུག་པའི་ཐབས་སུ་གསུངས་པ་ཙམ་ཡིན་པས་དྲང་དོན་ཡིན་ལ། དེ་དག་གི་དགོངས་པ་ཇི་ལྟར་ཡིན་པའང་རྟོགས་ནས་ཇི་ལྟར་གནོད་པ་མེད་པ་དེ་ལྟ་བུའི་དོན་ཅན་དུ་དྲང་བར་བྱ་ཞིང་བཤད་པར་བྱ་ལ། མདོ་གང་ཞིག་དངོས་སུ་སྟོང་པ་ཉིད་དང་སྐྱེ་བ་མེད་པ་ལ་སོགས་པ་གསལ་བར་བྱེད་པ་དེ་དག་གི་དོན་དེ་ནི་རྣམ་པ་གཞན་དུ་དྲང་བར་མི་ནུས་པའི་ཕྱིར་ངེས་པའི་དོན་ཡིན་པར་ཤེས་པར་བྱའོ། །དྲང་དོན་དང་། ངེས་དོན་གྱི་ཁྱད་པར་དེ་ལྟར་ཡིན་པར་ཡང་། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། སྟོང་པ་བདེ་བར་གཤེགས་པས་བཤད་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་གསུངས་ཤིང་། དེ་བཞིན་དུ་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་ཀྱང་། དྲང་བའི་དོན་གྱི་མདོ་གང་ཞེ་ན། མདོ་གང་ལས་ཀུན་རྫོབ་ཀྱི་བདེན་པ་གསུངས་པ་འདི་ནི་དྲང་བའི་དོན་ཡིན་ནོ། །ངེས་པའི་དོན་གྱི་མདོ་གང་ཞེ་ན། མདོ་གང་ལས་དོན་དམ་པའི་བདེན་པ་མངོན་དུ་བྱ་བའི་ཕྱིར་གསུངས་པ་འདི་ནི་ངེས་པའི་དོན་ཏོ། །མདོ་གང་ལས་ཚིག་དང་ཡི་གེ་སྣ་ཚོགས་སུ་གསུངས་པ་དེ་ནི་དྲང་བའི་དོན་ཡིན་ལ། མདོ་གང་ལས་ཟབ་པ་ལྟ་དཀའ་བ་ཁོང་དུ་ཆུད་པར་དཀའ་བ་གསུངས་པ་དེ་ནི་ངེས་པའི་དོན་ཡིན་ནོ། །མདོ་གང་ལས། བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་པོ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། བྱེད་པ་པོ་དང་། ཚོར་བ་པོའི་སྒྲ་དང་སྐད་སྣ་ཚོགས་པ་བདག་པོ་མེད་པ་ལ་བདག་པོ་ཡོད་པ་བཞིན་དུ་གསུངས་པ་དེ་ནི་དྲང་བའི་དོན་ཡིན་ལ། མདོ་གང་ལས། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། མ་བྱུང་བ་དང་། མ་སྐྱེས་པ་དང་། དངོས་པོ་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དང་། བདག་པོ་མེད་པ་དང་། རྣམ་པར་ཐར་པའི་སྒོ་གསུངས་པ་དེ་ནི་ངེས་པའི་དོན་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ལས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་པའི་མདོ་སྡེ་རྣམས་དྲང་དོན་དང་། ཀུན་བརྟགས་མེད་ཅིང་གཞན་དབང་ཡོད་པར་སྟོན་པ་རྣམས་ཀྱང་དགོངས་པ་ཅན་ཡིན་པར་ལུང་འདི་ཉིད་ཀྱིས་ཤེས་ཤིང་རིགས་པས་ཀྱང་འགྲུབ་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པར་སྟོན་པའི་མདོ་སྡེ་དག་གི་དངོས་ཀྱི་དོན་ལ་གནོད་པ་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་མཐའ་བཞི་ལས་སྐྱེ་བ་བཀག་ཅིང་འགོག་པའི་ཕྱིར་རོ། །གཞན་དབང་ཡོད་པར་སྟོན་པའི་མདོ་དག་གི་དངོས་ཀྱི་དོན་ནི་དེ་ཁོ་ན་ལྟར་གྲུབ་པ་མ་ཡིན་ཏེ། གཞན་དབང་རྫས་སུ་གྲུབ་པ་སྔར་ལུང་དང་རིགས་པས་ལེགས་པར་བཀག་པའི་ཕྱིར་རོ། །དེ་ལྟར་ན་མདོ་གང་གི་དངོས་བསྟན་གྱི་དོན་ལ་རིགས་པས་གནོད་པ་མེད་པ་ནི་ངེས་པའི་དོན་ཡིན་ལ། མདོ་གང་གིས་དངོས་སུ་བསྟན་པ་ལ་རིགས་པས་གནོད་པ་དེ་ནི་དྲང་བའི་དོན་ཅེས་བྱའོ། །མདོ་གཞན་ལས་ཀུན་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གསུམ་གསུངས་པ་དེ་དག་གི་དོན་གང་ཞེ་ན། དཔེར་ན་སྦྲུལ་གྱི་དངོས་པོ་ནི་ཐག་པ་བསྡོགས་པའི་རྟེན་འབྲེལ་ལ་ཀུན་བརྟགས་པ་ཡིན་ཏེ། གང་གི་ཚེ་ཐག་པ་ལ་སྦྲུལ་དུ་འཛིན་པ་དེའི་ཚེའང་ཐག་པ་ལ་སྦྲུལ་མེད་པའི་ཕྱིར་རོ། །སྦྲུལ་གྱི་དངོས་པོ་ལ་ནི་སྦྲུལ་དེ་ཉིད་ཡོངས་སུ་སྒྲུབ་པ་ཡིན་ཏེ། སྦྲུལ་ལ་སྦྲུལ་དུ་འཛིན་པ་ནི་ཐ་སྙད་ཀུན་བརྟགས་པ་མ་ཡིན་པའི་ཕྱིར་རོ། །རང་བཞིན་ཡང་གཞན་དབང་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ནི་ཀུན་བརྟགས་པ་ཡིན་ཏེ། གང་གི་ཚེ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་བྱིས་པ་རྣམས་ཀྱིས་རང་བཞིན་ནམ་ངོ་བོ་ཉིད་དུ་འཛིན་པ་དེའི་ཚེའང་ཐག་པ་ལ་སྦྲུལ་བཞིན་དུ་རྟེན་འབྲེལ་ལ་ནི་རང་བཞིན་ཡོད་པ་མ་ཡིན་ཏེ། རྟེན་འབྲེལ་ནི་རྒྱུ་དང་རྐྱེན་ལས་སྐྱེས་པའི་བཅོས་མ་ཡིན་པའི་ཕྱིར་དང་། རང་བཞིན་དག་ནི་དེ་ལྟ་མ་ཡིན་པའི་ཕྱིར་རོ། །དེ་སྐད་དུའང་བསྟན་བཅོས་ལས། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་གང་གསུངས་པ་ཡིན་ནོ། །རང་བཞིན་དེའང་སངས་རྒྱས་ཀྱི་སྤྱོད་ཡུལ་སྟོང་པ་ཉིད་ལ་ནི་དངོས་ཡིན་ཏེ། ཆོས་རྣམས་ཀྱི་རང་བཞིན་བཅོས་མ་མ་ཡིན་པ་མངོན་དུ་མཛད་ཅིང་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བརྗོད་པའི་ཕྱིར་རོ། །དེ་ལྟར་ན་ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་རྒྱུ་དང་རྐྱེན་ལ་ལྟོས་པའི་ཕྱིར་གཞན་དབང་ཡིན་ལ། རང་བཞིན་དང་། གནས་ལུགས་དང་། མ་བཅོས་པའི་ངོ་བོ་ནི་ཀུན་རྫོབ་རྟེན་ཅིང་འབྲེལ་བ་འབྱུང་བ་ལ་ནི་ཀུན་བརྟགས་པ་ཡིན་ལ། སྟོང་པ་ཉིད་དོན་དམ་པའི་བདེན་པ་ལ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་པར་ཤེས་པར་བྱའོ། །རྣམ་རིག་པ་དག་ནི། དོན་གྱིས་དབེན་པའི་ཤེས་པ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ནི་གཞན་གྱི་དབང་ཡིན་ལ། གཟུང་བ་དང་འཛིན་པ་ནི་ཀུན་བརྟགས་སོ། །གཞན་གྱི་དབང་དེ་ཉིད་ཀུན་བརྟགས་ཀྱིས་གདོད་མ་ནས་སྟོང་པ་ནི་ཡོངས་སུ་གྲུབ་པར་འདོད་ཀྱང་། འཇིག་རྟེན་ན་གྲགས་པའི་གཟུང་འཛིན་ལས་མ་གཏོགས་པའི་གཞན་དབང་མེད་པའི་ཕྱིར་དེ་དག་ནི་ངོ་བོ་ཉིད་གསུམ་དུ་སྨྲ་བའང་མ་ཡིན་ནོ། །མདོ་སྡེ་གང་ལས་ཀུན་བརྟགས་མེད་པ་ཉིད་དང་། གཞན་དབང་ཡོད་པར་གསུངས་པའི་དོན་ཡང་། གཞན་དབང་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་ཐ་སྙད་དུ་ཡོད་པའི་ཕྱིར་དང་། དེ་ཉིད་ལ་རང་གཞན་གྱི་གྲུབ་མཐའ་སྨྲ་བ་དག་གིས་བདེན་པའི་རང་བཞིན་དུ་ཀུན་བརྟགས་པ་ནི་ཐ་སྙད་དུའང་མ་གྲུབ་པའི་ཕྱིར་རོ། །རྣམ་རིག་པ་དག་གཞན་དབང་རྫས་སུ་གྲུབ་པའི་ཕྱིར་དང་ཀུན་བརྟགས་ཐ་སྙད་དུ་ཡོད་ཀྱང་དོན་ལ་མེད་པའི་ཕྱིར་ཞེས་འཆད་ཀྱང་། གཞན་དབང་རྫས་སུ་གྲུབ་པ་སྔར་བཀག་པའི་ཕྱིར་དང་། ཀུན་བརྟགས་སུ་འདོད་པའི་གཟུང་འཛིན་ནི་ཐ་སྙད་དུ་ཡོད་ཀྱང་རྟེན་འབྲེལ་ཡིན་པའི་ཕྱིར་གཞན་དབང་ཡིན་གྱི། ཀུན་བརྟགས་མ་ཡིན་ལ། དེ་ཉིད་ལ་བཅོས་མ་མ་ཡིན་པའི་རང་བཞིན་དུ་ཀུན་བརྟགས་པ་ནི་ཐ་སྙད་དུའང་མེད་པའི་ཕྱིར་རོ། །ཡང་མདོ་སྡེ་དག་ལས། ཀུན་བརྟགས་པ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། ཡོངས་གྲུབ་ལ་དོན་དམ་པ་ངོ་བོ་ཉིད་མེད་པ་ཞེས་གསུངས་པའི་དོན་ཡང་དབུ་མ་པའི་ངོ་བོ་ཉིད་གསུམ་ལ་ཤིན་ཏུ་འཐད་པ་ཡིན་ཏེ། ཀུན་བརྟགས་པ་ནི་ཐ་སྙད་དུའང་རི་བོང་གི་རྭ་ལྟར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་ཕྱིར་དང་། གཞན་གྱི་དབང་ནི་སྒྱུ་མ་ལྟར་རང་གི་བདག་ཉིད་ཀྱིས་སྐྱེ་བ་མེད་ཀྱི། རྒྱུ་དང་རྐྱེན་གཞན་ལ་རག་ལས་པའི་ཕྱིར་དང་། ཡོངས་སུ་གྲུབ་པ་ནི་ཐ་སྙད་དུའང་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས་ངོ་བོ་ཉིད་མེད་པའང་ཡིན་ལ། མི་སླུ་བའི་ཕྱིར་དོན་དམ་པའང་ཡིན་པས་སོ། །རྣམ་རིག་པ་དག་གི་ལྟར་ན། གཞན་གྱི་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད་པ་མ་ཡིན་ཏེ། དོན་དམ་པར་གཞན་ལས་སྐྱེ་བར་ཁས་བླངས་པའི་ཕྱིར་རོ། །

དེ་ལྟར་གཞན་ལས་སྐྱེ་བ་འགག་པ་ཞར་བྱུང་དང་བཅས་པ་བཤད་ནས། ད་ནི་གཉིས་ཀ་ལས་སྐྱེ་བ་དགག་པ་བཤད་པར་བྱ་སྟེ། དེ་ལའང་གཉིས། དགག་པ་དངོས་དང་། མཇུག་བསྡུ་བའོ། །དང་པོ་ནི། གཅེར་བུ་པ་དག་ན་རེ། ཕྱི་དང་ནང་གི་དངོས་པོ་རྣམས་ནི་བདག་དང་གཞན་གཉིས་ཀ་ལས་སྐྱེ་བ་ཡིན་ཏེ། འདི་ལྟར། འཇིམ་པའི་གོང་བུ་དང་། དབྱུ་གུ་དང་། འཁོར་ལོ་དང་། རྫ་མཁན་ལ་སོགས་པ་ལས་བུམ་པ་འབྱུང་བར་འདོད་པ་ན། འཇིམ་པ་དང་། བུམ་པ་གཞན་མ་ཡིན་པའི་ཕྱིིར། རང་གི་བདག་ཉིད་ལས་ཀྱང་སྐྱེ་བ་ཡིན་ལ། རྫ་མཁན་དང་། འཁོར་ལོ་ལ་སོགས་པ་ལས་བུམ་པ་གཞན་ཡིན་པའི་ཕྱིར། གཞན་ལས་ཀྱང་སྐྱེ་བ་ཡིན་ནོ། །དེ་བཞིན་དུ་ནང་གི་དངོས་པོ་རྣམས་ཀྱང་བདག་དང་གཞན་གཉིས་ཀ་ལས་སྐྱེ་བ་ཡིན་ཏེ། གང་གི་ཕྱིར་བྱམས་པ་ཚེ་རབས་གཞན་དུའང་སྲོག་གི་བདག་ཉིད་དུ་ཡོད་པ་ཁོ་ནས་སྐྱེ་བ་འདི་ལེན་པར་བྱེད་པའི་ཕྱིར་བདག་ལས་སྐྱེ་བ་ཡིན་ཏེ། བྱམས་པ་དང་སྲོག་གཉིས་གཞན་མ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་། ཕ་མ་དང་། ཆོས་དང་། ཆོས་མ་ཡིན་པ་དང་། ཟག་པ་ལ་སོགས་པ་གཞན་དུ་གྱུར་པ་དག་ལས་ཀྱང་སྐྱེ་བ་དེའི་ཕྱིར་གཞན་ལས་སྐྱེ་བའམ་ཡིན་ཏེ། དེའི་ཕྱིར་བདག་ལས་སྐྱེ་བ་དང་། གཞན་ལས་སྐྱེ་བ་བཀག་པ་ན། ཁོ་བོ་ཅག་ལ་གནོད་པ་མ་ཡིན་ཏེ། བདག་ཁོ་ན་ལས་སྐྱེ་བའམ། གཞན་ཁོ་ན་ལས་སྐྱེ་བར་ཁས་མ་བླངས་པའི་ཕྱིར་རོ་ཞེ་ན། དེའང་མ་ཡིན་ཏེ། འདི་ལྟར། གཉིས་ལས་སྐྱེ་བའང་རིགས་པ་མ་ཡིན་གང་གི་ཕྱིར། །བཤད་ཟིན་ཉེས་པ་ཐོག་ཏུ་འབབ་པ་ཉིད་ཕྱིར་རོ། །བདག་དང་གཞན་གཉིས་ཀ་ལས་སྐྱེ་བའང་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་ཕྱོགས་གཉིས་ཀ་ལ་བཤད་ཟིན་པའི་ཉེས་པ་དེ་དག་འདིར་ཡང་འབབ་པའི་ཕྱིར་རོ། །གང་གི་ཕྱིར་བུམ་པ་དང་བྱམས་པ་འཇིམ་པ་དང་སྲོག་གི་བདག་ཏུ་ཡོད་པའི་ཕྱིར་སྐྱེ་བ་མ་ཡིན་ཏེ། དེ་ནི་དེ་ལས་བྱུང་ན་ཡོན་ཏན་འགའ་ཡང་ཡོད་མ་ཡིན། །ཞེས་སོགས་ཉེས་པ་བཤད་ཟིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་དག་རྫ་མཁན་དང་། འཁོར་ལོ་དང་། དབྱུ་གུ་ལ་སོགས་པ་དང་། ཆོས་དང་། ཆོས་མ་ཡིན་པ་ལ་སོགས་པ་གཞན་དུ་གྱུར་པ་ལས་ཀྱང་སྐྱེ་བ་མ་ཡིན་ཏེ། གཞན་ལ་བརྟེན་ནས་གཞན་ཞིག་འབྱུང་བར་འགྱུར་ན་ནི། །འོ་ན་མེ་ལྕེ་ལས་ཀྱང་མུན་པ་མཐུག་པོ་འབྱུང་འགྱུར་ཞིང་། །ཞེས་སོགས་ཉེས་པ་བཤད་ཟིན་པའི་ཕྱིར་རོ། །གཉིས་པ་མཇུག་བསྡུ་བའི་ཕྱིར། འདི་ནི་འཇིག་རྟེན་དེ་ཉིད་དུ་ཡང་འཐད་མིན་ཏེ། །གང་ཕྱིར་རེ་རེ་ལས་སྐྱེ་འགྲུབ་པ་མེད་ཕྱིར་རོ། །

གཉིས་ཀ་ལས་སྐྱེ་བ་དགག་པ།

གཉིས་ཀ་ལས་སྐྱེ་བ་འདི་ནི་འཇིག་རྟེན་གྱི་ཐ་སྙད་དང་། དེ་ཁོ་ན་ཉིད་དུའང་འཐད་པ་མིན་ཏེ། རེ་རེ་ལས་སྐྱེ་བ་བདེན་པ་གཉིས་ཀར་དུའང་བཀག་པའི་ཕྱིར་རོ། །གཞན་ཡང་། དཔེར་ན་ཏིལ་གཅིག་གི་འབྲུ་མར་འབྱིན་པ་ན་མང་པོས་ཀྱང་འབྱིན་ལ། བྱེ་མ་རེ་རེ་ལ་ནུས་པ་མེད་པས་མང་པོས་ཀྱང་མི་ནུས་པ་བཞིན། གང་གི་ཕྱིར་བདག་དང་གཞན་རེ་རེ་ལས་སྐྱེ་བ་འགྲུབ་པ་མེད་པའི་ཕྱིར། གཉི་ག་ལས་སྐྱེ་བ་ཡོད་པ་མ་ཡིན་ནོ། །

རྒྱུ་མེད་དུ་སྨྲ་བ་དགག་པ།

བཞི་པ་རྒྱུ་མེད་དུ་སྨྲ་བ་དགག་པ་ལ། རྒྱུ་མེད་ལས་སྐྱེ་བ་སྤྱིར་དགག འཇིག་རྟེན་ཕ་རོལ་མེད་པ་བྱེ་བྲག་ཏུ་དགག་པ་གཉིས་ལས། དང་པོ་ནི། ངོ་བོ་ཉིད་དུ་སྨྲ་བ་དག་ན་རེ། གལ་ཏེ་དངོས་པོ་རྣམས་རྒྱུ་ལས་འབྱུང་ན་བདག་གམ་གཞན་ནམ་གཉི་ག་ལས་སྐྱེ་བ་འགྱུར་བ་ཞིག་ན། ཁོ་བོ་ཅག་ནི་དངོས་པོ་རྣམས་རྒྱུ་ལས་སྐྱེ་བར་ཁས་མ་བླངས་པས་ཇི་སྐད་བཤད་པའི་ཉེས་པ་མི་འབྱུང་ལ། དེའི་ཕྱིར་ཕྱི་དང་ནང་གི་དངོས་པོ་རྣམས་ནི་ངོ་བོ་ཉིད་ལས་བྱུང་བ་ཡིན་ཏེ། འདི་ལྟར། པད་མའི་ཆུ་བ་དང་། འདབ་མ་དག་གི་རྩུབ་པ་དང་། འཇམ་ཤ་དག་འགའ་ཞིག་བྱེད་པར་མ་མཐོང་ལ། དེའི་འདབ་མ་དང་། ཟེའུ་འབྲུ་དང་། ལྟེ་བ་རྣམས་ཀྱི་ཁ་དོག་དང་དབྱིབས་རྣམ་པ་སྣ་ཚོགས་དག་ཀྱང་བྱེད་པར་མ་མཐོང་ངོ་། །དེ་བཞིན་དུ་རྨ་བྱ་དང་། མཐིང་རིལ་དང་། བྱ་གག་ལ་སོགས་པ་ནང་གི་བདག་ཉིད་རྣམས་ལའང་འགའ་ཞིག་གིས་བཟུང་ནས། ཁ་དོག་དང་དབྱིབས་ལ་སོགས་པ་སྣ་ཚོགས་པ་འགོད་པར་མི་དམིགས་སོ། །དེའི་ཕྱིར་དེ་དག་ནི་ངོ་བོ་ཉིད་ལས་བྱུང་བ་ཡིན་ནོ་ཞེས་ཟེར་རོ། །འདིའང་མི་རིགས་ཏེ། གལ་ཏེ་རྒྱུ་མེད་ཁོ་ནར་སྐྱེ་བར་འགྱུར་ན་ནི། །དེ་ཚེ་ཀུན་ལས་ཐམས་ཅད་རྟག་ཏུ་སྐྱེ་བར་འགྱུར། །འཇིག་རྟེན་པ་དག་འབྲས་བུ་འགྲུབ་ཕྱིར་ས་བོན་སོགས། །བརྒྱ་ཕྲག་སྒོ་ནས་སྡུད་བྱེད་པར་ཡང་མི་འགྱུར་རོ། །གལ་ཏེ་ཕྱི་ནང་གི་དངོས་པོ་ཐམས་ཅད་རྒྱུ་མེད་པར་སྐྱེ་བར་འགྱུར་ན་ནི་དེའི་ཚེ་རྒྱུ་དང་རྒྱུ་མ་ཡིན་པ་ཀུན་ལས་འབྲས་བུ་དང་འབྲས་བུ་མ་ཡིན་པ་ཐམས་ཅད་དུས་རྟག་ཏུ་སྐྱེ་བར་འགྱུར་ཏེ། འདི་ལྟར། ཇི་ལྟར་པ་ན་སའི་ཤིང་ཐོག་རང་གི་ས་བོན་རྒྱུ་མ་ཡིན་པ་ལས་སྐྱེ་བ་ལྟར། ཨ་མྲ་ལ་སོགས་པའང་རྒྱུ་མ་ཡིན་པས་དེ་དག་ལས་ཀྱང་སྐྱེ་བར་འགྱུར་ཏེ། རྒྱུ་མ་ཡིན་པར་འདྲ་བའི་ཕྱིར་རོ། །དེ་བཞིན་དུ་ཨ་མྲ་ལ་སོགས་པའི་སྨིན་པ་དུས་ཀྱི་ཁྱད་པར་ལ་ལྟོས་པ་དེའང་དུས་རྟག་ཏུ་ཡོད་པར་འགྱུར་ཏེ། དུས་ལ་མི་ལྟོས་པའི་ཕྱིར་རོ། །དེ་ལྟར་ན་འགྲོ་བ་ཐམས་ཅད་ཡུལ་དུས་ཐམས་ཅད་དུ་སྐྱེ་བར་འགྱུར་ན་དེའང་ཡོད་པ་མ་ཡིན་ནོ། །དེའང་རིགས་པ་དང་འགལ་བར་མ་ཟད་མཐོང་བ་དང་ཡང་འགལ་བར་འགྱུར་ཏེ། གལ་ཏེ་དངོས་པོ་རྣམས་རྒྱུ་མེད་པ་ཁོ་ནར་འབྱུང་བ་ཡིན་ན། འཇིག་རྟེན་པ་འདི་དག་ཤིང་ཐོག་དང་འབྲུ་ལ་སོགས་པའི་འབྲས་བུ་འགྲུབ་པར་བྱ་བའི་ཕྱིར་དུ་དེ་དང་དེའི་ས་བོན་ལ་སོགས་པའི་རྒྱུ་ལ་དཀའ་བ་བརྒྱ་ཕྲག་གི་སྒོ་ནས་སྡུད་ཅིང་འབད་པ་བྱེད་པར་ཡང་མི་འགྱུར་བ་ཞིག་ན། བྱེད་པའང་ཡིན་པ་དེའི་ཕྱིར་དངོས་པོ་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་ལས་བྱུང་བ་མ་ཡིན་ནོ། །གཞན་ཡང་། གལ་ཏེ་འགྲོ་བ་རྒྱུ་ཡིས་སྟོང་ན་ནམ་མཁའ་ཡི། །ཨུད་པ་ལ་ཡི་དྲི་མདོག་ཇི་བཞིན་གཟུང་དུ་མེད་འགྱུར་ན། །ཤིན་ཏུ་བཀྲ་བའི་འཇིག་རྟེན་འཛིན་པའང་ཡིན་དེའི་ཕྱིར། །རང་གི་བློ་བཞིན་འཇིག་རྟེན་རྒྱུ་ལས་འབྱུང་ཤེས་གྱིས། །གལ་ཏེ་འགྲོ་བ་རྣམས་རྒྱུ་ཡིས་སྟོང་པ་ཞིག་ཡིན་ན་ནི། ཇི་ལྟར་ནམ་མཁའ་ཨུདྤལ་གྱི་དྲི་དང་མདོག་མཐོང་བའི་ལམ་དུ་མི་འགྱུར་བ་དེ་བཞིན་དུ་རང་གི་ཡུལ་ཅན་གྱི་ཤེས་པས་གཟུང་དུ་མེད་པར་འགྱུར་ན། ཕྱི་དང་ནང་གི་འཇིག་རྟེན་འདི་དག་ནི། རང་རང་གི་ཡུལ་ཅན་གྱི་ཤེས་པས་འཛིན་པར་ཡང་དམིགས་པ་དེའི་ཕྱིར། ཇི་ལྟར་རྒྱང་འཕེན་རང་གི་སྔོན་པོ་ལ་སོགས་པར་སྣང་བའི་བློ་རྣམས་སྔོན་པོ་ལ་སོགས་པ་མེད་པར་མི་འབྱུང་བས། དེ་དག་ལས་འབྱུང་བ་དེ་བཞིན་དུ་ཕྱི་ནང་གི་འཇིག་རྟེན་འདི་དག་ཀྱང་རང་རང་གི་རྒྱུ་ལས་འབྱུང་བ་ཡིན་པར་ཤེས་པར་གྱིས་ཤིག །

གཉིས་པ་འཇིག་རྟེན་ཕ་རོལ་མེད་པ་བྱེ་བྲག་ཏུ་དགག་པ་ནི། འབྱུང་བ་རྒྱུར་སྨྲ་བ་དག་ན་རེ། སེམས་དང་སེམས་ལས་བྱུང་བ་འབྱུང་བ་ལས་གྱུར་པ་དག་གི་རྒྱུ་མཐོང་བཞིན་པ་ལ་ནི་བསྙོན་པར་ནུས་པ་མ་ཡིན་ཏེ། མཐོང་བའི་ཕྱིར་དང་། ཇི་སྐད་བཤད་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཕྱི་ནང་གི་དངོས་པོ་མཐའ་དག་སྐྱེས་པར་བྱེད་པའི་རྒྱུ་ནི་བཞི་སྟེ། ས་དང་ཆུ་དང་མེ་དང་རླུང་རྣམས་སོ། །དེ་དག་ཡོངས་སུ་སྨིན་པའི་ཁྱད་པར་ལས། པདྨ་དང་། བལ་པོ་སིའུ་ལ་སོགས་པ་དག་དང་། རྨ་བྱ་དང་། བྱ་གག་ལ་སོགས་པ་རྣམས་ཀྱི་ཁ་དོག་དང་། དབྱིབས་རྣམ་པ་སྣ་ཚོགས་མཐོང་བཞིན་པ་རྣམས་འབྱུང་བ་འབའ་ཞིག་ཏུ་མ་ཟད་ཀྱི། བློའི་དངོས་པོ་དེ་ཁོ་ན་ཉིད་སྣ་ཚོགས་ཡོངས་སུ་གཅོད་པ་དག་ཀྱང་དེ་ལས་སྐྱེ་བ་ཡིན་ཏེ། འདི་ལྟར། དཔེར་ན་ཆན་དང་ཕབས་ལ་སོགས་པ་ཕྲད་པའི་འབྱུང་བའི་ཁྱད་པར་ཡོངས་སུ་སྨིན་པ་ལས་སྲོག་ཆགས་རྣམས་མྱོས་པར་བྱེད་པའི་ནུས་པ་སྐྱེ་བ་དེ་བཞིན་དུ། ཁུ་བ་དང་ཁྲག་གི་ནུར་ནུར་པོ་ལ་སོགས་པ་འབྱུང་བའི་ཁྱད་པར་ཡོངས་སུ་སྨིན་པ་ལས་བློ་སྐྱེ་བར་འགྱུར་ལ། དེ་དག་དངོས་པོ་མཐའ་དག་ཡོངས་སུ་གཅོད་པའི་བར་དུའང་འགྱུར་རོ། །དེའི་ཕྱིར་ཕྱི་དང་ནང་གི་དངོས་པོ་རྣམས་ནི་འབྱུང་བ་བཞིའི་རྒྱུ་ལས་བྱུང་བ་ཙམ་ཁོ་ན་ཡིན་གྱི། གང་དུ་དགེ་བའང་མི་དགེ་བ་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་འདིའམ། སྐྱེ་བ་གཞན་དུ་སྨིན་པར་འགྱུར་བའི་འཇིག་རྟེན་ཕ་རོལ་ནི་ཡོད་པ་མ་ཡིན་ནོ་ཞེས་ཟེར་རོ། །འདི་ལ་བརྗོད་པར་བྱ་སྟེ། ཁྱོད་ཀྱིས་འཇིག་རྟེན་ཕ་རོལ་མེད་པར་གང་ལས་ཤེས། དེ་ནི་མངོན་སུམ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། འཇིག་རྟེན་ཕ་རོལ་མངོན་སུམ་མ་ཡིན་པ་དེ་ཉིད་མངོན་སུམ་མམ། འོན་ཏེ་མངོན་སུམ་མ་ཡིན། མངོན་སུམ་མོ་ཞེ་ན། འཇིག་རྟེན་ཕ་རོལ་མངོན་གྱུར་དུ་མེད་པ་མངོན་སུམ་ཡིན་པའི་ཕྱིར་དངོས་པོར་འགྱུར་ལ། དེ་ལྟར་ན། འགའ་ཡང་དངོས་པོ་མེད་པར་མི་འགྱུར་བའི་ཕྱིར་ཟླ་མེད་པས་དངོས་པོའང་མེད་པར་འགྱུར་ལ། དེའི་ཕྱིར་འབྱུང་བ་རྣམས་ཡོད་ལ། འཇིག་རྟེན་ཕ་རོལ་མེད་དོ་ཞེས་བྱ་བ་ཉམས་སོ། །ཅི་སྟེ་མངོན་སུམ་མ་ཡིན་ན་ནི། དེ་གང་གིས་ཀྱང་མ་བཟུང་བའི་ཕྱིར། དེའི་སྒོ་ནས་ཇི་ལྟར་འཇིག་རྟེན་ཕ་རོལ་མེད་པར་རྗེས་སུ་དཔོག་པར་བྱེད། གལ་ཏེ་དེ་རྗེས་སུ་དཔག་པ་ལས་གཟུང་ངོ་ཞེ་ན། དེའང་འདོད་པ་མ་ཡིན་ཏེ། ཇི་ཙམ་དབང་པོའི་སྤྱོད་ཡུལ་བ། །སྐྱེས་བུའང་དེ་ཙམ་ཁོ་ནར་ཟད། །བཟང་མོ་མང་ཐོས་གང་སྨྲས་པ། །དེ་དག་སྤྱང་ཀིའི་རྗེས་དང་འདྲ། །ཞེས་ཁས་བླངས་པ་ཡིན་ནོ། །དེའི་ཕྱིར་ཐམས་ཅད་ལ་སྐུར་བ་འདེབས་པ་འདི་རིགས་པ་མིན་ནོ། །གཞན་ཡང་། འབྱུང་བ་དེ་དག་བདག་ཉིད་གང་ཞིག་ཁྱོད་ཀྱི་བློའི། །ཡུལ་དུ་འགྱུར་བ་དེ་ཡིས་བདག་ཅན་མ་ཡིན་ན། །གང་ལ་ཡིད་ཀྱི་མུན་མཐུག་འདི་ཉིད་དུ་ཡོད་པ། །དེས་ནི་ཇི་ལྟར་འཇིག་རྟེན་ཕ་རོལ་རྟོགས་པར་འགྱུར། །དཔེར་ན། རབ་རིབ་ཀྱིས་བསླད་པའི་མིག་ཅན་གྱིས་ནམ་མཁར་ཡོད་པ་མ་ཡིན་པའི་ཟླ་གཉིས་སྣང་བ་ན། དེ་ལས་གཞན་པ་སྐྲ་ཤད་དང་སྦྲང་མ་ལ་སོགས་པ་སྣང་བ་དག་ཀྱང་ཡང་དག་པ་མ་ཡིན་པ་བཞིན་དུ་ས་ལ་སོགས་པའི་འབྱུང་བ་དེ་དག་ཕྱི་དང་ནང་གི་དངོས་པོ་ཀུན་གྱི་རྒྱུར་གྱུར་པའི་བདག་ཉིད་གང་ཞིག་ཏུ་རྒྱང་འཕེན་ཁྱོད་ཀྱི་བློའི་ཡུལ་དུ་གྱུར་པ་དེ་ལྟར་ས་སོགས་དེ་དག་དེའི་བདག་ཉིད་ཅན་དུ་ཡོད་པ་མ་ཡིན་ཏེ། གལ་ཏེ་འབྱུང་བ་འབའ་ཞིག་རྣམ་པར་ཤེས་པའི་རྒྱུ་ཡིན་ན། ཕྱི་རོལ་ས་རྡོ་ལ་སོགས་པ་ལའང་རྣམ་པར་ཤེས་པ་དང་། དེའི་འབྲས་བུ་དབུགས་འབྱུང་རྔུབ་སོགས་དམིགས་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་རྒྱང་འ ཕེན་གང་ལ་མི་ཤེས་པའི་ཡིད་ཀྱི་མུན་པ་མཐུག་པོ་འཇིག་རྟེན་འདི་ཉིད་ཀྱི་དངོས་པོ་ས་ལ་སོགས་པའི་རང་བཞིན་མངོན་དུ་གྱུར་པ་དག་ལའང་ཡོད་པ་དེས་ཇི་ལྟར་འཇིག་རྟེན་ཕ་རོལ་ཤིན་ཏུ་ཕྲ་བ་ལྷའི་མིག་གི་སྤྱོད་ཡུལ་དུ་གྱུར་པ་ཡང་དག་པར་རྟོགས་པར་འགྱུར་ཏེ། དེ་ནི་མི་སྲིད་དོ། །གཞན་ཡང་། འཇིག་རྟེན་ཕ་རོལ་འགོག་པའི་དུས་སུ་བདག་ཉིད་ནི། །ཤེས་བྱའི་རང་བཞིན་ལོག་པར་ལྟ་བར་རྟོགས་བྱས་ཏེ། །དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་ལྡན་ཕྱིར། །གང་ཚེ་འབྱུང་བ་ཡོད་ཉིད་ཁས་ལེན་དེ་ཚེ་བཞིན། །རྒྱང་འཕེན་དེའི་གནས་སྐབས་ནི་གཉིས་ཏེ། འདི་ལྟར། འབྱུང་བའི་རང་བཞིན་བདེན་པར་ཁོང་དུ་ཆུད་པའི་གནས་སྐབས་དང་། འཇིག་རྟེན་ཕ་རོལ་ལ་སྐུར་བ་འདེབས་པའི་གནས་སྐབས་སོ། །དེ་ལ་འཇིག་རྟེན་ཕ་རོལ་མེད་དོ་ཞེས་འགོག་པར་བྱེད་པའི་དུས་སུ་རྒྱང་འཕེན་བདག་ཉིད་ནི། ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་པར་བྱ་སྟེ། ཕྱིན་ཅི་ལོག་དེའི་ལྟ་བའི་རྣམ་པའི་རྟེན་དུ་མཚུངས་པའི་འབྱུང་བའི་བདག་ཉིད་ཀྱི་ལུས་དང་ལྡན་པའི་ཕྱིར། གང་གི་ཚེ་འབྱུང་བའི་བདག་ཉིད་བདེན་པར་ཡོད་པ་ཉིད་དུ་ཁས་ལེན་པ་དེའི་ཚེ་ཤེས་བྱའི་རང་བཞིན་ཕྱི་ཅི་ལོག་ལྟ་བ་བཞིན་ནོ། །གལ་ཏེ་འབྱུང་བའི་བདག་ཉིད་ཡོད་པ་ཉིད་དུ་ཁས་ལེན་པ་དེའི་ཚེ་ཤེས་བྱ་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཕྱིར་དཔེ་མ་གྲུབ་བོ་སྙམ་ན། དེའང་ཡོད་པ་མ་ཡིན་ཏེ། འབྱུང་བ་དེ་དག་ཇི་ལྟར་མེད་པར་བཤད་ཟིན་ཏེ། །གང་གི་ཕྱིར་ན་གོང་དུ་རང་གཞན་གཉིས་ཀ་དང་། །རྒྱུ་མེད་སྐྱེ་བ་ཐུན་མོང་དུ་ནི་བཀག་ཟིན་ཕྱིར། །མ་བཤད་འབྱུང་བ་ལྟ་ཞིག་ཡོད་པ་མ་ཡིན་ནོ། །འབྱུང་བ་དེ་དག་ཇི་ལྟར་བདེན་པའི་རང་བཞིན་མེད་པ་ཡིན་པ་དེ་ལྟར་ནི་ཁོ་བོ་ཅག་གིས་བཤད་ཟིན་ཏེ། གང་གི་ཕྱིར་གོང་དུ་དངོས་པོ་ཐམས་ཅད་ཐུན་མོང་དུ་རང་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་པ་ལས་སྐྱེ་བ་བཀག་ཟིན་པའི་ཕྱིར་རང་བཞིན་མེད་པར་མ་བཤད་པའི་འབྱུང་བ་བདེན་པ་བ་ལྟ་ག་ལ་ཞིག་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་འབྱུང་བ་དག་ལ་རང་བཞིན་ཡོད་པ་མ་ཡིན་པས་དཔེ་གྲུབ་པ་ཉིད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ལ་སྐུར་བ་འདེབས་པ་དང་། དངོས་པོ་ཡོད་པ་དང་། མེད་པ་དང་། དབང་ཕྱུག་དང་། དུས་དང་། རྡུལ་དང་། རང་བཞིན་ལ་སོགས་པར་སྨྲ་བ་ན། རྟོག་པ་ཕྱིན་ཅི་ལོག་པ་ཉིད་དུ་སྦྱར་བར་བྱ་སྟེ། འདི་ལྟར། རྫོགས་པའི་སངས་རྒྱས་འགོག་པའི་དུས་སུ་བདག་ཉིད་ནི། །ཤེས་བྱའི་རང་བཞིན་ལོག་པར་ལྟ་བར་རྟོགས་བྱ་སྟེ། །དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་ལྡན་ཕྱིར། །གང་ཚེ་འབྱུང་བ་ཡོད་ཉིད་ཁས་ལེན་དེ་ཚེ་བཞིན། །ཅེས་སོགས་འདོན་པ་བསྒྱུར་ཞིང་བྱ་སྟེ། ཡོད་པ་དང་མེད་པ་ལ་སོགས་པ་མཐར་ལྟ་བ་ཐམས་ཅད་དགག་པར་འདོད་པའི་ཕྱིར་རོ། །ཐལ་བ་འདི་ཁྱོད་ལའང་མཚུངས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཁོ་བོ་ལ་ལོག་པར་སྒྲུབ་པའི་དཔེ་མེད་པའི་ཕྱིར་རོ། །དཔེ་མེད་པ་མ་ཟད། འཇིག་རྟེན་གཞན་ཉིད་ཡོད་པར་རྟོག་པའི་དུས་སུ་བདག །ཤེས་བྱའི་རང་བཞིན་དམ་པའི་དོན་ནི་རྟོགས་པར་ཤེས་བྱ་སྟེ། །དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་ལྡན་ཕྱིར། །གང་ཚེ་བདག་མེད་རྟོགས་པར་ཁས་ལེན་དེ་ཚེ་བཞིན། །ཞེས་ཀྱང་བརྗོད་པར་ནུས་པ་ཡིན་ནོ། །འདིར་ཡང་དཔེ་མེད་པ་མ་ཡིན་ཏེ། བདག་མེད་པར་རིགས་པས་བསྒྲུབས་ཤིང་སྒྲུབ་པར་འགྱུར་བའི་ཕྱིར་རོ། །

གཉིས་པ་དེ་ཉིད་ཀྱི་ཕྱིར་རང་བཞིན་མེད་པར་བསྟན་པ་ལ། དངོས་དང་། རྩོད་པ་སྤང་བ་གཉིས་ལས། དང་པོ་ནི། གལ་ཏེ་དངོས་པོ་རྣམས་བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་པ་ལས་མི་སྐྱེ་ན། ཇི་ལྟར་སྐྱེ་ཞེ་ན། གང་གི་ཕྱིར་ན་བདག་གཞན་གཉིས་ཀ་ལས་སྐྱེས་དང་། །རྒྱུ་ལ་མ་ལྟོས་མེད་པས་དངོས་རྣམས་རང་བཞིན་བྲལ། །གལ་ཏེ་དངོས་པོ་རྣམས་ལ་རང་བཞིན་འགའ་ཞིག་ཡོད་ན་སྐྱེ་བའི་རྣམ་པར་རྟོག་པ་གཞན་མི་སྲིད་པའི་ཕྱིར་མཐའ་བཞི་གང་རུང་ལས་སྐྱེ་དགོས་ན་གང་གི་ཕྱིར། གོང་དུ་ཇི་སྐད་བཤད་པའི་ཚུལ་གྱིས་བདག་དང་གཞན་དང་གཉིས་ཀ་དང་རྒྱུ་ལ་མ་ལྟོས་པར་སྐྱེ་བ་མེད་པས་དེའི་ཕྱིར་དངོས་པོ་རྣམས་རང་བཞིན་དང་བྲལ་བ་ཡིན་ནོ། །ཐ་སྙད་དུ་ནི་མཐའ་བཞིའི་རྣམ་པར་དཔྱད་པ་བོར་ནས་ས་བོན་ལས་མྱུ་གུ་སྐྱེའོ་ཞེས་བྱ་བ་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་འདི་པ་ཙམ་ནི་དགག་པར་བྱ་བ་མ་ཡིན་ནོ། །གལ་ཏེ་ས་བོན་དང་མྱུ་གུ་གཅིག་དང་ཐ་དད་གང་ཡིན་ཡང་སླ་སྟེ་བདག་ལས་སྐྱེ་བ་སོགས་ཀྱི་རྣམ་པར་རྟོག་པ་ལས་མི་འདའོ་ཞེ་ན། ས་བོན་དང་མྱུ་གུ་དག་ལ་རང་བཞིན་ཅུང་ཟད་ཅིག་ཡོད་ན། གཅིག་གམ་ཐ་དད་ཀྱི་རྣམ་པར་རྟོག་པ་ལས་མི་འདའ་བར་རིགས་ནའང་། འདི་དག་ནི་རྨི་ལམ་བཞིན་དུ་རང་བཞིན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གཅིག་དང་ཐ་དད་ལ་སོགས་པའི་རྣམ་པར་རྟོག་པ་རིགས་པ་མ་ཡིན་ཏེ། གཅིག་དང་ཐ་དད་ལ་སོགས་པ་ནི། དངོས་པོའི་ཆོས་ཡིན་པའི་ཕྱིར་རོ། །གལ་ཏེ་ས་བོན་རང་བཞིན་མེད་ན་མྱུ་གུ་རྒྱུ་མེད་པ་ལས་སྐྱེ་བར་འགྱུར་རོ་ཞེ་ན། ས་བོན་རི་བོང་གི་རྭ་ལྟར་གཏན་མེད་པར་ཁས་ལེན་ན་ཉེས་པ་དེར་འགྱུར་ཀྱང་བདེན་པའི་རང་བཞིན་མེད་པ་ཡིན་གྱི་གཏན་མེད་པ་ནི་མ་ཡིན་ཏེ། ས་བོན་གྱི་ཐ་སྙད་མཐོང་བའི་ཕྱིར་རོ། །དེ་བས་ན་དབུ་མ་པ་དག་གིས་ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་ནོ་ཞེས་སྨྲས་པ་ན། གཏན་མེད་པར་ཁས་བླངས་པ་མ་ཡིན་གྱི། འོན་ཀྱང་སྒྱུ་མ་ལ་སོགས་པ་བཞིན་དུ་བརྫུན་པའི་རང་བཞིན་སྨྲས་པ་ཡིན་ལ། དེ་བཞིན་ཏུ་ཀུན་རྫོབ་ཏུ་ཡོད་པར་ཁས་བླངས་པ་ནའང་རང་བཞིན་ཅུང་ཟད་ཀྱང་ཁས་མ་བླངས་པའི་ཕྱིར། སྟོང་པ་ཉིད་ཀྱི་ཕྱོགས་དང་འགལ་བར་བརྩད་དུ་མེད་པ་ཡིན་ནོ། །

གཉིས་པ་རྩོད་པ་སྤང་བ་ལ་གཉིས་ལས། དང་པོ་མཐོང་བའི་ལམ་དུ་མི་འགྱུར་བའི་རྩོད་པ་སྤང་བ་ནི། གལ་ཏེ་རང་བཞིན་མེད་པ་ཡིན་ན་འདི་དག་མདུན་དུ་སྣང་ཞིང་མཐོང་བའི་ལམ་དུ་འགྱུར་བ་ཅི་ཞེ་ན། གཏི་མུག་སྟུག་པོ་སྤྲིན་ཚོགས་ལྟ་བུས་འཇིག་རྟེན་དག །བསྒྲིབས་པ་དེས་ན་ཡུལ་རྣམས་ལོག་པར་སྣང་བར་འགྱུར། །ནམ་མཁའི་རང་བཞིན་སྒྲིབ་པར་བྱེད་པའི་ཆར་སྤྲིན་གྱི་ཚོགས་ལྟ་བུའི་གཏི་མུག་གི་མུན་པ་སྟུག་པོས་འཇིག་རྟེན་པ་དག་གིས་སྔོན་པོ་ལ་སོགས་པའི་རང་བཞིན་སྟོང་པ་ཉིད་མཐོང་བར་བསྒྲིབས་པའི་ཕྱིར་བྱིས་པ་རྣམས་ཀྱི་ཡུལ་རྣམས་ལོག་པར་སྣང་ཞིང་དམིགས་པར་འགྱུར་རོ། །གཏི་མུག་གིས་བསྒྲིབས་པའི་དབང་གིས་དེ་ཁོ་ན་ཉིད་མི་མཐོང་བར་འགྱུར་ལ་རག་མོད། ཕྱིན་ཅི་ལོག་ཏུ་མཐོང་བ་ཇི་ལྟར་ཞེ་ན། མ་རིག་པའི་དབང་གིས་དེ་ལྟ་བུ་མ་ཡིན་པའང་དེ་ལྟ་བུར་སྣང་བ་དཔེའི་སྒོ་ནས་གསལ་བར་བྱ་བའི་ཕྱིར། རབ་རིབ་མཐུ་ཡིས་འགའ་ཞིག་སྐྲ་ཤད་ཟླ་གཉིས་དང་། །རྨ་བྱའི་མདོངས་དང་སྦྲང་མ་ལ་སོགས་འཛིན་བྱེད་པ། །དེ་བཞིན་དུ་ནི་གཏི་མུག་དབང་གིས་མི་མཁས་པས། །བློ་ཡིས་འདུས་བྱས་སྣ་ཚོགས་ཉིད་ནི་རྟོགས་པར་འགྱུར། །ཇི་ལྟར་རབ་རིབ་ཀྱི་མཐུ་ཡིས་རབ་རིབ་ཅན་འགའ་ཞིག་ལ་ཡོད་པ་མ་ཡིན་པའི་སྐྲ་ཤད་དང་ཟླ་གཉིས་ལ་སོགས་པ་འཛིན་པར་བྱེད་པ་དེ་བཞིན་དུ། གཏི་མུག་གི་དབང་གིས་མི་མཁས་པ་བྱིས་པ་རྣམས་ཀྱིས་ཀྱང་འཁྲུལ་པའི་བློས་ཕྱི་ནང་གི་འདུས་བྱས་སྣ་ཚོགས་པ་ཡོད་པ་ཉིད་དུ་རྟོག་པར་འགྱུར་རོ། །མེད་བཞིན་དུ་སྣང་བའི་འཁྲུལ་པ་འདི་ཇི་ལྟར་རྟོག་པར་འགྱུར་ཞེ་ན། ལས་ནི་གཏི་མུག་བརྟེན་འབྱུང་གཏི་མུག་མེད་པར་དེ། །མི་འབྱུང་ཞེས་བྱར་མི་མཁས་ཁོ་ནས་རྟོགས་ཉིད་ལ། །བློ་བཟང་ཉི་མས་མུན་པ་སྡུག་པོ་རྣམ་བསལ་བའི། །མཁས་པ་རྣམས་ནི་སྟོང་ཉིད་རྟོགས་ནས་གྲོལ་བར་འགྱུར། །བསོད་ནམས་དང་བསོད་ནམས་མ་ཡིན་པ་ལ་སོགས་པའི་ལས་རྣམས་ནི་དངོས་པོར་འཛིན་པའི་རྒྱུ་ཅན་བདག་ཏུ་འཛིན་པའི་རང་བཞིན་གྱི་གཏི་མུག་ལ་བརྟེན་ནས་འབྱུང་བ་ཡིན་ཏེ། ཇི་སྐད་དུ། མདོ་ལས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་པ་དང་། མ་རིག་པ་དང་རྗེས་སུ་འབྲེལ་བའི་གང་ཟག་འདི་ནི་བསོད་ནམས་མངོན་པར་འདུ་བྱ་བ་དང་། བསོད་ནམས་མ་ཡིན་པར་མངོན་པར་འདུ་བྱ་བ། མི་གཡོ་བ་མངོན་པར་འདུ་བྱེད་དོ། །ཞེས་གསུངས་པའི་ཕྱིར་རོ། །གཏི་མུག་མེད་པར་ལས་དེ་རྣམས་མི་འབྱུང་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་མི་མཁས་པ་བྱིས་པ་དག་ཁོ་ནས་མ་རིག་པ་ལས་འདུ་བྱེད་སོགས་ཡང་དག་པར་འབྱུང་བར་རྟོག་ཤིང་མངོན་པར་ཞེན་པར་འགྱུར་གྱི། བདེན་པའི་དེ་ཁོ་ན་ཉིད་མཐོང་བའི་བློ་བཟང་ཡེ་ཤེས་ཀྱི་ཉི་མས་མི་ཤེས་པའི་མུན་པ་སྟུག་པོ་རྣམ་པར་གསལ་བའི་མཁས་པ་རྣམས་ཀྱིས་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་དོ་ཞེས་བྱ་བར་རྟོགས་པ་ན། འདུ་བྱེད་རྣམས་ཀྱང་རང་བཞིན་མེད་པ་སྟོང་པ་ཉིད་དུ་རྟོགས་ནས་མ་རིག་པ་སྤོང་ཞིང་འདུ་བྱེད་རྣམས་ཀྱང་ཉེ་བར་མི་ལེན་ཏེ། དེའི་ཕྱིར་འཁོར་བ་ལས་རྣམ་པར་གྲོལ་བར་འགྱུར་རོ། །གཉིས་པ་རང་བཞིན་མེད་ན་ཐ་སྙད་དུ་ཡོད་པར་འགལ་བའི་རྩོད་པ་སྤང་བ་ནི ། གལ་ཏེ་དངོས་རྣམས་དེ་ཉིད་དུ་མེད་ན། །ཐ་སྙད་དུ་ཡང་མོ་གཤམ་བུ་ཇི་བཞིན། །དེ་དག་མེད་པ་ཉིད་འགྱུར་དེ་ཡི་ཕྱིར། །དེ་དག་རང་བཞིན་གྱིས་ནི་ཡོད་ཅེ་ན། །གལ་ཏེ་གཟུགས་ལ་སོགས་པའི་དངོས་པོ་འདི་དག་དེ་ཁོ་ན་ཉིད་དུ་མེད་ན། མོ་གཤམ་གྱི་བུ་ཇི་ལྟ་བ་བཞིན་དུ་ཀུན་རྫོབ་ཏུའང་མེད་པར་འགྱུར་ན། ཀུན་རྫོབ་ཏུ་ཡོད་པ་དེའི་ཕྱིར་གཟུགས་སོགས་དེ་དག་རང་བཞིན་གྱིས་ཡོད་ཅེ་ན། འདི་ལ་བརྗོད་པར་བྱ་སྟེ། གང་དག་རབ་རིབ་ཅན་སོགས་ཡུལ་གྱུར་པ། །སྐྲ་ཤད་ལ་སོགས་དེ་དག་མ་སྐྱེས་པས། །རེ་ཞིག་དེ་དག་ཉིད་ལ་བརྩད་བྱ་སྟེ། །ཕྱི་ནས་མ་རིག་རབ་རིབ་རྗེས་འབྲེལ་ལའོ། །གང་དག་རབ་རིབ་ལ་སོགས་པས་མི་ཉམས་པར་བྱས་པ་རྣམས་ཀྱི་བློའི་ཡུལ་དུ་གྱུར་པའི་སྐྲ་ཤད་ལ་སོགས་པ་དང་མོ་གཤམ་གྱི་བུ་ལ་སོགས་པ་མ་སྐྱེས་པར་མཚུངས་པས། ཅིའི་ཕྱིར་ཁྱེད་ཅག་གིས་ཡོད་པ་མ་ཡིན་པའི་སྐྲ་ཤད་ལ་སོགས་པ་མཐོང་གི་མོ་གཤམ་གྱི་བུ་ལ་སོགས་པ་མ་ཡིན་ཞེས་རེ་ཞིག་རབ་རིབ་ཅན་དེ་དག་ཉིད་ལ་བརྩད་པར་བྱ་ལ། ཕྱིས་ནས་ཅིའི་ཕྱིར་མ་སྐྱེས་པའི་རང་བཞིན་གྱི་གཟུགས་ལ་སོགས་པ་མཐོང་ལ་མོ་གཤམ་གྱི་བུ་མ་ཡིན་ཞེས་མ་རིག་པའི་རབ་རིབ་ཀྱིས་བློའི་མིག་རྗེས་སུ་འབྲེལ་ཞིང་བསྒྲིབས་པ་རྣམས་ལ་བརྒལ་ཞིང་བརྟག་པར་བྱ་དགོས་སོ། ཁོ་བོ་ཅག་ལ་ནི་བརྒལ་ཞིང་བརྟག་པར་བྱ་བ་མ་ཡིན་ཏེ། འདི་ལྟར་ཁོ་བོ་ཅག་ནི་རྣལ་འབྱོར་པ་རྣམས་ཀྱིས་དངོས་པོ་རྣམས་འདི་ལྟར་གཟིགས་ཤིང་གང་དག་རྣལ་འབྱོར་པའི་ཡེ་ཤེས་ཐོབ་པར་འདོད་པ་དེ་དག་གིས་ཀྱང་ཆོས་རྣམས་ཀྱི་རང་བཞིན་ཇི་སྐད་བཤད་པ་དེ་ལྟ་བུ་ལ་ལྷག་པར་མོས་པར་བྱའོ་ཞེས་ལུང་ལ་བརྟེན་ནས་དངོས་པོ་རྣམས་རང་བཞིན་མེད་པ་ལ་འཆད་པར་ཞུགས་པ་ཡིན་གྱི། རང་གི་ཤེས་པ་ལ་ལྟོས་ནས་ནི་མ་ཡིན་ཏེ། ཁོ་བོ་ཅག་ནི་མ་རིག་པའི་རབ་རིབ་ཀྱིས་བློ་གྲོས་ཀྱི་མིག་བསྒྲིབས་པ་ཡིན་པའི་ཕྱིར་རོ། །མདོར་ན་མ་སྐྱེས་པར་མཚུངས་ཀྱང་རབ་རིབ་ཅན་ལ་སྐྲ་ཤད་སོགས་སྣང་བ་མོ་གཤམ་གྱི་བུ་སོགས་མི་སྣང་བ་ལྟར། རང་བཞིན་མེད་པར་མཚུངས་ཀྱང་གཟུགས་ལ་སོགས་པ་དང་མོ་གཤམ་གྱི་བུ་ལ་སོགས་པ་བྱིས་པ་རྣམས་ཀྱི་བློའི་ཡུལ་དུ་འགྱུར་བ་དང་མི་འགྱུར་བ་འགལ་བ་མེད་དོ་ཞེས་པའོ། །རབ་རིབ་ཅན་ལ་བརྒལ་ཞིང་བརྟག་པ་ཕར་འདུག་ཅིག རེ་ཞིག་འདི་ཁྱོད་ཉིད་ལ་ཆེར་བརྒལ་ཞིང་བརྟག་པར་བྱ་བ་ཡིན་ནོ་ཞེས་བཤད་པ། གལ་ཏེ་རྨི་ལམ་དྲི་ཟའི་གྲོང་ཁྱེར་བཅས། །སྨིག་རྒྱུའི་ཆུ་དང་མིག་འཕྲུལ་གཟུགས་བརྙན་སོགས། །སྐྱེ་མེད་མཐོང་ན་ཡོད་ཉིད་མིན་མཚུངས་ཀྱང་། ཁྱོད་ལ་ཇི་ལྟར་དེར་འགྱུར་དེ་མི་རིགས། ཁྱོད་ཉིད་ཀྱིས་ཀྱང་རེས་འགའ་རྨི་ལམ་དང་། དྲི་ཟའི་གྲོང་ཁྱེར་ལ་སོགས་པ་སྐྱེ་བ་མེད་པའི་བདག་ཉིད་ཅན་འགའ་ཞིག་མཐོང་བ་ན་དོན་ལ་ཡོད་པ་ཉིད་མིན་པར་མཚུངས་ཀྱང་། ཁྱོད་ལ་ཇི་ལྟར་ན་རྨི་ལམ་སོགས་མཐོང་ལ་མོ་གཤམ་གྱི་བུ་ལ་སོགས་པ་མཐོང་བ་མ་ཡིན་པ་དེར་འགྱུར་ཞེས་རང་ལ་བརྒལ་ཞིང་བརྟག་པ་གྱིས་དང་། ཕྱིས་ནས་ངེད་ལའང་བརྒལ་ཞིང་བརྟག་པ་བྱས་པར་འགྱུར་རོ། །དེ་བས་ན་གཟུགས་སོགས་རང་བཞིན་མེད་ན་མོ་གཤམ་གྱི་བུ་དང་ཡོད་མེད་མཚུངས་སོ་ཞེས་སྨྲ་བ་དེ་མི་རིགས་སོ། །གཞན་ཡང་། དེ་ཉིད་དུ་འདི་ཇི་ལྟར་སྐྱེ་མེད་ཀྱང་། །མོ་གཤམ་བུ་ལྟར་གང་ཕྱིར་འཇིག་རྟེན་གྱི། །མཐོང་བའི་ཡུལ་དུ་མི་འགྱུར་མ་ཡིན་པ། །དེ་ཡི་ཕྱིར་ན་སྨྲ་འདི་མ་ངེས་སོ། །ཇི་སྐད་དུ། མདོ་ལས། འགྲོ་བ་དག་ནི་རྨི་འདྲར་བཤད། །དེ་ཉིད་དུ་ནི་རྣམ་མ་བཞག །རྨི་ལམ་གང་ལ་དངོས་པོ་མེད། །ལོག་པའི་བློ་ལྡན་མངོན་པར་ཞེན། །དྲི་ཟའི་གྲོང་ཁྱེར་ཇི་ལྟར་སྣང་གྱུར་ཀྱང་། །གྲོང་ཁྱེར་ཕྱོགས་བཅུར་ཡོད་མིན་གཞན་ནའང་མེད། །གྲོང་ཁྱེར་མིང་ཙམ་ཞིག་གིས་རབ་ཏུ་བཞག །དེ་བཞིན་བདེ་བར་གཤེགས་པས་འགྲོ་འདི་གཟིགས། །ཆུ་ཡི་འདུ་ཤེས་ཅན་གྱིས་ནི། །མཐོང་ཡང་སྨིག་རྒྱུ་ལ་ཆུ་མེད། །དེ་བཞིན་ཡོངས་སུ་རྟོག་པས་དཀྲུགས། །སྡུག་པ་མིན་ལ་སྡུག་པར་རྟོག །མེ་ལོང་ཤིན་ཏུ་ཡོངས་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས། །ཞེས་གསུངས་པའི་ལུང་ལས་ཀྱང་། གཟུགས་ལ་སོགས་པ་དེ་ཁོ་ན་ཉིད་དུ་སྐྱེ་བ་མེད་ཀྱང་མོ་གཤམ་གྱི་བུ་ལྟར་ཐ་སྙད་དུ་འཇིག་རྟེན་གྱི་མཐོང་བའི་ཡུལ་དུ་མི་འགྱུར་བ་མ་ཡིན་པ་དེའི་ཕྱིར། གལ་ཏེ་དངོས་རྣམས་དེ་ཉིད་དུ་མེད་ན། །ཐ་སྙད་དུ་ཡང་མོ་གཤམ་བུ་ཇི་བཞིན། །ཞེས་པའི་སྨྲ་བ་འདི་ཁྱོད་རང་ཉིད་ལ་མ་ངེས་པ་ཡིན་ནོ། །དེ་ལྟར་ན་ཚིགས་སུ་བཅད་པ་དང་པོ་གཉིས་ཀྱིས་ནི་རང་ལ་གྲགས་པའི་དཔེའི་སྒོ་ནས་མ་ངེས་པར་བསྟན་ནས། ཐ་མས་ནི་ལུང་གི་སྒོ་ནས་མ་ངེས་པར་བསྟན་ཏོ། །དེ་བས་ན་དབུ་མ་པ་ལ་ནི་ཇི་སྐད་བཤད་པའི་སྒོ་ནས་བརྒལ་ཞིང་བརྟག་པ་བྱར་མེད་པ་ཁོ་ན་སྟེ། འདི་ལྟར་ཁོ་བོ་ཅག་གིས་གཟུགས་ལ་སོགས་པ་ཀུན་རྫོབ་ཏུ་རང་བཞིན་གྱིས་སྐྱེ་བར་ཁས་བླངས་ནས་དོན་དམ་པར་འགོག་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། མོ་གཤམ་བུ་ལ་རང་གི་བདག་ཉིད་ཀྱིས། །སྐྱེ་བ་དེ་ཉིད་དུ་མེད་འཇིག་རྟེན་དུའང་། །ཡོད་མིན་དེ་བཞིན་དངོས་འདིར་ཀུན་ངོ་བོ། །ཉིད་ཀྱིས་འཇིག་རྟེན་དེ་ཉིད་དུ་མ་སྐྱེས། །ཇི་ལྟར་མོ་གཤམ་གྱི་བུ་ལ་རང་གི་བདག་ཉིད་ཀྱིས་སྐྱེ་བ་དེ་ཁོ་ན་ཉིད་དང་། འཇིག་རྟེན་གྱི་ཐ་སྙད་གཉིས་ཀར་དུའང་ཡོད་པ་མ་ཡིན་པ། དེ་བཞིན་དུ་གཟུགས་སོགས་ཀྱི་དངོས་པོ་འདི་ཀུན་ཀྱང་ངོ་བོ་ཉིད་ཀྱིས་འཇིག་རྟེན་གྱི་ཐ་སྙད་དང་དེ་ཁོ་ན་ཉིད་གཉིས་ཀར་དུ་སྐྱེ་བ་མེད་པ་ཁོ་ན་ཡིན་ནོ། །ངོ་བོ་ཉིད་ཀྱིས་སྐྱེ་བ་ཞེས་བྱ་བ་ནི་བློ་ལ་མ་ལྟོས་པར་རང་གི་མཚན་ཉིད་ཀྱི་སྐྱེ་བ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ལྟ་ཡིན་པ། དེ་ཕྱིར་འདི་ལྟར་སྟོན་པས་ཆོས་རྣམས་ཀུན། །གདོད་ནས་ཞི་ཞིང་སྐྱེ་བྲལ་རང་བཞིན་གྱིས། །ཡོངས་སུ་མྱང་ངན་འདས་པ་གསུངས་གྱུར་པ། །དེ་ཕྱིར་རྟག་ཏུ་སྐྱེ་བ་ཡོད་མ་ཡིན། །ཇི་སྐད་དུ་མདོ་ལས། ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །གདོད་ནས་ཞི་ཞིང་མ་སྐྱེས་པ། །རང་བཞིན་མྱ་ངན་འདས་པ་ཡི། །ཆོས་རྣམས་མགོན་པོ་ཁྱེད་ཀྱིས་བསྟན། །ཞེས་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པར་གྱུར་པ་དེའི་ཕྱིར་དངོས་པོ་ཀུན་ལ་རྟག་ཏུ་སྐྱེ་བ་ཡོད་པ་མ་ཡིན་ནོ། །དེ་ལ་ཡེ་ཤེས་ཞི་བའི་ཡུལ་ཡིན་པའི་ཕྱིར་ཆོས་རྣམས་ཞི་བའོ། །དེ་ཅིའི་ཕྱིར་ཞེ་ན། རང་གི་ངོ་བོ་ཉིད་ཀྱིས་མ་སྐྱེས་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་། རང་བཞིན་གྱིས་མྱ་ངན་ལས་འདས་པའི་ཕྱིར་རོ། །གདོད་མ་ནས་ཞེས་བྱ་བ་ནི། རྣལ་འབྱོར་པའི་ཡེ་ཤེས་ཀྱི་གནས་སྐབས་ཁོ་ནར་མ་སྐྱེས་པ་མ་ཡིན་གྱི། དེའི་གོང་རོལ་འཇིག་རྟེན་པའི་ཐ་སྙན་ཀྱི་གནས་སྐབས་སུའང་ཆོས་རྣམས་རང་བཞིན་གྱིས་མ་སྐྱེས་སོ་ཞེས་པའི་དོན་ཏོ། །དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་ཆོས་རྣམས་ཁྱོད་ཀྱིས་བསྟན་ཏོ་ཞེས་ཡོན་ཏན་ཕུལ་དུ་བྱུང་བ་བརྗོད་པའི་སྒོ་ནས། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བས་བསྟོད་དོ། །གཞན་ཡང་རང་གི་སྡེ་པ་མདོ་སྡེ་པ་དང་། བྱེ་བྲག་སྨྲ་བ་ལ་སོགས་པས་ནི་དངོས་པོ་རྣམས་དོན་དམ་པར་མེད་ན་ཐ་སྙད་དུའང་མེད་དོ་ཞེས་བརྒལ་ཞིང་བརྟག་པར་བྱ་བ་མ་ཡིན་ཏེ། རང་གི་གྲུབ་མཐའ་ལ་གྲགས་པའི་དཔེ་ཡོད་པའི་ཕྱིར་རོ། །འདི་ལྟར། བུམ་སོགས་འདི་དག་དེ་ཉིད་དུ་མེད་ཅིང་། །འཇིག་རྟེན་རབ་ཏུ་གྲགས་པར་ཡོད་ཇི་བཞིན། །དེ་བཞིན་དངོས་རྣམས་ཐམས་ཅད་འགྱུར་བས་ན། །མོ་གཤམ་བུ་དང་མཚུངས་པར་ཐལ་མི་འགྱུར། ཁྱེད་རང་གི་ལྟར་ནའང་བུམ་པ་དང་། ནགས་ཚལ་ལ་སོགས་པ་བཏགས་པ་ཙམ་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་དུ་མེད་ཅིང་འཇིག་རྟེན་གྱི་རབ་ཏུ་གྲགས་པར་ཡོད་པ་དེ་བཞིན་དུ་གཟུགས་སོགས་དངོས་པོ་ཐམས་ཅད་ཀྱང་དེ་ལྟར་དུ་འགྱུར་བས་ན་དོན་དམ་པར་མེད་ན་ཐ་སྙད་དུའང་མོ་གཤམ་གྱི་བུ་དང་མཚུངས་པར་གཏན་མེད་པར་ཐལ་བར་མི་འགྱུར་རོ། །གལ་ཏེ་བུམ་པ་གདགས་པའི་རྟེན་ས་དང་ཆུ་ལ་སོགས་པ་རྫས་སུ་ཡོད་པའི་ཕྱིར་བུམ་པར་བཏགས་པར་རིགས་ན། གང་གི་ལྟར་ན་ཆོས་ཐམས་ཅད་བཏགས་པ་ཙམ་ཁོ་ན་ཡིན་པ་དེའི་ཕྱིར་ན་བཏགས་པའི་རྟེན་མེད་པའི་ཕྱིར་མོ་གཤམ་གྱི་བུ་ལྟར་ཐལ་བར་ཇི་ལྟར་མི་འགྱུར་ཞེ་ན། དེའང་མི་རིགས་ཏེ། བཏགས་པའི་རྟེན་ས་ལ་སོགས་པ་རྫས་སུ་སྒྲུབ་པར་མི་ནུས་པའི་ཕྱིར་རོ། །འདི་ལྟར། གཟུགས་ལ་སོགས་པ་མ་གཏོགས་པ། །ཇི་ལྟར་བུམ་པ་ཡོད་མིན་ལྟར། །དེ་བཞིན་རླུང་སོགས་མ་གཏོགས་པར། །གཟུགས་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་དང་། དེ་བཞིན་དུ། ས་ཆུ་མེ་དང་རླུང་རྣམས་ནི། །རེ་རེ་ངོ་བོ་ཉིད་དུ་མེད། །གང་གསུམ་མེད་པར་རེ་རེ་མེད། །གཅིག་མེད་པར་ཡང་གསུམ་མེད་དོ། །གལ་ཏེ་གསུམ་མེད་རེ་རེའང་མེད། །གཅིག་མེད་པར་ཡང་གསུན་མེད་ན། །སོ་སོ་རང་ཡོད་མ་ཡིན་ཏེ། །ཇི་ལྟར་འདུས་བྱས་སྐྱེ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟར་རོ། །དེའི་ཕྱིར་དཔེར་ན་མེ་ལོང་དང་བཞིན་ལ་སོགས་པའི་ཚོགས་པ་བཏགས་པར་ཡོད་པ་ཙམ་ལ་བརྟེན་ནས་གཟུགས་བརྙན་བཏགས་པ་ཙམ་དམིགས་པ་དང་། བརྟགས་པར་ཡོད་པ་ཀ་བ་ལ་སོགས་པ་ལ་བརྟེན་ནས་ཁྱིམ་དུ་བཏགས་པ་དང་། དེ་བཞིན་དུ་ཤིང་གི་རྟེན་ཅན་ནགས་བཏགས་པ་དང་། ཇི་ལྟར་རྨི་ལམ་ན་མ་སྐྱེས་པའི་རང་བཞིན་ཅན་གྱི་ས་བོན་ལས་མ་སྐྱེས་པའི་རང་བཞིན་གྱི་མྱུ་གུ་སྐྱེ་བར་དམིགས་པ་དེ་བཞིན་དུ། དངོས་པོ་བཏགས་པར་ཡོད་པ་ཐམས་ཅད་ཀྱི་བཏགས་པའང་བཏགས་པར་ཡོད་པའི་རྟེན་ཅན་དུ་རིགས་ཏེ། ཇི་སྐད་དུ། བསྟན་བཅོས་ལས། ཇི་ལྟར་སྟོན་པས་སྤྲུལ་པ་ནི། །རྫུ་འཕྲུལ་ཕུན་སུམ་ཚོགས་སྤྲུལ་ཞིང་། །ཞེས་པ་ནས། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། །སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན། །ཞེས་བྱ་བའི་བར་དུ་གསུངས་སོ། །

ཀུན་རྫོབ་ཀྱི་སྐྱེ་བ་རྟེན་འབྲེལ་དུ་བསྟན་པ།

གསུམ་པ་ཀུན་རྫོབ་ཀྱི་སྐྱེ་བ་རྟེན་འབྲེལ་དུ་བསྟན་པ་ལ། དངོས་དང་། རྟེན་འབྲེལ་གྱི་ཕན་ཡོན་གཉིས་ལས། དང་པོ་ནི། གལ་ཏེ་ཁྱོད་ཀྱིས་མཐའ་བཞི་ལས་སྐྱེ་བ་བཀག་ན་མ་རིག་པ་དང་འདུ་བྱེད་ལས་རྣམ་པར་ཤེས་པ་དང་། ས་བོན་སོགས་ལས་མྱུ་གུ་སོགས་ཀུན་རྫོབ་ཏུ་སྐྱེ་བ་ཇི་ལྟར་ངེས་ཞེ་ན། འདི་ལ་བརྗོད་པ། གང་ཕྱིར་རྒྱུ་མེད་པ་དང་དབང་ཕྱུག་གི །རྒྱུ་ལ་སོགས་དང་བདག་གཞན་གཉིས་ཀ་ལས། །དངོས་རྣམས་སྐྱེ་བར་འགྱུར་བ་མ་ཡིན་པ། །དེ་ཕྱིར་བརྟེན་ནས་རབ་ཏུ་སྐྱེ་བར་འགྱུར། །གང་གི་ཕྱིར་ཇི་སྐད་བཤད་པའི་ཚུལ་གྱིས་རྒྱུ་མེད་པ་དང་། དབང་ཕྱུག་དང་། རྡུལ་དང་། རང་བཞིན་དང་། སྐྱེས་བུ་དང་། སྲེད་མེད་ཀྱི་བུ་ལ་སོགས་པ་དང་། བདག་དང་གཞན་དང་གཉིས་ཀ་ལས་ཕྱི་དང་ནང་གི་དངོས་པོ་རྣམས་བདེན་པ་གཉིས་ཀར་དུ་སྐྱེ་བ་མ་ཡིན་པ་དེའི་ཕྱིར། འཇིག་རྟེན་གྱི་ཐ་སྙད་མི་བཅད་པའི་དོན་དུ་ས་བོན་ལ་སོགས་པ་སྣང་ཚོད་ཀྱི་རྒྱུ་རྐྱེན་འདི་ལ་བརྟེན་ནས་མྱུ་གུ་ལ་སོགས་པའི་འབྲས་བུ་འདི་དག་རབ་ཏུ་སྐྱེ་བར་འགྱུར་ཞེས་པ་འདི་ཙམ་ཞིག་ལ་བརྟེན་པར་བྱའོ། །དེའི་ཕྱིར་མདོ་ལས་ཀྱང་། དེ་ལ་ཆོས་ཀྱི་བརྡ་ནི་འདི་ཡིན་ཏེ། འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་དང་། འདི་ཡོད་པས་ན་འདི་འབྱུང་དཔེར། །རིང་པོ་ཡོད་ན་ཐུང་ངུ་བཞིན། །འདི་སྐྱེས་པས་ན་འདི་སྐྱེ་དཔེར། །མར་མེ་བྱུང་བས་འོད་བཞིན་ནོ། །ཞེས་གསུངས་ཤིང་། བསྟན་བཅོས་ལས་ཀྱང་། བྱེད་པོ་ལས་ལ་བརྟེན་བྱས་ཤིང་། །ལས་ཀྱང་བྱེད་པ་པོ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པར། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ། །དེ་བཞིན་ཉེར་ལེན་ཤེས་པར་བྱ། །ལས་དང་བྱེད་པོ་བསལ་ཕྱིར་རོ། །བྱེད་པ་པོ་དང་ལས་དག་གིས། །དངོས་པོ་ལྷག་མ་ཤེས་པར་བྱ། །ཞེས་རྐྱེན་འདི་པ་ཙམ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས་སོ། །དེ་ལ་རྐྱེན་འདི་པ་ཙམ་ཞེས་བྱ་བ་ནི་ཆོས་གང་འབྲས་བུ་གང་གི་རྒྱུར་འཇིག་རྟེན་ན་གྲགས་པ་དེ་ཉིད་དེའི་རྒྱུ་ཡིན་གྱི། མི་སྣང་བའི་དབང་ཕྱུག་དང་། རང་བཞིན་དང་། རྡུལ་དང་། སྐྱེས་བུ་དང་། ཀུན་གཞི་ལ་སོགས་པ་གཞན་གྱིས་ཀུན་བཏགས་པའི་རྒྱུ་རྣམས་དང་བྲལ་བར་སྟོན་པ་ཡིན་ནོ། །དེའི་ཕྱིར་དབུ་མ་པ་དག་ནི། རྐྱེན་འདི་པ་ཙམ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ཁས་ལེན་པར་བྱེད་ཀྱི། མཐའ་བཞིའི་སྐྱེ་བ་ཐ་སྙད་དུའང་ཁས་ལེན་པར་མི་བྱེད་དེ། མཐའ་བཞིའི་སྐྱེ་བ་ནི་རྟེན་འབྲེལ་དུ་མི་རུང་བའི་ཕྱིར་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལས་ཉམས་པའང་དབུ་མ་པ་མ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་མཐའ་བཞིའི་སྐྱེ་བ་ལ་རྟེན་འབྲེལ་མི་རུང་ཞེ་ན། རྒྱུ་མེད་པ་ནི་གང་ལའང་ལྟོས་པ་མེད་པ་ཡིན་ལ། རྟེན་འབྲེལ་ནི་ལྟོས་པའི་དོན་ཅན་ཡིན་པའི་ཕྱིར་རྟེན་འབྲེལ་དུ་མི་རུང་ངོ་། །རྒྱུ་དང་འབྲས་བུ་གཞན་ཡིན་ན་དུས་མཉམ་པའི་ཀ་བ་དང་། བུམ་པ་བཞིན་དུ་ཕན་ཚུན་ལྟོས་པ་མེད་པའི་ཕྱིར་དང་། གཅིག་ཡིན་ནའང་དེ་ལ་ལྟོས་པ་མེད་པའི་ཕྱིར་དང་། གཉིས་ཀ་ཡིན་ནའང་ཉེས་པ་གཉིས་ཀར་དུ་འགྱུར་བའི་ཕྱིར་བདག་དང་། གཞན་དང་། གཉིས་ཀ་ལས་སྐྱེ་བ་དག་ལའང་རྟེན་འབྲེལ་རིགས་པ་མ་ཡིན་ནོ། །དེ་བས་ན་གང་ལ་བརྟེན་ནས་གང་བྱུང་བ་དེ་ནི་དེ་ཉིད་དང་གཞན་དུ་འཐད་པ་མ་ཡིན་པའི་ཕྱིར། བསྟན་བཅོས་ལས་ཀྱང་། གང་ལ་རྟེན་ནས་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཏེ། །དེ་ཕྱིར་ཆད་མིན་རྟག་པའང་མིན། །ཞེས་གང་གསུངས་པ་ཡིན་ནོ། །

གཉིས་པ་རྟེན་འབྲེལ་གྱི་ཕན་ཡོན་ནི། དེ་ལྟར་རྐྱེན་འདི་པ་ཙམ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་བཤད་པ་ན། རྒྱུ་མེད་པ་ལས་སྐྱེ་བ་ལ་སོགས་པའི་རྟོག་པ་འདི་ལྡོག་པ་འབའ་ཞིག་ཏུ་མ་ཟད་ཀྱི། གང་ཕྱིར་དངོས་པོ་རྟེན་ནས་རབ་འབྱུང་བས། །རྟོག་པ་འདི་དག་བརྟག་པར་མི་ནུས་པས། །དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་ཐམས་ཅད་གཅོད་པར་བྱེད། །གང་གི་ཕྱིར་དངོས་པོ་རྣམས་འདི་ལ་བརྟེན་ནས་འདི་རབ་ཏུ་འབྱུང་ངོ་ཞེས་བྱ་བའི་རིགས་པ་འདི་ཙམ་ཞིག་གིས་བདག་གི་དངོས་པོ་ཡོད་པ་ཐོབ་ཀྱི་གཞན་དུ་མ་ཡིན་པ་ན། རྟག་པ་དང་ཆད་པ་དང་། དངོས་པོ་དང་དངོས་པོ་མེད་པ་དང་། གཉིས་ཀ་ལ་སོགས་པའི་རྟོག་པ་འདི་བརྟགས་པར་མི་ནུས་པ་དེའི་ཕྱིར། རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་འདི་པ་ཙམ་གྱི་རིགས་པ་འདི་ཡིས་ནི། མཐར་འཛིན་པའི་ལྟ་བ་ངན་པའི་དྲ་བ་ཐམས་ཅད་གཅོད་པར་བྱེད་དོ། །དེའང་འདི་ལྟར། འདི་ལ་བརྟེན་ནས་འདི་འབྱུང་ཞེས་རྐྱེས་འདི་པ་ཙམ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ཁས་ལེན་པས་ནི་དངོས་པོ་འགའ་ལའང་རང་བཞིན་ཅུང་ཟད་ཀྱང་ཁས་མི་བླངས་ཏེ། རང་བཞིན་ཡོད་ན་གཞན་ལ་མི་ལྟོས་པའི་ཕྱིར་རྟེན་འབྲེལ་དུ་མི་རུང་བའི་ཕྱིར་རོ། །དེའི་ཕྱིར་མདོ་སྡེ་དག་ལས་ཀྱང་། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་ཤིང་། བསྟན་བཅོས་ལས་ཀྱང་། དེ་དང་དེ་བརྟེན་གང་འབྱུང་བ། །རང་གི་ངོ་བོར་དེ་མ་སྐྱེས། །རང་གི་ངོ་བོར་གང་མ་སྐྱེས། །དེ་ནི་སྐྱེས་ཞེས་ཇི་སྐད་བྱ། །ཞེས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྒྱུར་བྱས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་སོ། །དེ་བས་ན་གང་གི་ཚེ་རང་བཞིན་ཅུང་ཟད་ཀྱང་ཁས་མ་བླངས་པ་དེའི་ཚེ་མཐའ་གང་དུའང་བརྟག་པར་ནུས་པ་མ་ཡིན་ཏེ། འདི་ལྟར། རྟོག་རྣམས་དངོས་པོར་ཡོད་ན་འགྱུར་བ་སྟེ། །དངོས་པོ་ཇི་ལྟར་མེད་པར་ཡོངས་དཔྱད་ཟིན། །དངོས་པོ་མེད་པར་འདི་རྣམས་མི་འབྱུང་དཔེར། །བུད་ཤིང་མེད་པར་མེ་ཡོད་མིན་དེ་བཞིན། །གལ་ཏེ་དངོས་པོ་རྣམས་ལ་རང་བཞིན་འགའ་ཞིག་ཡོད་ན་དེའི་སྐྱེ་བ་ངོ་བོ་ཉིད་ལས་འབྱུང་བའམ། བདག་དང་གཞན་དང་གཉིས་ཀ་དང་། དབང་ཕྱུག་སོགས་ལས་འགྱུར་ཞིང་། སྐྱེས་ཟིན་གནས་པས་རྟག་པ་དང་། འཇིག་པས་ཆད་པ་ལ་སོགས་པའི་རྟོག་པར་འགྱུར་བ་ཞིག་ན། དངོས་པོ་རྣམས་ལ་རང་བཞིན་ཇི་ལྟར་མེད་པ་དེ་ལྟར་ནི་སྔར་རིགས་པས་ཡོངས་སུ་དཔྱད་ཟིན་པ་དེའི་ཕྱིར་དངོས་པོ་མེད་པར་མཐར་འཛིན་པའི་རྣམ་པར་རྟོག་པ་འདི་རྣམས་མི་འབྱུང་སྟེ། དཔེར་ན། བུད་ཤིང་མེད་པར་མེ་ཡོད་པ་མིན་པ་བཞིན་ནོ། །བཞི་པ་རིགས་པས་རྣམ་པར་དཔྱད་པའི་དགོས་པ་བསྟན་པ་ནི། སོ་སོའི་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས། །མི་རྟོག་རྣལ་འབྱོར་པ་ནི་གྲོལ་འགྱུར་བས། །རྟོག་རྣམས་ལྡོག་པར་གྱུར་བ་གང་ཡིན་དེ། །རྣམ་པར་དཔྱོད་པའི་འབྲས་བུར་མཁས་རྣམས་གསུངས། །གང་གི་ཕྱིར་རང་བཞིན་གྱིས་སྟོང་པའི་ཆོས་ཉིད་དེ་ལྟ་བུ་མི་ཤེས་པའི་སོ་སོ་སྐྱེ་བོ་རྣམས་ནི་སྲིན་བུའི་ཁ་ཆུ་ལྟར་རང་གི་རྣམ་པར་རྟོག་པས་བཅིངས་ཤིང་། ཆོས་ཉིད་དེ་ལྟ་བུ་ཐུགས་སུ་ཆུད་པས་མཐའ་གང་དུའང་རྣམ་པར་མི་རྟོག་པའི་རྣལ་འབྱོར་པ་ནི་རྣམ་པར་གྲོལ་བར་འགྱུར་རོ། །མཐའ་འཛིན་གྱི་རྣམ་པར་རྟོག་པ་མ་ལུས་པ་ལྡོག་པར་གྱུར་པ་གང་ཡིན་པ་དེ་སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་སུ་བཤད་པའི་རྣམ་པར་དཔྱོད་པའི་འབྲས་བུར་རྣམ་པར་བཞག་གོ །བརྒྱ་པ་ལས་ཀྱང་། དངོས་པོ་རང་བཞིན་གྱིས་ཡོད་ན། །སྟོང་མཐོང་ཡོན་ཏན་ཅི་ཞིག་ཡོད། །རྟོག་པ་མཐོང་བ་འཆིང་བ་སྟེ། །དེ་ཉིད་འདིར་ནི་འགོག་པ་ཡིན། །ཅེས་གང་གསུངས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར། སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་ལས་རིགས་པའི་ཚོགས་དུ་མའི་སྒོ་ནས་རྣམ་པར་དཔྱད་པ་ཤིན་ཏུ་རྒྱ་ཆེར་མཛད་པ་གང་ཡིན་པ་དེ་ནི་རྩོད་ལ་ཆགས་ཏེ། གཞན་ཟིལ་གྱིས་མནན་པར་འདོད་པས་མ་མཛད་དོ་ཞེས་ཤེས་པར་བྱས་ཏེ། རྣམ་པར་དཔྱོད་པའི་སྒོ་ནས་དབུ་མའི་བསྟན་བཅོས་ལས་དེ་ཁོ་ན་ཉིད་བསྟན་པ་ནི། སེམས་ཅན་གྱིས་ཆོས་ཉིད་འདི་ལྟ་བུ་ཕྱིན་ཅི་མ་ལོག་པར་རྟོགས་ནས་ཐར་པ་ཐོབ་པར་གྱུར་ན་ཅི་མ་རུང་ཞེས་སྐྱེ་བོ་རྣམས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་ཡིན་ནོ། །

གལ་ཏེ་ཁྱེད་ཀྱིས་རྒོལ་བ་གཞན་གྱིས་བརྟགས་པ་རྣམས་བཀོད་ཅིང་བསྟན་བཅོས་ལས་བཀག་པ་མ་ཡིན་ནམ། དེའི་ཕྱིར་བསྟན་བཅོས་ཀྱིས་འཇུག་པ་ནི་རྩོད་པའི་ཕྱིར་མ་ཡིན་པར་རྟོག་པ་ལྡོག་པ་ཙམ་ཞིག་ཁོ་ན་འབྲས་བུར་ཇི་ལྟར་རྣམ་པར་བཞག་ཅེ་ན། རྣམ་པར་དཔྱད་པ་ནི་རྩོད་པའི་ཕྱིར་མ་ཡིན་མོད་ཀྱི། འོན་ཀྱང་། གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །གལ་ཏེ་རྣམ་པར་དཔྱད་པའི་སྒོ་ནས་དེ་ཁོ་ན་ཉིད་རྣམ་པར་བཤད་པ་ན། རང་བཞིན་གྱིས་སྟོབས་ཆུང་བས་གཞན་གྱི་གཞུང་ལུགས་རྣམས་བདག་ཉིད་ཐེན་མི་ཚུགས་ཤིང་། སྣང་བ་ཉེ་བ་ན་མུན་པ་ལྟར་རང་ཉིད་འཇིག་པར་འགྱུར་བ་ན་ཁོ་བོ་ཅག་ལ་ཉེས་པ་ཅིའང་མེད་དོ། །དེའི་ཕྱིར་བརྒྱ་པ་ལས། ཆོས་འདི་དེ་བཞིན་གཤེགས་རྣམས་ཀྱིས། །རྩོད་པ་མཛད་ཕྱིར་གསུངས་མ་ཡིན། །འོན་ཀྱང་མེ་ཡིས་བུད་ཤིང་ལྟར། །འདི་ཡིས་ཕས་ཀྱི་རྒོལ་བ་བསྲེག །ཅེས་གང་གསུངས་པ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། རྩོད་པའི་ཕྱིར་ཆོས་འདི་ཉེ་བར་བསྟན་པར་གྱུར་ན། དེའི་ཚེ་ཐེ་ཚོམ་མེད་པར་གཞན་གྱི་ཕྱོགས་སྐྱོན་དང་ལྡན་པ་ལ་སྡང་ཞིང་། རིགས་པ་དང་ལྡན་པའི་རང་གི་ཕྱོགས་ལ་རྗེས་སུ་ཆགས་པར་འགྱུར་བས་རྟོག་པ་ལྡོག་པར་མི་འགྱུར་ཏེ། འདི་ལྟར། རང་གི་ལྟ་ལ་ཆགས་དང་དེ་བཞིན་དུ། །གཞན་གྱི་ལྟ་ལ་འཁྲུག་གང་རྟོག་པ་ཉིད། །དེའི་ཕྱིར་རྟོག་པ་མ་ལོག་པས་བཅིངས་པ་ཉིད་དུ་འགྱུར་གྱི། ཐར་པ་ན་མ་ཡིན་ནོ། །དེ་ཕྱིར་འདོད་ཆགས་ཁོང་ཁྲོ་རྣམ་བསལ་ཏེ། །རྣམ་པར་དཔྱད་ན་མྱུར་དུ་གྲོལ་བར་འགྱུར། །གང་གི་ཕྱིར་ཆོས་འདི་རྩོད་པའི་ཕྱིར་མ་བསྟན་པ་དེའི་ཕྱིར། རང་གི་ཕྱོགས་ལ་འདོད་ཆགས་དང་། གཞན་གྱི་ཕྱོགས་ལ་ཁོང་ཁྲོ་བ་རྣམ་པར་བསལ་ཏེ། དེ་ཁོ་ན་ཉིད་རྟོགས་པར་འདོད་པས་གནས་ལུགས་ལ་རྣམ་པར་དཔྱོད་ན་མྱུར་དུ་གྲོལ་བར་འགྱུར་རོ། །ཇི་སྐད་དུ། རིགས་པ་དྲུག་ཅུ་པ་ལས། རྩོད་མེད་ཆེ་བའི་བདག་ཉིད་ཅན། །དེ་རྣམས་ལ་ནི་ཕྱོགས་ཉིད་མེད། །གང་རྣམས་ལ་ནི་ཕྱོགས་མེད་པ། །དེ་ལ་གཞན་ཕྱོགས་ག་ལ་ཡོད། །ཅེས་བྱ་བ་དང་། དེ་བཞིན་དུ། རང་གི་ཕྱོགས་ལ་ཆགས་ཡོད་ཅིང་། །གཞན་གྱི་ཕྱོགས་ལ་མི་དགའ་ན། །མྱ་ངན་འདས་པར་མི་འགྲོ་སྟེ། །གཉིས་སྤྱོད་ཞི་བར་ཡོང་མི་འགྱུར། །ཞེས་གསུངས་ཤིང་། མདོ་སྡེ་ལས་ཀྱང་། གང་ཞིག་ཆོས་འདི་ཐོས་ནས་ཆགས་བྱེད་ཅིང་། །ཆོས་མ་ཡིན་པ་ཐོས་ན་ཁོང་ཁྲོ་བྱེད། །ང་རྒྱལ་རྒྱགས་པས་བཅོས་པ་ལོག་པས་ཏེ། །ང་རྒྱལ་དབང་གིས་སྡུག་བསྔལ་རྗེས་སུ་མྱོང་། །ཞེས་གསུངས་སོ། །

གང་ཟག་གི་བདག་མེད་བསྟན་པ།

དེ་ལྟར་ལུང་དང་རིགས་པའི་སྒོ་ནས་ཆོས་ཀྱི་བདག་མེད་པ་བསྟན་ནས། དེའི་འོག་ཏུ་གང་ཟག་གི་བདག་མེད་པར་བསྟན་པར་བྱ་སྟེ། འདི་ལའང་བདག་དགག་དགོས་པའི་རྒྱུ་མཚན། དེ་དགག་པ་དངོས་སོ། །དང་པོ་ནི། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང་། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་འདི་འགོག་པར་བྱེད། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་དང་། སྐྱེ་བ་དང་རྒ་བ་དང་ན་བ་ལ་སོགས་པའི་སྐྱོན་རྣམས་མ་ལུས་པ་ནི། ང་དང་ང་ཡིར་འཛིན་པའི་མཚན་ཉིད་ཅན་གྱི་འཇིག་ཚོགས་ལ་ལྟ་བ་ལས་བྱུང་བ་ཡིན་ཏེ། མདོ་ལས། ཉོན་མོངས་པ་ཐམས་ཅད་ནི། འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་འཇིག་ཚོགས་ལ་ལྟ་བའི་ཀུན་འབྱུང་བ་ཅན་དག་གོ། ཞེས་གསུངས་ཤིང་། འཇིག་ཚོགས་ལ་ལྟ་བ་མ་སྤངས་པ་རྣམས་ལ་འདུ་བྱེད་མངོན་པར་འགྲུབ་པའི་ཕྱིར་དང་། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་འབྱུང་བའི་ཕྱིར་རོ། །བདག་ནི་འཇིག་ལྟ་འདིའི་ཡུལ་ཡིན་ཏེ། ངར་འཛིན་པ་ནི་བདག་གི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཉོན་མོངས་པ་དང་། སྐྱོན་མ་ལུས་པ་སྤང་བར་འདོད་པས་ནི། དེ་དག་གི་རྩ་བ་འཇིག་ཚོགས་ལ་ལྟ་བ་སྤང་བར་བྱ་བ་ཡིན་ལ། དེའང་བདག་མེད་པ་ཁོང་དུ་ཆུད་པས་སྤོང་བར་འགྱུར་བས། ཐར་པ་འདོད་པའི་རྣལ་འབྱོར་པས་བདག་ཁོ་ན་འགོག་པར་བྱེད་དོ། །གཉིས་པ་དེ་དགག་པ་ལ། བདག་རྫས་ཡོད་དགག་པ་དང་། གང་ཟག་རྟེན་འབྲེལ་དུ་བསྟན་པ་གཉིས་སོ། །དང་པོ་ལའང་། ཕུང་པོ་ལས་དོན་གཞན་པ་དགག་པ་དང་། ཕུང་པོ་དང་གཅིག་པ་དགག་པ་དང་། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བདག་དགག་པའོ། །དང་པོ་ལ་ཕྱོགས་སྔ་མ་བརྗོད་པ་ནི། འཇིག་ཚོགས་ལ་ལྟ་བའི་དམིགས་པ་བདག་དེའི་རང་བཞིན་ཅི་འདྲ་ཞེ་ན། དེ་ལ་རེ་ཞིག ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱ་མེད་མུ་སྟེགས་རྣམས་ཀྱིས་བརྟགས། །དེ་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་འགྱུར། །དེ་ལ་གྲངས་ཅན་པ་དག་ནི། རྩ་བའི་རང་བཞིན་རྣམ་པར་འགྱུར་མིན་ལ། །ཆེན་པོ་སོགས་བདུན་རང་བཞིན་རྣམ་འགྱུར་ཞིང་། །བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་སྨྲ་བར་བྱེད་དོ། །དེ་ལ་རྩ་བའི་རང་བཞིན་ནི། སྐྱེས་བུ་ཡུལ་ལ་ལོངས་སྤྱོད་པར་འདོད་པའི་དུས་སུ། སྒྲ་ལ་སོགས་པ་སྐྱེས་བུས་ལོངས་སྤྱོད་བྱ་རྣམས་འབྱིན་པར་བྱེད་པའི་ཕྱིར་རང་བཞིན་ཡིན་ལ། རྒྱུ་གང་ལས་ཀྱང་མ་བྱུང་བའི་ཕྱིར་རྣམ་འགྱུར་མ་ཡིན་ནོ། །ཆེན་པོ་དང་། ང་རྒྱལ་དང་། དེ་ཙམ་ལྔ་སྟེ་བདུན་པོ་ནི་རང་གི་རྣམ་འགྱུར་ལ་ལྟོས་ནས་དེ་དག་སྐྱེད་པར་བྱེད་པས་རང་བཞིན་ཡིན་ལ། རང་བཞིན་ལ་ལྟོས་ནས་རྣམ་འགྱུར་ཡིན་ནོ། །དབང་པོ་བཅུ་དང་ཡིད་དང་འབྱུང་བ་ལྔ་སྟེ་བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་ཁོ་ན་ཡིན་ཏེ། འབྲས་བུ་མི་སྐྱེད་པའི་ཕྱིར་དང་། རྒྱུ་ལས་བྱུང་བའི་ཕྱིར་རོ། །སྐྱེས་བུ་ནི་འབྲས་བུ་མི་སྐྱ྄ེད་པའི་ཕྱིར་རང་བཞིན་མ་ཡིན་ལ། རྒྱུ་ལས་མ་བྱུང་བའི་ཕྱིར་རྣམ་འགྱུར་ཡང་མ་ཡིན་ནོ། །རིམ་པ་འདིས་རྣམ་འགྱུར་གྱི་ཚོགས་ཐམས་ཅད་སྐྱེས་པ་ལ་འདོད་པ་སྐྱེས་པའི་སྒོ་ནས་སྐྱེས་བུས་ལོངས་སྤྱོད་པར་བྱེད་པའི་ཚེ་ན་འཁོར་བ་ཞེས་བྱ་ལ། གང་གི་ཚེ་སྐྱེས་བུ་ཡུལ་རྣམས་ལ་ཆགས་པ་ཆུང་བར་གྱུར་ཏེ། རིམ་གྱིས་བསམ་གཏན་སྒོམས་ཤིང་ལྷའི་མིག་ཡང་དག་པར་བླངས་ཏེ། ལྷའི་མིག་གིས་རང་བཞིན་ལ་ལྟ་བར་བྱེད་པ་ན་རང་བཞིན་སྐྱེངས་པའི་ཚུལ་གྱིས་བདག་ལ་མི་འགྲོ་ཞིང་། རྣམ་འགྱུར་གྱི་ཚོགས་ཐམས་ཅད་ཀྱང་སྐྱེ་བའི་རིམ་པ་ལས་བཟློག་པའི་སྒོ་ནས་དེ་ཉིད་དུ་རབ་ཏུ་ཞི་བར་གྱུར་པ། དེའི་ཚེ་སྐྱེས་བུ་ཉག་གཅིག་གནས་ཏེ། དེའི་ཕྱིར་གྲོལ་བ་ཞེས་བྱའོ། །ཇི་སྐད་བཤད་པའི་ཚུལ་གྱིས་ཡུལ་རྣམས་ལ་ལོངས་སྤྱོད་པའི་ཕྱིར་ཟ་བ་པོ་ཞེས་བྱའོ། །རྣམ་འགྱུར་རྣམས་ཉེ་བར་ཞིས་ཟིན་ཀྱང་དེ་ཉིད་རྟག་ཏུ་ཡན་གར་བར་གནས་པའི་ཕྱིར་རྟག་པ་ཞེས་བྱའོ། །བདག་ནི་བྱ་བ་ལ་སྙོམ་ལས་ཅན་ཡིན་པའི་ཕྱིར་བྱེད་པོ་མིན་པ་ཞེས་བྱའོ། །རྡུལ་མུན་པ་སྙིང་སྟོབས་གསུམ་གྱི་རང་བཞིན་མེད་པའི་ཕྱིར་ཡོན་ཏན་མེད་པ་ཡིན་ནོ། ཁྱབ་པའི་ཕྱིར་ན་འགྲོ་འོང་སོགས་ཀྱི་བྱ་བ་མེད་པ་ཉིད་དེ། དེ་དག་ནི་སྐྱེས་བུའི་ཁྱད་པར་རོ། །དེ་ལ་རང་བཞིན་ནི་བྱེད་པ་པོ་ཡིན་ལ། རྣམ་འགྱུར་རྣམས་ལས་ཁ་ཅིག་ནི་བྱེད་པ་པོ་ཡིན་ལ། ཁ་ཅིག་ནི་བྱེད་པ་པོ་མ་ཡིན་ནོ། །རྣམ་འགྱུར་གང་ཞིག་བྱེད་པ་པོ་ཡིན་ལ། གང་ཞིག་བྱེད་པ་པོ་མ་ཡིན་ཞེ་ན། དེ་ལ་རྡུལ་དང་མུན་པ་དང་སྙིང་སྟོབས་རྣམས་ནི་ཡོན་ཏན་གསུམ་མོ། །མུན་པ་ནི་ལྕི་བ་དང་གཡོགས་པའི་བདག་ཉིད་དོ། །རྡུལ་ནི་གཡོ་བ་དང་འཇུག་པའི་བདག་ཉིད་ཅན་ནོ། །སྙིང་སྟོབས་ནི་ཡང་བ་དང་། རབ་ཏུ་གསལ་བའི་བདག་ཉིད་ཅན་ནོ། །བདེ་བ་དང་སྡུག་བསྔལ་དང་གཏི་མུག་གསུམ་ཡང་འདི་དག་གི་རྣམ་གྲངས་སོ། །འདི་དག་ཆ་མཉམ་པའི་གནས་སྐབས་ནི་གཙོ་བོ་སྟེ། འདིར་ཡོན་ཏན་དག་གཙོ་བོར་འགྱུར་ཅིང་རྣམ་འགྱུར་རྣམས་རབ་ཏུ་ཞི་བར་གྱུར་པའི་ཕྱིར་རོ། །དེ་དག་རྣམ་པར་མི་འགྱུར་བའི་གནས་སྐབས་ནི་རང་བཞིན་ནོ། །རང་བཞིན་ལས་ནི་ཆེན་པོ་སྟེ། ཆེན་པོ་ཞེས་བྱ་བ་ནི་བློའི་རྣམ་གྲངས་སོ། །ཆེན་པོ་ལས་ནི་ང་རྒྱལ་ལོ། །དེ་ནི་རྣམ་པ་གསུམ་སྟེ། རྣམ་འགྱུར་ཅན་དང་། སྙིང་སྟོབས་ཅན་དང་། མུན་པ་ཅན་ནོ། །དང་པོ་ལས་ནི། དེ་ཙམ་ལྔ་སྟེ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དག་གོ །དེ་ཙམ་ལྔ་ལས་ནི། འབྱུང་བ་ལྔ་སྟེ། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ཞེས་བྱ་བ་དག་གོ །ང་རྒྱལ་གཉིས་པ་ལས་ནི། ལས་ཀྱི་དབང་པོ་ལྔ་སྟེ། ངག་དང་ལག་པ་དང་རྐང་པ་དང་རྐུབ་དང་མདོམས་དང་། བློའི་དབང་པོ་ལྔ་སྟེ། མིག་དང་རྣ་བ་དང་སྣ་དང་ལྕེ་དང་པགས་པ་དང་། གཉིས་ཀའི་བདག་ཉིད་ཅན་གྱི་ཡིད་དེ། དེ་ལྟར་བཅུ་གཅིག་འབྱུང་ངོ་། །མུན་པ་ཅན་གྱི་ང་རྒྱལ་ནི། ང་རྒྱལ་གཉིས་ཀའི་འཇུག་པ་བྱེད་དོ། །གྲངས་ཅན་དག་གིས་དེ་ལྟར་ཁས་བླངས་པ་དེ་བཞིན་དུ་བདག་དེའི་དབྱེ་བ་མི་འདྲ་བ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས་མུ་སྟེགས་ཅན་རྣམས་ཀྱི་བདག་གི་འདོད་ལུགས་ཐ་དད་པར་གྱུར་ཏེ། འདི་ལྟར། བྱེ་བྲག་པ་རྣམས་ནི། བློ་དང་། བདེ་བ་དང་། སྡུག་བསྔལ་དང་། འདོད་པ་དང་། སྡང་བ་དང་། འབད་པ་དང་། ཆོས་དང་། ཆོས་མ་ཡིན་པ་དང་། འདུས་བྱས་པའི་ཤུགས་ཏེ་བདག་གི་ཡོན་ཏན་དགུར་སྨྲ་བར་བྱེད་དོ། །དེ་ལ་ཇི་སྲིད་བདག་གི་ཡོན་ཏན་དགུ་པོ་དེ་བདག་ལ་འདུ་ཞིང་ཡོད་པ་དེ་སྲིད་དུ་དགེ་བ་དང་མི་དགེ་བའི་ལས་སྒྲུབ་པའི་ཕྱིར་འཁོར་བ་ཞེས་བྱ་ལ། གང་གི་ཚེ་སྐྱེས་བུའི་དབང་སོགས་བདག་གི་བ་རྣམས་སྡུག་བསྔལ་དུ་རྟོགས་ཏེ། བློ་ལ་སོགས་པ་བདག་གི་ཡོན་ཏན་རྣམས་རྩ་བ་དང་བཅས་པ་གཅོད་པ་དེའི་ཚེ་བདག་དེ་ཉིད་ཡོན་ཏན་རྣམས་དང་མི་ལྡན་པའི་ཡན་གར་བར་གནས་པར་འགྱུར་ཏེ། དེའི་ཕྱིར་ཐར་པ་ཞེས་བྱའོ། །དེ་ལྟར་ཡང་དབུ་མ་སྙིང་པོར། བློ་སོགས་བདག་གི་ཡོན་ཏན་བཅད། །དྲུངས་ནས་ཕྱུང་བའི་རྣལ་འབྱོར་པ། །ཡིད་ལ་བདག་ཅེས་གནས་པ་ནི། །བྱེ་བྲག་པ་ཡི་ཐར་པར་ཤེས། །ཞེས་གསུངས་པ་ལྟར་རོ། །བདག་དེ་སྤོངས་སེམས་མེད་པའི་རང་བཞིན་ཅན་དང་། རྟག་པ་དང་། ལས་བྱེད་པ་པོ་དང་། རྣམ་སྨིན་ཟ་བ་པོ་དང་། འཁོར་བའི་གནས་སྐབས་ན་ཡོན་ཏན་དང་བཅས་པ་དང་། ནམ་མཁའ་ལྟར་ཁྱབ་པའི་ཕྱིར་བྱ་བ་མེད་པར་ཡང་སྨྲའོ། ཁ་ཅིག་ནི་བསྐུམ་པ་དང་རྐྱོང་བའི་བྱ་བ་དང་བཅས་པ་སྨྲའོ། །རིག་བྱེད་དུ་སྨྲ་བ་དག་ནི་བུམ་པ་ལ་སོགས་པ་སྣོད་ཐ་དད་པའི་ནང་གི་ནམ་མཁའ་ལྟར་བདག་གཅིག་ཉིད་ལུས་ཐ་དད་པས་སྣ་ཚོགས་པ་ཉིད་དོ་ཞེས་སྨྲ་བར་བྱེད་དོ། །

གཉིས་པ་དེ་དགག་པ་ལ། བདག་གི་ངོ་བོ་དགག ཁྱད་པར་དགག ངར་འཛིན་གྱི་རྟེན་མིན་པར་བསྟན་པ་དང་གསུམ་ལས། དང་པོ་ནི། མོ་གཤམ་བུ་ལྟར་སྐྱེ་བ་དང་བྲལ་ཕྱིར། །དེ་ལྟར་གྱུར་པའི་བདག་ནི་ཡོད་མིན་ཞིང་། །འདི་ནི་ངར་འཛིན་རྟེན་དུའང་མི་རིགས་ལ། །འདི་ནི་ཀུན་རྫོབ་ཏུ་ཡང་ཡོད་མི་འདོད། །ཇི་སྐད་བཤད་པའི་རྟག་པ་དང་ཟ་བ་པོ་ལ་སོགས་པ་དེ་ལྟར་གྱུར་པའི་བདག་ནི་ཡོད་པ་མ་ཡིན་ཏེ། སྐྱེ་བ་དང་བྲལ་བའི་ཕྱིར་མོ་གཤམ་གྱི་བུ་བཞིན་ནོ། །དེ་ལྟར་བུའི་བདག་འདི་ནི་འཇིག་རྟེན་པ་དག་གི་ངར་འཛིན་གྱི་རྟེན་ནམ་ཡུལ་དུའང་མི་རུང་སྟེ། མ་སྐྱེས་པའི་ཕྱིར་རོ། །འདི་དེ་ཁོ་ན་ཉིད་དུ་མེད་ཅིང་། ངར་འཛིན་གྱི་ཡུལ་དུ་མི་རུང་བར་མ་ཟད་ཀྱི། ཀུན་རྫོབ་ཏུའང་ཡོད་པར་མི་འདོད་དེ། དེ་ལྟ་བུ་མ་དམིགས་པའི་ཕྱིར་རོ། །གཉིས་པ་ཁྱད་པར་དགག་པ་ནི། གང་ཕྱིར་བསྟན་བཅོས་བསྟན་བཅོས་ལས་དེའི་ཁྱད། །མུ་སྟེགས་རྣམས་ཀྱིས་གང་བསྟན་དེ་ཀུན་ལ། །རང་གྲགས་མ་སྐྱེས་གཏན་ཚིགས་ཀྱིས་གནོད་པ། །དེ་ཕྱིར་དེ་ཁྱད་ཀུན་ཀྱང་ཡོད་མ་ཡིན། །གང་གི་ཕྱིར་གྲངས་ཅན་པ་དང་བྱེ་བྲག་པ་ལ་སོགས་པ་རྣམས་ཀྱི་བསྟན་བཅོས་དེ་དང་དེ་ལས་བདག་དེའི་ཁྱད་པར་རྟག་པ་དང་ཟ་བ་པོ་ལ་སོགས་པ་གང་བསྟན་པ་དེ་ཀུན་ཡོད་པ་མ་ཡིན་ཏེ། མ་སྐྱེས་པའི་ཕྱིར། མོ་གཤམ་གྱི་བུ་བཞིན་ཞེས་རང་ལ་གྲགས་པའི་མ་སྐྱེས་པའི་གཏན་ཚིགས་ཀྱིས་གནོད་པ་དེའི་ཕྱིར། བདག་གི་ཁྱད་པར་ཀུན་ཀྱང་ཡོད་པ་མ་ཡིན་ནོ། །མདོར་ན་བདག་ནི་རྟག་པ་དང་། ཟ་བ་པོ་ལ་སོགས་པ་མ་ཡིན་ཏེ། མ་སྐྱེས་པའི་ཕྱིར། མོ་གཤམ་གྱི་བུ་བཞིན་ཞེས་པའོ། །དེ་ཕྱིར་ཕུང་པོ་ལས་གཞན་བདག་མེད་དེ། །ཕུང་པོ་མ་གཏོགས་དེ་འཛིན་མ་གྲུབ་ཕྱིར། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ཕུང་པོ་ལས་ཐ་དད་པའི་རྟག་པ་སོགས་ཀྱིས་ཁྱད་པར་དུ་བྱས་པའི་བདག་ཡོད་པ་མ་ཡིན་ཏེ། གལ་ཏེ་ཡོད་ན་གཟུགས་ལས་རྣམ་ཤེས་བཞིན་དུ་ཕུང་པོ་ལས་ཐ་དད་པར་འཛིན་པར་འགྱུར་ན། ཕུང་པོ་ལས་མ་གཏོགས་པའི་རྟག་པ་སོགས་ཀྱིས་ཁྱད་པར་དུ་བྱས་པའི་བདག་དེ་འཛིན་པ་མ་གྲུབ་པའི་ཕྱིར་རོ། །གསུམ་པ་ངར་འཛིན་གྱི་རྟེན་མིན་པར་བསྟན་པ། ཕུང་པོ་ལས་ཐ་དད་པའི་བདག་ཡོད་པ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། འཇིག་རྟེན་ངར་འཛིན་བློ་ཡི་རྟེན་དུ་ཡང་། །མི་འདོད་དེ་རིག་མིན་པའང་བདག་ལྟའི་ཕྱིར། །རྟག་པ་སོགས་ཀྱིས་ཁྱད་པར་དུ་བྱས་པའི་བདག་དེ་ནི་འཇིག་རྟེན་པ་དག་གི་ངར་འཛིན་གྱི་བློ་ལྷན་སྐྱེས་ཀྱི་རྟེན་ནམ་ཡུལ་དུའང་མི་འདོད་དེ། བདག་རྟག་པ་སོགས་ཀྱིས་ཁྱད་པར་དུ་བྱས་པར་རིག་པ་མིན་པའི་བྱིས་པ་དག་ཀྱང་མངོན་པར་ཞེན་པའི་ཁྱད་པར་ལས་བདག་དང་བདག་གི་བར་ལྟ་བའི་ཕྱིར་རོ། །གལ་ཏེ་རྟག་པ་དང་མ་སྐྱེས་པ་སོགས་ཀྱི་ཁྱད་པར་དུ་བྱས་པར་མི་ཤེས་པ་དེ་དག་ལའང་སྐྱ྄ེ་བ་སྔ་མ་སོགས་ལ་གོམས་པའི་དབང་གིས་དེའི་ཡུལ་ཅན་གྱི། ངར་འཛིན་པ་ཡོད་པར་འགྱུར་རོ་སྙམ་ན། དེའང་མ་ཡིན་ཏེ། འདི་ལྟར། གང་དག་དུད་འགྲོར་བསྐལ་མང་བསྐྱལ་གྱུར་པ། །དེས་ཀྱང་མ་སྐྱེས་རྟག་འདི་མ་མཐོང་ལ། །ངར་འཛིན་དེ་དག་ལ་ཡང་འཇུག་མཐོང་སྟེ། །དེས་ན་ཕུང་པོ་ལས་གཞན་བདག་འགའང་མེད། །སེམས་ཅན་གང་དག་དུད་འགྲོ་ལ་སོགས་པ་ངན་འགྲོར་བསྐལ་པ་མང་པོ་དཔག་ཏུ་མེད་པར་ལུ་གུ་རྒྱུད་དུ་བསྐྱལ་བར་གྱུར་པས་སྐྱེ་བ་སྔ་མ་སོགས་སུ་བདག་རྟག་པ་སོགས་སྟོན་པའི་བསྟན་བཅོས་ལ་གོམས་པར་མ་བྱས་པ་དེས་ཀྱང་མ་སྐྱེས་པ་དང་རྟག་པ་སོགས་ཀྱིས་ཁྱད་པར་དུ་བྱས་པའི་བདག་འདི་མ་མཐོང་དུ་ཟིན་ཀྱང་། ཕུང་པོ་ལ་ངར་འཛིན་པ་དེ་དག་ལའང་འཇུག་པ་མཐོང་བའི་ཕྱིར་ཤེས་རབ་ཅན་སུ་ཞིག་བདག་རྣམ་པ་དེ་ལྟ་བུ་ངར་འཛིན་པའི་རྟེན་དུ་ཞེན་པར་བྱེད། དེ་བས་ན་ཕུང་པོ་ལས་གཞན་པའི་རྟག་པའི་བདག་འགའ་ཡང་མེད་དོ། །

གཉིས་པ་ཕུང་པོ་དང་གཅིག་པའི་བདག་དགག་པ་ལ་ཕྱོགས་སྔ་མ་བརྗོད་པ་ནི། ཕུང་པོ་ལས་གཞན་བདག་ནི་མེད་པའི་ཕྱིར། །བདག་ལྟའི་དམིགས་པ་ཕུང་པོ་ཁོ་ནའོ། །རང་གི་སྡེ་པ་མང་པོས་བཀུར་བ་རྣམས་ན་རེ། ཇི་སྐད་བཤད་པའི་རིགས་པས་ཕུང་པོ་ལས་དོན་གཞན་པའི་བདག་མེད་པའི་ཕྱིར། བདག་ལྟའི་དམིགས་པ་ཕུང་པོ་ཁོ་ན་ཡིན་ལ། དེའི་ཕྱིར་བདག་ཅེས་བྱ་བ་ནི་གཞན་འགའ་ཡང་མེད་ཀྱི་ཕུང་པོ་ཙམ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་ལས་ཀྱང་། ཁ་ཅིག་བདག་ལྟའི་རྟེན་དུ་ཕུང་པོ་ནི། །ལྔ་ཆར་ཡང་འདོད་ཁ་ཅིག་སེམས་གཅིག་འདོད། ཁ་ཅིག་ནི་བདག་ལྟའི་རྟེན་ནམ་དམིགས་ཡུལ་དུ་གྱུར་པའི་བདག་ནི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ཆར་ཡིན་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་ཅིག་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཡང་དག་པར་རྗེས་སུ་ལྟའོ་ཞེས་གསུངས་པའི་ཕྱིར་རོ་ཞེས་སྨྲའོ། ཁ་ཅིག་ནི་སེམས་གཅིག་པུ་ཉིད་བདག་ལྟའི་དམིགས་ཡུལ་དུ་གྱུར་པའི་བདག་ཏུ་འདོད་དེ། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་ལེགས་པར་ཐུལ་བས་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་སེམས་ལ་བདག་གི་སྒྲས་གསུངས་པའི་ཕྱིར་རོ། །དེ་གང་ལས་ཤེས་ཞེ་ན། ཕུང་པོ་ལས་ཐ་དད་པའི་འདུལ་རྒྱུའི་བདག་མེད་པའི་ཕྱིར་དང་། མདོ་གཞན་ལས་སེམས་འདུལ་བར་གསུངས་པའི་ཕྱིར་ཏེ། ཇི་སྐད་དུ། སེམས་འདུལ་བ་ནི་ལེགས་པ་སྟེ། །སེམས་ཐུལ་བས་ནི་བདེ་བ་འདྲེན། །ཅེས་གསུངས་སོ་ཞེས་སྨྲའོ། །འདི་དགག་པ་ལ་གཉིས། དགག་པ་དངོས་དང་། བཀག་པའི་མཇུག་བསྡུ་བའོ། །དང་པོ་ལའང། གནོད་བྱེད་བརྗོད། སྒྲུབ་བྱེད་དགག བརྟེན་ནས་བཏགས་པར་བསྟན། བདག་ལྟ་མི་སྤོང བར་ཐལ་བའོ། །དང་པོ་ནི། གལ་ཏེ་ཕུང་པོ་བདག་ན་དེ་ཕྱིར་དེ། །མང་བས་བདག་དེ་དག་ཀྱང་མང་པོར་འགྱུར། །བདག་ནི་རྫས་སུ་འགྱུར་ཞིང་དེར་ལྟ་བ། །རྫས་ལ་འཇུག་པས་ཕྱིན་ཅི་ལོག་མི་འགྱུར། །གལ་ཏེ་ཕུང་པོ་བདག་ཡིན་ན་དེའི་ཕྱིར། ཕུང་པོ་དེ་ནི་གཟུགས་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་མང་བའི་ཕྱིར་བདག་ཀྱང་མང་པོར་འགྱུར་ལ། གང་གི་ལྟར་ན་སེམས་བདག་ཡིན་པ་དེའི་ལྟར་ནའང་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་དབྱེ་བས་སམ། སྐད་ཅིག་རེ་རེ་ལ་རྣམ་པར་ཤེས་པ་སྐྱེ་བ་དང་འགག་པས་མང་བའི་ཕྱིར་བདག་མང་པོར་འགྱུར་རོ། །ཇི་སྐད་དུ། འཇིག་རྟེན་སྐྱེ་བ་ན་གང་ཟག་ཉག་གཅིག་སྐྱེའི་ཞེས་པའི་ལུང་ལས་ན་བདག་མང་པོ་འདོད་པའང་མ་ཡིན་ནོ། །གཟུགས་དང་ཚོར་བ་ལ་སོགས་པའི་རྫས་འདས་པ་ལ་སོགས་པའི་དབྱེ་བས་ཐ་དད་པར་འགྱུར་བ་རྣམས་ལ་ཕུང་པོར་བརྗོད་ཅིང་ཕུང་པོ་ཁོ་ན་བདག་ཏུ་བསྙད་པའི་ཕྱིར་བདག་ནི་རྫས་སུ་གྲུབ་པར་འགྱུར་ན། དགེ་སློང་དག་ལྔ་པོ་འདི་དག་ནི་མིང་ཙམ་ཐ་སྙད་ཙམ་བཏགས་པ་ཙམ་སྟེ། གང་འདི་སྟེ། འདས་པའི་དུས་དང། མ་འོངས་པའི་དུས་དང་། ནམ་མཁའ་དང་། མྱ་ངན་ལས་འདས་པ་དང་། གང་ཟག་གོ་ཞེས་བྱ་བ་དང་། དེ་བཞིན་དུ། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་པ་འདི་ལས་ན་འདོད་པའང་མ་ཡིན་ནོ། །བདག་རྫས་སུ་ཡོད་ན། བདག་དེར་ལྟ་བའི་མཚན་ཉིད་ཅན་གྱི་འཇིག་ལྟ་དམིགས་ཡུལ་རྫས་ཡོད་ལ་འཇུག་པའི་ཕྱིར། སྔོ་སེར་ལ་སོགས་པའི་ཤེས་པ་ལྟར། འཛིན་སྟངས་ཕྱིན་ཅི་མ་ལོག་པར་འགྱུར་ཞིང་། དེའི་ཕྱིར་འཇིག་ཚོགས་ལ་ལྟ་བ་ཀུན་ཏུ་མི་འབྱུང་བའི་ཚུལ་གྱིས་སྤངས་མི་ནུས་པའང་། མིག་ལ་སོགས་པ་བཞིན་དུ་འདུན་པའི་འདོད་ཆགས་སྤངས་པའི་ཚུལ་གྱིས་སྤོང་བར་འགྱུར་རོ། །གཞན་ཡང་མྱ་ངན་འདས་ཚེ་ངེས་པར་བདག་ཆད་འགྱུར། །མྱ་ངན་འདས་སྔོན་སྐད་ཅིག་དག་ལ་ནི། །སྐྱེ་འཇིག་བྱེད་པོ་མེད་པས་དེ་འབྲས་མེད། །གཞན་གྱིས་བསགས་པ་གཞན་གྱིས་ཟ་བར་འགྱུར། །གལ་ཏེ་བདག་ཕུང པོའི་རང་བཞིན་ཡིན་ན། ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདས་པའི་ཚེ་ཕུང་པོ་ལྔ་ཆར་རྒྱུན་ཆད་པས་བདག་ཆད་པར་འགྱུར་ལ། དེ་ལྟར་ན་ཆད་པའི་མཐར་འཛིན་པས་མཐའ་ལྟ་བར་ཐལ་བར་འགྱུར་ཏེ། གང་གི་ཕྱིར་ཁྱོད་ཅག་གིས་ནི། འཇིག་ལྟས་བདག་ཉིད་དུ་གང་བཟུང་བ་དེ་ཉིད་ལ་རྟག་པ་དང་ཆད་པར་འཛིན་པས་མཐའ་འཛིན་པར་རྣམ་པར་བཞག་པའི་ཕྱིར་རོ། །མྱ་ངན་ལས་འདས་པར་ཞུགས་པའི་སྔོན་རོལ་གྱི་སྐད་ཅིག་དག་ཏུ་ཇི་ལྟར་ཕུང་པོ་རྣམས་སྐད་ཅིག་རེ་རེ་ལ་སྐྱེ་ཞིང་འཇིག་པ་དེ་བཞིན་དུ་བདག་ཀྱང་སྐྱེ་ཞིང་འཇིག་པར་འགྱུར་ཏེ། བདག་ཕུང་པོའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མདོ་ལས། དེའི་ཚེ་དེའི་དུས་ན་ང་རྒྱལ་པོ་ང་ལས་ནུ་ཞེས་བྱ་བར་གྱུར་ཏོ་ཞེས་གསུངས་པར་མི་འགྱུར་ཏེ། དེའི་ཚེ་བདག་ཀྱང་ལུས་ལྟར་ཞིག་པའི་ཕྱིར་དང་འདིར་ལུས་གཞན་སྐྱེ་བར་ཁས་བླངས་པའི་ཕྱིར་རོ། །བསྟན་བཅོས་ལས་ཀྱང་། ཉེ་བར་ལེན་པ་བདག་མ་ཡིན། །དེ་འབྱུང་བ་དང་འཇིག་པ་ཡིན། །ཉེ་བར་བླང་བ་ཇི་ལྟ་བུར། །ཉེ་བར་ལེན་པ་ཡིན་པར་འགྱུར། །ཞེས་དང་། དེ་བཞིན་དུ། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་གང་གསུངས་པ་ཡིན་ནོ། །གལ་ཏེ་བདག་སྐྱེ་དང་འཇིག་པ་ཡིན་ན་མ་འོངས་པའི་སྐྱེ་བའི་དུས་ན་སྔོན་གྱི་ལས་བྱེད་པ་པོའི་བདག་ཞིག་ནས་མེད་པའི་ཕྱིར་ལས་ཀྱི་རྟེན་མེད་པས་ལས་མེད་ལ། དེའི་ཕྱིར་ལས་ཀྱི་འབྲས་བུ་ཡང་མེད་པར་འགྱུར་རོ། །གལ་ཏེ་སྐད་ཅིག་སྔ་མས་བྱས་པའི་ལས་ཀྱི་འབྲས་བུ་སྐད་ཅིག་ཕྱི་མ་རྣམས་སུ་ལོངས་སྤྱོད་ན། དེའི་ཚེ་གཞན་གྱིས་བསགས་པའི་ལས་ཀྱི་རྣམ་པར་སྨིན་པ་གཞན་གྱིས་ལོངས་སྤྱོད་པའི་ཕྱིར་གཞན་གྱིས་བསགས་པའི་ལས་གཞན་གྱིས་ཟ་བར་འགྱུར་རོ། །དེའི་ཕྱིར་བྱས་པ་ཆུད་ཟོས་པ་དང་། མ་བྱས་པ་དང་ཕྲད་པར་འགྱུར་ཏེ། ཇི་སྐད་དུ། བསྟན་བཅོས་ལས་ཀྱང་། གལ་ཏེ་འདི་ནི་གཞན་འགྱུར་ན། །དེ་མེད་པར་ཡང་འབྱུང་བར་འགྱུར། །དེ་བཞིན་དུ་ནི་གནས་འགྱུར་ཞིང་། །དེ་མ་ཤི་བར་སྐྱེ་བར་འགྱུར། །ཆད་དང་ལས་རྣམས་ཆུད་ཟ་དང་། །གཞན་གྱིས་བྱས་པའི་ལས་རྣམས་ནི། །གཞན་གྱིས་སོ་སོར་མྱོང་བ་དང་། །དེ་ལ་སོགས་པར་ཐལ་བར་འགྱུར། །ཞེས་གསུངས་སོ། །དེའི་ཕྱིར་ཕུང་པོ་རྣམས་བདག་ཡིན་ཞེས་བྱ་བར་མི་རིགས་སོ། །གལ་ཏེ་སྐད་ཅིག་སྔ་ཕྱི་དག་གཞན་ཡིན་མོད་ཀྱི། དེ་ལྟར་ནའང་རྒྱུད་གཅིག་ཡིན་པའི་ཕྱིར་གཞན་གྱིས་བསགས་པ་གཞན་གྱིས་ཟ་བར་མི་འགྱུར་རོ་ཞེ་ན། རྒྱུད་གཅིག་ཡིན་པས་སྐྱོན་དེ་མེད་ཅེ་ན། རྒྱུད་གཅིག་ཉིད་ལ་ཉེས་པ་བཤད་ཟིན་ཏོ། །སྐད་ཅིག་སྔ་ཕྱི་རྒྱུད་གཅིག་ཡིན་པ་ལ། བྱམས་པ་ཉེར་སྦས་ལ་བརྟེན་ཆོས་རྣམས་ནི། །ཞེས་པ་དེར་ཉེས་པ་བཤད་ཟིན་པའི་ཕྱིར། མི་རིགས་སོ། །བསྟན་བཅོས་ལས་ཀྱང་། གལ་ཏེ་ལྷ་ལས་མི་གཞན་ན། །དེ་ལྟ་ན་ནི་མི་རྟག་འགྱུར། །གལ་ཏེ་ལྷ་མི་གཞན་ཡིན་ན། །རྒྱུད་ནི་འཐད་པར་མི་འགྱུར་རོ། །ཞེས་གང་གསུངས་པས། ཕན་ཚུན་མཚན་ཉིད་ཐ་དད་པ་རྣམས་ལ་རྒྱུད་གཅིག་ཏུ་གཏོགས་པ་མི་རིགས་པས་ཉེས་པ་ལྡོག་པ་མེད་དོ། །དེའི་ཕྱིར་ཕུང་པོ་དང་སེམས་བདག་མི་རིགས། །དེའི་ཕྱིར་ཕུང་པོ་རྣམས་བདག་མ་ཡིན་ཞིང་སེམས་ཀྱང་བདག་མ་ཡིན་ནོ་ཞེས་བཤད་པར་བྱའོ། །གཞན་ཡང་། འཇིག་རྟེན་མཐའ་ལྡན་ལ་སོགས་མེད་ཕྱིར་རོ། །འདི་ན་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་པོ་སྡེ་པ་ཐམས་ཅད་ཀྱིས་འདོད་པ་འདི་ལྟ་སྟེ། འཇིག་རྟེན་མཐའ་དང་ལྡན་མི་ལྡན་ལ་སོགས་པ་བཞི་དང་། འཇིག་རྟེན་རྟག་མི་རྟག་ལ་སོགས་པ་བཞི་དང་། དེ་བཞིན་གཤེགས་པ་གྲོངས་ཕན་ཆད་ཡོད་མེད་ལ་སོགས་པ་བཞི་དང་། ལུས་སྲོག་གཅིག་དང་ཐ་དད་ལ་བརྟེན་པ་གཉིས་དང་བཅུ་བཞི་པོ་འདི་དག་ནི་མཐའ་གཅིག་ཏུ་བརྡ་སྤྲད་པར་བྱ་བ་མ་ཡིན་པའི་ཕྱིར་ལུང་དུ་མ་བསྟན་པའི་དངོས་པོར་བཅོམ་ལྡན་འདས་ཀྱིས་རྣམ་པར་བཞག་གོ །

དེ་ལ་གལ་ཏེ་འཇིག་རྟེན་ནམ་བདག་གི་སྒྲས་ཕུང་པོ་རྣམས་འཛིན་པར་བྱེད་པ་དེའི་ཚེ་ཕུང་པོ་རྣམས་སྐྱེ་བ་དང་འཇིག་པ་ཉིད་ཀྱིས་འཇིག་རྟེན་མི་རྟག་པ་ཉིད་ཅེས་བྱ་བར་ལུང་སྟོན་པར་ཡང་འགྱུར་ལ། མྱ་ངན་ལས་འདས་པའི་འོག་རོལ་ཏུ་ཕུང་པོ་རྣམས་མེད་པས་འཇིག་རྟེན་མཐའ་དང་ལྡན་ནོ་ཞེས་བྱ་བར་ལུང་བསྟན་པར་ཡང་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་གྲོངས་ཕན་ཆད་ཡོད་པ་མ་ཡིན་ནོ། །ཞེས་བསྟན་པར་ཡང་འགྱུར་རོ། །དེའི་ཕྱིར། འཇིག་རྟེན་མཐའ་ལྡན་ལ་སོགས་པ་མེད་པར་འདོད་པའི་ཕྱིར་ཕུང་པོ་རྣམས་དང་སེམས་བདག་ཡིན་ནོ་ཞེས་བྱ་བ་རིགས་པ་མ་ཡིན་ནོ། །གཞན་ཡང་གལ་ཏེ་ཕུང་པོ་རྣམས་སམ་སེམས་བདག་ཡིན་ན། ཁྱོད་ཀྱི་རྣལ་འབྱོར་བདག་མེད་མཐོང་བ་ལ། །དེ་ཚེ་ངེས་པར་དངོས་རྣམས་མེད་པར་འགྱུར། ཁྱོད་ཀྱི་ལྟར་ན་གང་གི་ཚེ་རྣལ་འབྱོར་པས་བདེན་པ་མཐོང་བའི་དུས་སུ་ཆོས་ཐམས་ཅད་བདག་མེད་དོ་ཞེས་བྱར་བར་མཐོང་བ་དེའི་ཚེ་གཟུགས་ལ་སོགས་པའི་དངོས་པོ་རྣམས་མེད་པའི་རྟོགས་པར་འགྱུར་ཏེ། གཟུགས་སོགས་ཕུང་པོ་རྣམས་ཁོ་ན་བདག་ཡིན་པའི་ཕྱིར་དང་། བདག་མེད་པར་རྟོགས་པའི་ཕྱིར་རོ། །དེ་ལྟར་ཡང་འདོད་པ་མ་ཡིན་པས། དེའི་ཕྱིར་ཕུང་པོ་བདག་མ་ཡིན་ནོ། །ཅི་སྟེ་ལས་འབྲས་ཀྱི་འབྲེལ་བ་སྟོན་པའི་དུས་སུ་བདག་གི་སྒྲ་ཕུང་པོ་རྣམས་ཁོ་ན་ལ་འཇུག་ལ། གང་གི་ཚེ་བདག་མེད་མཐོང་བ་དེའི་ཚེ་གཞན་གྱིས་ཀུན་བརྟགས་པའི་ནང་གི་བྱེད་པ་པོའི་སྐྱེས་བུ་ཉིད་ལ་འཇུག་སྟེ། དེའི་ཕྱིར་བདག་མེད་མཐོང་བའི་དུས་སུ་ནང་གི་བྱེད་པ་པོའི་སྐྱེས་བུ་དང་བྲལ་བའི་འདུ་བྱེད་ཙམ་མཐོང་གི གཟུགས་སོགས་དངོས་པོ་མེད་པར་མཐོང་བར་མི་འགྱུར་རོ་སྙམ་ན། འདི་ལ་བརྗོད་པ། བདག་རྟག་སྤོང་ན་དེ་ཚེ་དེ་ཡི་ཕྱིར། ཁྱོད་ཀྱི་སེམས་སམ་ཕུང་པོ་བདག་མི་འགྱུར། །གང་གི་ཚེ་ཇི་སྐད་བཤད་པའི་ཉེས་པས་འཇིགས་ནས། བདག་གི་སྒྲས་བདག་རྟག་པ་ཉིད་འཛིན་ཅིང་བདག་མེད་མཐོང་བ་ན་དེ་ལྟ་བུའི་བདག་སྤོང་བར་འདོད་པ་དེའི་ཚེ་ཁྱོད་ཀྱི་སེམས་སམ་ཕུང་པོ་བདག་ཏུ་འོས་པར་མི་འགྱུར་བས་རང་གི་ཕྱོགས་ཉམས་པར་འགྱུར་རོ། །དེའི་ཕྱིར་གལ་ཏེ་ཆོས་ཐམས་ཅད་བདག་མེད་པའོ་ཞེས་བྱ་བ་འདིར་བདག་གི་སྒྲ་ཕུང་པོ་ལ་འཇུག་པར་མི་འདོད་ན་གཞན་དུའང་མི་འདོད་པར་བྱ་དགོས་སོ། །ཅི་སྟེ་གཞན་དུ་ཕུང་པོ་རྣམས་ལ་འཇུག་པར་འདོད་ན་འདིར་ཡང་འདོད་པར་བྱ་དགོས་སོ། །གཞན་ཡང་། ཁྱོད་ཀྱི་རྣལ་འབྱོར་བདག་མེད་མཐོང་བ་ཡིས། །གཟུགས་སོགས་དེ་ཉིད་རྟོགས་པར་མི་འགྱུར་ཞིང་། །གཟུགས་ལ་དམིགས་ནས་འཇུག་ཕྱིར་འདོད་ཆགས་སོགས། །སྐྱེ་འགྱུར་དེ་ཡི་ངོ་བོ་རྟོགས་མེད་ཕྱིར། །གལ་ཏེ་ཆོས་ཐམས་ཅད་བདག་མེད་པར་རྟོགས་པ་མཐོང་བ་ན་ཕུང་པོ་ལས་དོན་གཞན་པའི་ནང་གི་བྱེད་པ་པོའི་བདག་མེད་པར་མཐོང་བ་ཙམ་ཡིན་ན། ཁྱེད་ཀྱི་ལུགས་ཀྱི་རྣལ་འབྱོར་པ་བདག་མེད་མཐོང་བ་ཡིས་གཟུགས་སོགས་ཕུང་པོའི་དེ་ཁོ་ན་ཉིད་རྟོགས་པར་མི་འགྱུར་ཏེ། ཕུང་པོ་ལས་གཞན་པའི་བདག་མེད་པ་རྟོགས་པ་ཙམ་ཡིན་པའི་ཕྱིར། དེའི་ཕྱིར་བདག་མེད་མཐོང་བའི་རྣལ་འབྱོར་པ་ལ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྐྱེ་བར་འགྱུར་ཏེ། དེ་དག་སྤོང་བའི་རྒྱུ་གཟུགས་སོགས་ཀྱི་རང་གི་ངོ་བོ་ཕྱིན་ཅི་མ་ལོག་པར་རྟོགས་པ་མེད་པའི་ཕྱིར་དང་། ཆགས་སོགས་ནི་གཟུགས་སོགས་ཡུལ་དེ་ལ་དམིགས་ནས་འཇུག་པའི་ཕྱིར་རོ། །

གཉིས་པ་སྒྲུབ་བྱེད་དགག་པ་ནི། ཇི་ལྟར་ཁོ་བོ་ཅག་ལུང་ཚད་མར་བྱེད་པ་ལ་རྟོག་གེའི་ཚད་མས་གནོད་པ་མ་ཡིན་ལ། ལུང་ལས་ཀྱང་ཕུང་པོ་རྣམས་ཁོ་ན་བདག་ཏུ་སྟོན་པར་བྱེད་དེ། འདི་ལྟར། གང་ཕྱིར་སྟོན་པས་ཕུང་པོ་བདག་གོ་ཞེས། །གསུངས་པ་དེ་ཕྱིར་ཕུང་པོ་བདག་འདོད་ན། །གང་གི་ཕྱིར་སྟོན་པས་དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་ཅིག་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་དང་བདག་ནི་ཉེ་བར་ལེན་པའི་ཕུང་པོ་འདི་དག་ཁོ་ན་ལ་ཡང་དག་པར་རྗེས་སུ་ལྟའོ་ཞེས་ཕུང་པོ་རྣམས་ཁོ་ན་བདག་གོ་ཞེས་གསུངས་པས་དེའི་ཕྱིར་ཕུང་པོ་བདག་ཏུ་འདོད་དོ་ཞེ་ན། དེ་ནི་ཕུང་ལས་གཞན་དག་འགོག་པ་སྟེ། །གཟུགས་བདག་མིན་སོགས་མདོ་གཞན་གསུངས་ཕྱིར་རོ། །མདོ་འདིས་ནི་ཕུང་པོ་བདག་ཏུ་གསལ་བར་བྱེད་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། དེ་ནི་ཕུང་པོ་ལས་ཐ་དད་པའི་གཞན་གྱིས་ཀུན་བརྟགས་པའི་བདག་དགག་པའི་ཕྱིར་དང་། ཀུབ་རྫོབ་ཀྱི་བདེན་པ་ཕྱིན་ཅི་མ་ལོག་པ་གསལ་བར་བྱ་བའི་ཕྱིར་རོ། །ཡང་འདི་ཕུང་པོ་ལས་གཞན་པའི་བདག་འགོགས་པར་གང་ལས་ཤེས་ཞེ་ན། མདོ་གཞན་ལས་གཟུགས་ལ་སོགས་པ་རྣམས་ཀྱང་བདག་ཡིན་པ་བཀག་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། གང་ཕྱིར་གཟུགས་ཚོར་བདག་མིན་འདུ་ཤེས་ཀྱང་། །མ་ཡིན་འདུ་བྱེད་རྣམས་མིན་རྣམ་ཤེས་ཀྱང་། །མིན་པར་མདོ་གཞན་ལས་གསུངས་དེ་ཡི་ཕྱིར། །མདོར་བསྟན་ཕུང་པོ་བདག་ཅེས་བཞེད་མ་ཡིན། །གང་གི་ཕྱིར་གཟུགས་བདག་མིན་ཞེས་པ་ནས་རྣམ་པར་ཤེས་པའང་བདག་མིན་ཞེས་པའི་བར་དུ་མདོ་གཞན་ལས་གསུངས་པ་དེའི་ཕྱིར་མདོ་ལས་བསྟན་པའི་དོན་ཕུང་པོ་བདག་ཅེས་བཞེད་པ་མ་ཡིན་ནོ། །གལ་ཏེ་སྔར་གྱི་མདོ་ལས་ཕུང་པོ་རྣམས་བདག་ཡིན་པར་བསྟན་ན། མདོ་གཞན་ལས་གཟུགས་སོགས་བདག་ཡིན་པ་འགོག་པར་མི་རིགས་ཏེ། མདོ་སྔ་མ་དང་འགལ་བའི་ཕྱིར་རོ། །དེ་བས་ན་མདོ་སྔ་མས་ནི་གཞན་གྱིས་ཀུན་བརྟགས་པའི་ཕུང་པོ་ལས་ཐ་དད་པའི་བདག་བཀག་པ་ཁོ་ན་ཡིན་ལ། གང་ལས་གཟུགས་ལ་སོགས་པ་བདག་ཡིན་པ་བཀག་པ་དེ་ལས་ནི། རྟེན་ནས་བཏགས་པའི་བདག་འཇིག་ཚོགས་ལ་ལྟ་བའི་ཡུལ་ཕུང་པོའི་ཉེར་ལེན་ཅན་བཀག་པ་ཡིན་ཏེ། དེ་ཁོ་ན་ཉིད་སེམས་པ་སྐབས་སུ་བབ་པའི་ཕྱིར་རོ། །གཞན་ཡང་དགེ་སློང་དག་ཅེས་པའི་མདོ་སྔ་མ་དེ་སྒྲུབ་པའི་ཚུལ་དུ་ངེས་ཀྱང་། ཕུང་པོ་རྣམས་བདག་ཡིན་པར་སྟོན་པར་ནུས་པ་མ་ཡིན་ཏེ། འདི་ལྟར། ཕུང་པོ་བདག་ཅེས་བརྗོད་ཚེ་ཕུང་རྣམས་ཀྱི། །ཚོགས་པ་ཡིན་གྱི་ཕུང་པོའི་ངོ་བོ་མིན། །དཔེར་ན་ཤིང་རྣམས་ནི། ནགས་ཚལ་ལོ་ཞེས་བརྗོད་པ་ན། ཤིང་གི་ཚོགས་པ་ནགས་ཚལ་ཡིན་གྱི། ཤིང་རེ་རེ་ནགས་ཚལ་དུ་མི་འགྱུར་བ་དེ་བཞིན་དུ། ཕུང་པོ་རྣམས་བདག་གོ་ཞེས་བརྗོད་པའི་ཚེའང་ཕུང་པོའི་ཚོགས་པ་ཉིད་བདག་ཏུ་བརྗོད་པ་ཡིན་གྱི། ཕུང་པོ་རྣམས་ཀྱི་ངོ་བོ་མ་ཡིན་ལ། ཚོགས་པ་བདག་ཏུ་བརྗོད་ནའང་བདག་ཏུ་རིགས་པ་མ་ཡིན་ཏེ། འདི་ལྟར། མགོན་མིན་འདུལ་མིན་དཔང་པོ་ཉིད་ཀྱང་མིན། །དེ་མེད་ཕྱིར་དེ་ཚོགས་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས། ཇི་སྐད་དུ། བདག་ཉིད་བདག་གི་མགོན་ཡིན་ཏེ། །བདག་ཉིད་བདག་གི་དགྲ་ཡང་ཡིན། །ལེགས་དང་ཉེས་པ་བྱེད་པ་ན། །བདག་ཉིད་བདག་གི་དཔང་པོ་ཡིན། །ཞེས་བདག་ནི་མགོན་ཉིད་དང་དཔང་པོ་ཉིད་དུ་གསུངས་ལ། བདག་ཉིད་ལེགས་པར་དུལ་བས་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་པས་འདུལ་བར་ཡང་གསུངས་ན། ཚོགས་པ་ཙམ་ནི་རྫས་སུ་མེད་པའི་ཕྱིར། མགོན་ཉིད་དང་། འདུལ་བའམ་དཔང་པོ་ཉིད་ཀྱང་མ་ཡིན་པས། དེའི་ཕྱིར་ཚོགས་པ་བདག་མ་ཡིན་ནོ། །གཞན་ཡང་། དེ་ཚེ་དེ་ཡི་ཡན་ལག་ཚོགས་གནས་རྣམས། །ཤིང་རྟ་ཉིད་འགྱུར་ཤིང་རྟ་དང་བདག་མཚུངས། །ཇི་སྐད་དུ་མདོ་ལས། བདག་ཅེས་བྱ་བ་བདུད་ཀྱི་སེམས། ཁྱོད་ནི་ལྟ་བར་གྱུར་པ་ཡིན། །འདུ་བྱེད་ཕུང་པོ་འདི་སྟོང་སྟེ། །འདི་ལ་སེམས་ཅན་ཡོད་མ་ཡིན། །ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་གསུངས་པས། ཤིང་རྟ་དང་བདག་མཚུངས་ལ། དེའི་ཕྱིར་གང་གི་ཚེ་ཕུང་པོ་ཚོགས་ཙམ་བདག་ཡིན་པ་དེའི་ཚེ་གཟེར་བུ་ལ་སོགས་པ་ཤིང་རྟ་དེའི་ཡན་ལག་ཚོགས་པར་གནས་རྣམས་ཤིང་རྟ་ཉིད་དུ་འགྱུར་ན། དེའང་མི་རིགས་ཏེ། ཡན་ལག་ཚོགས་པ་ཤིང་རྟ་ཉིད་དུ་འགོག་པའི་ཕྱིར་རོ། །དེ་ལྟར་ན། མདོ་ལས་ཕུང་པོ་བརྟེན་ནས་ཡིན་གསུངས་པ། །དེ་ཕྱིར་ཕུང་པོ་འདུས་ཙམ་བདག་མ་ཡིན། །མདོ་ལས་ཕུང་པོ་རྣམས་ལ་བརྟེན་ནས་བདག་ཏུ་ཉེ་བར་བཏགས་པར་གསུངས་པ་དེའི་ཕྱིར་ཕུང་པོ་འདུས་ཙམ་ནི་བདག་མ་ཡིན་ཏེ། འདི་ལྟར། གང་ཞིག་ལ་བརྟེན་ནས་གང་བཏགས་པ་དེ་ནི་ཉེ་བར་ལེན་པའི་ཡན་ལག་ཚོགས་པ་ཙམ་མ་ཡིན་ཏེ། བརྟེན་ནས་བཏགས་པའི་ཕྱིར། དཔེར་ན། ས་ལ་སོགས་པའི་འབྱུང་བ་དག་ལ་བརྟེན་ནས་སྔོན་པོ་ལ་སོགས་པ་དང་། མིག་ལ་སོགས་པའི་འབྱུང་འགྱུར་རྣམས་བཏགས་མོད་ཀྱི་དེ་དག་འབྱུང་བ་འདུས་ཙམ་མ་ཡིན་པ་བཞིན་ནོ། །ཅི་སྟེ་འཕང་ལོ་ལ་སོགས་པ་ཚོགས་པ་ཙམ་ཤིང་རྟ་མ་ཡིན་གྱི། འོན་ཀྱང་འཕང་ལོ་ལ་སོགས་པ་རྣམས་དབྱིབས་ཁྱད་པར་ཅན་དང་ལྡན་པར་གྱུར་པ་དེའི་ཚེ་ཤིང་རྟའི་མིང་རྙེད་པར་འགྱུར་རོ། །

དེ་བཞིན་དུ་གཟུགས་ལ་སོགས་པ་རྣམས་ཀྱི་བཀོད་པའི་དབྱིབས་ཙམ་བདག་ཡིན་གྱི་ཚོགས་པ་ཙམ་མ་ཡིན་ནོ་ཞེ་ན། དེའང་མ་ཡིན་ཏེ། འདི་ལྟར། དབྱིབས་ཤེ་ན་དེ་གཟུགས་ཅན་ལ་ཡོད་ཕྱིར། །དེ་དག་ཉིད་ལ་བདག་ཅེས་ཁྱོད་འདོད་ཀྱི། །སེམས་ལ་སོགས་པ་འདུས་པའི་ངོ་བོ་ནི། །བདག་མིན་འགྱུར་ཏེ་དེ་ལ་དབྱིབས་མེད་ཕྱིར། །དབྱིབས་ཀྱི་ཁྱད་པར་བདག་ཡིན་ན་དབྱིབས་དེ་ནི་གཟུགས་ཅན་རྣམས་ལ་ཡོད་པའི་ཕྱིར། གཟུགས་ཅན་དེ་དག་ཉིད་ལ་བདག་ཅེས་ཁྱོད་འདོད་པར་འགྱུར་གྱི་སེམས་ལ་སོགས་པ་མིང་བཞིའི་ཕུང་པོ་འདུས་པའི་ངོ་བོ་ནི་བདག་མིན་པར་འགྱུར་ཏེ། དེ་དག་ལ་དབྱིབས་མེད་པའི་ཕྱིར་ཏེ། གཟུགས་ཅན་མ་ཡིན་པའི་ཕྱིར་རོ། །གཞན་ཡང་། ཉེ་བར་ལེན་པོ་བླང་བྱ་དངོས་གཅིག་ཏུ། །མི་རིགས་ལས་དང་བྱེད་པོ་གཅིག་འགྱུར་ཕྱིར། །ཉེ་བར་ལེན་པོ་བདག་དང་ཉེ་བར་བླང་བྱའི་དངོས་པོ་རྣམས་གཅིག་ཏུ་མི་རིགས་ཏེ། དེ་ལྟར་ན་ལས་དང་བྱེད་པ་པོ་གཅིག་ཏུ་འགྱུར་ན། དེའང་འདོད་པ་མ་ཡིན་ཏེ། འབྱུང་བ་དག་རྒྱུར་བྱས་པའི་གཟུགས་དག་དང་། བུམ་པ་དང་། རྫ་མཁན་དག་ཀྱང་གཅིག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་སྐད་དུ་བསྟན་བཅོས་ལས། གལ་ཏེ་ཤིང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་བྱ་བ་དང་། མེ་དང་ཤིང་གི་བདག་དང་ནི། །ཉི་བར་བླངས་པའི་རིམ་པ་ཀུན། །བུམ་སྣམ་སོགས་དང་ལྷན་ཅིག་ཏུ། །མ་ལུས་པར་ནི་རྣམ་པར་བཤད། །ཅེས་གསུངས་པ་ལྟར་རོ། །ཅི་སྟེ་བྱེད་པོ་མེད་ལས་ཡོད་སྙམ་བློ་ཡིན་ན། གང་ཞིག་བྱེད་པ་པོར་འགྱུར་པའི་ཉེ་བར་ལེན་པ་པོ་ནི་འགའ་ཡང་མེད་ཀྱི། ལས་སུ་གྱུར་པ་གཟུགས་སོགས་ཉེ་བར་ལེན་པ་འདུས་པ་ཙམ་ཡོད་དོ་སྙམ་ན། མ་ཡིན་གང་ཕྱིར་བྱེད་པོ་མེད་ལས་མེད། །དེ་ནི་མ་ཡིན་ཏེ། བྱེད་པ་པོ་མེད་ན་རྒྱུ་མེད་པའི་ཕྱིར་ལས་ཀྱང་མེད་པར་འགྱུར་རོ། །དེ་བས་ན་གང་དུ། བྱེད་པ་པོ་ནི་མ་དམིགས་ཀྱི་ལས་ཀྱང་ཡོད་ལ་རྣམ་པར་སྨིན་པའང་ཡོད་དོ་ཞེས་གསུངས་པ་དེར་ནི། བྱེད་པ་པོ་བདེན་པ་བཀག་པར་ཤེས་པར་བྱའོ། །བརྟེན་ནས་བཏགས་པ་ཐ་སྙད་ཡན་ལག་ཏུ་གྱུར་པའི་བྱེད་པ་པོ་ནི་བཀག་པ་མ་ཡིན་ཏེ། ཇི་སྐད་དུ་མི་རིག་པ་དང་རྗེས་སུ་འབྲེལ་བའི་གང་ཟག་འདི་ནི་བསོད་ནམས་མངོན་པར་འདུ་བྱ་བའང་མངོན་པར་འདུ་བྱེད་དོ་ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །

གསུམ་པ་བརྟེན་ནས་བཏགས་པར་བསྟན་པ་ནི། གང་ཕྱིར་ཐུབ་པས་བདག་དེ་ས་ཆུ་མེ། །རླུང་དང་རྣམ་ཤེས་ནམ་མཁའ་ཞེས་བྱ་བ། ཁམས་དྲུག་དང་ནི་མིག་སོགས་རེག་པ་ཡི། །རྟེན་དྲུག་དག་ལ་བརྟེན་ནས་ཉེར་བསྟན་ཅིང་། །སེམས་དང་སེམས་བྱུང་ཆོས་རྣམས་ཉེར་འཟུང་ནས། །ངེས་གསུངས་དེ་ཕྱིར་དེ་ནི་དེ་རྣམས་དང་། །དེ་ཉིད་མ་ཡིན་ཚོགས་ཙམ་ཉིད་མིན་ཏེ། །དེ་ཕྱིར་དེ་དག་རྣམས་ལ་ངར་མི་རིགས། །གང་གི་ཕྱིར་ཐུབ་པས་མདོ་སྡེ་ལས། རྒྱལ་པོ་ཆེན་པོ་སྐྱེས་བུ་གང་ཟག་དེ་ནི། ཁམས་དྲུག་དང་། རེག་པའི་སྐྱེ་མཆེད་དྲུག་དང་། ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་དོ། །ཞེས་བདག་དེ་ས་དང་ཆུ་ལ་སོགས་པ་ཁམས་དྲུག་དང་། མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་རེག་པའི་རྟེན་དྲུག་དག་ལ་བརྟེན་ནས་ཉེ་བར་བསྟན་ཅིང་། གཟུགས་སོགས་ཡུལ་དྲུག་ལ་ཡིད་བདེ་བའི་ཉེ་བར་རྒྱུ་བ་དྲུག་དང་། ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་དྲུག་དང་། བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲུག་སྟེ། ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་ལ་བརྟེན་པ་དང་། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཉེ་བར་བཟུང་ནས་བདག་ཏུ་བཏགས་སོ། །གང་གི་ཕྱིར་ཁམས་སོགས་དེ་རྣམས་ཀྱི་སྒོ་ནས་བདག་ཏུ་བཏགས་སོ་ཞེས་ངེས་པར་གསུངས་པ་དེའི་ཕྱིར་བདག་དེ་ནི་ཆོས་དེ་རྣམས་དང་དེ་ཉིད་མ་ཡིན་ལ། དེ་རྣམས་ཚོགས་ཙམ་ཡང་མ་ཡིན་ནོ། །གང་གི་ཕྱིར་ཇི་སྐད་བཤད་པའི་ཆོས་དེ་རྣམས་བདག་ཏུ་མི་རུང་བ་དེའི་ཕྱིར། ཆོས་དེ་དག་རྣམས་ལ་ངར་འཛིན་པ་མི་རིགས་སོ། །དེ་ལྟར་ན་ཕུང་པོ་རྣམས་ངར་འཛིན་གྱི་ཡུལ་མ་ཡིན་ལ། ཕུང་པོ་ལས་ཐ་དད་པའང་ཡོད་པ་མ་ཡིན་པ་དེའི་ཕྱིར་ངར་འཛིན་གྱི་ཡུལ་མེད་པས་རྣལ་འབྱོར་པས་བདག་མི་དམིགས་ཤིང་བདག་གི་བ་ཡང་སྙིང་པོ་དང་ལྡན་པ་མ་ཡིན་པར་ཡོངས་སུ་ཤེས་ཏེ། འདུས་བྱས་མཐའ་དག་བསལ་ཏེ། ངེས་པར་ལེན་པ་མེད་པར་མྱ་ངན་ལས་འདའ་བར་འགྱུར་ཏེ། དེའི་ཕྱིར་ཕུང་པོ་ལས་དེ་ཉིད་དང་གཞན་པའི་བདག་མེད་པར་རྣམ་པར་དཔྱད་པ་འདི་ཆེས་མཛེས་སོ། །བཞི་པ་བདག་ལྟ་མི་སྤོང་པར་ཐལ་བ་ནི། བདག་མེད་རྟོག་ཚེ་རྟག་པའི་བདག་སྤོངས་ཤིང་། །འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པ། །དེའི་ཕྱིར་བདག་མེད་ཤེས་པས་བདག་ལྟ་བ། །དཔྱིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར། །གང་གི་ཚེ་རྣལ་འབྱོར་པས་བདག་མེད་པར་རྟོགས་པ་དེའི་ཚེ་ཕུང་པོ་ལས་དོན་གཞན་པའི་རྟག་པའི་བདག་མེད་པའི་རྟོགས་པའི་སྒོ་ནས་སྤོང་ཞིང་། དེ་ལྟ་བུའི་བདག་འདི་ནི་འཇིག་རྟེན་པ་རྣམས་ཀྱི་ངར་འཛིན་རྟེན་ནམ་ཡུལ་དུ་མི་འདོད་ཀྱི། ཕུང་པོ་ངར་འཛིན་གྱི་ཡུལ་དུ་འདོད་པ་དེའི་ཕྱིར། ཕུང་པོ་ལས་དོན་གཞན་པའི་རྟག་པའི་བདག་མེད་པར་མཐོང་བས་ཕུང་པོ་ཡུལ་ཅན་གྱི་བདག་ཏུ་ལྟ་བའི་ས་བོན་ཀྱང་དཔྱིས་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར་ཏེ་ཕན་ཚུན་འབྲེལ་བ་མེད་པའི་ཕྱིར་རོ། །དེ་ཉིད་དཔེའི་སྒོ་ནས་གསལ་བར་བྱ་བའི་ཕྱིར་བཤད་པ། རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ། །འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ། །སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི། །ཀྱེ་མ་གཞན་གྱི་གནམ་པོར་འགྱུར་ཉིད་དོ། །དཔེར་ན་འགའ་ཞིག་གིས་རང་གི་ཁྱིམ་ཀྱི་རྩིག་ཕུག་ན་སྦྲུལ་འཁྱིལ་བ་མཐོང་བཞིན་དུ། འདི་ན་གླང་པོ་ཆེ་མེད་ཅེས་སྦྲུལ་གྱི་དོགས་པ་བསལ་ནས་སྦྲུལ་གྱི་འཇིགས་པ་སྤོང་བར་བྱེད་པ་ནི་ཤེས་ལྡན་གཞན་གྱིས་གནམ་པོར་ཏེ་གཞད་གད་ཀྱི་གནས་སུ་འགྱུར་བ་ཉིད་དེ། གང་གི་ཕྱིར་གླང་པོ་ཆེ་མེད་པས་ནི་དེའི་སྦྲུལ་གྱི་འཇིགས་པ་སེལ་བར་མི་ནུས་སོ། །དེ་བཞིན་དུ་ཕུང་པོ་དག་དང་རྣམ་པར་ཤེས་པར་བདག་ཏུ་སྨྲ་བ་འདེའི་ལྟར་ནའང་རྟག་པའི་བདག་མེད་པས་ཕུང་པོའི་ཡུལ་ཅན་གྱི་ངར་འཛིན་པ་བསལ་བར་མི་ནུས་ཏེ། དེའི་ཕྱིར་འདིའི་འཁོར་བ་ཉམས་པར་མི་འགྱུར་རོ། །

བཀག་པའི་མཇུག་བསྡུ་བ།

གཉིས་པ་བཀག་པའི་མཇུག་བསྡུ་བ་ལ་གསུམ་ལས། དང་པོ་རྟེན་དང་བརྟེན་པར་དགག་པ་ནི། ཕུང་པོར་བདག་ཡོད་མ་ཡིན་བདག་ལ་ཡང་། །ཕུང་པོ་དེ་རྣམས་ཡོད་མིན་གང་གི་ཕྱིར། །གཞན་ཉིད་ཡོད་ན་རྟོག་པ་འདིར་འགྱུར་ན། །གཞན་ཉིད་དེ་མེད་དེ་ཕྱིར་འདིར་རྟོག་པའོ། །ཕུང་པོ་རྣམས་ལ་བདག་བརྟེན་པའི་ཚུལ་གྱིས་ཡོད་པའང་མ་ཡིན་ལ། བདག་ལའང་ཕུང་པོ་དེ་རྣམས་བརྟེན་པའི་ཚུལ་གྱིས་ཡོད་པ་མིན་ཏེ། གང་གི་ཚེ་འཁར་གཞོང་དང་ཞོ་ལྟར་གཞན་ཉིད་ཡོད་ན་རྟེན་དང་བརྟེན་པའི་རྟོག་པ་འདིར་འགྱུར་ན། ཕུང་པོ་དང་བདག་ནི་གཞན་མེད་པ་དེའི་ཕྱིར་དེ་དག་ལ་རྟེན་དང་བརྟེན་པར་རྟོག་པས་བརྟགས་པ་ཁོ་ན་ཡིན་ནོ། །གཉིས་པ་ཡོན་ཏན་དང་ཡོན་ཏན་ཅན་དུ་ལྡན་པ་དགག་པ་ནི། བདག་ནི་གཟུགས་དང་ལྡན་མིན་མེད་པའི་ཕྱིར། །ལྡན་དོན་སྦྱོར་བ་མེད་དེ་པ་ཅན་དང་། །གཟུགས་ཅན་ཐ་དད་ཐ་དད་མིན་བརྗོད་ལ། །བདག་གི་གཟུགས་ལས་དེ་ཉིད་གཞན་མེད་ཕྱིར། །བདག་ནི་གཟུགས་སོགས་ཕུང་པོ་རྣམས་དང་ལྡན་པ་མ་ཡིན་ཏེ། འདི་ལྟར། ལྡན་པའི་སྒྲ་དེའང་ལྷས་བྱིན་བ་ལང་ཅན་ཞེས་པ་དེར་ནི་ཐ་དད་ལ་ལྡན་པའི་སྒྲ་བརྗོད་པར་དམིགས་ལ། ལྷས་བྱིན་གཟུགས་ཅན་ཞེས་པ་དེར་ནི་ཐ་དད་མིན་པ་ལ་ལྡན་པའི་སྒྲས་བརྗོད་པར་དམིགས་ན། བདག་ནི་གཟུགས་སོགས་ལས་དེ་ཉིད་དང་གཞན་ཉིད་མེད་པར་སྔར་བཤད་ཟིན་པའི་ཕྱིར་ལྡན་པའི་སྒྲ་སྦྱོར་བའི་དོན་མེད་དོ། །

གསུམ་པ་འཇིག་ལྟའི་རྣམ་གྲངས་བསྟན་པ་ནི། གཟུགས་བདག་མ་ཡིན་བདག་ནི་གཟུགས་ལྡན་མིན། །གཟུགས་ལ་བདག་མེད་བདག་ལ་གཟུགས་ཡོད་མིན། །དེ་ལྟར་རྣམ་བཞིིར་ཕུང་པོ་ཀུན་ཤེས་བྱ། །དེ་དག་བདག་ཏུ་ལྟ་བ་ཉི་ཤུར་འདོད། །གཟུགས་ནི་བདག་མ་ཡིན་ཏེ། བདག་དང་མཚན་ཉིད་མི་མཐུན་པའི་ཕྱིར། སྐྱེས་བུ་ལ་དོ་ཤལ་བཞིན་དུ་བདག་གཟུགས་དང་ལྡན་པའང་མ་ཡིན་ཏེ། དེ་དག་གཞན་དུ་མེད་པའི་ཕྱིར་རོ། །རིའི་སུལ་ན་སེང་གེ་ལྟར་གཟུགས་ལ་བདག་རྗེས་སུ་ཞུགས་ཏེ་གནས་པའང་མེད་ལ། ལྷས་བྱིན་གྱི་ནོར་ལྟར་བདག་ལ་གཟུགས་དབང་བསྒྱུར་བྱར་ཡང་ཡོད་པ་མིན་ནོ། །ཚུལ་དེ་ལྟར་རྣམ་པ་བཞིའི་སྒོ་ནས་མིང་བཞིའི་ཕུང་པོ་ཀུན་ལའང་བདག་མེད་པར་ཤེས་པར་བྱ་སྟེ། དེ་ལྟར་ན་ཕུང་པོ་ལྔ་བདག་དང་བྲལ་བ་ལ་ཇི་སྐད་བཤད་པ་ལས་བཟློག་པ་རྣམ་པ་བཞི་བཞིའི་སྒོ་ནས་བདག་ཉིད་དུ་བཟུང་བ་ནི། བདག་ཏུ་ལྟ་བའམ་འཇིག་ཚོགས་ལ་ལྟ་བ་ནི་མཐའ་ཉི་ཤུར་འདོད་དོ། །གལ་ཏེ་བསྟན་བཅོས་ལས། ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་ཕུང་མེད་དེར་དེ་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །ཅེས་རྣམ་པར་དཔྱད་པ་ལྔ་ལྔ་གསུངས་པ་མ་ཡིན་ནམ། དེའི་ཕྱིར་འདི་ཆ་ཉི་ཤུ་ལྔར་འགྱུར་ན་ཇི་ལྟར་ཆ་ཉི་ཤུར་འགྱུར་ཞེ་ན། འཇིག་ཚོགས་ལ་ལྟ་བའི་ཆ་དེ་དག་ནི་མདོ་སྡེ་ལས་རྣམ་པར་བཞག་ལ། འཇིག་ལྟས་ཀྱང་ཕུང་པོ་རྣམས་མ་བཟུང་བར་བདག་ཏུ་མངོན་པར་ཞེན་པར་མི་ནུས་པས་གཟུགས་བདག་ཡིན་པ་ལ་སོགས་པ་རྣམ་པ་བཞི་བཞིའི་སྒོ་ནས་ཕུང་པོ་རྣམས་ལ་དམིགས་ཤིང་འཇུག་གོ། འདི་ལྟར་ཕུང་པོ་མ་གཏོགས་པར་ནི་འགའ་ལའང་བདག་ཏུ་མངོན་པར་ཞེན་པ་མེད་པས་འཇིག་ཚོགས་ལ་ལྟ་བ་ལྔ་པ་མི་སྲིད་དོ། །དེའི་ཕྱིར་འཇིག་ཚོགས་ལ་ལྟ་བ་ནི་ཆ་ཉི་ཤུ་ཁོ་ན་ཡིན་ནོ། །བསྟན་བཅོས་ལས། ལྔ་པ་གཞན་ཉིད་ཀྱི་ཕྱོགས་གསུངས་པ་ནི་མུ་སྟེགས་པའི་ལུགས་དགག་པའི་ཕྱིར་རོ་ཞེས་ཤེས་པར་བྱའོ། །འཇིག་ཚོགས་ལ་ལྟ་བའི་ཆ་ཉི་ཤུར་ངེས་པ་དེ་ཉིད་ཀྱི་ཕྱིར ། བདག་མེད་རྟོགས་པའི་ཡེ་ཤེས་རྡོ་རྗེ་ཡིས། །བཅོམ་པའི་བདག་དང་ལྷན་ཅིག་འཇིག་འགྱུར་བ། །འཇིག་ཚོགས་ལྟ་རི་བརྟན་པ་ལ་གནས་པའི། །རྩེ་མོ་མཐོ་བར་གྱུར་པ་འདི་དག་གོ །མདོ་ལས། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱིས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ་ཞེས་བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་པའི་བདག་དང་ལྷན་ཅིག་ཏུ་འཇིག་པར་གསུངས་པའི་འཇིག་ཚོགས་ལ་ལྟ་བའི་རི་བོ་འཕགས་པའི་ཡེ་ཤེས་ཀྱི་རྡོ་རྗེ་མ་བབ་པས་ཉིན་རེ་ཞིང་ཉོན་མོངས་པའི་བྲག་རྡོ་འཕེལ་བ། འཁོར་བ་ཐོག་མ་མེད་པ་ནས་བྱུང་བས་དཔང་ཁམས་གསུམ་དུ་མཐོ་བ། ཕྱོགས་ཀྱིས་ངོས་མ་ལུས་པ་ཁྱབ་པས་བརྟན་པ། མ་རིག་པའི་གསེར་གྱི་ས་གཞི་ལས་འཐོན་པ་རྩེ་མོ་ཆེས་མཐོ་བར་གྱུར་པ་ནི་གོང་དུ་བཤད་པ་ཉི་ཤུ་པོ་འདི་དག་ཡིན་ནོ། །

གསུམ་པ་བརྗོད་དུ་མེད་པའི་བདག་དགག་པ་ལ། དང་པོ་ཕྱོགས་སྔ་མ་བརྗོད་པ་ནི། ཁ་ཅིག་གང་ཟག་རྫས་ཡོད་དེ་ཉིད་གཞན། །རྟག་དང་མི་རྟག་བརྗོད་དུ་མེད་འདོད་དེ། །རྣམ་ཤེས་དྲུག་གི་ཤེས་བྱར་དེ་འདོད་ཅིང་། །དེ་ནི་བདག་ཏུ་འཛིན་པའི་གཞིར་ཡང་འདོད། །འཕགས་པ་མང་པོས་བཀུར་བ་ཁ་ཅིག་ནི། གང་ཟག་ནི་ཕུང་པོ་ལས་གཞན་དུ་མི་འཐད་དེ། ཕུང་པོ་ལས་མ་གཏོགས་པའི་གང་ཟག་འཛིན་པ་མ་གྲུབ་པའི་ཕྱིར་རོ། །ཕུང་པོའི་རང་བཞིན་ཡང་མ་ཡིན་ཏེ། སྐྱེ་བ་འཇིག་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་ཕུང་པོ་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་དོ ། །ཇི་ལྟར་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ལྟར། རྟག་པ་དང་ཆད་པའི་མཐར་ལྷུང་བར་འགྱུར་བའི་ཕྱིར་རྟག་པའང་མི་རྟག་པ་ཉིད་དུའང་བརྗོད་དུ་མེད་དོ། །གང་ཟག་ནི་རྫས་སུ་ཡོད་པ་ཉིད་དུ་རིགས་ཏེ། བྱེད་པ་པོ་དང་། ཟ་བ་པོ་ཉིད་དུ་བརྗོད་པའི་ཕྱིར་དང་། འཁོར་བ་དང་མྱ་ངན་ལས་འདས་པ་དང་། བཅིངས་པ་དང་། ཐར་པ་དང་འབྲེལ་བ་ཅན་ཡིན་པའི་ཕྱིར་རོ། །གང་ཟག་དེ་ནི་རང་གི་ངོ་བོས་ཤེས་བྱ་མ་ཡིན་གྱི་གཟུགས་སོགས་སྐྱེ་མཆེད་དྲུག་བློའི་ཡུལ་དུ་བྱས་པའི་སྒོ་ནས་དེ་ཤེས་པར་བྱེད་པས། རྣམ་པར་ཤེས་པ་དྲུག་གི་ཤེས་བྱའང་ཡིན་ལ། བདག་ཏུ་འཛིན་པའི་གཞིའམ་ཡུལ་དུའང་འདོད་དོ། །དེ་དགག་པ་ལ་དངོས་དང་། མཇུག་བསྡུ་བ་གཉིས་ལས། དང་པོ་ལའང་རྫས་སུ་གྲུབ་ན་བརྗོད་མེད་མ་ཡིན། བརྗོད་མེད་ཡིན་ན་བཏགས་ཡོད་དུ་བསྟན། དངོས་པོའི་ཆོས་མེད་པས་བདག་མ་གྲུབ་པར་བསྟན་པ་དང་གསུམ་ལས། དང་པོ་ནི། གང་ཕྱིར་དངོས་ཡོད་བརྗོད་མེད་མ་ཡིན་པས། །གཟུགས་ལ་སེམས་བརྗོད་མེད་པ་མ་ཡིན་པ། །དེ་བཞིན་བདག་འགའ་དངོས་པོར་གྲུབ་གྱུར་ན། །སེམས་ལྟར་བརྗོད་དུ་མེད་པ་ཉིད་མི་འགྱུར། །གང་གི་ཕྱིར་དངོས་པོར་ཡོད་པ་ནི་རྣམ་པ་གཞན་མི་འཐད་པའི་ཕྱིར་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་མ་ཡིན་ཏེ། གཟུགས་ལས་སེམས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་མ་ཡིན་པ་བཞིན་ནོ། །དེའི་ཕྱིར་བདག་དངོས་པོར་གྲུབ་ན་སེམས་ལྟར་དུ་གཟུགས་སོགས་ལས་དེ་ཉིད་གཞན་དུ་བརྗོད་དུ་མེད་པར་མི་འགྱུར་རོ། །གཉིས་པ། ཇི་ལྟར་བུམ་པའི་དངོས་པོ་གཟུགས་སོགས་ལས། །བརྗོད་དུ་མེད་པས་རང་བཞིན་མེད་འགྱུར་བཞིན། །བདག་ཀྱང་ཕུང་པོ་ལས་བརྗོད་མེད་འགྱུར་དེ། །ངོ་བོ་ཉིད་ཀྱིས་ཡོད་པར་རྟོག་མི་བྱ། །ཇི་ལྟར་བུམ་པ་གཟུགས་ལ་སོགས་པ་རང་གི་ཚོགས་པ་ཅན་ལས་དེ་ཉིད་དང་བཞན་དུ་བརྗོད་དུ་མེད་པས་རང་བཞིན་མེད་པ་དེ་བཞིན་དུ་བདག་ཀྱང་ཕུང་པོ་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་ན་ངོ་བོ་ཉིད་ཀྱིས་ཡོད་པར་རྟོག་པར་མི་བྱའི། བཏགས་པ་ཙམ་དུ་ཤེས་པར་བྱའོ། །གསུམ་པ། རྣམ་ཤེས་དངོས་ཡོད་རང་ལས་གཞན་མིན་དང་། །གཟུགས་སོགས་རྣམས་ལས་གཞན་དུ་གྱུར་འདོད་ཅིང་། །དངོས་ལ་རྣམ་པ་དེ་གཉིས་མཐོང་གྱུར་པས། །བདག་ནི་མེད་དེ་དངོས་ཆོས་དང་བྲལ་ཕྱིར། །ཇི་ལྟར་རྣམ་ཤེས་དངོས་པོར་ཡོད་པ་ནི་རང་ལས་གཞན་མ་ཡིན་ཞིང་། གཟུགས་སོགས་རྣམས་ལས་གཞན་དུ་གྱུར་པ་ལྟར་དངོས་པོ་རྣམས་ལ་དེ་ཉིད་དང་གཞན་གྱི་རྣམ་པ་དེ་གཉིས་མཐོང་བར་གྱུར་པས། དེའི་ཕྱིར་ཁྱོད་ཀྱི་བདག་ནི་དངོས་པོར་མེད་དེ། དངོས་པོའི་ཆོས་དང་བྲལ་བའི་ཕྱིར་མོ་གཤམ་གྱི་བུ་བཞིན་ནོ། །གཉིས་པ་བཀག་པའི་མཇུག་བསྡུ་བ་ནི། དེ་ཕྱིར་ངར་འཛིན་རྟེན་ནི་དངོས་པོ་མིན། །ཕུང་ལས་གཞན་མིན་ཕུང་པོའི་ངོ་བོ་མིན། །ཕུང་པོ་རྟེན་མིན་འདི་ནི་དེ་ལྡན་མིན། །གང་གི་ཕྱིར་དེ་ལྟར་རྣམ་པར་དཔྱད་ན་གང་ཟག་རྫས་སུ་ཡོད་པར་མི་རིགས་པ་དེའི་ཕྱིར་ངར་འཛིན་པའི་རྟེན་ནམ་ཡུལ་ནི་རྣམ་པར་གཞིགས་ན་དངོས་པོར་ཡོད་པ་མིན་ཞིང་། ཕུང་པོ་ལས་གཞན་པའང་མིན་ལ། ཕུང་པོའི་ངོ་བོའམ་མ་ཡིན་ནོ། །ཕུང་པོ་རྣམས་ལ་བརྟེན་པའང་མ་ཡིན་ལ། བདག་འདི་ནི་ཕུང་པོ་དང་ལྡན་པར་ཡང་མི་རིགས་སོ། །

གང་ཟག་རྟེན་འབྲེལ་དུ་བསྟན་པ།

དེ་ལྟར་བདག་རྫས་ཡོད་བཀག་ནས། གང་ཟག་རྟེན་འབྲེལ་དུ་བསྟན་པ་ལ། དངོས་དང་། དེ་དཔེའི་སྒོ་ནས་སྒྲུབ་པ་གཉིས་ལས། དང་པོ་ནི། གལ་ཏེ་རིགས་པའི་རྣམ་པ་དུ་མས་གང་ཟག་འགོག་པར་བྱེད་ན། ཅི་གང་ཟག་ཅེས་བྱ་བ་རྣམ་པ་ཐམས་ཅད་དུ་མེད་པ་ཞིག་གམ་ཞེ་ན། འདིར་ནི་ཕུང་པོ་བརྟེན་ནས་འགྲུབ་པར་འགྱུར། །ཇི་ལྟར་འདི་ལ་བརྟེན་ནས་འདི་འབྱུང་ཞེས་བྱ་བ་འདི་ཙམ་ཞིག་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་པ་མ་ཆད་པར་བྱ་བའི་ཕྱིར་ཁས་ལེན་གྱི་རྒྱུ་མེད་ལ་སོགས་པ་དག་ལས་སྐྱེ་བ་མ་ཡིན་པ་དེ་བཞིན་དུ། འདིར་ཡང་ཇི་སྐད་བཤད་པའི་སྐྱོན་དང་ལྡན་པའི་གང་ཟག་རྫས་ཡོད་རྣམ་པར་བསལ་ནས། ཕུང་པོ་རྣམས་ལ་བརྟེན་ནས་བཏགས་པའི་གང་ཟག་ཅེས་བྱ་བ་འདི་ཙམ་ཞིག་འཇིག་རྟེན་གྱི་ཐ་སྙད་རྣམ་པར་གནས་པར་བྱ་བའི་ཕྱིར་ཁས་བླང་བར་བྱ་སྟེ་བདག་གམ། གང་ཟག་ཏུ་ཐ་སྙད་བཏགས་པ་མཐོང་བའི་ཕྱིར་རོ། །གཉིས་པ་དེ་དཔེས་སྒྲུབ་པ་ལ། དཔེ་དངོས། དེས་མཚོན་པའི་དོན་བསྟན་པ་གཉིས་ལས། དང་པོ་ལ། མདོར་བསྟན་པ་ནི། བདག་བཏགས་པ་ཙམ་དུ་གྲུབ་པར་བྱ་བའི་དོན་དུ་ཇི་སྐད་བཤད་པའི་དོན་ཉིད་གསལ་བར་བྱ་བའི་ཕྱིར་ཕྱི་རོལ་གྱི་དཔེ་བསྟན་པ། ཤིང་རྟ་རང་གི་ཡན་ལག་ལས་གཞན་མིན། །གཞན་མིན་མ་ཡིན་དེ་ལྡན་ཡང་མིན་ཞིང་། །ཡན་ལག་ལ་མིན་ཡན་ལག་དག་དེར་མིན། །འདུས་པ་ཙམ་མིན་དབྱིབས་མིན་སྔར་བཞིན་ནོ། །ཤིང་རྟ་འདི་ནི་རང་གི་ཡན་ལག་གཟེར་བུ་དང་འཕང་ལོ་ལ་སོགས་པ་དག་ལས་གཞན་མ་ཡིན་ཏེ། དེ་དག་ལས་ལོགས་སུ་མ་མཐོང་བའི་ཕྱིར་རོ། །གཞན་མ་ཡིན་པའམ་མ་ཡིན་ཏེ། ཡན་ལག་དེ་དག་རེ་རེ་བ་ལ་ཤིང་རྟ་མེད་པའི་ཕྱིར་རོ། །ཡན་ལག་དེ་དག་དང་ལྡན་པའང་མ་ཡིན་ཏེ། དེ་ཉིད་དང་གཞན་དུ་མེད་པས་ལྡན་པའི་དོན་མེད་པའི་ཕྱིར་རོ། །ཡན་ལག་དག་ལ་ཤིང་རྟ་བརྟེན་པའང་མ་ཡིན་ལ། ཡན་ལག་དག་ཤིང་རྟ་དེར་བརྟེན་པའང་མ་ཡིན་ཏེ། ཐ་དད་དུ་མེད་པའི་ཕྱིར་རོ། །

གཉིས་པ་རྒྱས་པར་བཤད་པ་ལ། ཚོགས་པའི་ཕྱོགས་དགག་པ། དབྱིབས་ཀྱི་ཕྱོགས་དགག་པ་གཉིས་ལས། དང་པོ་ནི། གལ་ཏེ་ཚོགས་ཙམ་ཤིང་རྟར་འགྱུར་ན་ནི། །སིལ་བུར་གནས་ལའང་ཤིང་རྟ་ཉིད་ཡོད་འགྱུར། །གལ་ཏེ་ཡན་ལག་ཚོགས་པ་ཙམ་ཤིང་རྟ་ཡིན་ན་ཚོགས་པ་ནི་ཚོགས་པ་ཙམ་ལས་གཞན་མ་ཡིན་པའི་ཕྱིར་གཟེར་བུ་ལ་སོགས་པ་ཡན་ལག་སིལ་བུར་གནས་པ་ལའང་ཤིང་རྟ་ཡོད་པར་འགྱུར་རོ། །གཞན་ཡང་། གང་ཕྱིར་ཡན་ལག་ཅན་མེད་ཡན་ལག་དག །མེད་པས། ཞེས་སྨོས་ཏེ། གང་གི་ཕྱིར་ཡན་ལག་ཅན་མེད་ན། ཡན་ལག་དག་ཡོད་པ་མ་ཡིན་ཏེ། དེ་དག་ཕན་ཚུན་ལྟོས་ནས་བཞག་པའི་ཕྱིར་རོ། །ཡན་ལག་ཅན་མེད་པར་ཡང་རང་གིས་ཁས་བླངས་པ་ཡིན་ནོ། །དེའི་ཕྱིར་ཡན་ལག་གི་ཚོགས་པ་གང་ཞིག་ཤིང་རྟར་འགྱུར། །གཉིས་པ་དབྱིབས་ཀྱི་ཕྱོགས་དགག་པ་ནི། དབྱིབས་ཙམ་ཤིང་རྟར་རིགས་པའང་མིན། །ཞེས་སྨོས་ཏེ། འང་ཞེས་པ་ཡན་ལག་གི་ཚོགས་པ་ཤིང་རྟར་མི་རིགས་པར་མ་ཟད། ཡན་ལག་ཅན་མེད་ན་ཡན་ལག་དག་ཀྱང་མེད་པས་ཡན་ལག་ཚོགས་པའི་དབྱིབས་ཙམ་ཡང་ཤིང་རྟར་མི་རིགས་སོ། །གཞན་ཡང་གལ་ཏེ་དབྱིབས་ཙམ་ཤིང་རྟ་ཡིན་ན། ཡན་ལག་དག་གི་དབྱིབས་སམ། འོན་ཏེ་ཚོགས་པའི་དབྱིབས་ཡིན་གྲང་། དང་པོ་ལྟར་ན་སྔར་གྱི་དབྱིབས་ཀྱི་ཁྱད་པར་མ་བཏང་བ་དག་གིའམ། སྔར་གྱི་དབྱིབས་ཀྱི་ཁྱད་པར་བཏང་བ་དག་གི་ཡིན་གྲང་། དེ་ལ་གལ་ཏེ། དང་པོ་འདོད་ན་མི་རིགས་ཏེ། འདི་ལྟར། གལ་ཏེ་ཡན་ལག་གི་དབྱིབས་སྔར་ཡོད་པ། །ཇི་བཞིན་ཤིང་རྟར་གཏོགས་ལའང་དེ་བཞིན་ནོ། །དེ་དག་བྱེ་བར་གྱུར་ལ་ཇི་ལྟ་བར། །ད་ལྟ་ཡང་ནི་ཤིང་རྟ་ཡོད་མི་འགྱུར། །གལ་ཏེ་ཤིང་རྟའི་ཡན་ལག་འཕང་ལོ་ལ་སོགས་པའི་དབྱིབས་ཤིང་རྟ་མ་བཅས་པའི་སྔར་ཡོད་པ་ཇི་ལྟ་བ་བཞིན་དུ་ཤིང་རྟར་གཏོགས་པའི་གནས་སྐབས་ལའང་དབྱིབས་དེ་ཁོ་ན་བཞིན་ཡིན་ན། ཡན་ལག་དེ་དག་སོ་སོར་བྱེ་བར་གྱུར་པའི་གནས་སྐབས་ན་ཡོད་པ་མིན་པ་ཇི་ལྟ་བར་ད་ལྟ་ཤིང་རྟ་བཅས་པའི་གནས་སྐབས་ནའང་ཤིང་རྟ་ཡོད་པར་མི་འགྱུར་ཏེ། ཤིང་རྟ་བཅས་པ་དང་མ་བཅས་པ་དག་གི་གནས་སྐབས་ཀྱི་འཕང་ལོ་ལ་སོགས་ཀྱི་དབྱིབས་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་ཕྱོགས་གཉིས་པ་ཁས་བླངས་ན། སྔར་གྱི་གནས་སྐབས་ལས་གཞན་པའི་དབྱིབས་ཁོ་ན་ཤིང་རྟ་ཞེས་བྱ་བར་འགྱུར་ན། དེའང་མི་རིགས་ཏེ། འདི་ལྟར། གལ་ཏེ་ཤིང་རྟའི་དུས་ན་ཡན་ལག་ལ། །སྔར་ལས་དབྱིབས་ཀྱི་ཁྱད་པར་གཞན་ཡོད་ན། །གཟུང་ཡོད་འགྱུར་ན་ཡོད་མིན་དེ་ཡི་ཕྱིར། །ཡན་ལག་གི་དབྱིབས་ཤིང་རྟ་ཉིད་མ་ཡིན། །གལ་ཏེ་ཤིང་རྟ་དང་བཅས་པའི་དུས་ན་དེའི་ཡན་ལག་འཕང་ལོ་དང་སྲོག་ཤིང་དང་གཟེར་བུ་ལ་སོགས་པའི་དབྱིབས་ཀྱི་ཁྱད་པར་སོ་སོར་ལྷམ་པ་དང་། རིང་བ་དང་། ཟླུམ་པ་ལ་སོགས་པ་གང་ཞིག་སྔར་ཤིང་རྟ་མ་བཅས་པའི་གནས་སྐབས་ན་ཡོད་པ་ལས་དབྱིབས་ཀྱི་ཁྱད་པར་གཞན་ཞིག་ཡོད་ན་གཟུང་དུ་ཡོད་པར་འགྱུར་ན། རྩིབས་དང་། མུ་ཁྱུད་དང་། ལྟེ་བ་ལ་སོགས་པས་ཁྱད་པར་དུ་བྱས་པའི་དབྱིབས་ཅན་འཕང་ལོ་ལ་ནི་ཤིང་རྟའི་གནས་སྐབས་ན་རང་གི་དབྱིབས་གཞན་དུ་གྱུར་པ་གཟུང་དུ་ཡོད་པ་མ་ཡིན་ལ། དེ་བཞིན་དུ་སྲོག་ཤིང་ལ་སོགས་པ་དག་ལའང་ངོ་། །དེའི་ཕྱིར་ཡན་ལག་དག་གི་དབྱིབས་ཤིང་རྟ་ཉིད་དུ་རིགས་པ་མ་ཡིན་ནོ། །ཅི་སྟེ་འཕང་ལོ་ལ་སོགས་པའི་ཡན་ལག་ཚོགས་པ་རྣམས་ཀྱི་དབྱིབས་ཀྱི་ཁྱད་པར་ཤིང་རྟ་ཡིན་ནོ་སྙམ་ན། དེའང་མི་རིགས་སོ་ཞེས་བཤད་པ། གང་ཕྱིར་ཁྱོད་ཀྱི་ཚོགས་པ་ཅང་མེད་པས། །དབྱིབས་དེ་ཡན་ལག་ཚོགས་ཀྱི་མ་ཡིན་ན། །གང་ཞིག་ཅི་ཡང་མ་ཡིན་དེ་བརྟེན་ནས། །འདིར་ནི་དབྱིབས་སུ་ལྟ་ཞིག་ཇི་ལྟར་འགྱུར། །གལ་ཏེ་ཚོགས་པ་ཞེས་བྱ་བ་ཅུང་ཟད་ཅིག་དངོས་པོར་ཡོན་ན། དེའི་རྟེན་ཅན་གྱི་དབྱིབས་སུ་གདགས་པར་འགྱུར་ན། ཁྱེད་ཀྱི་ལྟར་ན་ཚོགས་པ་ནི་དངོས་པོར་ཅང་གྲུབ་པ་མེད་པས་ཤིང་རྟའི་དབྱིབས་དེ་ནི་ཡན་ལག་ཚོགས་པ་ཙམ་གྱི་རྟེན་ཅན་མ་ཡིན་ན། གང་ཞིག་ཅིའང་མ་ཡིན་པའི་ཚོགས་པ་ལ་བརྟེན་ནས་འདིར་དབྱིབས་སུ་གདགས་པ་ཇི་ལྟར་འགྱུར་ཏེ། བཏགས་པ་ནི་རྫས་ཀྱི་རྟེན་ཅན་ཁོ་ནར་ཁས་བླངས་པའི་ཕྱིར་རོ། །ཅི་སྟེ་མི་བདེན་དུ་ཟིན་ཀྱང་ཚོགས་པ་ལ་བརྟེན་ནས་མི་བདེན་པའི་དབྱིབས་སུ་འགྱུར་རོ་ཞེས་འདོད་ན། ཁྱོད་ཀྱི་འདི་ནི་ཇི་ལྟར་འདོད་དེ་ལྟར། །མི་བདེན་པ་ཡི་རྒྱུ་ལ་བརྟེན་བྱས་ནས། །འབྲས་བུའི་རྣམ་པ་མི་བདེན་རང་བཞིན་ཅན། །ཐམས་ཅད་ཀྱང་ནི་སྐྱེ་བར་ཤེས་པར་གྱིས། ཁྱོད་ཀྱིས་ཇི་ལྟར་མི་བདེན་པའི་ཚོགས་པ་ལ་བརྟེན་ནས་མི་བདེན་པ་དབྱིབས་སུ་འདོགས་པ་དེ་ལྟར་མ་རིག་པ་དང་། ས་བོན་ལ་སོགས་པ་མི་བདེན་པའི་རྒྱུ་ལ་བརྟེན་ནས། འདུ་བྱེད་དང་མྱུ་གུ་ལ་སོགས་ལ་འབྲས་བུའི་རྣམ་པ་མི་བདེན་པའི་རང་བཞིན་ཅན་ཐམས་ཅད་སྐྱེ་བར་ཤེས་པར་བྱ་སྟེ། འབད་རྩོལ་བརྒྱ་ཕྲག་གིས་ཀྱང་གང་གི་ཤ་ཟ་བར་མི་ནུས་པའི་རི་དྭགས་ཀྱི་གྲིབ་མ་ལྟ་བུའི་དངོས་པོ་ལ་མངོན་པར་ཞེན་པས་ཅི་ཞིག་བྱ། འདིས་ནི་གཟུགས་སོགས་དེ་ལྟ་གནས་རྣམས་ལ། །བུམ་བློ་ཞེས་བྱའང་རིགས་པ་མ་ཡིན་ཉིད། །ཤིང་རྟའི་དཔེ་འདིས་ནི་གཟུགས་སོགས་ཡན་ལག་རྟགས་བཀོད་པ་དེ་ལྟར་གནས་པ་རྣམས་ལ་བུམ་པ་སོགས་ཀྱི་བློར་འགྱུར་རོ་ཞེས་སྨྲ་བའང་རིགས་པ་མ་ཡིན་ཏེ། དེ་དག་ལའང་ཤིང་རྟའི་རྣམ་པར་དཔྱད་པ་མཚུངས་པའི་ཕྱིར་རོ། །གཞན་ཡང་། སྐྱེ་བ་མེད་པས་གཟུགས་སོགས་ཀྱང་མི་རིགས། །དེ་ཡི་ཕྱིར་ན་དེ་དག་དབྱིབས་མི་རིགས། །དངོས་པོ་རྣམས་ཇི་ལྟར་སྐྱེ་བ་མེད་པ་དེ་ལྟར་ནི་བཤད་ཟིན་ལ། དེ་ལྟར་ན་སྐྱེ་བ་མེད་པས་གཟུགས་ལ་སོགས་པ་དེ་དག་ཀྱང་རང་བཞིན་གྱིས་ཡོད་པ་མིན་པ་དེའི་ཕྱིར་དེ་བུམ་པ་ལ་སོགས་པར་ཉེ་བར་གདགས་པའི་རྒྱུ་མཚན་དུའང་མི་རིགས་ལ། བུམ་པ་ལ་སོགས་པ་དག་གཟུགས་ལ་སོགས་པའི་དབྱིབས་ཀྱི་ཁྱད་པར་དུའང་མི་རིགས་སོ། །གལ་ཏེ་ཇི་སྐད་བཤད་པའི་ཚུལ་གྱིས་རྣམ་པ་བདུན་གྱིས་རྣམ་པར་དཔྱད་པ་ན་ཤིང་རྟ་ཡོད་པ་མ་ཡིན་པ་དེའི་ཚེ་ཤིང་རྟ་མེད་པས་ཤིང་རྟའི་རྟེན་ཅན་གྱི་ཐ་སྙད་རྒྱུན་ཆད་པར་འགྱུར་ན། ཤིང་རྟ་འོན་ཅིག ཉོས་ཤིག ཆོས་ཤིག་ཅེས་པ་ལ་སོགས་པའི་ཐ་སྙད་མཐོང་བའི་ཕྱིར། ཤིང་རྟ་ལ་སོགས་པ་ཡོད་པ་ཡིན་ནོ་ཞེ་ན། ཤིང་རྟའི་ཐ་སྙད་རྒྱུན་ཆད་པར་ཐལ་བའི་ཉེས་པ་འདི་ནི་ཁྱོད་ཁོ་ན་ལ་འགྱུར་ཏེ། ཇི་སྐད་བཤད་པའི་ཚུལ་དུ་རྣམ་པ་དཔྱད་པ་ན་ཤིང་རྟའི་དངོས་པོ་བདེན་པར་མ་གྲུབ་པའི་ཕྱིར་དང་། ཤིང་རྟའི་ཐ་སྙད་ཀྱང་བདེན་པའི་དོན་ཅན་དུ་ཁས་བླངས་པའི་ཕྱིར་རོ། ཁོ་བོ་ཅག་ལ་ནི་ཉེས་པ་འདི་མེད་དེ། འདི་ལྟར། དེ་ནི་དམ་པའི་དོན་དང་ཀུན་རྫོབ་ཏུ། །རྣམ་པ་བདུན་གྱིས་འགྲུབ་འགྱུར་མ་ཡིན་མོད། །རྣམ་དཔྱོད་མེད་པར་འཇིག་རྟེན་ཉིད་ལས་འདི། །རང་གི་ཡན་ལག་བརྟེན་ནས་འདོགས་པ་ཡིན། །ཤིང་རྟ་དེ་ནི་ཇི་སྐད་བཤད་པའི་ཚུལ་དུ་རྣམ་པ་བདུན་གྱིས་བཙལ་ན། དོན་དམ་དང་ཀུན་རྫོབ་གཉིས་ཀར་དུ་གྲུབ་པ་མ་ཡིན་མོད་ཀྱི། དེ་ལྟར་རྣམ་པར་དཔྱད་པ་མེད་པར་འཇིག་རྟེན་ཉིད་ལས། རང་གི་ཡན་ལག་གཟེར་བུ་དང་། འཁོར་ལོ་ལ་སོགས་པ་ལ་བརྟེན་ནས་ཤིང་རྟ་ཉོས་ཤིག་ཅེས་པ་སོགས་ཀྱི་ཐ་སྙད་ཉེ་བར་འདོགས་པ་ཙམ་ཡིན་ནོ། །ཕྱོགས་འདིར་འཇིག་རྟེན་ལ་གྲགས་པའི་སྒོ་ནས་ཤིང་རྟའི་ཐ་སྙད་འགྲུབ་པ་འབའ་ཞིག་ཏུ་མ་ཟད་ཀྱི། འདིའི་མིང་གི་ཁྱད་པར་གང་ཡིན་པ་དེ་དག་ཀྱང་རྣམ་དཔྱད་མེད་པར་འཇིག་རྟེན་གྲགས་པའི་སྒོ་ནས་ཁས་བླང་བར་བྱའོ། །ཞེས་བསྟན་པའི་ཕྱིར་བཤད་པ། ཤིང་རྟ་ཉིད་ནི་ཡན་ལག་ཅན་ཉིད་དང་། །ཆ་ཤས་ཅན་དང་བྱེད་པ་པོ་ཉིད་དང་། །ལེན་པ་ཉིད་དུ་འཇིག་རྟེན་ལ་གྲུབ་པས། །འཇིག་རྟེན་གྲགས་པའི་ཀུན་རྫོབ་དགག་མི་བྱ། །ཤིང་རྟ་ཉིད་ནི་ཐ་སྙད་དུ་འཕང་ལོ་ལ་སོགས་རང་གི་ཡན་ལག་རྣམས་ལ་ལྟོས་ནས་ཡན་ལག་ཅན་ཡང་ཡིན་ལ་འཕང་ལོ་སོགས་ཆ་ཤས་ལ་ལྟོས་ནས་ཆ་ཤས་ཅན་དང་། འཕང་ལོ་ལ་སོགས་པ་ཉེ་བར་བླང་བ་དང་། ཉེ་བར་ལེན་པའི་བྱ་བ་ལ་ལྟོས་ནས་བྱེད་པ་པོ་ཉིད་དང་། རང་གི་ཉེ་བ་ལ་ལྟོས་ནས་ཉེ་བར་ལེན་པོ་ཉིད་དུའང་འཇིག་རྟེན་ལ་གྲུབ་པས། དེའི་ཕྱིར་རང་གི་སྡེ་པ་གང་དག ཡན་ལག་ཚོགས་པ་ཙམ་ཞིག་ཡོད་ཀྱི་ཡན་ལག་ཅན་རྣམ་པ་ཐམས་ཅད་དུ་མེད་པ་དང་། ཆ་ཤས་ཙམ་ཞིག་ཡོད་ཀྱི་ཆ་ཤས་མེད་པ་དང་། ལས་འབའ་ཞིག་ཡོད་ཀྱི་བྱེད་པ་པོ་མེད་པ་དང་། ཉེ་བར་ལེན་པ་ཡོད་ཀྱི་ཉེ་བར་ལེན་པ་པོ་མེད་པ་ལ་སོགས་པ་འཇིག་རྟེན་གྱི་ཀུན་རྫོབ་ཕྱིན་ཅི་ལོག་ཏུ་སྨྲ་བ་དེ་དག་གི་ལྟར་ན། གཏན་ཚིགས་དེ་དག་ཉིད་ཀྱིས་ཡན་ལག་ལ་སོགས་པའང་མེད་པར་འགྱུར་ཏེ། ཡན་ལག་དང་ཡན་ལག་ཅན་སོགས་ཕན་ཚུན་ལྟོས་ནས་བཞག་པའི་ཕྱིར་རོ། །དེའི་ཕྱིར་འཇིག་རྟེན་ལ་གྲགས་པའི་ཡན་ལག་དང་ཡན་ལག་ཅན་ལ་སོགས་ཐ་སྙད་ཀུན་རྫོབ་པ་དག་དགག་པར་མི་བྱ་སྟེ། ཐ་སྙད་དུ་ཡན་ལག་སོགས་གྲུབ་པ་ལྟར་ཡན་ལག་ཅན་ལ་སོགས་པའང་གྲུབ་ཅིང་། དོན་དམ་པར་ཡན་ལག་ཅན་སོགས་མ་གྲུབ་པ་ལྟར་ཡན་ལག་སོགས་ཀྱང་མ་གྲུབ་པའི་ཕྱིར་རོ། །གང་གི་ཕྱིར་འཇིག་རྟེན་གྱི་ཀུན་རྫོབ་འདི་དེ་ལྟར་རྣམ་པར་དཔྱད་ན་ཡོད་པར་མི་འགྱུར་ཞིང་། མ་བརྟགས་གྲགས་པར་ཡོད་པ་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་རིམ་པ་འདི་ཉིད་ཀྱིས་རྣམ་པར་དཔྱད་ན་ཆེས་སྨྱུར་བ་ཁོ་ནར་དེ་ཁོ་ན་ཉིད་ཀྱི་གཏིང་དཔོག་པར་འགྱུར་རོ། །ཇི་ལྟར་ཞེ་ན། རྣམ་བདུན་གྱིས་མེད་གང་དེ་ཇི་ལྟར་བུར། །ཡོད་ཅེས་རྣལ་འབྱོར་པས་འདི་ཡོད་མི་རྙེད། །དེས་དེ་ཉིད་ལའང་བདེ་བླག་འཇུག་གྱུར་པས། །འདིར་དེའི་གྲུབ་པའང་དེ་བཞིན་འདོད་པར་གྱིས། །གལ་ཏེ་ཤིང་རྟ་ཞེས་བྱ་བ་རང་བཞིན་གྱིས་གྲུབ་པ་འགའ་ཞིག་ཡོད་ན་རྣམ་པ་བདུན་ལས་གང་ཡང་རུང་བ་ཞིག་གིས་བདག་ཉིད་ཡོད་པ་རྙེད་པར་འགྱུར་ན་རྙེད་པའང་མ་ཡིན་ནོ། །དེའི་ཕྱིར་རྣམ་པ་བདུན་གྱིས་བཙལ་བ་ན་མེད་པའི་ཤིང་རྟ་གང་ཡིན་པ་དེ་ཇི་ལྟ་བུར་ཡོད་ཅེས་རྣལ་འབྱོར་པ་ཚུལ་བཞིན་དུ་དཔྱོད་པས་ཤིང་རྟ་འདིའི་ཡོད་པ་མི་རྙེད་པ་དེས་ན་ཤིང་རྟ་ཞེས་བྱ་བ་ནི་མ་རིག་པའི་ལིང་ཏོག་གིས་ཉམས་པར་བྱས་པ་དག་ཁོ་ནས་བརྟགས་པར་ཟད་ཀྱི་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ་སྙམ་དུ་ངེས་ཤིང་། དེ་ཁོ་ན་ཉིད་ཀྱི་དོན་ལའང་བདེ་བླག་ཏུ་འཇུག་པར་འགྱུར་རོ། འང་གི་སྒྲས་ཀུན་རྫོབ་ཀྱང་ཉམས་པར་མི་འགྱུར་རོ། །དེའི་ཕྱིིར་ཤིང་རྟ་དེའི་གྲུབ་པ་ནི་མ་བརྟགས་གྲགས་པའི་སྒོ་ནས་གྲུབ་པ་དེ་བཞིན་དུ་འདོད་པར་བྱའོ། །འདིར་སྨྲས་པ། རྣལ་འབྱོར་པས་ཤིང་རྟ་མ་དམིགས་ལ་རག་མོད། དེའི་ཡན་ལག་ཚོགས་པ་ཙམ་ཞིག་དམིགས་པ་ནི་ཡོད་པ་ཡིན་ནོ་ཞེ་ན། གང་ཞིག་སྣམ་བུ་ཚིག་པ་ན་ཐལ་བ་ལ་རྣལ་མ་ཚོལ་བ་ཁྱོད་ནི་བཞད་གད་དུ་བྱ་བ་ཞིག་སྟེ། འདི་ལྟར། ཤིང་རྟ་མེད་ན་དེ་ཚེ་ཡན་ལག་ཅན། །མེད་པས་དེ་ཡི་ཡན་ལག་ཀྱང་ཡོད་མིན། །གང་གི་ཚེ་ཤིང་རྟ་མེད་པས་དེའི་ཚེ་ཡན་ལག་ཅན་མེད་པས་དེའི་ཕྱིར་དེ་ལ་ལྟོས་པའི་ཡན་ལག་དག་ཀྱང་ཡོད་པ་མིན་ནོ། །གལ་ཏེ་ཤིང་རྟ་ཞིག་པ་ནའང་འཕང་ལོ་ལ་སོགས་པ་དམིགས་པ་མ་ཡིན་ནམ། ཡན་ལག་ཅན་མེད་ན་ཡན་ལག་མེད་དོ་ཞེས་ཅི་སྟེ་བརྗོད་ཅེ་ན། དེ་ནི་མ་ཡིན་ཏེ། སྔར་ཤིང་རྟ་མཐོང་བའི་རྟོགས་པ་པོ་ཁོ་ནས་འཕང་ལོ་ལ་སོགས་པ་སིལ་བུར་གནས་པ་མཐོང་བ་ན་འདི་དག་ནི་ཤིང་རྟའི་ཡན་ལག་གོ་ཞེས་རྟོགས་ཀྱི། གཞན་གྱིས་ནི་དེ་དག་ཤིང་རྟ་དང་འབྲེལ་བར་ཤེས་པར་མི་འགྱུར་བས། དེའི་ཕྱིར་ཤིང་རྟ་མེད་པར་ཤིང་རྟའི་ཡན་ལག་ཡོད་པ་མ་ཡིན་ནོ། །དོན་དེ་ཉིད་དཔེས་གསལ་བར་བྱེད་པ་ནི། བློ་མེས་ཡན་ལག་ཅན་བསྲེགས་ཡན་ལག་ནི། །ཤིང་རྟ་ཚིག་པའི་ཡན་ལག་བཞིན་དུ་མེད། །དཔེར་ན་ཤིང་རྟ་ཚིག་པ་ན་དེའི་ཡན་ལག་དག་ཀྱང་ངེས་པར་འཚིག་པར་འགྱུར་བ་དེ་བཞིན་དུ། རྣམ་པར་དཔྱོད་པའི་གཙུབ་ཤིང་བཙུབས་པ་ལས་བྱུང་བའི་བློ་གྲོས་ཀྱི་མེས་ཡན་ལག་ཅན་ཤིང་རྟའི་ལུས་བསྲེགས་ཏེ་མ་དམིགས་པ་ན་ཡན་ལག་དག་ཀྱང་མེད་ཅིང་མི་དམིགས་ཏེ། ངེས་པར་བསྲེགས་པའི་ཕྱིར་རོ། །

གཉིས་པ་དཔེས་མཚོན་པའི་དོན་བསྟན་པ་ལ། སྐབས་དོན་དངོས་དང་། དེས་རིགས་ཅན་གཞན་ཡང་མཚོན་པ་གཉིས་ལས། དང་པོ་ནི། དེ་བཞིན་འཇིག་རྟེན་གྲགས་པའི་ཕུང་པོ་དང་། ཁམས་དང་དེ་བཞིན་སྐྱེ་མཆེད་དྲུག་བརྟེན་ནས། །བདག་ཀྱང་ཉེ་བར་ལེན་པོ་ཉིད་དུ་འདོད། །ཇི་ལྟར་འཕང་ལོ་ལ་སོགས་པ་ལ་བརྟེན་ནས་ཤིང་རྟར་འདོགས་ཤིང་། འཕང་ལོ་ལ་སོགས་པ་དག་ཉེ་བར་ལེན་པ་ཡིན་ལ་ཤིང་རྟ་ཉེ་བར་ལེན་པ་པོ་ཡིན་པ་དེ་བཞིན་དུ། འཇིག་རྟེན་ན་གྲགས་པའི་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་པར་བྱ་བའི་ཕྱིར། ཕུང་པོ་ལྔ་དང་། ནང་གི་ཁམས་དྲུག་དང་། སྐྱེ་མཆེད་དྲུག་ལ་བརྟེན་ནས་བདག་ཏུ་ཉེ་བར་འདོགས་པའི་ཕྱིར་ཕུང་པོ་ལ་སོགས་པ་དེ་དག་བདག་གི་ཉེ་བར་ལེན་པ་པོ་ཡིན་ལ། བདག་ཀྱང་དེ་དག་གི་ཉེ་བར་ལེན་པ་པོར་འདོད་པ་ཡིན་ནོ། །དེ་བཞིན་དུ། ཉེར་ལེན་ལས་ཡིན་འདི་ནི་བྱེད་པོའང་ཡིན། །ཇི་ལྟར་ཉེ་བར་ལེན་པ་དང་ཉེ་བ་ལེན་པོའི་རྣམ་གཞག་འཇིག་རྟེན་གྱི་ཐ་སྙད་དུ་བཞག་པ་དེ་ལྟར་གཟུགས་སོགས་ཉེ་བར་ལེན་པ་རྣམས་ལས་དང་། བདག་འདི་ནི་བྱེད་པ་པོ་ཡིན་པར་ཡང་ཐ་སྙད་དུ་རྣམ་པར་བཞག་སྟེ། བདག་གིས་དགེ་བའམ་མི་དགེ་བའི་ལས་བསགས་པ་ལས་བདེ་འགྲོའམ་ངན་འགྲོའི་ཕུང་པོ་ལེན་པར་ཐ་སྙད་དུ་རྣམ་པར་འཇོག་པའི་ཕྱིར་རོ། །དེ་ལྟར་བདག་དེ་ནི་བརྟེན་ནས་བཏགས་པར་བརྟན་པ་ན་རྟག་པ་དང་མི་རྟག་པ་སོགས་སུ་བརྟགས་པའི་རྟེན་མ་ཡིན་ཏེ། འདིར་ལྟར་དངོས་ཡོན་མིན་ཕྱིར་འདི་ནི་བརྟན་མིན་ཞིང་། །མི་བརྟན་ཉིད་མིན་འདི་ནི་སྐྱེ་འཇིག་མིན། །འདི་ལ་རྟག་པ་ཉིད་ལ་སོགས་པ་ཡང་། །ཡོད་མིན་དེ་ཉིད་དང་ནི་གཞན་ཉིད་མེད། །བདག་འདི་ནི་བརྟེན་ནས་བཏགས་པ་ཙམ་ཡིན་གྱི། རང་བཞིན་གྱིས་དངོས་པོར་ཡོད་པ་མ་ཡིན་པའི་ཕྱིར་སྔོན་འདས་པའི་སྐྱེ་བར་བྱུང་བའི་བརྟན་པ་མ་ཡིན་ཏེ། བསྟན་བཅོས་ལས། འདས་པའི་དུས་ན་བྱུང་གྱུར་ཞེས། །བྱ་བ་དེ་ནི་མི་འཐད་དོ། །སྔོན་ཚེ་རྣམས་སུ་གང་བྱུང་བ། །དེ་ནི་དེ་ཉིད་མ་ཡིན་ནོ། །དེ་ཉིད་བདག་ཏུ་འགྱུར་སྙམ་ན། །ཉེ་བར་ལེན་པ་ཐ་དད་འགྱུར། །ཉེ་བར་ལེན་པ་མ་གཏོགས་པ། ཁྱོད་ཀྱི་བདག་ནི་གང་ཞིག་ཡིན། །སྔོན་མ་བྱུང་བ་ལས་བྱུང་བའི་མི་བརྟན་པའང་མིན་ཏེ། བསྟན་བཅོས་ལས། མ་བྱུང་བ་ལས་བྱུང་མིན་ཏེ། །འདི་ལ་སྐྱོན་དུ་ཐལ་བར་འགྱུར། །བདག་ནི་བྱས་པར་འགྱུར་བའམ། །འབྱུང་བ་རྒྱུ་མེད་ཅན་དུའང་འགྱུར། །ཞེས་གསུངས་པ་ལྟར་རོ། །དེ་ནི་སྐྱེ་བ་དང་འཇིག་པའང་མིན་ཏེ། ཇི་སྐད་དུ། ཉེ་བར་ལེན་པ་བདག་མ་ཡིན། །དེ་འབྱུང་བ་དང་འཇིག་པ་ཡིན། །ཉེ་བར་བླང་པ་ཇི་ལྟ་བུར། །ཉེ་བར་ལེན་པོ་ཡིན་པར་འགྱུར། །ཞེས་གསུངས་སོ། །འདི་ལ་རྟག་མི་རྟག་ལ་སོགས་པར་ཡང་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །མཐའ་དང་མཐའ་མེད་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །གང་གིས་དེ་བཞིན་གཤེགས་ཡོད་ཅེས། །འཛིན་པ་སྟུག་པོས་བཟུང་གྱུར་པ། །དེ་ནི་མྱ་ངན་འདས་པ་ལ། །མེད་ཅེས་རྣམ་རྟོག་རྟོག་པར་བྱེད། །རང་བཞིན་གྱིས་ནི་སྟོང་དེ་ལ། །སངས་རྒྱས་མྱ་ངན་འདས་ནས་ནི། །ཡོད་དོ་ཞེའམ་མེད་དོ་ཞེས། །བསམས་ན་འཐད་པར་མི་འགྱུར་རོ། །ཞེས་གསུངས་པས་སོ། །བདག་འདི་ནི་ཕུང་པོ་རྣམས་ལས་དེ་ཉིད་དང་གཞན་ཉིད་དུ་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཅེས་གསུངས་པ་ཡིན་ནོ། །གང་ཞིག་རྣམ་པར་བདུན་གྱིས་བཙལ་བ་ན་རྟག་པ་དང་མི་རྟག་པ་སོགས་མཐའ་གང་དུའང་མི་གནས་པའི་བདག་དེ་རང་བཞིན་གྱིས་ཡོད་པ་མ་ཡིན་ན་རྒྱུ་གང་ལས་བྱུང་སྙམ་ན། གང་ལ་རྟག་ཏུ་འགྲོ་རྣམས་ངར་འཛིན་བློ། །རབ་ཏུ་འབྱུང་ཞིང་དེ་ཡི་གང་ཡིན་དེར། །ང་ཡིར་འཛིན་བློ་འབྱུང་བའི་བདག་དེ་ནི། །མ་བརྟགས་གྲགས་པར་གཏི་མུག་ལས་ཡིན་ནོ། །གང་ཞིག་ཡོངས་སུ་ཚོལ་བ་ན། ཆོས་འདི་ལས་ཕྱི་རོལ་ཏུ་གྱུར་པ་རྣམས་ནི་ཕུང་པོ་ལས་ཐ་དད་པར་མངོན་པར་ཞེན་ཅིང་། རང་གི་སྡེ་པ་རྣམས་ནི་ཕུང་པོའི་རང་བཞིན་ཅན་ནམ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་འཛིན་ཅིང་། བདེ་བར་གཤེགས་པས་ཉེ་བར་བསྟན་པ་ཕྱིན་ཅི་མ་ལོག་པ་ཁོང་དུ་ཆུད་པ་རྣམས་ནི་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་ཡིན་པས་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་ནས་ལན་བརྒྱར་གྲོལ་བར་གྱུར་པ་དེ་ནི་བདག་ཡིན་ཞིང་། དེ་ལྟ་བུ་གང་ལ་མི་དང་ཡི་དྭགས་དང་དུད་འགྲོ་ལ་སོགས་པའི་འགྲོ་བ་མ་རིག་པ་རྗེས་སུ་འབྲེལ་བ་མཐའ་དག་ལ་རྟག་ཏུ་ངར་འཛིན་པའི་བློ་རབ་ཏུ་འབྱུང་ཞིང་བདག་དེའི་དབང་བསྒྲུར་བྱའམ། གདགས་པའི་རྟེན་མིག་ལ་སོགས་པ་ནང་དང་། གཟུགས་ལ་སོགས་པ་ཕྱི་རོལ་གང་ཡིན་པ་དེར་ང་ཡིར་འཛིན་པའི་བློ་འབྱུང་བའི་བདག་དེ་ནི་རྣམ་པར་མ་བརྟགས་པ་ཁོ་ནར་འཇིག་རྟེན་གྱི་གྲགས་པ་ཙམ་གྱི་རྗེས་སུ་འབྲང་སྟེ་གཏི་མུག་གི་དབང་ལས་གྲ྄ུབ་པ་ཡིན་གྱི་རང་གི་ངོ་བོས་གྲུབ་པ་མ་ཡིན་ནོ། །གང་གི་ཕྱིར་བདག་འདི་རང་བཞིན་གྱིས་ཡོད་པ་མ་ཡིན་གྱི། འོན་ཀྱང་གཏི་མུག་ལས་ཐ་སྙད་འདོགས་པ་དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་དག་གིས་བདག་མི་དམིགས་ལ། དེ་མ་དམིགས་པས། དེ་ལ་རག་ལས་པའི་བདག་གི་བདག་ཀྱང་མི་དམིགས་པར་འགྱུར་རོ། །དེའི་ཕྱིར་འཁོར་བ་ལས་རྣམ་པར་གྲོལ་བར་འགྱུར་ཏེ། ཇི་སྐད་དུ། ནང་དང་ཕྱི་རོལ་ཉིད་དག་ལ། །བདག་དང་བདག་གིར་སྙམ་ཟད་ན། །ཉེ་བར་ལེན་པ་འགག་འགྱུར་ཞིང་། །དེ་ཟད་པས་ན་སྐྱེ་བ་ཟད། །ཅེས་གསུངས་སོ། །ཇིི་ལྟར་ན་བདག་མེད་ན་བདག་གི་བའམ་མེད་ཅེ་ན། གང་ཕྱིར་བྱེད་པོ་མེད་ཅན་ལས་མེད་པ། །དེ་ཕྱིར་བདག་ཉིད་མེད་པས་བདག་གིར་མེད། །དེ་ཕྱིར་བདག་དང་བདག་གིས་སྟོང་ལྟ་བས། །རྣལ་འབྱོར་པ་དེ་རྣམ་པར་གྲོལ་བར་འགྱུར། །རྫ་མཁན་མེད་པར་བུམ་པ་མེད་པ་དེ་བཞིན་དུ། བྱེད་པ་པོ་མེད་པར་ལས་མེད་དེ། བྱེད་པ་པོ་བྱ་བ་འཇུག་པའི་ཡུལ་ཉིད་ལ་ལས་ཞེས་ཐ་སྙད་བཏགས་པའི་ཕྱིར་རོ། །དེའི་ཕྱིར་བྱེད་པ་པོར་གྱུར་པའི་བདག་མེད་པར་ལས་སུ་གྱུར་པའི་བདག་གི་བ་མེད་པས་ཕུང་པོ་བདག་དང་བདག་གི་བས་སྟོང་པར་ལྟ་བའི་རྣལ་འབྱོར་པ་དེ་རྣམ་པར་གྲོལ་བར་འགྱུར་རོ། །

གཉིས་པ་དེས་རིགས་ཅན་གཞན་ཡང་མཚོན་པ་ནི། བདག་དང་དེའི་ཉེ་བར་ལེན་པ་སོགས་ཀྱི་ཐ་སྙད་ཤིང་རྟའི་རྣམ་པར་དཔྱད་པ་དང་མཚུངས་པ་དེ་བཞིན་དུ། དངོས་པོ་གཞན་རྣམས་ཀྱང་ཡིན་ནོ་ཞེས་བསྒྲེ་བའི་ཕྱིར། བུམ་སྣམ་རེ་ལྡེ་དམག་དང་ཕྲེང་བ་ནགས་ཚལ་དང་། །ཤིང་རྟ་ཕྲན་དང་ཁང་ཁྱིམ་ལ་སོགས་དངོས་པོ་རྣམས། །གང་གི་སྒོ་ནས་འགྲོ་འདིས་བསྙད་བཞིན་རྟོགས་བྱ་སྟེ། །བུམ་སྣམ་རེ་ལྡེ་ལ་སོགས་པའི་དངོས་པོ་རྣམས་ཤིང་རྟ་བཞིན་དུ་རྣམ་པ་བདུན་གྱིས་རྣམ་པར་དཔྱད་ན་ཡོད་པ་མ་ཡིན་ཞིང་། དེ་ལས་གཞན་དུ་སྣལ་མ་ལ་སོགས་པ་རང་གི་ཡན་ལག་རྣམས་ལ་བརྟེན་པ་གང་གི་སྒོ་ནས་འཇིག་རྟེན་པའི་འགྲོ་བ་འདིས་བསྙད་ཅིང་ཐ་སྙད་བརྟགས་པ་བཞིན་དུ་རྟོགས་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཐུབ་དབང་དེ་ནི་འཇིན་རྟེན་རྩོད་པ་མི་མཛད་ཕྱིར། །འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི་ང་ནི་འཇིག་རྟེན་དང་ལྷན་ཅིག་མི་རྩོད་དོ་ཞེས་པའི་ལུང་ལས་ན། ཐུབ་པའི་དབང་པོ་དེ་ནི་འཇིག་རྟེན་གྱི་ཐ་སྙད་ལ་རྩོད་ཅིང་དགག་པ་མི་མཛད་པར་འཇིག་རྟེན་གྱི་ཐ་སྙད་ཇི་ལྟར་གྲགས་པ་རྣམས་ཞལ་གྱིས་བཞེས་པའི་ཕྱིར་རོ། །ཡང་འཇིག་རྟེན་དངོས་པོ་གང་དག་གིས་ཇི་ལྟར་ཐ་སྙད་འདོགས་ཞེ་ན། ཡོན་ཏན་ཡན་ལག་འདོད་ཆགས་མཚན་ཉིད་ཤིང་སོགས་དང་། །ཡོན་ཏན་ཅན་ལུས་ཆགས་དང་མཚན་གཞི་མེ་སོགས་དག །ཤིང་རྟའི་དཔྱད་པས་རྣམ་པ་བདུན་དུ་ཡོད་མིན་ཞིང་། །དེ་ལས་གཞན་དུ་འཇིག་རྟེན་གྲགས་པར་ཡོད་པ་ཡིན། །བུམ་པ་དང་མེ་རིས་ཀྱི་སྔོ་སངས་སོགས་ལྟ་བུ་ཡོན་ཏན་དང་ཡོན་ཏན་ཅན་དང་། བུམ་པ་དང་གཟུགས་སོགས་ལྟ་བུ་ཡན་ལག་དང་ཡན་ལག་ཅན་དང་། བུམ་པ་དང་ལྟོ་ལྡིར་ཞབས་ཞུམ་པ་ལྟ་བུ་མཚན་ཉིད་དང་མཚན་གཞི་དང་། གཟུགས་སོགས་སྡུག་པའི་ཡུལ་ལ་ལྷག་པར་ཞེན་པ་དང་། དེའི་རྟེན་ལྟ་བུ་འདོད་ཆགས་དང་ཆགས་པ་དང་། བུད་ཤིང་དང་། མེ་ལྟ་བུ་བསྲེག་བྱ་དང་སྲེག་བྱེད་ལ་སོགས་པ་དག ཤིང་རྟ་བཞིན་དུ་རྣམ་པར་དཔྱད་པ་རྣམ་པ་བདུན་གྱིས་བཙལ་ན་ཡོད་པ་མ་ཡིན་ཞིང་། རྣམ་པར་དཔྱད་པ་དེ་ལས་གཞན་མ་དཔྱད་པར་འཇིག་རྟེན་གྲགས་པའི་སྒོ་ནས་དེ་དག་གི་ཐ་སྙད་ཡོད་པ་ཡིན་ནོ། །

རྒྱུ་འབྲས་ལ་ཁྱད་པར་དུ་དཔྱད་པ།

གཉིས་པ་རྒྱུ་འབྲས་ལ་ཁྱད་པར་དུ་དཔྱད་པ་ལ། རྒྱུ་འབྲས་ཕན་ཚུན་ལྟོས་པར་བསྟན་པ་དང་། ཕྲད་མ་ཕྲད་བརྟགས་ལ་དགག་པ་གཉིས་ལས། དང་པོ་ནི། གལ་ཏེ་རྒྱུ་ཡིས་བསྐྱེད་བྱ་སྐྱེད་པ་ན་དེ་རྒྱུ་ཡིན་ལ། །གལ་ཏེ་འབྲས་མི་སྐྱེད་ན་དེ་རྒྱུ་ཉིད་དུ་མི་འགྱུར་ཞིང་། །འབྲས་བུ་ཡང་ནི་རྒྱུ་ཡོད་འ གྱུར་ན་སྐྱེ་བ་འགྱུར་བའི་ཕྱིར། །གང་ལས་གང་ཞིག་འགྱུར་བ་གང་ཞིག་ལས་སྔར་གང་འགྱུར་སྨོས། །གལ་ཏེ་རྒྱུར་འདོད་པའི་ས་བོན་དེ་ཡིས་བསྐྱེད་བྱ་མྱུ་གུ་སྐྱེས་པ་དེ་ལྟ་ན་ས་བོན་དེ་རྒྱུ་ཡིན་ཞིང་། གལ་ཏེ་དེས་འབྲས་བུ་དེ་མི་སྐྱེད་ན་རྒྱུའི་ཐ་སྙད་དེ་མེད་པར་འགྱུར་ཏེ། རྒྱུའི་ཐ་སྙད་འཇུག་པའི་རྒྱུ་རྒྱུ་མེད་པ་ཅན་དུ་འགྱུར་བའི་ཕྱིར་རོ། །འབྲས་བུ་མྱུ་གུ་ཡང་ནི་རྒྱུ་ས་བོན་ཡོད་ན་སྐྱེ་བར་འགྱུར་བའི་ཕྱིར་རྒྱུ་དང་འབྲས་བུ་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ། །གལ་ཏེ་ངོ་བོ་ཉིད་ཀྱིས་གྲུབ་པར་སེམས་ན། རྒྱུའམ་འབྲས་བུ་སྔར་གྲུབ་པ་གང་ཞིག་ལས་རྒྱུའང་འབྲས་བུ་ཕྱིར་འབྱུང་བ་གང་ཞིག་འགྲུབ་པར་འགྱུར་བ། བརྟན་པ་གང་ཞིག་ལས་སྔར་རྟེན་གང་ཞིག་གྲུབ་པ་སྨྲ་བར་བྱ་དགོས་ན། དེའང་ནུས་པ་མ་ཡིན་པས་དེའི་ཕྱིར་རྒྱུ་དང་འབྲས་བུར་གདགས་པའང་ཤིང་རྟ་ལྟར་བརྟེན་ནས་བཏགས་པ་ཡིན་པར་རིག་པར་བྱའོ། །གཉིས་པ་ལ། དངོས་དང་། མཚུངས་པ་སྤང་པ་གཉིས་ལས། དང་པོ་ནི། གལ་ཏེ་ཁྱོད་ཀྱིས་རྒྱུ་ཡིས་ཕྲད་ནས་འབྲས་བུ་སྐྱེད་བྱེད་ན། །ནུས་པ་གཅིག་པས་རྒྱུ་དང་འབྲས་བུ་ཐ་དད་མེད་འགྱུར་ཞིང ། །མ་ཕྲད་ན་ནི་རྒྱུ་དང་རྒྱུ་མིན་ཁྱད་པར་མེད་འགྱུར་ལ། །གཉིས་པོ་སྤངས་ནས་རྟོག་པ་གཞན་ཡང་ཡོད་པར་འགྱུར་མ་ཡིན་། །གལ་ཏེ་ཁྱོད་ཀྱི་ལུགས་ཀྱི་རྒྱུ་འབྲས་ངོ་བོ་ཉིད་ཀྱིས་གྲུབ་ན་ཕྲད་ནས་སྐྱེད་དམ། འོན་ཏེ་མ་ཕྲད་པར་སྐྱེས་པར་བྱེད། རྒྱུ་ཡིས་ཕྲད་ནས་འབྲས་བུ་སྐྱེད་པར་བྱེད་ན་ཆུ་ཀླུང་དང་རྒྱ་མཚོའི་ཆུ་ཕྲད་པ་ཐ་དད་མེད་པ་ལྟར། ནུས་པ་གཅིག་ཏུ་གྱུར་པས་འདི་ནི་རྒྱུའི་འདི་ནི་འབྲས་བུའི་ཞེས་རྣམ་དབྱེ་ཐ་དད་མེད་པ་འགྱུར་རོ། །ཅི་སྟེ་མ་ཕྲད་པར་སྐྱེད་ན་ནི། ཇི་ལྟར་མ་ཕྲད་པའི་འབྲས་བུ་གཞན་མི་སྐྱེས་པ་ལྟར། འབྲས་བུར་འདོད་པའང་མི་སྐྱེད་པའ མ། ཡང་ན་ནི་འབྲས་བུ་དང་འབྲས་བུ་མ་ཡིན་པ་རེ་ལ་རྒྱུ་དང་རྒྱུ་མ་ཡིན་པ་ཀུན་གྱིས་སྐྱེད་པར་འགྱུར་ཏེ། མ་ཕྲད་པར་མཚུངས་པའི་ཕྱིར་རོ། །དེའི་ཕྱིར་རྒྱུ་དང་རྒྱུ་མ་ཡིན་པ་ཁྱད་པར་མེད་པར་འགྱུར་རོ། །རྒྱུ་འབྲས་རང་བཞིན་གྱིས་གྲུབ་པར་སྨྲ་བ་ལ། ཕྲད་པ་དང་མ་ཕྲད་པའི་རྣམ་པར་རྟོག་པ་གཉིས་པོ་འདི་དག་སྤངས་ནས་རྟོག་པ་གསུམ་པ་གཞན་ཡོད་པ་མ་ཡིན་པས་རང་བཞིན་གྱིས་གྲུབ་པའི་རྒྱུས་འབྲས་བུ་སྐྱེད་པར་མི་བྱེད་པ་ཁོ་ནའོ། །དེ་ལྟ་བས་ན། ཅི་སྟེ་རྒྱུ་ཡིས་འབྲས་མི་སྐྱེད་ན་འབྲས་མེད་པས། །འབྲས་བྲལ་རྒྱུ་ནི་རྒྱུ་མེད་ཅན་འགྱུར་འདོད་པའང་མིན། །རྒྱུ་ཡིས་འབྲས་བུ་མི་སྐྱེད་ན་འབྲས་བུ་མེད་པས་དེའི་ཕྱིར་འབྲས་བུ་དང་བྲལ་བའི་རྒྱུ་ནི་རྒྱུའི་ཐ་སྙད་འཇུག་པའི་རྒྱུ་རྒྱུ་མེད་པ་ཅན་དུ་འགྱུར་ཏེ། རྒྱུའི་ཐ་སྙད་འཇུག་པ་འབྲས་བུ་ལ་ལྟོས་པའི་ཕྱིར་རོ། །རྒྱུ་རྒྱུ་མེད་པ་ཅན་དུ་འདོད་པའམ་མ་ཡིན་པས་དེའི་ཕྱིར་རྒྱུ་དང་འབྲས་བུ་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ། ཁྱོད་ཀྱི་ལུགས་ལ་རྒྱུ་འབྲས་ཇི་ལྟར་ཞེ་ན། གང་ཕྱིར་འདི་གཉིས་སྒྱུ་མ་དང་འདྲ་དེ་ཡི་ཕྱིར། །བདག་ལ་སྐྱོན་མེད་འཇིག་རྟེན་དངོས་པོ་རྣམས་ཀྱང་ཡོད། །གང་དག་རྒྱུ་འབྲས་རང་བཞིན་གྱིས་གྲུབ་པར་སྨྲ་བ་དེ་དག་ལ་ཇི་སྐད་བཤད་པའི་རྣམ་པར་དཔྱད་པ་འཇུག་གི གང་གི་ལྟར་ན་དངོས་པོ་རྣམས་ལོག་པའི་ཀུན་བརྟགས་པས་སྐྱེད་པ་ཉིད་ཀྱིས་སྒྱུ་མ་དང་འདྲ་བར་རང་བཞིན་མེད་ཅིང་། རང་བཞིན་མེད་ཀྱང་རབ་རིབ་ཅན་གྱི་དམིགས་པའི་སྐྲ་ཤད་ལ་སོགས་པ་ལྟར་རྟོག་པའི་ཡུལ་དུ་འགྱུར་བ་དེ་ལ་ནི་ཅིའང་དཔྱད་དུ་མེད་པ་ཉིད་དེ། དེའི་ཕྱིར་དབུ་མ་པ་དག་ལ་རྒྱུ་དང་འབྲས་བུ་ཕྲད་པ་དང་མ་ཕྲད་པ་བརྟགས་ནས་སྐྱོན་བརྗོད་དུ་མེད་ཅིང་། འཇིག་རྟེན་གྱི་དངོས་པོ་མ་བརྟགས་པར་གྲུབ་པ་རྣམས་ཀྱང་ཡོད་པ་ཡིན་པས་ཐམས་ཅད་གྲུབ་བོ། །གཉིས་པ་མཚུངས་པ་སྤང་བ་ལ། དང་པོ་མཚུངས་པ་དགོད་པ་ནི། འདི་སྐད་ཅེས་རྒྱུས་འབྲས་བུ་ཕྲད་ནས་སྐྱེས་དམ། འོན་ཏེ་མ་ཕྲད་པར་ཡིན་ཞེས་གང་སྨྲས་པ་འདི་ནི་ཁྱོད་ལའང་བརྒལ་ཞིང་བརྟགས་པ་མཚུངས་ཏེ། ཇི་ལྟར་ཞེ་ན། སུན་འབྱིན་འདིས་ནི་སུན་དབྱུང་ཕྲད་ནས་སུན་འབྱིན་ནམ། །མ་ཕྲད་འབྱིན་ཅེས་སྐྱོན་འདི་ཁྱོད་ལའང་མཚུངས་མིན་ནམ། །གཉིས་པོ་སྤངས་ནས་རྟོག་པ་གཞན་ཡང་ཡོད་མ་ཡིན། །དབུ་མ་པ་ཁྱོད་ཀྱི་རྒྱུ་འབྲས་ངོ་བོ་ཉིད་ཀྱིས་གྲུབ་པ་འགོག་པའི་སུན་འབྱིན་འདིས་སུན་དབྱུང་བྱ་ཕྲད་ནས་སམ། འོན་ཏེ་མ་ཕྲད་པར་སུན་འབྱིན་ཞེས་བརྟག་པ་ན་སྔར་ཇི་སྐད་བཤད་པའི་སྐྱོན་འདི་ཁྱོད་ལའང་འགྱུར་བ་མ་ཡིན་ནམ། རྟོག་པ་གཉིས་པོ་སྤངས་ནས་སུན་འབྱིན་གྱིས་སུན་དབྱུང་བྱ་འགོག་པའི་རྣམ་པར་རྟོག་པ་གཞན་ཡོད་པ་མ་ཡིན་ནོ། །དེའི་ཕྱིར། དེ་སྐད་སྨྲ་ཞིང་རང་ཕྱོགས་ཁོ་ན་རྣམ་འཇོམས་པ། །དེ་ཚེ་ཁྱོད་ཀྱིས་སུན་དབྱུང་སུན་འབྱིན་ནུས་མ་ཡིན། །གང་གི་ཚེ་དེ་སྐད་སྨྲས་པ་ན་ཇི་སྐད་བཤད་པའི་ཚུལ་གྱིས་རང་གི་ཕྱོགས་ཁོ་ན་འཇོམས་པར་འགྱུར་ཏེ། ཁྱོད་ཀྱི་སུན་འབྱིན་ཉིད་སུན་ཕྱུང་བའི་ཤུགས་ཀྱིས་ན་རྒྱུ་འབྲས་རང་བཞིན་གྱིས་གྲུབ་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་གྱུར་པ་དེའི་ཚེ་དབུ་མ་པ་ཁྱོད་ཀྱིས་སུན་དབྱུང་བྱ་རྒྱུ་འབྲས་ངོ་བོ་ཉིད་ཀྱིས་གྲུབ་པ་སུན་འབྱིན་པར་ནུས་པ་མ་ཡིན་ནོ། །གཞན་ཡང་། རང་གི་ཚིག་ལའང་ཐལ་བ་མཚུངས་པའི་ལྟག་ཆོད་ཀྱིས། །རིགས་པ་མེད་པར་དངོས་པོ་ཀུན་ལ་སྐུར་འདེབས་ཕྱིར། ཁྱོད་ནི་སྐྱེ་བོ་དམ་པས་བཞེད་པར་མི་འགྱུར་ཞིང་། །རང་ཕྱོགས་མེད་པས་སུན་ཅི་ཕྱིན་དུ་རྒོལ་བའམ་ཡིན། །དེ་ལ་རང་གི་ཚིག་ལའང་ཐལ་བ་མཚུངས་པ་ནི་བཤད་ཟིན་ཏོ། །གང་ཡང་རྒྱུས་མ་ཕྲད་པར་སྐྱེས་ན་མ་ཕྲད་པའི་འབྲས་བུ་ཐམས་ཅད་སྐྱེད་པའམ། ཡང་ན་འགའ་ཡང་སྐྱེ་བར་མི་འགྱུར་རོ་ཞེས་པ་འདི་ནི་མི་རིགས་ཏེ། འདི་ལྟར། མ་ཕྲད་པར་མཚུངས་ཀྱང་། ཁབ་ལེན་གྱིས་ཡུལ་རུང་བ་ན་གནས་པའི་ལྕགས་འདྲེན་གྱི། ཐམས་ཅད་མ་ཡིན་པ་དང་། དེ་བཞིན་དུ་མིག་གིས་མ་ཕྲད་པ་ཁོ་ནར་ཡུལ་རུང་བ་ན་གནས་པའི་གཟུགས་མཐོང་གི་ཐམས་ཅད་མ་ཡིན་པ་དེ་བཞིན་དུ་རྒྱུས་ཀྱང་མ་ཕྲད་པར་འབྲས་བུ་སྐྱེད་དུ་ཟིན་ཀྱང་མ་ཕྲད་པ་ཐམས་ཅད་མི་སྐྱེད་ཀྱི་འབྲས་བུ་རུང་བ་ཁོ་ན་སྐྱེད་པར་འགྱུར་རོ། །དེ་ལྟར་ན་རིགས་པ་མེད་པར་དངོས་པོ་མཐའ་དག་ལ་སྐུར་པ་འདེབས་པ་དེའི་ཕྱིར་ཁྱོད་ནི་སྐྱེ་བོ་དམ་པ་རྣམས་ཀྱིས་བཞེད་པར་མི་འགྱུར་རོ། །གཞན་ཡང་ཁྱོད་ནི་སུན་ཅི་ཕྱིན་དུ་རྒོལ་བར་ཡང་འགྱུར་ཏེ། རང་གི་ཕྱོགས་བཞག་པ་དང་བྲལ་ཞིང་གཞན་གྱི་ཕྱོགས་འབའ་ཞིག་སུན་འབྱིན་པ་ལ་ཞུགས་པ་ཙམ་ཡིན་པའི་ཕྱིར་རོ། །

གཉིས་པ་མི་མཐུན་པའི་རྒྱུ་མཚན་བསྟན་པ་ནི། སུན་འབྱིན་པ་ཡིས་སུན་དབྱུང་ཕྲད་དང་མ་ཕྲད་པ། །སུན་འབྱིན་བྱེད་ཅེས་སྨྲས་པའི་ཉེས་པ་འདི་གང་ལ། །ངེས་པར་ཕྱོགས་ཡོད་དེ་ལ་འགྱུང་གྱི་བདག་ལ་ཕྱོགས། །ཡོད་པ་མིན་པས་ཐལ་བར་འགྱུར་བ་སྲིད་མ་ཡིན། །སུན་འབྱིན་པས་སུན་དབྱུང་བྱ་ཕྲད་པའམ་མ་ཕྲད་པས་སུན་འབྱིན་ཞེས་རང་གི་ཚིག་ལའང་མཚུངས་པའི་ཉེས་པ་འདི་རྒོལ་བ་གང་ལ་སུན་འབྱིན་དང་སུན་དབྱུང་བྱ་གཉིས་ཀ་རང་བཞིན་གྱིས་གྲུབ་བོ་ཞེས་ངེས་པར་ཕྱོགས་ཡོད་པར་སྨྲ་བ་དེ་ལ་འགྱུར་ཏེ། རྣམ་པ་གཞན་མི་སྲིད་པའི་ཕྱིར་རོ། །དབུ་མ་པ་བདག་ལ་ནི་སུན་འབྱིན་དང་སུན་དབྱུང་བྱ་གཉིས་ཀ་རང་བཞིན་གྱིས་མ་སྒྲུབ་པས་རང་གི་ཕྱོགས་ཡོད་པ་མ་ཡིན་པའི་ཕྱིར། སུན་འབྱིན་པས་སུན་དབྱུང་བྱ་ཕྲད་ནས་ཀྱང་སུན་མི་འབྱིན་ལ། མ་ཕྲད་པར་ཡང་སུན་མི་འབྱིན་པས། རང་གི་ཚིག་ལ་ཐལ་བ་མཚུངས་པའི་ཉེས་པ་སྲིད་པ་མ་ཡིན་ནོ། །ཇི་སྐད་དུ། མདོ་ལས། ཚེ་དང་ལྡན་པ་རབ་འབྱོར་སྐྱེས་པའི་ཆོས་ཀྱིས་མ་སྐྱེས་པའི་ཆོས་ཐོབ་པའམ་འཐོབ་པ་འགྱུར་རམ། འོན་ཏེ་མ་སྐྱེས་པའི་ཆོས་ཀྱིས་མ་སྐྱེས་པའི་ཆོས་ཐོབ་པའམ་འཐོབ་པར་འགྱུར། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཁོ་བོ་ནི་སྐྱེས་པའི་ཆོས་ཀྱིས་མ་སྐྱེས་པའི་ཆོས་ཐོབ་པའམ་འཐོབ་པར་མི་འདོད་ལ། མ་སྐྱེས་པས་ཀྱང་མ་སྐྱེས་པའི་ཆོས་ཐོབ་པའམ་འཐོབ་པར་མི་འདོད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅི་ཐོབ་པ་མེད་ཅིང་མངོན་པར་རྟོག་པ་མེད་དམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཐོབ་པའང་ཡོད། མངོན་པར་རྟོགས་པའང་ཡོད་མོད་ཀྱི་གཉིས་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཐོབ་པ་དང་མངོན་པར་རྟོགས་པ་ནི་འཇིག་རྟེན་གྱི་ཐ་སྙད་དུ་ཡིན་ལ། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་ཡིན་གྱི་དོན་དམ་པར་ཐོབ་པ་མེད་ཅིང་མངོན་པར་རྟོགས་པ་མེད་དོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །མདོ་འདིས་དོན་དམ་པའི་ཐོབ་པ་དང་། འཐོབ་པ་བཀག་ཅིང་འཇིག་རྟེན་གྱི་ཐ་སྙད་དུ་ཐོབ་པ་དང་། འཐོབ་པ་ཁས་བླངས་པ་དེ་བཞིན་དུ། སུན་དབྱུང་བྱ་དང་། སུན་འབྱིན་པ་ཕྲད་པ་དང་མ་ཕྲད་པ་མ་ཡིན་མོད་ཀྱི། འོན་ཀྱང་ཐ་སྙད་དུ་སུན་འབྱིན་པས་སུན་དབྱུང་བྱ་སུན་འབྱིན་པར་བྱེད་དོ་ཞེས་ཤེས་པར་བྱའོ། །གཞན་ཡང་རང་བཞིན་མེད་པའི་སུན་འབྱིན་པ་ལས་མངོན་པར་འདོད་པའི་དོན་རྟོགས་པ་དཔེའི་སྒོ་ནས་གསལ་བར་བྱ་བའི་ཕྱིར་བཤད་པ། ཇི་ལྟར་ཉི་མའི་དཀྱིལ་འཁོར་ལ་ཡོད་ཁྱད་པར་རྣམས། །གཟུགས་བརྙན་ལ་ཡང་མཐོང་འགྱུར་དེ་ཚེ་ཉི་མ་དང ། །ཕྲད་དང་མ་ཕྲད་འཐད་པ་མེད་པར་གཟུགས་བརྙན་ནི། །ཐ་སྙད་ཙམ་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན། །དེར་ནི་མེད་ཀྱང་རང་གི་བྱད་བཞིན་མཛེས་པ་དག །སྒྲུབ་པར་བྱེད་པ་དེ་བཞིན་འདིར་ཡང་ཤེས་རབ་གདོང་། །སྦྱང་བར་བྱ་ལ་ནུས་པ་མཐོང་བའི་གཏན་ཚིགས་ནི། །མི་བདེན་པས་ཀྱང་བསྒྲུབ་བྱ་རྟོགས་པར་ཤེས་པར་བྱ། །ཇི་ལྟར་ཉི་མའི་དཀྱིལ་འཁོར་ལ་ཡོད་པའི་གཟས་གཟུང་བ་ལ་སོགས་པའི་ཁྱད་པར་རྣམས། ཆུ་ཤིན་ཏུ་དྭངས་པ་ལ་ཉི་མའི་གཟུགས་བརྙན་ཤར་བ་ན་མཐོང་ཞིང་རྟོགས་པར་འགྱུར་བ་དེའི་ཚེ་གཟུགས་བརྙན་རང་བཞིན་མེད་པས་ཉི་མའི་དཀྱིལ་འཁོར་དང་ཕྲད་པ་དང་མ་ཕྲད་པའི་འཐད་པས་དཔྱད་དུ་མེད་ཀྱང་ཆུ་དྭངས་པ་དང་གཟུགས་ཉེ་བའི་རྐྱེན་ལས་གཟུགས་བརྙན་ཐ་སྙད་ཙམ་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཞིང་རང་བཞིན་མེད་ཀྱང་དེ་ལས་ཉི་མ་ལ་ཡོད་པའི་གཟས་གཟུང་བ་སོགས་ཀྱི་ཁྱད་པར་རྟོགས་པར་འགྱུར་བ་དང་། ཆུ་ཤིན་ཏུ་དྭངས་པའི་ནང་དེར་ཤར་བའི་བཞིན་གྱི་གཟུགས་བརྙན་རང་བཞིན་མེད་ཀྱང་། དེ་ལ་བརྟེན་ནས་རང་གི་བྱད་བཞིན་མཛེས་པ་དང་། མི་མཛེས་པའི་ཁྱད་པར་དག་སྒྲུབ་ཅིང་རྟོགས་པར་བྱེད་པ་དེ་བཞིན་དུ། རང་བཞིན་མེད་པའི་སུན་འབྱིན་གྱིས་སུན་དབྱུང་བྱ་སུན་འབྱིན་པ་འདིར་ཡང་རྒོལ་བ་གང་གི་ཤེས་རབ་ཀྱི་གདོང་མི་ཤེས་པའི་དྲི་མ་སྦྱངས་པར་བྱས་པ་ལས་མངོན་པར་འདོད་པའི་དོན་གྱི་གཟུགས་བསྙན་གཏོད་ནུས་པར་མཐོང་བའི་དབུ་མ་པས་ཇི་སྐད་སྨྲས་པའི་གཏན་ཚིགས་མི་བདེན་པའི་རང་བཞིན་ཅན་གྱིས་ཀྱང་དངོས་པོ་རྣམས་རང་བཞིན་གྱིས་གྲུབ་པར་སྨྲ་བའི་ཕྱོགས་འཐད་པ་དང་བྲལ་བ་སོགས་ཀྱི་བསྒྲུབ་བྱ་རྟོགས་པར་ཤེས་པ་བྱའོ། །གཞན་ཡང་གལ་ཏེ་རང་ལ་གོ་བྱེད་གཏན་ཚིགས་དངོས་ཉིད་དང་། །དངོས་སུ་གོ་བྱ་བསྒྲུབ་བྱའི་ངོ་བོའང་ཡོད་གྱུར་ན། །ཕྲད་སོགས་རིགས་པ་ཉེ་བར་སྦྱོར་བར་འགྱུར་ཞིག་ན། །དེ་ནི་མེད་པས་ཁྱོད་ཀྱི་ཡི་ཆད་འབའ་ཞིག་ཡིན། །གལ་ཏེ་དབུ་མ་པ་ལ་རང་ལུགས་ཀྱི་གོ་བྱེད་ཀྱི་གཏན་ཚིགས་དང་། གོ་བྱའི་བསྒྲུབ་བྱ་ངོ་བོ་ཉིད་ཀྱིས་གྲུབ་པ་འགའ་ཞིག་ཡོད་ན་རྟགས་དང་བསྒྲུབ་བྱ་ཕྲད་པ་དང་མ་ཕྲད་པ་སོགས་ཀྱི་རིགས་པ་ཉེ་བར་སྦྱར་ནས་སུན་འབྱུང་བར་བྱ་བ་ཞིག་ན། ཁོ་བོ་ཅག་ལ་ངོ་བོ་ཉིད་ཀྱིས་གྲུབ་པའི་རྟགས་ལ་སོགས་པ་དེ་ནི་མེད་པས་ཁྱོད་ཀྱིས་ཁོ་བོ་ཅག་ལ་རང་གི་ཚིག་ལའང་ཐལ་བ་མཚུངས་པ་ལ་སོགས་པའི་སུན་འབྱིན་འགོད་པ་ནི་ཡི་ཆད་འབའ་ཞིག་ཡིན་པར་རྟོགས་ཏེ། དཔེར་ན་རབ་རིབ་ཅན་གྱི་དམིགས་པས་རབ་རིབ་མེད་པ་ལ་མི་གནོད་པ་བཞིན་དུ་རང་བཞིན་མེད་པར་སྨྲ་བ་ལའང་གཉིས་ཀྱི་ཕྱོགས་ཡོངས་སུ་བཟུང་ནས་སུན་འབྱིན་པ་བཀོད་པས་མི་གནོད་དོ། །དེ་ཉིད་ཀྱི་ཕྱིར་གང་དག་མིག་དང་ཁབ་ལེན་ལ་སོགས་པ་མ་ཕྲད་པར་རང་གི་བྱ་བ་བྱེད་པར་རྣམ་པར་བཞག་པའི་དཔེ་དེ་དག་ཀྱང་བཀག་པར་རིགས་པར་བྱ་སྟེ། དེ་དག་ལའང་ཐལ་བར་འགྱུར་བ་མཚུངས་པའི་ཕྱིར་རོ། །གཞན་ཡང་། དངོས་རྣམས་རང་བཞིན་མེད་པར་རྟོགས་སུ་གཞུག་པར་ནི། །སླ་བ་དེ་ལྟར་རང་བཞིན་ཡོད་པར་གཞན་དག་ལ། །བདེ་བླག་ཉིད་དུ་སྒྲུབ་པར་ནུས་པ་མ་ཡིན་ན། །ཅི་ཕྱིར་རྟོག་གེ་ངན་པས་འཇིག་རྟེན་འདིར་བཅོལ་བྱེད། །ཇི་ལྟར་རྨི་ལམ་དང་སྒྱུ་མ་ལ་སོགས་པ་དངོས་པོར་སྨྲ་བ་རང་གི་ཕྱོགས་ལ་གྲུབ་པའི་དཔེ་རྣམས་ཁོ་ནས་ཕྱི་དང་ནང་གི་དངོས་པོ་རྣམས་རང་བཞིན་མེད་པར་རྟོགས་སུ་གཞུག་སླ་བ་དེ་ལྟར། དངོས་པོ་རྣམས་རང་བཞིན་ཡོད་པར་གཞན་དབུ་མ་པ་དག་ལ་བདེ་བླག་ཏུ་སྒྲུབ་ནུས་པ་མ་ཡིན་ཏེ། གཉིས་ཀ་ལ་གྲགས་པའི་དཔེ་མེད་པའི་ཕྱིར་ཏེ། ཁོ་བོ་ཅག་དངོས་པོ་འགའ་ལ་རང་བཞིན་ཅུང་ཟད་ཀྱང་ཁས་མི་ལེན་པའི་ཕྱིར་རོ། །དེ་ལྟར་ན་ཁོ་བོས་རྩོད་པ་ཐམས་ཅད་བཟློག་པ་ཡིན་ལ་ལན་སུས་ཀྱང་བརྗོད་ནུས་པ་མ་ཡིན་ནོ། །དེ་བས་ན་འཇིག་རྟེན་དར་གྱི་སྲིན་བུ་ལྟར་རང་གི་རྣམ་པར་རྟོག་པའི་སྦུབས་ཀྱིས་བཏུམས་པའི་སྟེང་དུ། རྟོག་གེ་ངན་པའི་སྲད་བུས་བྲེས་པའི་རྒྱ་ཤིན་ཏུ་བསྲན་ཏེ་མ་ཀུན་ནས་འཛུགས་པར་ཅི་སྟེ་བྱེད། །གཞན་ཡང་། སུན་འབྱིན་ལྷག་མ་གོང་དུ་བསྟན་པའང་ཤེས་བྱས་ནས། །ཕྲད་པའི་བརྟག་པ་ལ་སོགས་ལན་དུ་འདི་བརྗོད་བྱ། །སུན་ཅི་ཕྱིན་དུ་རྒོལ་བའང་ཇི་ལྟར་ཡོད་མིན་ཞེས། །སྔར་བཤད་ལྷག་མ་ཕྱོགས་འདི་ཉིད་ཀྱིས་རྟོགས་པར་བྱ། །རྒྱུ་འབྲས་ངོ་བོ་ཉིད་ཀྱིས་གྲུབ་པར་སྨྲ་བ་ལ་སུན་འབྱིན་ལྷག་མ་སྔར་དངོས་པོ་རྣམས་མཐའ་བཞི་ལས་སྐྱེ་བ་བཀག་པ་སོགས་གོང་དུ་བསྟན་པའང་ཤེས་པར་བྱས་ནས་རྒོལ་བ་གང་གིས་ཁྱོད་ཀྱི་སུན་འབྱིན་འདིས་སུན་དབྱུང་བྱ་ཕྲད་པའང་མ་ཕྲད་པར་སུན་འབྱིན་པ་ཞེས་པའི་བརྟག་པ་སོགས་ཀྱི་ལན་དུ་ཡང་སུན་དབྱུང་བྱ་དང་འབྱིན་བྱེད་གཉིས་ཀའང་མཐའ་བཞི་ལས་སྐྱེ་བ་མེད་པའི་ཕྱིར་ཕྲད་མ་ཕྲད་རྣམ་པར་དཔྱད་དུ་མེད་དོ་ཞེས་པ་འདི་བརྗོད་པར་བྱ་ཞིང་ཁོ་བོ་ཅག་གི་བསྟན་བཅོས་ལས་ནི་རྟོག་པ་ལྡོག་པ་ཙམ་ཞིག་བརྗོད་པར་འདོད་པ་ཡིན་གྱི་རང་གི་ཕྱོགས་འགའ་ཞིག་སྒྲུབ་པའམ། གཞན་གྱི་ཕྱོགས་སེལ་བར་བྱེད་པ་མ་ཡིན་ཏེ། བསལ་བར་བྱ་བའི་དངོས་པོ་ཅུང་ཟད་ཀྱང་མ་དམིགས་པའི་ཕྱིར་རོ། །དེའི་ཕྱིར་ཁོ་བོ་ཅག་ལ་སུན་ཅི་ཕྱིན་དུ་རྒོལ་བའི་ཉེས་པ་ཇི་ལྟར་ཡོད་པ་མ་ཡིན་པ་དེ་ལྟར་སྔར་བཤད་ཟིན་ཏོ། །དེ་ལྟ་བུ་ལ་སོགས་པའི་སུན་འབྱིན་ལྷག་མ་ནི་ཕྱོགས་དེ་ཉིད་ཀྱིས་རྟོགས་པར་བྱའོ། །

དེ་ལྟར་ན་དེ་ཉིད་དེ་ལས་བྱུང་མིན་ཞེས་པ་ནས། རྣམ་པར་དཔྱོད་ན་མྱུར་དུ་གྲོལ་བ་འགྱུར་ཞེས་པའི་བར་གྱི་བདག་མེད་པ་རྒྱས་པར་བསྟན་ནས། ཉོན་མོངས་སྐྱོན་རྣམས་ཞེས་པ་ནས། འདི་ཡན་ཆད་ཀྱིས་ནི་གང་ཟག་གི་བདག་མེད་པ་རྒྱས་པར་བསྟན་ཏོ། །

བདག་མེད་གཉིས་བསྡུས་ཏེ་བསྟན་པ།

དེ་ལྟར་བདག་མེད་པ་གཉིས་རྒྱས་པར་བཤད་ནས། མདོར་བསྡུས་ཏེ་དབྱེ་བ་བསྟན་པར་འདོད་པས་བཤད་པ། བདག་མེད་འདི་ནི་འགྲོ་རྣམས་དགྲོལ་བའི་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །བདག་མེད་པ་འདི་ནི་མདོར་བསྡུ་ན་ཆོས་ཀྱི་བདག་མེད་པ་དང་། གང་ཟག་གི་བདག་མེད་པའི་དབྱེ་བས་རྣམ་པར་གཉིས་སུ་གསུངས་ལ། ཅིའི་ཕྱིར་བདག་མེད་པ་རྣམ་པ་གཉིས་བསྟན་ཅེ་ན། གདུལ་བྱའི་འགྲོ་བ་རྣམས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ལས་དགྲོལ་བར་བྱ་བའི་ཕྱིར་ཏེ། འདི་ལྟར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དག་ལ་ཉོན་མོངས་པའི་སྒྲིབ་པ་ལས་གྲོལ་བར་བྱ་བའི་ཕྱིར་གང་ཟག་གི་བདག་མེད་པ་བསྟན་ལ། ཐེན་པ་ཆེན་པོ་པ་དག་ལ་ཤེས་བྱའི་སྒྲིབ་པ་ལས་གྲོལ་བར་བྱ་བའི་ཕྱིར་ཆོས་ཀྱི་བདག་མེད་པ་བསྟན་ཏོ། །གལ་ཏེ་ཉན་རང་དག་ལའང་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་བཤད་པ་མ་ཡིན་ནམ། ཇི་ལྟར་ན་དེ་དག་ལ་གང་ཟག་གི་བདག་མེད་པ་ཙམ་བསྟན་ཅེ་ན། བདེན་མོད་ཀྱི། འོད་ཀྱང་དེ་དག་ནི་ཤེས་བྱ་ཤེས་པ་ལྷུར་མི་ལེན་པའི་ཕྱིར་ཆོས་ཀྱི་བདག་མེད་རྫོགས་པར་བསྒོམ་པ་མེད་ལ། དེའི་ཕྱིར་དེ་དག་ལ་ཆོས་ཀྱི་བདག་མེད་རྒྱས་པར་མ་བསྟན་ལ། རྣམ་པར་གྲོལ་བ་དོན་དུ་གཉེར་བའི་ཕྱིར་ཁམས་གསུམ་གྱི་ཉོན་མོངས་པ་སྤོང་བའི་ཐབས་གང་ཟག་གི་བདག་མེད་པ་ཡོངས་སུ་རྫོགས་པར་བསྒོམ་པ་ཡོད་ལ། དེའི་ཕྱིར་གང་ཟག་གི་བདག་མེད་པ་ཙམ་ཞིག་བསྟན་ཏོ། །དེ་ལྟ་ནའང་གང་ཟག་གི་བདག་མེད་པ་རྟོགས་པ་ཕུང་པོ་རང་བཞིན་མེད་པ་རྟོགས་པ་ལ་རག་ལས་པའི་ཕྱིར་ཆོས་ཀྱི་བདག་མེད་རྟོགས་པ་མེད་པ་མ་ཡིན་ནོ། །དེ་ལྟར་སྟོན་པས་སླར་ཡང་འདི་གཉིས་ནི། །གདུལ་བྱ་རྣམས་ལ་ཕྱེ་སྟེ་རྣམས་མང་གསུངས། །བདག་མེད་པ་རྣམ་པ་འདི་གཉིས་ནི་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་བསམ་པའི་དབང་གིས་མང་པོར་ཕྱེ་སྟེ་བསྟན་ཏོ། །ཇི་ལྟར་ཞེ་ན། སྤྲོས་དང་བཅས་པར་སྟོང་པ་ཉིད། །བཅུ་དྲུག་བཤད་ནས་མདོར་བསྡུས་ཏེ། །སླར་ཡང་བཞིར་བཤད་དེ་དག་ནི། །ཐེག་ཆེན་དུ་ཡང་བཞེད་པ་ཡིན། །ཇི་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་དེ་ནི་འདི་ལྟར་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པར་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །ཞེས་སྤྲོས་པ་དང་བཅས་ཏེ་སྟོང་པ་ཉིད་བཅུ་དྲུག་ཏུ་བཤད་ནས། རབ་འབྱོར་གཞན་ཡང་དངོས་པོ་ནི་དངོས་པོས་སྟོང་ངོ་། །དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ། །རང་བཞིན་ནི་རང་བཞིན་གྱིས་སྟོང་ངོ་། །གཞན་གྱི་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་ངོ་། །ཞེས་མདོར་བསྡུས་ནས་སླར་སྟོང་པ་ཉིད་བཞིར་བཤད་དེ། སྟོང་པ་ཉིད་འདི་དག་ནི་ཐེག་པ་ཆེན་པོ་ཞེས་ཀྱང་བྱ་སྟེ། ཤེས་བྱའི་སྒྲིབ་པའི་གཉེན་པོར་ཆོས་ཀྱི་བདག་མེད་རྒྱས་པར་བསྟན་པ་ཡིན་པའི་ཕྱིར་རོ། །སྟོང་ཉིད་བཅུ་དྲུག་པོ་དེ་དག་རེ་རེ་ནས་བསྟན་པའི་ཕྱིར་བཤད་པ། གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་མིག་ནི་མིག་གིས་སྟོང་། །དེ་བཞིན་རྣ་བ་སྣ་དང་ལྕེ། ། ལུས་དང་ཡིད་ཀྱང་བསྙད་པར་བྱ། །ཐེར་ཟུག་གནས་པ་མ་ཡིན་དང་། །འཇིག་པ་མ་ཡིན་ཉིད་ཀྱི་ཕྱིར། །མིག་ལ་སོགས་པའི་དྲུག་པོ་ཡི། །རང་བཞིན་མེད་ཉིད་གང་ཡིན་པ། །དེ་ནི་ནང་སྟོང་ཉིད་དུ་འདོད། །དེ་ལ་མིག་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་ལ་ནི་ནང་གི་ཆོས་ཞེས་བྱ་ལ། གལ་ཏེ་དེ་དག་ལའང་རང་བཞིན་ཅུང་ཞིག་ཡོད་ན་མི་འཇིག་པ་ཐེར་ཟུར་ཏུ་གནས་པའམ། སྐད་ཅིག་དང་རྒྱུན་གྱིས་འཇིག་པའི་མི་རྟག་པར་འགྱུར་ཏེ། དངོས་པོ་ལ་རྣམ་པ་གཞན་མི་སྲིད་པའི་ཕྱིར་རོ། །དེ་དག་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཀུན་བརྟགས་པ་ཙམ་ལས་རང་བཞིན་ཅུང་ཟད་ཀྱང་མེད་པའི་ཕྱིར་ཐེར་ཟུག་ཏུ་གནས་པ་རྟག་པའང་མ་ཡིན་ལ། སྐད་ཅིག་དང་རྒྱུན་གྱིས་འཇིག་པ་མི་རྟག་པ་ཉིད་ཀྱང་མ་ཡིན་པའི་ཕྱིར་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དྲུག་པོ་ནི་གདོད་མ་ནས་རང་རང་གི་ངོ་བོས་སྟོང་པའི་རང་བཞིན་མེད་པ་གང་ཡིན་པ་དེ་ཉིད་ནི་ནང་སྟོང་པ་ཉིད་དུ་འདོད་དོ། །ཅིའི་ཕྱིར་མིག་ལ་སོགས་པ་དེ་དག་རང་བཞིན་མེད་པར་ཡིན་ཞེ་ན། གང་གི་ཕྱིར་མིག་ལ་སོགས་པ་དེ་དག་རང་བཞིན་ནི་སྟོང་པ་ཉིད་དེ་ཉིད་ཡིན་པའི་ཕྱིར་རོ། །འདིར་མིག་ལ་སོགས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཐོ་བས་བུམ་པ་བཅོམ་པ་ལྟ་བུའི་དངོས་པོ་མེད་པ་མ་ཡིན་ལ། ལུང་པ་ཆུས་སྟོང་པ་ལྟ་བུ་དགག་བྱ་དོན་གཞན་གྱིས་དབེན་པའང་མ་ཡིན། དགག་གི་ངོ་བོའང་མ་ཡིན་ཏེ་དེ་དག་ནི་གོ་རིམ་བཞིན་ཆད་པའི་སྟོང་པ་ཉིད་དང་། ཉི་ཚེ་བའི་སྟོང་པ་ཉིད་ཡིན་པས་སྒྲིབ་པ་གཉིས་ཀྱི་གཉེན་པོར་མི་རུང་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། མིག་ལ་སོགས་པའི་ཆོས་ཅན་དེ་དག་ཉིད་ཀྱི་རང་གི་ངོ་བོ་རྟག་མི་རྟག་ལ་སོགས་པའི་སྤྲོས་པའི་མཐའ་གང་དུའང་མི་གནས་པའི་ཕྱིར་སྟོང་པ་ཉིད་ཅེས་ཐ་སྙད་བཏགས་པར་ཟད་དོ། །དེ་ལྟ་བུའི་སྟོང་པ་ཉིད་ནི་གནས་ལུགས་ཀྱི་དེ་ཁོ་ན་ཉིད་ཡིན་ཏེ། དེ་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པ་ལས་ནི་སྒྲིབ་པ་གཉིས་སྤོང་བར་འགྱུར་བའི་ཕྱིར་ཏེ། འདི་ལྟར་ཉོན་མོངས་པ་དང་རྣམ་པར་རྟོག་པ་རྣམས་ནི་ཕྱི་དང་ནང་གི་ཆོས་རྣམས་ལ་དངོས་པོར་མངོན་པར་ཞེན་པ་ལས་བྱུང་བ་ཡིན་ལ། གང་གི་ཚེ་རྣལ་འབྱོར་པས་ཆོས་ཐམས་ཅད་གདོད་མ་ནས་རང་གི་ངོ་བོས་སྟོང་པའི་མཐའ་གང་དུའང་མི་གནས་པར་རྟོགས་པ་དེའི་ཚེ་དངོས་པོར་མངོན་པར་ཞེན་པ་ལྡོག་པས་ཉོན་མོངས་པ་དང་རྣམ་པར་རྟོག་པ་སྐྱེ་བའི་གོ་སྐབས་མེད་དོ། །དེའི་ཕྱིར་བསྟན་བཅོས་ལས་ཀྱང་། ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་དང་། རིགས་པ་དྲུག་ཅུ་པར་ཡང་། གང་ཡང་རུང་བའི་གནས་རྙེད་ནས། །ཉོན་མོངས་སྦྲུལ་གདུག་གཡོན་ཅན་གྱིས། །ཟིན་པར་འགྱུར་ཏེ་གང་གི་སེམས། །གནས་མེད་དེ་ལྟར་ཟིན་མི་འགྱུར། །ཅེས་གང་གསུངས་པ་ཡིན་ནོ། །

དེའི་ཕྱིར་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པའི་སྟོང་པ་ཉིད་ནི། ལྟ་བ་ཐམས་ཅད་ཀྱི་གཉེན་པོ། འཕགས་པའི་གང་ཟག་ཐམས་ཅད་ཀྱི་གཤེགས་པའི་ལམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསུང་རབ་ཐམས་ཅད་ཀྱི་བརྗོད་བྱའི་སྙིང་པོ་ཡིན་པར་བདག་ལེགས་སུ་འདོད་པ་དག་གིས་ཡིད་ཆེས་པར་བྱའོ། །གང་ཟག་སྟོང་པ་ཉིད་དོན་དམ་པའི་བདེན་པ་དོན་ལ་ཡོད་པར་འཛིན་པ་དེ་དག་གི་ལྟ་བ་དེ་ནི་སྒྲིབ་པ་གཉིས་ཀྱི་གཉེན་པོར་རུང་བ་མ་ཡིན་ཏེ། འདི་ལྟར། གཉེན་པོ་གང་གིས་སྤང་བྱ་གང་ཞིག་འཇོམས་པ་དེ་ནི་སྤང་བྱ་དེ་དང་། དམིགས་ཡུལ་གཅིག་ལ་འཛིན་སྟངས་འགལ་བ་ཞིག་དགོས་པ་ཡིན་ཏེ། དཔེར་ན། སྒྲ་མི་རྟག་པར་ངེས་པ་དང་སྒྲ་རྟག་པ་འཛིན་པ་བཞིན་ནོ། །ཀུན་རྫོབ་ལས་མ་གཏོགས་པའི་དོན་དམ་ཡོད་པར་ལྟ་བ་གང་ཡིན་པ་དེ་ནི་ཕུང་པོ་ལ་ལོག་པར་ཞུགས་པའི་ཉོན་མོངས་དང་རྣམ་རྟོག་དག་དང་དམིགས་ཡུལ་གཅིག་ལ་དམིགས་པའང་མ་ཡིན་ལ། འཛིན་སྟངས་འགལ་བའང་མ་ཡིན་ཏེ། བདེན་གཉིས་ཐ་དད་པ་ལ་དམིགས་པའི་ཕྱིར་དང་། དམིགས་ཡུལ་བདེན་པར་འཛིན་པའི་མངོན་ཞེན་དུ་མཚུངས་པའི་ཕྱིར་རོ། །འདིས་ཉོན་མོངས་པ་དང་རྣམ་པར་རྟོག་པའི་གཉེན་པོ་མི་བྱེད་པར་མ་ཟད་དེ་དག་གིས་ས་བོན་བརྟས་པར་ཡང་བྱེད་པ་ཡིན་ཏེ། འདི་ལྟར། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ནི་བདག་ཏུ་འཛིན་པའི་རྒྱུ་ཅན་ཡིན་ལ། གང་ཞིག་ཕུང་པོ་ལས་མ་གཏོགས་པའི་དོན་དམ་པའི་བདག་ཡོད་པར་མངོན་པར་ཞེན་པ་དེས་ནི་ཕུང་པོ་ལ་བདག་ཏུ་འཛིན་པའང་ཉིན་རེ་ཞིང་འཕེལ་བར་བྱེད་པ་ཡིན་ཏེ། དཔེར་ན་གྲངས་ཅན་དང་། བྱེ་བྲག་པའི་བདག་ལྟ་བཞིན། བདེ་བར་གཤེགས་པའི་སྙིང་པོའི་མིང་ཅན་གྱི་བདག་རྟག་པ་སེམས་ཅན་རྣམས་ལ་དོན་དམ་པར་ཡོད་པར་ལྟ་བ་དག་ཀྱང་དེ་ལྟ་བུའི་ངང་ཚུལ་ཅན་ཡིན་ནོ། །གང་ཞིག་སྤྲོས་པ་ལ་མངོན་པར་དགའ་བ་དེ་དག་ལ་རྣམ་པར་རྟོག་པ་དག་འཕེལ་བར་འགྱུར་ཏེ། དཔེར་ན་བྱིས་པ་རྣམས་བཞིན་ནོ། །བདེ་བར་གཤེགས་པའི་སྙིང་པོ་གཙང་བདེ་རྟག་བདག་སོགས་སུ་ཞེན་པ་དག་ཀྱང་སྤྲོས་པ་ལ་མངོན་པར་དགའ་བ་ཡིན་ནོ། །དེ་བས་མཐར་འཛིན་གྱི་ལྟ་བ་ཐམས་ཅད་དྲུངས་ནས་འབྱིན་པར་ནུས་པའི་གཉེན་པོ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་པའི་ལྟ་བ་དང་གང་ཟག་རྣམས་ལ་རྣམ་གྲངས་དུ་མས་སྨོད་ཅིང་། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉོན་མོངས་དང་། རྣམ་རྟོག་གི་ས་བོན་འཕེལ་བར་བྱེད་པའི་ཞེན་ལྟ་ལ་སྒོ་དུ་མ་ནས་བསྟོད་ཅིང་། དེ་ཉིད་ལ་རང་གནས་ནས་གཞན་དག་ཀྱང་འགོད་པར་བྱེད་པའི་སྒོ་ནས་རང་ཕུང་བར་མ་ཟད་གཞན་དག་ཀྱང་ཕུང་བར་བྱེད་པའི་མི་དགེ་བའི་བཤེས་གཉ ེན་དེ་དག་ནི་ཐར་པ་འདོད་པ་རྣམས་ཀྱི་མཆིས་མའི་ཐལ་བ་བཞིན་དུ་རྒྱང་རིང་དུ་དོར་བར་རིགས་སོ། །དེ་ལ་ཕྱི་སྟོང་པ་ཉིད་ནི། གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་གཟུགས་ནི་གཟུགས་ཀྱིས་སྟོང་། །སྒྲ་དང་དྲི་རོ་རེག་བྱ་དང་། །ཆོས་རྣམས་ཉིད་ཀྱང་དེ་བཞིན་ནོ། །གཟུགས་སོགས་རང་བཞིན་མེད་པ་ཉིད། །ཕྱི་རོལ་སྟོང་པ་ཉིད་དུ་འདོད། །གཟུགས་ལ་སོགས་པ་ཕྱིའི་སྐྱེ་མཆེད་དྲུག་ནི་ཕྱིའི་ཆོས་ཞེས་བྱ་ལ། དེ་དག་སྔར་ཇི་སྐད་བཤད་པའི་ཚུལ་གྱིས་རང་གི་ངོ་བོས་སྟོང་པ་གང་ཡིན་པ་དེ་ནི་ཕྱི་སྟོང་པ་ཉིད་ཅེས་བྱའོ། །གཉིས་ཀ་རང་བཞིན་མེད་ཉིད་ན། །ཕྱི་ནང་སྟོང་པ་ཉིད་ཡིན་ནོ། །ཕྱི་དང་ནང་གི་སྐྱེ་མཆེད་གཉིས་ཀ་རང་གི་ངོ་བོས་སྟོང་པའི་རང་བཞིན་མེད་པ་ཉིད་ནི་ཕྱི་ནང་སྟོང་པ་ཉིད་དོ། །གཞན་དག་ནི་དབང་ལྡན་ཁོག་པ་ཉིད་རྒྱུད་ཀྱི་ནང་དང་། སྐྱེ་མཆེད་ཀྱི་ཕྱི་ཡིན་པས་ཕྱི་ནང་སྟོང་པ་ཉིད་ཀྱི་གཞིར་འདོད་དོ། །ཆོས་རྣམས་རང་བཞིན་མེད་པ་ཉིད། །མཁས་པས་སྟོང་པ་ཉིད་ཅེས་བསྙད། །སྟོང་ཉིད་དེ་ཡང་སྟོང་ཉིད་ཀྱིས། །ངོ་བོ་སྟོང་པར་འདོད་པ་ཡིན། །སྟོང་ཞེས་བྱ་བའི་སྟོང་ཉིད་གང་། །སྟོང་ཉིད་སྟོང་ཉིད་དུ་འདོད་དེ། །སྟོང་ཉིད་དངོས་པོའི་བློ་ཅན་གྱིས། །འཛིན་པ་ཟློག་ཕྱིར་གསུངས་པ་ཡིན། །ཕྱི་དང་ནང་གི་ཆོས་རྣམས་རང་གི་ངོ་བོས་སྟོང་པའི་རང་བཞིན་མེད་པ་ཉིད་གང་ཡིན་པ་ནི་སྟོང་པ་ཉིད་ཅེས་བསྙད་ལ། སྟོང་པ་ཉིད་དེའང་ཇི་སྐད་དུ། གལ་ཏེ་མི་སྟོང་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཅེས་གསུངས་པ་ལྟར། གལ་ཏེ་རང་གི་ངོ་བོས་མི་སྟོང་པའི་ཆོས་ཅུང་ཟད་ཅིག་ཡོད་ན་དགག་གཞི་དེ་ལྟ་བུའི་སྟེང་དུ་དགག་བྱ་འགའ་ཞིག་བཀག་པའི་ཆོས་སྟོང་པ་ཉིད་ཅེས་བྱ་བ་ཡོད་པར་འགྱུར་ན་སྔར་བཤད་པའི་རིགས་པས་མི་སྟོང་པའི་ཆོས་ཅུང་ཟད་ཀྱང་མེད་ན། སྟོང་པ་ཉིད་ཅེས་བྱ་བ་རང་གི་ངོ་བོས་གྲུབ་པ་ཅུང་ཟད་ཀྱང་ལྟ་ཡོད་རེ་སྐན། དེའི་ཕྱིར་སྟོང་ཉིད་དེའང་སྟོང་པ་ཉིད་རང་གི་ངོ་བོས་སྟོང་པ་ཡིན་ལ། དེ་ནི་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ། །

དེ་ཅིའི་ཕྱིར་བཤད་ཅེ་ན། བླུན་པོ་གང་དག་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ན་སྟོང་པ་ཉིད་ལའང་དངོས་པོའམ་བདེན་པར་ཞེན་པ་དེ་དག་གི་འཛིན་པ་བཟློག་པའི་ཕྱིར་གསུངས་པ་ཡིན་ཏེ། ཇི་སྐད་དུ། ཀུན་རྟོག་ཐམས་ཅད་གཞོམ་པའི་ཕྱིར། །སྟོང་ཉིད་བདུད་རྩི་བསྟན་པར་མཛད། །གང་དག་དེ་ལའང་འཛིན་ཡོད་པ། །དེ་ནི་ཁྱོད་ཀྱིས་སྨད་པར་མཛད། །ཅེས་གསུངས་ཤིང་། རྒྱན་སྟུག་པོ་བཀོད་པ་ལས་ཀྱང་། སྟོང་པ་ཉིད་ཀྱི་ལྟ་ཐོས་ཀྱང་། །ལ་ལའི་ལྟ་བ་མ་ཞིག་ན། །གསོར་མི་རུང་བའི་ལྟ་ཅན་ཏེ། །སྨན་པས་བོར་བའི་ནད་པ་བཞིན། །ཅེས་སྟོང་པ་ཉིད་བདེན་པར་འཛིན་པ་དག་ནི་སྨན་པས་བོར་བའི་ནད་པ་བཞིན་དུ་གསོར་མི་རུང་བའི་ལྟ་བ་ཅན་དུ་གསུངས་པའི་ཕྱིར་རོ། །སེམས་ཅན་སྣོད་ཀྱི་འཇིག་རྟེན་ནི། །མ་ལུས་ཁྱབ་བྱེད་ཉིད་ཕྱིར་དང་། །ཚད་མེད་དཔེ་ཡི་མུ་མཐའ་ནི། །མེད་ཕྱིར་ཕྱོགས་རྣམས་ཆེན་པོ་ཉིད། །འདི་དག་བཅུ་ཆར་ཕྱོགས་རྣམས་ཀྱིས། །སྟོང་པ་ཉིད་དེ་གང་ཡིན་པ། །ཆེན་པོ་སྟོང་པ་ཉིད་ཡིན་ཏེ། །ཆེན་པོར་འཛིན་པ་བཟློག་ཕྱིར་གསུངས། །ཤར་ལ་སོགས་པའི་ཕྱོགས་རྣམས་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་མ་ལུས་པ་ལ་ཁྱབ་པར་བྱེད་པ་ཡིན་ཏེ། ཕྱོགས་ཀྱི་ཆ་དེ་དང་དེ་ན་གནས་པའི་སེམས་ཅན་དང་སྣོད་རྣམས་ལ་ཤར་ལ་སོགས་པའི་ཕྱོགས་དེ་དང་དེར་འདོགས་པའི་ཕྱིར་རོ། །དེ་ལྟར་ན་མ་ལུས་པ་ཁྱབ་པར་བྱེད་པའི་ཕྱིར་ཕྱོགས་རྣམས་ཆེན་པོ་ཉིད་དོ། །གཞན་ཡང་བྱམས་པ་ལ་སོགས་པ་བསྒོམ་པ་ནི་ཕྱོགས་ཡོངས་སུ་བཅད་ནས་བསྒོམ་པས་ན་ཕྱོགས་རྣམས་ཚད་མེད་པའི་དཔེ་ཅན་དུ་གནས་པ་དེའི་ཕྱིར་མུ་མེད་པས་ཀྱང་ཆེན་པོ་ཉིད་ཤར་ལ་སོགས་པ་འདི་དག་བཅུ་ཆར་ཡང་ཕྱོགས་རྣམས་ཀྱི་ངོ་བོས་སྟོང་པ་གང་ཡིན་པ་ནི་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །འདི་ཅིའི་ཕྱིར་བཤད་ཅེ་ན། བྱེ་བྲག་པ་ལ་སོགས་པ་རྣམས་ནི་ཐམས་ཅད་ལ་ཁྱབ་པའི་ཆེན་པོའི་རྫས་སུ་འཛིན་པས་དེ་བཟློག་པའི་ཕྱིར་གསུངས་སོ། །འདི་ནི་དགོས་པའི་མཆོག་ཡིན་པས། །དོན་དམ་མྱ་ངན་འདས་པ་ཡིན། །དེ་ནི་དེ་ཡིས་སྟོང་ཉིད་གང་། །དེ་ནི་དོམ་དམ་སྟོང་པ་ཉིད། །མྱ་ངན་འདས་དངོས་བློ་ཅན་གྱི། །འཛིན་པ་བཟློག་པར་བྱ་བའི་ཕྱིར། །དོན་དམ་མཁྱེན་པས་དོན་དམ་པ། །སྟོང་པ་ཉིད་ནི་བསྟན་པར་མཛད། །མྱ་ངན་ལས་འདས་པ་ནི་སྐྱེ་བུའི་དགོས་པ་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་དོན་དམ་པ་ཞེས་བྱ་ལ། དེའང་ཇི་སྐད་དུ། གལ་ཏེ་མྱ་ངན་འདས་དངོས་ན། །མྱ་ངན་ལས་འདས་པ་འདུས་བྱས་འགྱུར། །དངོས་པོ་འདུས་བྱས་མ་ཡིན་པ། །འགའ་ཡང་གང་ནའང་ཡོད་མ་ཡིན། །ཞེས་པའི་ཚུལ་གྱིས་བདེན་པར་མེད་པའི་ཕྱིར་མྱ་ངན་ལས་འདས་པ་དེ་ནི་དེ་ཡིས་སྟོང་པ་གང་ཡིན་པ་ནི་དོན་དམ་པ་སྟོང་པ་ཉིད་ཅེས་བྱའོ། །འདི་ཅིའི་ཕྱིར་བཤད་ཅེ་ན། བྱེ་བྲག་ཏུ་སྨྲ་བ་གང་དག་མྱ་ངན་ལས་འདས་པ་འགོག་པ་རྫས་གྲུབ་ཀྱི་དངོས་པོར་འདོད་པ་དག་གི་འཛིན་པ་བཟློག་པའི་ཕྱིར་གསུངས་པ་ཡིན་ནོ། །རྐྱེན་ལས་བྱུང་ཕྱིར་ཁམས་གསུམ་པོ། །འདུས་བྱས་ཡིན་པར་ངེས་པར་བསྙད། །དེ་ཉིད་དེ་ཡིས་སྟོང་ཉིད་གང་། །དེ་ནི་འདུས་བྱས་སྟོང་ཉིད་བསྙད། །འདོད་པ་ལ་སོགས་པའི་ཁམས་གསུམ་པོ་དེ་ནི་རྒྱུ་དང་རྐྱེན་ལས་སྐྱེས་པའི་ཕྱིར་འདུས་བྱས་ཞེས་བྱ་ལ། དེ་ཉིད་དེ་ཡིས་སྟོང་པ་ནི་འདུས་བྱས་སྟོང་པ་ཉིད་དོ། །གང་ལ་སྐྱེ་གནས་འཇིག་མེད་པ། །དེ་ནི་འདུས་མ་བྱས་ཞེས་བརྗོད། །འདི་ཡི་སྟོང་ཉིད་གང་ཡིན་པ། །དེ་ནི་འདུས་མ་བྱས་སྟོང་ཉིད། །གང་ལ་ཐོག་མར་སྐྱེ་བ་དང་བར་དུ་གནས་པ་དང་ཐ་མར་འཇིག་པ་མེད་པ་དེ་ནི་འདུས་མ་བྱས་ཞེས་བྱ་ལ། དེ་རང་གི་ངོ་བོས་སྟོང་པ་གང་ཡིན་པ་དེ་ནི་འདུས་མ་བྱས་སྟོང་པ་ཉིད་དོ། །འདི་ཅིའི་ཕྱིར་བཤད་ཅེ་ན། བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་ནམ་མཁའ་ལ་སོགས་པ་འདུས་མ་བྱས་དག་ཀྱང་རྟག་པའི་རྫས་སུ་འཛིན་པ་བཟློག་པའི་ཕྱིར་བཤད་དོ། །གང་ལ་མཐའ་ནི་ཡོད་མིན་པ། །དེ་ནི་མཐའ་ལས་འདས་པར་བརྗོད། །དེ་ཡི་སྟོང་ཉིད་གང་ཡིན་པ། །དེ་ནི་མཐའ་ལས་འདས་སྟོང་ཉིད། །གང་ལ་རྟག་པ་དང་ཆད་པའི་མཐའ་ཡོད་པ་མ་ཡིན་པ་དེ་ནི་མཐའ་ལས་འདས་པ་སྟེ་དབུ་མའི་ལམ་མོ། །དེ་ཉིད་རང་གི་ངོ་བོས་སྟོང་པ་གང་ཡིན་པ་དེ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །འདིའང་རྟག་ཆད་སྤངས་པ་དབུ་མའི་ལམ་ལ་མངོན་པར་ཞེན་པ་བཟློག་པའི་ཕྱིར་བཤད་དོ། །ཐོག་མ་དང་པོ་ཐ་མ་མཐའ། །དེ་དག་མེད་ཕྱིར་འཁོར་བ་ནི། །ཐོག་མ་ཐ་མ་མེད་པར་བརྗོད། །འགྲོ་འོང་བྲལ་ཕྱིར་རྨི་ལམ་ལྟའི། །སྲིད་འདི་དེ་ཡིས་དབེན་ཉིད་གང་། །དེ་ནི་ཐོག་མ་དང་ཐ་མ། །མེད་པའི་སྟོང་པ་ཉིད་དོ་ཞེས། །བསྟན་བཅོས་ལས་ནི་ངེས་པར་བསྙད། །འཁོར་བ་ལ་ནི་ཐོག་མའམ་དང་པོ་ཡོད་པ་མ་ཡིན་ཏེ། རྒྱུ་མེད་དུ་འབྱུང་བར་ཐལ་བའི་ཕྱིར་རོ། །ཐོག་མ་མེད་པའི་ཕྱིར་ཐ་མ་མེད་དེ། ཐ་མ་ནི་ཐོག་མ་ལ་སྟོས་པའི་ཕྱིར་རོ། །གང་ལ་ཐོག་མ་དང་ཐ་མ་མེད་པ་དེ་ལ་དབུས་ཡོད་པ་མ་ཡིན་ཞིང་། གང་ལ་ཐོག་མ་དང་ཐ་མ་དང་དབུས་མ་དམིགས་པ་དེ་ལ་སྔ་མ་ནས་འདིར་འོང་བ་དང་འདི་ནས་ཕྱི་མར་འགྲོ་བ་མེད་དོ། །དེའི་ཕྱིར་རྨི་ལམ་ལྟ་བུའི་སྲིད་པ་འདི་ངོ་བོ་ཉིད་ཀྱིས་དབེན་པ་གང་ཡིན་པ་དེ་ཉིད་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ་ཞེས་འཆོས་སྐྱོབ་ཀྱི་ཡོན་ཏན་དང་ལྡན་པའི་བསྟན་བཅོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བསྙད་དོ། །དོར་བ་ཞེས་བྱ་འཐོར་བ་དང་། །འབོར་བ་ལ་ནི་ངེས་པར་བརྗོད། །དོར་མེད་གཏོང་བ་མེད་པ་སྟེ། །འགའ་ཡང་བོར་མེད་གང་ཡིན་པའོ། །དོར་བ་མེད་པ་དེ་ཉིད་ཀྱིས། །དེ་ཉིད་སྟོང་པ་གང་ཡིན་པ། །དེ་ཡི་ཕྱིར་ན་དོར་མེད་པ། །སྟོང་པ་ཉིད་ཅེས་བྱ་བར་བརྗོད། །དོར་བ་ནི་འབོར་བ་དང་འཐོར་བ་དང་གཏོང་བ་ལ་ངེས་པར་བརྗོད་ཅིང་། ཐ་སྙད་དུ་འགའ་ཡང་འབོར་བའམ་དོར་བྱར་མེད་ཅིང་བླང་བར་བྱ་བ་སྤྱིན་པ་ལ་སོགས་པའི་དགེ་བ་གང་ཡིན་པ་དེ་ནི་དོར་བ་མེད་པ་ཡིན་ལ། དོར་བ་མེད་པ་དེ་ཉིད་ཀྱིས་དེ་ཉིད་སྟོང་པ་གང་ཡིན་པ་དེ་ནི་དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱ་སྟེ། འདིའང་དགེ་བ་ལ་བླང་བྱར་མངོན་པར་ཞེན་པ་བཟློག་པའི་ཕྱིར་གསུངས་སོ། །འདུས་བྱས་ལ་སོགས་ངོ་བོ་ཉིད། །གང་ཕྱིར་སློབ་མ་རང་སངས་རྒྱས། །རྒྱལ་སྲས་དེ་བཞིན་གཤེགས་རྣམས་ཀྱིས། །མ་མཛད་དེ་ཕྱིར་འདུས་བྱས་ལ། །སོགས་པ་རྣམས་ཀྱི་ངོ་བོ་ཉིད། །རང་བཞིན་ཉིད་དུ་བསྙད་པ་སྟེ། །དེ་ཉིད་དེ་ཡིས་སྟོང་ཉིད་གང་། །དེ་ནི་རང་བཞིན་སྟོང་པ་ཉིད། །འདུས་བྱས་དང་འདུས་མ་བྱས་ལ་སོགས་པའི་ངོ་བོ་གང་ཡིན་པ་དེ་ནི་སློབ་མ་ཉན་ཐོས་ལ་སོགས་པའི་ཤེས་པ་དང་མཐོང་བས་མ་མཛད་པ་དེའི་ཕྱིར་ངོ་བོ་ཉིད་ཅེས་བསྙད་ལ། དེ་ཉིད་དེ་ཡིས་སྟོང་པ་ཉིད་གང་ཡིན་པ་དེ་ནི་རང་བཞིན་སྟོང་པ་ཉིད་ཅེས་བསྙད་དོ། །ཁམས་བཅོ་བརྒྱད་དང་རེག་དྲུག་དང་། །དེ་ལས་བྱུང་བའི་ཆོས་དྲུག་དང་། །གཟུགས་ཅན་གཟུགས་ཅན་མིན་དེ་བཞིན། །འདུས་བྱས་འདུས་མ་བྱས་ཆོས་རྣམས། །ཆོས་དེ་དག་ནི་ཐམས་ཅད་ཀྱི། །དེ་དག་གིས་དབེན་སྟོང་ཉིད་གང་། །མིག་ལ་སོགས་པ་ནང་གི་ཁམས་དྲུག་དང་། གཟུགས་ལ་སོགས་པ་ཕྱིའི་ཁམས་དྲུག་དང་། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས་པའི་ཁམས་དྲུག་སྟེ་ཁམས་བཅོ་བརྒྱད་དང་། མིག་གི་འདུས་ཏེ་རེག་པ་ལ་སོགས་པ་རེག་པ་དྲུག་དང་། དེ་དག་ལས་བྱུང་བའི་ཚོར་བ་དྲུག་ལ་སོགས་པ་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོས་སྟོང་པ་ཉིད་གང་ཡིན་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །གཟུགས་རུང་ལ་སོགས་དངོས་མེད་གང་། །དེ་ནི་རང་མཚན་སྟོང་པ་ཉིད། །གཟུགས་ནས་རྣམ་མཁྱེད་གྱི་བར་གྱི་ཆོས་རྣམས་ཀྱི་རང་གི་མཚན་ཉིད་གཟུགས་སུ་རུང་བ་ལ་སོགས་པ་རྣམས་བདེན་པའི་དངོས་པོར་མེད་པ་གང་ཡིན་པ་དེ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །

གཟུགས་སོགས་ཆོས་རྣམས་ཀྱི་མཚན་ཉིད་བསྟན་པ།

གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་མཚན་ཉིད་ཅི་ཞེ་ན། རྒྱས་པར་བསྟན་པའི་ཕྱིར་བཤད་པ། གཟུགས་ནི་གཟུགས་རུང་མཚན་ཉིད་ཅན། །ཚོར་བ་མྱོང་བའི་མཚན་ཉིད་ཅན། །འདུ་ཤེས་མཚན་མར་འཛིན་པ་སྟེ། །འདུ་བྱེད་མངོན་པར་འདུ་བྱེད་པའོ། །ཡུལ་ལ་སོ་སོར་རྣམ་རིག་པ། །རྣམ་ཤེས་རང་གི་མཚན་ཉིད་དོ། །ཕུང་པོ་སྡུག་བསྔལ་རང་མཚན་ཉིད། ཁམས་ཀྱི་བདག་ཉིད་སྦྲུལ་གདུག་འདོད། །གཟུགས་ནི་གཟུགས་ཅན་ནང་ཕན་ཚུན་ཕྲད་པ་ན་འགྱུར་བ་སྐྱེད་དུ་རུང་བའི་ཕྱིར་གཟུགས་སུ་རུང་བའི་མཚན་ཉིད་ཅན་ནོ། །ཚོར་བ་ནི་དགེ་སྡེག་གི་རྣམ་སྨིན་སིམ་གདུང་སོགས་མྱོང་བའི་མཚན་ཉིད་ཅན་ནོ། །འདུ་ཤེས་ནི་ཆོས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་མཚན་མ་འཛིན་པའི་མཚན་ཉིད་ཅན་ནོ། །འདུ་བྱེད་ནི་སེམས་ཡུལ་ལ་མངོན་པར་འདུ་བྱེད་པའི་མཚན་ཉིད་ཅན་ནོ། །རྣམ་པར་ཤེས་པ་ནི་གཟུགས་སོགས་ཡུལ་རྣམས་ལ་སོ་སོར་རྣམ་པར་རིག་པའི་མཚན་ཉིད་ཅན་ནོ། །ཉེ་བར་ལེན་པའི་ཕུང་པོ་རྣམས་ནི་སྡུག་བསྔལ་གསུམ་གང་རུང་གི་མཚན་ཉིད་ཅན་ནོ། །ཁམས་རྣམས་ནི་འཛིན་པར་ཆོས་མཐུན་པའི་སྒོ་ནས་སྦྲུལ་གདུག་པའི་མཚན་ཉ ིད་ཅན་ནོ། །ཡང་ན་སྡུག་བསྔལ་གྱི་འབྱུང་ཁུངས་སུ་གྱུར་པའི་ཕྱིར་རོ། །སྐྱེ་མཆེད་རྣམས་ནི་སངས་རྒྱས་ཀྱིས། །སྐྱེ་བའི་སྒོར་གྱུར་ཉིད་དུ་གསུངས། །ཅི་སྟེ་སེམས་བྱུང་ངམ་སྡུག་བསྔལ་སྐྱེ་བའི་སྒོར་གྱུར་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་འདུ་འཕྲོད་མཚན་ཉིད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ནི་རྒྱུ་དང་རྐྱེན་འདུ་ཤིང་ཚོགས་པ་ལས་བྱུང་བའི་ཕྱིར་འདུ་འཕྲོད་ཀྱི་མཚན་ཉིད་ཅན་ནོ། །གཏོང་བ་སྦྱིན་པའི་ཕ་རོལ་ཕྱིན། །ཚུལ་ཁྲིམས་གདུང་མེད་མཚན་ཉིད་བཟོད། ཁྲོ་མེད་མཚན་ཉིད་བརྩོན་འགྲུས་ཀྱི། ཁ་ན་མ་ཐོ་མེད་ཉིད་དོ། །སྦྱིན་པ་ནི་ལུས་དང་ལོངས་སྤྱོད་སོགས་གཏོང་བའི་ངང་ཚུལ་ཅན་དང་། ཚུལ་ཁྲིམས་ནི་ཉོན་མོངས་པས་གདུང་བ་མེད་པ་དང་། བཟོད་པ་ནི་མི་མཐུན་ཕྱོགས་ཁོང་ཁྲོ་བ་མེད་པ་དང་། བརྩོན་འགྲུས་ནི་དགེ་བའི་ཆོས་ཡོངས་སུ་འཛིན་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་ཉིད་དོ། །བསམ་གཏན་སྡུད་པའི་མཚན་ཉིད་ཅན། །དེ་ནི་དགེ་བའི་ཆོས་སྡུད་པའི་ཕྱིར་རམ། དམིགས་པ་ལ་སེམས་ཉེ་བར་སྡུད་པའི་ཕྱིར་རོ། །ཤེས་རབ་ཆགས་མེད་མཚན་ཉིད་དོ། །མྱ་ངན་ལས་འདས་པར་འགྲོད་པའི་ཕྱིར་འགའ་ལའང་ཆགས་པ་མེད་པའི་ཕྱིར་རོ། །ཕ་རོལ་ཕྱིན་པ་དྲུག་རྣམས་ཀྱི། །མཚན་ཉིད་འདི་དག་ཡིན་པར་བརྗོད། །བསམ་གཏན་རྣམས་དང་ཚད་མེད་དང་། །དེ་བཞིན་གཞན་གང་གཟུགས་མེད་པ། །དེ་དག་ཡང་དག་མཁྱེན་པ་ཡིས། །མི་འཁྲུགས་མཚན་ཉིད་ཅན་དུ་གསུངས། །བསམ་གཏན་ལ་སོགས་པ་དེ་དག་ནི་བཅོམ་ལྡན་འདས་ཀྱིས་མི་འཁྲུགས་པའི་མཚན་ཉིད་ཅན་དུ་གསུངས་ཏེ། དེ་དག་ནི་འདོད་པ་ལ་འདོད་ཆགས་དང་བྲལ་ཏེ་ཁོང་ཁྲོ་བ་སྤངས་པས་ཐོབ་པའི་ཕྱིར་རོ། །བྱང་ཆུབ་ཕྱོགས་ནི་སུམ་ཅུ་བདུན། །ངེས་པར་འབྱུང་བྱེད་རང་མཚན་ཉིད། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་འཁོར་བ་ལས་འདའ་བའི་རྒྱུ་ཡིན་པའི་ཕྱིར་ངེས་པར་འབྱུང་བར་བྱེད་པའི་མཚན་ཉིད་ཅན་ནོ། །སྟོང་པ་ཉིད་ཀྱི་མཚན་ཉིད་ནི། །དམིགས་པ་མེད་པས་རྣམ་རྟོག་དབེན། །དངོས་པོ་མ་དམིགས་པས་རྣམ་པར་རྟོག་པའི་དྲི་མས་ཉེ་བར་མ་སྦགས་པའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི། རྣམ་པར་དབེན་པའི་མཚན་ཉིད་ཅན་ནོ། །མཚན་མ་མེད་པའི་ཞི་ཉིད་དེ། །གསུམ་པའི་མཚན་ཉིད་སྡུག་བསྔལ་དང་། །གཏི་མུག་མེད་པའོ། །རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ནི། མཚན་མ་མ་དམིགས་པའི་སྒོ་ནས་ཞི་བའི་མཚན་ཉིད་ཅན་ནོ། །རྣམ་པར་ཐར་པའི་སྒོ་གསུམ་པ་སྨོན་པ་མེད་པ་ནི། སྡུག་བསྔལ་དང་གཏི་མུག་མེད་པའི་མཚན་ཉིད་ཅན་ཏེ། འདུ་བྱེད་སྡུག་བསྔལ་གྱི་བདག་ཉིད་ཅན་རྣམས་ལ་ཡང་དག་པར་རྗེས་སུ་ལྟ་ཞིང་ཤེས་རབ་ཀྱིས་འདུ་བྱེད་ཀྱི་རང་བཞིན་ལ་ལྟ་བ་ན་སྨོན་པར་མི་བྱེད་པའི་ཕྱིར་རོ། །དེ་ལ་བདག་མེད་པར་རྣམ་པ་གཉིས་ནི་སྟོང་པ་ཉིད་ཀྱི་རྣམ་པའོ། །གཟུགས་སོགས་སྤྲོས་པའི་མཚན་མ་ཉེ་བར་ཞི་བའི་ཕྱིར་མྱ་ངན་ལས་འདས་པ་ནི་མཚན་མ་མེད་པའི་རྣམ་པའོ། །སྡུག་ཀུན་གཉིས་ཀྱི་བསྡུས་པའི་ཟག་པ་དང་བཅས་པའི་ཆོས་རྣམས་ནི་སྨོན་པ་མེད་པའི་རྣམ་པའོ། །དེ་དག་ལ་དམིགས་པའི་འཇིག་རྟེན་པའི་ཏིང་ངེ་འཛིན་ནི་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་ཞེས་བརྗོད་ལ། དེ་དག་ལ་དམིགས་པའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་སོགས་པར་བརྗོད་དོ། །རྣམ་ཐར་གྱི་མཚན་ཉིད་རྣམ་པར་གྲོལ་བྱེད་པའོ། །གཟུགས་ཅན་གཟུགས་ལ་ལྟ་བ་ནི་རྣམ་པར་ཐར་པ་དང་པོའོ། །གཟུགས་མེད་གཟུགས་ལ་ལྟ་བ་ནི་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་ནི་གསུམ་པའོ། །གཟུགས་མེད་ཀྱི་རྣམ་པར་ཐར་པ་བཞི་དང་། འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པར་ཐར་པ་དང་བརྒྱད་པོ་དག་ནི་སྙོམས་འཇུག་གི་སྒྲིབ་པ་ལས་གྲོལ་བར་བྱེད་པའིི་ཕྱིར་རྣམ་པར་གྲོལ་བར་བྱེད་པའི་མཚན་ཉིད་ཅན་ནོ། །དེ་ལ་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་པར་ཐར་པ་ནི། སྤྲུལ་པའི་སྒྲིབ་པ་ལས་གྲོལ་བར་བྱ་བའི་ཕྱིར། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་རྣལ་འབྱོར་པ་བདག་ལ་གཟུགས་ཅན་གྱི་འདུ་ཤེས་ཉེ་བར་བཞག་ནས་ཕྱི་རོལ་གྱི་གཟུགས་རྣམས་ལ་སྡུག་མི་སྡུག་དང་། ཆེ་ཆུང་སྣ་ཚོགས་པར་མོས་པར་བྱེད་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །རྣམ་ཐར་གཉིས་པ་ནི། གཞན་རྣམས་སྔ་མ་དང་འདྲ་ཞིང་རྣལ་འབྱོར་པ་རང་ཉིད་ལ་གཟུགས་ཅན་གྱི་འདུ་ཤེས་ཉེ་བར་བཤིག་པ་ནི་ཁྱད་པར་རོ། །སྡུག་པའི་རྣམ་པར་ཐར་པ་ནི། གཟུགས་སྡུག་པ་དང་། མི་སྡུག་པ་སྤྲུལ་པ་ལ་འདོད་པ་དང་མི་འདོད་པའི་སྒྲིབ་པ་ལས་གྲོལ་བར་བྱ་བའི་ཕྱིར་བསམ་གཏན་བཞི་པ་ལ་བརྟེན་ནས་རྣལ་འབྱོར་པ་རང་ལ་གཟུགས་ཀྱི་འདུ་ཤེས་བཤིགས་ནས། གཟུགས་སྡུག་མི་སྡུག་བར་མ་གསུམ་ལ་དམིགས་ཏེ། དེ་དག་ཕན་ཚུན་ལྟོས་པའི་འདུ་ཤེས་དང་། རྗེས་སུ་འབྲེལ་བའི་འདུ་ཤེས་དང་། མཐར་སྡུག་པར་རོ་གཅིག་ཏུ་མོས་པར་བྱས་ཏེ་སྒོམ་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །གཟུགས་མེད་ཀྱི་རྣམ་ཐར་བཞི་ནི། དགོས་ཆེད་རང་རང་གི་རོ་མྱང་གི་སྒྲིབ་པ་ལས་གྲོལ་བར་བྱ་བའི་ཕྱིར་རོ། །དེ་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ནི། སྦྱོར་བའི་དུས་སུ་ནམ་མཁའ་མཐའ་ཡས་སོ་སྙམ་དུ་མོས་པ་བྱེད་ཅིང་། དངོས་གཞིའི་དུས་སུ། དེ་ཉིད་ལ་གསལ་སྣང་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པ་གང་ཞིག རང་གི་སྙོམས་འཇུག་རོ་མྱོང་གི་སྒྲིབ་པ་ལས་གྲོལ་བར་བྱེད་པའོ། །

དེ་བཞིན་དུ་རྣམ་ཤེས་མཐའ་ཡས་དང་། ཅིའང་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་རྣམ་ཐར་རྣམས་ལའང་ཅི་རིགས་པ་ཤེས་པར་བྱའོ། །འ དུ་ཤེས་དང་ཚོར་བ་འགོག་པའི་རྣམ་ཐར་ནི། འདུ་ཤེས་དང་ཚོར་བ་འགོག་པའི་སྒྲིབ་པ་ལས་གྲོལ་བའི་ཕྱིར་དུ། སྲིད་རྩེའི་སེམས་ལ་བརྟེན་ནས་ཚོར་འདུ་རགས་པ་མ་ལུས་པ་འགོག་པའི་སྙོམས་འཇུག་གོ། སྟོབས་ཞེས་བྱ་བ་ཤིན་ཏུ་ནི། །རྣམ་པར་ངེས་པའི་རང་བཞིན་གསུངས། །འཆད་པར་འགྱུར་བའི་སྟོབས་བཅུ་ནི་ཤིན་ཏུ་རྣམ་པར་ངེས་ཤིང་གཏན་ལ་ཕེབས་པའི་རང་བཞིན་ཅན་དུ་ཤེས་པར་བྱ་སྟེ། ཤིན་ཏུ་གཏན་ལ་འབེབ་པ་ཉིད་ཀྱིས་ཐོགས་པ་མེད་པའི་ཕྱིར་རོ། །སྐྱོབ་པའི་མི་འཇིགས་པ་རྣམས་ནི། །ཤིན་ཏུ་བརྟན་པའི་ངོ་བོ་ཉིད། །འདི་ལྟར། ངས་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་བོ་ཞེས་དམ་བཅས་པ་ལ། ཆོས་འདི་བྱང་མ་ཆུབ་བོ་ཞེས་རྒོལ་བ་མེད་པ་རང་དོན་རྟོགས་པའི་ཆོས་ལ་མི་འཇིགས་པ་དང་། ངས་ཟག་པ་ཐམས་ཅད་ཟད་དོ་ཞེས་དམ་བཅས་པ་ན། ཟག་པའི་རྣམ་པ་འདི་མ་ཟད་དོ་ཞེས་རྒོལ་བ་པོ་མེད་པ་རང་དོན་སྤངས་པའི་ཆོས་ལ་མི་འཇིགས་པ་དང་། ངས་ཉན་ཐོས་རྣམས་ལ་བར་ཆད་ཀྱི་ཆོས་སུ་གསུངས་པ་དེ་དག་བསྟན་ཀྱང་བར་ཆད་དུ་མི་འགྱུར་རོ་ཞེས་རྒོལ་བ་མེད་པ་གཞན་དོན་བར་ཆད་ཀྱི་ཆོས་སྟོན་པ་ལ་མི་འཇིགས་པ་དང་། ངས་སྡུག་བསྔལ་ལས་ངེས་པར་འབྱིན་པར་ལམ་དུ་བསྟན་པ་དེ་དག་བསྟེན་ཀྱང་སྡུག་བསྔལ་ལས་ངེས་པར་འབྱིན་པར་མི་འགྱུར་རོ་ཞེས་རྒོལ་བ་པོ་མེད་པ་གཞན་དོན་ངེས་པར་འབྱིན་པའི་ལམ་སྟོན་པ་ལ་མི་འཇིག་པ་སྟེ། སྐྱོབ་པ་སངས་རྒྱས་ཀྱི་མི་འཇིགས་པ་དེ་ལྟ་བུ་རྣམས་ནི་ཤིན་ཏུ་བརྟན་པའི་མཚན་ཉིད་ཅན་ཏེ། སུས་ཀྱང་གཞན་དུ་འགྱུར་བར་བྱ་བར་མི་ནུས་པའི་ཕྱིར་རོ། །སོ་སོ་ཡང་དག་རིག་རྣམས་ནི། །སྤོབས་སོགས་ཆད་མེད་མཚན་ཉིད་ཅན། །སོ་སོ་ཡང་དག་པར་རིག་པ་བཞི་ནི། ཆོས་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །དེ་དག་ནི་གོ་རིམ་བཞིན་དུ། རྗོད་བྱེད་ཀྱི་ཚིག་དང་། བརྗོད་བྱའི་དོན་དང་། ཡུལ་སོ་སོའི་ངེས་ཚིག་དང་། ཆོས་རྣམས་ཀྱི་རབ་དབྱེ་རྒྱ་ཆེན་པོ་རྣམས་ལ་ཐོགས་པ་མེད་པར་འཇུག་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དེ་དག་ལྡན་པའི་སྤོབས་པ་མཐར་གཏུགས་པ་མེད་པའི་ཕྱིར་སྤོབས་སོགས་ཆད་པ་མེད་པའི་མཚན་ཉིད་ཅན་ནོ། །འགྲོ་ལ་ཕན་པ་ཉེར་སྒྲུབ་པ། །བྱམས་པ་ཆེན་པོ་ཞེས་བྱའོ། །བྱམས་པ་ཆེན་པོ་ནི། འགྲོ་བ་ལ་གནས་སྐབས་དང་མཐར་ཐུག་གི་ཕན་པ་ཉེ་བར་སྒྲུབ་པའི་མཚན་ཉིད་ཅན་ནོ། །སྡུག་བསྔལ་ཅན་རྣམས་ཡོངས་སྐྱོབ་པ། །ཐུགས་རྗེ་ཆེན་པོ། ཐུགས་རྗེ་ཆེན་པོ་ནི། སེམས་ཅན་སྡུག་བསྔལ་ཅན་རྣམས་ཡོངས་སུ་སྐྱོབ་པར་འདོད་པའི་མཚན་ཉིད་ཅན་ནོ། །དགའ་བ་ནི། རབ་དགའི་མཚན་ཉིད། དགའ་བ་ཆེན་པོ་ནི། སེམས་ཅན་བདེ་བ་དང་ལྡན་པ་རྣམས་ལ་དམིགས་ནས་རབ་ཏུ་དགའ་བའི་མཚན་ཉིད་ཅན་ནོ། །བཏང་སྙོམས་ནི། མ་འདྲེས་མཚན་ཉིད་ཅན་ཤེས་བྱ། །བཏང་སྙོམས་ཆེན་པོ་ནི། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སོགས་དང་མ་འདྲེས་པའི་མཚན་ཉིད་ཅན་ནོ། །སངས་རྒྱས་ཆོས་ནི་མ་འདྲེས་པ། །བཅུ་དང་བརྒྱ ད་དུ་གང་འདོད་གང་། །གང་ཕྱིར་སྟོན་དེས་མི་འཕྲོགས་པ། །དེ་ཕྱིར་མི་འཕྲོགས་རང་མཚན་ཉིད། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལས། སྤྱོད་པས་བསྡུས་པ་དྲུག་ནི། སྐུ་ལ་འཁྲུགས་པ་མི་མངའ་བ་དང་། གསུང་ན་ཅ་ཅོ་མི་མངའ་བ་དང་། སེམས་ཅན་གྱི་དོན་ལ་བསྙེལ་བ་མི་མངའ་བ་དང་། ཐུགས་མཉམ་པར་མ་བཞག་པ་མི་མངའ་བ་དང་། འཁོར་འདས་ལ་བླང་དོར་ཐ་དད་པའི་འདུ་ཤེས་མི་མངའ་བ་དང་། སོ་སོར་མ་བརྟགས་པར་གདུལ་བྱ་ཡལ་བར་འདོར་བའི་བཏང་སྙོམས་མི་མངའ་བའོ། །རྟོགས་པས་བསྡུས་པ་དྲུག་ནི། འདུན་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་ཉམས་པ་མི་མངའ་བའོ། །ཕྲིན་ལས་ཀྱིས་བསྡུས་པ་གསུམ་ནི། སྒོ་གསུམ་གྱི་ལས་ཐམས་ཅད་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། །ཡེ་ཤེས་ཀྱིས་བསྡུས་པ་གསུམ་ནི། དུས་གསུམ་གྱི་ཤེས་བྱ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་པའོ། །དེ་ལྟ་བུ་ལ་སོགས་པ་དག་ནི་མི་འཕྲོགས་པའི་མཚན་ཉིད་ཅན་ཏེ། འཁྲུལ་པ་ལ་སོགས་པ་མི་མངའ་བས་གླགས་མེད་པས་ཐུབ་པར་མི་ནུས་པའི་ཕྱིར་རོ། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་ནི། །མངོན་སུམ་མཚན་ཉིད་ཅན་དུ་འདོད། །གཞན་ནི་ཉི་ཚེ་བ་ཉིད་ཀྱིས། །མངོན་སུམ་ཞེས་བྱར་མི་འདོད་དོ། །རྣམ་པ་ཐམས་ཅད་མཁྱེད་པ་ཉིད་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་མངོན་སུམ་པའི་མཚན་ཉིད་ཅན་ནོ། །གཞན་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མཁྱེན་པ་ནི་ཉི་ཚེ་བ་ཉིད་ཡིན་པས་རྣམ་པ་ཀུན་མངོན་སུམ་དུ་མཁྱེན་པ་ཞེས་བྱ་བར་མི་འདོད་དོ། །གང་ཞིག་འདུས་བྱས་མཚན་ཉིད་དང་། །འདུས་མ་བྱས་པའི་མཚན་ཉིད་གང་། །དེ་དེ་ཁོ་ནས་སྟོང་པའི་ཕྱིར། །དེ་ནི་རང་མཚན་སྟོང་པ་ཉིད། །རང་གི་མཚན་ཉིད་སྟོང་པ་ཉིད་བཤད་ཟིན་ཏོ། །ད་ལྟ་བ་འདི་མི་གནས་ཤིང་། །འདས་དང་མ་འོངས་ཡོད་མ་ཡིན། །གང་དུ་དེ་དག་མི་དམིགས་པ། །དེ་དག་མི་དམིགས་པ་ཞེས་བརྗོད། །མི་དམིགས་པ་དེ་རང་ངོ་བོ། །དེ་ཡིས་དབེན་པ་ཉིན་གང་དེ། །ཐེར་ཟུག་གནས་མིན་འཇིག་མིན་པས། །མི་དམིགས་ཞེས་བྱའི་སྟོང་ཉིད་དོ། །ད་ལྟ་བ་ནི་སྐད་ཅིག་མ་ཉིད་ཀྱིས་མི་གནས་པའི་ཕྱིར་དང་། འདས་པ་དང་མ་འོངས་པ་ནི་ཞིག་པ་དང་མ་སྐྱེས་པའི་ཕྱིར་དུས་གསུམ་པོ་དེ་ལ་མི་དམིགས་པ་ཞེས་བརྗོད་ལ། དེ་དག་ཐེར་ཟུག་ཏུ་གནས་པ་མིན་ཞིང་། འཇིག་པ་མ་ཡིན་པའི་ཕྱིར་རང་གི་ངོ་བོས་དབེན་པ་གང་ཡིན་པ་ནི་མི་དམིགས་པ་སྟོང་པ་ཉིད་ཅེས་བྱའོ། །རྐྱེན་ལས་བྱུང་ཕྱིར་དངོས་པོ་རྣམས ། །འདུས་པ་པ་ཡི་ངོ་བོ་མེད། །འདུས་པ་པ་ནི་དེ་ཉིད་ཀྱིས། །སྟོང་ཉིད་དངོས་མེད་སྟོང་ཉིད་དོ། །དངོས་པོ་རྣམས་ནི་རྒྱུ་དང་རྐྱེན་འདུས་པ་ལས་བྱུང་བའི་ཕྱིར། འདུས་པའི་ངོ་བོ་མེད་ལ། དེ་ཉིད་རང་གི་ངོ་བོས་སྟོང་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །སྟོང་ཉིད་བཅུ་དྲུག་སྤྲོས་པ་དང་བཅས་ཏེ་བཤད་ཟིན་ཏོ། །མདོར་བསྡུས་པའི་སྟོང་པ་ཉིད་བཞི་པོ་བརྗོད་པར་བྱ་སྟེ། འདི་ལྟར། དངོས་པོའི་སྒྲ་ནི་མདོར་བསྡུས་ན། །ཕུང་པོ་ལྔ་རྣམས་བརྗོད་པ་ཡིན། །དེ་རྣམས་དེ་ཡིས་སྟོང་ཉིད་གང་། །དེ་དངོས་སྟོང་པ་ཉིད་དུ་བཤད། །དངོས་པོའི་སྒྲས་ནི་ཕུང་པོ་ལྔ་བརྗོད་ལ། དེ་རྣམས་དེ་ཡིས་སྟོང་པ་ཉིད་གང་ཡིན་པ་དེ་ནི་དངོས་པོ་སྟོང་པ་ཉིད་ཅེས་བྱའོ། །མདོར་བསྡུས་ན་ནི་དངོས་མེད་པར། །འདུས་མ་བྱས་ཆོས་རྣམས་ལ་བརྗོད། །དེ་ནི་དངོས་མེད་དེས་སྟོང་ཉིད། །དངོས་པོ་མེད་པ་སྟོང་ཉིད་དོ། །དངོས་པོ་མེད་པ་ནི་ནམ་མཁའ་དང་མྱ་ངན་ལས་འདས་པ་ལ་སོགས་པ་འདུས་མ་བྱས་ཡིན་ལ། དེ་རྣམས་དེ་ཉིད་ཀྱི་རང་གི་ངོ་བོས་སྟོང་པ་ཉིད་ནི། དངོས་པོ་མེད་པའི་སྟོང་ཉིད་དོ། །རང་བཞིན་ངོ་བོ་ཉིད་མེད་ནི། །རང་བཞིན་ཞེས་བྱའི་སྟོང་ཉིད་དེ། །འདི་ལྟར་རང་བཞིན་མ་བྱས་པས། །རང་བཞིན་ཞེས་ནི་བྱ་བར་བསྙད། །ཆོས་རྣམས་ཀྱི་རང་བཞིན་ཉན་ཐོས་ལ་སོགས་པས་མ་བྱས་པ་ནི་རང་བཞིན་ཞེས་བསྙད་ལ། རང་བཞིན་དེའི་ངོ་བོ་ཉིད་མེད་པ་ནི་རང་བཞིན་སྟོང་པ་ཉིད་ཅེས་བྱའོ། །སངས་རྒྱས་རྣམས་ནི་འབྱུང་བའམ། །མ་བྱུང་རུང་སྟེ་དངོས་སུ་ན། །དངོས་པོ་ཀུན་གྱིས་སྟོང་པ་ཉིད། །གཞན་གྱི་དངོས་པོར་རབ་ཏུ་བསྒྲགས། །ཡང་དག་མཐའ་དང་དེ་བཞིན་ཉིད། །དེ་གཞན་དངོས་པོའི་སྟོང་ཉིད་དོ། །སངས་རྒྱས་རྣམས་བྱུང་བའམ། མ་བྱུང་ཡང་རུང་སྟེ་དེ་ཁོ་ན་བཞིན་དུ་གནས་པའི་དངོས་པོ་རྣམས་ཀྱི་སྟོང་པ་ཉིད་ནི་ཡེ་ཤེས་ཕུལ་དུ་བྱུང་བས་རྟོགས་བྱ་ཡིན་པའི་ཕྱིར་གཞན་གྱི་དངོས་པོར་རབ་ཏུ་བསྒྲགས་སོ། །ཡང་ན་འཁོར་བ་ལས་འདས་པའི་ཕྱིར་གཞན་གྱི་དངོས་པོ་ཞེས་བྱ་བ་ནི་ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་དེ། དེ་དག་རང་བཞིན་གྱིས་དབེན་པ་ཉིད་ནི་གཞན་གྱི་དངོས་པོ་སྟོང་པ་ཉིད་དོ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་ལས། །དེ་དག་དེ་སྐད་རབ་ཏུ་བསྒྲགས། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། སྤྲོས་པ་དང་བཅས་པ་སྟོང་པ་ཉིད་བཅུ་དྲུག་དང་། མདོར་བསྡུས་པའི་སྟོང་པ་ཉིད་བཞི་པོ་དེ་དག་གོང་དུ་བཤད་པའི་ཚུལ་དེ་སྐད་དུ་རབ་ཏུ་བསྒྲགས་སོ། །

ཡོན་ཏན་བརྗོད་པས་མཇུག་བསྡུ་བ།

དེ་ནས་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བའི་ཕྱིར་བཤད་པ། དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་པའི། །རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ། །སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར། །རྟོགས་དེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྱུར། །གོང་དུ་བཤད་པའི་ཚུལ་དེ་ལྟར་རྣམ་པར་དཔྱད་པ་ལས་བྱུང་བའི་བློ་གྲོས་ཀྱི་ཟེར་གྱིས་དེ་ཁོ་ན་ཉིད་མཐོང་བའི་གེགས་ཀྱི་མུན་པ་བཅོམ་སྟེ། དེ་ཁོ་ན་ཉིད་ཀྱི་སྣང་བ་གསལ་བར་བྱས་པའི་སེམས་དཔས་ནི། དཔེར་ན་རང་གི་ལག་ན་གནས་པའི་སྐྱུ་རུ་རའི་ཕྱི་ནང་ཐམས་ཅད་མ་བསྒྲིབས་པར་གསལ་བ་དེ་བཞིན་དུ། སྲིད་གསུམ་གདོད་མ་ནས་སྐྱེ་བ་མེད་པར་རྟོགས་པས། དོན་དམ་པར་འགོག་པ་ལ་སྙོམས་པར་འཇུག་པ་མེད་ཀྱང་འཇིག་རྟེན་གྱི་ཐ་སྙད་བདེན་པའི་སྟོབས་ཀྱིས་སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་བཞིན་ཉིད་ཀྱི་རང་བཞིན་གྱི་འགོག་པ་ལ་སྙོམས་པར་འཇུག་པར་འགྱུར་རོ། །འགོག་པ་མངོན་དུ་བྱས་ཏེ་གཞན་དོན་ཡལ་བར་འདོར་རམ་ཞེ་ན། མ་ཡིན་ཏེ། རྟག་ཏུ་འགོག་པ་རྟོགས་པའི་བསམ་ལྡན་ཡིན་མོད་ཀྱི། །འགྲོ་བ་མགོན་མེད་པ་ལའང་སྙིང་རྗེ་སྐྱེས་པར་བྱེད། །དེས་ནི་རྟག་ཏུ་འགོག་པ་ལ་སྙོམས་པ་འཇུག་པའི་ནུས་པ་ཐོབ་མོད་ཀྱི། འོན་ཀྱང་སྲིད་པའི་འགྲོ་བ་མགོན་མེད་པ་རྣམས་ལ་སྙིང་རྗེ་སྐྱེད་དེ། འགོག་པ་མངོན་དུ་བྱེད་པའང་མ་ཡིན་ནོ། །དེའི་ཕྱིར་འདིའི་སྦྱོར་བ་ནི་འཁོར་བར་གཏོགས་པ་ཡིན་ལ། བསམ་པ་ནི་མྱ་ངན་ལས་འདས་པར་གཏོགས་པ་ཡིན་ནོ། །དེ་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲིང་བཅས་ནི། །མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན། །བྱང་ཆུབ་སེམས་དཔའི་ས་དྲུག་པ་དེའི་གོང་རོལ་བདུན་པ་ལ་སོགས་པར་ནི། བདེ་བར་གཤེགས་པའི་གསུང་ལས་སྐྱེས་པ་ཉན་ཐོས་དང་སངས་རྒྱས་འབྲིང་རང་སངས་རྒྱས་དང་བཅས་པ་རྣམས་མ་ལུས་པ་བློ་ཤེས་རབ་ཀྱི་སྟོབས་ཀྱིས་ཕམ་པར་བྱེད་པའང་ཡིན་ནོ། །ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། །ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོ་ངང་པ་ཡི། །མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས། །རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། །ཀུན་རྫོབ་དང་དེ་ཁོ་ན་ཉིད་དོན་དམ་པའི་གཤོག་པ་རྒྱས་པར་གྱུར་པ་ངང་པའི་རྒྱལ་པོ་ལྟ་བུ་ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་རང་གི་གདུལ་བྱའི་སྐྱེ་བོ་ངང་པའི་ཚོགས་ཀྱི་མདུན་དུ་བདར་ནས་ཚོགས་གཉིས་ཀྱི་དགེ་བའི་རླུང་གི་ཤུགས་ཀྱི་སྟོབས་ཀྱིས་རྒྱལ་བའི་ཡོན་ཏན་ཟད་མི་ཤེས་ཤིང་མུ་མཐའ་མེད་པ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་མྱ྄ུར་དུ་འགྲོ་བར་འགྱུར་རོ། །དབུ་མ་ལ་འཇུག་པ་ལས། སེམས་བསྐྱེད་པ་དྲུག་པའི་རྣམ་པར་བཤད་པའོ།། །།

ལེའུ་བདུན་པའི་རྣམ་བཤད།

དེའི་འོག་ཏུ་སེམས་བསྐྱེད་པ་བདུན་པ་རིང་དུ་སོང་བའི་དབང་དུ་བྱས་ནས་བཤད་པ། རིང་དུ་སོང་བ་འདིར་ནི་སྐད་ཅིག་དང་། །སྐད་ཅིག་ལ་ནི་འགོག་ལ་འཇུག་འགྱུར་ཞིང་། །ཐབས་ཀྱི་ཕ་རོལ་ཕྱིན་ལེགས་འབར་བ་ཐོབ། །བྱང་ཆུབ་སེམས་དཔའི་ས་བདུན་པ་རིང་དུ་སོང་བ་འདིར་ནི་སེམས་ཀྱི་སྐད་ཅིག་གཅིག་ལ་སྤྲོས་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཀྱི་འགོག་པ་ལ་སྙོམས་པར་མཇུག་ཅིང་ལྡང་གི འགོག་པ་མངོན་དུ་བྱེད་པ་ནི་མ་ཡིན་ཏེ། ས་དེར་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལེགས་པར་འབར་ཞིང་ཡོངས་སུ་དག་པ་ཐོབ་པའི་ཕྱིར་རོ། །འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བ་འདིའི་རང་བཞིན་ཅི་ཞེ་ན། མདོ་ལས། འགོག་པའི་སྙོམས་འཇུག་ཅེས་པའི་མིང་ཙམ་ཞིག་འབྱུང་ཞིང་། དེའི་མཚན་ཉིད་ཆེན་པོ་དག་གིས་མི་མཐུན་པར་མཛད་དེ། འདི་ལྟར་འཕགས་པ་ཐོགས་མེད་ཀྱིས། འགོག་པའི་སྙོམས་པར་འཇུག་པ་གང་ཞེ་ན། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་ལ་སྲིད་པའི་རྩེ་མོ་ལས་གྱེང་དུ་བསྐྱོད་པའི་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས། སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས་དང་། བརྟན་པ་དེ་དག་ལས་ཀྱང་ཁ་ཅིག་འགོག་པ་ལ་འགོག་པའི་སྙོམས་པར་འཇུག་པ་ཞེས་བཏགས་སོ་ཞེས་ཚོགས་བདུན་འཁོར་བཅས་འགགས་པའི་ཕུང་པོའི་གནས་སྐབས་ལ་བཏགས་པའི་ལྡན་མིན་འདུ་བྱེད་དུ་བཤད་ཅིང་། སློབ་དཔོན་འདི་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་བཞིན་ཉིད་ལ་འགོག་པ་ཞེས་བྱ་ལ། གང་གི་ཚེ་ས་དྲུག་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས། དེ་ལྟ་བུའི་འགོག་པ་ལ་ཇི་ལྟར་འདོད་པར་སྙོམས་པར་འཇུག་པ་ལ་འགོག་པའི་སྙོམས་པར་འཇུག་པ་ཞེས་བཞེད་དེ། འགྲེལ་པར། འགོག་པ་ལ་སྙོམས་པར་འཇུག་པ་ནི། ཡང་དག་པའི་མཐའ་ལ་སྙོམས་པར་འཇུག་པ་ཡིན་པས། དེ་བཞིན་ཉིད་ལ་འགོག་པ་ཞེས་བྱ་བར་བརྗོད་དེ། སྤྲོས་པ་ཐམས་ཅད་འགོག་པར་འགྱུར་བའི་ཕྱིར་རོ། །ཞེས་བཤད་དོ། །དེ་བས་ན་འགོག་པའི་སྙོམས་པར་འཇུག་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཁྱད་པར་བ་ཡིན་ལ། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ཞི་བ་ལ་མངོན་པར་དགའ་བའི་ཕྱིར་འགོག་པ་ལ་སྙོམས་པར་ཞུགས་པ་ན་ཡུན་རིང་དུ་གནས་པར་འགྱུར་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་ཞི་བ་མི་འདོད་པའི་ཕྱིར་དང་། ཐབས་ལ་མཁས་པའི་ཕྱིར་ས་བདུན་པ་ནས་སྐད་ཅིག་རེ་རེ་ལ་འགོག་པ་ལ་འཇུག་ཅིང་ལྡང་བས་ཉན་རང་དག་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་པ་ཡིན་ནོ། །དབུ་མ་ལ་འཇུག་པ་ལས། སེམས་བསྐྱེད་པ་བདུན་པའི་བཤད་པའོ།། །།

ལེའུ་བརྒྱད་པའི་རྣམ་བཤད།

ད་ནི་སེམས་བསྐྱེད་པ་བརྒྱད་པ་མི་གཡོ་བའི་དབང་དུ་བྱས་ནས་བཤད་པ། ཡང་ཡང་སྔར་དགེ་ལས་ལྷག་ཐོབ་བྱའི་ཕྱིར། །གང་དུ་ཕྱིར་མི་ལྡོང་པ་ཉིད་འགྱུར་བ། །མི་གཡོ་དེ་ལ་བདག་ཉིད་ཆེ་དེ་འཇུག །སེམས་བསྐྱེད་པ་བརྒྱད་པ་ལ་གནས་པའི་བདག་ཉིད་ཆེན་པོ་དེ་ནི་སྔར་ས་བདུན་པ་མན་ཆད་ཀྱི་ཚོགས་གཉིས་ཀྱི་དགེ་བ་ལས་ལྷག་པ་ཡང་དང་ཡང་དུ་ཐོབ་པར་བྱ་བའི་ཕྱིར། ས་གང་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་རྫོགས་པའི་བྱང་ཆུབ་ལས་རྣམ་པ་ཐམས་ཅད་དུ་ཕྱིར་མི་ལྡོག་པ་ས་བརྒྱད་པ་མི་གཡོ་བ་དེ་ལ་འཇུག་པར་འགྱུར་རོ། །ཇི་ལྟར་ན་ས་བརྒྱད་པ་དེར་ས་བདུན་པ་མན་ཆད་ལས་ལྷག་པའི་དགེ་བ་ཐོབ་པར་འགྱུར་ཞེ་ན། ས་བདུན་པ་མན་ཆད་དུ་ནི་རྩོལ་བ་དང་བཅས་པའི་ཕྱིར་དང་། ས་བརྒྱད་པ་ཐོབ་ནས་རྩོལ་བ་མེད་པར་རང་གི་ངང་གིས་འཇུག་པའི་ཕྱིར་ཏེ། དཔེར་ན་གྲུ་ཆེན་པོ་རྒྱ་མཚོ་ལ་མ་ཐུག་བར་དུ་རྩོལ་བས་བསྐྱོད་དེ་འགྲོ་བ་དང་། རྒྱ་མཚོར་ཕྱིན་ནས་རླུང་གིས་བསྐྱོད་དེ་རྩོལ་མེད་དུ་འགྲོ་བའི་མྱུར་བུལ་གྱི་ཁྱད་པར་བཞིན་ནོ། །གཞན་ཡང་། འདི་ཡི་སྨོན་ལམ་ཤིན་ཏུ་དག་འགྱུར་ཞིང་། །རྒྱལ་བ་རྣམས་ཀྱིས་འགོག་ལས་སློང་བར་མཛད། །བྱང་ཆུབ་སེམས་དཔའ་འདིས་སེམས་དང་པོ་བསྐྱེད་པའི་ཚེ་སྨོན་ལམ་འབུམ་ཕྲག་གྲངས་མེད་བཅུ་བཏབ་པ་གང་ཡིན་པ་དེ་དག་གནས་སྐབས་འདིར་ཡང་ཡོངས་སུ་དག་པར་འགྱུར་བས་དེའི་ཕྱིར་དེ་ལ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ལྷག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་འདི་ཐོབ་མ་ཐག་ཏུ་ཉོན་མོངས་པ་མ་ལུས་པ་སྤངས་པའི་ཕྱིར་དང་། ཆོས་ཀྱི་དབྱིངས་ལ་ཡུན་རིང་དུ་གོམས་པར་བྱ་བའི་ཕྱིར། འབད་པ་མེད་པར་དེ་བཞིན་ཉིད་ཀྱི་ངང་དུ་འགོག་པ་ལ་སྙོམས་པར་འཇུག་པར་འགྱུར་ལ། དེའི་ཚེ་རྒྱལ་བ་རྣམས་ཀྱིས་འདི་སྐད་ཅེས། །ངེད་ཀྱི་ཡེ་ཤེས་སྟོབས་སོགས་སངས་རྒྱས་ཆོས་ཀྱི་རྣམས། །དེ་དག་ཁྱོད་ལ་མེད་ཀྱིས་དེ་ལ་བརྩོན་འགྲུས་རྩོམས། །ཞེས་སོགས་ཀྱིས་འགོག་པ་ལས་སློང་བར་མཛད་ཅིང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཉེ་བར་བསྒྲུབ་པ་ལ་སྐུལ་བར་མཛད་དོ། །ཅིའི་ཕྱིར་འདི་འགོག་པ་ལས་སློང་བར་མཛད་ཅེ་ན། སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་བྱ་བའི་ཕྱིར་ཏེ། འདི་ལྟར། ཆགས་པ་མེད་པའི་བློ་ནི་སྐྱོན་རྣམས་དག་དང་ལྷན་ཅིག་མི་གནས་ཕྱིར། །ས་བརྒྱད་པ་ལ་དྲི་མ་དེ་དག་རྩ་བཅས་ཉེ་བར་ཞི་འགྱུར་ཞིང་། །ཉོན་མོངས་ཟད་ཅིང་ཁམས་གསུམ་བླ་མར་གྱུར་ཀྱང་སངས་རྒྱས་རྣམས་ཀྱི་ནི། །འབྱོར་པ་མཁའ་ལྟར་མཐའ་བྲལ་མ་ལུས་འཐོབ་པ་ནུས་མ་ཡིན། །ས་བརྒྱད་པ་ལ་སྐྱེ་བའི་རྒྱུར་གྱུར་པའི་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པའི་དྲི་མ་དེ་དག་རྩ་བ་དང་བཅས་པ་ཉེ་བར་ཞི་བར་འགྱུར་ཏེ། ཇི་ལྟར་སྣང་བ་དང་མུན་པ་ལྷན་ཅིག་མི་གནས་པ་ལྟར་གང་ལའང་ཆགས་པ་མེད་ཅིང་རྣམ་པར་མི་རྟོག་པའི་བློ་ནི་ཆགས་སོགས་སྐྱོན་རྣམས་དང་ལྷན་ཅིག་མི་གནས་པའི་ཕྱིར་རོ། །དེའི་ཕྱིར་ཉོན་མོངས་པ་མ་ལུས་པ་ཟད་པའི་ཕྱིར་མཆོད་པ་འོས་པས་ཁམས་གསུམ་བླ་མར་གྱུར་ཡང་། སངས་རྒྱས་རྣམས་ཀྱི་ཡོན་ཏན་གྱི་འབྱོར་པ་མ་ལུས་པ་འཐོབ་པར་ནུས་པ་མ་ཡིན་པས། དེ་འཐོབ་པར་བྱ་བའི་ཕྱིར་འདིས་བསྒྲིམ་པར་བྱ་དགོས་སོ། །གལ་ཏེ་བྱང་ཆུབ་སེམས་དཔའ་འདིས་གནས་སྐབས་དེར་ཉོན་མོངས་པ་མ་ལུས་པར་སྤངས་ན་འཁོར་བར་སྐྱེ་བའི་རྒྱུ་མེད་པའི་ཕྱིར་ཇི་ལྟར་འདིའི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། འཁོར་བ་འགགས་ཀྱང་དབང་རྣམས་བཅུ་པོ་ཐོབ་པར་འགྱུར་ཞིང་དེ་དག་གིས། །སྲིད་པའི་འགྲོ་བར་རང་གི་བདག་ཉིད་སྣ་ཚོགས་སྟོན་པར་བྱེད་པར་འགྱུར། །འདིས་འཁོར་བ་འགགས་མོད་ཀྱི་དེ་ལྟ་ནའང་། འདིས་འཆད་པར་འགྱུར་བའི་དབང་བཅུ་ཐོབ་པར་འགྱུར་ཞིང་། དེ་དག་གི་དབང་གིས་སྲིད་པའི་འགྲོ་བར་གཞན་གྱི་དོན་དུ་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱི་སྒོ་ནས་བདག་ཉིད་ཀྱི་དངོས་པོ་སྣ་ཚོགས་པ་སྟོན་པར་བྱེད་དོ། །དེའི་ཕྱིར་འདིས་ཚོགས་མ་ལུས་པ་རྫོགས་པ་མི་འགལ་ལོ། །དེ་ལ་ཡིད་ཀྱི་རང་བཞིན་གྱི་ལུས་ཞེས་བྱ་བ་འདི་ཅི་ཞེ་ན། འདི་ལྟར། ཡིད་ནི་འདོད་པ་ཙམ་གྱིས་གར་ཡང་ཕྱིན་ཞིང་། གང་ལའང་ཐོགས་པ་མེད་པ་ལྟར། འདིའང་དེ་དང་འདྲ་བའི་ཕྱིར་ཡིད་ཀྱི་རང་བཞིན་གྱི་ལུས་ཞེས་བྱའོ། །དེ་ལ་དབང་བཅུ་ནི། བསྐལ་པ་བརྗོད་དུ་མེད་པར་ཚེ་བྱིན་གྱིས་རློབ་པ་ཚེ་ལ་དབང་བ་དང་། ཏིང་ངེ་འཛིན་གྱི་སྒོ་དཔག་ཏུ་མེད་པ་ལ་སྙོམས་པར་འཇུག་པ་ཏིང་ངེ་འཛིན་ལ་དབང་བ་དང་། འཇིག་རྟེན་གྱི་ཁམས་རྒྱན་བཀོད་པ་དུ་མས་རབ་ཏུ་བརྒྱན་པའི་བྱིན་གྱིས་བརླབ་ཀུན་ཏུ་སྟོན་པ་ཡོ་བྱད་ལ་དབང་བ་དང་། ལས་ཀྱི་རྣམ་པར་སྨིན་པ་བྱིན་གྱིས་བརློབས་ཀྱིས་དུས་ཇི་ལྟར་བ་བཞིན་ཀུན་ཏུ་སྟོན་པ་ལས་ལ་དབང་བ་དང་། འཇིག་རྟེན་གྱི་ཁམས་རྣམས་སུ་གདུལ་བྱ་དང་མཚམས་པར་སྐྱེ་བ་ཀུན་ཏུ་སྟོན་པ་སྐྱེ་བ་ལ་དབང་བ་དང་། སངས་རྒྱས་ཀྱི་ཞིང་དང་དུས་གང་དུ་ཅི་དགའ་བར་མངོན་པར་རྫོགས་པར་བྱང་ཆུབ་པར་ཀུན་ཏུ་སྟོན་པ་སྨོན་ལམ་ལ་དབང་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱིས་རབ་ཏུ་གང་བར་ཀུན་ཏུ་སྟོན་པ་མོས་པ་ལ་དབང་བ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཀུན་ཏུ་སྟོན་པ་རྫུ་འཕྲུལ་ལ་དབང་བ་དང་། དེ་བཞིན་གཤེགས་པའི་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ཀུན་ཏུ་སྟོན་པ་ཡེ་ཤེས་ལ་དབང་བ་དང་། མཐའ་དང་དབུས་མེད་པའི་ཆོས་ཀྱི་སྒོ་སྣང་བ་ཀུན་ཏུ་སྟོན་པ་ཆོས་ལ་དབང་བ་རྣམས་སོ། །དབུ་མ་ལ་འཇུག་པ་ལས། སེམས་བསྐྱེད་པ་བརྒྱད་པའི་རྣམ་པར་བཤད་པའོ།། །།

ལེའུ་དགུ་པའི་རྣམ་བཤད།

དེའི་འོག་ཏུ་སེམས་བསྐྱེད་པ་དགུ་པ་ལེགས་པའི་བློ་གྲོས་ཀྱི་དབང་དུ་བྱས་ནས་བཤད་པ། དགུ་པ་ལ་ནི་དེ་སྟོབས་ལྟ་ཞེས་མཐའ་དག་རྫོགས་པར་དག་འགྱུར་ཞིང་། །དེ་བཞིན་ཡང་དག་རིག་ཆོས་རང་གི་ཡོན་ཏན་ཡོངས་སུ་དག་པའང་འཐོབ། །བྱང་ཆུབ་སེམས་དཔའ་ས་དགུ་པ་འདི་ལ་ནི་བྱང་ཆུབ་སེམས་དཔའ་དེའི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིར་པ་མཐའ་དག་ཡོངས་སུ་རྫོགས་ཤིང་དག་པར་འགྱུར་ལ། སོ་སོ་ཡང་དག་པར་རིག་པ་རང་གི་ཡོན་ཏན་ཡོངས་སུ་དག་པ་བཞིའང་འཐོབ་སྟེ། འདི་ལྟར། ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དང་པོས་ནི། ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་རབ་ཏུ་ཤེས་སོ། །གཉིས་པས་ནི། ཆོས་རྣམས་ཀྱི་རྣམ་པར་དབྱེ་བ་རབ་ཏུ་ཤེས་སོ། །གསུམ་པས་ནི། ཆོས་རྣམས་མ་འདྲེས་པར་སྟོན་པ་རབ་ཏུ་ཤེས་སོ། །བཞི་པས་ནི། ཆོས་རྣམས་ཀྱི་མཐུན་པའི་རྒྱུ་རྒྱུན་ཆད་པ་མེད་པ་ཉིད་དུ་རབ་ཏུ་ཤེས་སོ། །དབུ་མ་ལ་འཇུག་པ་ལས། སེམས་བསྐྱེད་པ་དགུ་པའི་རྣམ་པར་བཤད་པའོ།། །།

ལེའུ་བཅུ་པའི་རྣམ་བཤད།

དེའི་འོག་ཏུ་སེམས་བསྐྱེད་པ་བཅུ་པ་ཆོས་ཀྱི་སྤྲིན་གྱི་དབང་དུ་བྱས་ནས་བཤད་པ། བཅུ་པའི་ས་ལ་དེ་ཡིས་ཀུན་ནས་སངས་རྒྱས་རྣམས་ལ་དབང་བསྐུར་བ། །དམ་པ་ཐོབ་ཅིང་ཡེ་ཤེས་ལྷག་པ་མཆོག་ཏུ་འབྱུང་བར་འགྱུར་བའང་ཡིན། །ཆར་སྤྲིན་རྣམས་ལས་ཆུ་ཆར་འབབ་པ་ཇི་ལྟར་དེ་བཞིན་འགྲོ་རྣམས་ཀྱི། །དགེ་བའི་ལོ་ཐོག་ཆེད་དུ་རྒྱལ་སྲས་ལས་ཀྱང་ལྷུན་གྲུབ་ཆོས་ཆར་འབབ། །བྱང་ཆུབ་སེམས་དཔའ་ས་བཅུ་པ་འདི་ལ་གནས་པའི་རྒྱལ་བའི་སྲས་པོ་དེ་ཡིས་སངས་རྒྱས་རྣམས་ལ་འོད་ཟེར་ཆེན་པོའི་དབང་བསྐུར་བ་དམ་པ་ཐོབ་སྟེ། ཇི་སྐད་དུ། དེ་ལ་ཏིང་ངེ་འཛིན་གྲངས་མེད་པ་འབུམ་ཕྲག་བཅུ་ཇི་སྙིད་པའི་ཐ་མ་ལ་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་པའི་དབང་བསྐུར་བ་དང་ལྡན་པ་བྱ་བ་མངོན་དུ་གྱུར་ཏེ། དེ་མངོན་དུ་གྱུར་མ་ཐག་ཏུ་སྟོང་གསུམ་འབུམ་ཕྲག་བཅུའི་བཏོས་དང་མཉམ་པའི་རིན་པོ་ཆེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པས་སྤྲས་པ་ཞེས་བྱ་བ་ནས་སྟོང་གསུམ་འབུམ་ཕྲག་བཅུར་ཚང་བའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་པདྨོའི་འཁོར་དང་ལྡན་པ་འབྱུང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེའི་ལུས་ཀྱང་དེ་དང་འཚམ་ཞིང་དེའི་རྐྱེན་དུ་བབ་པར་གནས་སོ། །དེ་ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་པད་མ་དེ་ལ་འདུག་པ་ཀུན་ཏུ་སྣང་ངོ་། །དེ་དེ་ལ་འདུག་པ་དང་། སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་ཀུན་ནས་གདན་འཛོམས་པ་རྣམས་ཀྱིས་མཛོད་སྤུ་ནས་འོད་ཟེར་དག་ཕྱུང་ནས་བྱང་ཆུབ་སེམས་དཔའ་དེ་ལ་དབང་བསྐུར་བར་མཛད་དོ་ཞེས་པའི་བར་དུ་གསུངས་པ་ལྟ་བུའོ། །དེའི་ཚེ་འདིའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ལྷག་ཅིང་མཆོག་ཏུ་དག་པར་འགྱུར་ལ། ཆར་སྤྲིན་ཆེན་པོ་ལྟར་འགྲོ་བ་རྣམས་ཀྱི་དགེ་བའི་ལོ་ཐོག་མངོན་པར་སྤེལ་བའི་ཆེད་དུ་རྒྱལ་བའི་སྲས་པོ་དེ་ལ་ལྷུན་གྱིས་གྲུབ་པའི་དམ་པའི་ཆོས་ཀྱི་ཆར་མངོན་པར་འབབ་པར་འགྱུར་རོ། །དེའི་ཕྱིར་ས་དེ་ནི་ཆོས་ཀྱི་སྤྲིན་ཞེས་བྱའོ། །དབུ་མ་ལ་འཇུག་པ་ལས། སེམས་བསྐྱེད་པ་བཅུ་པའི་རྣམ་པར་བཤད་པའོ།། །།

ལེའུ་བཅུ་གཅིག་པའི་རྣམ་བཤད།

དེ་ལྟར་ས་བཅུའི་ངོ་བོ་བསྟན་ནས། དེའི་འོག་ཏུ་ས་བཅུ་པོ་རྣམས་སུ་ཐོབ་པའི་ཡོན་ཏན་གྱི་གྲངས་ཀྱི་ཁྱད་པར་བསྟན་པའི་ཕྱིར་བཤད་པ། དེ་ཚེ་འདིས་ནི་སངས་རྒྱས་བརྒྱ་མཐོང་ཞིང་། །དེ་དག་བྱིན་གྱིས་བརླབས་ཀྱང་འདི་ཡིས་རྟོགས། །དེ་ཉིད་ཚེ་ན་བསྐལ་པ་བརྒྱར་གནས་ཤིང་། །དེ་སྙེད་སྔོན་དང་ཕྱི་མའི་མཐར་ཡང་འཇུག །ཏིང་འཛིན་བརྒྱ་ལ་འཇུག་ཅིང་ལྡང་བྱེད་དེ། །འཇིག་རྟེན་ཁམས་བརྒྱ་གཡོ་ཞིང་སྣང་བར་ནུས། །དེ་བཞིན་སེམས་ཅན་བརྒྱ་ཕྲག་སྨིན་བྱེད་ཅིང་། །བརྒྱ་ཕྲག་ཞིང་དག་ཏུ་ཡང་འགྲོ་བར་འགྱུར། །དེ་ནི་རང་གི་ལུས་བརྒྱ་སྟོན་བྱེད་ཅིང་། །རང་གི་ལུས་ལ་ཆོས་སྒོ་བརྒྱ་ཡང་སྟོན། །མཛེས་པའི་ལུས་རེ་ལ་ཡང་རང་གི་འཁོར། །རྒྱལ་བའི་སྲས་པོ་བརྒྱ་ཕྲག་ལྡན་པར་སྟོན། །གང་གི་ཚེ་ས་དང་པོ་ཐོབ་པ་དེའི་ཚེ་རྒྱལ་བའི་སྲས་པོ་འདིས་སྐད་ཅིག་ཐང་ཅིག་ཡུད་ཙམ་ཉིད་ལ། སངས་རྒྱས་བརྒྱ་མཐོང་ཞིང་དེ་དག་གི་བྱིན་གྱིས་བརླབས་ཀྱང་རྟོགས་ལ། དེ་ཉིད་ཀྱི་ཚེ་བསྐལ་པ་བརྒྱར་གནས་ཤིང་། བསྐལ་པ་དེ་ཉིད་ཀྱི་སྔོན་དང་ཕྱི་མའི་མཐའ་གང་ལའང་འཇུག་ལ། སྐད་ཅིག་ཉིད་ལ་ཏིང་ངེ་འཛིན་བརྒྱ་ཐོབ་ཅིང་། དེ་དག་ལ་སྙོམས་པར་འཇུག་པར་ཡང་བྱེད་དོ། །འཇིག་རྟེན་གྱི་ཁམས་བརྒྱ་གཡོ་ཞིང་སྣང་བར་ཡང་བྱེད་ལ། སེམས་ཅན་བརྒྱ་ཕྲག་སྨིན་ཞིང་། ཞིང་བརྒྱ་ཕྲག་དག་ཏུའང་འགྲོ་བར་འགྱུར་རོ། །རང་གི་ལུས་བརྒྱ་སྟོན་ཅིང་། ཆོས་བརྒྱའང་སྟོན་ལ། ལུས་རེ་རེ་ཞིང་ཡང་རང་གི་འཁོར་རྒྱལ་སྲས་བརྒྱ་དང་འབྲེལ་བར་སྟོན་པར་བྱེད་དོ། །བློ་ལྡན་རབ་དགའ་ལ་གནས་ཡོན་ཏན་འདི་དག་སྟེ། །དེ་བཞིན་དྲི་མེད་ཐོབ་པར་གྱུར་པའི་ཡོན་ཏན་ཡང་། །དེ་དག་སྟོང་ཉིད་ཐོབ་པར་འགྱུར་ཏེ། བློ་ལྡན་བྱང་ཆུབ་སེམས་དཔའ་རབ་ཏུ་དགའ་བ་ལ་གནས་པའི་ཡོན་ཏན་བརྒྱ་དག་དང་རྗེས་སུ་འབྲེལ་བ་ཐོབ་པ་དེ་དག་དྲི་མ་མེད་པ་ལ་གནས་པས་ནི་སྟོང་ཐོབ་པར་འགྱུར་རོ། །ཡོན་ཏན་དེ་ལྟ་བུ་དག་ས་གསུམ་པ་ལ་སོགས་པ་ས་ལྔ་པོ་འདི་དག་ལ་གནས་རིམ་པ་བཞིན་དུ་འབུམ་ཕྲག་ཐོབ། །བྱེ་བ་བརྒྱ་ཐོབ་བྱེ་བ་སྟོང་ཕྲག་ཐོབ་པར་འགྱུར། །བྱེ་བ་བ རྒྱ་ཕྲག་སྟོང་འགྱུར་ཐོབ་ཅིང་བྱེ་བ་ཕྲག །ཕྲག་ཁྲིག་ཕྲག་བརྒྱར་གྱུར་པ་དེ་ནི་སྟོང་ཕྲག་ཏུ། །ཡོངས་སུ་བསྒྱུར་བ་མཐའ་དག་རབ་ཏུ་ཐོབ་པར་འགྱུར། །འོད་བྱེད་པ་དང་། འོད་འཕྲོ་བ་དང་། སྦྱང་དཀའ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བའི་མིང་ཅན་གྱི་ས་ལྔ་པོ་འདི་དག་ལ་གནས་པའི་རྒྱལ་བའི་སྲས་པོ་རྣམས་ཀྱིས་ནི་གོ་རིམ་བཞིན་དུ། ཇི་སྐད་བཤད་པའི་ཡོན་ཏན་བརྒྱ་ཚན་དེ་ལྟ་བུ་འབུམ་ཕྲག་དང་། བྱེ་བ་བརྒྱ་ཕྲག་དང་། བྱེ་བ་སྟོང་ཕྲག་དང་། བྱེ་བ་བརྒྱ་ཕྲག་སྟོང་འགྱུར་དང་། བྱེ་བ་ཕྲག་ཁྲིག་ཕྲག་བརྒྱར་འསྒྱུར་བ་དེ་ཉིད་སྟོང་དུ་ཡོངས་སུ་བསྒྱུར་བ་རྣམས་ཐོབ་པར་འགྱུར་རོ། །ས་བརྒྱད་པ་ཡན་ཆད་ཀྱི་ཡོན་ཏན་དེ་དག་ནི་གྲངས་ཀྱིས་བགྲང་བར་མི་ནུས་པས། དེའི་ཕྱིར་རྡུལ་ཕྲ་རབ་ཀྱིས་ཡོངས་སུ་བགྲང་བར་བཤད་པ། མི་གཡོའི་སར་གནས་རྣམ་རྟོག་མེད་པ་དེས། །སྟོང་གསུམ་སྟོང་ཕྲག་སྟོང་བསྡོམས་འཇིག་རྟེན་ན། །རྡུལ་ཚད་ཇི་སྙེད་ཡོད་པ་དེ་རྣམས་དང་། །གྲངས་མཉམ་ཡོན་ཏན་དག་ནི་ཐོབ་པར་འགྱུར། །བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་ལ་གནས་པའི་རྒྱལ་བའི་སྲས་པོ་དེས་སྟོང་གསུམ་སྟོང་ཕྲག་སྟོང་བསྡོམས་པའི་འཇིག་རྟེན་གྱི་རྡུལ་གྱི་ཚད་ཇི་སྙེད་ཡོད་པའི་གྲངས་དང་མཉམ་པའི་ཡོན་ཏན་ཇི་སྐད་བཤད་པ་དག་ཐོབ་པར་འགྱུར་རོ། །ལེགས་པའི་བློ་གྲོས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔས་སྔར་བསྟན་ཡོན་ཏན་དག །གྲངས་མེད་བརྒྱ་ཕྲག་སྟོང་དུ་ཡང་དག་པར། །བསྡོམས་པ་ཕྲག་བཅུའི་རྡུལ་ཚད་ཐོབ་པར་འགྱུར། །ས་དགུ་པ་ལེགས་པའི་བློ་གྲོས་ལ་གནས་པའི་བྱང་ཆུབ་སེམས་དཔས་སངས་རྒྱས་མཐོང་བ་ལ་སོགས་པའི་ཡོན་ཏན་སྔར་བསྟན་པ་དེ་དག་སྟོང་གསུམ་གྲངས་མེད་བརྒྱ་ཕྲག་སྟོང་བསྡོམས་པ་ཕྲག་བཅུའི་རྡུལ་གྱི་ཚད་ཐོབ་པ་འགྱུར་རོ། །རེ་ཞིག་བཅུ་པ་འདིར་དེའི་ཡོན་ཏན་དག །ངག་གི་སྤྱོད་ཡུལ་ལས་ཆེས་འདས་གྱུར་ཅིང་། །ངག་གི་སྤྱོད་ཡུལ་མ་ཡིན་སྟོང་རྣམས་ན། །རྡུལ་དག་ཇི་སྙེད་ཡོད་པ་དེ་སྙེད་ཐོབ། །རེ་ཞིག་ས་བཅུ་པ་འདིར་ནི་རྒྱལ་བའི་སྲས་པོ་དེའི་ཡོན་ཏན་ཇི་སྐད་བཤད་པ་དག་ངག་གི་སྤྱོད་ཡུལ་ལས་འདས་པའི་ཕྱིར་ངག་གི་སྤྱོད་ཡུལ་མ་ཡིན་གྱི། འོན་ཀྱང་སྟོང་གསུམ་གྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བསྡོམས་པ་རྣམས་རྡུལ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པ་ཐོབ་པར་འགྱུར་རོ། །རེ་ཞིག་གི་སྒྲས་ནི་ཡོན་ཏན་དེ་ཙམ་ཁོ་ནར་ཟད་པ་མ་ཡིན་གྱི་གཞན་ཡང་བརྗོད་པའི་ཕྱིར་གོ་རིམ་སྟོན་པའོ། །གཞན་ཡང་། བ་སྤུའི་ཁུང་བུར་བྱང་ཆུབ་སེམས་རྣམས་དང་། །སྐད་ཅིག་རྫོགས་སངས་རྒྱས་སྐུ་གྲངས་མེད་དང་། །དེ་བཞིན་ལྷ་དང་ལྷ་མིན་མི་དག་ཀྱང་། །སྐད་ཅིག་སྐད་ཅིག་ལ་ནི་སྟོན་པར་ནུས། །སེམས་བསྐྱེད་པ་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་འདིས་ནི་རྣམ་པར་རྟོག་པ་མེད་བཞིན་དུ་རང་གི་བ་སྤུའི་ཁུང་བུ་རེ་རེར་ཡང་རྫོགས་པའི་སངས་རྒྱས་ཀྱི་སྐུ་གྲངས་མེད་པ་རེ་རེ་ཞིང་བྱང་ཆུབ་སེམས་དཔའི་འཁོར་གཞལ་གྱིས་མི་ལང་པས་བསྐོར་བ་དང་། དེ་བཞིན་ལྷ་དང་མི་ལ་སོགས་པ་འགྲོ་བ་ལྔའི་འཁོར་བ་རྣམས་མ་འདྲེས་པར་སྐད་ཅིག་སྐད་ཅིག་ལ་སྟོན་པར་ནུས་ཤིང་། ཀྱང་ཞེས་པས་དེར་མ་ཟད་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། མིའི་རྒྱལ་པོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པས་འདུལ་བའི་སེམས་ཅན་རྣམས་ལ་བརྒྱ་བྱིན་ལ་སོགས་པའི་གཟུགས་བཟུང་ནས་ལྷུན་གྱིས་གྲུབ་པར་ཆོས་སྟོན་པར་ནུས་སོ་ཞེས་པའོ། །

སའི་ཡོན་ཏན་གྱི་གྲང་བསྟན་པ།

དེ་ལྟར་རྒྱུ་ས་བཅུའི་རང་བཞིན་ཡོན་ཏན་དང་བཅས་པ་བཤད་ནས། དེའི་འོག་ཏུ་འབྲས་བུ་སངས་རྒྱས་ཀྱི་སའི་ཡོན་ཏན་དང་བཅས་པར་བསྟོད་པ་བསྒྲུབ་པའི་སྒོ་ནས་བཤད་པར་བྱའོ། །དེ་ལ་མངོན་པར་བྱང་ཆུབ་པའི་ཚུལ་དང་། བྱང་ཆུབ་པའི་ངོ་བོ་སྐུ་དང་ཡོན་ཏན་བཤད་པ་གཉིས་ལས། དང་པོ་ལའང་། དངོས་དང་། དེ་ལ་རྩོད་པ་སྤོང་བ་གཉིས་སོ། །དང་པོ་ལ་གནས་གང་དུ་མངོན་པར་བྱང་ཆུབ་པ་ནི། ཇི་ལྟར་དྲི་མེད་མཁའ་ལ་ཟླ་སྣང་གསལ་བར་འགྱུར་བ་བཞིན། །སྔོན་ཚེ་སྟོབས་བཅུ་སྐྱེད་པའི་ས་ལ་ཁྱོད་ཀྱིས་སླར་ཡང་འབད་གྱུར་ཅིང་། །འོག་མིན་དུ་ནི་གང་གི་དོན་དུ་འབད་གྱུར་གོ་འཕང་མཆོག་ཞི་བ། །ཡོན་ཏན་ཀུན་གྱི་མཐར་ཐུག་མཚུངས་པ་མེད་དེ་ཁྱོད་ཀྱིས་བརྙེས། །ཇི་ལྟར་ནམ་མཁའ་དྲི་མ་མེད་པ་ཁོ་ན་ལ་ཟླ་བའི་སྣང་བས་འགྲོ་བ་མ་ལུས་པ་གསལ་བར་ནུས་པ་དེ་བཞིན་དུ་སྔོན་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པ་ལ་གེགས་བྱེད་པའི་མུན་པ་སྦྱོང་བར་མཛད་པ། ཐུགས་བསྐྱེད་པ་བཅུ་པ་བརྙེས་པའི་ཚེ་རང་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་རྣམས་མངོན་དུ་བྱ་ནུས་པར་མཁྱེན་ནས། སྟོབས་བཅུ་བསྐྱེད་ཅིང་ཡོངས་སུ་རྫོགས་པ་སངས་རྒྱས་ཀྱི་ས་ལ་བཅོམ་ལྡན་ཁྱོད་ཀྱིས་སླར་ཡང་འབད་ཅིང་བརྩོན་འགྲུས་རྩོམ་པར་མཛད་ལ། གང་གི་དོན་དུ་འབད་པར་གྱུར་པའི་གོ་འཕང་མཆོག་སྤྲོས་པ་མ་ལུས་པ་ཉེ་བར་ཞི་ཞིང་། སྟོབས་སོགས་ཀྱི་ཡོན་ཏན་མཐའ་དག་རྫོགས་ཤིང་། མཐར་ཐུག་པ་གཞན་དང་མཚུངས་པ་མེད་པ་དེ་འོག་མིན་གྱི་གནས་སུ་བཅོམ་ལྡན་ཁྱོད་ཀྱིས་བརྙེས་པར་གྱུར་ཏོ། །ཇི་སྐད་དུ། གཙང་མའི་གནས་དག་སྤངས་པ་ཡི། །འོག་མིན་གནས་ནི་ཉམས་དགའ་བར། །ཡང་དག་རྫོགས་སངས་དེར་སངས་རྒྱས། །སྤྲུལ་པ་པོ་ཞིག་འདིར་འཚང་རྒྱ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཇི་ལྟར་མངོན་པར་བྱང་ཆུབ་པའི་ཚུལ་ནི། ཇི་ལྟར་སྣོད་ཀྱི་དབྱེ་བས་མཁའ་ལ་དབྱེ་བ་མེད་དེ་ལྟར། །དངོས་བྱས་དབྱེ་བ་འགའ་ཡང་དེ་ཉིད་ལ་མེད་དེ་ཡི་ཕྱིར། །རོ་གཅིག་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་ནས། །མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། །ཇི་ལྟར་བུམ་པ་དང་འཁར་གཞོང་ལ་སོགས་པ་སྣོད་ཀྱི་དབྱེ་བ་ཐ་དད་པས་དེ་དག་ནང་གི་ནམ་མཁའ་ལ་དབྱེ་བ་ཐ་དད་པ་མེད་པ་དེ་ལྟར། གཟུགས་དང་ཚོར་བ་ལ་སོགས་པ་དངོས་པོ་ཐ་དད་པའི་དབྱེ་བས་དེ་དག་གི་དེ་ཁོ་ན་ཉིད་སྐྱེ་བ་མེད་པའི་མཚན་ཉིད་ཅན་ལ་དབྱེ་བ་འགའ་ཡང་མེད་དེ། ཀུན་ཀྱང་སྐྱེ་མེད་དུ་གཅིག་པའི་ཕྱིར་རོ། །དེའི་ཕྱིར་མཁྱེན་བཟང་ཁྱོད་ཀྱི་ཤེས་བྱའི་རྣམ་པ་ཐམས་ཅད་སྐད་ཅིག་མ་གཅིག་ལ་སྐྱེ་བ་མེད་པར་རོ་མཉམ་ཉིད་དུ་ཐུགས་སུ་ཆུད་ནས་ཐམས་ཅད་མཁྱེད་པའི་ཡེ་ཤེས་བརྙེས་སོ། །དེ་ལ་དོན་ནི་འདི་ཡིན་ཏེ། ཆོས་ཐམས་ཅད་སྐྱེ་བ་མེད་པའི་རང་བཞིན་དུ་ཐ་དད་པ་མེད་ཅིང་། གང་གི་ཚེ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྐྱེ་བ་མེད་པར་མངོན་སུམ་དུ་བྱས་པའི་དུས་དེ་ཉིད་ལ་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་ཐ་སྙད་དུ་བྱས་པ་ཡིན་ནོ། །སྐད་ཅིག་མ་གཅིག་ཅེས་པ་ནི་གང་གི་ཚེ་སེམས་དང་སེམས་ལས་བྱུང་བའི་འཇུག་པ་ཉེ་བར་ཞི་བའི་དུས་དེ་ཉིད་འཛིན་པའོ། །གཉིས་པ་རྩོད་པ་སྤང་བ་ལ་རྩོད་པ་དགོད་པ་ནི། གང་ཚེ་ཞི་བ་དེ་ཉིད་ཡིན་ན་དེ་ལ་བློ་གྲོས་འཇུག་མི་འགྱུར། །བློ་མ་ཞུགས་པས་ཤེས་བྱའི་ཡུལ་ཅན་ངེས་པར་རིགས་པའང་མ་ཡིན་ལ། །ཀུན་ནས་ཤེས་མེད་པར་ནི་ཤེས་པར་ཇི་ལྟར་འགྱུར་ཏེ་འགལ་བར་འགྱུར། །མཁྱེན་པོ་མེད་པར་ཁྱོད་ཀྱིས་གཞན་ལ་འདི་ལྟའོ་ཞེས་སུ་ཞིག་སྟོན། །གང་གི་ཚེ་སྐྱེ་བ་དང་འགག་པ་ལ་སོགས་པ་སྤྲོས་པ་ཉེ་བར་ཞི་བ་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཡིན། དེའི་ཚེ་དེ་ལ་རྣམ་པ་ཐམས་ཅད་དུ་བློ་གྲོས་འཇུག་པར་མི་འགྱུར་ཏེ། ཤེས་པ་ཡུལ་གྱི་རྣམ་པ་ཅན་དུ་སྐྱེས་པ་ལ་ཡུལ་རྟོགས་པའི་ཐ་སྙད་བྱེད་པ་ཡིན་ན་དེ ཁོ་ན་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་ལ་བློ་འཇུག་པ་ན། གང་གི་རྣམ་པ་ཅན་དུ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་རྣམ་པ་མེད་པས་བློ་འཇུག་པར་མི་འགྱུར་རོ། །བློ་མ་ཞུགས་པས་ནི་ཤེས་བྱ་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་གྱི་ངེས་པ་སྐྱེ་བ་རིགས་པ་མ་ཡིན་ཏེ། ཀུན་ནས་ཤེས་པ་མེད་པ་ཉིད་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའོ་ཞེས་བྱ་བར་ཇི་ལྟར་འགྱུར་ཏེ་འགལ་བའི་ཕྱིར་རོ། །གཞན་ཡང་མངོན་པར་བྱང་ཆུབ་པའི་གནས་སྐབས་ན་སེམས་དང་སེམས་ལས་བྱུང་བའི་འཇུག་པ་ཉེ་བར་ཞི་ན་མཁྱེན་པ་པོ་མེད་པའི་ཕྱིར་འདི་ལྟ་བུའི་མཚན་ཉིད་ཅན་གྱི་དེ་ཁོ་ན་ཉིད་ངས་ཐུགས་སུ་ཆུད་དོ་ཞེས་གཞན་ལ་སུ་ཞིག་གིས་སྟོན་པར་བྱེད་དེ་མི་རིགས་སོ་ཞེ་ན། འདིའི་ལན་ལ་གཉིས་ལས། དང་པོ་སྐྱེ་མེད་རྟོགས་པ་ལ་མི་འཐད་པ་སྤང་བ་ནི། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམས་བརྟེན་ལས་དེ་ཡིས་དེ་ཉིད་རྟོགས་པར་བརྗོད་བྱ་སྟེ། །ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་གྱུར་པ་དེ་ཡིས་ཡུལ། །དེ་ཡོངས་ཤེས་པ་དེ་བཞིན་ཐ་སྙད་ཉེ་བར་བརྟེན་ནས་རིག་པ་ཡིན། །ཇི་ལྟར་སེམས་ནི་སྔོན་པོ་ལ་སོགས་པའི་ཡུལ་གང་གི་རྣམ་པ་ཅན་དུ་གྱུར་པའི་སེམས་དེ་ཡིས་སྔོན་པོ་ལ་སོགས་པའི་ཡུལ་དེ་ཡོངས་སུ་ཤེས་པར་མདོ་སྡེ་པ་དག་ཐ་སྙད་བྱེད་པ་དེ་བཞིན་དུ། གང་གི་ཚེ་དེ་ཁོ་ན་ཉིད་སྐྱེ་བ་མེད་པའི་རང་བཞིན་ཅན་ཡིན་ཞིང་། ཡུལ་ཅན་རྣལ་འབྱོར་པའི་བློ་ཡང་སྐྱེ་བ་དང་བྲལ་བའི་རང་བཞིན་དུ་གྱུར་པ་དེའི་ཚེ་བློ་དེ་ཡུལ་སྐྱེ་མེད་དེའི་རྣམ་པའི་རྗེས་སུ་བྱེད་པ་ལ་བརྟེན་ནས་རྣལ་འབྱོར་པའི་བློ་དེ་ཡིས་ཡུལ་སྐྱེ་བ་མེད་པའི་དེ་ཁོ་ན་ཉིད་དེ་རྟོགས་སོ་ཞེས་ཐ་སྙད་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་བཏགས་སོ། །ཡང་དག་པར་ན་རྣལ་འབྱོར་པས་དེ་ཁོ་ན་ཉིད་རྟོགས་པའི་ཚེ་འགའ་ཞིག་གིས་འགའ་ཞིག་རྟོགས་པ་མ་ཡིན་ཏེ། ཤེས་པ་དང་ཤེས་བྱ་གཉིས་ཀ་སྐྱེ་བ་མེད་པའི་ཕྱིར་རོ། །གལ་ཏེ་དེའི་ཚེ་རྟོག་པ་དང་བཅས་པའམ་རྟོག་པ་མེད་ཀྱང་རུང་སྟེ་ཤེས་པ་འགའ་ཞིག་ཡོད་ན་ཤེས་བྱའང་ཡོད་པ་འགྱུར་ཏེ། ཤེས་བྱ་མེད་པའི་ཤེས་པ་འགའ་ཡང་མ་མཐོང་བའི་ཕྱིར་རོ། །དེ་ལྟར་ན་ཤེས་བྱ་དང་ཤེས་པའི་སྤྲོས་པ་ཉེ་བར་མ་ཞི་བའི་ཕྱིར་རོ། །བྱིས་པའི་གནས་སྐབས་བཞིན་དུ་རྣམ་པར་རྟོག་པ་ལྡོོག་པར་མི་འགྱུར་རོ། །དེ་ལྟ་ནའང་དེ་བཞིན་གཤེགས་པ་ལ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཐ་སྙད་དུ་མི་མངའ་བ་མ་ཡིན་ཏེ། བསྐལ་པ་མང་པོ་ཡེ་ཤེས་ཀྱི་ཚོགས་སྦྱངས་པ་ལ་བརྟེན་ནས་སྟོབས་དང་མི་འཇིགས་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་འབྱུང་བའི་ཕྱིར་རོ། །སྟོབས་སོགས་ཀྱི་ཡོན་ཏན་དེ་དག་ཀྱང་བློས་བརྟགས་པ་ཙམ་ཡིན་ཏེ། རྟེན་ཅིང་འབྲེལ་འབྱུང་ཡིན་པའི་ཕྱིར་སྒྲུ་མ་ལ་སོགས་པ་བཞིན། གང་ཞིག་བརྟགས་པ་ཙམ་ཡིན་པ་དེ་ནི་རྟོག་པ་མེད་ན་ཡོད་པ་མ་ཡིན་ཏེ། རི་མོ་དང་ཐག་པ་ལ་གནོད་སྦྱིན་དང་སྦྲུལ་དུ་བརྟགས་པ་དེ་དང་དེར་རྟོག་པ་མེད་པ་ན་མི་འབྱུང་བ་བཞིན། གང་གི་ཚེ་རྣལ་འབྱོར་པས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་དེའི་ཚེ་རྣམ་པར་རྟོག་པ་ཐམས་ཅད་ལྡོག་པའི་ཕྱིར། སྟོབས་སོགས་ཡོན་ཏན་གྱི་རྣམ་པར་རྟོགས་པ་དག་ཀྱང་ལྡོག་པ་ཡིན་ནོ། །གལ་ཏེ་ཡོན་ཏན་འདི་དག་བརྟགས་པ་ཙམ་ཡིན་ན་ཐམས་ཅད་ལ་སྟོབས་སོགས་ཀྱི་ཡོན་ཏན་དང་ལྡན་པའི་རྣམ་པར་རྟོག་པ་ཅིའི་ཕྱིར་མི་སྐྱེ་ཞེ་ན། གལ་ཏེ་འདི་དག་རྒྱུ་དང་རྐྱེན་ལ་མ་ལྟོས་པར་རང་དགར་རྟོག་པས་བརྟགས་པ་ཙམ་དུ་སྨྲས་ན་བདེན་པ་ཞིག་ན། འདི་དག་ནི་ཡེ་ཤེས་ཀྱི་ཚོགས་ཡུན་རིང་དུ་གོམས་པར་བྱས་པའི་རྒྱུ་དང་རྐྱེན་ཁྱད་པར་བ་ལ་བརྟེན་ནས་འབྱུང་བར་བརྟགས་པའི་ཕྱིར་ཉེས་པ་མེད་དོ། །གལ་ཏེ་རྒྱུ་དང་རྐྱེན་ལས་བྱུང་བ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར་བརྟགས་པ་ཙམ་དུ་མི་རིགས་སོ་ཞེ་ན། མ་ཡིན་ཏེ། རང་གི་མཚན་ཉིད་ཀྱིས་གྲུབ་ན་རྒྱུ་དང་རྐྱེན་ལ་ལྟོས་པར་མི་རུང་སྟེ། རང་གི་ངོ་བོ་གཞན་ལ་རག་ལས་པར་གྲུབ་ཟིན་པའི་ཕྱིར་རོ། །བསྟན་བཅོས་ལས་ཀྱང་། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཅེས་གསུངས་སོ། །དེའི་ཕྱིར་གང་དག་དེ་བཞིན་གཤེགས་པ་ལ་རང་རྒྱུད་ཀྱི་ཡེ་ཤེས་རང་མཚན་ཡོད་པར་སྨྲ་བ་དང་། གཞན་དག་གཉིད་དང་བརྒྱལ་བ་ལ་སོགས་པའི་གནས་སྐབས་བཞིན་དུ་ཡེ་ཤེས་གཏན་མེད་པར་སྨྲ་བ་གཉིས་ཀའང་སྒྲོ་འདོགས་པ་དང་། སྐུར་བ་འདེབས་པའི་མཐར་ལྷུང་བའི་ཕྱིར་དེ་གཞིན་གཤེགས་པའི་ཡོན་ཏན་ཡང་དག་པར་རྟོགས་པ་མ་ཡིན་ནོ། ཁོ་བོ་ཅག་ནི་དེ་བཞིན་གཤེགས་པ་ལ་མངའ་བའི་ཡོན་ཏན་མདོ་སྡེ་དག་ལས་ཇི་ལྟར་འབྱུང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་དུ་ཁས་ལེན་པ་ན། སྒྲོ་འདོགས་པ་དང་། སྐུར་བ་འདེབས་པའི་མཐའ་གང་དུའང་ལྷུང་བ་མེད་དེ། རྟེན་ཅིང་འབྲེལ་འབྱུང་དུ་སྨྲ་བ་ལ་ནི་ཐ་སྙད་དུའང་གཞན་གྱི་ཀླན་ཀའི་སྐབས་འཇུག་པའི་མཐར་ལྷུང་གི་དམ་བཅའ་གང་ཡང་མེད་དོ་ཞེས་སྔར་བཤད་ཟིན་པའི་ཕྱིར་རོ། །དེའི་ཕྱིར་བསྟན་བཅོས་ལས་ཀྱང་། རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །མཐའ་དང་མཐའ་མེད་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །ཅེས་གང་གསུངས་པ་ཡིན་ནོ། ཁོ་བོ་ཅག་ནི་དེ་བཞིན་གཤེགས་པའི་ཡོན་ཏན་འབའ་ཞིག་ཚུལ་དེ་ལྟར་དུ་ཁས་ལེན་པར་བྱེད་པ་མ་ཡིན་གྱི། ཀུན་ནས་ཉོང་མོངས་དང་རྣམ་བྱང་གིས་བསྡུས་པའི་ཆོས་ཇི་སྙེད་པ་ཐམས་ཅད་ཐ་སྙད་དུའང་མཐའ་ཐམས་ཅད་ལས་གྲོལ་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་འདི་པ་ཙམ་གྱི་རང་བཞིན་དུ་ཁས་ལེན་པར་བྱེད་མོད་ཀྱི། འོན་ཀྱང་ཚུལ་འདི་ནི་འཕགས་པའི་ཡུལ་གྱི་ཤིང་རྟ་ཆེན་པོ་དག་གིས་ཀྱང་ཐུགས་སུ་མ་ཆུད་ན་གངས་ཅན་གྱི་སྐྱེ་བོ་དམུས་ལོང་ལྟ་བུ་འདི་དག་གི་བློ་གྲོས་ཀྱི་ཡུལ་དུ་འགྱུར་རེ་སྐན།

གཉིས་པ་འཇིག་རྟེན་ལ་དེ་ཉིད་སྟོན་པ་མི་འཐད་པ་སྤང་བ་ནི། རྣལ་འབྱོར་པས་ཆོས་ཀྱི་སྐུ་མངོན་སུམ་དུ་བྱས་པ་ན་སེམས་དང་སེམས་ལས་བྱུང་བའི་འཇུག་པ་ཉེ་བར་ཞི་བ་བདེན་མོད་ཀྱི་དེ་ལྟ་ནའང་འཇིག་རྟེན་ལ་དེ་ཁོ་ན་ཉིད་སྟོན་པ་མི་སྲིད་པ་མ་ཡིན་ཏེ། འདི་ལྟར། དེ་ཡི་ལོངས་སྤྱོད་རྫོགས་སྐུ་བསོད་ནམས་ཀྱིས། །ཟིན་དང་སྤྲུལ་པ་མཁའ་གཞན་ལས་དེའི་མཐུས། །སྒྲ་གང་ཆོས་ཀྱི་དེ་ཉིད་སྟོན་འབྱུང་བ། །དེ་ལས་འཇིག་རྟེན་གྱིས་ཀྱང་དེ་ཉིད་རིག །དེ་བཞིན་གཤེགས་པ་རྣམས་གཟུགས་ཀྱི་སྐུ་གང་ལ་བཞུགས་ནས་ཆོས་ཀྱི་སྐུ་མངོན་སུམ་དུ་མཛད་པའི་སྐུ་བསོད་ནམས་བརྒྱས་ཟིན་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ལོངས་སྤྱོད་ཀྱི་རྒྱུར་འགྱུར་བའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་ལ། བསོད་ནམས་བརྒྱས་བསྐྲུན་པའི་སྐུ་དེ་ལྟ་བུ་ལས། འཇམ་དཔལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་ཚིག་བླ་དྭགས་སོ་ཞེས་སོགས་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་སྒྲ་གང་ཞིག་འབྱུང་བ་དེ་ལས་རྣམ་པ་དེ་ལྟ་བུའི་ཆོས་སྟོན་པའི་སྣོད་དུ་གྱུར་པའི་གདུལ་བྱས་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་ངེས་པར་འགྱུར་རོ། །བསོད་ནམས་བརྒྱས་བསྐྲུན་པའི་སྐུ་ལས་འབྱུང་བ་ལྟ་ཞོག དེ་ཡིས་བྱིན་གྱིས་བརླབས་པའི་སྤྲུལ་པའི་སྐུ་དག་ལས་ཆོས་ཀྱི་དེ་ཁོ་ན་གསལ་བར་བྱེད་པའི་སྒྲ་གང་ཞིག་འབྱུང་བ་དེ་ལས་ཀྱང་འཇིག་རྟེན་གྱིས་དེ་ཁོ་ན་ཉིད་རིག་པར་འགྱུར་རོ། །སྤྲུལ་པ་ལས་འབྱུང་བ་འབའ་ཞིག་ཏུ་མ་ཟད་ཀྱི་དེ་བཞིན་གཤེགས་པའི་མཐུས་སེམས་དང་སེམས་ལས་བྱུང་བའི་འཇུག་པ་མེད་དུ་ཟིན་ཀྱང་། གཞན་ནམ་མཁའ་དང་ཤིང་དང་རྩིག་པ་དང་བྲག་ལ་སོགས་པ་ལས་ཀྱང་སྒྲ་གང་ཞིག་ཆོས་ཀྱི་དེ་ཉིད་གསལ་བར་བྱེད་པ་འབྱུང་བ་དེ་ལས་ཀྱང་འཇིག་རྟེན་གྱིས་དེ་ཉིད་རིག་པ་ཡིན་ནོ། །གལ་ཏེ་སེམས་དང་སེམས་ལས་འབྱུང་བ་མེད་པ་དག་ལ་ནི་བློའི་གཡོ་བ་མེད་པའི་ཕྱིར་ལུས་ངག་གི་བྱ་བ་མི་འཇུག་ན་ཆོས་སྟོན་པ་ལ་སོགས་པའི་བྱ་བ་འབྱུང་བའི་རྒྱུ་ཉིད་དུ་ཇི་ལྟར་འགྱུར་ཞེ་ན། དེ་བསྟན་པའི་ཕྱིར་ཕྱི་རོལ་གྱི་དཔེ་བཀོད་པ། ཇི་ལྟར་རྫ་མཁན་སྟོབས་དང་ལྡན་པ་ཡིས། །ཡུན་རིང་འབད་པས་ཆེས་བསྐོར་འཁོར་ལོ་ནི། །དེ་རྩོལ་ད་ལྟར་སྐྱེས་པ་མེད་བཞིན་དུའང་། །འཁོར་ཞིང་བུམ་པ་ལ་སོགས་རྒྱུར་མཐོང་ལྟར། །དེ་བཞིན་ད་ལྟ་སྐྱེས་རྩོལ་མེད་བཞིན་དུ། །ཆོས་ཀྱི་བདག་ཅན་སྐུ་ཉིད་ལ་བཞུགས་དེའི། །འཇུག་པ་གདུལ་བྱའི་དགེ་དང་སྨོན་ལམ་གྱི། ཁྱད་པར་གྱིས་འཕངས་ལས་ཆོས་བསམ་མི་ཁྱབ། །ཇི་ལྟར་རྫ་མཁན་གྱིས་ཡུན་རིང་དུ་འབད་པ་ཆེན་པོས་བསྐོར་བའི་འཁོར་ལོ་ནི་སྔོན་བཟོ་བོ་མཁས་པས་ལེགས་པར་བཟོ་བྱས་པ་དང་འབད་པ་ཆེན་པོས་བསྐོར་བའི་ཤུགས་ཀྱིས་དེ་བསྐོར་བའི་རྩོལ་བ་ད་ལྟར་མེད་བཞིན་དུའང་རང་གི་ངང་གིས་འཁོར་ཞིང་བུམ་པ་ལ་སོགས་པ་སྣོད་ཀྱི་བྱེ་བྲག་དུ་མའི་རྒྱུར་འགྱུར་བ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ད་ལྟར་སྐྱེས་པའི་སྒོ་གསུམ་གྱི་རྩོལ་བ་མེད་བཞིན་དུ་ཆོས་ཀྱི་སྐུའི་བདག་ཉིད་ལ་བཞུགས་ནས་གདུལ་བྱའི་སྐལ་བ་དང་འཚམ་པའི་ཕྲིན་ལས་རང་གི་ངང་གིས་འཇུག་པ་ནི། གདུལ་བྱ་རྣམས་ཀྱིས་སངས་རྒྱས་ལ་ཆོས་ཉན་པར་འགྱུར་བའི་དགེ་བ་སྨིན་པར་བྱས་པའི་ཁྱད་པར་དང་། སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པའི་གནས་སྐབས་ན། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་འདི་དག་ད་ལྟ་རྣམ་རྟོག་མི་མངའ་བཞིན་དུ་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་ཇི་ལྟར་འཚམ་པའི་སེམས་ཅན་གྱི་དོན་སྒྲུབ་ཅིང་། ཆོས་ཀྱི་དབྱིངས་ལས་སྐད་ཅིག་ཀྱང་མི་བསྐྱོད་ལ། སེམས་ཅན་འདུལ་བའི་དུས་ལས་ཀྱང་མི་འདའ་བ་དེ་བཞིན་དུ་བདག་ཀྱང་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་སྨོན་ལམ་གྱི་ཁྱད་པར་གྱིས་འཕངས་པ་ལས་དེ་འདྲ་བ་དག་མངོན་པ་ཡིན་ལ། དེ་ནི་སངས་རྒྱས་ལས་གཞན་གྱིས་བསམ་གྱིས་མི་ཁྱབ་བོ། །

བྱང་ཆུབ་ཀྱི་ངོ་བོ་སྐུ་དང་ཡོན་ཏན་གྱི་ཁྱད་པར་བཤད་པ།

གཉིས་པ་བྱང་ཆུབ་པའི་ངོ་བོའི་སྐུ་དང་ཡོན་ཏན་གྱི་ཁྱད་པར་བཤད་པ་ལ། རང་དོན་ཆོས་ཀྱི་སྐུ་བཤད་པ་དང་། གཞན་དོན་གཟུགས་ཀྱི་སྐུ་བཤད་པ་གཉིས་ལས། དང་པོའི་དབང་དུ་བྱས་ནས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པའང་མེད། །སེམས་འགགས་པས་དེ་སྐུ་ཡིས་མངོན་སུམ་མཛད། །གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཤེས་བྱ་རྣམས་ཡེ་ཤེས་ཀྱི་མེས་བསྲེག་པར་བྱ་བ་ཡིན་པའི་ཕྱིར་བུད་ཤིང་སྐམ་པོ་དང་འདྲ་ལ། དེའི་ཕྱིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་གནས་སྐབས་སུ་རྣམ་པར་དཔྱོད་པ་ལས་བྱུང་བའི་ཡེ་ཤེས་ཀྱི་མེས་ཤེས་བྱའི་བུད་ཤིང་མ་ལུས་པ་བསྲེགས་པས་ཤེས་བྱ་དང་ཤེས་པའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་བདག་ཉིད་ཅན་ནི་ཡེ་ཤེས་ཀྱི་ཚོགས་ལས་འཁྲུངས་པའི་རྒྱལ་བ་རྣམས་ཀྱི་ཆོས་ཀྱི་སྐུ་ཞེས་ཐ་སྙད་དུ་བྱ་ལ། གང་གི་ཚེ་རྣལ་འབྱོར་པས་དེ་ལྟ་བུའི་མཚན་ཉིད་ཅན་གྱི་ཆོས་ཀྱི་སྐུ་མངོན་དུ་བྱས་པ་དེའི་ཚེ། དབང་པོ་གསར་དུ་འགྲུབ་པའི་མཚན་ཉིད་ཅན་གྱི་སྐྱེ་བ་མེད་ཅིང་། དབང་པོ་རྣམས་འཇིག་པའི་མཚན་ཉིད་ཅན་གྱི་འགག་པའང་མེད་དེ། དེའི་ཚེ་རྣམ་པར་ཆད་པའི་འཆི་འཕོ་དང་སྐྱེ་བ་ལས་གྲོལ་ཞིང་། བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་དང་སྐྱེ་བ་ལས་ཀྱང་འདས་པའི་ཕྱིར་རོ། །དེའི་ཕྱིར་མདོ་ལས་ཀྱང་། འཇམ་དཔལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་ཚིག་བླ་ཱདྭགས་སོ། །ཞེས་གང་གསུངས་པ་ཡིན་ནོ། །དེའི་ཚེ་སེམས་དང་སེམས་ལས་བྱུང་བའི་འཇུག་པ་མ་ལུས་འགགས་པས་ཆོས་ཉིད་ཀྱི་སྐུ་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཁོ་ནས་མངོན་སུམ་དུ་མཛད་པར་ཀུན་རྫོབ་ཏུ་རྣམ་པར་བཞག་གོ །སེམས་དང་སེམས་ལས་བྱུང་བ་འགགས་པ་ཞེས་བྱ་བའང་། གནས་སྐབས་འདིར་སེམས་དང་སེམས་ལས་བྱུང་བའི་འཛིན་པ་མཐའ་དག་དང་བྲལ་བ་ཙམ་ལ་བཏགས་པར་ཟད་ཀྱི། རང་གི་མཚན་ཉིད་ཀྱིས་འགག་པ་ནི་མེད་དེ། དེ་དག་ལ་རང་གི་མཚན་ཉིད་ཀྱིས་སྐྱེ་བ་མེད་པར་སྔར་བསྟན་པའི་ཕྱིར་དང་། འགག་པའང་སྐྱེ་བ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །གཉིས་པ་གཞན་དོན་གཟུགས་ཀྱི་སྐུ་ལ་གསུམ་ལས། དང་པོ་ལོངས་སྤྱོད་རྫོགས་པའི་སྐུའི་དབང་དུ་བྱས་ནས་བཤད་པ། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །སྐུ་གང་གིས་དེ་ཁོ་ན་ཉིད་མངོན་སུམ་དུ་མཛད་པར་བཤད་པའི་ལོངས་སྤྱོད་རྫོགས་པའི་སྐུ་དེ་ནི་ཞི་བའི་རང་བཞིན་ཅན་ཡིན་ཏེ། སེམས་དང་སེམས་ལས་བྱུང་བའི་འཇུག་པ་དང་བྲལ་བའི་ཕྱིར་རོ། །འདི་ནི་ཞི་བའི་རང་བཞིན་ཅན་ཡིན་པས་རྣམ་པར་རྟོག་པ་མི་མངའ་བ་ཡིན་ཀྱང་། དཔག་བསམ་གི་ཤིང་དང་ཡིད་བཞིན་གྱི་ནོར་བུ་བཞིན་དུ་གདུལ་བྱའི་མངོན་པར་འདོད་པའི་དོན་སྒྲུབ་པའི་རྒྱུ་ཉིད་དུ་འགྱུར་རོ། །བསོད་ནམས་བརྒྱའི་མཚན་གྱིས་བརྒྱན་པའི་སྐུ་འདི་ནི་ཇི་སྲིད་འགྲོ་བ་མ་ལུས་པ་སྲིད་པ་ལས་གྲོལ་གྱི་བར་དུ་འཇིག་རྟེན་རྣམས་ཀྱི་མངོན་མཐོ་དང་ངེས་ལེགས་ཀྱི་འབྱོར་པ་ཐོབ་པའི་སླད་དུ་རྟག་པར་གནས་ཤིང་། འདི་ནི་བྱང་ཆུབ་སེམས་དཔའ་སྤྲོས་པ་དང་བྲལ་བ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་ཤེས་རབ་དྲི་མ་མེད་པའི་མེ་ལོང་ཐོབ་པ་དག་ཁོ་ན་ལ་སྣང་བར་འགྱུར་གྱི། ས་བདུན་པ་མན་ཆད་སྤྲོས་པ་དང་བཅས་པ་རྣམས་ལ་མ་ཡིན་ནོ། །གཉིས་པ་རྒྱུ་མཐུན་པའི་སྐུ་བཤད་པ་ལ། སྐུ་ཕུན་སུམ་ཚོགས་པ་དང་། བཞེད་པ་ལ་མངའ་བསྒྱུར་བ་ཕུན་སུམ་ཚོགས་པ་དང་། ཡོན་ཏན་ཕུན་སུམ་ཚོགས་པ་བཤད་པའོ། །དང་པོ་ནི། ཆོས་ཀྱི་སྐུའམ། གཟུགས་ཀྱི་སྐུའི་རྒྱུ་ལས་བྱུང་ཡང་རུང་སྟེ། ཇི་སྐད་བཤད་པའི་སྐུ་ལས་གཞན་ལ་རྒྱུ་མཐུན་པའི་སྐུ་གང་དག་སེམས་ཅན་གདུལ་བའི་དོན་དུ་བསྟན་པ་དེ་དག་ལའང་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བར་བསྟན་པའི་ཕྱིར་བཤད་པ། ཐུབ་དབང་དུས་གཅིག་ཁོ་ནར་དེའི་རྒྱུ་མཐུན། །གཟུགས་སྐུ་གཅིག་ལ་རང་གི་སྐྱེ་གནས་སྐབས། །སྔར་འགགས་གསལ་དང་མ་འཆོལ་བྱུང་ཚུལ་ནི། །མ་ལུས་ཀྱིས་བཀྲ་མཐའ་དག་སྟོན་པར་མཛད། །ཐུབ་པའི་དབང་པོས་དུས་གཅིག་ཁོ་ནར་རང་གི་རྒྱུ་མཐུན་པའི་གཟུགས་ཀྱི་སྐུ་གཅིག་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གནས་སྐབས་ཀྱི་སྔ་རོལ་འཁོར་བ་ཐོག་མ་མེད་པར་རང་ཉིད་ཀྱི་སྐྱེ་བའི་གནས་སྐབས་འགགས་ཟིན་པ་བྱུང་མཐའ་མ་ལུས་པ་གསལ་བ་དང་། མ་འཆོལ་བར་ཏེ་ཕན་ཚུན་མ་འདྲེས་པ་བྱུང་ཚུལ་མ་ལུས་པས་བཀྲ་བར་གྱུར་པ་མཐའ་དག་མེ་ལོང་ཡོངས་སུ་དག་པ་ལ་བཞིན་གྱི་གཟུགས་བརྙན་ལྟར་ལྷུན་གྱིས་གྲུབ་པར་སྟོན་པར་མཛད་དོ། །དེར་མ་ཟད་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པའི་གནས་སྐབས་ཀྱི་སྤྱོད་པའི་བྱུང་ཚུལ་དག་ཀྱང་སྐུ་གཅིག་ལ་སྟོན་པར་ནུས་པར་བརྗོད་པའི་ཕྱིར་བཤད་པ། སངས་རྒྱས་ཞིང་ནི་ཅི་འདྲར་སངས་རྒྱས་དང་། །དེ་དག་སྐུ་སྤྱོད་མཐུ་སྟོབས་ཅི་འདྲ་དང་། །ཉན་ཐོས་དགེ་འདུན་ཇི་སྙེད་ཅི་འདྲ་དང་། །བྱང་ཆུབ་སེམས་རྣམས་དེར་གཟུགས་ཅི་འདྲ་དང་། །ཅི་འདྲའི་ཆོས་དང་དེེར་བདག་ཅི་འདྲ་དང་། །ཆོས་ཐོས་སྤྱོད་པ་གང་ལ་སྤྱོད་པ་དང་། །སྦྱིན་གང་ཇི་ཙམ་དེ་དག་ལ་ཕུལ་བ། །དེ་དག་མ་ལུས་སྐུ་གཅིག་ལ་སྟོན་མཛད། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྔོན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ན་སངས་རྒྱས་ཀྱི་ཞིང་བཻཌཱུཪྱ་དང་པད་མ་རཱ་ག་ལ་སོགས་པའི་རང་བཞིན་ཅན་རིན་པོ་ཆེའི་ལྗོང་ཤིང་ལ་སོགས་པས་མཛེས་པར་བྱས་པ། ཆུ་དང་ཞེང་དང་ཀུན་ནས་ཟླུམ་པ་དང་བཅས་པ་དེ་ལ་བརྟེན་པའི་སེམས་ཅན་གྱི་ཁྱད་པར་གྱིས་མཛེས་པར་བྱས་པ་ཅི་འདྲ་བར། སངས་རྒྱས་བཅོམ་ལྡན་འདས་དེ་སྐུ་བལྟམས་པ་ལ་སོགས་པ་དང་། དེ་དག་གི་སྐུ་དང་སྤྱོད་པ་དག་གི་མཐུ་ཕུལ་དུ་བྱུང་བ་ཅི་འདྲ་བ་དང་། དེ་དག་གི་ཉན་ཐོས་ཀྱི་དགེ་འདུན་འདུས་པ་གྲངས་ཇི་སྙེད་པ་དང་ཚུལ་ཅི་འདྲ་བ་དང་། སངས་རྒྱས་ཀྱི་ཞིང་དེའི་བྱང་ཆུབ་སེམས་དཔའ་རྣམས་མཚན་དང་དཔེ་བྱད་ཀྱིས་ལུས་སྤྲས་པ་དབྱིབས་དང་ཁ་དོག་དང་ལྡན་པའི་ཆོས་གོས་དང་ཟས་དང་གནས་ལ་སོགས་པ་ཡོངས་སུ་ཉེ་བར་ལོངས་སྤྱོད་པའི་གཟུགས་ཀྱི་ཁྱད་པར་ཅི་འདྲ་བ་དང་། དེར་ཐེག་པ་གཅིག་དང་གསུམ་ལ་བརྟེན་པའི་ཆོས་ཅི་འདྲ་བ་དང་། བདག་ཉིད་བྲམ་ཟེ་ལ་སོགས་པའི་རིགས་ཀྱི་ཁྱད་པར་དང་། གཟུགས་དང་བློ་དང་ཁྱིམ་པའམ་རབ་ཏུ་བྱུང་བ་ཅི་འདྲ་བར་གྱུར་པ་དང་། ཆོས་ཐོས་ནས་ལྷག་མ་དང་བཅས་པའམ། ལྷག་མ་མེད་པའི་བསླབ་པ་ཁས་བླངས་ཏེ་སྤྱོད་པ་གང་སྤྱད་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ་དག་ལ་བཟའ་བ་དང་། ཆོས་གོས་དང་རིན་པོ་ཆེའི་རྒྱན་ལ་སོགས་པ་སྦྱིན་པ་གང་དུ་དུས་ཇི་ཙམ་དང་། ཚད་ཇི་ཙམ་དུ་ཕུལ་བ་རྣམས་མ་ལུས་པ་སྐུ་གཅིག་ལ་སྟོན་པར་མཛད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའིི་བྱུང་མཐའ་ཇི་ལྟར་སྟོན་པ། དེ་བཞིན་ཚུལ་ཁྲིམས་བཟོད་བརྩོན་ཏིང་འཛིན་དང། །ཤེས་རབ་སྤྱོད་ཚེ་སྔར་གྱི་གནས་སྐབས་གང་། །མ་ཚང་མེད་དག་སྐུ་གཅིག་ལ་སྟོན་མཛད། །ཅེས་སྦྱར་རོ། །སྐུ་གཅིག་ལ་ཅིག་ཅར་གནས་སྐབས་ཐམས་ཅད་སྟོན་པ་ལྟ་ཞོག འོན་ཀྱང་ཉིད་ཀྱི་སྤྱོད་པ་ཀུན། །སྐུ་ཡི་བ་སྤྲུའི་ཁུང་བུར་གསལ་བར་སྟོན། །བདག་ཉིད་ཀྱི་སྤྱོད་པ་འབའ་ཞིག་སྟོན་པར་མ་ཟད་ཀྱི། གཞན་ཡང་། སངས་རྒྱས་གང་དག་འདས་དང་བྱུང་གྱུར་དང་། །གང་དག་ད་ལྟར་འཇིག་རྟེན་ཁམས་ཀུན་ན། །ཚིག་གསང་མཐོན་པོས་ཆོས་སྟོན་སྡུག་བསྔལ་གྱིས། །གཟིར་བའི་འགྲོ་དབུགས་འབྱིན་མཛད་བཞུགས་པ་དང་། །དང་པོ་ཐུགས་བསྐྱེད་བྱང་ཆུབ་སྙིང་པོའི་བར། །དེ་དག་སྤྱོད་ཀུན་དངོས་རྣམས་མིག་འཕྲུལ་གྱིས། །རང་བཞིན་མཁྱེན་ནས་བདག་བཞིན་བ་སྤུ་ཡི། །ཁུང་བུར་དུས་གཅིག་ལ་ནི་གསལ་བར་སྟོན། །དུས་གསུམ་གྱི་སངས་རྒྱ་ས་རྣམས་ཀྱི་ཚིག་གསང་མཐོན་པོས་ཆོས་སྟོན་པའི་སྒོ་ནས་སྡུག་བསྔལ་གྱིས་གཟིར་བའི་འགྲོ་བ་རྣམས་དབུགས་འབྱིན་པར་མཛད་པ་དང་། དེ་དག་དང་པོ་ཐུགས་བསྐྱེད་ནས་བྱང་ཆུབ་སྙིང་པོར་གཤེགས་ཀྱི་བར་གྱི་སྤྱོད་པ་ཀུན་མིག་འཕྲུལ་གྱི་ཚུལ་དུ་བདག་ཉིད་ཀྱི་སྔོན་གྱི་གནས་སྐབས་རྣམས་བཞིན་དུ་བ་སྤུའི་ཁུང་བུར་དུས་གཅིག་ལ་གསལ་བར་སྟོན་པར་མཛད་དོ། །ཇི་ལྟར་ཉིད་ཀྱི་སྤྱོད་པ་དག་དེ་བཞིན་གཤེགས་པ་གཞན་གྱི་སྤྱོད་པ་དང་དུས་གཅིག་ཏུ་རང་ཉིད་ཀྱི་བ་སྤུའི་ཁུང་བུར་སྟོན་པར་མཛད་པ། དེ་བཞིན་དུས་གསུམ་འཕགས་པ་རྒྱལ་སྲས་དང་། །རང་སངས་རྒྱས་དང་ཉན་ཐོས་མ་ལུས་ཀྱི། །སྤྱོད་དང་དེ་དག་སྐྱེ་བོའི་གནས་སྐབས་ནི། །ཐམས་ཅད་བ་སྤུའི་ཁུང་བུར་དུས་གཅིག་སྟོན། །དུས་གསུམ་གྱི་འཕགས་པ་རྒྱལ་སྲས་ལ་སོགས་པ་མ་ལུས་པའི་སྤྱོད་པ་དང་། དེ་དག་སོ་སོ་སྐྱེ་བོའི་གནས་སྐབས་ཀྱི་སྤྱོད་པ་ཐམས་ཅད་བ་སྤུའི་ཁུང་བུ་གཅིག་ལ་དུས་གཅིག་གི་ཚེ་སྟོན་པར་བྱེད་དོ། །གཉིས་པ་བཞེད་པ་ལ་མངའ་བསྒྱུར་བ་ཕུན་སུམ་ཚོགས་པ་བསྟན་པ་ནི། དག་པ་འདི་ནི་བཞེད་པར་འཇུག་པ་ཡིས། །རྡུལ་གཅིག་ཡུལ་ལ་མཁས་གཏུགས་འཇིག་རྟེན་དང་། །འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་སྟོན་མོད། །རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲ་མི་འགྱུར། །མཁྱེན་པ་ལ་སོགས་པ་ཡོངས་སུ་དག་པའི་དེ་བཞིན་གཤེགས་པ་འདི་ནི་བཞེད་པ་ཙམ་གྱིས་རྡུལ་ཕྲ་རབ་གཅིག་གི་ཡུལ་ལ་ནམ་མཁའི་མཐས་གཏུགས་པའི་འཇིག་རྟེན་མ་ལུས་པའི་རང་གི་ངོ་བོ་ཇི་ལྟར་གནས་པ་ལྟར་སྟོན་ཅིང་། འཇིག་རྟེན་མཐའ་ཡས་པའི་ཕྱོགས་རྡུལ་ཕྲ་རབ་གཅིག་གིས་ཁྱབ་པར་ཡང་སྟོན་མོད། རྡུལ་རགས་པར་ཡང་མི་འགྱུར་ཞིང་འཇིག་རྟེན་ཕྲ་བར་ཡང་མི་འགྱུར་རོ། །དེ་བཞིན་དུ་རྣམ་རྟོག་མི་མངའ་ཁྱོད་ཀྱིས་སྲིད་མཐའི་བར། །སྐད་ཅིག་རེ་ལ་སྟོན་མཛད་སྤྱོད་པ་ཡི། །རྣམ་པར་སྣ་ཚོགས་དེ་སྙེད་འཛམ་གླིང་གི །མ་ལུས་རྡུལ་གྱི་གྲངས་ལ་ཡོད་མ་ཡིན། །རྣམ་རྟོག་མི་མངའ་བར་བཅོས་ལྡན་འདས་ཁྱོད་སྲིད་པའི་མཐར་ཐུག་གི་བར་དུ་སྐད་ཅིག་རེ་རེ་ལ་སྤྱོད་པ་རྣམ་པ་སྣ་ཚོགས་པ་སྟོན་པར་མཛད་པའི་གྲངས་ཇི་སྙེད་པ་འཛམ་གླིང་མ་ལུས་པའི་རྡུལ་ཕྲ་རབ་ཀྱི་གྲངས་ལའང་ཡོད་པ་མ་ཡིན་ནོ། །ཞེས་པ་འདི་ནི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཕུལ་དུ་བྱུང་བ་མངའ་བའི་སྒོ་ནས་བཅོམ་ལྡན་འདས་ལ་བསྟོད་པ་ཡིན་ནོ། །

གསུམ་པ་ཡོན་ཏན་ཕུན་སུམ་ཚོགས་པའི་སྒོ་ནས་བསྟོད་པ་ལ། ཡོན་ཏན་གྱི་གཙོ་བོ་སྟོབས་བཅུ་བཤད་པ་དང་། ཕལ་པའི་ཡོན་ཏན་བརྗོད་པ་ལས་འདས་པར་བསྟན་པའོ། །དང་པོར་གཉིས་ལས། མདོར་བསྟན་པ་ནི། གནས་དང་གནས་མིན་མཁྱེན་སྟོབས་དང་། །དེ་བཞིན་ལས་རྣམ་སྨིན་མཁྱེན་དང་། །མོས་པ་སྣ་ཚོགས་ཐུགས་ཆུད་དང་། །སྣ་ཚོགས་ཁམས་ནི་མཁྱེན་སྟོབས་དང་། །དབང་པོ་མཆོག་དང་མཆོག་མ་ཡིན། །མཁྱེན་དང་ཀུན་འགྲོ་མཁྱེན་པ་དང་། །བསམ་གཏན་རྣམ་ཐར་ཏིང་འཛིན་དང་། །སྙོམས་པར་འཇུག་སོགས་མཁྱེན་སྟོབས་དང་། །སྔོན་གནས་དྲན་དང་མཁྱེན་པ་དང་། །དེ་བཞིན་འཆི་འཕོ་སྐྱེ་མཁྱེན་དང་། །ཟག་པ་རྣམས་ཟད་མཁྱེན་སྟོབས་ཏེ། །སྟོབས་ནི་བཅུ་པོ་འདི་དག་གོ །གཉིས་པ་རྒྱས་པར་བཤད་པ་ལ་བཅུ་ལས། དང་པོ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ནི། རྒྱུ་གང་ཞིག་ལས་གང་ཞིག་ངེས་པ་སྐྱེས་འགྱུར་བ། །དེ་ནི་དེ་ཡི་གནས་སུ་དེ་མཁྱེན་རྣམས་ཀྱིས་གསུངས། །བཤད་པ་ལས་བཟློག་གནས་མིན་ཤེས་བྱ་མཐའ་ཡས་པ། །མཁྱེན་པ་ཐོགས་པ་མེད་པ་དེ་ནི་སྟོབས་སུ་བཤད། །དགེ་བ་དང་མི་དགེ་བའི་རྒྱུ་གང་ཞིག་ལས་འདོད་པ་དང་མི་འདོད་པའི་འབྲས་བུ་གང་ཞིག་འབྱུང་བ་དེ་ནི་གནས་ཡིན་ལ། ཇི་སྐད་བཤད་པ་ལས་བཟློག་སྟེ་དགེ་བ་ལས་མི་འདོད་པ་དང་། མི་དགེ་བ་ལས་འདོད་པ་འབྱུང་བ་སོགས་ནི་གནས་མ་ཡིན་པས་དེ་ལྟ་བུའི་ཤེས་བྱ་མཐའ་ཡས་པ་རྣམས་ལ་མཁྱེན་པ་ཐོགས་པ་མེད་པར་འཇུག་པའི་ཏིང་ངེ་འཛིན་དང་ཤེས་རབ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཞེས་བཤད་དོ། །

གཉིས་པ་ལས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས་ནི། འདོད་དང་མི་འདོད་དེ་ལས་བཟློག་དང་ཟད་དངོས་དང་། །ལས་དང་དེ་ཡི་རྣམ་སྨིན་ཤིན་ཏུ་སྣ་ཚོགས་ལའང་། །མཁྱེན་པ་ནུས་མཐུ་ཐོགས་མེད་སོ་སོར་འཇུག་གྱུར་པ། །དུས་གསུམ་ཤེས་བྱ་ཁྱབ་མཛད་དེ་ནི་སྟོབས་སུ་འདོད། །ལས་གང་ད་ལྟར་འདོད་ཅིང་ཡིད་དུ་འོང་ལ་མ་འོངས་པ་ན་རྣམ་སྨིན་མི་འདོད་པ་འབྱིན་པ་དང་། དེ་ལས་བཟློག་པ་ད་ལྟ་ཡིད་དུ་མི་འོང་ཞིང་། མ་འོངས་པ་ན་རྣམ་སྨིན་ཡིད་དུ་འོང་བ་འབྱིན་པ་དང་། ཟག་བཅས་ཀྱི་ལས་ཟད་བྱེད་ཟག་མེད་ཀྱི་ལས་དང་། དེ་དག་གི་རྣམ་པར་སྨིན་པ་ཤིན་ཏུ་སྣ་ཚོགས་པ་དུས་གསུམ་གྱིས་བསྡུས་པ་འཇིག་རྟེན་གྱི་ཁམས་མ་ལུས་པ་ཁྱབ་པ་རྣམས་ཀྱི་ངོ་བོ་དང་རབ་དབྱེ་ཐམས་ཅད་ཡོངས་སུ་ཤེས་པས་ཤེས་བྱ་མ་ལུས་པ་ཁྱབ་པར་མཛད་པའི་མཁྱེན་པ་འགར་ཡང་ནུས་པ་ཐོགས་པ་མེད་པར་སོ་སོར་འཇུག་པ་གང་ཡིན་པ་དེ་ནི་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་སུ་འདོད་དོ། །གསུམ་པ་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ནི། འདོད་ཆགས་སོགས་ཀྱི་འབྱུང་བའི་སྟོབས་ཀྱི་འདོད་པ་ན ི། །ཤིན་ཏུ་སྣ་ཚོགས་དམན་དང་འབྲིང་དང་ཁྱད་འཕགས་དག །དེ་ལས་གཞན་རྣམས་ཀྱིས་བསྒྲིབས་མོས་པའང་མཁྱེན་པ་ནི། །དུས་གསུམ་འགྲོ་བ་མ་ལུས་ཁྱབ་པ་སྟོབས་ཞེས་བྱ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་དང་། དད་པ་ལ་སོགས་དགེ་བ་རྣམས་གང་ལས་འབྱུང་བའི་ས་བོན་གྱི་སྟོབས་ཀྱིས་ཡོངས་སུ་བཟུང་བའི་འདོད་པའམ་མོས་པ་ཤིན་ཏུ་སྣ་ཚོགས་པ་དམན་པ་དང་འབྲིང་དང་ཆེས་ཁྱད་པར་དུ་འཕགས་པ་དག་དང་། དེ་ལས་གཞན་པ་ཆོས་ཀུན་ཏུ་སྤྱོད་པས་བསྒྲིབས་པའི་མོས་པ་དེ་ལའང་རང་གི་ངོ་བོ་དང་དབྱེ་བ་ལ་སོགས་པ་ཡོངས་སུ་ཤེས་པའི་སྒོ་ནས་དུས་གསུམ་གྱི་འགྲོ་བ་མ་ལུས་པ་ལ་ཁྱབ་པའི་མཁྱེན་པ་འགར་ཡང་ཐོགས་པ་མེད་པ་དེ་ནི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཞེས་བྱའོ། །བཞི་པ་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ནི། སངས་རྒྱས་ཁམས་ཀྱི་རྣམ་པར་དབྱེ་བ་མཁས་རྣམས་ཀྱི། །མིག་སོགས་དག་གི་རང་བཞིན་གང་དེ་ཁམས་སུ་གསུངས། །རྫོགས་པའི་སངས་རྒྱས་རྣམས་ཀྱི་མཁྱེན་པ་མཐའ་ཡས་ཤིང་། །རྣམ་ཀུན་ཁམས་ཀྱི་ཁྱད་པར་ལ་འཇུག་སྟོབས་སུ་འདོད། །མིག་ལ་སོགས་པའི་ཁམས་རྣམས་ཀྱི་རང་བཞིན་གང་ནང་སྟོང་པ་ཉིད་ལ་སོགས་པའི་མཚན་ཉིད་ཅན་གྱི་ཁྱད་པར་རམ་རབ་ཏུ་དབྱེ་བ་དུ་མ་ལ་སངས་རྒྱས་རྣམས་ཀྱི་མཁྱེན་པ་མཐའ་ཡས་ཐོགས་པ་མེད་པར་འཇུག་པ་དེ་ནི་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་སུ་འདོད་དོ། །ལྔ་པ་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ནི། ཀུན་ཏུ་རྟོགས་སོགས་ཆེས་རྣོ་ཉིད་ནི་མཆོག་ཉིད་དང་། །འབྲིང་དང་རྟུལ་བའི་གནས་སྐབས་མཆོག་མིན་བརྗོད་པ་དང་། །མིག་ལ་སོགས་པ་ཕན་ཚུན་སྒྲུབ་ནུས་ཆུབ་པ་ལ། །རྣམ་པ་ཐམས་ཅད་མཁྱེན་པ་ཆགས་མེད་སྟོབས་སུ་འདོད། །འདོད་ཆགས་ལ་སོགས་པ་སྐྱེེད་པ་ལ་དབང་བསྒྱུར་བའི་ཕྱིར་ཀུན་ཏུ་རྟོག་པ་ནི་ཀུན་ནས་ཉོན་མོངས་པའི་དབང་པོ་ཡིན་ལ། རྣམ་བྱང་བསྐྱེད་པ་ལ་དབང་སྒྱུར་བའི་ཕྱིར་དད་པ་ལ་སོགས་པ་ནི་རྣམ་བྱང་གི་དབང་པོ་ཡིན་ལ། དེ་དག་ཆེས་རྣོ་བ་ཉིད་ནི་མཆོག་དང་། དམན་པ་དང་འབྲིང་གི་གནས་སྐབས་དག་ནི་མཆོག་མ་ཡིན་པ་ཞེས་བརྗོད་པ་དེ་དག་དང་། མིག་ལ་སོགས་དབང་པོ་ཉི་ཤུ་རྩ་གཉིས་ཀྱི་ངོ་བོ་དང་། ཕན་ཚུན་འབྲས་བུ་སྒྲུབ་པར་ནུས་པའི་རང་གི་ངོ་བོ་བྱང་ཆུབ་པ་ལ་མཁྱེན་པ་གང་ཞིག་ཆགས་པ་མེད་པ་དང་ཐོགས་པ་མེད་པར་འཇུག་པ་དེ་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་སུ་འདོད་དོ། །དྲུག་པ་ཀུན་ཏུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ནི། ལམ་འགའ་རྒྱལ་བ་ཉིད་དང་འགའ་ཞིག་རང་རྒྱལ་གྱི། །བྱང་ཆུབ་དང་ནི་ཉན་ཐོས་བྱང་ཆུབ་ལྷ་མི་དང་། །ཡི་དྭགས་དུད་འགྲོ་དམྱལ་བ་ལ་སོགས་རྣམས་འགྲོ་བ། །དེ་ལ་མཁྱེན་པ་ཆགས་མེད་མཐའ་ཡས་སྟོབས་སུ་འདོད། །ལམ་གང་རྒྱལ་བ་རྫོགས་པའི་སངས་རྒྱས་ལ་སོགས་པ་བྱང་ཆུབ་གསུམ་དུ་འགྲོ་བར་བྱེད་པ་དང་། ལྷ་མི་ལ་སོགས་པ་འགྲོ་བ་ལྔ་རྣམས་སུ་འགྲོ་བར་བྱེད་པའི་ལམ་དེ་དག་ལ་མཁྱེན་པ་གང་ཞིག་ཆགས་པ་དང་ཐོགས་པ་མེད་པར་འཇུག་པ་དེ་ནི་ཀུན་ཏུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་སུ་འདོད་དོ། །བདུན་པ་བསམ་གཏན་སོགས་ཀྱི་ཀུན་ནས་ཉོན་མོངས་དང་རྣམ་བྱང་མཁྱེན་པའི་སྟོབས་ནི། འཇིག་རྟེན་མཐའ་ཡས་རྣལ་འབྱོར་བྱེ་བྲག་ཐ་དད་པ། །བསམ་གཏན་རྣམ་ཐར་བརྒྱད་དང་ཞི་གནས་གང་དག་དང་། །སྙོམས་འཇུག་ཁྱད་པར་གང་དག་གཅིག་དང་བརྒྱད་གྱུར་པ། །དེ་ལ་མཁྱེན་པ་ཐོགས་མེད་འདི་ནི་སྟོབས་སུ་བཤད། །འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་གནས་པའི་རྣལ་འབྱོར་པ་རྣམས་ཀྱི་རྒྱུད་ཀྱི་བྱེ་བྲག་ཐ་དད་པའི་བསམ་གཏན་བཞི་དང་རྣམ་ཐར་བརྒྱད་དང་ཞི་གནས་དགེ་བ་རྩེ་གཅིག་པའི་ཏིང་ངེ་འཛིན་དང་། མཐར་གྱི་གནས་པའི་སྙོམས་པར་འཇུག་པའི་ཁྱད་པར་གཅིག་དང་བརྒྱད་དུ་གྱུར་པ་དགུ་པོ་ཇི་སྙེད་པ་དང་། དེ་དག་ཀུན་ནས་ཉོང་མོངས་པའི་རྒྱུ་མ་རིག་པ་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དག་དང་། རྣམ་པར་བྱང་བའི་རྒྱུ་གཞན་གྱི་སྒྲ་དང་ཚུལ་བཞིན་ཡིད་ལ་བྱེད་པ་སོགས་ལ་མཁྱེན་པ་གང་ཞིག་ཐོགས་པ་མེད་པར་འཇུག་པ་དེ་ནི་བསམ་བཏན་སོགས་དང་ཀུན་ནས་ཉོན་མོངས་དང་རྣམ་བྱང་མཁྱེན་པའི་སྟོབས་སུ་འདོད་དོ། །བརྒྱད་པ་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ནི། གཏི་མུག་དེ་སྲིད་སྲིད་གནས་འདས་པའི་བདག་དང་ནི། །སེམས་ཅན་གཞན་དེའི་སྲིད་པར་སེམས་ཅན་ཇི་སྙེད་པ། །དེ་སྙེད་མཐའ་ཡས་གཞི་དང་བཅས་ཤིང་ཡུལ་ཕྱོགས་དང་། །རྣམ་པ་དང་བཅས་མཁྱེན་པ་གང་ཡིན་སྟོབས་སུ་བཤད། །གཏི་མུག་ཇི་སྲིད་གནས་པ་དེ་སྲིད་དུ་སྲིད་པར་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐོག་མ་མེད་པར་གནས་པ་བདག་དང་། སེམས་ཅན་གཞན་ཇི་སྙེད་པ་དེ་སྙེད་མཐའ་ཡས་པ་དག་གིས་སྔོན་འདས་པའི་གནས་སྐབས་ཀྱི་སྐྱེ་བ་དག་གཞི་དང་བཅས་ཡུལ་ཕྱོགས་དང་བཅས་རྣམ་པ་དང་བཅས་པ་ལ་མཁྱེན་པ་གང་ཞིག་ཐོགས་པ་མེད་པར་འཇུག་པ་དེ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་སུ་འདོད་དོ། །དགུ་པ་འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་ནི། སེམས་ཅན་རྣམས་ཀྱི་སེམས་ཅན་རེ་རེའི་འཆི་འཕོ་དང་། །སྐྱེ་གང་འཇིག་རྟེན་ལ་གནས་ནམ་མཁའི་མཐར་ཐུག་དང། །བཀྲ་མང་དེ་ལ་མཁྱེན་པ་དུས་དེར་འཇུག་པ་ཡིས། །མ་ཆགས་རྣམ་ཀུན་ཡོངས་དག་མཐའ་ཡས་སྟོབས་སུ་འདོད། །འཇིག་རྟེན་གྱི་ཁམས་ནམ་མཁའི་མཐར་ཐུག་པར་གནས་པའི་སེམས་ཅན་རྣམས་ཀྱི་སེམས་ཅན་རེ་རེའི་འཆི་འཕོ་དང་སྐྱེ་བ་གང་ཤིན་ཏུ་བཀྲ་ཞིང་རྣམ་པ་མང་བ་དེ་ལ་མཁྱེན་པ་གང་ཞིག་བཞེད་པ་ཙམ་གྱིས་དུས་དེར་འཇུག་པ་ཡིས་མ་ཆགས་ལ། རྣམ་པ་ཀུན་ཏུ་ཡོངས་སུ་དག་པས་ཐོགས་པ་མེད་པ་འདི་ནི་འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་སུ་འདོད་དོ། །བཅུ་པ་ཟག་པ་ཟད་པ་མཁྱེན་པའི་སྟོབས་ནི། རྣམ་ཀུན་མཁྱེན་པའི་སྟོབས་ཀྱི་མྱུར་དུ་རྒྱལ་རྣམས་ཀྱི། །ཉོན་མོངས་དག་ནི་བག་ཆགས་དང་བཅས་འཇིག་འགྱུར་དང་། །སློབ་མ་ལ་སོགས་ཉོན་མོངས་བློ་ཡིས་འགོག་པ་གང་། །དེ་ལ་མཁྱེན་པ་ཆགས་མེད་མཐའ་ཡས་སྟོབས་སུ་འདོད། །རྒྱལ་བ་རྣམས་ཀྱི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་བག་ཆགས་དང་བཅས་པ་འཇིག་ཅིང་སྤོང་བར་འགྱུར་ལ། སློབ་མ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཉོན་མོངས་པའི་བག་ལ་ཉལ་ཕྲ་མོ་མ་སྤངས་པ་ཡིན་ཏེ། འདི་ལྟར་ཉོན་མོངས་པ་སྤངས་ཀྱང་བག་ཆགས་ཡོད་པས་དགྲ་བཅོམ་པ་སྔོན་སྤྲེའུ་གྱུར་པ་མཆོང་ཞིང་འགྲོ་བ་དང་། སྔོན་བྲམ་ཟེར་གྱུར་པས་དམངས་མོར་བརྗོད་པའི་ཀུན་ཏུ་སྤྱོད་པ་བཅོམ་ལྡན་འདས་ཀྱིས་བཟློག་ཏུ་ཟིན་ཀྱང་མ་ལོག་པ་བཞིན་ནོ། །དེའི་ཕྱིར་ཉོན་མོངས་པ་དང་བག་ཆགས་ཀྱི་མཚམས་སྦྱོར་བ་དང་བཅས་པ་བློ་ཡིས་འགོག་ཅིང་སྤངས་པ་གང་ཡིན་པ་དེ་ལ་མཁྱེན་པ་གང་ཞིག་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་པ་དེ་ནི་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཞེས་བྱའོ། །

གཉིས་པ་ཕལ་པས་ཡོན་ཏན་བརྗོད་པ་ལས་འདས་པར་བསྟན་པ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོན་ཏན་གྱི་ཁྱད་པར་མ་ལུས་པ་ཡོངས་སུ་གཅོད་པ་ནི་སངས་རྒྱས་ཁོ་ནས་ནུས་ལ། གལ་ཏེ་གསུངས་ན་ནི་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པར་སྐུ་ཚེ་བྱིན་གྱིས་བརླབས་ནས་ཕྲིན་ལས་གཞན་མི་མངའ་བར་སྐྱེན་པ་སྐྱེན་པར་གསུངས་ཀྱང་ཡོངས་སུ་རྫོགས་པར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་ལྟ་ཅི་སྨོས་ཏེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་མཐར་ཕྱིན་པ་ཤེས་པའམ་བརྗོད་པར་ནུས་པ་ལྟ་ཅི་སྨོས། དོན་དེ་ཉིད་དཔེའི་སྒོ་ནས་བསྟན་པ། ནམ་མཁའ་མེད་པས་འདབ་ཆགས་ལྡོག་པར་མི་འགྱུར་གྱི། །འདིར་ནི་རང་མཐུ་ཟད་པས་ལྡོག་པར་འགྱུར་དེ་བཞིན ། །སློབ་མ་དང་བཅས་སངས་རྒྱས་སྲས་རྣམས་སངས་རྒྱས་ཀྱི། །ཡོན་ཏན་མཁའ་ལྟར་མཐའ་ཡས་མ་བརྗོད་ལྡོག་པར་འགྱུར། །འདབ་ཆགས་གྱི་དབང་པོ་ནམ་མཁའ་ལྡིང་འདབ་གཤོག་ཡངས་པའི་རླུང་གི་ཤུགས་ཀྱིས་ཕ་རོལ་གནོན་པ་ཐོབ་པའང་ནམ་མཁའ་མེད་པས་ལྡོག་པར་མི་འགྱུར་གྱི། རང་གི་མཐུ་སྟོབས་ཟད་པས་ལྡོག་པ་དེ་བཞིན་དུ་སངས་རྒྱས་ཀྱི་སྲས་པོ་གང་དག་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཐོབ་པ་དེ་དག་ཀྱང་རང་གི་བློའི་ནུས་པ་ཟད་ནས་དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་མ་ནུས་པས་ཡོན་ཏན་ནམ་མཁའ་ལྟར་མཐའ་མེད་པ་དག་ལས་ལྡོག་གི་ཡོངས་སུ་རྫོགས་པས་མ་ཡིན་ན། སློབ་མ་ཉན་ཐོས་དང་རང་སངས་རྒྱས་དག་གི་ཡོན་ཏན་མཐར་ཐུག་པ་རྟོགས་པར་འགྱུར་བ་སྨོས་ཅི་དགོས། དེ་ལྟར་ཆགས་པ་མེད་པའི་ས་ལ་གནས་པའི་འཕགས་པ་རྣམས་ཀྱིས་ཀྱང་རྟོགས་པར་མི་ནུས་ན་ཁྱེད་ཀྱིས་དེ་བཞིན་གཤེགས་པའི་ཡོན་ཏན་ལས་བརྩམས་ཏེ་བརྗོད་པ་འདི་གང་ལས་རྙེད་ཅེ་ན། དེ་ཕྱིར་ཁྱོད་ཀྱི་ཡོན་ཏན་བདག་འདྲ་བས། །ཤེས་པ་དང་ནི་བརྗོད་པར་ནུས་མིན་ཡང་། །འོན་ཀྱང་དེ་དག་འཕགས་པ་ཀླུ་སྒྲུབ་ཀྱིས། །བཤད་ཕྱིར་དོགས་སྤངས་ཅུང་ཟད་ཙམ་ཞིག་སྨྲས། །གང་གི་ཕྱིར་སངས་རྒྱས་ཀྱི་ཡོན་ཏན་ཡོངས་སུ་ཤེས་པ་དང་བརྗོད་པ་ལ་ནི་ལོ་རབས་འདི་ཡིན་པ་དེའི་ཕྱིར་བཅོམ་ལྡན་འདས་ཁྱོད་ཀྱི་ཡོན་ཏན་ཆ་ཙམ་ཡང་བདག་ཅག་ལྟ་བུ་མ་རིག་པའི་རབ་རིབ་ཀྱིས་ལྡོངས་པ་དག་གིས་ཤེས་པའམ་བརྗོད་པར་ནུས་པ་མ་ཡིན་མོད། འོན་ཀྱང་ཁོ་བོ་ཅག་གིས་སངས་རྒྱས་ཀྱི་ཡོན་ཏན་ལས་བརྩམས་ཏེ་ཅུང་ཟད་ཅིག་སྨྲས་པ་འདི་དག་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་བཤད་པའི་རྗེས་སུ་འབྲངས་ནས་སངས་རྒྱས་ཀྱི་ཡོན་ཏན་དག་ལ་དོགས་པ་སྤངས་ཏེ་ཚམ་ཚོམ་མེད་པར་ཅུང་ཟད་ཅིག་སྨྲས་པ་ཡིན་ནོ། །

མདོར་བསྡུས་ཏེ་བསྟན་བཅོས་ཀྱི་དགོས་པ་བསྟན་པ།

ད་ནི་མདོར་བསྡུས་ཏེ་བསྟན་བཅོས་ཀྱི་བརྗོད་བྱ་དང་དགོས་པ་བསྟན་པའི་ཕྱིར་བཤད་པ། ཟབ་མོ་སྟོང་པ་ཉིད་ཡིན་ཏེ། །ཡོན་ཏན་གཞན་ནི་རྒྱ་ཆེ་བའོ། །ཟབ་དང་རྒྱ་ཆེའི་ཚུལ་ཤེས་པས། །ཡོན་ཏན་འདི་དག་ཐོབ་པར་འགྱུར། །མདོར་བསྡུས་ན་བསྟན་བཅོས་འདིས་ནི་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གཉིས་བསྟན་ཏེ། དེ་ལ་ཟབ་མོ་ནི་སྟོང་པ་ཉིད་གང་ཟག་དང་ཆོས་ཀྱི་བདག་མེད་པ་གཉིས་ཡིན་ཏེ། དེ་དག་ནི་རྟོགས་པར་དཀའ་བའི་ཕྱིར། རྒྱུ་དང་འབྲས་བུའི་གནས་སྐབས་ཀྱི་ཡོན་ཏན་ཇི་སྐད་བཤད་པ་གཞན་དག་ནི་རྒྱ་ཆེ་བ་ཡིན་ཏེ། མཐའ་དཔག་པར་དཀར་བའི་ཕྱིར་རོ། །གང་གིས་ཟབ་པ་དང་རྒྱ་ཆེབའི་ཚུལ་འདི་ཤེས་ནས་ཚུལ་བཞིན་དུ་སློབ་པ་དེ་དག་གིས་ཡོན་ཏན་འདི་དག་བདེ་བླག་ཏུ་ཐོབ་པར་འགྱུར་རོ། །གསུམ་པ་སྤྲུལ་སྐུ་ལ། སྟོན་པ་ངེས་པར་འབྱུང་བའི་ཚུལ། བསྟན་པ་ཐེག་པ་གཅིག་ཏུ་བསྡུ་བ། མངོན་པར་བྱང་ཆུབ་པ་དང་བཞུགས་པའི་དུས་བསྟན་པའོ། །དང་པོའི་དབང་དུ་བྱས་ནས་བཤད་པ། ཁྱོད་ནི་སྲིད་གསུམ་བརྒལ་ཏེ་མི་གཡོའི་སྐུ་ལས་སླར་ཡང་སྦྲུལ་པ་ཡིས། །གཤེགས་པ་དང་ནི་བལྟམས་དང་བྱང་ཆུབ་ཞི་བའི་འཁོར་ལོའང་སྟོན་པར་མཛད། །དེ་ལྟར་ཁྱོད་ཀྱིས་འཇིག་རྟེན་གཡོ་བག་ཅན་རེའི་ཞགས་པ་ནི། །མང་པོས་བཅིངས་པ་མ་ལུས་ཐུགས་རྗེས་མྱ་ངན་འདས་པར་བཀྲི་བར་མཛད། །བཅོམ་ལྡན་ཁྱོད་ནི་ཁམས་གསུམ་གྱི་ཉོན་མོངས་པ་མ་ལུས་པ་སྤངས་ཏེ་སྲིད་པ་གསུམ་ལས་བརྒལ་དུ་ཟིན་ཀྱང་ཆོས་ཀྱི་སྐུ་ལས་མི་གཡོ་བའི་ངང་ནས་སླར་ཡང་སྦྲུལ་པ་ཡིས་དགའ་ལྡན་གྱི་གནས་ནས་གཤེགས་པ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཛད་པ་རྣམས་འཛམ་བུའི་གླིང་དུ་སྟོན་པར་མཛད་པའི་སྒོ་ནས་འཇིག་རྟེན་གྱི་སྐྱེ་བོ་སེམས་གར་མཁན་ལྟར་ཤིན་ཏུ་གཡོ་བའི་ངང་ཚུལ་ཅན་ཡུལ་རྣམས་ལ་རེ་ཞིང་མངོན་པར་ཞེན་པའི་ཞགས་པ་མང་པོས་དམ་དུ་བཅིངས་པ་མ་ལུས་པ་གྲགས་པ་དང་ཕན་ལན་སོགས་ལ་མི་ལྟོས་པར་ཐུགས་རྗེས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་བཀྲི་བར་མཛད་དོ། །གཉིས་པ་བསྟན་པ་ཐེག་པ་གཅིག་ཏུ་བསྡུ་བ་ནི། དམ་པའི་ཆོས་པད་མ་དཀར་པོ་ལས། ཡང་ཐེག་པ་གཅིག་ལས་བརྩམས་ཏེ་སེམས་ཅན་རྣམས་ལ་ཆོས་འཆད་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་ཐེག་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པ་སྟེ། ཐེག་པ་གཉིས་སམ་གསུམ་ཞེས་བྱ་བ་དག་ཀྱང་མེད་དོ། །ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན་ཆོས་ཉིད་ནི་འདིའོ། །དེ་ཅིའི་ཕྱིར་ཞེ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གང་འདས་པའི་དུས་ན་བྱུང་བའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་ཐེག་པ་གཅིག་ལས་བརྩམས་ཏེ། སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། གང་འདི་སངས་རྒྱས་ཀྱི་ཐེག་པའོ། །གང་མ་འོངས་པའི་དུས་ན་འབྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱང་སངས་རྒྱས་ཀྱི་ཐེག་པ་གཅིག་ལས་བརྩམས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་པར་འགྱུར་རོ། །གང་ད་ལྟར་བྱུང་བའི་དུས་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཐེག་པ་གཅིག་པུ་ལས་བརྩམས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་རྣམ་གྲངས་འདིས་རིག་པར་བྱ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་ན་ཡང་ཐེག་པ་གཉིས་སུ་བཏགས་པའང་མེད་ན། གསུམ་དུ་ལྟ་ཅི་སྨོས་ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཐེག་པ་གཅིག་པུ་ལས་བརྩམས་ཏེ་ཆོས་སྟོན་པར་གསུངས་པའི་དགོངས་པ་ཅི་ཞེ་ན། གང་ཕྱིར་འདི་ན་དེ་ཉིད་ཤེས་ལས་དྲི་མ་མཐའ་དག་སེལ་བ་ནི། །ལྷུར་ལེན་གཞན་མེད་ཆོས་རྣམས་དེ་ཉིད་རྣམ་འགྱུར་དབྱེ་ལའང་བརྟེན་མིན་པས། །དེ་ཉིད་ཡུལ་ཅན་བློ་གྲོས་འདི་ཡང་ཐ་དད་གྱུར་པ་མ་ཡིན་པ། །དེ་ཡི་ཕྱིར་ན་ཁྱོད་ཀྱིས་འགྲོ་ལ་ཐེག་པ་མི་མཉམ་དབྱེར་མེད་བསྟན། །གང་གི་ཕྱིར་འཇིག་རྟེན་འདི་ན་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ཤེས་པ་ལས་ཉོན་མོངས་པ་དང་ཤེས་བྱའི་དྲི་མ་མཐའ་དག་སེལ་བར་བྱེད་པའི་གཉེན་པོ་གཞན་མེད་དེ། གནས་ལུགས་མ་རྟོགས་པ་རྣམས་ནི་འདོད་ཆགས་ལ་སོགས་པ་བཞིན་དུ་ཡུལ་ལ་ལོག་པ་ཞུགས་པས་སྒྲིབ་པ་དྲུངས་ནས་འབྱིན་མི་ནུས་པའི་ཕྱིར་རོ། །ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་སྐྱེ་བ་མེད་པའི་རང་བཞིན་དེ་རྣམ་འགྱུར་དབྱེ་བ་ཐ་དད་པ་ལ་བརྟེན་པའང་མ་ཡིན་ཏེ། ཀུན་ཀྱང་སྐྱེ་བ་མེད་པའི་རང་བཞིན་ཅན་དུ་མཚུངས་པའི་ཕྱིར་རོ། །ཡུལ་དེ་ཁོ་ན་ཉིད་ལ་དབྱེ་བ་མེད་པས་དེ་ཉིད་མངོན་སུམ་དུ་རྟོགས་པའི་ཡུལ་ཅན་རྣམ་པར་མི་རྟོག་པའི་བློ་གྲོས་འདི་ལའང་ཐ་དད་ཡོད་པ་མ་ཡིན་ལ། དེ་ཁོ་ན་ཉིད་མངོན་སུམ་དུ་བྱས་པའི་ཡེ་ཤེས་དེ་ཉིད་བགྲོད་པར་བྱ་བའི་མྱ་ངན་ལས་འདས་པ་ཡིན་ཏེ། འོད་སྲུངས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ན་མྱ་ངན་ལས་འདས་པ་ཡིན་ལ། དེའང་གཅིག་ཉིད་ཡིན་གྱི་གཉིས་དང་གསུམ་ནི་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་བཅོམ་ལྡན་འདས་ཁྱོད་ཀྱིས་འགྲོ་བ་རྣམས་ལ་ཐེག་པ་དབྱེར་མེད་གཅིག་བསྟན་གྱི་གཉིས་དང་གསུམ་ལ་སོགས་པ་མ་ཡིན་ནོ། །དེ་གང་ཞེ་ན། གཞན་དང་མི་མཉམ་པ་བླ་ན་མེད་པ་སངས་རྒྱས་ཀྱི་ཐེག་པའོ། །འདིར་ཐེག་པ་ནི་གཉིས་ཏེ། འདིས་བགྲོས་པར་བྱེད་པ་ལམ་གྱི་ཐེག་པ་དང་། འདིར་བགྲོད་པར་བྱ་བ་འབྲས་བུའི་ཐེག་པའོ། །དེ་ལ་དང་པོ་ནི་འབྲས་བུ་ཐོབ་པའི་གེགས་དྲི་མ་སེལ་བྱེད་ཡིན་ལ། དེའང་དུ་མ་ཡོད་པ་མ་ཡིན་ཏེ། དེ་ཁོ་ན་ཉིད་མ་རྟོགས་པར་དྲི་མ་སེལ་མི་ནུས་ལ། དེ་ཁོ་ན་ཉིད་ལ་དབྱེ་བ་མེད་པའི་ཕྱིར་རོ། །གཉིས་པ་ནི། དྲི་མ་མཐའ་དག་དང་བྲལ་བའི་ཆོས་ཉིད་མངོན་སུམ་དུ་བྱས་པའི་ཡེ་ཤེས་ཡིན་ལ། དེའང་ཐ་དད་མེད་དེ། ཆོས་ཀྱི་དབྱིངས་ལ་དབྱེ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་རྒྱུ་དང་འབྲས་བུའི་ཐེག་པ་གཅིག་ཉིད་ཡིན་ནོ། །ཐེག་པ་གཅིག་ཡིན་ལ་རག་མོད་དེ་སངས་རྒྱས་ཀྱི་ཐེག་པར་ཇི་ལྟར་འགྱུར་ཞེ་ན། དཔེར་ན་ཕྱུགས་ཀྱི་ཤིང་རྟ་དང་། རྟའི་ཤིང་རྟ་དང་། གླང་པོ་ཆེའི་ཤིང་རྟ་གསུམ་ལ་མྱུར་བ་དང་། བུལ་བ་དང་། ཆེས་བུལ་བའི་ཁྱད་པར་ཡོད་ཀྱང་། བགྲོད་བྱ་གྲོང་ཁྱེར་གཅིག་ཏུ་བགྲོད་པར་ཐ་དད་མེད་པ་དེ་བཞིན་དུ། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་ཡང་མི་གནས་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་བགྲོད་པར་བྱེད་པ་ལ་ཁྱད་པར་མེད་ཀྱི། འོན་ཀྱང་དབང་པོ་དང་ཐབས་ཀྱི་བྱེ་བྲག་ལས་མྱུར་བ་དང་། བུལ་བ་དང་། ཆེས་བུལ་བའི་ཁྱད་པར་ནི་ཡོད་དོ། །དེ་ལྟར་ན་ཉན་རང་གི་ཐེག་པ་བ་དག་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་གེགས་སུ་བཤད་པ་ཇི་ལྟར་ཞེ་ན། ཉན་རང་གི་ཐེག་པ་བ་དག་ལ་ནི་ཐེག་པ་དམན་པའི་ལམ་གྱིས་རྒྱུད་མ་སྦྱངས་པར་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་པས་ཐོག་མར་ཉན་རང་གི་བྱང་ཆུབ་ཏུ་ཁྲིད་ནས་རིམ་གྱིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པས། དེ་ལྟ་བུའི་གང་ཟག་ལ་ལྟོས་ནས་ཐེག་པ་དམན་པ་གཉིས་ཀྱང་སངས་རྒྱས་ཐོབ་པའི་ཐབས་ཡིན་པའི་ཕྱིར། སངས་རྒྱས་ཀྱི་ཐེག་པར་བཞག་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉན་རང་གི་ལམ་མངོན་དུ་བྱས་ན་བླ་མེད་བྱང་ཆུབ་ཐོབ་པ་ལ་ཡུན་རིང་དུ་འགོར་བའི་ཕྱིར། ཉན་རང་གི་ལམ་དག་བྱང་ཆུབ་ཀྱི་གེགས་སུ་བཤད་དོ། །

གལ་ཏེ་བགྲོད་བྱའི་མྱ་ངན་ལས་འདས་པ་སངས་རྒྱས་ཀྱི་ས་ཁོ་ན་ཡིན་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པས་ཀྱང་མྱ་ངན་ལས་འདའ་བར་བཤད་པ་ཇི་ལྟར་ཞེ་ན། འདི་ནི་དགོངས་པ་ཅན་ཏེ། འདི་ལྟར། གང་ཕྱིར་འགྲོ་ལ་ཉེས་པ་སྐྱེད་བྱེད་སྙིགས་མ་འདི་དག་ཡོད་གྱུར་པ། །དེ་ཕྱིར་འཇིག་རྟེན་སངས་རྒྱས་སྤྱོད་ཡུལ་གཏིང་ཟབ་ལ་འཇུག་མི་འགྱུར་ཞིང་། །བདེ་གཤེགས་གང་ཕྱིར་ཁྱོད་ལ་མཁྱེན་རབ་ཐུགས་རྗེ་ཐབས་དང་ལྷན་ཅིག་པ། །མངའ་དང་གང་ཕྱིར་བདག་གིས་སེམས་ཅན་དགྲོལ་ཞེས་ཁྱོད་ཀྱི་ཞལ་བཞེས་པ། །གང་གི་ཕྱིར་གདུལ་བྱའི་འགྲོ་བ་རྣམས་ལ་སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པ་ལ་ལྷག་པར་མོས་པའི་གེགས་འདོད་ཆགས་ལ་སོགས་པ་ཉེས་པ་ཤས་ཆེན་པོ་སྐྱེད་པར་བྱེས་པའི་རྒྱུ་སེམས་ཅན་དང་བསྐལ་པ་དང་ཉོན་མོངས་པ་དང་ལྟ་བ་དང་ཚེའི་སྙིགས་མ་འདི་དག་ཡོད་པ་དེའི་ཕྱིར། འཇིག་རྟེན་དག་སངས་རྒྱས་ཀྱི་ཡེ་ཤེས་གཏིང་ཟབ་ཅིང་དཔག་པར་དཀའ་བ་ལ་ཐོག་མར་འཇུག་པར་མི་འགྱུར་ལ། བདེ་བར་གཤེགས་པ་རྣམས་ཀྱང་འགྲོ་བ་སྣོད་མ་ཡིན་པར་མཐོང་བ་ཙམ་གྱིས་དེ་དག་གི་དོན་ཡལ་བར་འདོར་བ་མ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ལ་གདུལ་བྱ་རྣམ་པ་གཞན་གྱི་སྒོ་ནས་འདུལ་བའི་མཁྱེན་རབ་ཐུགས་རྗེ་དང་ལྷན་ཅིག་པ་མངའ་བའི་ཕྱིར་དང་། སྔར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་བདག་གིས་སེམས་ཅན་ཐམས་ཅད་དགྲོལ་ཞེས་ཞལ་གྱིས་བཞེས་པའི་ཕྱིར་དང་། ཞལ་གྱིས་བཞེས་པའང་རྣམ་པ་གཞན་གྱི་སྒོ་ནས་གདོན་མི་ཟ་བར་སྒྲུབ་དགོས་པའི་ཕྱིར་རོ། །གང་གི་ཕྱིར་འགྲོ་བ་རྣམས་ཐེག་པ་ཆེན་པོ་ལ་འཇུག་པའི་གེགས་རྣམ་པ་མང་པོ་འདི་དག་ཡོད་ཅིང་། འཇིག་རྟེན་རྣམས་གདོན་མི་ཟ་བར་མྱ་ངན་ལས་འདས་པ་ལ་དགོད་པར་བྱ་དགོས་པ། དེ་ཕྱིར་མཁས་པས་རིན་པོ་ཆེ་ཡི་གླིང་དུ་ཆས་པའི་སྐྱེ་ཚོགས་ཀྱི། །ངལ་བ་ཉེར་སེལ་གྲོང་ཁྱེར་ཡིད་འོང་བར་དུ་རྣམ་པར་བཀོད་པ་ལྟར། ཁྱོད་ཀྱི་ཐེག་པ་འདི་ནི་སློབ་མ་ཉེ་བར་ཞི་བའི་ཚུལ་ན་ཡིད། །སྦྱར་བར་མཛད་ཅིང་རྣམ་པར་དབེན་ལ་བློ་སྦྱངས་རྣམས་ལ་ལོགས་སུ་གསུངས། །དཔེར་ན་དེད་དཔོན་ཐབས་ལ་མཁས་པས་རིན་པོ་ཆེའི་གླིང་དུ་ཆས་པའི་སྐྱེ་བོའི་ཚོགས་རྣམས་ལམ་གྱིས་དུབ་པའི་ངལ་བ་སེལ་བའི་ཕྱིར་དུ་ལམ་གྱི་བར་དུ་གྲོང་ཁྱེར་ཡིད་དུ་འོང་བ་བཀོད་ཅིང་སྦྲུལ་ཏེ་དེར་སྐྱེ་བོའི་ཚོགས་དབུགས་ཕྱུང་ནས། སླར་ཡང་རིན་པོ་ཆེའི་གླིང་དུ་ཁྲིད་པར་བྱེད་པ་ལྟར། བཅོམ་ལྡན་ཁྱོད་ཀྱིས་ཀྱང་འཁོར་བའི་ཤུལ་རིང་པོའི་ལམ་གྱིས་དུབ་པའི་འགྲོ་བ་རྣམས་སངས་རྒྱས་ཀྱི་སར་བཀྲི་བའི་ཐབས་སུ་ཐེག་པ་ཆེན་པོའི་ཚུ་རོལ་དུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་འདི་དག་བཀོད་ནས་སློབ་མ་ཉན་རང་གི་རིགས་ཅན་རྣམས་ཉེ་བར་ཞི་བ་མྱ་ངན་ལས་འདས་པའི་ཚུལ་ལ་ཐོག་མར་ཡིད་སྦྱར་བར་མཛད་ཅིང་། འཁོར་བའི་འབྲོག་དགོན་པ་ལས་གྲོལ་ཏེ་དབུགས་ཕྱིན་པ་ཐོབ་པ་དེ་དག་ལ་ཕྱི་ནས་ཐེག་པ་ཆེན་པོ་བསྟན་ཏེ་སངས་རྒྱས་ཀྱི་ས་ལ་བཀྲི་བར་མཛད་དོ། །སྐྱེ་བ་མང་པོར་རྣམ་པར་དབེན་པ་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ལ་བློ་སྦྱངས་པ་རྣམས་ལ་ཉན་རང་གི་རིགས་ཅན་ལས་ལོགས་སུ་ཐོག་མར་ཐེག་པ་ཆེན་པོ་གསུང་བར་མཛད་དོ། །གསུམ་པ་མངོན་པར་བྱང་ཆུབ་པ་དང་བཞུགས་པའི་དུས་བསྟན་པ་ལ། དང་པོ་མངོན་པར་བྱང་ཆུབ་པའི་དུས་ཀྱི་དབང་དུ་བྱས་ནས་བཤད་པ། སངས་རྒྱས་ཡུལ་གྱུར་ཕྱོགས་བཅུའི་ཞིང་རྣམས་མ་ལུས་ན། །རྡུལ་ཕྲན་ཇི་སྙེད་ཡོད་པ་དེ་སྙེད་བདེ་གཤེགས་ནི། །བྱང་ཆུབ་མཆོག་ཏུ་གཤེགས་པའི་བསྐལ་པ་དེ་སྙེད་དེ། ཁྱེད་ཀྱི་གསང་འདི་བསྙད་པར་བགྱི་བ་མ་ལགས་སོ། །སངས་རྒྱས་ཀྱི་ཡུལ་དུ་གྱུར་པའི་ཕྱོགས་བཅུའི་ཞིང་མ་ལུས་པའི་རྡུལ་ཕྲན་ཇི་སྙེད་ཡོད་པའི་གྲངས་དེ་སྙེད་བདེ་བར་གཤེགས་པ་སེམས་ཅན་འདུལ་བའི་ཕྱིར། སྤྲུལ་པའི་སྐུར་མངོན་པར་བྱང་ཆུབ་པའི་བསྐལ་པའང་དེ་ཉིད་དེ། འོན་ཀྱང་བཅོམ་ལྡན་ཁྱེད་ཀྱི་གསང་བ་འདི་ནི་སྔོན་དགེ་བའི་རྩ་བ་མ་བསགས་པ་རྣམས་ཀྱིས་ལྷག་པར་མོས་པར་བྱ་དཀའ་བའི་ཕྱིར་བསྙད་པར་བགྱི་བ་མ་ཡིན་ཡང་། གང་ཞིག་ལྷག་པར་མོས་པ་བྱེད་པ་རྣམས་ལ་བསོད་ནམས་གཞལ་དུ་མེད་པ་ཐོབ་པའི་ཕྱིར་བཤད་དོ། །

གཉིས་པ་བཞུགས་པའི་དུས་ཀྱི་དབང་དུ་བྱས་ནས་བཤད་པ། ཇི་སྲིད་འཇིག་རྟེན་མ་ལུས་མཆོག་ཏུ་ཞི་བ་མ་ཐོབ་དང་། །ཇི་སྲིད་ནམ་མཁའི་ཁམས་རྣམས་མེད་པར་མ་གྱུར་དེ་སྲིད་དུ། །ཤེས་རབ་ཡུལ་དང་སྙིང་རྗེ་མ་མས་སྐྱེད་ཅིང་འཛིན་བྱེད་པས། །རྒྱལ་བ་ཁྱོད་ལ་རབ་ཏུ་ཞི་བར་འགྱུར་བ་ག་ལ་མངའ། །ཇི་སྲིད་འཇིག་རྟེན་མ་ལུས་པ་ཞི་བ་མྱ་ངན་ལས་འདས་པ་མ་ཐོབ་པ་དང་། ནམ་མཁའ་མེད་པར་མ་གྱུར་པ་དེ་སྲིད་དུ། རྒྱལ་བ་རབ་ཏུ་ཞི་བར་འགྱུར་བ་མི་མངའ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུམ་གྱི་བསྐྱེད་དེ། སྙིང་རྗེའི་མ་མ་ལ་གཏད་པས་ཡུན་རིང་དུ་འཛིན་པར་བྱེད་པའི་ཕྱིར་རོ། །གང་གིས་སེམས་ཅན་གྱི་དོན་སྒྲུབ་བའི་ཕྱིར་དུས་མུ་མཐའ་མེད་པར་གསོ་བར་བྱེད་པའི་སངས་རྒྱས་ཀྱི་ཐུགས་རྗེ་དེ་ཅི་འདྲ་བ་ཞིག་ཅེ་ན། གཏི་མུག་སྐྱོན་གྱིས་འཇིག་རྟེན་ཁ་ཟས་དུག་བཅས་ཟ་བ་ཡི། །སྐྱེ་བོ་ཉིད་ཀྱི་ནང་མི་དེ་ལ་ཁྱོད་བརྩེ་ཇི་ལྟ་བ། །དེ་ལྟར་དུག་ཟོས་ཉེན་པའི་བུ་ལ་མ་ཡི་སྡུག་བསྔལ་མིན། །དེས་ན་མགོན་པོ་མཆོག་ཏུ་རབ་ཞིར་གཤེགས་པར་འགྱུར་མ་ལགས། །གཏི་མུག་གི་སྐྱོན་གྱིས་བསྒྲིབས་པའི་དབང་གིས་འཇིག་རྟེན་ཁ་ཟས་དུག་བཅས་དང་འདྲ་བའི་གཟུགས་སོགས་ཡུལ་རྣམས་ལ་མངོན་པར་ཞེན་པའི་དབང་གིས་ཟ་ཞིང་ལོངས་སྤྱོད་པའི་སྐྱེ་བོ། ཐུབ་པ་ཉིད་ཀྱི་ནང་མི་ལྟ་བུར་གྱུར་པ་དེ་དག་ལ་ཁྱོད་ཐུགས་བརྩེ་བ་དེ་ལྟར་དུག་ཟོས་ཏེ་སྡུག་བསྔལ་གྱིས་ཉེན་པའི་བུ་གཅིག་པ་ལ་མའི་སྡུག་བསྔལ་དེ་ཙམ་དུ་འབྱུང་བ་མ་ཡིན་པ་དེས་ན། མགོན་པོ་ཐུགས་རྗེའི་དབང་གིས་རབ་ཏུ་ཞི་བར་གཤེགས་པ་མ་ལགས་སོ། །གཞན་ཡང་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ནི་འཇིག་རྟེན་གྱི་སྡུག་བསྔལ་ལ་དམིགས་ཏེ་འཇུག་པའི་ཕྱིར་ཡང་མྱ་ངན་ལས་འདའ་བ་མི་མངའོ་ཞེས་བཤད་པ། གང་གི་ཕྱིར་ན་མི་མཁས་དངོས་དང་དངོས་པོ་མེད་པར་ཞེན་པའི་བློ་ཅན་གྱིས། །སྐྱེ་དང་འཇིག་གནས་སྐབས་དང་སྡུག་དང་མི་སྡུག་བྲལ་ཕྲད་ཀྱིས་བསྐྱེད་སྡུག་བསྔལ་དང་། །སྡིག་ཅན་འགྲོ་བ་ཐོབ་པ་དེ་ཕྱིར་ཐུགས་བརྩེའི་ཡུལ་དུ་རབ་དོང་པས། །བཅོམ་ལྡན་ཐུགས་རྗེས་ཁྱོད་ཐུགས་ཞི་ལས་བཟློག་པས་ཁྱོད་ལ་མྱ་ངན་འདའ་མི་མངའ། །གང་གི་ཕྱིར་བྱིས་པ་མི་མཁས་པ་དངོས་པོར་མངོན་པར་ཞེན་པའི་བློ་ཅན་ལས་དང་འབྲས་བུ་ལ་ཡིད་ཆེས་པ་དག་ནི་བླང་དོར་ལ་ཚུལ་བཞིན་དུ་ཞུགས་པས་ལྷ་མི་དག་ཏུ་སྐྱེས་ཀྱང་སྐྱེ་བ་དང་། འཇིག་པ་དང་། ཡུལ་སྡུག་པ་དང་བྲལ་བ་དང་། མི་སྡུག་པ་དང་ཕྲད་པ་ལས་བྱུང་བའི་སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར་རོ། །དངོས་པོ་མེད་པར་ཞེན་པའི་བློ་ཅན་མེད་པ་བ་དག་ནི་བླང་དོར་ལ་ཕྱིན་ཅི་ལོག་ཏུ་ཞུགས་པས་སྡིག་ཅན་གྱི་འགྲོ་བ་དམྱལ་བ་ལ་སོགས་པ་ཐོབ་པས་སྡུག་བསྔལ་མི་ཟད་པ་རྣམ་པ་སྣ་ཚོགས་མྱོང་བ་དེའི་ཕྱིར། སྡུག་བསྔལ་ཅན་གྱི་འགྲོ་བ་འདི་དག་ཐུགས་བརྩེའི་ཡུལ་དུ་རབ་ཏུ་དོང་ཞིང་། ཐུགས་རྗེའང་འགྲོ་བའི་སྡུག་བསྔལ་ལ་དམིགས་ནས་འཇུག་པས། དེའི་ཕྱིར་ཐུགས་རྗེའི་དབང་གིས་བཅོམ་ལྡན་ཁྱོད་ཀྱི་ཐུགས་ཞི་བ་ལ་མངོན་པར་དགའ་བ་ལས་བཟློག་པས་ན། ཇི་སྲིད་འགྲོ་བ་ཀུན་མ་གྲོལ་བ་དེ་སྲིད་དུ་མྱ་ངན་ལས་འདའ་བར་མི་མངའ་འོ། །དེ་ལྟར་ན། འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་མ་ལུས་པ་བཤད་ཟིན་ཏོ། །

གསུམ་པ་བྱ་བ་མཐར་ཕྱིིན་པའི་ཡན་ལག་ལ། རྒྱུ་གང་ལ་བརྟེན་ནས་བྱས་པ། དགོས་པ་གང་གི་ཕྱིར་བྱས་པ། བྱས་པའི་དགེ་བ་བྱང་ཆུབ་ཏུ་བསྔོ་བ་དང་གསུམ་མོ། །དང་པོ་ལ་གཉིས་ལས། དང་པོ་ནི། ཁྱོད་ཀྱིས་སྔར་བཤད་པ་འདི་དག་འགའ་ཞིག་གི་ལུགས་ལ་བརྟེན་ནས་སམ་འོན་ཏེ་རང་དགར་སྦྱར་བ་ཡིན་ཅེ་ན། ལུགས་འདི་དགེ་སློང་ཟླ་གྲགས་ཀྱིས། །དབུ་མའི་བསྟན་བཅོས་ལས་བཏུས་ནས། །ལུང་ཇི་བཞིན་དང་མན་ངག་ནི། །ཇི་ལྟ་བ་བཞིན་བརྗོད་པ་ཡིན། །གོང་དུ་བཤད་པའི་ལུགས་འདི་ནི་ཟླ་བ་གྲགས་པ་བདག་གིས་དབུ་མ་རྩ་བའི་ཤེས་རབ་ལ་སོགས་པ་ཀླུ་སྒྲུབ་ཀྱི་བསྟན་བཅོས་དག་ལས་དོན་ཇི་ལྟར་གཙོ་བོ་རྣམས་བཏུས་ནས་ངེས་པའི་དོན་གྱི་ལུང་རྣམས་དང་། ཀླུ་སྒྲུབ་ནས་བརྒྱུད་པའི་སློབ་དཔོན་སྔ་མའི་མན་ངག་ཇི་ལྟ་བ་བཞིན་དུ་བརྗོད་པ་ཡིན་གྱིས། ཁོ་བོས་རང་བཟོར་སྦྱར་བ་ནི་མ་ཡིན་ནོ། །གཉིས་པ་བསྟན་བཅོས་ཐུན་མོང་མ་ཡིན་པར་བསྟན་པ་ནི། ཇི་ལྟར་ཆོས་འདི་གཞན་དག་ལ། །མེད་པ་དེ་བཞིན་ལུགས་འདི་ཡང་། །གཞན་ལ་ཡོད་པ་མ་ཡིན་ཞེས། །མཁས་པ་རྣམས་ཀྱིས་ཤེས་པར་གྱིས། །ཇི་ལྟར་སྟོང་པ་ཉིད་ཅེས་བྱ་བའི་ཆོས་འདི་དབུ་མའི་བསྟན་བཅོས་ལས་གཞན་དག་ལ་ཕྱིན་ཅི་མ་ལོག་པར་སྟོན་པ་མེད་པ་དེ་བཞིན་དུ་བསྟན་བཅོས་འདིར་ལུགས་གང་ཞིག་བརྒལ་ལན་དང་བཅས་པས་བསྙད་པ་དེའང་ཀླུ་སྒྲུབ་ཀྱི་གཞུང་གི་རྗེས་སུ་འབྲངས་པའི་བསྟན་བཅོས་ལས་གཞན་ལ་ཡོད་པ་མ་ཡིན་ཞེས་དོན་ལ་རྟོན་པའི་མཁས་པ་རྣམས་ཀྱིས་ཤེས་པར་བྱའོ། །དོན་ནི་འདི་ཡིན་ཏེ། ཀླུ་སྒྲུབ་ཀྱི་ལུགས་ཐུན་མོང་མ་ཡིན་པ་ཁོ་བོས་བསྟན་བཅོས་འདིར་བཀོད་པ་འདི་ཁོ་ན་ཡིན་གྱི། སློབ་དཔོན་གྱི་སློབ་མ་དག་གིས་ཀྱང་སློང་དཔོན་གྱི་ལུགས་ཕྱིན་ཅི་མ་ལོག་པར་གསལ་པོར་མ་བཀྲལ་ལོ་ཞེས་པའོ། །གཉིས་པ་དགོས་པ་གང་གི་ཕྱིར་བརྩམས་པ་ནི། སློབ་དཔོན་གྱི་དགོངས་པ་མི་ཤེས་པར་ཡི་གེ་ཙམ་ཐོས་པས་འཇིགས་པ་རྣམས་ཀྱིས་འཇིག་རྟེན་ལས་འདས་པའི་ཆོས་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་ཚུལ་སྟོན་པ་འདི་སྤངས་པས། དེའི་ཕྱིར་དབུ་མའི་བསྟན་བཅོས་ཀྱི་དེ་ཁོ་ཉིད་ཕྱིན་ཅི་མ་ལོག་པ་བསྟན་པའི་ཕྱིར་འདི་སྦྱར་བ་ཡིན་ནོ་ཞེས་བཤད་པ། ཀླུ་གྲུབ་བློ་མཚོ་ཤིན་ཏུ་རྒྱ་ཆེའི་ཁ་དོག་གིས་འཇིགས་པས། །སྐྱེ་བོས་ལུགས་བཟང་གང་དག་རྒྱང་རིང་སྤངས་པས་དེ་ཡི་ཚིག། ལེའུར་བྱས་པའི་ཁ་འབུས་ཀུ་མུ་ཏ་ཁ་བྱེ་བའི་ཆུས། །ད་ལྟ་ཟླ་བ་གྲགས་པ་རེ་རྣམས་རབ་ཏུ་སྐོང་བར་བྱེད། །འཕགས་པ་ཀླུ་སྒྲུབ་ཀྱི་བློ་གྲོས་ཀྱི་རྒྱ་མཚོ་མཐའ་དཔག་པར་དཀའ་བའི་ཕྱིར་ཤིན་ཏུ་རྒྱ་ཆེ་བའི་ཁ་དོག་ཤིན་ཏུ་གནག་པ་དང་འདྲ་བའི་སྐྱེ་མེད་དང་སྟོང་ཉིད་སོགས་ཀྱི་ཡི་གེ་ཙམ་ཐོས་པས་ཤིན་ཏུ་འཇིགས་ཏེ། སྔོན་གྱི་བསྟན་བཅོས་མཛད་པ་པོ་ཐོགས་མེད་དང་དབྱེག་གཉེན་ལ་སོགས་པའི་སྐྱེ་བོས་ཀླུ་སྒྲུབ་ཀྱི་ལུགས་བཟང་གང་དག་རྒྱང་རིག་དུ་སྤངས་པས་དེའི་ཕྱིར་ཀླུ་སྒྲུབ་ཀྱི་བློ་གྲོས་ཀྱི་མཚོ་ལས་སྐྱེས་པའི་ཚིག་ལེའུར་བྱས་པ་རྩ་བའི་ཤེས་རབ་ལ་སོགས་པ་མེ་ཏོག་ཀུ་མུ་ཏ་ཁ་འབུས་པ་ལྟ་བུ་དག་ཟླ་བ་གྲགས་པའི་བློ་གྲོས་ཀྱི་བསེལ་ཟེར་གྱིས་ཁ་ཕྱེས་ནས་དེའི་ནང་གི་བདེན་པ་གཉིས་ཀྱི་ལེགས་པར་བཤད་པའི་ཆུ་ཡན་ལག་བརྒྱད་དང་ལྡན་པས་ད་ལྟ་ཟླ་བ་གྲགས་པས་སྐལ་པ་དང་ལྡན་པའི་གདུལ་བྱ་རྣམས་ཀྱི་མངོན་པར་འདོད་པའི་རེ་བ་རབ་ཏུ་སྐོང་བར་བྱེད་དོ། །གལ་ཏེ་གནས་བརྟན་ཐོགས་མེད་དང་། དབྱིག་གཉེན་དང་། ཕྱོགས་ཀྱི་གླག་པོ་དང་། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་ཀྱི་མཛད་པ་པོ་བྱོན་ཟིན་པ་དེ་དག་གིས་ཀྱང་ཡི་གེ་ཙམ་ཐོས་པས་འཇིགས་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་ཕྱིན་ཅི་མ་ལོག་པར་སྟོན་པའི་དབུ་མའི་བསྟན་བཅོས་འདི་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ། །ཡང་འདི་ཇི་ལྟར་རྟོགས་པར་བྱ་ཞེ་ན། དེ་ཉིད་བཤད་ཟིན་ཟབ་མོ་འཇིག་རུང་འདི་ནི་སྔོན་གོམས་ཉིད་ལས་སྐྱེ་བོ་ཡིས། །ངེས་པར་རྟོགས་འགྱུར་འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱིས་ཁོང་དུ་ཆུད་མི་འགྱུར། །དེ་ཕྱིར་ཚུལ་ལུགས་རང་བློས་སྦྱར་བ་དེ་དག་མཐོང་ནས་བདག་ཏུ་བརྗོད་པ་ཡི། །གཞུང་ལུགས་རྣམས་ལྟར་གཞན་ལུགས་བཞེད་གཞུང་འདི་ལས་གཞན་ལ་དགའ་བློ་དོར་བར་བྱ། །སྔར་བཤད་ཟིན་པའི་དེ་ཁོ་ན་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་འདི་ནི་སྐལ་བ་དང་མི་ལྡན་པ་དག་ཐོས་པ་ཙམ་གྱིས་སྐྲག་སྟེ་སྤུ་ཟིངས་ཞེས་བྱེད་པར་འགྱུར་ཏེ། བརྒྱ་པ་ལས། ཆོས་འདི་ཡི་ནི་མིང་ལས་ཀྱང་། །དམ་པ་མིན་པ་སྐྲག་པ་སྐྱེ། །གཞན་ལ་འཇིགས་པ་མི་བསྐྱེད་པའི། །སྟོབས་ལྡན་ཞེས་བྱ་གང་ཞིག་ཡོད། །གང་གསུངས་པ་ལྟར་རོ། །དེའི་ཕྱིར། འཇིགས་སུ་རུང་བ་འདི་ནི་སྔོན་སྟོང་པ་ཉིད་ལ་གོམས་པའི་ས་བོན་དང་ལྡན་པའི་སྐྱེ་བོས་རྒྱུའི་སྟོབས་ཀྱིས་ངེས་པར་རྟོགས་པར་འགྱུར་གྱི། ཟབ་མོ་འདི་ནི་གསན་རྒྱ་ཆེ་ཡང་སྟོང་པ་ཉིད་ལ་ལྷག་པར་མོས་པའི་ས་བོན་དང་བྲལ་བའི་སློབ་དཔོན་གཞན་གྱིས་ཁོང་དུ་ཆུད་པར་མི་འགྱུར་རོ། །དེའི་ཕྱིར་ཐར་པ་འདོད་པ་རྣམས་ཀྱིས་གྲུབ་མཐའ་སྨྲ་བ་གཞན་གྱི་ལུགས་ཀླུ་སྒྲུབ་ཀྱི་བཞེད་གཞུང་འདི་ལས་གཞན་དུ་གྱུར་པ་རྣམས་ལ་དགའ་བའི་བློ་དོར་བར་བྱའོ། །ཇི་ལྟར་ཞེ་ན། བདག་ཏུ་བརྗོད་པའི་མུ་སྟེགས་རྣམས་ཀྱི་གཞུང་ལུགས་རྣམས་ཐར་པ་འདོད་པ་རྣམས་ཀྱིས་དོར་བྱ་ཡིན་པ་ལྟར་རོ། །ཅིའི་ཕྱིར་ཞེ་ན། ཚུལ་ལུགས་དེ་དག་ནི་དངོས་པོར་སྨྲ་བའི་སློབ་དཔོན་རང་རང་གི་བློས་སྦྱར་བར་ཟད་ཀྱི་བདེ་བར་གཤེགས་པའི་དགོངས་པ་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་རོ། །གསུམ་པ་བྱས་པའི་དགེ་བ་བྱང་ཆུབ་དུ་བསྔོ་བའི་དབང་དུ་བྱས་ནས་བཤད་པ། སློབ་དཔོན་ཀླུ་སྒྲུབ་ལུགས་བཟང་བསྙད་ལས་བདག་གིས་བསོད་ནམས་ཕྱོགས་ཀྱི་མཐར། ཁྱབ་ཅིང་ཡིད་མཁའ་ཉོན་མོངས་ཀྱིས་སྔོར་སྟོན་ཀའི་རྒྱུ་སྐར་ལྟར་དཀའ་བའམ། །སེམས་ཀྱི་སྦྲུལ་ལ་གདེངས་ཀའི་ནོར་བུ་དང་འདྲ་གང་ཞིག་ཐོབ་པ་དེས། །འཇིག་རྟེན་མ་ལུས་དེ་ཉིད་རྟོགས་ནས་མྱུར་དུ་བདེ་གཤེགས་སར་བགྲོད་ཤོག །སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་བཟང་བདེན་པ་ཉིད་ཕྱིན་ཅི་མ་ལོག་པ་བསྙད་པ་ལས་ཟླ་བ་གྲགས་པ་བདག་གིས་བསོད་ནམས་གང་ཞིག་ཐོབ་པ་དེས། འཁོར་བ་ན་གནས་པའི་འཇིག་རྟེན་མ་ལུས་པ་བདེན་པ་གཉིས་ཀྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་རྟོགས་ནས་མྱུར་དུ་བདེ་བར་གཤེགས་པའི་སར་བགྲོད་པར་ཤོག་ཅིག །བསོད་ནམས་ཅི་འདྲ་བ་ཞིག་ཅེ་ན། ཕྱོགས་ཀྱི་མཐའ་མ་ལུས་པ་ཁྱབ་ཅིང་ཐོགས་པ་མེད་པ་དང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་ཁ་དོག་ཤིན་ཏུ་སྔོ་ཞིང་གནན་པར་བྱས་པའི་ཡིད་ཀྱི་ནམ་མཁར་སྟོན་ཀའི་ནམ་ཕྱེད་ཀྱི་རྒྱུ་སྐར་དྲི་མ་མེད་པ་ལྟར་ཤིན་ཏུ་དཀར་བའམ། ཉོན་མོངས་དང་རྣམ་རྟོག་གི་དུག་གིས་དཀྲིས་པའི་སེམས་ཀྱི་སྦྲུལ་ལ་གདེགས་ཀའི་ནོར་བུ་རིན་པོ་ཆེ་དང་འདྲ་བ་ཞིག་ག།ོ བསྟན་བཅོས་མཐའ་དག་བཤད་ཟིན་ཏོ། །རྒྱ་གར་བལ་པོ་བོད་ཀྱི་ཡུལ་རྣམས་སུ། །མདོ་དོན་སྨྲ་བའི་མཁས་པ་མང་བྱོན་ཡང་། །ཕལ་ཆེར་རྟོག་པས་སྦྱར་བའི་དོན་ཙམ་ལ། །མཁས་པར་ཟད་ཀྱི་དེ་ཉིད་དོན་ལ་མིན། །ཐུབ་པའི་བསྟན་ལ་ཉིད་ཀྱི་དགོངས་པ་བཞིན། །འཁྲུལ་མེད་སྨྲ་བ་འཕགས་པ་ཀླུ་སྒྲུབ་ཡིན། །དེ་ཡི་བཞེད་གཞུང་རབ་དཀར་ཀུན་ཏའི་ཚལ། །ཇི་བཞིན་འབྱེད་པ་དཔལ་ལྡན་ཟླ་བ་ཡིན། །སློབ་དཔོན་དེ་དག་དགོངས་པ་འདི་ཡིན་ཞེས། །མཁས་རློམ་མང་ཡང་སུ་ལ་ཅི་ཆ་ཡོད། །རྣམ་བཀྲ་ཚོན་གྱི་རི་མོ་གསལ་བ་ཡི། །རྣམ་དབྱེ་དམུས་ལོང་དག་ལ་ཡོད་དམ་ཅི། །ལོང་བས་རིན་ཆེན་གཏེར་ཁ་ཕྱེད་པ་ལྟར། །རྣམ་དག་འཕགས་པའི་མིག་དང་མི་ལྡན་ཡང་། །རྒྱལ་དང་རྒྱལ་བའི་སྲས་ཀྱི་བྱིན་རླབས་ལས། །རྟེན་འབྱུང་ཟབ་མོའི་ལམ་འདི་ཁོ་བོས་རྙེད། །འདས་དང་མ་བྱོན་ད་ལྟར་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་དགེས་པའི་ལམ་འདི་ཡིན། །འདི་ལས་གཞན་དུ་ཐར་པའི་ལམ་ཡོད་ཅེས། །སྨྲ་བ་དེ་དག་གྱི་ནར་བདག་གིས་རྟོགས། །ཕྱོགས་བཅུར་བཞུགས་པའི་རྒྱལ་དང་དེ་སྲས་རྣམས། །མངོན་སུམ་བྱོན་ནས་དབྱངས་དང་མགྲིན་གཅིག་གིས། །འདི་ལས་གཞན་དུ་ཐར་པའི་ལམ་སྟོན་ཀྱང་། །བདག་བློ་གཡོ་བ་མེད་དོ་གྲོགས་པོ་དག ། དེའི་ཕྱིར་གང་དག་ཉམ་ངའི་ལམ་སྤངས་ནས། །བདེ་གཤེགས་དགྱེད་པའི་ལམ་ལ་འཇུག་འདོད་ན། །དཀའ་དང་འབད་པ་བརྒྱ་ཕྲག་དག་གིས་ཀྱང་། །ཀླུ་སྒྲུབ་ལུགས་བཟང་འདི་ལ་འཇུག་པར་རིགས། །འདི་མ་རྟོགས་ན་གཞུང་ལུགས་མང་བསླབས་ཀྱང་། །བདེ་གཤེགས་དགོངས་པ་རྟོགས་པའི་ཐབས་གཞན་མེད། །ཕལ་ཆེར་རྟོག་པའི་དྲ་བ་སྤེལ་བའི་ཕྱིར། །བློ་གྲོས་ངལ་བ་ཙམ་ཞིག་ཐོབ་པར་ཟད། །དེ་ཕྱིར་རང་ཉིད་དྲན་པ་གསོ་ཕྱིར་དང་། །སྐལ་བཟང་གཞན་ལའང་ཕན་པར་བྱ་ཕྱིར་དང་། །ཐུབ་པའི་བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །དུས་གསུམ་རྒྱལ་པའི་ལམ་འདི་བདག་གིས་བཤད། །ལྷག་བསམ་དག་པས་འདིར་འབད་དགེ་བ་གང་། །སྟོན་ཟླའི་འོད་ལྟར་རབ་དཀར་དྲི་མེད་དེས། །འགྲོ་བ་ཀུན་གྱི་ཉོན་མོངས་གདུང་བསལ་ནས། །ཐུབ་བསྟན་ཀུན་ཏའི་ཚལ་རབ་རྒྱས་བྱེད་ཤོག། བདག་གི་མ་འོངས་སྐྱེ་བ་ཐམས་ཅད་དུ། །ཐུབ་བསྟན་གངས་རིའི་སྤོ་ལ་གནས་བཅས་ཏེ། །བསླབ་གསུམ་རལ་པའི་ཁུར་གྱིས་རབ་བརྗིད་ཅིང་། །སྟོང་ཉིད་སེང་གེའི་ང་རོ་སྒྲོགས་གྱུར་ཅིག །རྟག་ཆད་མཐར་ལྟའི་རི་བོ་ལྷུན་སྡུག་ལ། །ཡུན་རིང་གནས་བཅས་ཞེན་ལྟའི་དྲི་ཅན་རྣམས། །གང་ཞིག་མཐོང་ངམ་མིང་ཙམ་ཐོས་པས་ཀྱང་། །སྐྲག་འགྱུར་སྨྲ་བའི་སེང་གེ་བདག་གྱུར་ཅིག །རྟག་ཏུ་བདག་ནི་རབ་ཏུ་འབྱུང་བ་དང་། །རྣམ་དག་ཚུལ་ཁྲིམས་དྲི་བཟང་དང་ལྡན་ཞིང་། །གཞན་དྲིང་མི་འཇོག་སྤོབས་པ་ཐོགས་མེད་ཀྱིས ། །རྒྱལ་བ་རྣམས་ཀྱི་དམ་ཆོས་འཛིན་གྱུར་ཅིག །དབུ་མ་ལ་འཇུག་པའི་རྣམ་བཤད་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མ་ཞེས་བྱ་བ་འདི་ནི། བདེ་བར་གཤེགས་པའི་གསུང་རབ་མཐའ་དག་གི་དགོངས་པ་མཐའ་བྲལ་དབུ་མའི་ཚུལ་དུ་ཁོང་དུ་ཆུད་པ་ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའོ། །འདིས་བསྟན་པ་དང་སེམས་ཅན་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག། །།

བྱ་བ་མཐར་ཕྱིན་པའི་ཡན་ལག

ༀ་སྭསྟི་སིདྡྷ྄ཾ། ཕྱོགས་རིས་ཞེན་པའི་གྲིབ་མས་བཅིངས་མིན་པར། །དཔང་དང་སྤྱན་གྱུར་ཚད་མས་གྲུབ་པའི་ལྷ། །འཇིག་རྟེན་གསུམ་གྱི་མཆོད་སྡོང་མནྡཱར། །བླ་མ་ཤཱཀྱའི་རྒྱལ་པོས་འགྲོ་འདི་སྲུངས། །ལྷ་དང་དྲང་སྲོང་གྲུབ་པས་མ་རྙེད་ཅིང་། །ནོར་བུ་དཔག་བསམ་སོགས་ཀྱིས་མི་མཚོན་པའི། །ཆོས་སྒོའི་ཀླུང་ཆེན་ཇི་སྙེད་འབབ་པ་ཡང་། །ཟབ་མོ་དབུ་མའི་བདུད་རྩིའི་རྗེས་མི་འགྲོ། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདག་གིས་རྟོགས་འདི་གཞན་གྱིས་མི་ཤེས་ཞེས། །འཇིག་རྟེན་སྒྲོན་མ་སྟོབས་བཅུ་མངའ་བས་ཀྱང་། །ཆོས་ཀྱི་སྒྲ་ཆེན་རེ་ཞིག་བཤོམ་མཛད་པ། །དུས་གསུམ་བདེ་གཤེགས་ལམ་ནི་འདི་ཡིན་ཀྱང་། །རྟག་ཆད་གཡང་ལ་རྐང་པ་འཆེལ་བས་ན། །གདུལ་བྱའི་བློ་ནི་མཐའ་ལ་ལྷུང་དོགས་པས། །དངོས་དང་བརྒྱུད་པའི་ཚུལ་གྱིས་འདོམས་པར་མཛད། །རྒྱ་མཚོ་མཐོང་ན་འཇིགས་པ་སྐྱེ་བ་ལྟར། །དེ་ཡི་ཚུལ་ལ་འཇུག་པར་མི་ནུས་མོད། །རྫོགས་སངས་རྒྱས་ལུང་རལ་པའི་གདེངས་ཀ་གཡོ། །ལུང་རིགས་དཔུང་པས་ཆོས་ཀྱི་གྲུ་བཏེགས་པ། །འཕགས་མཆོག་ཀླུ་སྒྲུབ་དེད་དཔོན་མཁས་པ་དེས། །ཐར་འདོད་ནོར་བུའི་གླིང་དུ་འཇོག་བྱེད་པ། །ཞོ་ལས་མར་བཞིན་ཆོས་ཀྱི་ཉིང་ཁུ་འདིའི། །ངེས་པའི་དོན་གྱི་ལམ་སྲོལ་ཆེན་པོ་ཕྱིས། །དེའི་གཞུང་ཀུནྡའི་སྐྱེད་ཚལ་འབྱེད་པའི་གཉེན ། །དབུ་མའི་སྤྲིན་ལམ་འཇུག་ལ་མི་དུབ་པའི། །དཔལ་ལྡན་ཟླ་བ་གྲགས་པའི་བསིལ་ཟེར་གྱིས། །ཉིན་མོའི་འོད་བཞིན་ཀུན་ཏུ་སྣང་བར་མཛད། །གང་གི་དགོངས་དོན་ཟབ་མོ་རྡོ་རྗེའི་གནས། །འཕགས་བོད་མཁས་པ་མང་པོས་ཕྱེ་བ་ལས། །རྟོགས་དཀའ་ཉུང་ངུའི་ངག་གིས་འདོམས་པ་ལ། །ཀུན་གྱི་མཆོག་དང་ཕུལ་དུ་རབ་བསྔགས་པ། །ཡོངས་རྫོགས་བསྟན་པའི་བདག་པོ་ས་སྐྱ་པའི། །འཇམ་མགོན་སྨྲ་བའི་སེང་གེའི་ལེགས་བཤད་ནི། །གཞུང་དོན་ཡོངས་འདུ་དཔལ་གྱི་འདབ་མ་ཅན། །འགྲེལ་ཆེན་ཕན་བདེའི་འབྱུང་གནས་ཆེན་པོ་གང་། །རྗེ་བཙུན་བླ་མའི་བཞེད་པ་བསྒྲུབ་པའི་སླད། །སྤར་གྱི་ཕྱི་མོའི་བཞིན་སྣོད་གཅིག་ཉིད་ལས། །རྣམ་པ་གྲངས་མེད་འཆར་བའི་ལེགས་བྱས་ནི། །མངོན་འདུ་བགྱིས་པའི་བསོད་ནམས་གང་བསགས་པས། །ཐུབ་པའི་རིང་ལུགས་རིན་ཆེན་སྙིང་པོ་ཡུན་གནས་ཕན་བདེའི་འདོད་རྒུ་འཇོ། །འཇམ་མགོན་བླ་མའི་ཞབས་པད་རྟག་བརྟན་སྐྱེ་རྒུ་རྫོགས་ལྡན་དཔལ་ལ་སྤྱོད། །བདག་ཀྱང་སྐྱེ་ཀུན་འཕགས་པའི་ནོར་ལྡན་ཆོས་མིག་རྡུལ་དང་བྲལ་བར་ཐོབ། །རྒྱལ་བའི་བསྟན་ལ་གཅིག་ཏུ་སྨན་པས་དགེ་ལེགས་བསམ་མི་ཁྱབ་གྱུར་ཅིག ། ཅེས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་ཟབ་མོ་ཁྱད་པར་བཞི་ལྡན་གྱི་དབུ་མའི་དགོངས་འགྲེལ་བསྟན་བཅོས་འདིའི་འབྱུང་ཁུངས་སུ་གྱུར་པ་རྣམ་དཀར་སྤར་གྱི་སྒོ་མོ་ཆེ་འདི་ནི། རྫོགས་པའི་སངས་རྒྱས་རྗེ་བླ་མ་མ་ཧཱ་པཎྜིཏ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་བཀའ་དྲིན་མཉམ་པ་མེད་པའི་ཞབས་རྡུལ་དྲི་མ་མེད་པ་སྤྱི་གཙུག་ཏུ་རེག་པས་སྐལ་པ་བཟང་པོར་གྱུར་པ་འཇམ་དབྱངས་ཡོན་ཏན་མཐའ་ཡས་ཀྱིས་རྗེ་བླ་མའི་དགོངས་བཞེད་ལྟར་བསྒྲུབས་པའི་སྐབས་སུ་ཡོན་སྦྱོར་བ་པོ་རང་ཉིད་ཀྱིས་སྦྱར་བས། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྐྱེ་བ་དང་ཚེ་རབས་ཀུན་ཏུ་ཕྱོགས་དུས་ཀྱི་རྒྱལ་བ་མ་ལུས་པའི་དམ་པའི་ཆོས་འཛིན་ཅིང་། གཟུགས་དང་སྤོབས་པ་ཐོགས་པ་མེད་པའི་རྒྱུར་གྱུར་ཅིག ། སརྦ་དཱ་ཀལྱཱ་ཎཾ་བྷ་བནྡུ།། །།


no previousདབུ་མ་ལ་འཇུག་པའི་རྣམ་བཤད་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མ།next