Nitartha Digital Library
Tibetan
 
previousདབུ་མའི་ལྟ་ཁྲིད་བསྡུས་པ།next

དབུ་མའི་ལྟ་ཁྲིད་བསྡུས་པ།

དབུ་མའི་ལྟ་ཁྲིད་བསྡུས་པ་བཞུགས་སོ། །

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཇི་སྐད་དུ་འཕགས་པ་བྱམས་པས་འདི་ན་དང་པོ་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་། །ཚུལ་བཞིན་ཡིད་ལ་བྱེད་པ་ལས་ཀྱང་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང་། །དེ་ལས་ཆོས་ཐོབ། ཅེས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། བསམ་གཏན་མེད་པར་ཤེས་རབ་ཡོད་མིན་ལ། །ཤེས་རབ་མེད་པར་ཡང་ནི་བསམ་གཏན་མེད། །དེ་གཉིས་གང་ལ་ཡོད་པས་སྲིད་པ་ཡི། །རྒྱ་མཚོ་གནག་རྗེས་ལྟ་བུ་འཚལ་བར་བགྱིད། །ཅེས་དང་། འཕགས་པ་ཐོགས་མེད་ཀྱིས་ཀྱང་ཅི་ཙམ་གྱིས་ན་ཆོས་ལ་གནས་པ་ཡིན་ཞེ་ན། ཐོས་པ་དང་བསམ་པ་ལ་མ་བརྟེན་པར་སྒོམ་པའི་སྦྱོར་བ་འབའ་ཞིག་གིས་ཀྱང་ཆོས་ལ་གནས་པ་མ་ཡིན་ལ། སྒོམ་པ་ལ་མ་བ རྟེན་པར་ཐོས་པ་དང་བསམ་པའི་སྦྱོར་བ་འབའ་ཞིག་གིས་ཀྱང་ཆོས་ལ་གནས་པ་མ་ཡིན་གྱི། གཉིས་ཀ་ལ་བརྟེན་ཅིང་གཉིས་ཀ་ལ་གནས་ན་ཆོས་ལ་གནས་པ་ཞེས་བྱའོ། །ཞེས་གསུངས་པས། དེའི་ཕྱིར་རང་དང་གཞན་གྱི་དོན་དུ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བ་དག་གིས། དང་པོར་བདེ་བར་གཤེགས་པའི་གསུང་རབ་དང་། དེའི་དགོངས་འགྲེལ་རྣམ་པར་དག་པ་རྣམས་དགེ་བའི་གཤེས་གཉེན་ལ་ལེགས་པར་མཉན་ཏེ་ཚིག་དང་དོན་གྱི་འབྲེལ་བ་མ་ནོར་བར་འཛིན་པའི་ཐོས་པ་ལས་བྱུང་བའི་ཤེས་རབ་བསྐྱེད་པར་བྱའོ། །དེའི་འོག་ཏུ་གཏན་ཚིགས་དང་། དཔེ་ལ་སོགས་པ་ཡང་དག་པའི་རིགས་པ་ལ་བརྟེན་ནས་ཐོས་པའི་དོན་རྣམས་མཐའ་གཞན་དུ་སྲིད་པའི་དགོས་པ་བསལ་ཏེ། ཇི་ལྟ་བ་དང་། ཇི་སྙེད་པའི་དོན་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་རྣམ་པར་འབྱེད་པའི་བསམ་པ་ལས་བྱུང་བའི་ཤེས་རབ་བསྐྱེད་པར་བྱའོ། །དེའི་འོག་ཏུ་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་ལ་བརྟེན་ནས་དམིགས་པ་ལ་སེམས་རྩེ་གཅིག་པའི་ཞི་གནས་དང་། ཡང་དག་པའི་དོན་ཚུལ་བཞིན་དུ་རྣམ་པར་འབྱེད་པའི་ཤེས་རབ་ཡང་དང་ཡང་དུ་ཡིད་ལ་བྱེད་པའི་སྦྱོར་བས། ཞི་གནས་དང་ལྷག་མཐོང་ཟུག་དུ་འབྲེལ་བའི་ལམ་བསྒོམས་ཏེ། གནས་ལུགས་མངོན་དུ་བྱེད་པའི་སྒོམ་བྱུང་གི་ཤེས་རབ་བསྐྱེད་པར་བྱའོ། །དེ་ལ་ཐོས་བྱུང་གི་ཤེས་རབ་ནི་ཆོས་ཅན་ཇི་སྙེད་པ་རྣམ་པར་འབྱེད་པ་ཆོས་མངོན་པའི་བསྟན་བཅོས་རྒྱས་བསྡུས་ཅི་རིགས་པ་དང་། ཆོས་ཉིད་ཇི་ལྟ་བའི་དོན་རྣམ་པར་འབྱེད་པའི་དབུ་མའི་གཞུང་ལུགས་རྒྱས་བསྡུས་ཅི་རིགས་པ་མཉན་པ་དང་། བལྟ་བ་ལ་སོགས་ཀྱིས་བསྐྱེད་པར་བྱའོ། །

དེའི་འོག་ཏུ་བསམ་བྱུང་གི་ཤེས་རབ་ནི་ཇི་སྙེད་པ་རྣམ་པར་འབྱེད་པ་དང་། ཇི་ལྟ་བ་རྣམ་པར་འབྱེད་པ་རྣམ་པ་གཉིས་ཀྱི་སྒོ་ནས་བསྐྱེད་པར་བྱ་སྟེ། དེ་ལ་དང་པོ་ནི་ཆོས་འདི་ཐམས་ཅད་མདོར་བསྡུས་ན་མིག་ལ་སོགས་པ་ནང་གི་ཁམས་དྲུག་དང་། གཟུགས་ལ་སོགས་པ་ཕྱིའི་ཁམས་དྲུག་དང་། མིག་གི་རྣམ་པར་ཤེ ས་པ་ལ་སོགས་པ་རྣམ་པར་ཤེས་པའི་ཁམས་དྲུག་ཏེ། ཁམས་བཅོ་བརྒྱད་པོ་འདི་ཙམ་དུ་ཟད་ཀྱི་འདི་ལས་ལྷག་པ་མེད། ཆད་པ་ཡང་མེད་དོ་ཞེས་མཐའ་གཅིག་ཏུ་ངེས་པར་བྱའོ། །དེ་ལ་མིག་གི་ཁམས་ནི་འབྱུང་བ་བཞིའི་རྒྱུ་ལས་བྱུང་བ། མིག་ཤེས་ཀྱི་རྐྱེན་གཟུགས་ཅན་དང་བའོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་ལུས་ཀྱི་ཁམས་རྣམས་ཀྱང་འབྱུང་བ་བཞིའི་རྒྱུ་ལས་བྱུང་བ། རང་རང་གི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ། གཟུགས་ཅན་དང་བའི་མཚན་ཉིད་ཅན་ནོ། །ཡིད་ཀྱི་ཁམས་ནི་རྣམ་ཤེས་ཚོགས་དྲུག་འདས་མ་ཐག་པའི་ཡིད་ཀྱི་ཤེས་པའི་རྟེན་བྱེད་པའི་མཚན་ཉིད་ཅན་ནོ། །གཟུགས་ཀྱི་ཁམས་ནི་འབྱུང་བ་བཞིའི་རྒྱུ་ལས་བྱུང་བ། མིག་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་སྔོ་སེར་ལ་སོགས་པ་ཁ་དོག་དང་། རིང་ཐུང་ལ་སོགས་པ་དབྱིབས་ཀྱི་བདག་ཉིད་ཅན་ནོ། །དེ་བཞིན་དུ་དྲི་དང་རོ་དག་ཀྱང་འབྱུང་བ་བཞིའི་རྒྱུ་ལས་བྱུང་བ་རང་རང་གི་རྣམ་ཤེས་ཀྱི་སྤྱོད་ཡུལ་དྲི་ཞིམ་པ་དང་། དྲི་ང་བ་དང་། དྲི་མཉམ་པ་དང་། རོ་ཁ་བ་དང་། སྐྱུར་བ་དང་། ཚ་བ་དང་། མངར་བ་དང་། ལན་ཚྭ་དང་། བསྐ་བ་ལ་སོགས་པ་རྣམས་སོ། །རེག་བྱ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་གཉིས་ཀྱི་དང་པོ་ནི། ས་དང་། ཆུ་དང་། མེ་དང་། རླུང་རྣམས་ཏེ། གོ་རིམ་བཞིན་དུ་ལུས་ལ་སྲ་བ་དང་། གཤེར་བ་དང་། དྲོ་བ་དང་། ཡང་ཞིང་གཡོ་བར་སྣང་བའོ། །འབྱུང་འགྱུར་གྱི་རེག་བྱ་ནི། འབྱུང་བའི་རྒྱུ་ལས་བྱུང་བ། ལུས་ཤེས་ལ་འཇམ་པ་དང་། རྩུབ་པ་དང་། ཡང་བ་དང་། ལྕི་བ་ལ་སོགས་སུ་སྣང་བའོ། །ཆོས་ཁམས་ནི། ཡིད་འབའ་ཞིག་གི་སྤྱོད་ཡུལ་དུ་གྱུར་པ་སྟེ། དེ་ལ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ཀྱི་ཕུང་པོ་སྟེ་ཕུང་པོ་གསུམ་དང་། འདུས་མ་བྱས་ཏེ་ཆོས་མང་པོ་གཅིག་ཡོད་པས་དེ་དག་གི་མཚན་ཉིད་དབྱེ་བ་ལ་སོགས་པ་དེ་དག་ནི་ཡི་གེ་མངས་ཀྱི་དོགས་པས་མ་བྲིས་སོ། །མིག་གི་རྣམ་པར་ཤེས་པའི་ཁམས་ནི་མིག་གི་དབང་པོ་ལ་བརྟེན་ནས་གཟུགས་ལ་དམིགས་པའི་རྣམ་པར་རིག་པའོ། །དེ་བཞིན་དུ་རྣ་བའི་རྣམ་པར ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་རྣམས་ཀྱང་གོ་རིམ་བཞིན་དུ། རྣ་བ་དང་། སྣ་དང། ལྕེ་དང་། ལུས་དང་། ཡིད་ཀྱི་དབང་པོ་དག་ལ་བརྟེན་ནས། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་བར་ལ་དམིགས་པའི་རྣམ་པར་རིག་པའི་མཚན་ཉིད་ཅན་དུ་རིག་པར་བྱའོ། །

གཉིས་པ་ཇི་ལྟ་བ་རྣམ་པར་འབྱེད་པ་ནི། གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པ་གཉིས་ཀྱིས་རིག་པར་བྱའོ། །དེ་ལ་དང་པོ་ལ་དགག་བྱ་བདག་གི་ངོ་བོ་ངོས་གཟུང་། དེ་དགོད་པའི་རྒྱུ་མཚན། དེ་འགོག་བྱེད་ཀྱི་རིགས་པ། བདག་མེད་ལ་སེམས་འཇོག་ཚུལ། ཕན་ཡོན་རྣམས་ཀྱིས་ཤེས་པར་བྱའོ། །དང་པོ་ནི། དུད་འགྲོ་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་ལ་རང་འཁྲུངས་སུ་ཡོད་པ་ང་དང་ང་ཡིར་འཛིན་པའི་བདག་འཛིན་འཇིག་ལྟ་ལྷན་སྐྱེས་ཀྱི་ཞེན་ཡུལ་འདི་ཉིད་ཡིན་ལ། འདི་མུ་སྟེགས་པ་རྣམས་ཀྱི་རྟག་ཅིག་རང་དབང་ཅན་དུ་སྒྲོ་བཏགས་པ་ལྟར་ཐ་སྙད་དུ་ཡང་མ་གྲུབ་མོད། ལྷན་སྐྱེས་ཀྱི་བློས་ཞེན་པ་ལྟར་ཐ་སྙད་དུ་ཡང་མེད་པ་མ་ཡིན་ཏེ། ང་དང་ངའི་ཞེས་སོགས་ཀྱི་ཐ་སྙད་སྣ་ཚོགས་འཇིག་རྟེན་ལ་གྲགས་ཤིང་གནོད་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། འདི་ཐ་སྙད་དུ་གྲུབ་ཀྱང་དོན་དམ་པར་མ་གྲུབ་པས་རིགས་པས་དགག་དགོས་ཏེ། འདི་ལ་ང་དང་ང་ཡིར་མངོན་པར་ཞེན་པ་ལ་བརྟེན་ནས་ཆགས་སོགས་ཉོན་མོངས་པ་ཐམས་ཅད་འབྱུང་བ་ཡིན་ཏེ། རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་དང་། འཇུག་པ་ལས། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བ་བློ་ཡིས་མཐོང་གྱུར་ནས། །བདག་ནི་འདིའི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་བཤད་པས་སོ། །

གསུམ་པ་ནི། བདག་འདི་མེད་པར་རིགས་པ་གང་གིས་ཤེས་ཤེ་ན། གལ་ཏེ་ངའི་སྙམ་པའི་རང་འཛིན་གྱི་བདག་འདི་བདེན་པར་གྲུབ་ན། གཟུགས་ལ་སོགས་པའི་ཕུང་པོ་རྣམས་དང་གཅིག་གམ་ཐ་དད། དང་པོ་ལྟར་ན་ནི། ཕུང་པོ་རྣམས་ནི་གཟུགས་དང་ཚོར་བ་ལ་སོགས་པ་དུ་མར་རིགས་པས་གྲུབ་པའི་ཕྱིར་དང་། ངར་འཛིན་གྱི་ཡུལ་གྱི་བདག་ནི་གཅིག་ཉིད་དུ་མྱོང་བས་གྲུབ་པའི་ཕྱིར་མི་རིགས་སོ། །གཞན་ཡང་ཕུང་པོ་རྣམས་ནི་མི་རྟག་པར་རིགས་པས་གྲུབ་ཅིང་། ངར་འཛིན་གྱི་ཡུལ་ནི་སྔ་ཕྱི་གཅིག་ཏུ་མྱོང་བས་གྲུབ་པའི་ཕྱིར་རོ། །ཅི་སྟེ་ཕུང་པོ་དང་ཐ་དད་དུ་གྲུབ་ཅེ་ན། དངོས་པོ་ཐམས་ཅད་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྟེ་ཕུང་པོ་ལྔ་པོ་འདི་ཙམ་དུ་ཟད་ལ། དེ་དག་ལས་ཐ་དད་པའི་བདག་ནི་རེ་ཤིག་མངོན་སུམ་གྱིས་མ་དམིགས་ཏེ། མིག་ལ་སོགས་པའི་དབང་པོའི་ཤེས་པ་རྣམས་ནི། གཟུགས་སོགས་ཕྱིའི་སྐྱེ་མཆེད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་དང་། རང་རིག་པ་ཡང་ཤེས་པའི་ཡུལ་ཅན་ཡིན་པའི་ཕྱིར་བདག་ལ་དམིགས་པར་མི་རིགས་སོ། །ཕུང་པོ་ལས་མ་གཏོགས་པར་བདག་གི་རང་བཞིན་དང་འབྲས་བུ་གང་ཡང་མ་མཐོང་བའི་ཕྱིར་གཏན་ཚིགས་མེད་པས་རྗེས་སུ་དཔག་པས་ཀྱང་མ་གྲུབ་བོ། །གལ་ཏེ་ངའོ་སྙམ་པའི་བློ་འདི་ཉིད་བདག་གི་ཡུལ་ཅན་ཚད་མ་ཡིན་སྙམ་ན། འདི་ནི་མངོན་པར་ཞེན་པའི་བདག་ཉིད་ཀྱི་རྟོགས་པ་ཡིན་པས་མངོན་སུམ་མ་ཡིན་ལ། གཏན་ཚིགས་གང་ལ་ཡང་མ་བརྟེན་པའི་ཕྱིར་རྗེས་དཔག་ཀྱང་མ་ཡིན་མོད། འོན་ཀྱང་ཐོག་མ་མེད་པ་ནས་གོམས་པའི་དབང་གིས་རྒྱུ་མཚན་མེད་པར་ངའོ་སྙམ་དུ་རློམ་པ་ཙམ་དུ་ཟད་དོ། །དཔེར་ན། ཐག་པ་ལ་སྦྲུལ་དུ་འཁྲུལ་པ་བཞིན་ནོ། །བཞི་པ་ནི་ཡང་དག་པའི་ཤེས་རབ་ཀྱིས་རྣམ་པར་དཔྱད་ན་བདག་མ་གྲུབ་པའི་ཕྱིར་ངའོ་སྙམ་པའི་བློ་ནི་ཐག་པ་ལ་སྦྲུལ་དུ་འཁྲུལ་པ་ལྟར་ཟད་དོ་སྙམ་དུ་ཡང་དང་ཡང་དུ་ཡིད་ལ་བྱའོ། །ལྔ་པ་ནི་དེ་ལྟར་བདག་མེད་པའི་དོན་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ཏེ་གོམས་པར་བྱས་པ་ལས། གོམས་པ་རབ་ཀྱི་མཐར་ཕྱིན་པ་ན་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་བདག་དང་བདག་གིར་འཛིན་པ་ལྡོག་ཅིང་རྣམ་པར་གྲོལ་བ་ཐོབ་པར་འགྱུར་ཏེ། ཇི་སྐད་དུ། གང་ཕྱིར་བྱེད་པོ་མེད་ཅན་ལས་མེད་དེ། །དེ་ཕྱིར་བདག་ཉིད་མེད་པར་བདག་གི་མེད། །དེ་ཕྱིར་བདག་དང་བདག་གིས་སྟོང་ལྟ་བའི། །རྣལ་འབྱོར་པ་དེ་མྱུར་དུ་གྲོལ་བར་འགྱུར། །ཅེས་གསུངས་པ་ལྟར་རོ། །

གཉིས་པ་ཆོས་ཀྱི་བདག་མེད་པ་ལ་ཡང་ལྔ་ལས། དང་པོ་དགག་བྱ་བདེན་དངོས་ཀྱི་རང་བཞིན་ངོས་གཟུང་བ་ནི། ཐ་སྙད་ཀྱི་རྗེས་སུ་འབྲང་བའི་ལྷན་སྐྱེས་ཀྱི་བློ་རང་དགའ་བ་འདིས་ཕྱི་ནང་གི་དངོས་པོ་རྣམས་ལ་བདེན་པར་མངོན་པར་ཞེན་པ་གང་ཡིན་པ་ནི། རྟོག་པས་བཏགས་པ་ཙམ་དུ་ཟད་ཀྱི་དངོས་པོ་རྣམས་ཀྱི་རང་ཞིན་དུ་གྲུབ་པ་མ་ཡིན་པས་དེ་ཁོ་ན་ཉིད་སེམས་པའི་ཚེ་རིགས་པས་དགག་པར་བྱ་བ་ཡིན་ནོ། །གཉིས་པ་དེ་དགག་དགོས་པའི་རྒྱུ་མཚན་ནི། དེ་ལྟ་བུའི་མངོན་ཞེན་དེ་ནི་ཉོན་སྒྲིབ་ཀྱི་རྩ་བ་བདག་འཛིན་གྱི་རྒྱུ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་འཁོར་བར་འགྱུར། །ཅེས་གསུངས་ཤིང་། དེ་ཉིད་ཤེས་སྒྲིབ་ཀྱི་ཡང་གཙོ་བོ་ཡིན་ཏེ། རྒྱུད་བླ་མ་ལས། འཁོར་གསུམ་རྣམ་པར་རྟོག་པ་གང ། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་གསུངས་སོ། །དེའི་ཕྱིར་སྒྲིབ་པ་གཉིས་སྤངས་ནས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པ་དག་གིས་སྒྲིབ་ག ཉིས་ཀྱི་རྩ་བ་དངོས་པོ་ལ་མངོན་པར་ཞེན་པ་སྤང་དགོས་ཤིང་། དེ་ཡུལ་བདེན་དངོས་བཀག་པའི་སྒོ་ནས་སྤང་དགོས་ཏེ། རྣམ་འགྲེལ་ལས། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོོང་བར་ནི་ནུས་མ་ཡིན། །ཅེས་གསུངས་པ་ལྟར་རོ། །

གསུམ་པ་བདེན་དངོས་འགོགས་པའི་རིགས་པ་རྒྱས་པར་སྤྲོས་ན་མཐའ་ཡས་ཤིང་། མདོར་བསྡུས་ན་དངོས་པོ་རྣམས་ནི་གཟུགས་དང་། སེམས་གཉིས་སུ་ཟད་ལ། གཟུགས་ཅན་རི་ལ་སོགས་པ་རྣམས་ནི་དང་པོར་འབྱུང་བ་བཞི་དང་། འབྱུང་འགྱུར་བཞི་སྟེ་རྫས་བརྒྱད་དུ་སོ་སོར་དབྱེ་ཞིང་། དེའི་འོག་ཏུ་དེ་དག་རེ་རེ་ལ་རྡུལ་ཕྲ་རབ་ཏུ་བཤིག་པས་རགས་པ་གཅིག་ཏུ་འཛིན་པའི་བློ་ལྡོག་ཅིང་། རྡུལ་ཕྲན་རྣམས་ཀྱང་ཕྱོགས་ཀྱི་ཆར་ཕྱེ་བས་རྡུལ་ཕྲན་གྱི་བློ་ཡང་ལྡོག་ཏེ། དེ་ལྟ་རགས་པ་དང་། རྡུལ་ཕྲན་ལས་མ་གཏོགས་པའི་ཕྱིའི་དོན་ཡང་མེད་པའི་ཕྱིར་རོ། །ཕྱིའི་དོན་བདེན་པ་མེད་པར་ངེས་པ་ཡིན་ནོ། །སེམས་ཀྱང་འདས་མ་འོངས་ད་ལྟ་བ་གསུམ་དུ་དབྱེ་ཞིང་། དེ་ལ་འདས་མ་འོངས་གཉིས་ནི། འགགས་པ་དང་མ་སྐྱེས་པའི་ཕྱིར་བདེན་མེད་དུ་ངེས་སླ་ལ། ད་ལྟར་བ་ཡང་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དྲུག་ཏུ་དབྱེ་ཞིང་། དེ་དག་རེ་རེ་ཡང་སྐྱེ་བའི་དུས་ལས་དུས་གཉིས་པར་མི་བསྡོད་པའི་སྐད་ཅིག་མ་ཉིད་དུ་ཤེས་པར་བྱ་སྟེ། དེ་ལྟར་ན་སེམས་ལ་རིལ་པོ་གཅིག་ཏུ་འཛིན་པའི་བློ་ལྡོག་པར་འགྱུར་རོ། །དེའི་འོག་ཏུ་སྐད་ཅིག་མ་དེ་ཉིད་ལ་ཡང་སྐྱེ་བ་དང་། གནས་པ་དང་། འགག་པའི་ཆ་གསུམ་ཡོད་དམ་མེད། མེད་ན་ནི་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཕྱིར་འདུས་བྱས་སུ་མི་འགྱུར་ལ། ཡོད་ན་ནི་སྐད་ཅིག་མ་གཅིག་ཏུ་འགལ་ཏེ། ཆ་གསུམ་ཡོད་པའི་ཕྱིར་རོ། །དེའི་ཕྱིར་སྐད་ཅིག་མ་ཉིད་ཀྱང་རྡུལ་ཕྲན་བཞིན་དུ་བློས་བཏགས་པ་ཙམ་དུ་ཟད་དོ། །ཞེས་ངེས་པར་བྱ་སྟེ། དེ་ལྟར་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར། སེམས་ཀྱང་བདེན་པ་མེད་སྙམ་དུ་ཡང་དག་པར་ངེས་པར་ཡིན་ནོ། །སེམས་བདེན་པ་མེད་པར་ངེས་པ་ན། དེ་ལ་བརྟེན་པའི་སེམས་བྱུང་དག་ཀྱང་བདེན་པ་མེད་པར་བདེ་བླག་ཏུ་རྟོགས་པར་འགྱུར་ཏེ། དཔེར་ན། རྩིག་པ་མེད་ན་དེ་ལ་བརྟེན་པའི་རི་མོ་མི་འབྱུང་བ་བཞིན་ནོ། །དེ་ལྟར་ཇི་སྐད་བཤད་པའི་རིགས་པས་ཕྱི་དང་ནང་གི་དངོས་པོ་རྣམས་ལ་བདེན་པ་བཀག་པ་ན་ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཕྱོགས་ཀྱི་རྒྱུ་འབྲས་ཀྱི་འབྲེལ་བ་ཇི་ལྟར་རུང་སྙམ་ན། དབུ་མའི་གཞུང་རྣམས་ནས་ཇི་སྐད་བཤད་པའི་ཐལ་རང་གི་རིགས་པ་ཇི་སྙེད་པ་དག་གིས་འཇིག་རྟེན་པ་དང་། གྲུབ་མཐའ་སྨྲ་བ་གཞན་དག་གི་ལྷན་སྐྱེས་དང་། ཀུན་བཏགས་ཀྱི་འཛིན་པས་བདེན་པར་སྒྲོ་བཏག་པ་དག་བཀག་པར་ཟད་ཀྱི། བྱིས་པ་རྣམས་ཀྱི་རྟོག་མེད་ཀྱི་ཤེས་པ་ལ་སྣང་བ་དང་། འཕགས་པ་རྣམས་ཀྱི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ལ་སྣང་བའི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་རྟེན་འབྲེལ་སྒྱུ་མ་ལྟ་བུ་ཀུན་རྫོབ་རྣམས་ལ་ནི་སྐུར་པར་བཏབ་པ་མེད་དེ། དེའི་ཕྱིར་དེ་དག་ཐམས་ཅད་ནི་དངོས་པོའི་དེ་ཁོ་ན་ཉིད་ལ་ཚུལ་བཞིན་རྣམ་པར་སྤྱོད་པ་ལ་མཁས་པའི་དམ་པ་རྣམས་དང་། འཕགས་པ་རྣམས་ཀྱིས་རང་བཞིན་སྟོང་པ་ཉིད་དུ་ངེས་པའི་ཕྱིར། ཡོད་མེད་ཀྱི་མཐའ་གང་དུ་ཡང་མི་ཞེན་ལ། ཀུན་རྫོབ་ཙམ་དུ་ཇི་ལྟར་སྣང་བ་བཞིན་དུ་རྗེས་སུ་མཐུན་པའི་འབྲས་བུ་འབྱུང་བ་མི་བསླུ་བ་ཉིད་དུ་ངེས་པའི་ཕྱིར། འཇིག་རྟེན་དང་བསྟན་བཅོས་ལ་གྲགས་པའི་ཀུན་བྱང་གི་རྟེན་འབྲེལ་དག་ལ་ཡང་སྐུར་པ་འདེབས་པར་མི་བྱེད་དོ། །དེ་བས་ན་མ་འགགས་པའི་སྣང་བ་འདི་ཉིད་ལ་རྒྱུ་འབྲས་མི་བསླུ་བའི་རྟེན་འབྲེལ་དང་ཡོད་མེད་ཀྱི་མཐའ་གང་དུ་ཡ ང་མ་གྲུབ་པའི་སྟོང་ཉིད་གཉིས་བྱས་པ་དང་མི་རྟག་པ་བཞིན་དུ་དབྱེར་མེད་དུ་གནས་པ་ཡིན་ལ། དེ་དག་ངེས་བྱེད་ཀྱི་བློ་གཉིས་ཀྱང་ཕན་ཚུན་རྒྱུ་འབྲས་སུ་འབྲེལ་བ་གཅིག་དགོས་ཏེ། དཔེར་ན་བྱས་པ་ལ་མི་རྟག་པས་ཁྱབ་པ་ངེས་པའི་གང་ཟག་གཅིག་གིས། གཞི་གང་དུ་བྱས་པ་ངེས་པ་དེར་མི་རྟག་པར་ངེས་པའི་བློ་སྐྱེ་བ་ལྟར། དངོས་པོའི་དེ་ཁོ་ན་ཉིད་ལ་རྣམ་པར་དཔྱོད་པ་ལ་བཟོ་བའི་དབུ་མ་པ་རྣམས་ཀྱིས་ཀྱང་། གང་གི་ཚེ་ས་བོན་ལས་མྱུ་གུ་སྐྱེ་བར་ངེས་པ་དེའི་ཚེ། ས་བོན་དང་མྱུ་གུ་གཉིས་ག་ཡང་རང་བཞིན་གྱིས་སྟོང་པར་ངེ ས་པར་འདྲེན་པ་ཡིན་ཏེ། བདེན་པའི་དངོས་པོ་ནི་གཞན་ལ་རག་མ་ལས་པ་རྒྱུ་འབྲས་མི་རུང་བར་ངེས་པའི་ཕྱིར་རོ། །དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་མཐར་འཛིན་གྱི་ལྟ་བ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་ཕྱིན་ཅི་མ་ལོག་པར་སྟོན་པ་ཉིད་ཀྱིས་བཅོམ་ལྡན་འདས་སྟོན་པ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ལྟར་ན་ཡང་རང་གི་སྡེ་པ་དངོས་པོར་སྨྲ་བ་དག་རྟེན་ཅིང་འབྲེལ་བར་འབྱུང་བ་ཁས་ལེན་དུ་ཟིན་ཀྱང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་དངོས་པོ་ཁོ་ན་ལ་རྒྱུ་དང་འབྲས་བུར་རྣམ་པར་འཇོག་ཅིང་། རྟེན་འབྲེལ་སྟོང་པ་ཉིད་དུ་སྨྲ་བའི་དབུ་མ་པ་ལ་ཆད་པར་སྨྲ་བ་ཉིད་ཅེས་རྒོལ་བར་བྱེད་མོད། དེ་དག་གིས་ནི་བསྟན་པའི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་རྟོགས་པ་མ་ཡིན་ཏེ། སྟོན་པའི་གསུང་གིས་གཅེས་པའི་མཛོད་རྟེན་འབྲེལ་གྱི་དེ་ཁོ་ན་ཉིད་ཤེས་པ་ལས་ཉམས་པའི་ཕྱིར་རོ། །གང་དག་རྟེན་འབྲེལ་བློའི་སྣང་ཚུལ་ལ་མ་ལྟོས་པའི་རྫས་གྲུབ་དུ་བསམས་ནས། དེ་ཉིད་དོན་དམ་པར་རིགས་པས་བཤིག་ནས་སྟོང་པ་ཉིད་དུ་སྨྲ་བའི་དབུ་མ་པར་རློམ་པ་དག་ཀྱང་རྟག་ཆད་ཀྱི་ལྟ་བ་ངན་པའི་གཡང་ས་ཆེན་པོར་ལྷུང་བའི་ཕྱིར། དབུ་མའི་ལམ་ལས་ཆེས་རིང་དུ་སོང་བ་ཡིན་ནོ། །ཡང་དོན་དམ་བརྗོད་བྲལ་ནམ་མཁའ་ལྟ་བུར་བརྟེན་པའི་དབུ་མའི་གཞུང་གི་ཚིག་ཅི་ཙམ་གོ་ཡུལ་དུ་བྱས་ནས། ཀུན་ནས་ཉོན་མོངས་པ་དང་། རྣམ་བྱང་གི་རྟེན་འབྲེལ་སྒྱུ་མ་ལྟ་བུ་ལ་མི་བསླུ་བའི་ངེས་པ་མ་ཐོབ་པར་སྟོང་སྐད་ཆེན་པོ་སྨྲ་བ་དག་ཀྱང་ཡང་དག་པའི་མཐའི་གཡང་ས་ཆེན་པོར་ལྷུང་བ་ཡིན་པས་དབུ་མ་པ་ལྟར་སྣང་བ་ཡིན་ནོ། །དེའི་ཕྱིར་ཇི་སྐད་བཤད་པའི་ཚུལ་གྱིས་སྣང་བའི་སྟེང་དུ་རྟེན་འབྲེལ་གྱིས་སྟོ ང་པ་ལ་ངེས་པ་འདྲེན། སྟོང་པས་རྟེན་འབྲེལ་ལ་ངེས་པ་འདྲེན་པའི་སྒོ་ནས་རྟེན་འབྲེལ་དང་སྟོང་པ་ཟུང་དུ་འཇུག་པར་རྟོགས་པ་ནི། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་བསྟན་པའི་སྙིང་པོ་མཐའ་བྲལ་དབུ་མའི་ལམ་ཡང་དག་པ་ལ་ཞུགས་པ་ཡིན་ཏེ། ཇི་སྐད་དུ། དབུ་མ་སྙིང་པོ་ལས། ཁ་ཅིག་ཕུང་པོའི་ལྗོན་ཤིང་ཆགས། །གཞན་དག་རྣམ་ཤེས་བརྒྱ་ལ་ཐོགས། །ཡང་དག་མཐའི་གཡང་སར་ཡང ། །མ་ལྷུང་རྒྱལ་བའི་ཐུགས་སྲས་རོལ། །ཅེས་གསུངས་པ་ལྟར་རོ། །

བཞི་པ་བདག་མེད་ཀྱི་དོན་དེ་ཉིད་ལ་སེམས་འཇོག་པའི་ཚུལ་ནི། ཇི་སྐད་བཤད་པའི་གཅིག་དང་དུ་བྲལ་ལ་སོགས་པའི་རིགས་པ་ལ་བརྟེན་ནས་ཕྱི་ནང་གི་དངོས་པོ་བདེན་མེད་དུ་རྟོགས་པའི་བློ་དེ་ཡང ། དངོས་འཛིན་གྱི་སྒྲོ་འདོགས་སེལ་བ་ལ་ཉེ་བར་མཁོ་བའི་ཕྱིར་དང་། ཡང་དག་པའི་ལམ་ལ་འཇུག་པ་ལ་ཉེ་བར་མཁོ་བའི་ཕྱིར། ཡང་དག་པའི་ལམ་ལ་འཇུག་པར་འདོད་པའི་མཁས་པ་རྣམས་ཀྱིས་དང་པོ་ཁོ་ནར་བླང་བར་བྱ་བ་ཁོ་ན་ཡིན་ཏེ། དབུ་མ་སྙིང་པོར། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་པ་ཡི། །སྟེང་དུ་འཛེག་པར་བྱ་བ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་གང་དག་གཅིག་དང་དུ་བྲལ་ལ་སོགས་པའི་རིགས་པས་རྣམ་པར་དཔྱད་པའི་སྟོང་ཉིད་ནི་ཆད་པའི་སྟོང་ཉིད་ཡིན་པའི་ཕྱིར་དེ་བསྒོམ་པས་ཡང་དག་པའི་ཡེ་ཤེས་མི་སྐྱེ་ཡི། ཅི་ཡང་ཡིད་ལ་མི་བྱེད་པར་མི་རྟོག་པ་བསྒོམས་པས་རྣམ་ཀུན་མཆོག་ལྡན་ཀྱི་སྟོང་པ་ཉིད་མངོན་དུ་བྱེད་པའི་ཡང་དག་པའི་ཡེ་ཤེས་སྐྱེ་བོ་ཞེས་སྨྲ་བ་དང་། ཡང་དེ་ལྟར་བསྒོམ ས་པས་ཤེས་པ་གསལ་སྟོང་འཛིན་མེད་ཀྱི་ངོ་བོར་སྐྱེས་པ་ནི་ཡང་དག་པའི་ཡེ་ཤེས་ཡིན་ནོ་ཞེས་ཟེར་བ་དག་གིས་ནི་རྒྱ་ནག་ཧ་ཤང་གི་ལུགས་མ་ནོར་བར་གཟུང་བ་ཡིན་ཏེ། སྒྲིབ་གཉིས་གྱིི་གཉེན་པོ་རྣམ་པར་མི་རྟོག་པའི་ཐུན་མོང་མ་ཡིན་པའི་རྒྱུ་སོ་སོར་རྟོག་པའི་ཤེས་རབ་རྒྱང་རིང་དུ་སྤངས་པའི་ཕྱིར་རོ། །ཡང་སྔོན་གྱི་མཁས་པ་དག་སྣང་བ་བདེན་མེད་དུ་འཇལ་བའི་རིགས་ཤེས་རྗེས་དཔག་དེ་ཉིད་ཀྱི་རྒྱུན་གོམས་པར་བྱས་པས་ཡང་དག་པའི་ཡེ་ཤེས་སྐྱེའོ་ཞེས་སྨྲ་བ་ཡང་འཐད་པར་མ་མཐོང་སྟེ། ཡང་དག་པའི་ཡེ་ཤེས་ནི་མཐར་འཛིན་གྱི་ལྟ་བ་ཐམས་ཅད་དྲུངས་འབྱིན་བྱེད་ཀྱི་གཉེན་པོ་ཡིན་པའི་ཕྱིར། ཡོད་མེད་མཐའ་འཛིན་གྱི་རྟོག་པ་ཐམས་ཅད་དང་བྲལ་ཞིང་མཐའ་གང་དུ་ཡང་མི་ཞེན་ལ། མཐའ་བྲལ་གྱི་དོན་ལ་ངེ ས་པ་གཏིང་ཚུགས་པའི་ཚུལ་གྱིས་རྙེད་པའི་ཤེས་རབ་ཀྱི་རྒྱུན་གོམས་པར་བྱས་པ་ལས། གོམས་པ་རབ་ཀྱི་མཐར་ཕྱིན་པ་ན་ཡང་དག་པའི་ཡེ་ཤེས་སྐྱེ་བ་ཡིན་ཏེ། རྒྱུ་དང་རྗེས་སུ་མཐུན་པའི་འབྲས་བུ་འབྱུང་བའི་ཕྱིར་དང་། བདེན་མེད་དུ་འཇོག་པའི་རིགས་ཤེས་ནི། དངོས་འཛིན་གྱི་གཉེན་པོ་ཡིན་ཡང་། དགག་པའི་རྣམ་པ་ཅན་གྱི་མཐའ་ལ་མངོན་པར་ཞེན་པའི་ཕྱིར་ཡང་དག་པའི་ཡེ་ཤེས་ཀྱི་རྒྱུར་རུང་བ་མ་ཡིན་ནོ། །དེའི་ཕྱིར་འཕགས་པས། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་དུ་མེད་པར་གསུངས། །ཞེས་བདེན་དངོས་བཀག་པའི་སྟོང་ཉིད་དུ་མངོན་པར་ཞེན་པ་ཡང་མཐར་ཐུག་སེམས་དཔའི་ཚེ་སྤང་བྱར་གསུངས་སོ། །དེ་བས་ན་བདེན་མེད་འཇལ་བའི་རིགས་ཤེས་སྐྱེས་པ་ན། དབང་པོ་རྣོན་པོ་དག་ལ་ནི་དགག་བྱ་བདེན་དངོས་མེད་པས་དེ་བཀག་པའི་བདེན་མེད་ཀྱང་དོན་ལ་མེད་པར་ཤེས་ནས་བདེན་མེད་དུ་ཞེན་པ་ཡང་ལྡོག་ཅིང་། དབང་རྟུལ་ཁ་ཅིག་ལ་རིགས་ཤེས་ཀྱི་སྟོབས་ཀྱིས་དྲངས་པའི་བདེན་མེད་དུ་དོན་ལ་གནས་སྙམ་པའི་ཞེན་པ་སྐྱེས་ན་བདེན་མེད་ཉིད་དུ་ཡང་དོན་ལ་མེད་དེ། དགག་བྱ་བདེན་པ་མེད་པའི་ཕྱིར། དཔེར་ན་རི་བོང་གི་རྭ་ལ་བཅད་དུ་མེད་པ་བཞིན། ཅེས་པས་ཞེན་པ་དེ་ལྡོག་ཅིང་། དེ་ལྟར་ན་སྣང་བ་འདི་གནས་ལུགས་ཡོད་མེད་ཀྱི་མཐའ་གང་དུ་ཡང་ཞེན་རུང་མ་ཡིན་པའི་མཐའ་བྲལ་དུ་རིགས་པའི་སྟོབས་ཀྱིས། ངེས་པ་གཏིང་ཚུགས་པའི་ཚུལ་གྱིས་རྙེད་པའི་ཤེས་རབ་འབད་མེད་དུ་སྐྱེ་བར་འགྱུར་ལ། ཤེས་རབ་དེ་ཉིད་རྩེ་གཅིག་པའི་ཞི་གནས་ལ་བརྟེན་ནས་བསྒོམ་པར་བྱེད་པ་ནི། ཡང་དག་པའི་རྣལ་འབྱོར་བླ་ན་མེད་པ་ཡིན་ནོ། །ཇི་སྐད་བཤད་པའི་རྣལ་འབྱོར་སྒོམ་པའི་ཚུལ་འདི་ལ་ནི། དབུ་མ་ཐལ་རང་གི་ཤིང་རྟ་ཆེན་པོ་ཀུན་དགོངས་པ་མི་མཐུན་པ་མེད་པར་ཤེས་པར་བྱའོ། །

ལྔ་པ་དེ་ལྟ་བུའི་རྣལ་འབྱོར་བསྒོམས་པའི་ཕན་ཡོན་ནི། གོམས་པ་རབ་ཀྱི་མཐར་ཕྱིན་པ་ན། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མཐའ་དག་སྤོང་བར་འགྱུར་ཏེ། སྒྲིབ་པ་གཉིས་ཀྱི་རྩ་བ་དངོས་པོར་མངོན་པར་ཞེན་པ་མཐའ་དག་སྤོང་བའི་ཕྱིར་རོ། །དེ་སྐད་དུ་ཡང་། དབུ་མ་རྒྱན་དུ། ཆོས་ལ་བདག་མེད་མཁས་པ་ཡིས། །རང་བཞིན་མེད་པར་གོམས་བྱས་ན། །ཕྱིན་ཅི་ལོགས་ལས་བྱུང་བ་ཡི། །ཉོན་མོངས་སྒྲིབ་པ་མེད་པར་སྤོང་། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ཐོས་བསམ་གྱི་ཤེས་རབ་ཀྱིས་གཏན་ལ་ཕབས་པའི་དོན་དེ་ཉིད་མངོན་དུ་བྱ་བའི་ཕྱིར། ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་སྒོམ་པའི་སྒོ་ནས་སྒོམ་བྱུང་གི་ཤེས་རབ་བསྐྱེད་པར་བྱ་བ་ནི་བླ་མའི་མན་ངག་ལས་ཤེས་པར་བྱ་བ་ཡིན་པས་འདིར་མ་བྲིས་སོ། །བདག་མེད་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཉམས་སུ་བླང་བའི་རིམ་པ་འདི་ནི་འདོད་འདུན་ཅན་གྱི་སློབ་མ་དག་གིས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་རྭ་སྒྲེེང་རྒྱལ་བའི་དབེན་གནས་སུ་སྦྱར་བའོ།། །།


previousདབུ་མའི་ལྟ་ཁྲིད་བསྡུས་པ།next