Nitartha Digital Library
Tibetan
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།

1 occurrence of བསམ་གཏན་བཞི་པའི་གནས་བརྒྱད་
[Clear Hits]


collapse section
  
  
  
  
  
  
 expand section
  
  
  
  
collapse section
  
 
  
  
  
  
ལྟ་ཁྲིད་འབྲིང་པོའང་ཟེར།
  


1 occurrence of བསམ་གཏན་བཞི་པའི་གནས་བརྒྱད་
[Clear Hits]

 
previousལྟ་ཁྲིད་འབྲིང་པོའང་ཟེར།next

ལྟ་ཁྲིད་འབྲིང་པོའང་ཟེར།

བྱང་ཆུབ་ཀྱི་སེམས་གཉིས་སྒོམ་པའི་མན་ངག་དང་པོར་མཛད་པ་བཞུགས་སོ། །

༼ལྟ་ཁྲིད་འབྲིང་པོའང་ཟེར།༽

ཕྱོགས་བཅུར་བཞུགས་པའི་རྒྱལ་བ་དང་། །དེ་སྲས་རྣམས་ལ་ཕྱག་འཚལ་ནས། །ཀླུ་སྒྲུབ་གཞུང་གི་རྗེས་འབྲངས་ནས། །བྱང་ཆུབ་སེམས་ཀྱི་མན་ངག་འབྲི། །འདིར་གང་དག་མོས་དགེ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཞེ་ཐག་པ་ནས་ཐོབ་པ་དོན་དུ་གཉེར་བ་རྣམས་ཀྱིས། དེའི་རྒྱུ་དང་རྐྱེན་ཕྱིན་ཅི་མ་ལོག་པ་དང་། མ་ཚང་བ་མེད་པ་ལ་བསླབ་པར་བྱ་སྟེ། རྒྱུ་ཕྱིན་ཅི་ལོག་པ་དང་། ཁ་ཡར་བ་ལ་ནི་མངོན་པར་འདོད་པའི་འབྲས་བུ་འབྱིན་པའི་ནུས་པ་མེད་པའི་ཕྱིར་རོ། །མངོན་པར་འདོད་པའི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་དེའི་རྒྱུ་དང་རྐྱེན་དེ་ཡང་གང་ཞེ་ན་ཇི་སྐད་དུ། གསང་བ་བའི་བདག་པོ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ། །ཞེས་སོགས་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དེ་དང་དེ་ནས་རྒྱས་པར་གསུངས་པ་རྣམས་འཕགས་པ་ཀླུ་སྒྲུབ་ཀྱིས་མདོར་བསྡུས་ཏེ། རིན་པོ་ཆེའི་ཕྲེང་བར། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐས་བཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་རྟོན་ཡེ་ཤེས་ལགས། །ཞེས་གསུངས་ཤིང་། དེ་དང་མཐུན་པར་དབུ་མ་ལ་འཇུག་པ་ལས་ཀྱང་། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་གསུངས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས་དེ་གཉིས་ཀའི་རྩ་བ་སྙིང་རྗེ་ཆེན་པོ་དང་གསུམ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་དང་རྐྱེན་མ་ནོར་བ་དང་མ་ཚང་བ་མེད་པ་ཡིན་ནོ། །དེའི་ཕྱིར་ཐེག་པ་མཆོག་ལ་གཞོལ་བའི་རྣལ་འབྱོར་པ་རྣམ་མཁྱེན་གྱི་ཡེ་ཤེས་དོན་དུ་གཉེར་བ་རྣམས་ཀྱིས་ཆོས་གསུམ་པོ་འདི་དག་ཉིད་ལ་འབད་པས་བསླབ་པར་བྱའོ། །དེ་ལ་ཐོག་མར་སྙིང་རྗེ་ཆེན་པོ་བསྒོམ་པར་བྱ་སྟེ། དེ་ཉིད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་དང་། ཐོག་མ་དང་། བར་དང་། ཐ་མ་གསུམ་དུ། བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་མ་སྐྱེས་པ་བསྐྱེད་པར་བྱེད་པ་དང་། སྐྱེས་ཟིན་མི་ཉམས་ཤིང་འཕེལ་བར་བྱེད་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་གྲུབ་པ་ཡུན་རིང་དུ་གདུལ་བྱའི་ཉེ་བར་སྤྱོད་པའི་གཞིར་གྱུར་པའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་ཡང་འདི་ལྟར་སྙིང་རྗེ་ཅན་ནི་སྡུག་བསྔལ་གྱིས་ཉེན་པའི་འགྲོ་བ་མཐའ་དག་སྡུག་བསྔལ་ཐམས་ཅད་དང་བྲལ་བའི་ཐར་པ་བླ་ན་མེད་པའི་གོ་འཕང་ལ་དགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་ཅིང་། དེའི་ཐབས་ལ་འཇུག་པར་འགྱུར་རོ། །སེམས་བསྐྱེད་པ་དེ་ཉིད་སྙིང་རྗེའི་ཆུས་ཡང་དང་ཡང་དུ་བཅུས་པ་ལ་བརྟེན་ནས་བར་མ་དོར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་མི་ལྷུང་བར་འབྲས་བུ་ཕུན་སུམ་ཚོགས་པ་རྣམ་མཁྱེན་གྱི་ཡེ་ཤེས་བསྐྱེད་པར་བྱའོ། །འབྲས་བུ་ཕུན་སུམ་ཚོགས་པ་དེ་ཉིད་སྙིང་རྗེ་ཡུན་རིང་དུ་གོམས་པར་བྱས་པས་སྨིན་པའི་མཐུས་འཁོར་བ་ཇི་སྲིད་པར་གདུལ་བྱའི་བསམ་པ་དང་མཐུན་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་ཕྲིན་ལས་འཇུག་པས། ཐེག་པ་གསུམ་གྱི་འཕགས་པའི་ཚོགས་གཅིག་ནས་གཅིག་ཏུ་རྒྱུད་པ་རྒྱུན་མི་ཆད་པར་བྱེད་དོ། །དེ་བས་ན་ཇི་ལྟར་ཕྱི་རོལ་གྱི་འབྲས་བུ་ལ་སོགས་པ་ཐོག་མར་མྱུ་གུ་མ་སྐྱེས་པ་སྐྱེས་པ་དང་། བར་དུ་སྐྱེས་ཟིན་གྱི་སྡོང་བུ་དང་ལོ་མ་ལ་སོགས་པ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་འགྱུར་བ་དང་། མཐར་གྲུབ་ཟིན་པའི་འབྲས་བུ་ས་བོན་གྱི་རྒྱུད་པ་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཡུན་རིང་དུ་གནས་པ་དང་། སྐྱེ་བོ་རྣམས་ཀྱི་ལོངས་སྤྱོད་ཀྱི་གཞིར་འགྱུར་བ་ལ། གོ་རིམ་བཞིན་དུ་ས་བོན་དང་། ཆུ་དང་། རྣམ་པར་སྨིན་པའི་རྣམ་པ་གཙོ་བོ་དང་འདྲ་བར་སྙིང་རྗེ་ཆེན་པོ་འདི་ཡང་། སངས་རྒྱས་ཀྱི་ལོ་ཐོག་ཕུན་སུམ་ཚོགས་པ་འདིའི་ཐོག་མཐའ་བར་གསུམ་གྱི་རྒྱུའི་གཙོ་བོར་གྱུར་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར། ཆོས་ཡང་དག་པར་བསྡུད་པའི་མདོ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་རབ་ཏུ་མང་པོ་ལ་བསློབ་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་གཅིག་རབ་ཏུ་རྟོགས་པར་བགྱིས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་དུ་མཆིས་སོ། །ཆོས་གཅིག་པོ་གང་ཞེ་ན། སྙིང་རྗེ་ཆེན་པོའོ། །ཞེས་གསུངས་ཤིང་། དབུ་མ་འཇུག་པར་ཡང་། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཐོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོང་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེའི་ཕྱིར་དེ་ན་ཐོག་མར་སྙིང་རྗེར་བསྟོད་པར་གྱིས། །ཞེས་གང་གསུངས་པ་ཡིན་ནོ། །

སྙིང་རྗེ་དེ་ཡང་དམིགས་པ་དང་རྣམ་པའི་བྱེ་བྲག་གིས་གསུམ་ཏུ་འགྱུར་ཏེ། འདི་ལྟར། སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའི་སྙིང་རྗེའོ། །དང་པོ་ནི་དམིགས་ཡུལ་སེམས་ཅན་ནམ་གང་ཟག་རྫས་ཡོད་ལ་དམིགས་ནས། དེ་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་ནོ། །གཉིས་པ་ནི། ཕུང་པོ་ཆོས་ཙམ་ལ་དམིགས་ནས་སོ། །གསུམ་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་ལྟ་བུ་ལ་དམིགས་ནས་སོ། །དེ་དག་ཀྱང་གོ་རིམ་བཞིན་དུ། སོ་སོ་སྐྱེ་བོ་དང་ཉན་རང་འཕགས་པ་དང་། ཐེག་ཆེན་འཕགས་པ་རྣམས་ལ་ཡོད་ཅེས་ཁ་ཅིག་འདོད་དེ། འདིར་ཐེག་པ་གསུམ་ཀའི་འཕགས་པ་ལ་ཕྱི་མ་གཉིས་ཡོད་ཅིང་། དེ་ཡང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་ཚུལ་དུ་ཡོད་དེ། དམིགས་ཡུལ་རང་བཞིན་མེད་པའི་ཆ་ནས་དམིགས་པ་མེད་པ་དང་། ཐ་སྙད་དུ་རྣམ་པར་འགྱུར་ཞིང་མི་བརྟན་པའི ཆ་ནས་ཆོས་ལ་དམིགས་པར་འཇོག་པའི་ཕྱིར་རོ། །དེ་ལ་རེ་ཤིག་སེམས་ཅན་ལ་དམིགས་པའི་སྙིང་རྗེ་སྒོམ་པར་བྱའོ། །དེ་ཡང་དབུ་མ་འཇུག་པར། དང་པོར་ང་ཞེས་བདག་ལ་མངོན་ཞེན་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་ནས། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །ཅེས་གསུངས་པ་ལྟར། སེམས་ཅན་གྱི་ཁམས་ལ། འདི་ལྟར་བལྟ་བར་བྱ་སྟེ། འཇིག་རྟེན་འདི་དག་ནི་ཐོག་མ་ཉིད་དུ་ཕུང་པོ་ལ་ཡོད་པ་མ་ཡིན་པའི་བདག་ཏུ་མངོན་པར་ཞེན་པར་བྱེད་དོ། །དེའི་འོག་ཏུ་ང་བདག་ཏུ་གཟུང་བྱ་མ་ཡིན་པ་རྣམས་ལ་བདག་གིར་འཛིན་པར་བྱེད་དོ། །བདག་དང་བདག་གིར་གཟུང་བ་ལས་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་རྣམས་འབྱུང་ཞིང་། དེ་ལས་ཀྱང་ལས་སོགས་པར་འགྱུར་ལ། ལས་དང་ཉོན་མོངས་པའི་དབང་གིས་འཁོར་བའི་སྐྱེ་གནས་སྣ་ཚོགས་སུ་སྐྱེས་ནས། སྐྱེ་བ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར་ཏེ། དེ་ལྟར་ན་འཇིག་རྟེན་འདི་ནི་ལས་དང་ཉོན་མོངས་པའི་ཐག་པས་དམ་དུ་བསྡམས་པ། རྣམ་པར་ཤེས་པའི་འཕྲུལ་འཁོར་མཁན་གྱིས་བསྐྱོད་ཏེ་འཇུག་པ། ཁམས་གསུམ་གྱི་ཁྲོན་པ་ཆེན་པོའི་སྲིད་པའི་རྩེ་མོ་ནས་མནར་མེད་པ་ལ་ཐུག་གི་བར་དུ་ཟབ་པའི་ནང་དུ་ཐོག་མ་མེད་པ་ནས་འཕྱན་པ། ངན་སོང་གསུམ་གྱི་ཐུར་དུ་འབད་པ་མེད་པར་རང་གི་ངང་གིས་འཇུག་ཅིང་མཐོ་རིས་ཀྱི་གྱེན་དུ་འབད་པས་དྲང་བར་བྱ་བ། མ་རིག་པ་ལ་སོགས་པའི་ཀུན་ནས་ཉོན་མོངས་པས་ཀུན་ནས་ཉོན་མོངས་པ་དང་། འདུ་བྱེད་ལ་སོགས་པའི་ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། མིང་གཟུགས་ལ་སོགས་པ་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་གནས་སྐབས་གསུམ་ཡོད་ཀྱང་འགལ་མེའི་འཁོར་ལོ་བཞིན་དུ། ཐོག་མ་དང་། བར་དང་། ཐ་མ་ངོས་མི་ཟིན་པ། ཉིན་རེ་བཞིན་དུ་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་གྱིས་གཅོག་པར་འགྱུར་པའི་ཕྱིར། ཟོ་ཆུན་གྱི་རྒྱུད་ལ་འཕྱན་པའི་གནས་སྐབས་དང་འདྲ་བ་ཞིག་ཏེ། ཀྱེ་མ་འདི་ཐམས་ཅད་ནི་བདག་ལ་ཐོག་མ་མེད་པ་ནས་ཕན་གཏགས་པའི་ཕ་མ་ཤ་སྟག་ཡིན་ན། འདི་དག་འདི་ལྟ་བུའི་གནས་སྐབས་ལས་ཐར་ན་ཅི་མ་རུང་སྙམ་དུ་ཡང་དང་ཡང་དུ་ཡིད་ལ་བྱ་སྟེ། ཇི་སྲིད་སེམས་རྒྱུད་དེའི་ངང་དུ་མ་གྱུར་གྱི་བར་དུའོ། །དེའི་འོག་ཏུ་དེ་ལས་བོགས་དབྱུང་བའི་ཕྱིར་ཆོས་ལ་དམིགས་པའི་སྙིང་རྗེ་སྒོམ་པར་བྱའོ། །ཐོག་མར་རང་གི་ཕུང་པོ་ལ་འདི་ལྟར་བརྟག་སྟེ། ཅི་ཕུང་པོ་ཉིད་ལ་བདག་ཅེས་བྱ་བ་འགའ་ཞིག་ཡོད་དམ་འོན་ཏེ་མེད། ཡོད་ན་ཕུང་པོ་དང་གཅིག་གམ་འོན་ཏེ་ཐ་དད། དང་པོ་ལྟར་ན་ཕུང་པོ་རྣམས་མང་བའི་ཕྱིར། བདག་ཀྱང་མང་པོ་དང་མི་རྟག་པ་ཉིད་དུ་འགྱུར་ན། དེ་ལྟར་ཡང་རུང་བ་མ་ཡིན་ནོ། །ཅི་སྟེ་ཐ་དད་པར་ཡོད་ན་གཟུགས་ལས་རྣམ་ཤེས་བཞིན་དུ་ཕུང་པོ་ལས་ཐ་དད་པར་བདག་ཏུ་དམིགས་པར་འགྱུར་ན་དེ་ལྟར་ཡང་མ་དམིགས་སོ། །དེའི་ཕྱིར་ཕུང་པོ་འདི་ལ་བདག་ཅེས་བྱ་བ་ཅུང་ཟད་ཀྱང་མེད་ཀྱི། རྣམ་པར་རྟོག་པས་བདག་ཏུ་སྒྲོ་བཏགས་པ་ཙམ་དུ་ཟད་དོ། །བདག་ཅི་འདྲ་བར་སེམས་ཅན་འདི་རྣམས་ཀུན་ཀྱང་དེ་དང་འདྲ་ན། བདག་མེད་པའི་ཕུང་པོ་ལ་བདག་དང་བདག་གིར་བཟུང་ནས་ཐོག་མ་མེད་པ་ནས་འཁོར་བའི་སྡུག་བསྔལ་དྲག་པོ་མི་ཟད་པ་མྱོང་བར་གྱུར་ཏེ། ཞེས་ངེས་པར་བྱས་ནས། ཀྱེ་མ་བདག་གིས་ཐོག་མ་མེད་པའི་ཕ་མ་དྲིན་ཅན་འདི་དག་བདག་དང་བདག་གིར་འཛིན་པའི་འཆིང་བ་དམ་པོ་འདི་ལྟ་བུ་ལས་གྲོལ་ན་ཅི་མ་རུང་སྙམ་དུ་ཡང་དང་ཡང་དུ་ཡིད་ལ་བྱ་སྟེ། ཇི་སྲིད་ཡིད་དེའི་སྐལ་བ་དང་ལྡན་པར་འགྱུར་གྱི་བར་དུའོ། །དེའི་འོག་ཏུ་དེ་ལས་བོགས་དབྱུང་བའི་ཕྱིར་དམིགས་པ་མེད་པའི་སྙིང་རྗེ་བསྒོམ་པར་བྱའོ། །ཐོག་མར་འདི་ལྟར་རང་གི་ཕུང་པོ་ལ་བརྟག་པར་བྱ་སྟེ། བདག་མེད་པའི་ཕུང་པོ་འདི་ཉིད་རང་བཞིན་དང་བཅས་པ་ཞིག་གམ་འོན་ཏེ་རང་བཞིན་མེད་པ་ཞིག དང་པོ་ལྟར་ན་ཕུང་པོ་འདི་དག་སྐྱེ་བ་དང་འཇིགས་པ་ལ་སོགས་པའི་རྣམ་པ་གཞན་དང་གཞན་དུ་འགྱུར་བ་མི་འཐད་དེ། རང་བཞིན་དང་བཅས་པའི་ཕྱིར་དང་། རང་བཞིན་ལ་ལྡོག་པ་མེད་པའི་ཕྱིར་རོ། །

དེ་བས་ན་ཕུང་པོ་འདི་དག་ནི་ཆུ་ནང་གི་ཟླ་བའི་གཟུགས་བརྙན་བཞིན་དུ་དཔྱད་ནས་རང་བཞིན་མེད་ཀྱང་ཐ་སྙད་དུ་སྐྱེ་བ་དང་འཆི་བ་ལ་སོགས་པ་སྣང་བ་ཞིག་ཏེ། སྔོན་ཆད་བདག་གིས་ཆོས་ཉིད་འདི་ལྟ་བུ་མ་རྟོགས་པས་འཁོར་བའི་སྡུག་བསྔལ་མྱོང་ཞིང་། བདག་ཅི་འདྲ་བར་སེམས་ཅན་འདི་དག་ཀྱང་དེ་འདྲ་བ་སྟེ། ཀྱེ་མ་མར་གྱུར་པའི་སེམས་ཅན་འདི་དག་གིས་ཆོས་ཉིད་འདི་ལྟ་བུ་ཁོང་དུ་ཆུད་དེ། དངོས་པོར་མངོན་པར་ཞེན་པའི་འཆིང་བ་འདི་དག་ལས་གྲོལ་ན་ཅི་མ་རུང་སྙམ་དུ་ཡིད་ལ་བྱའོ། །དེ་ལྟར་སྙིང་རྗེ་བསྒོམས་པས་སེམས་རྒྱུད་དེའི་བདག་ཉིད་དུ་འགྱུར་བ་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བས་དེའི་འོག་ཏུ་བླ་མ་མཚན་ཉིད་དང་ལྡན་པ་ལ་གསོལ་བ་གདབ་སྟེ། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་བླངས་བར་བྱའོ། །

དེ་ལྟར་བདག་གིས་འགྲོ་བ་མཐའ་དག་བསྒྲལ་བར་བྱའོ། །ཞེས་སེམས་བསྐྱེད་ཅིང་དམ་བཅས་པ་འདི་ཡང་། གཉིས་སུ་མེད་པའི་ཡེ་ཤེས་དང་བྲལ་བས་མི་འགྲུབ་པས་དེའི་ཕྱིར་དེའི་འོག་ཏུ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་ཅན་གྱི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་འབད་པར་བྱའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཡང་ཞི་གནས་དང་བྲལ་བ་ལ་འབྱུང་བ་མ་ཡིན་ཏེ། ཞི་གནས་དང་བྲལ་བའི་ལྷག་མཐོང་ནི། མར་མེ་རླུང་གྱིས་བསྐྱོད་པ་ལྟར་རྣམ་པར་རྟོག་པའི་རླུང་གིས་བསྐྱོད་པས་མི་བརྟན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་རྣལ་འབྱོར་པས་ཐོག་མར་ཞི་གནས་སྒོམས་པར་བྱའོ། །དེ་ཡང་རྒྱུ་དང་རྐྱེན་ཚོགས་པ་ལས་འབྱུང་བས། དེའི་ཕྱིར་རྣལ་འབྱོར་པས་ཞི་གནས་ཀྱི་ཚོགས་ལ་བརྟེན་པར་བྱའོ། །དེ་ལ་ཞི་གནས་ཀྱི་ཚོགས་གང་ཞེ་ན། མཐུན་པའི་ཡུལ་ན་གནས་པ་དང་། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། བྱ་བ་མང་པོ་སྤངས་པ་དང་། ཚུལ་ཁྲིམས་རྣམ་པར་དག་པ་དང་། འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་སྤངས་པའོ། །དེ་ལ་ཡོན་ཏན་ལྔ་དང་ལྡན་པ་ནི་མཐུན་པའི་ཡུལ་ན་གནས་པ་ཡིན་ཏེ། འདི་ལྟར་གོས་དང་ཟས་ལ་སོགས་པ་ཚེགས་མེད་པར་རྙེད་པའི་ཕྱིར་རྙེད་སླ་བ་དང་། སྐྱེ་བོ་མི་སྲུན་པ་དང་དགྲ་ལ་སོགས་པ་མེད་པའི་ཕྱིར་གནས་བཟང་བ་དང་། ནད་མི་སྐྱེད་པའི་ཕྱིར་ས་བཟང་བ་དང་། གྲོགས་ཚུལ་ཁྲིམས་དང་ལྟ་བ་མཚུངས་པའི་ཕྱིར་གྲོགས་བཟང་བ་དང་། ཉིན་མོ་སྐྱེ་བོ་མང་པོས་མ་གང་བ་དང་། མཚན་མོ་སྒྲ་ཆུང་བའི་ཕྱིར་ལེགས་པར་གནས་པ་ཡིན་ནོ། །ཆོས་གོས་དང་བསོད་སྙོམས་ལ་སོགས་པ་བཟང་པོ་དང་མང་པོ་ལ་དོན་དུ་གཉེར་བ་མེད་པ་དང་། ཇི་ལྟར་རྙེེད་པའི་ངན་ངོན་ཙམ་གྱིས་ཆོག་པའི་ཕྱིར། གོ་རིམ་བཞིན་དུ་འདོད་པ་ཆུང་བ་དང་། ཆོག་ཤེས་པ་ཡིན་ནོ། །བྱ་བ་མང་པོ་སྤངས་པ་གང་ཞེ་ན། ཞིང་ལས་དང་ཚོང་ལས་ལ་སོགས་པའི་ལས་ངན་པ་སྤངས་པ་དང་། ཁྱིམ་པ་དང་རབ་ཏུ་བྱུང་བ་སོགས་དང་ཧ་ཅང་སྨོས་འདྲེས་བྱེད་པ་སྤངས་པ་དང་། སྨན་དང་སྐར་རྩིས་ལ་སོགས་པ་ཡོངས་སུ་སྤངས་པའོ། །ཚུལ་ཁྲིམས་རྣམ་པར་དག་པ་གང་ཞེ་ན། སོ་སོར་ཐར་པ་དང་། བྱང་སེམས་ཀྱི་སྡོམ་པ་གཉིས་ཀ་དག་ལ་ཡང་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བས་བསྡུས་པའི་བསླབ་པའི་གཞི་ཐམས་ཅད་མི་འདྲལ་ཞིང་། གལ་ཏེ་བག་མེད་པར་གྱུར་པས་དྲལ་ན་ཡང་མྱུར་བ་མྱུར་བར་འགྱོད་པ་དང་ལྡན་པས་ཆོས་བཞིན་དུ་བྱེད་པའོ། །ཇི་སྐད་དུ། འདོད་པ་རྣམས་ནི་ཕུང་བ་བསྐྱེད་པ་སྟེ། །ཀིམ་པའི་འབྲས་འདྲར་ཐུབ་པའི་དབང་པོས་གསུངས། །ཞེས་པ་ལྟར། འདོད་པ་རྣམས་ལ་ཡང་ཚེ་འདི་དང་ཕྱི་མར་ཉེས་དམིགས་རྣམ་པ་མང་པོར་འགྱུར་བར་ཡིད་ལ་བྱ་ཞིང་། དེ་དག་ལ་རྣམ་པར་རྟོག་པ་སྤང་བར་བྱའོ། །དེ་ལྟར་ཞི་གནས་ཀྱི་ཚོགས་བསགས་པའི་འོག་ཏུ་དེ་སྒོམ་པ་ལ་འཇུག་པར་བྱ་སྟེ། དེ་ཡང་རྣལ་འབྱོར་པས་ཐོག་མར་བྱ་བ་ཅི་ཡོད་པ་ཐམས་ཅད་རྫོགས་པར་བྱས་ནས། སྒྲའི་ཚེར་མ་མེད་པའི་ཕྱོགས་སུ་བདག་གིས་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་དགོད་པར་བྱའོ། །སྙམ་དུ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་ལ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡན་ལག་ལྔས་ཕྱག་བྱས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་ལུགས་མའང་བྲིས་མ་ལ་སོགས་པའི་མདུན་དུ་ཅི་ནུས་པའི་མཆོད་པ་དང་བསྟོད་པ་བྱས་ལ། རང་གི་སྡིག་པ་བཤགས་ཤིང་། འགྲོ་བ་མཐའ་དག་གི་དགེ་བ་ལ་རྗེས་སུ་ཡིད་རང་བར་བྱ་སྟེ། སྟན་བདེ་བ་ལ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ། དབུགས་ཕྱི་ནང་དུ་རྒྱུ་བ་ཡང་སྒྲ་ཅན་ལ་སོགས་པ་མ་ཡིན་པར་དལ་བུས་དབྱུང་བ་དང་འཇུག་པ་དེ་ལྟར་བྱའོ། །དེ་ནས་རྣལ་འབྱོར་པས་ཞི་གནས་ཀྱི་དམིགས་པ་ལ་སེམས་ཉེ་བར་བཞག་པར་བྱའོ། །དེ་ཡང་ཇི་ལྟར་ཞེ་ན། འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ལས། བཅོམ་ལྡན་འདས་ཇི་ལྟར་ཞི་གནས་ཡོངས་སུ་ཚོལ་བར་བགྱིད་པ་དང་། ལྷག་མཐོང་ལ་མཁས་པ་ལགས། བཀའ་བསྩལ་པ། བྱམས་པ་ངས་ཆོས་བཏགས་པ་རྣམ་པར་བཞག་པ་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་དབབ་པ་བསྟན་པའི་སྡེ་དང་གང་དག་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་པ་དེ་དག་བྱང་ཆུབ་སེམས་དཔས་ལེགས་པར་ཐོས། ལེགས་པར་གཟུང་། ཁ་དོན་བྱ་བར་བྱས། ཡིད་ཀྱིས་ལེགས་པར་བརྟགས། མཐོང་བས་ཤིན་ཏུ་རྟོགས་པར་བྱས་ནས། དེ་གཅིག་པུ་དབེན་པར་འདུག་སྟེ། ནང་དུ་ཡང་དག་པར་བཞག་ནས། ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ཉིད་ཡིད་ལ་བྱེད་ཅིང་། སེམས་གང་དག་གིས་ཡིད་ལ་བྱེད་པའི་སེམས་དེ་ནང་དུ་རྒྱུན་ཆགས་སུ་ཡིད་ལ་བྱེད་དོ། །དེ་དེ་ལྟར་ཞུགས་ཤིང་དེ་ལ་ལན་མང་དུ་གནས་པ་དེ་ལུས་ཤིན་ཏུ་སྦྱངས་པ་འབྱུང་བ་གང་ཡིན་པ་དེ་ནི་ཞི་གནས་ཞེས་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཞི་གནས་ཡོངས་སུ་ཚོལ་བར་བྱེད་དོ། །ཞེས་གསུངས་པ་ལྟར། རྣལ་འབྱོར་པས་མདོའི་སྡེ་ལ་སོགས་པའི་གསུང་རབ་མཐའ་དག་དེ་བཞིན་ཉིད་ལ་འབབ་ཅིང་དེ་བཞིན་ཉིད་ལ་གཞོལ་བའོ། །ཞེས་ཐམས་ཅད་མཚན་ཉིད་གཅིག་པར་བསྡུས་ནས། མདོ་སྡེ་གང་ཡང་རུང་བ་གཅིག་ལ་སེམས་ཉེ་བར་བཞག་པར་བྱའོ། །ཡང་ན་འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གི་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་ནི་མཉམ་བཞག་ཅེས། །ཞེས་གསུངས་པ་ལྟར། རྒྱལ་བའི་སྐུ་གསེར་གྱི་མདོག་ཅན་ཚོན་གང་ཙམ་པ་སྐྱེ་མཆེད་ཤིན་ཏུ་དོད་པ་གཅིག་རང་གི་ལྟ་སྟངས་ཀྱི་ཐད་ཀྱི་མཐོ་གང་ཙམ་གྱི་ནམ་མཁའ་ལ་བསྐྱེད་ནས། དེ་ཉིད་ལ་དམིགས་པ་ཉེ་བར་བཞག་པར་བྱའོ། །མཐར་དམིགས་པ་དེ་ཤིན་ཏུ་གསལ་བར་གྱུར་པ་ན། སྐུ་དེའི་སྨིན་མཚམས་ཀྱི་དབུས་སུ་མཛོད་པུ་དཀར་ལ་འཚེར་བ་ཉུངས་དཀར་ཙམ ཞིག་བསྐྱེད་ནས་དེ་ལ་སེམས་ཉེ་བར་བཞག་གོ །དེ་ལྟར་དམིགས་པ་ལ་སེམས་ཉེ་བར་བཞག་པ་ན། གལ་ཏེ་རྨུགས་དང་གཉིད་ཀྱིས་ནོན་ནས་སེམས་ནང་དུ་བྱིང་ངམ་བྱིང་དུ་དོགས་པར་མཐོང་བའི་ཚེ། མཆོག་ཏུ་དགའ་བའི་དངོས་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་དྲན་པའམ་སྣང་བའི་འདུ་ཤེས་ཡིད་ལ་བྱའོ། །དེ་ནས་བྱིང་བ་ཞི་བར་བྱས་ནས། ཅི་ནས་ཀྱང་དམིགས་པ་དེ་ཉིད་ལ་སེམས་ཤིན་ཏུ་གསལ་བར་འགྱུར་བ་དེ་ལྟར་བྱའོ། །གང་ཚེ་སེམས་ཕྱི་རོལ་ཏུ་རྣམ་པར་འཕྲོ་ཞིང་གཟུགས་ལ་སོགས་པའི་ཡུལ་ལ་རྣམ་པར་རྟོག་པའི་སྒོ་ནས་རྒོད་དམ། རྒོད་དུ་དོགས་པ་དེའི་ཚེ་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། སྡུག་བསྔལ་བ་ལ་སོགས་པ་སྐྱེ་བར་འགྱུར་བའི་མཚན་མ་ཡིད་ལ་བྱས་ནས། རྣམ་པར་གཡེང་བ་ཞི་བར་བྱས་ཏེ། དྲན་པ་དང་ཤེས་བཞིན་གྱིས་སེམས་དམིགས་པ་ལ་ཉེ་བར་གདག་པར་བྱའོ། །

གང་གི་ཚེ་བྱིང་རྒོད་ཀྱི་མི་ཉམས་པ་མེད་པར་སེམས་དམིགས་པ་ལ་ལྷུན་གྱིས་གྲུབ་པར་འཇུག་པ་དེའི་ཚེ། གཉེན་པོ་ཡིད་ལ་བྱེད་པ་ལ་སོགས་པའི་རྩོལ་བ་གློད་ལ་གཏང་སྙོམས་སུ་བཞག་ལ། གནས་སྐབས་དེ་ལྟ་བུ་ལ་ཇི་སྲིད་འདོད་ཀྱི་བར་དུ་འདུག་པར་བྱའོ། །དེ་ལྟར་ཞི་གནས་གོམས་པར་བྱས་པ་ལ། རྣལ་འབྱོར་པའི་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་སྟེ། ལུས་རས་བལ་གྱི་འདབ་མ་ལྟར་ཡང་བ་དང་། སེམས་དམིགས་པ་ལ་ཇི་ལྟར་འདོད་པ་ལྟར་བཀོལ་དུ་རུང་བར་གྱུར་པ་དེའི་ཚེ། ཞི་གནས་གྲུབ་པ་ཡིན་པར་རིག་པར་བྱའོ། །

ལྷག་མཐོང་དང་བྲལ་བའི་ཞི་གནས་ཙམ་གྱིས་ནི་ཉོན་མོངས་པ་རྣམ་པར་གནོན་པར་ནུས་ཀྱང་། བག་ཉལ་ལ་སོགས་པ་འཇོམས་པར་ནུས་པ་མ་ཡིན་ཏེ། ཞི་གནས་ནི་དམིགས་པ་ལ་རྩེ་གཅིག་པ་ཙམ་ཡིན་གྱི། གནས་ལུགས་རྣམ་པར་འབྱེད་པའི་མཐུ་མེད་པས། ཉོན་མོངས་པ་རྣམས་ཀྱི་རྩ་བ་བདག་ཏུ་འཛིན་པ་ལ་མི་གནོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམ་པར་གནོན་ཏེ། ཤེས་རབ་ཀྱིས་ནི་བག་ལ་ཉལ་འཇོམས་པར་བྱེད་དོ། །ཞེས་བཀའ་བསྩལ་ཞིང་། འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང་། ཏིང་ངེ་འཛིན་དེ་བསྒོམ་པར་བྱེད་མོད་ཀྱི། །དེས་ནི་བདག་ཏུ་འདུ་ཤེས་འཇིག་མི་བྱེད། །དེ་ཡི་ཉོན་མོངས་ཕྱིར་ཞིང་རབ་འཁྲུགས་ཏེ། །ལྷག་སྤྱོད་འདི་ན་ཏིང་འཛིན་སྒོམ་པ་བཞིན། །གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་དེ་བརྟག་གལ་ཏེ་བསྒོམ་པ་ནི། །དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞི་མི་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་། གང་དག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས། འཕགས་པའི་ཆོས་འདུལ་བ་མ་ཐོས་པར་ཏིང་ངེ་འཛིན་ཙམ་གྱིས་ཆོག་པར་འཛིན་པར་ཐོབ་པ་ནི། ང་རྒྱལ་གྱི་དབང་གིས་མངོན་པའི་ང་རྒྱལ་ཏུ་ལྷུང་ཞིང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་གྲོལ། སྡུག་བསྔལ་གྱི་ཕུང་པོ་ལས་ཀྱང་ཡོངས་སུ་མི་གྲོལ་ཏེ། དེ་ལ་དགོངས་ནས་དེ་བཞིན་གཤེགས་པས་འདི་སྐད་ཅེས། གཞན་ལ་རྗེས་སུ་མཐུན་པ་ཐོབ་པ་ནི། རྒ་ཤི་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །ཅེས་བཀའ་བསྩལ་ཏེ། ཞེས་སོ། །

དེ་བས་ན་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཐོབ་པར་འདོད་པས། ཞི་གནས་ལ་བརྟེན་ནས་ལྷག་མཐོང་བཙལ་བར་བྱ་སྟེ། ཞི་གནས་དང་ལྷག་མཐོག་ཟུང་དུ་འབྲེལ་བའི་རྣལ་འབྱོར་གྱིས་སྒྲིབ་པ་མ་ལུས་པར་དྲུངས་འབྱིན་ནུས་པའི་ཕྱིར་རོ། །དེའི་ཕྱིར། འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ལས། ངས་ཉན་ཐོས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་ནི་རྣམ་པ་དུ་མར་བསྟན་པ་གང་ཡིན་པ་དེ་དག་ཐམས་ཅད་ཞི་གནས་དང་ལྷག་མཐོང་གིས་བསྡུས་པར་རིག་པར་བྱའོ། །ཞེས་གསུངས་པ་ཡིན་ནོ། །དེ་བས་ན་རྣལ་འབྱོར་པ་ཞི་གནས་ཐོབ་པར་ལྷག་མཐོང་བསྒོམ་པ་ལ་བརྩོན་པར་བྱའོ། །དེ་ཡང་ལྷག་མཐོང་གི་ཚོགས་དང་ལྡན་པ་ལ་མྱུར་དུ་འགྲུབ་པས་དེའི་ཕྱིར་ཐོག་མར་ལྷག་མཐོང་གི་ཚོགས་ལ་བརྟེན་པར་བྱའོ། །ལྷག་མཐོང་གི་ཚོགས་གང་ཞེ་ན། སྐྱེས་བུ་དམ་པ་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པའོ། །སྐྱེས་བུ་དམ་པ་ཇི་ལྟར་བུ་ལ་བརྟེེན་ཅེ་ན། རྒྱན་དུ། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་ལེགས་པར་རྟོགས་པ་སྨྲ་མཁས་ལྡན། །སྙིང་རྗེའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །ཅེས་པའམ། ཡང་ན་མང་དུ་ཐོས་པ་དང་། སྨྲ་མཁས་པ་དང་། སྙིང་རྗེ་དང་ལྡན་པ་དང་། དཀའ་སྤྱད་ཀྱི་སྐྱོ་བ་བཟོད་པའོ། །དམ་པའི་ཆོས་ཉན་པ་གང་ཞེ་ན། དེ་བཞིན་གཤེགས་པའི་སྡེ་སྣོད་རིན་པོ་ཆེ་གསུམ་དང་། དེ་དག་གི་དགོངས་འགྲེལ་དུ་གྱུར་པའི་བསྟན་བཅོས་རྣམ་པར་དག་པ་རྣམས་ལ་ཤིན་ཏུ་གུས་པར་བྱས་ཏེ་ཉན་པའོ། །ཚུལ་བཞིན་ཡིད་ལ་སེམས་པ་གང་ཞེ་ན། ཇི་ལྟར་ཐོས་པའི་མདོ་དང་བསྟན་བཅོས་ཀྱི་དོན་ལུང་དང་རིགས་པས་ཚུལ་བཞིན་དུ་གཏན་ལ་ཕབས་ཏེ། ཐེ་ཚོམ་མེད་པར་ངེས་པར་བྱེད་པའོ། །དེ་ལྟར་ལྷག་མཐོང་གི་ཚོགས་དང་ལྡན་པའི་རྣལ་འབྱོར་པས་སྒྲིབ་གཉིས་ཀྱི་གཉེན་པོར་བདག་མེད་པ་རྣམ་པ་གཉིས་ཀྱི་དེ་ཁོ་ན་ཉིད་བསྒོམ་པར་བྱ་སྟེ། འདི་ལྟར་ཕུང་པོ་གང་ཟག་གི་བདག་མེད་པར་རྟོགས་པས་ནི། ཉོན་མོངས་པའི་སྒྲིབ་པ་སྤོངས་ལ། ཆོས་ཀྱི་བདག་མེད་པ་རྟོགས་པས་ནི་ཤེས་བྱའི་སྒྲིབ་པ་སྤོོང་བའི་ཕྱིར་རོ། །

དེ་ལ་ཡང་ཐོག་མར་ཉོན་མོངས་པའི་སྒྲིབ་པའི་གཉེན་པོར་གང་ཟག་གི་བདག་མེད་པ་བསྒོམ་པར་བྱའོ། །དེ་ལ་ཡང་དབུ་མ་ལ་འཇུག་པར། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བ་བློ་ཡིས་མཐོང་གྱུར་ཅིང་། །བདག་ནི་འདིའི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་གསུངས་པ་ལྟར། ཡུལ་བདག་བཀག་པའི་སྒོ་ནས་བདག་འཛིན་སྤངས་དགོས་པས་དེའི་ཕྱིར་རྣལ་འབྱོར་པས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིགས་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་དང་། ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་ཕུང་མེད་དེར་དེ་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །ཅེས་སོགས་ཀྱི་རྗེས་སུ་འབྲངས་ནས་ཕུང་པོ་ལ་གཅིག་དང་ཐ་དད་པའི་བདག་ཡོད་མེད་དཔྱད་པར་བྱའོ། །དེ་ལྟར་དཔྱད་ཏེ་བདག་ཅུང་ཟད་མེད་པར་ངེས་པ་ན། བདག་ཅེས་བྱ་བ་རྣམ་པར་རྟོག་པ་ཙམ་དུ་ཟད་དོ་ཞེས་བྱ་བར་རྟོགས་ནས་བདག་ལ་བརྟེན་པའི་ཐ་སྙད་གང་ལ་ཡང་རྣམ་པར་རྟོག་པ་སྤྲོ་བར་མི་བྱེད་ཅིང་། བདག་མེད་པའི་དོན་དེ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པར་བྱའོ། །

ཡང་ན་བདེན་པ་བཞི་ལ་རྣམ་པ་བཅུ་དྲུག་དུ་དམིགས་པའི་སྒོ་ནས་གང་ཟག་གི་བདག་མེད་པ་བསྒོམ་པར་བྱའོ། །དེ་ཡང་འདི་ལྟར་དཔྱད་དེ་འདི་ཐམས་ཅན་ནི་སྤང་བར་བྱ་བ་ཀུན་ནས་ཉོན་མོངས་ཀྱི་ཕྱོགས་དང་། བླང་བར་བྱ་བ་རྣམ་བྱང་གི་ཕྱོགས་གཉིས་སུ་ཟད་དོ། །དང་པོ་ལ་ཡང་འབྲས་བུར་གྱུར་པ་སྡུག་བསྔལ་གྱི་བདེན་པ་དང་། རྒྱུར་གྱུར་པ་ཀུན་འབྱུང་གི་བདེན་པ་གཉིས་སོ། །རྣམ་བྱང་ལ་ཡང་འབྲས་བུར་གྱུར་པ་འགོག་པའི་བདེན་པ་དང་། རྒྱུར་གྱུར་པ་ལམ་གྱི་བདེན་པ་གཉིས་སོ། །དང་པོ་ནི་མཚན་ཉིད་ཀྱི་སྒོ་ནས་གནས་ལུགས་ཇི་ལྟར་བ་བཞིན་དུ་ཤེས་པར་བྱ་བ་ཡིན་ནོ། །གཉིས་པ་ནི། ཉེས་དམིགས་ཀྱི་སྒོ་ནས་སྤང་བར་བྱ་བ་ཡིན་ནོ། །གསུམ་པ་ནི་སྤངས་པའི་འབྲས་བུ་ཕན་ཡོན་གྱི་སྒོ་ནས་མངོན་དུ་བྱ་བ་ཡིན་ནོ། །བཞི་པ་ནི། སྤོང་བྱེད་གཉེན་པོའི་ཕན་ཡོན་གྱི་སྒོ་ནས་བསྟེན་པར་བྱ་བ་ཡིན་ནོ། །དེ་ལ་སྡུག་བསྔལ་ཉེར་ལེན་གྱི་ཕུང་པོ་ནི། རྟག་བདེ་ལ་སོགས་པ་ཕྱིན་ཅི་ལོག་གི་བཞི་ཡིན་པས་དེ་དག་གི་གཉེན་པོར་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་རྣམ་པར་བསྒོམ་པར་བྱ་བ་ཡིན་ནོ། །དེ་ཡང་མདོ་ལས། དགེ་སློང་དག་གཟུགས་རྟག་པའམ་མི་རྟག་པ་ཡིན་བཙུན་པ་མི་རྟག་པ་ལགས་སོ། །གང་མི་རྟག་པ་དེ་བདེ་བའམ་སྡུག་བསྔལ་བ་ཡིན། བཙུན་པ་སྡུག་བསྔལ་བ་ལགས་སོ། །གང་མི་རྟག་པ་སྡུག་བསྔལ་བ་རྣམ་པར་འགྱུར་བའི་ཆོས་ཅན་དེ་ལ། འདི་ནི་ངའོ་འདི་ནི་ངའི་འོ། འདི་ནི་ངའི་བདག་གོ་ཞེས་པ་ལྟར་རུང་ངམ། བཙུན་པ་འདི་ནི་མ་ལགས་སོ། །ཞེས་གསུངས་པ་ལྟར་འདུས་བྱས་མི་རྟག་པར་རྟོགས་པ་ལས། ཟག་བཅས་སྡུག་བསྔལ་དུ་རྟོགས་པ་དང་། དེ་ལས་ཕུང་པོ་བདག་མེད་པར་རྟོགས་པ་འབྱུང་བས། དེའི་ཕྱིར་ཐོག་མར་མི་རྟག་པར་བསྒོམ་པར་བྱའོ། །མི་རྟག་པ་དེ་ཡང་རྒྱུན་དང་། སྐད་ཅིག་གི་བྱེ་བྲག་ལས་རྣམ་པ་གཉིས་ཡིན་ལ། དེ་ཡང་རྒྱུན་གྱི་མི་རྟག་པ་འདི་ལྟར་སྒོམ་པ་གཉིས། ཇི་སྐད་དུ་མདོ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་གསུངས་པ་དང་། རིན་ཆེན་ཕྲེང་བར། འཆི་བའི་རྐྱེན་ནི་མང་བ་དང་། །གསོན་པ་ཡི་ནི་ཉུང་ཟད་གཅིག །དེ་རྣམས་ཉིད་ཀྱང་འཆི་བའི་རྐྱེན། །ཞེས་གསུངས་པ་ལྟར། སྐྱེས་བུ་རྣམས་ཀྱི་ཚེ་ནི་མི་བརྟན་པ་གཡོ་བ་ཡིད་བརྟན་དུ་མི་རུང་བ་རླུང་ནང་གི་མར་མེའམ། འབབ་ཆུའི་ཆུ་བུར་དང་འདྲ་བ་ཞིག་ཏེ། མཚོ་བའི་རྐྱེན་ཟས་དང་གོས་དང་སྨན་ལ་སོགས་པ་རྣམས་ནི་ཤིན་ཏུ་ཉུང་ཞིང་འབད་པས་སྒྲུབ་པར་བྱ་བ། འཆི་བའི་རྐྱེན་ཕྱི་དང་ནང་གི་ཉེ་བར་འཚེ་བ་ནད་དང་གཡང་ས་ལ་སོགས་པ་རྣམས་ནི་ཤིན་ཏུ་མང་ཞིང་། འབད་པ་མེད་པར་ཉེ་བར་གནས་པའི་ཕྱིར་རོ། །དེ་བས་ན་བདག་ཅག་ལྟ་བུ་འཆི་བདག་བདུད་ཀྱི་ཁར་ཚུད་པ་རྣམས་ལ་ཅུང་ཟད་ཀྱང་མི་འཆི་བའི་གདེང་མི་འདུག་པ་བཞིན་དུ། རང་གི་ལུས་སྲོག་གི་ངང་ཚུལ་ལ་མི་ལྟ་བར་འབྱུང་འགྱུར་གྱི་ལོ་ཟླ་མང་པོའི་སོ་ཕྱིས་དང་གྲབས་ཤོམ་བྱེད་པ་ནི། དེའི་རང་བཞིན་ཤེས་པའི་དམ་པ་རྣམས་ཀྱིས་ཁྲེལ་ཞིང་། རང་ཉིད་ཟ་བར་ཆས་པའི་གཤིན་རྗེའི་ཕོ་ཉ་རྣམས་ཀྱིས་གད་མོ་འཆོ་བའི་གནས་ཡིན་ནོ། །དེ་ཡང་བརྒྱ་པ་ལས། གང་ལ་འཇིག་རྟེན་གསུམ་མངའ་བདག །རང་ཉིད་འཆི་བདག་བྱེད་པོ་མེད། །ཡོང་ངེས་རྣལ་བཞིན་གཉིད་ལོག་ན། །དེ་ལས་མ་རུངས་གཞན་ཅི་ཡོད། །ཅེས་གང་གསུངས་པ་ཡིན་ནོ། །དེ་བས་ན་རྣལ་འབྱོར་པ་རང་གི་ལུས་ལ་རླུང་ནང་གི་མར་མེའམ། ཆུ་བུར་དང་འདྲ་བར་ཡིད་བརྟན་དུ་མི་རུང་བའི་བློ་རྒྱུན་དུ་བཞག་ལ། ལུས་སྲོག་ལ་རྒྱགས་པ་དང་མི་འཆི་བའི་རྣམ་པར་རྟོག་པ་རྣམ་རྒྱངས་རིང་དུ་སྤང་བར་བྱའོ། །གཞན་ཡང་སློབ་དཔོན་གྱིས། མིའི་དཔའ་བོ་ཐོག་མའི་མཚན་མོ་ནི། །གང་ནས་འཇིག་རྟེན་མངལ་ན་གནས་གྱུར་པ། །དེ་ནས་བརྩམས་ཏེ་དེ་ནས་ཉིན་རེ་ཞིང་། །འགྲོ་བཤོལ་མེད་པར་འཆི་བདག་དྲུང་དུ་འགྲོ། །ཞེས་གསུངས་ཤིང་། བརྒྱ་པ་ལས་ཀྱང་། འཆི་བར་བྱ་ཕྱིར་སྐྱེས་གྱུར་ཅིང་། །གཞན་དབང་འགྲོ་བའི་ངང་ཅན་ལ། །འཆི་བ་བྱ་བ་ལྟར་སྣང་སྟེ། །གསོན་པར་བྱ་བ་མིན་ལྟར་སྣང་། །ཞེས་གསུངས་པ་ལྟར། བདག་ཅག་སེམས་ཅན་འདི་ཐམས་ཅད་ནི་དཔེར་ན་ཤན་པས་གསོད་སར་ཁྲིད་པའི་ཕྱུགས་དང་འདྲ་བར། དང་པོ་མངལ་ལས་སྐྱེས་ནས་མ་ཤིའི་བར་དུ་སྐད་ཅིག་ཀྱང་མི་སྡོད་པར་འཆི་བདག་གི་དྲུང་དུ་སྙེག་པ་ཡིན་བཞིན་དུ་དེ་ལྟར་མི་སེམས་པར། བདག་ནི་ཡུན་རིང་ཞིག་ཏུ་མི་འཆིའོ་སྙམ་དུ་སེམས་པ་ནི་བླུན་པ་ཉིད་དེ། དཔེར་ན་གསོད་པའི་ཕྱུགས་རྣམས་ལ་འཆི་བ་ཀུན་གྱི་ཐུན་མོང་བ་ཡིན་ཞིང་། གཅིག་གིས་གཅིག་གསོད་པ་ཡང་མཐོང་བཞིན་དུ་ལྷག་མ་རྣམས་བདེ་བར་ཉལ་བ་དང་འདྲ་བར། མི་རྣམས་ཀྱང་འཆི་བ་ཐུན་མོང་བ་ཡིན་ཞིང་། གཞན་དག་ཀྱང་འཆི་བ་མཐོང་བཞིན་དུ་འཆི་བ་ལ་འཇིགས་པ་མེད་པར་བདག་ཉིད་གསོན་དུ་རེ་བ་ནི་ཕྱུགས་དང་འདྲ་བར་བླུན་པ་ཡིན་ནོ། །

དེ་བས་འཆི་བ་མི་རྟག་པ་ཡང་དང་ཡང་དུ་ཡིད་ལ་བྱས་པའི་སྒོ་ནས་རགས་པ་རྒྱུན་གྱི་མི་རྟག་པ་བསྒོམ་པ་ལ་འབད་པར་བྱའོ། །དེ་ལྟར་བསྒོམས་པའི་རྣལ་འབྱོར་པ་ནི་ཟག་བཅས་ཀྱི་དངོས་པོ་ཐམས་ཅད་ལས་ཡིད་འབྱུང་ཞིང་། ཆགས་པར་མི་འགྱུར་ལ། མགོ་ལ་མེ་ཤོར་བ་ལྟར་དགེ་བའི་ཕྱོགས་ལ་ཤིན་ཏུ་བརྩོན་པར་ཡང་འགྱུར་རོ། །ཇི་སྐད་དུ་བརྒྱ་པར། བདག་ནི་འཆི་བོ་སྙམ་སེམས་པ། །གང་ལ་ངེས་པར་ཡོད་གྱུར་པ། །དེ་ནི་ཆགས་པ་ཡོངས་གཏང་ཞིང་། །འཆི་བདག་ལ་ཡང་ག་ལ་འཇིགས། །ཞེས་གསུངས་པ་ལྟར་རོ། །དེའི་འོག་ཏུ་ཕྲ་བ་སྐད་ཅིག་གི་མི་རྟག་པ་བསྒོམ་པར་བྱ་སྟེ། དེ་ཡང་། སེམས་ནི་ཡུད་ཙམ་རེ་ལ་དམིགས་པ་དང་། རྣམ་པའི་བྱེ་བྲག་མི་འདྲ་བ་དུ་མ་ལ་འཇུག་པར་དམིགས་པས་གློག་དང་མར་མེ་ལ་སོགས་པ་ལྟར་མི་བརྟན་པ་ཉིད་དུ་རང་གི་མྱོང་བའི་ཕྱིར་སྐད་ཅིག་མར་རྟོགས་སླ་ལ། སེམས་ཅན་ཇི་ལྟར་བ་བཞིན་དུ་འདུ་བྱེད་ཐམས་ཅད་ཀྱང་སྐད་ཅིག་མ་ཉིད་ཡིན་ཏེ། སྐད་ཅིག་གིས་འཇིགས་པ་ལ་གེགས་མེད་པའི་ཕྱིར་དང་། མི་རྟག་པ་ཡང་སྐྱེ་བ་ཙམ་ལ་ལྟོས་པའི་ཕྱིར་རོ། །སྐད་ཅིག་མ་ཡང་དུས་ཀྱི་མཐར་ཐུགས་པ་ཡིན་ནོ། །སེ་གོལ་ཏོག་པ་ཙམ་གྱི་ཡུན་ལ་སྐད་ཅིག་མ་དྲུག་ཅུ་རྩ་ལྔ་འདའ་བར་རིག་པར་བྱའོ། །དེ་ནས་ནར་སོན་པ་གང་ལ་ཡང་སོན་པ་ནི་སེམས་ཀྱི་སྐད་ཅིག་མ་རེ་རེ་ལ་མེད་ན་ལོ་དང་ཟླ་བ་སོགས་པ་ཡུན་རིང་དུ་གསོན་དུ་རེ་བའི་བསམ་པས་དོན་མེད་པ་དང་བྱ་བ་མ་ཡིན་པ་ལ་འཇུག་པ་ནི་མི་རིགས་པ་ཉིད་དོ། །དེའི་ཕྱིར་བདག་གི་ལུས་སྲོག་ལ་སྐད་ཅིག་མའི་བློ་ཉེ་བར་བཞག་ཏེ་དུས་ཅུང་ཟད་ཀྱང་སོན་དུ་རེ་བའི་རྣམ་པར་རྟོག་པ་སྤང་བར་བྱའོ། །དེ་སྐད་དུའང་བརྒྱ་པ་ལས། སུ་ལའང་སོན་པ་ཞེས་བྱ་བ། །སེམས་ཀྱི་སྐད་ཅིག་ལས་གཞན་མིན། །སྐྱེ་བོས་དེ་ངེས་མི་རིག་པ། །དེས་ན་བདག་ཉིད་ཤེས་པ་དཀོན། །ཞེས་གསུངས་པ་ལྟར་རོ། །

དེ་ལྟར་མི་རྟག་པ་སྒོམ་པ་ལས་སྡུག་བསྔལ་དུ་རྟོགས་པ་འབྱུང་བས། དེའི་འོག་ཏུ་སྡུག་བསྔལ་གྱི་རྣམ་པ་སྒོམ་པར་བྱའོ། །དེ་ལ་སྦྱིར་ཁམས་གསུམ་མཐའ་དག་སྡུག་བསྔལ་གྱིས་ཅི་རིགས་པར་སྡུག་བསྔལ་བ་ཡིན་ཏེ། འདི་ལྟར་ངན་སོང་གསུམ་ནི་ཕལ་ཆེར་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་གདུངས་ཤིང་། ཇི་སྐད་དུ། བརྒྱ་པ་ལས། མཆོག་ལ་ཡིད་ཀྱི་སྡུག་བསྔལ་ཏེ། །ཐ་མལ་རྣམས་ལ་ལུས་ཀྱིའོ། །སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་འདི། །ཉིན་རེ་ཉིན་རེ་འཇོམས་པར་བྱེད། །ཅེས་པ་ལྟར། མི་རྣམས་ལ་ཡང་རྒྱལ་པོ་དང་། ཁྱིམ་བདག་ལ་སོགས་པ་མཆོག་ཏུ་གྱུར་པ་རྣམས་ལ་ནི་རྒྱལ་སྲིད་དང་ལོངས་སྤྱོད་ལ་སོགས་པ་ཡོད་པ་བསྲུང་བ་དང་། ཉམས་ཀྱིས་དོགས་པ་ལ་སོགས་པ་སེམས་ཀྱི་སྡུག་བསྔལ་མང་པོ་དང་ལྡན་ཞིང་། བྲན་ལ་སོགས་པ་ཐ་མལ་པ་རྣམས་ལ་ནི། བཀྲེས་སྐོམ་དང་། ངལ་དུབ་ལ་སོགས་པ་ལུས་ཀྱི་སྡུག་བསྔལ་མང་པོ་དང་ལྡན་ཞིང་། མདོར་ན་ཀུན་ཀྱང་སྡུག་བསྔལ་གཉིས་ཀྱིས་ཉིན་རེ་ཞིང་གདུང་བར་བྱེད་དོ། །འདོད་པའི་ལྷ་རྣམས་ལ་ཡང་འཆི་འཕོ་བའི་ཚེ། ཡིད་ཀྱི་སྡུག་བསྔལ་དྲག་པོ་དང་ལྡན་ཞིང་། འོག་མ་དག་ལ་ལྷ་མ་ཡིན་དང་འཐབ་པའི་ཚེ་བཅད་པ་དང་འབྲལ་བ་ལ་སོགས་པ་ལུས་ཀྱི་སྡུག་བསྔལ་དང་ཡང་ལྡན་ལ། ཐམས་ཅད་ཀྱང་ཟག་བཅས་ཀྱི་བདེ་བ་མི་བརྟན་པར་འགྱུར་བའི་སྡུག་བསྔལ་དུག་བཅས་ཀྱི་ཟས་དང་འདྲ་བས་བཅིངས་པའི་ཕྱིར་སྡུག་བསྔལ་དང་ལྡན་པ་ཁོ་ན་ཡིན་ནོ། །གཟུགས་གཟུགས་མེད་ཀྱི་ལྷ་རྣམས་ཀྱང་རེ་ཤིག་སྡུག་བསྔལ་གྱི་སྡུག་བསྔལ་ལས་འདས་ཀྱང་། སྐྱེ་འཆི་ལ་རང་དབང་མེད་པས་འདུ་བྱེད་ཀྱི་སྡུག་བསྔལ་བྱི་བའི་དུག་ལྟ་བུ་ལས་མ་གྲོལ་བ་ཡིན་ནོ། །དེ་བས་ན་སྤྱིར་ཁམས་གསུམ་པོ་མཐའ་དག་སྡུག་བསྔལ་དུ་ཡིད་ལ་བྱ་ཞིང་། བྱེ་བྲག་ཏུ་རྣལ་འབྱོར་པ་རང་གི་ལུས་འདི་དགྲ་བོ་དང་འདྲ་བར་སྡུག་བསྔལ་ཀུན་གྱི་འབྱུང་ཁུངས་སུ་ཤེས་པར་བྱ་སྟེ། འདི་ལྟར་ལུས་འདི་ནི་ནང་གི་འབྱུང་བ་འགྱུར་བ་ལས་བྱུང་བའི་ནད་བཞི་བརྒྱ་རྩ་བཞི་དང་། དུག་མཚོན་དང་། སྡིག་སྦྲུལ་ལ་སོགས་ཕྱི་རོལ་གྱི་གནོད་པ་ཀུན་གྱི་སྣོད་དུ་གྱུར་པའི་ཕྱིར་རོ། །དེའི་ཕྱིར་བརྒྱ་པ་ལས། ལུས་ལ་གུས་དང་དགྲ་ལ་གུས། །དེ་དག་གཉིས་ནི་མཚུངས་པ་སྣང་། །ཅེས་གསུངས་སོ། །དེ་བས་ན་ལུས་འདི་ནི་སྡུག་བསྔལ་གྱི་འབྱུང་ཁུངས་སུ་གྱུར་པའི་ཕྱིར་འདི་ལ་བདེ་བའི་རོ་ཅུང་ཟད་ཀྱང་མེད་དོ་སྙམ་དུ་ངེས་པར་བྱས་ནས་བདེ་བ་ཕྱིན་ཅི་ལོག་པའི་རྣམ་པར་རྟོ ག་པ་སྤང་བར་བྱའོ། །

དེ་ལྟར་སྡུག་བསྔལ་དུ་བསྒོམས་པ་ལས་ཕུང་པོ་བདག་མེད་པར་རྟོགས་སླ་བས། དེའི་འོག་ཏུ་སྟོང་པ་དང་། བདག་མེད་པའི་རྣམ་པ་སྒོམ་པར་བྱ་སྟེ། འདི་ལྟར་ཕུང་པོ་བདག་གི་ངོ་བོར་སྒྲོ་འདོགས་པའི་གཉེན་པོ་བདག་མེད་པ་བསྒོམ་པར་བྱ་ལ། དོན་གཞན་པའི་བདག་གིས་དབང་བསྒྱུར་བྱ་འཛིན་པའི་གཉེན་པོ་སྟོང་པ་བསྒོམ་པར་བྱ་སྟེ། དེ་དག་གི་སྒོམ་ཚུལ་ཡང་ཕུང་པོ་ལ་གཅིག་དང་ཐ་དད་པའི་བདག་མེད་པར་དཔྱད་པས་བསྒོམ་པར་བྱ་བ་ལ། དེའི་རིགས་པ་ཡང་སྔར་བསྟན་ཟིན་པའི་ཕྱིར་ཡང་མི་སྤྲོའོ། །

དེའི་འོག་ཏུ་ཀུན་འབྱུང་གི་བདེན་པ་ལ་རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་གྱི་རྣམ་པའི་སྒོ་ནས་བསྒོམ་པར་བྱའོ། །དེ་ལ་ཉོན་མོངས་པ་དང་། དེའི་དབང་གིས་བྱུང་བའི་ལས་རྣམས་ནི་ཀུན་འབྱུང་གི་བདེན་པ་ཡིན་ལ། དེ་དག་ནི་འཁོར་བའི་སྡུག་བསྔལ་བསྐྱེད་པར་བྱེད་པའི་ཕྱིར་རྒྱུ་ཡིན་ནོ། །སྡུག་བསྔལ་གྱི་ཕྱོགས་རེ་ཙམ་བསྐྱེད་བྱེད་མ་ཡིན་གྱི་སྡུག་བསྔལ་གྱི་རིགས་ཀུན་བསྐྱེད་པར་བྱེད་པའི་ཕྱིར་ཀུན་འབྱུང་བ་ཡིན་ནོ། །དེ་དག་ཅུང་ཟད་ཙམ་མ་ཡིན་གྱི། མི་བཟོད་ཅིང་བརྣག་པར་དཀའ་བ་དྲག་པོ་བསྐྱེད་པར་བྱེད་པའི་ཕྱིར་རབ་སྐྱེ་ཡིན་ནོ། །དེ་ཡང་ལན་ཅིག་ཙམ་མ་ཡིན་གྱི། སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཡུན་རིང་དུ་བསྐྱེད་པར་བྱེད་པའི་ཕྱིར་རྐྱེན་ཡིན་ནོ། །དེ་ལྟར་ཉེས་དམིགས་ཀྱི་རྣམ་པ་བཞིའི་སྒོ་ནས་ཀུན་འབྱུང་སྤང་བྱ་ཉིད་དུ་སྒོམ་པར་བྱའོ། །

དེའི་འོག་ཏུ་འགོག་པ་དང་། ཞི་བ་དང་། གྱ་ནོམས་པ་དང་། ངེས་པར་འབྱུང་བའི་རྣམ་པའི་སྒོ་ནས་འགོག་པའི་བདེན་པ་བསྒོམ་པར་བྱ་སྟེ། དེ་ལ་སྡུག་བསྔལ་རྒྱུ་དང་བཅས་པ་འགགས་པ་ནི་འགོག་པ་ཡིན་ལ། དེ་ཡང་ཉོན་མོངས་པ་འགགས་པའི་ཕྱིར་འགོག་པ་ཡིན་ནོ། །སྡུག་བསྔལ་གྱི་མེ་རབ་ཏུ་ཞི་བའི་ཕྱིར་ན་ཞི་བ་ཡིན་ནོ། །སྡུག་བསྔལ་རྒྱུ་དང་བཅས་པ་འགགས་པ་ནི། ཐར་པ་འདོད་པ་རྣམས་ཀྱིས་འདོད་བྱ་དམ་པ་ཡིན་པས་དེའི་ཕྱིར་གྱ་ནོམས་པ་ཡིན་ནོ། །དེ་ཐོབ་པར་འདོད་པ་ནི་སླར་མི་ལྡོག་པས་རྟག་པའི་གནས་ཡིན་པའི་ཕྱིར། ངེས་པར་འབྱུང་བ་ཡིན་ནོ། །དེ་ལྟར་འབྲས་བུ་ཕན་ཡོན་གྱི་སྒོ་ནས་འགོག་པའི་བདེན་པ་མངོན་དུ་བྱ་བ་ཉིད་དུ་སྒོམ་པར་བྱའོ། །

དེའི་འགོ་ཏུ་ལམ། རིགས་པ། སྒྲུབ་པ། ངེས་འབྱིན་གྱི་རྣམ་པའི་སྒོ་ནས་ལམ་གྱི་བདེན་པ་བསྒོམ་པར་བྱའོ། །དེ་ལ་ཕུང་པོ་བདག་མེད་པར་རྟོགས་པའི་ཡེ་ཤེས་ནི་ལམ་ཡིན་ལ། འདིས་ཐར་པ་བླ་ན་མེད་པའི་གྲོང་དུ་ཕྱིན་པར་བྱེད་པའི་ཕྱིར་ལམ་ཡིན་ནོ། །ཉོན་མོངས་པ་དྲུངས་འབྱིན་པའི་གཉེན་པོ་བྱེད་པའི་ཕྱིར་རིགས་པ་ཡིན་ནོ། །སེམས་མི་རྟག་པ་ལ་སོགས་པ་གནས་ལུགས་ལ་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་ཕྱིར་སྒྲུབ་པ་ཡིན་ནོ། །ཕྱིར་མི་ལྡོག་པ་རྟག་པའི་གནས་སུ་གདོན་མི་ཟ་བར་ཕྱིན་པར་བྱེད་པའི་ཕྱིར་ངེས་པར་འབྱིན་པ་ཡིན་ནོ། །དེ་ལྟར་རྒྱུའི་ཕན་ཡོན་གྱི་སྒོ་ནས་ལམ་གྱི་བདེན་པ་སྟོན་པར་བྱ་བ་ཉིད་དུ་བསྒོམ་པར་བྱའོ། །

དེ་ལྟར་ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ཉིད་དུ་བདེན་པ་བཞིའི་སྒོ་ནས་གང་ཟག་གི་བདག་མེད་པ་བསྒོམས་ནས། དེའི་འོག་ཏུ་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཉིད་དུ། བདེན་པ་གཉིས་ཀྱི་སྒོ་ནས་ཆོས་ཀྱི་བདག་མེད་པ་བསྒོམ་པར་བྱའོ། །དེ་ཡང་མཉམ་གཞག་སྟོང་ཉིད་དོན་དམ་པའི་བདེན་པ་ཡིད་ལ་མི་བྱེད་པའི་རྣལ་འབྱོར་དང་། རྗེས་ཐོབ་ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་ཡིད་ལ་བྱེད་པའི་རྣལ་འབྱོར་དང་། ཟུང་འཇུག་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་རྩོད་བྲལ་ལྷུན་གྲུབ་ཀྱི་རྣལ་འབྱོར་དང་གསུམ་གྱིས་ཤེས་པར་བྱའོ། །དང་པོ་ནི། འདི་ལྟར་བསྒོམ་པར་བྱ་སྟེ། གལ་ཏེ་ཕྱི་དང་ནང་གི་ཆོས་འདི་དག་ལ་རང་བཞིན་ཅུང་ཟད་ཅིག་ཡོད་ན། བདག་གམ། གཞན་ནམ། གཉིས་ཀའམ། རྒྱུ་མེད་པར་འབྱུང་བ་གང་ཡང་རུང་བ་ཞིག་ཏུ་འགྱུར་དགོས་ཏེ། རང་བཞིན་གྱིས་གྲུབ་པ་ལ་སྐྱེ་བའི་རྣམ་པ་གཞན་མི་འཐད་པའི་ཕྱིར་རོ། །ཇི་སྐད་དུ། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཅེས་སོགས་ཀྱི་རིགས་པས་མཐའ་བཞི་ལས་སྐྱེ་བ་མི་འཐད་པའི་ཕྱིར་སྐྱེ་བ་མེད་ལ། གང་ལ་སྐྱེ་བ་མེད་པ་དེ་ལ་རང་བཞིན་ཡོད་པ་མ་ཡིན་ཏེ། དཔེར་ན་ནམ་མཁའི་མེ་ཏོག་བཞིན། གང་རང་བཞིན་མེད་པ་དེ་ནི་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་ཏེ། དེ་བཞིན་དུ་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་དང་། ཟག་བཅས་དང་ཟག་མེད་དང ། བརྟན་གཡོ་དང་། བརྟན་མེད་ལ་སོགས་པ་སྤྲོས་པའི་མཐའ་གང་དུ་ཡང་བློས་རྣམ་པར་བ རྟག་པར་འོས་པ་མ་ཡིན་ནོ། །དེའི་ཕྱིར་སློབ་དཔོན་གྱིས། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མ་འགགས་པའི། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་གསུངས་པ་ཡིན་ནོ། །དེ་བས་ན་ཆོས་ཉིད་དེ་ལྟ་བུ་དེ་མཐའ་གང་དུ་ཡང་བརྟགས་པར་མི་ནུས་པ་དེ་ལྟར་རྣལ་འབྱོར་པས་ལུང་དང་རིགས་པ་ལ་བརྟེན་ནས། སོ་སོར་རྟོག་པའི་ཤེས་རབ་ཀྱིས་སོ་སོར་རྟོག་ཅིང་གཏན་ལ་ཕེབས་པར་བྱས་ནས། དེའི་འོག་ཏུ་རང་གི་བློ་མཐའ་གང་ལ་ཡང་མི་གནས་གང་དུ་ཡང་མི་འཛིན་པར། མཚན་མ་གང་ཡང་ཡིད་ལ་མི་བྱེད་པར་སེམས་མཉམ་པར་བཞག་པར་བྱའོ། །

ཡང་ན་འདི་ལྟར་བསྒོམ་པར་བྱ་སྟེ། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ་ཞེས་གསུངས་པས། ཆོས་ཐམས་ཅད་ནི་སེམས་ཀྱི་ཀུན་ཏུ་བརྟགས་པ་ཙམ་དུ་ཟད་ཀྱི། སེམས་ལས་ལོགས་སུ་གྲུབ་པ་ཅུང་ཞིག་ཀྱང་མེད་དོ། །སེམས་དེ་ཡང་ནང་ན་ཡང་མི་དམིགས། ཕྱི་རོལ་ན་ཡང་མི་དམིགས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །འདས་པའི་སེམས་ཀྱང་མི་དམིགས། མ་འོངས་པའི་སེམས་ཀྱང་མི་དམིགས། ད་ལྟར་བྱུང་བ་ཡང་མི་དམིགས་སོ། །སེམས་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང་། འགགས་པའི་ཚེ་གང་དུ་ཡང་མི་འགྲོ། གནས་པའི་ཚེ་གང་ན་ཡང་མི་གནས་ཏེ། མདོར་ན་སེམས་ནི་གཟུང་དུ་མེད་པ། བསྟན་དུ་མེད་པ། ལྟར་མེད་པ། གཟུགས་ཅན་མ་ཡིན་པ། རང་བཞིན་གང་དུ་ཡང་མ་གྲུབ་པ། ཡུལ་ན་མི་གནས་པ། ཕྱོགས་ན་མི་གནས་པ། མཐའ་གར་ཡང་མི་གནས་པ་ཞིག་སྟེ། ཇི་སྐད་དུ་དཀོན་མཆོག་བརྩེགས་པ་ལས། འོད་སྲུང་སེམས་ནི་ཡོངས་སུ་བཙལ་ན་མི་རྙེད་དོ། །གང་མི་རྙེད་པ་དེ་ནི་མ་དམིགས་སོ། །གང་མ་དམིགས་པ་དེ་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ་ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར། སེམས་ཇི་ལྟར་བ་དེ་བཞིན་དུ་ཆོས་ཐམས་ཅད་དེ་དང་མཚུངས་སོ། །དེ་བས་ན་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་ལྟ་བུར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡོངས་སུ་དཔྱད་ནས། དེའི་འོག་ཏུ་དེ་ཉིད་ལ་སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པར་བྱའོ། །དེ་ལྟར་གོམས་པར་བྱས་པས་གོམས་པ་མཐར་ཕྱིན་པ་ན། རྣལ་འབྱོར་པའི་སེམས་མཐའ་གང་དུ་ཡང་མི་འཛིན་པ། མཚན་མ་ཅིར་ཡང་མི་རྟོག་པ། ཡུལ་གང་ལ་ཡང་མི་དམིགས། བརྗོད་དུ་མེད་ཅིང་ཐ་སྙད་ཐམས་ཅད་ལས་གྲོལ་བར་གྱུར་པ་ན། སེམས་གནས་ལུགས་ཀྱི་སྟེང་དུ་ཕེབས་ཞེས་བྱ། ཆོས་ཉིད་མངོན་སུམ་དུ་རྟོགས་པ་ཞེས་ཀྱང་བྱ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཞེས་ཀྱང་ཐ་སྙད་དུ་བརྗོད་མོད་ཀྱི། འོན་ཀྱང་དེ་ནི་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་དང་དབྱེ་བ་ཅུང་ཟད་ཀྱང་མེད་དོ། །རྒྱུ་མཚན་གོ་དཀའ་སྟེ་ངག་ལས་ཤེས་སོ། །

གཉིས་པ་རྗེས་ཐོབ་རྟེན་འབྲེལ་ཡིད་ལ་བྱེད་པ་ལ་ཡང་། ཕྱི་དང་ནང་གི་རྟེན་འབྲེལ་གཉིས་ལས། དང་པོ་ལ་ཡང་རྟེན་དང་། བརྟེན་པའི་རྟེན་འབྲེལ་ཡིད་ལ་བྱ་བ་ནི། ཇི་སྐད་དུ། བསྡུད་པར། མཁའ་ལ་རླུང་བརྟེན་དེ་ལ་ཆུའི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །སེམས་ཅན་ལས་ལ་སྤྱོད་པའི་རྒྱུ་ནི་དེ་འདྲ་སྟེ། །ནམ་མཁའ་གང་ལ་གནས་ཡིན་དོན་འདི་བསམ་པར་གྱིས། །ཞེས་གསུངས་པ་ལྟར། ས་ལ་རྒྱུ་བའི་འགྲོ་བ་ཐམས་ཅད་ནི་ས་ཆེན་པོ་ལ་བརྟེན་ཅིང་གནས་སོ། །ས་ཆེན་པོ་ནི་ཆུའི་དཀྱིལ་འཁོར་ལ་བརྟེན་ཏོ། །ཆུའི་དཀྱིལ་འཁོར་ནི་རླུང་གི་དཀྱིལ་འཁོར་ལ་བརྟེན་ཏོ།།རླུང་གི་དཀྱིལ་འཁོར་ནི་ནམ་མཁའ་ལ་བརྟེན་ཏོ། །ནམ་མཁའ་ནི་གང་ལ་ཡང་མི་བརྟེན་པ། མཚན་ཉིད་ཐམས་ཅད་དང་བྲལ་བ། གཞི་མེད་པ། རྩ་བ་མེད་པ་སྟེ། དེའི་ཕྱིར་འདི་དག་ཐམས་ཅད་ནི། རྩ་བ་མེད་པའི་རྟེན་ཅན་གཞི་མེད་པའི་རྟེན་ཅན། གང་ལ་ཡང་མི་བརྟེན་པ། གང་ལ་ཡང་མི་གནས་པ་སྟེ། འདི་ལྟར་ནམ་མཁའི་རྟེན་ཅན་ནོ་སྙམ་དུ་སོ་སོར་བརྟག་པར་བྱའོ། །དེའི་འོག་ཏུ་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྟེན་འབྲེལ་ཡིད་ལ་བྱ་བ་ནི། ཇི་སྐད་དུ། སཱ་ལུ་ལྗང་པའི་མདོར། ས་བོན་གྱི་རྒྱུ་ལས་བྱུང་བའི་མྱུ་གུ་དེ་ཡང་སྐྱེ་བ་བདག་གིས་མ་བྱས། གཞན་གྱིས་མ་བྱས། གཉིས་ཀས་མ་བྱས། དབང་ཕྱུག་གིས་མ་བྱས། དུས་ཀྱིས་མ་བསྒྱུར། ཕྲ་རབ་ལས་མ་བྱུང་། རང་བཞིན་ལས་མ་བྱུང་། ངོ་བོ་ཉིད་ལས་མ་བྱུང་། རྒྱུ་མེད་པ་ལས་མ་སྐྱེས་ཞེས་གསུངས་པ་ལྟར། འདི་ལྟར་བརྟག་པར་བྱ་སྟེ། ས་བོན་ལས་མྱུ་གུ་དང་། དེ་ལས་སྡོང་བུ་དང་། དེ་ལས་འདབ་མ་དང་། ཡལ་ག་དང་། མེ་ཏོག་དང་། འབྲས་བུ་ལ་སོགས་པ་རིམ་གྱིས་འབྱུང་བ་ན། མྱུ་གུ་དེ་ཡང་བདག་དང་། གཞན་དང་། གཉིས་ཀ་དང་། རྒྱུ་མེད་པར་ནི་སྐྱེ་བར་མི་འཐད་པས་ཡང་དག་པར་ན་སྐྱེ་བ་མེད་དོ། །གང་ལ་སྐྱེ་བ་མེད་པ་དེ་ལ་རང་བཞིན་མེད་དོ། །གང་ལ་རང་བཞིན་མེད་པ་དེ་ནི་མ་དམིགས་སོ། །གང་ལ་དམིགས་པ་མེད་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །འོན་ཀྱང་ས་བོན་དུ་རྣམ་པར་རྟོག་པ་ཡོད་ན། དེ་ལ་བ རྟེན་ནས་མྱུ་གུའི་རྣམ་པར་རྟོག་པ་ཙམ་འབྱུང་བར་ཟད་དོ། །རྣམ་པར་རྟོག་པ་དེ་ཡང་ཕྱི་ན་ཡང་མི་གནས། ནང་ན་ཡང་མི་གནས། དེ་གཉིས་ཀ་མེད་པར་ཡང་མི་དམིགས་སོ། །དེ་ལྟར་ན་ས་བོན་དང་མྱུ་གུའི་འབྲེལ་བ་འདི་ནི་སྐྱེ་བ་མེད་པ་འགག་པ་མེད་པ། འོང་བ་མེད་པ། འགྲོ་བ་མེད་པ། དོན་གཅིག་མ་ཡིན་པ། ཐ་དད་པ་མ་ཡིན་པ། རྟག་པ་མ་ཡིན་པ། ཆད་པ་མ་ཡིན་པ་སྟེ། ས་བོན་དང་མྱུ་གུ་ཅི་འདྲ་བ་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་འདྲ་བར་སོ་སོར་བརྟག་པར་བྱའོ། །དེའི་འོག་ཏུ་ནང་གི་རྟེན་ཅིང་འབྲེལ་འབྱུང་ཡིད་ལ་བྱ་བ་ནི། ཐོག་མར་ཀུན་ནས་ཉོན་མོངས་ལུགས་དང་མཐུན་པ་དང་། མི་མཐུན་པའི་དོན་འདི་ལྟར་བརྟག་པར་བྱ་སྟེ་ཐོག་མ་མེད་པ་ནས་སྐྱེ་བ་དང་། འཆི་བའི་རྒྱུན་གྱིས་འཁོར་བ་ཞེས་བྱ་བ་འདི་ཅི་སེམས་ཅན་ནམ་འོན་ཏེ་འདུ་བྱེད་ཙམ་ཞིག་འཁོར་བ་ཡིན་གྲང་། དང་པོ་མི་རིགས་ཏེ། ཕུང་པོ་རྣམས་ལ་རྣམ་པ་ལྔས་བཙལ་ན་སེམས་ཅན་ཞེས་བྱ་བ་ཅུང་ཞིང་ཀྱང་མི་རྙེད་པའི་ཕྱིར་རོ། །འདུ་བྱེད་ཀྱང་མི་འཁོར་ཏེ། རྟག་པ་ནི་སྐྱེ་བ་གཅིག་ནས་གཅིག་ཏུ་རྒྱུད་པའི་བྱ་བ་དང་མི་ལྡན་པའི་ཕྱིར་དང་། མི་རྟག་པ་ནི་སྐད་ཅིག་གིས་འཇིགས་པ་ཉིད་ཀྱི་འཁོར་བའི་བྱ་བ་མི་འཐད་པའི་ཕྱིར་རོ། །དེའི་ཕྱིར་འཁོར་བ་ཞེས་བྱ་བ་ཡང་དག་པར་ན་གཞན་ཅུང་ཟད་ཀྱང་མེད་ཀྱི། འོན་ཀྱང་ཐ་སྙད་ཙམ་དུ་སཱ་ལུ་ལྗང་པའི་མདོ་ལས། དེ་ལ་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་དང་འབྲེལ་འབྱུང་གང་ཞེ་ན། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ་། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ། །ཞེས་གསུངས་པ་ལྟར། མ་རིག་པ་ལ་སོགས་པའི་ཡན་ལག་བཅུ་གཉིས་ཀུན་ནས་ཉོན་མོངས་པ་གསུམ་གྱི་རང་བཞིན་ཐོག་མ་མེད་པ་ནས་འགལ་མེའི་འཁོར་ལོ་བཞིན་དུ་རྒྱུན་གྱིས་འཇུག་པ་ལ་འཁོར་ཞེས་བཏགས་པ་ཙམ་དུ་ཟད་དོ་ཞེས་སོ་སོར་བརྟག་པར་བྱའོ། །

དེའི་འོག་ཏུ་རྣམ་པར་བྱང་བ་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པ་ཡང་འདི་ལྟར་བསྒོམ་པར་བྱ་སྟེ། མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ཅི། སེམས་ཅན་ནམ་འོན་ཏེ་འདུ་བྱེད་ཀྱི་རྩ་བ་ཡིན། དང་པོ་མི་རིགས་ཏེ། སེམས་ནི་ཕུང་པོ་ལ་བརྟེན་ནས་འདོད་ལ། མྱ་ངན་ལས་འདས་པ་ནི་ཕུང་པོའི་འཇུག་པ་ཉེ་བར་ཞི་བ་ཡིན་པའི་ཕྱིར་རོ། །འདུ་བྱེད་མྱ་ངན་ལས་འདས་པར་ཡང་མི་རིགས་ཏེ། རྟག་པ་དང་མི་རྟག་པ་གང་ལ་ཡང་སྔར་འཁོར་བ་ན་གནས་པ་ཕྱིས་མྱ་ངན་ལས་འདས་པར་འགྱུར་བ་འགལ་བའི་ཕྱིར་རོ། །དེའི་ཕྱིར་ཡང་དག་པར་ན་མྱ་ངན་ལས་འདས་པ་ཞེས་བྱ་བ་ཅུང་ཟད་ཀྱང་མེད་ཀྱི། ཐ་སྙད་དུ་མ་རིག་པ་འགགས་པས། འདུ་བྱེད་འགགས་པ་ནས། སྐྱེ་བ་འགགས་པས་རྒ་ཤི་འགག་པའི་བར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ཀྱི་འཇུག་པ་ཉེ་བར་ཞི་བ་ཙམ་ལ། མྱ་ངན་ལས་འདས་པ་ཞེས་ཐ་སྙད་བཏགས་པར་ཟད་དོ། །ཇི་སྐད་དུ་དབུ་མ་རྩ་བར། རྟེན་ནམ་རྒྱུར་བྱས་གང་ཡིན་པ། །དེ་ནི་རྟེན་མིན་རྒྱུར་བྱས་མིན། །མྱ་ངན་འདས་ཞེས་བྱ་བར་བརྗོད། །ཅེས་གསུངས་པ་ལྟར་རོ། །ཡན་ལག་བཅུ་གཉིས་པོ་དེ་དག་ཇི་ལྟར་འགག་ཅེ་ན། ཡང་དེ་ཉིད་ལས། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཅེས་གསུངས་པ་ལྟར། སྟོང་པ་ཉིད་ཀྱི་དོན་མཐོང་བ་མེད་པའི་ཚུལ་གྱིས་མཐོང་བ་ལས། མ་རིག་པ་འགག་པ་མེད་པའི་ཚུལ་གྱིས་འགགས་ལ། དེའི་ཕྱིར་ཡན་ལག་ལྷག་མ་རྣམས་མི་འབྱུང་ངོ་། །དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ཀུན་ནས་ཉོན་མོངས་དང་། རྣམ་བྱང་ལུགས་དང་མཐུན་པ་དང་། ལུགས་ལས་བཟློག་པ་རྣམས་བསྒོམས་ནས། འཁོར་བའི་འཇུག་ལྡོག་ཤེས་པར་བྱས་ནས། ཁྱད་པར་དུ་སྔོན་དང་ཕྱི་མ་དང་ད་ལྟར་གྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཕྲུགས་གསུམ་ཚེ་གསུམ་གྱི་བར་དུ་འཇུག་ཚུལ་ཐོག་མ་དང་ཐ་མ་མེད་པར་འགལ་མེའི་འཁོར་ལོ་ལྟར་འཁོར་བའི་ཚུལ་དུ་བསྒོམ་པ་ནི་ངག་ལས་ཤེས་པར་བྱའོ། །དེ་ལྟར་མཉམ་གཞག་དང་རྗེས་ཐོབ་ཀྱི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་པས་མཉམ་རྗེས་བསྲེ་བའི་ཕྱིར་ཟུང འཇུག་རྣམ་ཀུན་མཆོག་ལྡན་གྱི་ཏིང་ངེ་འཛིན་ལ་བསླབ་པར་བྱའོ། །དེ་ཡང་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས། བྱམས་པ་གོ་ཆ་བགོས་ཤིང་སྙིང་རྗེ་ཆེན་པོའི་གནས་ན་གནས་ན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་པར་བསྒྲུབ་པ་བསམ་གཏན་དུ་བྱའོ། །དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གང་ཞེ་ན། གང་སྦྱིན་པ་དང་མ་བྲལ་བ། ཚུལ་ཁྲིམས་དང་མ་བྲལ་བ། བཟོད་པ་དང་མ་བྲལ་བ། བརྩོན་འགྲུས་དང་མ་བྲལ་བ། བསམ་གཏན་དང་མ་བྲལ་བ། ཤེས་རབ་དང་མ་བྲལ་བ། ཐབས་དང་མ་བྲལ་བ་ཞེས་སོགས་གསུངས་པ་ལྟར་རྣལ་འབྱོར་པས་མཉམ་གཞག་ལས་ལངས་ནས་ཆོས་འདི་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་ཅུང་ཟད་ཀྱང་མེད་ཀྱང་། ཇི་སྲིད་རྣམ་པར་རྟོག་པའི་རྒྱུ་བ་མ་འགགས་ཀྱི་བར་དུ། ལས་དང་འབྲས་བུའི་འབྲེལ་བ་སྟོན་པས་ཇི་ལྟར་གསུངས་པ་ལྟར་གནས་པ་ཁོ་ན་སྟེ། དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱིས་ཆོས་ཉིད་འདི་ལྟ་བུ་རྟོགས་པར་བྱ་བའི་ཕྱིར་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་ཐབས་སུ་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་གཉིས་ཟུང་དུ་འཇུག་པ་ལ་བསླབ་པར་བྱའོ་སྙམ་དུ་བསམས་ནས། དེ་ཡང་འདི་ལྟར་བསླབ་པར་བྱ་སྟེ། རྣལ་འབྱོར་པས་ཆོས་གང་ལ་ཡང་ཅི་ཡང་མི་རྟོག་པའི་ཏིང་ངེ་འཛིན་ལས་མ་གཡོས་པའི་ངང་ནས་སམ། ཡང་ན་ཡིད་ཐ་མལ་གྱི་རྣམ་པར་རྟོག་པ་ལ་མ་འཕྲོས་ཤིང་། སྟོང་ཉིད་དྲན་པའི་འདུ་བྱེད་མ་བརྗེད་ཙམ་གྱི་ངང་ནས་སྦྱིན་པ་གཏོང་བ་དང་། ཚུལ་ཁྲིམས་བསྲུང་བ་ལ་སོགས་པ་ལུས་ངག་གི་བྱ་བ་རྣམས་ལ་ཤིན་ཏུ་བརྩོན་པར་བྱ་ཞིང་། བསྔོ་བ་སྨོན་ལམ་རྒྱ་ཆེན་པོ་དག་གིས་ཀྱང་ཟིན་པར་བྱའོ། །ཐ་ན་འགྲོ་བ་དང་འཆག་པ་དང་ཉལ་བ་ལ་སོགས་པ་ལུས་ངག་གི་བྱ་བ་ཕལ་པ་ལ་འཇུག་པའི་ཚེ་ཡང་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པར་བྱ་སྟེ། དེ་ལྟར་སྤྱོད་པའི་རྣལ་འབྱོར་པ་ནི་གནས་སྐབས་འཁོར་བ་ན་གནས་ཀྱང་འདམ་གྱི་པད་མ་ལྟར་འཁོར་བའི་ཉེས་པས་མི་གོས་ཤིང་། མཐར་ཐུག་མི་གནས་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་བདེ་བླག་ཏུ་འགྲོ་བར་འགྱུར་རོ། །འདིའི་སྐབས་སུ་གནས་འགྱུར་སོགས་དབྱེར་མེད། དྲན་པའི་རྒྱང་སོ། གང་ཤར་ལྷུག་པ། སྒོམ་མེད་ཡན་པ། ཅི་བྱས་རྗེས་མེད། ཐ་མལ་རང་ལྡོག་ཅེས་པ་དྲུག་གི་སྒོ་ནས་ཟུང་འཇུག་གི་ཏིང་ངེ་འཛིན་བོགས་དབྱུང་བའོ། །མན་ངག་རྣམས་ནི་མ་བཀོད་ཏེ། ཇི་སྐད་དུ། བརྒྱ་པར། ཆོས་འདི་ཡི་ནི་མིང་ལས་ཀྱང་། །དམ་པ་མིན་ལ་འཇིགས་པ་བསྐྱེད། །གཞན་ལ་འཇིགས་པ་མི་བསྐྱེད་པའི། །སྟོབས་ལྡན་ཞེས་བྱ་གང་ཞིག་ཡོད། །ཅེས་གསུངས་པ་ལྟར། མིང་ཙམ་ཐོས་པ་ལས་ཀྱང་སྐལ་བ་དམན་པ་དག་སྐྲག་པར་འགྱུར་ན། དོན་ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་དོན་དུ་གཉེར་ཞིང་མོས་པ་དག་ལ་གཞན་དུ་བསྟན་པར་བྱའོ། །འདིར་འབད་དགེ་བས་མཐའ་ཡས་འགྲོ་བ་ཀུན། །རྟག་ཆད་མཐར་ལྟའི་མུན་པ་སྟུག་པོ་རྣམས། །ཡང་དག་ལྟ་བའི་ཟེར་གྱིས་བསལ་བྱས་ནས། །མཐའ་བྲལ་དབུ་མའི་ལམ་ལ་འཇུག་པར་ཤོག །བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པའི་མན་ངག་འདི་ནི་རང་གི་སློབ་མ་དག་གིས་བསྐུལ་ཏེ། ཆོས་སྨྲ་བའི་བཙུན་པ་གཞོན་ནུ་བློ་གྲོས་ཀྱི་སྦྱར་བ་དགེའོ། །ལྟ་ཁྲིད་བརྒྱུད་པ་ནི། བཅོམ་ལྡན་འདས་ཐུབ་པ་ཆེན་པོ། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན། འཕགས་པ་ཀླུ་སྒྲུབ། རྒྱལ་སྲས་ཨཱཪྱ་དེ་བ། དཔལ་ལྡན་ཟླ་བ་གྲགས་པ། རིག་པའི་ཁུ་བྱུག་ཆེ་ཆུང་། ཀུ་སུ་ལུ་ཆེ་བ། ཀུ་སུ་ལུ་ཆུང་བ། བལ་པོ་ཐང་བི་ཧ་ར། བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན། དགེ་བཤེས་རྫིང་ལུང་པ་འོད་ཟེར་གྲགས། སྦྱིལ་བུ་བ་གྲས་པ་འོད་ཟེར། མཁན་ཆེན་སྤྱིའུ་ལྷས་པ་ཆེན་པོ་བྱང་ཆུབ་འོད། དཔལ་ལྡན་གྲོ་མོ་ཆེ། རྩི་འདུལ་བ་འཛིན་པ་ཐུགས་རྗེ་བྱང་ཆུབ། བདེ་བ་ཅན་པ་ཤཱཀྱ་བྱང་ཆུབ། མཁན་ཆེན་ཀུན་དགའ་རྒྱལ་མཚན། མཁན་ཆེན་བྱང་ཆུབ་སེང་གེ མདོག་ལོད་མཁན་ཆེན་ཀུན་དགའ་དཔལ་བ་ལ་ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སོ། །དགེའོ།། །།


previousལྟ་ཁྲིད་འབྲིང་པོའང་ཟེར།next