Nitartha Digital Library
Tibetan
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།

1 occurrence of བསམ་གཏན་བཞི་པའི་གནས་བརྒྱད་
[Clear Hits]


collapse section
  
  
  
  
  
  
 expand section
  
  
  
  
collapse section
  
 
  
  
  
  
  
དབུ་མའི་ལྷ་ཁྲིད་རྒྱས་པ།


1 occurrence of བསམ་གཏན་བཞི་པའི་གནས་བརྒྱད་
[Clear Hits]

 
previousདབུ་མའི་ལྷ་ཁྲིད་རྒྱས་པ།no next

དབུ་མའི་ལྷ་ཁྲིད་རྒྱས་པ།

སྒོམ་རིམ་རྒྱས་པ་བཞུགས་སོ། །

༼དབུ་མའི་ལྷ་ཁྲིད་རྒྱས་པ།༽

དཀོན་མཆོག་ག སུམ་ལ་ཕྱག་འཚལ་ལོ། །ལས་དང་པོ་པ་རྣམས་ཀྱི་ཉམས་ལེན་གྱི་མན་ངག་མདོར་བསྡུས་ན། སྔོན་འགྲོ་དང་། དངོས་གཞི་དང་། རྗེས་གསུམ་སྟེ། དང་པོ་ལ། ཐུན་མོང་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས་ཀྱི། དང་པོ་ལ་དལ་འབྱོར་རྙེད་པར་དཀའ་བ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསམ་པའོ། །དང་པོ་ལ་ཡང་། དལ་འབྱོར་གྱི་མཚན་ཉིད། དེ་རྙེད་པར་དཀའ་བའི་རྒྱུ་མཚན་གཉིས་ཀྱི། དང་པོ་ནི་ཆོས་སྒྲུབ་པའི་སྐབས་མེད་པའི་མི་ཁོམ་པ་བརྒྱད་སྤངས་པ་ནི་དལ་བ་ཡིན་ལ་མཐུན་རྐྱེན་བདག་གཞན་གྱི་འབྱོར་པ་བཅུ་ཚང་བ་ནི་འབྱོར་པ་ཞེས་བྱའོ། །མི་ཁོམ་པ་བརྒྱད་ནི། ངན་སོང་གསུམ་དང་། བྱང་གི་སྒྲ་མི་སྙན་དང་། སངས་རྒྱས་ཀྱི་བཀའ་མི་ཐོས་པའི་ཡུལ་མཐའ་ཁོབ་དང་། བླང་དོར་མི་ཤེས་པའི་གླེན་པ་དང་། སྨྲ་མི་ཤེས་པའི་ལྐུགས་པ་དང་། ལོག་ལྟ་འཛིན་པ་བགྲང་ན་གླེན་པ་དང་ལྐུགས་པ་གཅིག་ཏུ་བགྲང་ངོ་། །འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེས་པའི་ལྷ་ཚེ་རིང་པོ་རྣམས་སོ། །དེ་དག་ནི་མངོན་མཐོ་ངེས་ལེགས་ཀྱི་ཆོས་སྒྲུབ་པའི་སྣོད་དུ་མི་རུང་བའི་ཕྱིར་མི་ཁོམ་པ་ཞེས་བྱའོ། །འབྱོར་པ་བཅུ་ནི། བདག་འབྱོར་ལྔ་དང་། གཞན་འབྱོར་ལྔ་སྟེ། དང་པོ་ནི། བསྟན་པ་གནས་པའི་ཡུལ་དུ་སྐྱེས་པ་དང་། མིར་གྱུར་པ་དང་། དབང་པོ་སྒོ་ལྔ་ཚང་བ་དང་། འཚམས་མེད་མ་བྱས་པས་ལས་ཀྱི་མཐའ་མ་ལོག་པ་དང་། བསྟན་པ་ལ་མོས་པས་གནས་ལ་དད་པའོ། །གཞན་འབྱོར་ལྔ་ནི། སངས་རྒྱས་འཇིག་རྟེན་ཏུ་བྱོན་པ་དང་། དམ་པའི་ཆོས་བསྟན་པ་དང་། བསྟན་པའི་ཆོས་གནས་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ཡོད་པ་དང་། གཞན་ལ་ཡང་སྙིང་བརྩེ་བ་ཡོད་པ་རྣམས་སོ། །དེ་ལྟ་བུའི་དལ་འབྱོར་རྙེད་པར་དཀའ་བའི་རྒྱུ་མཚན་ལ་གསུམ་ཏེ། གྲངས་ཀྱི་སྒོ་ནས་དང་། རྒྱུའི་སྒོ་ནས་དང་། ཡོན་ཏན་གྱི་སྒོ་ནས་རྙེད་པར་དཀའ་བའོ། །དང་པོ་ནི། དལ་འབྱོར་གྱི་ཡོན་ཏན་དང་ལྡན་པའི་མི་ལུས་ཁྱད་པར་ཅན་རྙེད་པ་ལྟ་ཞོག མི་ལུས་ཕལ་པ་ཙམ་རྙེད་པ་ཡང་ངན་སོང་གསུམ་གྱི་སེམས་ཅན་ལ་ལྟོས་ན་ཉིན་མོའི་སྐར་མ་བས་ཀྱང་ཆེས་ཉུང་སྟེ། དབྱར་གྱི་རྫིང་གཅིག་ལ་ཡོད་པའི་སྲོག་ཆགས་བས་ཀྱང་འཛམ་བུ་གླིང་པའི་མི་ཆེས་ཉུང་། དེའི་ཕྱིར་བཤེས་སྤྲིང་ལས། རྒྱ་མཚོ་གཅིག་གནས་གཉའ་ཤིང་བུ་ག་དང་། །རུས་སྦལ་ཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད། །ཅེས་གསུངས་སོ། །དལ་འབྱོར་གྱི་མི་ལུས་ཁྱད་པར་ཅན་ཐོབ་པ་ནི་དེ་བས་ཀྱང་ཆེས་ཤིན་ཏུ་དཀོན་ཏེ། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ནི་ཨུ་དུམ་ཝ་རའི་མེ་ཏོག་ལྟར་ཤིན་ཏུ་དཀོན་ལ། སངས་རྒྱས་མ་བྱོན་པར་བསྟན་པ་མི་འབྱུང་ཞིང་། བསྟན་པ་མེད་པར་དལ་འབྱོར་ཐོབ་པ་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་མདོ་ལས་སངས་རྒྱས་འབྱུང་བ་ཡང་རྙེད་པར་དཀའ་དལ་བ་འབྱོར་པ་ཡང་རྙེད་པར་དཀའ། ཞེས་གསུངས་སོ། །དེའི་ཕྱིར་ངན་སོང་གི་སེམས་ཅན་ལ་ལྟོས་ན་མི་ལུས་ཙམ་པོ་ཐོབ་པ་ཆེས་ཉུང་བ་བཞིན་ནོ། །དེ་བས་ཀྱང་མི་ལུས་ཙམ་ལས་དལ་འབྱོར་གྱི་མི་ལུས་ཐོབ་པ་ཆེས་དཀོན་པ་ཤེས་པར་བྱས་ན། དབུལ་པོས་ནོར་བུ་རྙེད་པ་ལྟར་སྟེས་དབང་ཙམ་གྱིས་དལ་འབྱོར་ཐེངས་གཅིག་རྙེད་པ་འདི། ཅིས་ཀྱང་ཆུད་མི་ཟ་བ་ཞིག་བྱེད་དགོས་སྙམ་དུ་ཡང་ཡང་བསམ། གཉིས་པ་རྒྱུའི་སྒོ་ནས་རྙེད་པར་དཀའ་བ་ནི། མི་ལུས་ཐོབ་པ་ལ་རྒྱུ་དགེ་བ་ཁྱད་པར་ཅན་ཞིག་དགོས་ལ། འཇིག་རྟེན་ན་དགེ་བའི་སེམས་སྐྱེ་བ་ཡང་མཚན་མོ་མུན་ནག་ལ་གློག་འགྱུ་བ་ལྟར། སངས་རྒྱས་ཀྱི་ཕྲིན་ལས་ཀྱི་རེས་འགའ་སྲིད་པ་ཙམ་ཡིན་ཏེ། སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་དུ། །གློོག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །དེ་ལྟས་དགེ་བ་ཉམ་ཆུང་ཉིད་ལ་བརྟག །ཅེས་གསུངས་སོ། །དགེ་བའི་ནང་ནས་ཀྱང་མི་དགེ་བ་སྤོང་བའི་ཚུལ་ཁྲིམས་བསྲུང་བ་ལས་མི་ལུས་ཐོབ་པ་ཡིན་གྱི། སྦྱིན་པ་ལ་སོགས་པའི་དགེ་བ་གཞན་གང་ཡང་རུང་བས་ཐོབ་པ་མ་ཡིན་ལ། ཚུལ་ཁྲིམས་བསྲུང་བ་ཡང་ཆེས་ཤིན་ཏུ་དཀོན་ཏེ། མདོ་ལས། སྦྱིན་པ་ཤན་པ་རྣམས་དང་ནི། །རིགས་ངན་རྣམས་ཀྱང་གཏོང་བར་བྱེད། །གང་ཡང་རུང་བས་ཚུལ་ཁྲིམས་ནི། །བསྲུང་བར་ནུས་པ་མ་ཡིན་ནོ། །ཞེས་གསུངས་སོ། །དེ་བས་ན་མི་ལུས་ཙམ་གྱི་རྒྱུ་ཡང་ཤིན་ཏུ་དཀོན་ན། གོང་དུ་བཤད་པའི་མཚན་ཉིད་ཅན་གྱི་དལ་འབྱོར་ཐོབ་པའི་རྒྱུ་དཀོན་པ་ལྟ་སྨོས་ཀྱང་ཅི་དགོས། དེས་ན་རྒྱུའི་སྒོ་ནས་ཀྱང་དལ་འབྱོར་འདི་རྙེད་པ་ཤིན་ཏུ་དཀའ་སྙམ་དུ་ཡང་ཡང་བསམ། གྲངས་དང་རྒྱུའི་སྒོ་ནས་དལ་འབྱོར་རྙེད་པར་དཀའ་བར་མ་ཟད་ཡོན་ཏན་གྱི་སྒོ་ནས་ཀྱང་ཤིན་ཏུ་རྙེད་པར་དཀའ་སྟེ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བ་མིའི་ལུས་ལ་བརྟེན་དགོས་ཏེ། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྔར་མེད་གསར་དུ་སྐྱེ་བ་ཡང་མི་ལུས་ཁོ་ན་ལ་བརྟེན་པ་ཡིན་གྱི་འགྲོ་བ་གཞན་ལ་མ་ཡིན་ཏེ། དེ་ལྟར་ཡང་སློབ་སྤྲིད་ལས། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཅིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་འགྱུར་ལ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆོས་ལྷག་པའི། །མི་ལུས་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །བདེ་གཤེགས་ལམ་བརྟེན་འགྲོ་བའི་འདྲེན་པར་ཆས་གྱུར་པའི། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་རྙེད་མིན་ལྷ་མིན་དང་། །མཁའ་ལྡིག་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་ཤིང་། སྤྱོད་འཇུག་ལས་ཀྱང་། དལ་འབྱོར་འདི་ནི་རྙེད་པར་ཤིན་དུ་དཀའ། །སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནི་ཡང་དག་འབྱོར་པ་ག་ལ་འགྱུར། །ཅེས་དང་། མིའི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་རྒྱ་མཚོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས་སོ། །དེ་ལྟ་བུ་རྙེད་པར་དཀའ་ཞིང་ཡོན་ཏན་དང་ལྡན་པའི་མིའི་ལུས་དེ་ཡང་། གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་རྒྱུ་དམ་པའི་ཆོས་སྒྲུབ་ན་དོན་ཡོད་བྱས་པ་ཡིན་གྱི། ཚེ་འདིའི་ཕོ་གྲུང་སོགས་ཀྱི་མདུན་མ་དགྲ་འདུལ་གཉེན་སྐྱོང་བ་སོགས་ཀྱིས་ནི། དལ་འབྱོར་དོན་ཡོད་དུ་བྱས་པ་མ་ཡིན་ཏེ། དེ་དག་གི་ཆེད་དུ་ལས་ངན་མང་པོ་སོགས་པ་རྣམས་ནི་རིན་པོ་ཆེའི་སྣོད་དུ་ངན་སྐྱུགས་འཕྱགས་པ་ལྟར་དམ་པ་རྣམས་ཀྱིས་ཁྲེལ་བའི་གནས་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་བཤེས་སྤྲིང་ལས། གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །ངན་སྐྱུགས་འཕྱག་པར་བགྱིད་པ་དེ་བས་ཀྱང་། །གང་ཞིག་མི་རུ་སྐྱེས་ནས་སྡིག་པ་དག །བགྱིད་པ་དེ་ནི་ཤེས་རབ་བླུན་པ་ལགས། །ཞེས་གསུངས་སོ། །དེ་བས་ན་ཤིན་ཏུ་རྙེད་པར་དཀའ་བའི་དལ་འབྱོར་ཐོབ་པའི་དུས་འདིར། གནས་སྐབས་མངོན་པར་མཐོ་བའི་ལྷ་མིའི་ལུས་དང་། མཐར་ཐུག་ངེས་ལེགས་བྱང་ཆུབ་གསུམ་ཐོབ་པའི་ལམ་ལ་འབད་པའི་སྒོ་ནས། དལ་འབྱོར་དོན་ཡོད་པར་བྱ་སྙམ་པའི་བསམ་པ་ཡང་ཡང་སྐྱེད་དོ། །

གཉིས་པ་འཆི་བ་མི་རྟག་པ་བསམ་པ་ནི། དེ་ལྟར་དལ་འབྱོར་རྙེད་པར་དཀའ་ཞིང་ཡོན་ཏན་དང་ལྡན་པར་ཤེས་ཀྱང་། ཚེ་སྲོག་རྟག་པར་འཛིན་ཅིང་འཆི་བ་མི་རྟག་པ་མ་དྲན་པའི་དབང་གིས་ཚེ་འདིའི་གྲབས་ཤོམ་ལ་ཤོར་ནས་ཆོས་བྱེད་པའི་བློ་མི་དྲན་པ་ཡིན་པས། དེའི་ཕྱིར་འཆི་བ་མི་རྟག་པ་བསམ་དགོས་ལ། དེ་ཡང་སྤྱིར་འདུས་བྱས་ཐམས་ཅད་སྐད་ཅིག་གིས་འཇིག་ཅིང་། ཁྱད་པར་སྐྱེས་བུའི་ཚེ་ནི་རི་གཟར་གྱི་འབབ་ཆུ་དང་། རླུང་ནང་གི་མར་མེ་དང་། ཆུའི་ཆུ་བུར་དང་། སྐད་ཅིག་ཀྱང་མི་རྟག་པས་ཡིད་བརྟན་དུ་མི་རུང་བ་ཡིན་ཏེ། དེ་སྐད་དུ་ཡང་མདོ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློོག་འདྲ་སྟེ། །རིག་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་གསུངས་ཤིང་། བཤེས་སྤྲིང་ལས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་དང་། སློབ་སྤྲིང་ལས། མིའི་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས། །དོན་དུ་བརྣག་པ་གང་ཡིན་དེ་ནི་སྟུན་ཏེ་བསྒྲུབ། །མར་མེའི་རྩེ་མོ་ཤུགས་དྲག་རླུང་གིས་བསྐྱོད་ལྟ་ཡི། །ཚེ་ནི་སྐད་ཅིག་གནས་པའི་གདེངས་ཡང་ཡོད་མ་ཡིན། །ཅེས་གསུངས་སོ། །དེས་ན་ཆུ་བུར་ལྟ་བུའི་ལུས་སྲོག་མི་བརྟན་པ་ནམ་འཆི་ཆ་མེད་བཞིན་དུ་ལོ་ཟླ་མང་པོར་སྡོད་པའི་སོ་ཆིས་དང་གྲབས་ཤོམ་བྱེད་པ་ནི་རང་ཟ་བར་ཆས་པའི་གཤིན་རྗེས་གད་མོ་འཆོར་བའི་གནས་ཡིན་ཏེ། སློབ་སྤྲིང་ལས། འདི་ནི་སང་བྱ་འདི་ནི་ཐང་ཅིག་འོག་ཏུ་བྱ། །འདི་ནི་དིའུ་རེ་བྱ་ཞེས་སྐྱེ་བོ་སེམས་པ་ན། །གཤིན་རྗེ་བེ་ཆེན་ཕྱག་ཐོགས་ཟུར་གྱིས་བལྟ་བ་ཡི། །མིག་རྩ་དམར་ཁྲོས་མ་རུང་གད་མོ་རེ་སྙམ་འདེབས། །ཅེས་གསུངས་སོ། །དེ་བས་ན་སྐྱེ་རབས་ལས། མི་དེ་དཔའ་བོ་མཚོན་ཆ་ཐོགས་པ་ནི། །གང་ནས་འཇིག་རྟེན་མངལ་དུ་ཞུགས་གྱུར་པ། །དེང་ནས་གཟུང་སྟེ་སྐད་ཅིག་མི་སྡོད་པ། །འགྲོ་ཤོད་མེད་པར་འཆི་བདག་དྲུང་དུ་འགྲོ། །ཞེས་གསུངས་པ་ལྟར། དཔེར་ན་གསོད་སར་ཁྲིད་པའི་ཕྱུགས་རྣམས་གོམ་པ་རེ་རེ་ཞིང་འཆི་བ་ལ་ཉེ་བ་ཡིན་པ་དེ་བཞིན་དུ། མི་རྣམས་ཀྱང་མའི་མངལ་དུ་ཞུགས་པའི་མཚན་མོ་ནས་གཟུང་སྟེ། ཇི་སྲིད་མ་ཤིའི་བར་དུ་སྐད་ཅིག་རེ་རེ་ཞིང་འཆི་བདག་གི་དྲུང་དུ་སྙེགས་པ་ཡིན་བཞིན་དུ། དེ་ལྟར་མི་ཤེས་པར། དཔྱིད་རྩ་ཤིང་སོགས་ཁ་འབུས་པ་དང་། སོས་ཀ་མེ་ཏོག་རྒྱས་པ་དང་། སྟོན་དུས་རྩི་བཅུད་དང་འབྲས་བུ་སོགས་སྨིན་པའི་དུས་ཚིགས་ཀྱི་དཔལ་ལ་མངོན་པར་དགའ་ཞིང་། དེ་ཙམ་དུ་བདག་གི་ཚེ་ཡང་ཟད་དོ་སྙམ་དུ་མི་སེམས་པ་ནི། རྟག་འཛིན་གྱི་མུན་པས་སྒྲིབ་པ་ཤིན་ཏུ་བླུན་པ་ཡིན་ཏེ། སློབ་སྤྲིང་ལས། སོས་ཀ་མེ་ཏོག་རྒྱས་པའི་དུས་འདི་འབྱུང་འགྱུར་ཞིང་། །ཟླ་བ་གསལ་བས་མཚན་པའི་སྟོན་དུས་འདི་འབྱུང་ཞེས། །སྐྱེ་བོ་ཐམས་ཅད་དགའ་འགྱུར་བདག་གི་ཚེ་འདི་ནི། །ཟད་པར་འགྱུར་ཞེས་ཤིན་ཏུ་མི་དགར་སེམས་པའང་མེད། །ཞེས་གསུངས། དེའི་ཚེ་སྐྱེས་བུའི་ཚེ་སྲོག་ནི་འཚོ་བའི་མཐུན་རྐྱེན། ཟས་དང་གོས་དང་སྨན་ལ་སོགས་པ་རྣམས་ནི་འབད་པས་བསྒྲུབ་དགོས་ཤིང་རྙེད་པར་དཀའ་ལ། འགལ་རྐྱེན་ནད་བཞི་བརྒྱ་རྩ་བཞི་ལ་སོགས་པ་ནང་གི་རྐྱེན་དང་། དུག་མཚོན་གཡང་ས། མི་དང་མི་མ་ཡིན་པའི་ཉེར་འཚེ་སོགས་ཕྱིའི་འགལ་རྐྱེན་ཤིན་ཏུ་མང་བའི་ཕྱིར། ནམ་འཆི་ཆ་མེད་པར་ཤེས་པར་བྱས་ནས། དལ་འབྱོར་དོན་ཡོད་ལ་འབད་དགོས་ཏེ། རིན་ཆེན་ཕྲེང་བ་ལས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པ་ཡི་ནི་ཉུང་ཟད་གཅིག ། དེ་དག་ཉིད་ཀྱང་འཆི་བའི་རྐྱེན། །དེ་བས་རྟག་ཏུ་ཆོས་མཛོད་ཅིག། ཅེས་གསུངས་སོ། །དེ་བས་ན་དེང་སང་ཚེ་ལོ་བརྒྱ་པར་བྱེད་ཀྱང་། རང་གི་མཐོང་ཚོད་ལ་ཚེ་མཐར་འཁྱོལ་བ་རྣམས་ཀྱང་། དྲུག་ཅུ་ཁ་རལ་ལས་མི་ཐུབ་པར་སྣང་ཞིང་། རང་གིས་ཀྱང་སྔར་ཅི་ཙམ་སོང་ད་ཚེ་མཐར་འཁྱོལ་ཡང་ཅི་ཙམ་ཐུབ། ཚེ་མཐར་འཁྱོལ་བའི་གདེང་ཡང་ཅི་ཡོད་བསམ། གཞན་ཡང་རང་ལས་གཞོན་པ་དང་། རྒན་པ་དང་། ན་ཚོད་མཉམ་པ་ཡང་ཅི་ཙམ་ཤི་བསམ་ཞིང་། ཚེ་ཕྱི་མ་དང་ཟླ་བ་ཕྱི་མ་དང་། ཞག་ཕྱི་མ་གང་སྔ་མི་ཤེས་སྙམ་དུ་བསམས་ལ། ནམ་འཆི་ཆ་མེད་ཡང་ཡང་དྲན་པར་བྱའོ། །དེ་ལྟར་དལ་འབྱོར་རྙེད་པར་དཀའ་བ་དང་། འཆི་བ་མི་རྟག་པ་ཤེས། དགེ་སྡིག་གི་སྐྱོན་ཡོན་མཐོང་ནས། དེ་དག་རྣམས་ལ་བླང་དོར་ཚུལ་བཞིན་དུ་བྱེད་དགོས་པས།

ལས་རྒྱུ་འབྲས་བསམ་པ་ལ་གསུམ་སྟེ། དགེ་མི་དགེའི་ངོ་བོ། དབྱེ་བ། དེ་དག་གི་འབྲས་བུའི་རྣམ་གཞག་རྣམས་སོ། །དང་པོ་ནི། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱིས་བསྐྱེད་པའི་སྒོ་གསུམ་གྱི་ལས་ནི་མི་དགེ་བ་སྟེ། རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་པའི་ཕྱིར་རོ། །དེ་ལྟར་ཡང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བའོ། །ཞེས་གསུངས་སོ། །མ་ཆགས་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་དང་གསུམ་གྱིས་བསྐྱེད་པའི་སྒོ་གསུམ་གྱི་ལས་ནི་དགེ་བ་སྟེ། རྣམ་སྨིན་ཡིད་དུ་འོང་བ་འབྱིན་པའི་ཕྱིར་རོ། །འདོད་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་སོ། །མི་དགེ་བ་ལ་ཡང་བཅས་པའི་ཁ་ན་མ་ཐོ་བ་དང་། རང་བཞིན་གྱིས་ཁ་ན་མ་ཐོ་བ་གཉིས་སོ། །དང་པོ་ནི། རང་གིས་ཁས་བླངས་པའི་བསླབ་པའི་བཅས་མཚམས་ལས་འདས་པ་སྟེ། ཁྲིམས་ལྡན་ཁོ་ན་ལ་སྡིག་ཏུ་འགྱུར་བའོ། །གཉིས་པ་ནི། ཁྲིམས་དང་ལྡན་མི་ལྡན་ཀུན་ལ་སྡིག་ཏུ་འགྱུར་བའོ། །དེ་ལ་ཆེ་ལོང་ཙམ་དབྱེ་ན་མི་དགེ་བ་བཅུ་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་གསུམ་ནི་ལུས་ཀྱི་མི་དགེ་བའོ། །རྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུག་དང་། ངག་འཁྱལ་བ་དང་བཞི་ནི་ངག་གི་མི་དགེ་བའོ། །བརྣབ་སེམས་དང་། གནོད་སེམས་དང་། ལོག་ལྟ་གསུམ་ནི་ཡིད་ཀྱི་མི་དགེ་བའོ། །དེ་ལ་སྲོག་བཅོད་པ་ནི། རང་ལས་གཞན་པའི་སེམས་ཅན་རང་ངམ་རང་གིས་བསྐོས་ནས་གཞན་གྱིས་བསམ་བཞིན་དུ་མ་ནོར་བར་བསད་པ་སྟེ། སྲོག་གཅོད་པ་ནི་བསམ་བཞིན་དུ། །མ་ནོར་བ་ནི་གཞན་བསོད་པའོ། །ཞེས་སོ། །མ་བྱིན་ལེན་ནི། གཞན་གྱིས་བདག་གིར་གཟུང་བའི་ནོར་རང་ངམ། བསྐོས་པ་གཞན་གྱིས་མཐུའམ་འཇབ་བུས་བདག་གིར་བྱས་པ་སྟེ། མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་བུས་བདག་གིར་བྱེད། །ཅེས་དང་། འདོད་པས་ལོག་པར་གཡེམ་པ་ནི་རང་གི་ཁྱིམ་ཐབ་མ་ཡིན་པའི་སྐྱེས་པ་དང་བུད་མེད་སོགས་བགྲོད་བྱ་མ་ཡིན་པ་དང་། གཉིས་ཀྱིས་གཉིས་སྤྲོད་པའོ། །བགྲོད་མིན་བགྲོད་པར་འདོད་པ་ཡིས། །ལོག་པར་གཡེམ་པ་རྣམ་པ་བཞི། །ཞེས་སོ། །རྫུན་སྨྲ་ནི། ངག་དོན་གཞན་དུ་གནས་པ། གཞན་དུ་སྒྱུར་བར་འདོད་པའི་བློས་སྨྲས་པ་སྟེ། གཞན་གྱིས་དོན་གོ་བའོ། །རྫུན་ཚིག་འདུ་ཤེས་གཞན་བསྒྱུར་བས། །ངག་དོན་མངོན་པར་གོ་བའོ། །ཞེས་སོ། །ཕྲ་མ་ནི། ཕ་རོལ་མཛའ་བ་མི་མཛའ་བར་བྱ་བའམ། མི་མཛའ་བ་སླར་མི་འདུམས་པའི་ཕྱིར་དུ་བདེན་པའམ་རྫུན་པའི་ཚིག་སྨྲས་ཏེ་དོན་གོ་བའོ། །ཕྲ་མ་ཕ་རོལ་དབྱེ་བའི་ཆེད། །ཉོན་མོངས་ཅན་གྱི་སེམས་ཀྱི་ཚིག །ཅེས་སོ། །ཚིག་རྩུབ་ནི། སེམས་ཅན་གཞན་ལ་མི་སྙན་པའི་ཚིག་སྨྲ་བའོ། །ཚིག་རྩུབ་པ་ནི་མི་སྙན་པའོ། །ཞེས་སོ། །ངག་འཁྱལ་བ་ནི། ཉོན་མོངས་ཅན་གྱི་སེམས་ཀྱིས་ཀུན་ནས་བསླང་པའི་ངག་གང་ཡང་རུང་བའོ། །ཉོན་མོངས་ཅན་ཀུན་ཀྱལ་བ་ཡིན། །ཅེས་སོ། །གནོད་སེམས་ནི། སེམས་ཅན་གཞན་ལ་ཞེ་སྡང་བ་སྟེ། གནོད་སེམས་སེམས་ཅན་ལ་སྡང་བའོ། །ཞེས་སོ། བརྣབ་སེམས་ནི། གཞན་གྱི་ལོངས་སྤྱོད་ལ་ཆགས་པས་བདག་གིར་བྱེད་པ་འདོད་པ་ཡིན་ལ། ལོག་ལྟ་ནི། ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་རྒྱུ་འབྲས་ལ་མེད་ཅེས་བསྐུར་བ་འདེབས་པའོ། །རྒྱུ་དང་ལས་ལ་བསྐུར་འདེབས་པ། །ལོག་པར་ལྟ་བ་བརྣབ་སེམས་ནི། །འདོད་པས་གཞན་གྱི་ནོར་ལ་ཆགས། །ཞེས་སོ། །མི་དགེ་བ་བཅུ་པོ་དེ་དག་ལ་ཡང་། རྒྱུའམ་ཀུན་སློང་འདོད་ཆགས་ལ་སོགས་པ་གསུམ་ཀ་འབྱུང་ལ། དེའི་དུས་ཀྱི་ཀུན་སློང་། སྲོག་གཅོད་ཚིག་རྩུབ་གནོད་སེམས་རྣམས་ཀྱི་ནི་ཞེ་སྡང་ཡིན་ལ། འདོད་ལོག མ་བྱིན་ལེན། བརྣབ་སེམས་རྣམས་ཀྱི་ནི་འདོད་ཆགས་ཡིན་ལ། ལྷག་མ་རྣམས་ཀྱི་དེའི་དུས་ཀྱི་ཀུན་སློང་ནི་གསུམ་ཀ་འབྱུང་སྲིད་དོ། །དེ་ལ་ཆེ་འབྲིང་གི་དབྱེ་བ་ནི། མི་དགེ་བ་དེ་དག་ཡུལ་དཀོན་མཆོག་དང་ཕ་མ་དང་། བླ་མ་དང་། ཀུན་སློང་དུག་གསུམ་དྲག་པོ་དང་། ལན་གྲངས་མང་དུ་བྱས་པ་ནི་ཆེན་པོ་ཡིན་ལ། ཡུལ་གཞན་ལ་ཀུན་སློང་འབྲིང་ཙམ་དང་། ལན་གཉིས་ཙམ་བྱས་པ་ནི་འབྲིང་། ཀུན་སློང་ཞན་པ་དང་། ལན་ཅིག་ཙམ་བྱས་པ་ནི་ཆུང་ངུ་ཞེས་བྱའོ། །མི་དགེ་བ་དེ་དག་ཀྱང་ཤན་པ་དང་། རྔོན་པ་ལ་སོགས་པའི་རྒྱུད་ལ་ཡོད་པ་ནི། སྡོམ་མིན་ཞེས་བྱ་བ་སྟོབས་ཆེ་ལ། གཞན་གྱི་རྒྱུད་ལ་ཡོད་པ་ནི། བར་མའི་མི་དགེ་བ་ཞེས་བྱ་བ་སྟོབས་ཆུང་ངོ་། །དགེ་བའི་ལས་ལམ་བཅུ་ཡང་། ལུས་ཀྱི་གསུམ་དང་། ངག་གི་བཞི་དང་། ཡིད་ཀྱི་གསུམ་རྣམས་ཡིན་ལ། དེ་དག་ཀྱང་སྔར་བཤད་པའི་མི་དགེ་བ་བཅུ་པོ་དེ་དག་གི་གཞི་ཉེ་བར་གནས་པ་ན། རང་ལྟོས་ཀྱི་ངོ་ཚ་ཤེས་པ་དང་། གཞན་ལྟོས་ཀྱི་ཁྲེལ་ཡོད་པའི་དབང་གིས་འདི་ལྟ་བུ་བདག་གིས་བྱར་མི་རུང་ཞེས་སེམས་ཀྱིས་སྤང་ཞིང་། ལུས་ངག་གི་སླར་ལྡོག་པ་ཡིན་ཏེ། རིན་ཆེན་ཕྲེང་བར། མི་གསོད་པ་དང་རྐུ་སྤོང་དང་། །གཞན་གྱི་ཆུང་མ་སྤོང་བ་དང་། །ལོག་ལྟ་ཕྲ་བ་རྩུབ་ཉིད་དང་། །མ་འབྲེལ་སྨྲ་བ་ཡང་དག་སྡོམ། །ཆགས་དང་གནོད་སེམས་མེད་པ་དང་། །ཡིད་ཀྱི་ལྟ་བ་ཡོངས་སྤོང་བ། །འདི་དག་ལས་ལམ་དཀར་བཅུ་སྟེ། །བཟློག་པ་དག་ནི་ནག་པོ་ཡིན། །ཅེས་གསུངས་སོ། །འདི་དག་གི་ཆེ་འབྲིང་དབྱེ་བ་ཡང་མི་དགེ་བ་ཆེ་འབྲིང་གི་དབྱེ་བ་ལ་རྗེས་སུ་དཔགས་ནས་ཤེས་པར་བྱའོ། །ཡང་དགེ་བ་བཅུ་པོ་དེ་དག་མཁན་སློབ་ལ་སོགས་པའི་དྲུང་དུ་ཆོ་གས་བླངས་པ་ནི་སྡོམ་པས་བསྡུས་པ་ཡིན་ལ། སྡོམ་པ་དང་མི་ལྡན་པའི་རྒྱུད་ལ་ཡོད་པ་ནི་བར་མའི་དགེ་བ་ཞེས་བྱ་ལ། དགེ་བ་དེ་དག་ཟག་བཅས་ཀྱི་ཏིང་ངེ་འཛིན་གྱིས་ཐོབ་པ་ནི་བསམ་གཏན་གྱི་སྡོམ་པ་ཞེས་བྱའོ། །གཞན་ཡང ། དགེ་བ་དང་མི་དགེ་བའི་ལས་གང་ཁྱད་པར་རྣམ་པ་ལྔ་དང་ལྡན་པ་ནི་འབྲས་བུ་ངེས་པ་དང་མང་པོ་འབྱིན་པའི་ཕྱིར་ཆེན་པོ་ཞེས་བྱའོ། །དེ་དག་ཀྱང་གང་ཞེ་ན། སྦྱོར་བ་དང་། བསམ་པ་དང་། གཉེན་པོ་དང་། གཞིའི་ཁྱད་པར་རྣམས་སོ། །དེ་ལ་སྦྱོར་བའི་ཁྱད་པར་ནི། ལས་དེ་དུས་རྟག་ཏུ་བྱེད་པའོ། །བསམ་པའི་ཁྱད་པར་ནི། ཉོན་མོངས་དང་རབ་ཏུ་དང་བ་སོགས་མངོན་ཞེན་དྲགས་པོས་བྱས་པའོ། །གཉེན་པོའི་ཁྱད་པར་ནི། ལས་དེ་ལ་འཇོམས་བྱེད་ཀྱི་གཉེན་པོ་མེད་པའོ། །གཞིའི་ཁྱད་པར་ནི་གཉིས་ཏེ། ཕན་འདོགས་པའི་གཞི་ནི་ཕ་མ་དང་ཆོས་སྨྲ་བ་དང་། བྱེ་བྲག་ཏུ་ཕན་འདོགས་པ་ནི་དོམ་དང་སྤྲེའུ་ལ་སོགས་པའི་སྐྱེས་རབས་བཞིན་ནོ། །ཡོན་ཏན་གཙོ་བོ་དང་ལྡན་པའི་གཞི་ནི། དཀོན་མཆོག་གསུམ་དང་། འགོག་པ་ལས་ལངས་པ་སོགས་སོ། །དེ་དག་ལ་ཕན་གནོད་བྱས་པ་ལས་བྱུང་བ་ནི། གཞིའི་ཁྱད་པར་ལས་ཆེན་པོ་ཡིན་ནོ། །བཤེས་སྤྲིང་ལས། རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོར་ལྡན་གཞི་ལས་བྱུང་བའི་ལས། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་བས་དགེ་བ་སྤྱོད་ལ་བརྩོན་པར་གྱིས། །ཞེས་གསུངས་སོ། །དེ་ལྟ་བུའི ཁྱད་པར་དང་ལྡན་པའི་དགེ་མི་དགེའི་ལས་བྱས་ཤིང་བསགས་པ་ཞེས་བྱ་ལ། རྣལ་སྨིན་མྱོང་ངེས་པའི་ལས་ཡིན་ནོ། །དེ་ལས་གཞན་པའི་དགེ་མི་དགེའི་ལས་དག་ནི། མྱོང་བ་མ་ངེས་པའི་ལས་ཞེས་བྱའོ། །གསུམ་པ་དགེ་མི་དགེའི་ལས་དེ་རྣམས་ཀྱི་འབྲས་བུའི་ཁྱད་པར་གྱི་རྣམ་གཞག་ནི། སྤྱི་དང་བྱེ་བྲག་ཏུ་བཤད་པ་གཉིས་ཀྱི་དང་པོ་ནི། མི་དགེ་བའི་ལས་ཀྱིས་ནི་བདེ་འགྲོ་དང་ངན་འགྲོ་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཁོ་ན་སྐྱེད་ལ། དགེ་བའི་ལས་ཀྱིས་བདེ་འགྲོ་དང་བདེ་བ་ཁོ་ན་སྐྱེ་སྟེ། རིན་ཆེན་ཕྲེང་བར། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་བས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་གསུངས་སོ། །དེ་བས་ན་མི་དགེ་བའི་རྩ་བ་དུག་གསུམ་འབད་པས་སྤོང་དགོས་ཤིང་། དགེ་བའི་རྩ་བ་མ་ཆགས་པ་ལ་སོགས་པ་གསུམ་ནི་གུས་པས་བསྟེན་པར་བྱ་སྟེ། ཇི་སྐད་དུ། ཆགས་པ་ཞེ་སྡང་གཏི་མུག་དག །ཉེས་པར་མཁྱེན་ནས་ཡོངས་སུ་སྤོངས། །མ་ཆགས་ཞེ་སྡང་གཏི་མུག་མེད། །ཡོན་ཏན་མཁྱེན་ནས་གུས་པས་བསྟེན། །ཅེས་གསུངས་སོ། །

གཉིས་པ་བྱེ་བྲག་ཏུ་བཤད་པ་ལ། མི་དགེ་བ་དང་། དགེ་བའི་འབྲས་བུ་བྱེ་བྲག་ཏུ་བཤད་པ་གཉིས་ཀྱི། དང་པོ་ནི། མི་དགེ་བའི་ལས་དེ་དག་ལ་ཡང་འབྲས་བུ་གསུམ་སྟེ། རྣམ་སྨིན་དང་། རྒྱུ་མཐུན་པ་དང་། དབང་གི་འབྲས་བུའོ། །དང་པོ་ནི། མི་དགེ་བ་བཅུའི་ལས་དེ་དག་ལ། རྒྱུ་དང་དེའི་དུས་ཀྱི་ཀུན་སློང་ཞེ་སྡང་ཤས་ཆེ་བས་ནི་རྣམ་སྨིན་དམྱལ་བ་མྱོང་ལ། ཆགས་པ་ཤས་ཆེ་བས་ནི་ཡི་དྭགས་སུ་འགྱུར་ཞིང་། གཏི་མུག་ཤས་ཆེ་བས་ནི་དུད་འགྲོའོ། །དེ་སྐད་དུ་ཡང་། ཆགས་པས་ཡི་དྭགས་འགྲོ་བར་འགྲོ། །ཞེ་སྡང་གིས་ནི་དམྱལ་བར་འཕེན། །རྨོངས་པས་ཕལ་ཆེར་དུད་འགྲོར་འགྲོ། །ཞེས་གསུངས་སོ། །གཞན་ཡང་། གོང་དུ་བཤད་པའི་མི་དགེ་བའི་ལས་ཆེན་པོས་དམྱལ་བ། འབྲིང་གིས་ཡི་དྭགས། ཆུང་ངུས་དུད་འགྲོར་འཕེན་པར་བྱེད་དོ། །གཉིས་པ་རྒྱུ་མཐུན་གྱི་འབྲས་བུ་ལ། མྱོང་བ་རྒྱུ་མཐུན་དང་། བྱེད་པ་རྒྱུ་མཐུན་གཉིས་ཏེ། དང་པོ་ནི། མི་རུ་སྐྱེས་སུ་ཟིན་ཀྱང་ཚེ་ཐུང་བ་ལ་སོགས་པ་མི་འདོད་པ་དུ་མ་འབྱུང་སྟེ། རིན་ཆེན་ཕྲེང་བར། གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །རྣམ་པར་འཚེ་བས་གནོད་པ་མང་། །རྐུ་བ་ཡིས་ནི་ལོངས་སྤྱོད་ཕོངས། །བྱི་བོ་བྱས་པས་དགྲ་དང་བཅས། །རྫུན་དུ་སྨྲ་བས་སྐུར་པ་མང་། །ཕྲ་མ་ཡིས་ནི་བཤེས་དང་འབྱེད། །རྩུབ་མོ་ཉིད་ཀྱིས་མི་སྙན་ཐོས། །མ་འབྲེལ་བ་ཡིས་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བྱེད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཆང་འཐུང་བ་ཡིས་བློ་འཕྲུལ་ཏེ། །མ་བྱིན་པ་ཡིས་དབུལ་བ་ཉིད། །ལོག་པ་ལྟ་བས་བླུས་པ་སྟེ། ཁེངས་པ་ཡིས་ནི་རིགས་ངན་ཉིད། །ཕྲག་དོག་གིས་ནི་གཟི་ཆུང་ཉིད། ཁྲོ་བས་ཁ་དོག་ངན་པ་ཉིད། །མཁས་ལ་མི་འདྲི་བླུན་པ་ཉིད། །མི་ཉིད་ལ་ནི་འབྲས་བུ་འདི། །ཀུན་གྱི་ངན་འགྲོ་དང་པོའོ། །ཞེས་གསུངས་སོ། །བྱེད་པ་རྒྱུ་མཐུན་ནི། སྲོག་གཅོད་པ་ལ་སོགས་པའི་ལས་དེ་དང་དེ་བྱེད་པ་ལ་མངོན་པར་དགའ་བའོ། །གསུམ་པ་དབང་གི་འབྲས་བུ་ནི་ཡུལ་ཚྭ་རྒོ་ཅན་དང་། རྩྭ་ཤིང་དང་ལོ་ཐོག་ལ་སོགས་པ་དུས་སུ་མི་སྨིན་པ་དང་། ཞིང་ལས་དང་། ཚོང་ལས་ལ་སོགས་པ་ལས་ཀྱི་མཐའ་བསམ་བཞིན་མི་འགྲུབ་པའི་ཡུལ་ངན་པར་སྐྱེ་བའོ། །གཉིས་པ་དགེ་བའི་ལས་ཀྱི་འབྲས་བུ་ནི། མི་དགེ་བའི་ལས་ཀྱི་རྣམ་སྨིན་དང་། རྒྱུ་མཐུན་དང་། དབང་གི་འབྲས་བུ་དེ་ལས་བཟློག་ཏེ། བདེ་འགྲོ་ལྷ་མིའི་རྟེན་ལ་མྱོང་བར་འགྱུར་རོ། །དེ་སྐད་དུ་ཡང་རིན་པོ་ཆེའི་ཕྲེང་བར། མི་དགེ་ཞེས་བྱ་དེ་དག་གི །རྣམ་སྨིན་བསྒྲགས་པ་གང་ཡིན་པ། །དགེ་བ་དག་ནི་ཐམས་ཅད་ལ། །འབྲས་བུ་དེ་ནི་བཟློག་སྟེ་འབྱུང་། །ཞེས་བཤད་དོ། །དགེ་བའི་ལས་ལམ་བཅུ་པོ་སོ་ཐར་གྱི་སྡོམ་པས་བསྡུས་པ་དང་། བར་མའི་དགེ་བས་བསྡུས་པ་དག་ལ་བསོད་ནམས་ཀྱི་ལས་ཞེས་བྱ་ལ། དེ་དག་གི་རྣམ་སྨིན་འདོད་ཁམས་ཀྱི་ལྷ་མིའི་དཔལ་འབྱོར་ཐོབ་པར་འགྱུར་ཏེ། རིན་ཆེན་ཕྲེང་བ་ལས། མི་དགེ་ཀུན་ལས་ལྡོག་བྱ་ཞིང་། །དགེ་ལ་རྟག་ཏུ་འཇུག་བྱ་བ། །འདི་ནི་ཆོས་རྣམས་གཉིས་སུ་བཤད། །ཆོས་འདི་དམྱལ་བ་ཡི་དྭགས་དང་། །དུད་འགྲོ་དག་ལས་རྣམ་གྲོལ་ཞིང་། །ལྷ་དང་མི་ཡི་ནང་དག་ཏུ། །བདེ་དཔལ་རྒྱལ་སྲིད་རྒྱས་པར་ཤོག །ཅེས་གསུངས་སོ། །སྔར་བཤད་པའི་བསམ་གཏན་གྱི་སྡོམ་པ་དང་། དེ་ཐོབ་བྱེད་ཀྱི་ཏིང་ངེ་འཛིན་དང་། གཟུགས་མེད་པའི་སྙོམས་འཇུག་རྣམས་ནི་མི་གཡོ་བའི་ལས་ཞེས་བྱ་ལ། དེ་དག་གི་རྣམ་སྨིན་ནི་ཁམས་གོང་མ་ག ཉིས་སུ་ཏིང་ངེ་འཛིན་གྱི་བདེ་བ་མྱོང་བར་འགྱུར་ལ། བསམ་གཏན་ཚད་མེད་གཟུགས་མེད་ཀྱིས། །ཚངས་སོགས་བདེ་བ་མྱོང་བར་བྱེད། །ཅེས་བཤད་དོ། །

དེ་ལྟར་མངོན་མཐོའི་ཆོས་འདི་ཡང་། །དེའི་འབྲས་བུ་མདོར་བསྡུས་པའོ། །ཞེས་གསུངས་པ་ལྟར། སྔར་བཤད་པའི་ཟག་བཅས་ཀྱི་དགེ་བ་འབྲས་བུ་དང་བཅས་པ་འདི་དག་ནི་མངོན་པར་མཐོ་བའི་ཆོས་འབྲས་བུ་དང་བཅས་པའི་རྣམ་གཞག་ཡིན་ལ། ངེས་ལེགས་ཀྱི་ཆོས་འདི་ནི་འོག་ཏུ་འཆད་པར་འགྱུར་རོ། །དེ་ལྟར་ལས་རྒྱུ་འབྲས་ཀྱི་སྐྱོན་ཡོན་གྱི་རྣམ་གཞག་ལེགས་པར་ཤེས་པར་བྱས་ནས། དགེ་སྡིག་ཆུང་ངུ་ལ་ཡང་ཁྱད་དུ་མི་གསོད་པར་སྡིག་པ་ཕྲ་མོ་ནས་སྤོང་ཞིང་། དགེ་བ་ཕྲ་མོ་ནས་སྒྲུབ་ན། དལ་འབྱོར་དོན་ཡོད་པར་བྱས་པ་ཡིན་ལ། མི་དགེ་བ་ཀུན་སྤོང་ཞིང་དགེ་བ་ཀུན་སྒྲུབ་པའི་ནུས་པ་མེད་ནའང་། ཇི་སྐད་བཤད་པའི་དགེ་སྡིག་སྣ་རེ་ཙམ་ལ་བླང་དོར་ཚུལ་བཞི ན་དུ་བྱས་ན་ཡང་མི་ཁོམ་པར་སྐྱེས་པའི་སེམས་ཅན་ལ་ལྟོས་ན། དལ་འབྱོར་དོན་ཡོད་པར་བྱས་པ་ཡིན་ཏེ། དེ་དག་ནི་ལས་འབྲས་ཀྱི་འབྲེལ་བ་ལ་རྨོངས་པས། མི་དགེ་བ་འཆོལ་བར་སྤྱོད་ཅིང་དགེ་བ་སྣ་རེ་ཙམ་ཡང་སྒྲུབ་པའི་སྐབས་མེད་པའི་ཕྱིར་རོ། །བཤེས་སྤྲིང་ལས། ཁྱོད་ལ་དེ་སྐད་གདམས་པ་གང་ལགས་ཏེ། །བས་པར་དགེ་སློང་གིས་ཀྱང་བགྱི་བར་དཀའ། །འདི་ལས་གང་ཞིག་སྤྱོད་པའི་ངོ་བོ་དེ། །ཡོན་ཏན་སྟོན་པས་སྐུ་ཚེ་དོན་ཡོད་མཛོད། །ཅེས་གསུངས་སོ། །

བཞི་པ་འཁོར་བའི་ཉེས་དམིགས་བསམ་པ་ལ། འཁོར་བའི་ཉེས་དམིགས་བསམ་དགོས་པའི་རྒྱུ་མཚན་དང་། ཉེས་དམིགས་བསམ་པ་དངོས་ཀྱི་དང་པོ་ནི། དལ་འབྱོར་རྙེད་པར་དཀའ་བ་དང་། འཆི་བ་མི་རྟག་པ་ཤེས་ཤིང་། སྡིག་པ་སྤོང་ཞིང་དགེ་བ་སྒྲུབ་པས། ལྷ་མིའི་བདེ་བ་ཙམ་ཐོབ་ཀྱང་དེ་ཙམ་ནི་མཁས་པ་རྣམས་ཀྱི་ཡིད་བརྟན་དུ་རུང་བའི་གནས་མ་ཡིན་ཏེ། མཁས་པ་རྣམས་ཀྱིས་མཐོ་རིས་ཀྱང་དུད་འགྲོའི་གནས་ལྟར་ཡིད་དུ་མི་འོང་ཞིང་དམྱལ་བ་དང་མཚུངས་པར་སྡུག་བསྔལ་གྱི་གནས་སུ་མཐོང་སྟེ་དེ་སྐད་དུ་ཡང་མདོ་ལས། དགེ་སློང་དག་ང་ནི་མི་གཙང་བ་ཆུང་ངུ་ལ་ཡང་དྲི་མི་ང་བར་མི་སེམས་པའོ། །ཞེས་འཁོར་ལོས་བསྒྱུར་བའི་བདེ་བ་ལ་ཡང་ཡིད་འབྱུང་བའི་གནས་སུ་གསུངས་ཤིང་། བཞི་བརྒྱ་པ་ལས་ཀྱང་། མཁས་པ་རྣམས་ལ་མཐོ་རིས་ཀྱང་། །དམྱལ་བ་དང་མཚུངས་འཇིགས་པ་བསྐྱེད། །རྣམ་པ་ཀུན་ཏུ་དེ་དག་ལ། །སྲིད་གང་འཇིགས་པ་མི་བསྐྱེད་དཀོན། །ཞེས་དང་། ས་སྟེང་སྡིག་པའི་རྣམ་སྨིན་ནི། །ཅོ་འདྲི་ཁོ་ན་ཡིན་པར་མཐོང་། །དེས་ན་སྲིད་པ་གསོད་གནས་དང་། །མཚུངས་པར་དམ་པ་རྣམས་ལ་སྣང་། །ཞེས་གསུངས་སོ། །དེ་བས་ན་འཁོར་བའི་ཉེས་དམིགས་དྲན་པ་དེ་ཡིད་འབྱུང་མེད་ན་ཐར་པ་དོན་གཉེར་གྱི་བློ་མི་སྐྱེ་སྟེ། བརྒྱ་པ་ལས། གང་ལ་འདིར་སྐྱོ་ཡོད་མིན་པ། །དེ་ལ་ཞི་གུས་ག་ལ་ཡོད། །རང་ཁྱིམ་ལ་བཞིན་སྲིད་པ་ནི། །ངེས་འབྱུང་ཤིན་ཏུ་རྙེད་པར་དཀའ། །ཞེས་དང་། རྣམ་འགྲེལ་རྒྱན་ལས་ཀྱང་། འཁོར་བ་ལ་ཡིད་མ་འབྱུང་བའི། །སེམས་ནི་ཐར་པ་དོན་གཉེར་མིན། །སྡུག་བསྔལ་གྱིས་གདུང་མེད་པར་ཡང་། །སྐྱེ་བོ་སྐྱོ་བ་སྐྱེ་མ་ཡིན། །ཅེས་བཤད་དོ། །དེ་བས་ན་བཤེས་སྤྲིང་ལས། གློ་བུར་མགོའམ་གོས་ལ་མེ་ཤོར་ན། །དེ་དག་ཕྱིར་བཟློག་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །དེ་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་གསུངས་པ་ལྟར། འཁོར་བ་མཐའ་དག་གི་ཉེས་དམིགས་དྲན་པའི་སྒོ་ནས་འཁོར་བ་མེའི་འོབ་དང་། མི་གཙང་བའི་དོང་ལྟར་མཐོང་སྟེ། དེ་སྤངས་ཏེ་ཐར་པ་མྱ་ངན་ལས་འདས་པ་ཐོབ་འདོད་ཀྱི་བློ་རྣལ་མ་གཅིག་བསྐྱེད་པར་བྱའོ། །གཉིས་པ་འཁོར་བའི་ཉེས་དམིགས་དངོས་བསམ་པ་ལ་འཁོར་བ་སྤྱི་དང་། བྱེ་བྲག་སོ་སོའི་ཉེས་དམིགས་བསམ་པ་གཉིས་ཀྱི། དང་པོ་ནི། བཤེས་སྤྲིང་ལས། དེས་པ་འདོད་པས་ཕོངས་དང་འཆི་བ་དང་། །ན་རྒ་ལ་སོགས་སྡུག་བསྔལ་དུ་མ་ཡི། །འབྱུང་གནས་འཁོར་བ་ལ་ནི་སྐྱོ་མཛད་ཅིང་། །འདིའི་ཉེས་པ་ཤས་ཀྱང་གསན་པར་མཛོད། །ཅེས་གསུངས་ཏེ། དེས་པ་ཞེས་རྒྱལ་པོ་ལ་བོས་ནས། ཟས་གོས་ལ་སོགས་པ་འདོད་པས་ཕོངས་པ་དང་། མཐར་འཆི་བ་དང་། གནས་སྐབས་སུ་འབྱུང་བ་འགྱུར་བའི་ན་བ་དང་། ན་ཚོད་འགྱུར་བའི་རྒ་བ་དང་། སོགས་པས་བསྡུས་པའི་མྱ་ངན་དང་། སྨྲེ་སྔགས་འདོན་པ་ལ་སོགས་སྡུག་བསྔལ་དུ་མའི་འབྱུང་གནས་འཁོར་བ་ལ་ནི་སྐྱོ་བར་མཛད་དགོས་ཏེ། འཁོར་བ་ལ་ཡིད་མ་འབྱུང་ན་ཐར་པ་དོན་གཉེར་གྱི་བློ་མི་སྐྱེ་བའི་ཕྱིར་རོ། །དེ་སྐྱེ་བའི་ཐབས་སུ་འཁོར་བ་འདིའི་ཉེས་པ་ཤས་ཀྱང་ཕྱོགས་ཙམ་བརྗོད་ཀྱིས་གསན་པར་མཛོད་ཅིག་ཅེས་ཏེ། འཁོར་བའི་ཉེས་པ་རྫོགས་པར་བརྗོད་མི་ནུས་ཤིང་། ཕྱོགས་གཅིག་ཐོས་པས་ཀྱང་ཡིད་འབྱུང་བའི་ཕྱིར་རོ། །གཞན་ཡང་། འགྲོ་བ་མཐའ་དག རྒ་བ་དང་། ན་བ་དང་། འཆི་བ་དང་། རྒུད་པའི་ཆུ་བོ་ཆེན་པོ་བཞིས་གཡོས་ཏེ། སྡུག་བསྔལ་ཞིང་ཡིད་འབྱུང་བའི་གནས་ཡིན་ཏེ། རྒྱལ་པོ་ལ་གདམས་པ་ལས། དཔེར་ན་ཕྱོགས་བཞི་ནས་རི་ཆེན་པོ་སྲ་བ་བརྟན་པ། སྙིང་པོ་དང་ལྡན་པ། མ་ཞིག་པ། མ་གས་པ། འཕན་མེད་པ། ཤིན་ཏུ་འཁྲེགས་པ་ཞིག་ལྷུན་སྟུགས་པོ་བཞི་གནམ་ལ་རེག་ཅིང་ས་སློག་ཏེ། རྩ་དང་། ཤིང་དང་། ཤིང་གེལ་པ་དང་། ཡལ་ག་དང་། ལོ་མ་དང་། སེམས་ཅན་སྲོག་ཆགས་འབྱུང་པོ་ཐམས་ཅད་ཕྱེ་མར་འཐག་ཅིང་འོང་བ་ལ་ནི། མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱི་བཟློག་པའམ། རྫས་དང་། སྔགས་དང་། སྨན་གྱིས་བཟློག་པར་སླ་བ་ནི་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་འཇིགས་པ་ཆེན་པོ་བཞི་དག་འོང་སྟེ། དེ་དག་ལ་མགྱོགས་པས་བྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱི་བཟློག་པའམ། རྫས་དང་སྔགས་དང་སྨན་གྱིས་བཟློག་པར་སླ་བ་མ་ཡིན་ནོ། །བཞི་གང་ཞེ་ན། རྒ་བ་ད། ན་བ་དང་། འཆི་བ་དང་། རྒུད་པའོ། །རྒྱལ་པོ་ཆེན་པོ་རྒ་བ་ནི། དར་ལ་བབ་པ་འཇོམས་ཤིང་འོང་། ན་བ་ནི་ནད་མེད་པར་འཇོམས་ཤིང་འོང་། རྒུད་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང་། འཆི་བ་ནི་སྲོག་འཇོམས་ཤིང་འོང་སྟེ། དེ་དག་ལ་ནི་མགྱོགས་པས་བྲོས་པའམ། སྟོབས་ཀྱི་བཟློག་པའམ། ནོར་གྱིས་བཟློག་པའམ། རྫས་དང་སྔགས་དང་སྨན་གྱིས་ཞི་བར་སླ་བ་མ་ཡི་ནོ། །ཞེས་གསུངས་པ་ལྟར་རོ། །

གཉིས་པ་བྱེ་བྲག་སོ་སོའི་ཉེས་དམིགས་བསམ་པ་ལ། འགྲོ་བ་ལྔའི་སྡུག་བསྔལ་བྱེ་བྲག་ཏུ་བསམ་པ་ལ་ལྔ་ཡོད་པའི་དང་པོ། དམྱལ་བའི་སྡུག་བསྔལ་བསམ་པ་ནི། སེམས་ཅན་ཉེས་པ་སྤྱད་པ་སྤྱོད་རྣམས་ལ། །ཡང་སོས་ཐིག་ནག་རབ་ཏུ་ཚ་བ་དང་། །བསྡུས་འཇོམས་ངུ་འབོད་མནར་མེད་ལ་སོགས་པ། །དམྱལ་བ་རྣམས་སུ་རྟག་ཏུ་སྡུག་བསྔལ་ལོ། །ཞེས་གསུངས་ཏེ། སེམས་ཅན་རྣམས་ཀྱི་སྒོ་གསུམ་གྱི་ཉེས་པ་སྤྱད་པ་སྤྱོད་པ་རྣམས་ཀྱིས། ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་ལ་སོགས་པས་བསྡུས་པ་ལྷག་མ་རྣམས་དང་། ཉི་ཚེ་བ་དང་། གྲང་བའི་དམྱལ་བ་རྣམས་སུ་རྟག་ཏུ་སྡུག་བསྔལ་དག་མྱོང་བར་འགྱུར་རོ། །དེ་ལ་ཡང་སོས་ནི། དེར་སྐྱེས་པའི་སེམས་ཅན་རྣམས་ཕན་ཚུན་མཐོང་བ་ན་སྐྲག་ནས་གང་བླངས་པ་མཚོན་ཚ་རྣོན་པོར་འགྱུར་ཏེ། འཕངས་པས་ཡན་ལག་དང་ཉིང་ལག་བཅད་ཅིང་བརྒྱལ་ནས་ས་ལ་འགྱེལ་བ་ན། ནམ་མཁའ་ནས་ཡང་ཁྱོད་རྣམས་སོས་པར་གྱུར་ཅིག་ཅེས་པའི་སྒྲ་བྱུང་བ་ན། ཡར་ལངས་ཤིང་སྔ་མ་བཞིན་བྱ་སྟེ། གཞི་དེ་ལས་ཡུན་རིང་པོར་སྡུག་བསྔལ་མྱོང་བར་འགྱུར་ཏེ། སེམས་ཅན་དེ་ནི་ཡང་སོས་ཞེས་བྱའོ། །ཐིག་ནག་ཏུ་སྐྱེས་པའི་སེམས་ཅན་རྣམས་ལ། དམྱལ་བསྲུང་རྣམས་ཀྱིས་ལུས་ལ་ཐིག་ནག་པོ་བཞི་དང་། བརྒྱད་ལ་སོགས་པ་བཏབ་ནས་མཚོན་ཆ་སྣ་ཚོགས་ཀྱིས་བཤོག་ཅིང་གཅོད་པར་བྱེད་ལ། གཞི་དེ་ལས་ཡུན་རིང་པོ་སྡུག་བསྔལ་མྱོང་བར་འགྱུར་ཏེ། སེམས་ཅན་དེ་ལ་ཐིག་ནག་ཅེས་བྱའོ། །བསྡུས་འཇོམས་ནི། དམྱལ་བསྲུང་རྣམས་ཀྱིས་སེམས་ཅན་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་རི་ར་དང་ལུག་གི་གདོང་པ་འདྲ་བ་སོགས་ཀྱི་བར་དུ་བཅུག་ནས་འཚིར་ཞིང་། ཡང་འདུས་པ་ན། ལྕགས་ཀྱི་འཕྲུལ་འཁོར་གྱི་ནང་དུ་བཅུག་ནས། བུར་ཤིང་ལྟར་འཚིར་བར་བྱེད་ཅིང་། སྒོ་ཀུན་ནས་ཁྲག་གི་རྒྱུན་འབབ་བོ། །ཡང་འདུས་པ་ན། ལྕགས་ཀྱི་ཕ་འོང་གི་ཆར་འབབ་པས་གདུངས་ཤིང་ཀུན་ནས་གཉལ་བར་བྱེད་དེ། གཞི་དེ་ལས་ཡུན་རིང་པོར་སྡུག་བསྔལ་མྱོང་བར་འགྱུར་རོ། །སེམས་ཅན་དེ་ནི་བསྡུས་འཇོམས་ཞེས་བྱའོ། །ངུ་འབོད་ནི། སེམས་ཅན་དེ་གནས་ཚོལ་ཞིང་འགྲོ་བ་ན་ལྕགས་ཀྱི་ཁང་པའི་ནང་དུ་འཇུག་པར་བྱེད་ལ། དེར་ཞུགས་པ་ན་མེ་བཏང་སྟེ། འབར་ཞིང་ཀུན་ཏུ་རབ་ཏུ་འབར་བས་བསྲེག་པར་འགྱུར་ཏེ། དེ་དག་ནི་ངུ་ཞིང་ཉམ་ཐག་པའི་སྐད་འབྱིན་པར་འགྱུར་ཏེ། གཞི་དེ་ལས་ཡུན་རིང་པོར་སྡུག་བསྔལ་མྱོང་བར་འགྱུར་རོ། །སེམས་ཅན་དེ་ནི་ངུ་འབོད་ཅེས་བྱའོ། །ངུ་འབོད་ཆེན་པོ་ནི། ངུ་འབོད་ཀྱི་སྐབས་སུ་བཤད་པའི་ཁང་པ་དེ་ལྟ་བུ་ཉིས་སྦྲག་གི་ནང་ན་འདུག་པར་རིག་པར་བྱའོ། །ཚ་བ་ན། དམྱལ་བའི་སྲུང་མས་སེམས་ཅན་དེ་དག་ལྕགས་ཀྱི་བུམ་པའི་ནང་དུ་ཁྲོ་ཆུ་འབར་བས་འཚེད་པ་དང་། ལྕགས་ཀྱི་སླ་ང་འབར་བའི་ནང་དུ་རྔོས་པ་དང་། ལྕགས་ཀྱི་ས་གཞི་འབར་བའི་སྟེང་དུ་ཐོ་བ་འབར་བས་བརྡུང་བ་དང་། ལྕགས་ཀྱི་གསལ་ཤིང་འབར་བས་འཕོང་ནས་སྤྱི་བོའི་བར་དུ་ཐལ་བྱུང་དུ་ཕུག་པས་བ་སྤུའི་བུ་ག་དང་སྒོ་ཐམས་ཅད་ནས་མེ་འབར་བར་འགྱུར་ཏེ། གཞི་དེ་ལས་ཡུན་རིང་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། །སེམས་ཅན་དེ་ནི་ཚ་བ་ཞེས་བྱའོ། །རབ་ཏུ་ཚ་བ་ནི། སྡུག་བསྔལ་སྔ་མའི་སྟེང་དུ་གསལ་ཤིང་རྩེ་གསུམ་པས་ཕུག་ཏེ། སྤྱི་བོ་དང་ཕྲག་པ་གཉིས་སུ་ཕྱུང་ནས་སྒོ་ཀུན་ནས་མེ་འབར་བ་དང་། ལྕགས་ལེབ་འབར་བས་ལུས་འཁྲི་བ་དང་། ལྕགས་ཀྱི་ས་གཞི་འབར་བ་ལ་ལྕགས་ཕུར་བརྒྱས་རྒྱོང་བ་ལ་སོགས་པ་ཡོད་དེ། དེ་ལས་ཡུན་རིང་པོར་སྡུག་བསྔལ་མྱོང་བར་འགྱུར་རོ། །སེམས་ཅན་དེ་ནི་རབ་ཏུ་ཚ་བ་ཞེས་བྱའོ། །མནར་མེད་ནི། ཕྱོགས་བཞི་ནས་མེའི་ཕུང་པོ་འོངས་པ་སེམས་ཅན་དེའི་ལུས་ལ་མེ་ལྕེ་གཅིག་ཏུ་འགྱུར་ཏེ། སྨྲེ་སྔགས་འདོན་པ་ཙམ་མ་གཏོགས་པ་སེམས་ཅན་དང་མེ་ལྕེ་དབྱེར་མི་ཕྱེད་པར་གྱུར་པའོ། །འདི་ལ་སྡུག་བསྔལ་མྱོང་བ་ལ་བར་དང་མཚམས་མེད་པས་མནར་མེད་པ་ཞེས་བྱའོ། །གཞི་དེ་ལས་སྡུག་བསྔལ་ཡུན་རིང་དུ་མྱོང་སྟེ། སེམས་ཅན་དེ་ནི་མནར་མེད་པ་ཞེས་བྱའོ། །དེ་ལ་ཉེ་འཁོར་བ་ནི། སེམས་ཅན་དམྱལ་བ་ཆེན་པོའི་ཕྱོགས་བཞི་ན་སྒོ་བཞི་ཡོད་པའི་ཕྱི་རོལ་ན་སྡུག་བསྔལ་ལྷག་པ་བཞི་བཞི་ཡོད་དེ། འདི་ལྟར་དང་པོ་སྒོའི་ཕྱི་རོལ་ན་མེ་མར་མུར་པུས་ནུབ་ཙམ་ཡོད་ལ། དེར་རྐང་པ་འདེག་འཇོག་བྱེད་པ་ན། ཤ་དང་པགས་པ་སོགས་སྐྱེ་འཇིག་བྱེད་པར་འགྱུར་རོ། །དེ་དང་འདབ་འབྱོར་ན། རོ་མྱགས་ཕྱི་སའི་འདམ་ཤིན་ཏུ་དྲི་ངན་པ་ཡོད་དེ། དེར་འབོག་པ་ན་དེར་འགྱེལ་ཏེ། མགོ་དང་རྐང་པ་སོགས་བྱིང་སྟེ། དེ་ན་ཡོད་པའི་སྲོག་ཆགས་འབུ་མཆུ་རྣོན་གྱིས་ཤ་ལ་སོགས་པ་འབིགས་པར་བྱེད་དོ། །དེ་དང་འབབ་ཆགས་པ་ན་སྤུ་གྲིས་གཏམས་པའི་ལམ་ཡོད་ལ། དེར་ཕྱིན་པས་རྐང་པ་འདེག་འཇོག་གི་ཤ་སྐྱེ་འཇིག་བྱེད་དོ། །དེ་དང་འདབ་ཆགས་པ་ན་ནགས་ཚལ་རལ་གྲི་ལོ་མ་ཅན་ཡོད་ལ་དེར་བསིལ་གྲིབ་ལ་འཁོད་པ་ན་ཤིང་ལས་རལ་གྲི་རྣམས་ལྷུང་སྟེ། ཡན་ལག་དང་ཉིང་ལག་རྣམས་གཅོད་ཅིང་ས་ལ་འགྱེལ་བ་ན་ཁྱི་བསྲེ་བོ་དག་གིས་བཤུལ་ཤ་འཐོག་ཅིང་ཟའོ། །དེ་དང་འདབ་ཆགས་པ་ན། ལྕགས་ཀྱི་ཤིང་ཤལ་མ་ལིའི་ཚལ་ཡོད་དེ། དེར་སོ་བས་དེར་འབབ་འཛེག་བྱེད་དུ་བཅུག་ཅིང་། ཡར་འཛེག་པ་ན་ཚེར་མ་རྣམས་ཁ་ཐུར་དུ་བལྟ་བར་འགྱུར། འབབ་པ་ན་གྱེན་དུ་བལྟ་བས་ལུས་འབིགས་ཤིང་བཤོག་པར་བྱེད་དོ། །དེ་ན་ཡོད་པའི་ཁྭ་་ཏ་ལྕགས་ཀྱི་མཆུ་ཅན་གྱིས་མིག་འབྲས་དག་འཐོབ་ཅིང་ཟའོ། །དེ་དང་འདབ་ཆགས་པ་ན་ཆུ་ཀླུང་རབ་མེད་ཅེས་བྱ་བ་འགྱུར་བྱེད་ཀྱི་ཆུ་ཁོལ་མས་གང་བ་ཡོད་དེ། དེར་ལྷུང་བ་ན་ངོས་གཉིས་ནས་སྐྱེས་བུ་དབྱུག་པ་ཐོགས་པ་དག་གིས་བསྲུངས་ནས་ཕྱིར་དབྱུང་དུ་མི་སྟེར་ལ། གལ་ཏེ་ཕྱིར་བྱུང་ན་ལྕགས་ཀྱི་ས་གཞི་འབར་བ་ལ་གན་རྐྱལ་དུ་སྒྱེལ་ནས། ཁ་ལྕགས་ཀྱི་འབྱེད་སྤྱད་ཀྱིས་ཕྱེ་ནས། ལྕགས་ཀྱི་ཐུ་ལུམ་འབར་བའམ་ཟངས་ཞུན་བླུགས་པར་བྱེད་དོ། །གཞི་དེ་ལས་སྡུག་བསྔལ་ཡུན་རིང་དུ་མྱོང་བར་འགྱུར་ཏེ། དེ་ལ་སྤུ་གྲིས་གཏམས་པ་ལ་སོགས་པ་གསུམ་ནི། མཚོན་ཆར་འདྲ་བའི་ཕྱིར་ལྷག་པ་གཅིག་ཏུ་བྱས་སོ། །དེ་དག་ཕྱོགས་བཞིའི་བྱེ་བྲག་གིས་བཅུ་དྲུག་ཏུ་འགྱུར་ཏེ། ཇི་སྐད་དུ། མཛོད་ལས། བརྒྱད་པོ་ཀུན་ལ་ལྷག་བཅུ་དྲུག །མེ་མ་མུར་དང་རོ་མྱགས་འདམ། །སྤུ་གྲིའི་ལམ་སོགས་ཆུ་བོའོ། །ཞེས་གསུངས་པ་ལྟར་རོ། །

དེ་ལ་གྲང་བའི་སེམས་ཅན་དམྱལ་བར་སྐྱེས་པ་རྣམས་ཀྱིས་ནི། གྲང་བའི་སྡུག་བསྔལ་འདི་ལྟ་བུ་ཉམས་སུ་མྱོང་སྟེ། ཆུ་བུར་ཅན་དུ་སྐྱེས་པ་རྣམས་ནི། ས་དེ་ན་ཡོད་པའི་ལྷགས་པ་ཆེན་པོས་བཏབ་ཏེ་ལུས་ཐམས་ཅད་ཆུ་བུར་འབྱུང་བ་བཞིན་དུ་འཁུམས་པར་འགྱུར་བའོ། །ཆུ་བུར་རྡོལ་བ་ནི། ཆུ་བུར་རྡོལ་བ་བཞིན་དུ་འཁུམས་པར་འགྱུར་བའོ། །སོ་ཐམ་ཐམ་པ་དང་། ཀྱི་ཧུད་ཟེར་བ་དང་། ཨ་ཆུ་ཟེར་བ་རྣམས་ནི། གྲང་བས་ཉེན་ནས་ཚིག་ཏུ་བརྗོད་པ་ལས་སེམས་ཅན་དེ་དག་གི་མིང་དུ་བཏགས་པའོ། །ཨུཏྤལ་ལྟར་གས་པ་ནི། ས་དེ་ན་ཡོད་པའི་ལྷགས་པ་ཆེན་པོས་བརྡར་ཏེ། པགས་པ་རྣམས་སྔོ་ཞིང་ཁ་ལྔའམ་དྲུག་ཏུ་གས་པར་གྱུར་པའོ། །པད་མ་ལྟར་གས་པ་ནི། པགས་པ་སྔོན་པོ་ལས་འདས་ནས། དམར་པོར་གྱུར་ཅིང་ཁ་བཅུའམ་དེ་ལས་ལྷག་པར་གྱུར་པའོ། །པད་མ་ལྟར་གས་པ་ཆེན་པོ་ནི། པགས་པ་ཤིན་ཏུ་དམར་པོར་གྱུར་ནས་ཁ་བརྒྱའམ་དེ་ལས་ལྷག་པར་གས་པར་གྱུར་པའོ། །ཉི་ཚེ་བའི་སེམས་ཅན་དམྱལ་བ་རྣམས་ཀྱིས་སྡུག་བསྔལ་འདི་ལྟ་བུ་དག་མྱོང་སྟེ། རྒྱལ་པོའི་ཁབ་ཀྱི་བ་ལང་གི་ཤན་པ་སྐྱེས་པ་ཁང་པ་བརྩེགས་པ་ཙམ་ཉིན་སྐད་ཀྱིས་ངུ་ཞིང་ནམ་མཁའ་ལས་འོངས་པ་དང་། བ་ལང་གི་ཤན་པའི་སློབ་མ་རུས་གོང་གི་དྲི་ང་བ་ལ་བྱ་རོག་སོགས་ཀྱིས་འཐོག་པར་སྐྱེས་པ་སོགས་དང་། གཞན་ཡང་འཕགས་པ་དགེ་སྲུངས་ཀྱི་རྟོགས་བརྗོད་ལྟ་བུ་མྱོང་ངོ་། །དེའི་རྒྱུ་ལ་གནས་པ་རྣམས་སྐྲག་པར་བསྐྱེད་པ་ནི། སྡིག་ཅན་དབུགས་དབྱུང་འགག་པ་ཙམ་ཞིག་གིས། །དུས་ཀྱི་བར་དུ་ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཐོས་ནས་རྣམ་སྟོང་དུ། །མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་ནོ། །ཞེས་གསུངས་ཏེ། དམྱལ་བ་མྱོང་ངེས་ཀྱི་ལས་བྱས་པའི་སྡིག་ཅན་གང་དག་དམྱལ་བའི་སྡུག་བསྔལ་མྱོང་བ་ལ་དབུགས་འབྱུང་འཇུག་འགག་པའི་ཡུན་ཙམ་ཞིག་གི་དུས་ཀྱིས་བར་དུ་ཆོད་པར་ཟད་དེ། དབུགས་འགགས་མ་ཐག་དམྱལ་བར་ཉིང་མཚམས་སྦྱོར་བའི་ཕྱིར་རོ། །དེ་ལྟ་ན་ཡང་དེ་དག་གོང་དུ་བཤད་པའི་དམྱལ་བའི་སྡུག་བསྔལ་གཞལ་དུ་མེད་པ་ཐོས་ནས་རྣམ་པ་སྟོང་དུ་སྟེ། དུ་མར་སེམས་མི་འཇིགས ཤིང་། ལུས་མི་འགས་པ་གང་ལགས་པ་དེའི་ལུས་སེམས་ནི། ངེས་པར་རྡོ་རྗེའི་རང་བཞིན་དུ་ངེས་ཏེ། གཞན་དུ་ན་ཆེས་ཤིན་ཏུ་འཇིགས་པར་རིགས་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་འདི་ལྟར། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་ཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱང་། །འཇིགས་པ་བསྐྱེད་པར་གྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་བ་སྨོས་ཅི་འཚལ། །ཅེས་གསུངས་ཏེ། དམྱལ་བ་རི་མོར་བྲིས་པ་མཐོ ང་བ་དང་། སྔོན་མྱོང་བ་དྲན་པ་དང་། གཞན་ལས་ཐོས་པ་དང་། ཀློག་གམ་བཀླགས་པ་དང་། འཇིམ་པ་ལ་སོགས་པ་ལ་གཟུགས་སུ་བགྱིས་པའི་ཚུལ་རྣམས་ཀྱིས་ཀྱང་འཇིགས་པ་བསྐྱེད་ན། ཤིན་ཏུ་མི་བཟད་པའི་རྣམ་པར་སྨིན་པ་མངོན་སུམ་དུ་ཉམས་སུ་མྱོང་བ་སྨོས་ཅི་འཚལ་བའི་ཕྱིར་རོ། །དམྱལ་བ་ཀུན་སྡུག་བསྔལ་མཚུངས་སམ་ཞེ་ན། མ་ཡིན་ཏེ། གོང་མ་གོང་མ་ལས་འོག་མ་འོག་མ་རྣམས་སྡུག་བསྔལ་ཆེ་ཞིང་། ཐམས་ཅད་ལས་མནར་མེད་ཆེའོ། །ཞེས་བསྟན་པའི་ཕྱིར། བདེ་བ་ཀུན་གྱི་ནང་ན་སྲེད་ཟད་པའི། །བདེ་བའི་བདག་པོ་བགྱིད་པ་ཇི་ལྟར་བར། །དེ་བཞིན་སྡུག་བསྔལ་ཀུན་གྱི་ནང་ན་ནི། །མནར་མེད་དམྱལ་བའི་སྡུག་བསྔལ་རབ་མི་ཟད། །ཅེས་གསུངས་ཏེ། བདེ་བ་ཀུན་གྱི་ནང་ན་ཁམས་གསུམ་གྱི་སྲེད་པ་མ་ལུས་པ་ཟད་པའི་རྣམ་པར་གྲོལ་བའི་བདེ་བ་ལས་གཞན་གོང་ན་མེད་པའི་ཕྱིར། བདག་པོ་སྟེ་མཆོག་ཡིན་པ་ཇི་ལྟར་བ་དེ་བཞིན་དུ། མི་དགེ་བའི་འབྲས་བུ་སྡུག་བསྔལ་ཀུན་གྱི་ནང་ན་མནར་མེད་པའི་སྡུག་བསྔལ་ཉིད་མི་ཟད་ཅིང་ཆེའོ། །དམྱལ་བའི་སྡུག་བསྔལ་དེ་ཇི་ལྟར་ཆེ་ཞེ་ན། དེ་ལ་འགྲན་བཟོད་པའི་དཔེ་གཞན་མིའི་ནང་ན་མེད་དོ་ཞེས་སྟོན་པ་ནི། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། །འོལ་ཡང་མི་བཟོད་ཆར་ཡང་མི་ཕོད་དོ། །ཞེས་གསུངས་སོ། །མིའི་ནང་འདི་ན་ཉིན་གཅིག་རངས་པར་མདུང་ཐུང་སུམ་བརྒྱ་ཡིས། དུས་གཅིག་ལ་ཤུགས་དྲགས་པོས་བཏབ་པའི་སྡུག་བསྔལ་ག ང་ལགས་པ་དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ཉི་ཚེ་བ་ལྟ་བུའི་འོལ་ཅི་ཙམ་ཡང་མི་བཟོད། བརྒྱ་སྟོང་ལ་སོགས་པའི་ཆར་ཡང་མི་ཕོད་དོ། །དེ་ལྟ་བུའི་སྡུག་བསྔལ་དེ་དུས་ཇི་སྲིད་དུ་མྱོང་བར་བྱ་དགོས་ཞེ་ན། སོ་སོའི་ཚེ་ཚད་ནི། མཛོད་དུ། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་ལྷའི་ཚེ་དང་འདྲ་བ་ཡིན། །ཅེས་དང་། རབ་ཏུ་ཚ་ཕྱེད་མནར་མེད་ནི། །བར་གི་བསྐལ་པའོ། །ཞེ ས་པ་ལྟར་ཡིན་ལ། སྤྱིའི་དབང་དུ་མཛད་ནས། དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་ལོ། །བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང ནི། །ཇི་སྲིད་མི་དགེ་དེ་ཟད་མ་གྱུར་པ། །དེ་སྲིད་སྲོག་དང་བྲལ་བར་མི་འགྱུར་རོ། །ཞེས་གསུངས་སོ། །

གཉིས་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ནི། རེ་ཤིག་ཕྱིའི་དབ ང་དུ་བྱས་ནས། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་། །བཅིངས་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་གྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཞེེས་གསུངས་ཏེ། མི་ལྟར་འགྲེང་སྟེ་མི་འགྲོ་བར། དུད་དེ་འགྲོ་བས་ན་དུད་འགྲོ་སྟེ། དེའི་སྐྱེ་གནས་སུ་གཏོགས་པ་རྣམས་ན་ཡང་། མི་ལ་སོགས་པ་གཞན་གྱིས་བསད་པ་དང་། ཞགས་པ་ལ་སོགས་པས་བཅིངས་པ་དང་། ལྕག་གིས་བརྡེག་པ་ལ་སོགས་མི་དང་མི་མ་ཡིན་པའི་གནོད་པ་མཐའ་ཡས་པ་དང་། ཞི་བ་མྱ་ངན་ལས་འདས་པའི་དགེ་བ་ངེས་འབྱེད་ཆ་མཐུན་ལ་སོགས་སྤངས་ཏེ། དེ་དག་སྐྱེ་བའི་སྣོད་དུ་མི་རུང་བའི་དུད་འགྲོ་རྣམས་ལ་ནི། ཕན་ཚུན་གཅིག་ལ་གཅིག་ཟ་བའི་རྣམ་སྨིན་འབྱིན་པར་ངེས་པས་ཤིན་ཏུ་མི་བཟད་པ་དང་ལྡན་ནོ། །སོ་སོའི་སྡུག་བསྔལ་གྱི་དབང་དུ་བྱས་ནས། ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང་། །ལྕག་དང་ལྕགས་དཀྱུས་གདབ་པས་བཏབ་སྟེ་བཀོལ། །ཞེས་སོགས་གསུངས་ཏེ། དུད་འགྲོ་ཁ་ཅིག་མུ་ཏིག་གི་ཕྱིར་དང་། ཁ་ཅིག་བལ་གྱི་ཕྱིར་དང་། གླང་པོ་ཆེ་ལ་སོགས་པ་རུས་པའི་ཕྱིར་དང་། རི་དྭགས་ལ་སོགས་པ་ཤའི་ཕྱིར་དང་། གཟིག་ལ་སོགས་པ་པགས་པའི་ཕྱིར་དུ་འཆི་བར་འགྱུར་ལ། རང་དབང་མེད་པའི་མིའི་ཡོ་བྱད་དུ་གྱུར་པའི་དུད་འགྲོ་གཞན། རྟ་དང་། མ་ཧེ་དང་། བོང་བུ་དང་། གླང་པོ་ཆེ་དང་། གླང་ལ་སོགས་པ་དག་ནི། གོ་རིམ་བཞིན་དུ། རྡོག་པ་དང་། ལག་པ་དང་། ལྕག་དང་། ལྕགས་དཀྱུས་ལ་སོགས་པ་དག་གིས་གདབ་པས་ཏེ་དེ་དག་གིས་བཏབ་ཏེ་བཀོལ་བས་སྡུག་བསྔལ་བར་འགྱུར་རོ། །

གསུམ་པ་ཡི་དྭགས་ཀྱི་སྡུག་བསྔལ་ནི། རེ་ཞིག་སྤྱིའི་དབང་དུ་བྱས་ནས། ཡི་དྭགས་ན་ཡང་འདོད་པས་ཕོངས་པ་དང་། །སྐྱེས་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡི། །བསྐྱེད་པ་ཤིན་ཏུ་མི་ཟད་བསྟེན་འཚལ་ལོ། །ཞེས་གསུངས་ཏེ། ཡི་དྭགས་སུ་སྐྱེས་ན་ཡང་འདོད་པས་ཕོངས་པས་བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པར་བསྟེན་འཚལ་ལོ། །ཞེས་སྒྲེལ་ལོ། །དེ་ལ་རྒྱུན་ཆགས་མི་འཆོས་པ་ནི། ནམ་ཡང་འདོད་པས་འབྱོར་བའི་སྐབས་མེད་པས་སྡུག་བསྔལ་དེ་བཟློག་པའི་ཐབས་མེད་པའི་ཕྱིར་རོ། །དེ་ཉིད་ཇི་ལྟར་བུ་ཞེ་ན། བཀྲེས་སྐོམ་དང་། དགུན་གྲང་བ་དང་། གསོས་ཁ་དྲོ་བ་དང་། ཟས་སྐོམ་འཚོལ་བའི་དོན་དུ་རྒྱུག་པའི་ངལ་བ་དང་། སྐྱེས་བུ་མཚོན་ཐོགས་ལ་སོགས་པ་མཐོང་བ་ན་འཇིགས་ཤིང་སྐྲགས་པ་བསྐྱེད་པས་ཤིན་ཏུ་མི་ཟད་པའོ། །

ད་ནི་དེ་དག་གི་སྡུག་བསྔལ་གྱི་ཁྱད་པར་འགའ་ཞིག་བསྟན་པར་བྱ་སྟེ། དེ་ལ་བཀྲེས་སྐོམ་གྱི་སྡུག་བསྔལ་གྱི་དབང་དུ་བྱས་ནས། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རིའི་ལྟོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང ཟད་ཀྱང་། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཞེས་གསུངས་ཏེ། ཁ་ཁབ་མིག་ཙམ་དུ་ཆུང་ལ། ལྟོ་བ་རིའི་ལྟོས་ཙམ་ཤིན་ཏུ་ཆེ་སྟེ། དགང་དཀའ་བས་ན་བཀྲེས་པས་ཉེན་པར་འགྱུར་ཏེ། མི་གཙང་གྱི་ནར་བོར་བ་གཤང་གཅི་སོགས་ཅུང་ཟད་རྙེད་ཀྱང་ཁ་ཆུང་བས་འཚལ་བ་སྟེ། ཟ་བའི་ནུས་པ་དང་ལྡན་པ་མ་ལགས་པའི་ཕྱིར་རོ། །ལུས་མི་སྡུག་པ་དང་། ཁ་འབར་བའི་དབང་དུ་བྱས་ཏེ། ཁ་ཅིག་པགས་རུས་ལུས་ཤིང་གཅེར་བུ་སྟེ། །ཏ་ལ་ཡང་ཐོག་སྐམ་པ་ལྟ་བུ་ལགས། ཁ་ཅིག་མཚན་ཞིང་ཁ་ནས་འབར་བ་སྟེ། །ཟས་སུ་འབར་བའི་ཁར་འབབ་བྱེ་མ་འཚལ། །ཞེས་གསུངས་ཏེ། ཁ་ཅིག་གི་ལུས་ནི་ཤ་མེད་པར་པགས་རུས་ཙམ་ལུས་ཤིང་གོས་མེད་པར་གཅེར་བུ་སྟེ། དཔེར་ན་ཤིང་ཏ་ལ་ཡང་ཐོག་སྟེ། རྩེ་མོ་སྐམས་པ་ཤུན་པ་དང་བྲལ་བ་ལྟ་བུ་ལགས་ཞེས་སོ། ཁ་ཅིག་ཉིན་བར་མ་ཡིན་གྱི་མཚན་མོ་རེ་རེ་ཞིང་ཁ་ནས་མེ་འབར་བ་སྟེ། མེ་འབར་བའི་ཁར་བྱེ་མ་ཚ་པོ་དག་འབབ་ཅིང་། འབབ་ཆུ་དེ་དག་ཟས་སུ་འཚལ་བ་སྟེ་ཟ་བར་བྱེད་དོ། །ཡི་དྭགས་ཀྱི་སྨད་རིགས་ཀྱི་སྡུག་བསྔལ་ཁྱད་པར་དུ་བསྟན་པའི་ཕྱིར། སྨད་རིགས་འགས་ནི་རྣག་དང་ཕྱི་ས་དང་། ཁྲག་སོགས་མི་གཙང་བ་ཡང་མི་རྙེད་དེ། །ཕན་ཚུན་གདོང་དུ་འཚོག་ཅིང་མགྲིན་པ་ནས། །ལྤ་བ་བྱུང་བ་སྨིན་པའི་རྣག་འཚལ་ལོ། །སྨད་རིགས་ཏེ་ཤིན་ཏུ་བསོད་ནམས་ཆུང་བ་འགས་ནི། རྣག་དང་། ཕྱི་ས་དང་། ཁྲག་ལ་སོགས་པ་མི་གཙང་བ་ཡང་མི་རྙེད་ན། བཟང་པོ་ལྟ་སྨོས་ཀྱང་ཅི་དགོས། འོན་ཀྱང་དེ་དག་ཕན་ཚུན་མཐོང་བ་ན། ཁྲོས་ཏེ་གཅིག་གིས་གཅིག་ལ་གདོང་དུ་འཚོག་ཅིང་། ལག་ནས་ཐོ་བ་བྱུང་ནས་ཕན་ཚུན་བསྣུན་པས་འགྲིན་པ་ནས་ལྦ་བ་བྱུང་བ་སྨིན་པའི་རྣག་ཁོང་དུ་ཟགས་པ་རྣམས་ཟས་སུ་འཚལ་ལོ། །དེ་དག་གི་སྡུག་བསྔལ་གྱི་ཁྱད་པར་གཞན་བསྟན་པའི་ཕྱིར། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང་། །ལྗོན་ཤིང་འབྲས་བུ་མེད་འགྱུར་དེ་དག་གིས། །བལྟས་པ་ཙམ་གྱིས་ཀླུང་ཡང་སྐམ་པར་འགྱུར། །ཅེས་གསུངས་ཏེ། སྨད་རིགས་འདི་དག་རྣམས་ལ་ནི། སོས་ཀའི་དུས་སུ་ཟླ་བའང་ཚ་བའི་རྐྱེན་དུ་འགྱུར་ལ། དགུན་ནི་ཉི་མ་ཡང་གྲང་བའི་རྐྱེན་དུ་འགྱུར་བ་དེ་ལྟ་བུའི་ཚ་གྲང་ཀྱི་སྡུག་བསྔལ་མྱོང་ཞིང་། དེ་དག་གིས་བལྟས་པ་ཙམ་གྱིས་ལྗོན་ཤིང་འབྲས་བུ་སྨིན་པ་ཕུན་སུམ་ཚོགས་པས་གང་ཞིང་། ཡལ་ག་དུད་པ་རྣམས་ཀྱང་། ཡལ་ག་དང་འབྲས་བུ་མེད་ཅིང་། སྐམས་པར་སྣང་བར་འགྱུར་བ་དང་། ཡན་ལག་བརྒྱད་དང་ལྡན་པའི་ཆུ་ཀླུང་ཡང་སྐམས་པ་དང་། འདག་མེ་འབར་བས་གང་བ་དང་། སྲིན་བུ་དང་བཅས་པའི་མི་གཙང་བ་དུ་མས་གང་བ་ཉིད་དུ་སྣང་བར་འགྱུར་རོ། །དེ་དག་གི་སྡུག་བསྔལ་དེ་ཡུན་ཇི་སྲིད་དུ་མྱོང་ཞེ་ན། བར་ཆད་མེད་པར་སྡུག་བསྔལ་བསྟེན་གྱུར་པ། །ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་ནི། །སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ལོ། །ལྔ་སྟོང་དག་དང ཁྲིར་ཡང་འཆིར་མི་འགྱུར། །བར་ཆད་མེད་དེ་རྒྱུན་ཆགས་པར་སྡུག་བསྔལ་བསྟེན་པར་འགྱུར་བའི་ལུས་ཅན་དེ་རྣམས་ནི། ཚེ་ཚད་རྫོགས་པར་ཐུབ་པ་ཁ་ཅིག་མི་ལོ་ལྔ་སྟོང་དང་། ཁྲིར་ཡང་ཟས་སྐོམ་སོགས་མ་འབྱོར་ཡང་འཆི་བར་མི་འགྱུར་ཏེ། ཉེས་སྤྱད་ཀྱི་ལས་ཀྱི་ཞགས་པ་སྲ་བས་བཅིངས་པའི་ཕྱིར་རོ། །སྡུག་བསྔལ་དེ་ལྟ་བུ་མྱོང་བའི་རྒྱུ་གང་ཞེ་ན། དེ་ལྟར་ཡི་དྭགས་རྣམས་ཀྱི་སྣ་ཚོགས་པའི། །སྡུག་བསྔལ་རོ་གཅིག་ཐོབ་པ་གང་ལགས་པ། །དེ་ཡི་རྒྱུ་ནི་སྐྱེ་བོ་འཇུངས་དགའ་བ། །སེར་སྣ་འཕགས་སྨིན་ལགས་པར་སངས་རྒྱས་གསུངས། །སྔར་བཤད་པ་དེ་ལྟར་ཡི་དྭགས་རྣམས་ཀྱིས་བཀྲེས་སྐོམ་ལ་སོགས་པ་སྣ་ཚོགས་པའི་སྡུག་བསྔལ་མྱོང་བ་ཐམས་ཅད་ཀྱང་། སྡུག་བསྔལ་ཉིད་དུ་གཅིག་པ་རོ་གཅིག་ཏེ། དེ་ལྟ་བུ་ཐོབ་པ་གང་ལགས་པ་དེའི་རྒྱུ་ནི། སྐྱེ་བོ་འཇུངས་དགའ་སྟེ། སེར་སྣ་གོམས་པར་བྱས་པ་ཡིན་ལ། དེ་ཡང་འཕགས་མིན་ཏེ། མི་དགེ་བ་སྟོབས་ལྡན་ལགས་པར་སངས་རྒྱས་གསུངས། ཇི་སྐད་དུ། བསྡུད་པ་ལས། སེར་སྣ་ཅན་ནི་ཡི་དྭགས་གནས་སུ་སྐྱེ་བར་འགྱུར། །ཅི་སྟེ་མིར་སྐྱེས་ན་ཡང་དེ་ཚེ་དབུལ་པོར་འགྱུར། །ཅེས་གསུངས་པ་ལྟ་རོ། །

བཞི་པ་མིའི་སྡུག་བསྔལ་ནི། བཞི་བརྒྱ་པར། མཆོག་ལ་ཡིད་ཀྱི་སྡུག་བསྔལ་ཏེ། །ཐ་མལ་རྣམས་ལ་ལུས་ཀྱིས་སོ། །སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་འདིར། །ཉིན་རེ་ཉིན་རེ་འཇོམས་པར་བྱེད། །ཅེས་གསུངས་པ་ལྟར། རྒྱལ་པོ་དང་ནོར་ལྡན་ལ་སོགས་པའི་མིའི་མཆོག་རྣམས་ལ་ནི། ནོར་དང་མངའ་ཐང་ལ་སོགས་པ་བསྲུང་བ་དང་། ཉ མས་ཀྱིས་དོགས་པའི་སེམས་ཀྱིས་སྡུག་བསྔལ་ཆེན་པོ་དང་ལྡན་ཞིང་། བྲན་དང་དབུལ་པོ་ལ་སོགས་པ་དམན་པ་རྣམས་ལ་ནི། ཟས་གོས་སོགས་ཚོལ་བའི་སྡུག་བསྔལ་དང་། བཀྲེས་སྐོམ་ལ་སོགས་པ་ལུས་ཀྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མཐོང་བ་དང་ཐོས་པས་ཉམས་སུ་མྱོང་བས་གྲུབ་པར་རྒྱས་པར་བཤད་མི་དགོས་སོ། །

ལྔ་པ་ལྷ་དང་ལྷ་མིན་གྱི་སྡུག་བསྔལ་བསམ་པ་གཉིས་ཀྱི་དང་པོ་ནི། མཐོ་རིས་ན་ཡང་བདེ་ཆེན་དེ་དག་གི །འཆི་འཕོའི་སྡུག་བསྔལ་ཉིད་ནི་དེ་བས་ཆེ། །དེ་ལྟར་བསམས་ནས་ཡ་རབས་རྣམས་ཀྱིས་ནི། །ཟད་འགྱུར་མཐོ་རིས་སླད་དུའང་སྲེད་མི་གྱིས། །ཞེས་གསུངས་ཏེ། མཐོ་རིས་འདོད་པའི་ལྷ་ན་ཡང་། འདོད་པའི་ཡུལ་ཕུན་སུམ་ཚོགས་པ་སྤྱོད་པའི་བདེ་བ་ཆེན་པོ་ཡོད་མོད་ཀྱི། དེ་དག་གི་འཆི་འཕོའི་སྡུག་བསྔལ་ནི་བདེ་བ་དེ་བས་ཆེ་སྟེ། ཇི་སྐད་དུ། ཀྱེ་ཧུད་ཤིང་རྟ་སྣ་ཚོགས་ཚལ། །ཀྱེ་ཧུད་རྫིང་བུ་དལ་གྱིས་འབབ། །ཀྱེ་ཧུད་སྡུག་པའི་རྣམ་ཤེས་ལྷ། །སྨྲེ་སྔགས་འདོན་ཅིང་ས་ལ་ལྷུང་། །ཞེས་བཤད་པ་ལྟར་རོ། །དེ་ལྟར་བསམས་ནས་ཡ་རབས་ཏེ། རྟོགས་ལྡན་རྣམས་ཀྱིས་མཐོ་རིས་ཀྱི་བདེ་བའི་སླད་དུ་ཡང་སྲེད་པར་མི་བགྱི་སྟེ། བདེ་བ་དེ་ཡང་ཟད་པར་འགྱུར་བས་སྙིང་པོ་མེད་པའི་ཕྱིར་རོ། །ལྷ་དག་རྫུས་སྐྱེས་ཡིན་པས་གནད་གཅོད་པའི་སྡུག་བསྔལ་ནི་མེད་ན་ཇི་ལྟར་དེ་དག་འཆི་བའི་ཚེ་སྡུག་བསྔལ་འབྱུང་ཞེ་ན། ལུས་ཀྱི་སྡུག་བསྔལ་མེད་ཀྱང་། འཆི་ལྟས་ཀྱིས་ཟིན་པ་ན། སེམས་ཀྱི་སྡུག་བསྔལ་ཤིན་ཏུ་ཆེན་པོ་འབྱུང་ངོ་ཞེས་བསྟན་པའི་ཕྱིར་དུ། ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང ། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིང་དང་། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་རྔུལ་འབྱུང་ཞེས་གྱི་བ། །མཐོ་རིས་འཆི་འཕོ་སྦྲོན་བྱེད་འཆི་ལྟས་ལྔ། །མཐོ་རིས་གནས་པའི་ལྷ་རྣམས་ལ་འབྱུང་ཏེ། །ས་སྟེང་མི་རྣམས་འཆི་བར་འགྱུར་བ་དང་། །སྦྲོན་པར་བྱེད་པའི་འཆི་ལྟས་རྣམས་དང་འདྲ། །ཞེས་གསུངས་ཏེ། གང་གི་ཚེ་ལྷ་རྣམས་འཆི་བར་འགྱུར་བ་དེའི ཚེ་ལུས་ཀྱི་ཁ་དོག་མཛེས་པ་དག་ཉམས་ནས་མི་སྡུག་པར་འགྱུར་བ་དང་། རང་གི་སྟན་ལ་འདུག་པར་མི་དགའ་བ་དང་། རྒྱན་གྱི་མེ་ཏོག་ཕྲེང་བ་རྣམས་རྙིང་པ་དང་། གོས་ལ་དྲི་མ་ཆགས་པ་དང་། ལུས་ལ་སྔོན་ཆད་རྔུལ་འབྱུང་བ་མེད་པ་ལས་དེའི་ཚེ་འབྱུང་བ་དང་ལྔ་ནི། གང་མཐོང་ན་ལྷ་རྣམས་ཡིད་མི་བདེ་བ་སྐྱེ་བར་འགྱུར་བའི་མཐོ་རིས་ལྷ་རྣམས་ཀྱི་འཆི་འཕོ་བའི་སྦྲོན་པར་བྱེད་པའི་སྔ་ལྟས་སམ་རྟགས་ཡིན་ཏེ། དཔེར་ན་ས་སྟེང་མི་རྣམས་འཆི་བར་འགྱུར་བ་སྦྲོན་པར་བྱེད་པའི་འཆི་ལྟས་སྣ་ཞོམ་པ་དང ། གཤིན་རྗེའི་དྲི་མ་འབྱུང་བ་ལ་སོགས་པ་དང་འདྲའོ། །འཆི་འཕོ་བའི་སྡུག་བསྔལ་འབྱུང་བ་འབའ་ཞིག་ཏུ་མ་ཟད་ཀྱི། ཤི་བའི་འོག་ཏུ་ངན་སོང་གི་སྡུག་བསྔལ་དག་མྱོང་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། ལྷའི་འཇིག་རྟེན་དག་ནས་འཕོས་པ་ལ། །གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན། །དེ་ནས་དབང་མེད་དུད་འགྲོ་ཡི་དྭགས་དང་། །དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། །ཅེས་གསུངས་ཏེ། ལྷའི་འཇིག་རྟེན་ནས་ཤི་འཕོས་པ་རྣམས་ལ་གལ་ཏེ་མཐོ་རིས་སྐྱེ་འགྱུར་གྱི་དགེ་བའི་ལྷག་མ་འགའ་མེད་ན། དེ་ནས་མཐོ་རིས་སུ་གནས་པའི་དབང་མེད་པས། དུད་འགྲོ་དང་། ཡི་དྭགས་དང་། དམྱལ་བ་རྣམས་ལས་གང་ཡང རུང་བ་རྣམས་སུ་སྡུག་བསྔལ་བ་མྱོང་བར་འགྱུར་རོ། །

གཉིས་པ་ལྷ་མིན་གྱི་སྡུག་བསྔལ་ནི། ལྷ་མིན་དག་ནའང་རང་བཞིན་གྱིས་ལྷའི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ཡང་འགྲོ་བ་ཡི། །སྒྲིབ་པས་བདེན་པ་མཐོང་བ་མ་ཡིན་ནོ། །ཞེས་གསུངས་ཏེ། ལྷ་མ་ཡིན་རྣམས་ནི་ང་རྒྱལ་ཆེ་བའི་ཕྱིར། རང་བཞིན་གྱིས་ང་རྒྱལ་ལས་བྱུང་བའི་ལྷའི་དཔལ་ལ་སྡང་བའི་ཕྱིར་མི་བཟོད་པས་བསྐྱེད་པའི་ཡིད་ཀྱི་སྡུག་བསྔལ་ཆེ་སྟེ། ཕྲག་དོག་གིས་ནི་ཡིད་ཤིན་ཏུ་གདུང་བར་བྱེད་པའི་ཕྱིར་རོ། །གཞན་ཡང་ལྷ་དང་གཡུལ་འགྱེད་པའི་ཚེ། ལུས་བཅད་པ་དང་འདྲལ་བ་ལ་སོགས་པའི་སྡུག་བསྔལ་ཡོད་ཅིང་། དེ་དག་དགེ་སྡིག་ལ་རྣམ་པར་དཔྱོད་པའི་བློ་དང་ལྡན་པ་ཡིན་ཡང་། བདེན་པ་མཐོང་བ་མ་མཆིས་ཏེ། འགྲོ་བའི་སྒྲིབ་པ་སྟེ་རྣམ་སྨིན་གྱི་སྒྲིབ་པ་ཅན་ཡིན་པའི་ཕྱིར་རོ། །འགྲེལ་པར། ལྷ་མ་ཡིན་མི་དགེ་བས་འཕངས་ཤིང་། དགེ་བས་རྫོགས་པར་བཤད་ཀྱང་། དེ་དག་ལྷའི་འགྲོ་བ་པ་ཡིན་པའི་ཕྱིར་འཕེན་བྱེད་ཀྱང་དགེ་བས་འཕངས་པར་འཕགས་པ་ཐོགས་མེད་ཀྱིས་བཤད་དོ། །ཁམས་གོང་མར་གཟུགས་དང་། གཟུགས་མེད་པར་སྐྱེས་པའི་ལྷ་རྣམས་ཀྱང་། ཟག་བཅས་ཀྱི་ཏིང་ངེ་འཛིན་གྱི་དབང་གིས། རེ་ཞིག་སྡུག་བསྔལ་གྱི་སྡུག་བསྔལ་ལས་འདས་ཀྱང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཕོལ་མིག་ཀུན་ཏུ་ཚ་བ་ལྟ་བུ་ལས་མ་གྲོལ་ཞིང་། མདའ་གནམ་དུ་འཕངས་པ་ཤུགས་ཟད་ནས་ས་ལ་ལྟུང་བ་ལྟར། དགེ་བའི་ལས་ཀྱི་ནུས་པ་ཟད་ནས་སའི་སྟེང་དུ་ལྷུང་སྟེ། ངན་སོང་གསུམ་ལ་སོགས་པའི་སྡུག་བསྔལ་མྱོང་དགོས་སོ། །དེའི་ཕྱིར། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེའི་བུད་ཤིང་གྱུར་པ་ཡིས། །སྡུག་བསྔལ་རྒྱུན་མི་ཆད་པ་བསྟེན་འཚལ་ལོ། །ཞེས་གསུངས་སོ། །དེ་ལྟར་ན། འཁོར་བ་དེ་འདྲ་ལགས་པས་ལྷ་མི་དང་། །དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་དག་ཏུ། །སྐྱེ་བ་བཟང པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་གྱུར་ལགས་མཁྱེན་མཛོད། །ཅེས་གསུངས་པ་ལྟར། འགྲོ་བ་མཐའ་དག་གི་སྡུག་བསྔལ་སྒོ་དུ་མ་ནས་བསམས་ཏེ། སྐྱུག་ནད་པས་ཟས་མཐོ ང་བ་ལྟར། འཁོར་བ་ལ་ཤིན་ཏུ་ཡིད་འབྱུང་བའི་སྒོ་ནས། མྱང་འདས་ཐོབ་འདོད་ཀྱི་བློ་རྣལ་མ་གཅིག་སྐྱེད་པར་བྱའོ། །དེ་ལྟར་ཐུན་མོང་གི་སྔོན་འགྲོས་རྒྱུད་ལེགས་པར་སྦྱངས་ནས། ཐེག་པ་ཆེན་པོའི་ལམ་ལ་འཇུག་པར་འདོད་པས། བྱིན་རླབས་འཇུག་པའི་ཡན་ལག་ཏུ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་བླ་མའི་རྣལ་འབྱོར་བསྒོམ་པར་བྱ་སྟེ། དེ་ཡང་རྩ་རྒྱུད་བླ་མ་རྣམས་ཁྲོམ་ཚོགས་སམ། ཐོ་རྩེགས་སམ། རྩ་བའི་བླ་མ་ལ་ཀུན་སྟིམས་ཏེ་སྒོམ་པ་སོགས་ཇི་ལྟར་རིགས་པར་བྱ་སྟེ། དེ་ཡང་ངག་ལས་ཤེས་སོ། །

གཉིས་པ་མན་ངག་དངོས་གཞི་ལ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་ཀྱི། དང་པོ་ནི། ཐེག་ཆེན་ཆོས་ཀྱི་རྩ་བ་བྱམས་སྙིང་རྗེ་སྒོམ་པ་དང་། དེའི་འབྲས་བུ་སྨོན་འཇུག་གི་སེམས་བསྐྱེད་པ་བསྟན་པ་གཉིས་ཀྱི། དང་པོ་ལ། བྱམས་སྙིང་རྗེ་ཐེག་ཆེན་ཆོས་ཀྱི་རྩ་བར་བསྟན་པ་དང་། དེ་སྒོམ་ཚུལ་དངོས་དང་། དེ་དག་གི་ཕན་ཡོན་བསྟན་པ་གསུམ་གྱི། དང་པོ་ནི། བློ་གྲོས་མི་བཟད་པས་བསྟན་པའི་མདོ་ལས། བཙུན་པ་ཤྭ་ར་དུ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་མི་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན་སྔོན་དུ་འགྲོ་བའི་ཕྱིར་རོ། །བཙུན་པ་ཤྭ་ར་དུ་ཏིའི་བུ་འདི་ལྟ་སྟེ། དཔེར་ན། དབུགས་ཕྱི་ནང་དུ་རྒྱུ་བ་ནི་མིའི་སྲོག་གི་དབང་པོ་སྔོན་དུ་འགྲོ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ནི། ཐེག་པ་ཆེན་པོ་ཡང་དག་པར་བསྒྲུབ་པའི་སྔོན་དུ་འགྲོ་བ་ཡིན་ནོ། །ཞེས་དང་། ཆོས་ཡང་དག་པར་བསྡུས་པའི་མདོ་ལས་ཀྱང་། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་མང་པོ་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་གཅིག་རབ་ཏུ་བཟུང་ཞིང་རྟོགས་པར་བགྱིས་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་དུ་མཆིས་པ་ལགས་སོ། །ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ་སྙིང་རྗེ་ཆེན་པོའོ། །བཅོམ་ལྡན་འདས་སྙིང་རྗེ་ཆེན་པོས་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་མཐིལ་ཏུ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་དཔེར་བགྱི་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་གང་དུ་མཆིས་པ་དེར། དཔུང་གི་ཆོགས་ཐམས་ཅད་མཆིའོ ། །བཅོམ་ལྡན་འདས་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་དེ་གང་དུ་མཆིས་པ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དཔེར་བགྱི་ན། སྲོག་གི་དབང་པོ་མཆིས་ན་དབང་པོ་གཞན་རྣམས་ཀྱང་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་སྙིང་རྗེ་ཆེན་པོ་མཆིས་ན། བྱང་ཆུབ་སེམས་དཔའི་ཆོས་གཞན་རྣམས་ཀྱང་འབྱུང་བར་འགྱུར་ཞེས་གསུངས་སོ། །དེའི་ཕྱིར་བྱམས་པ་དང་སྙིང་རྗེ་ནི་སངས་རྒྱས་ཀྱི་ཆོས་རྣམས་དང་པོར་བསྐྱེད་པ་ལ་ས་བོན་དང་འདྲ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་མ་བསྐྱེད་པ་བསྐྱེད་པར་བྱེད་པའི་ཕྱིར་རོ། །བར་དུ་ཆུ་དང་འདྲ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་སྐྱེས་ཟིན་མི་ཉམས་ཤིང་། གོང་ནས་གོང་དུ་འཕེལ་བར་བྱེད་པའི་ཕྱིར་རོ། །ཐ་མར་འབྲས་བུ་སྨིན་པ་དང་འདྲ་སྟེ། སྙིང་རྗེ་ཆེན་པོ་ཡོངས་སུ་སྨིན་པའི་སྟོབས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གདུལ་བྱའི་སྐལ་བ་དང་འཚམ་པར་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། ཐེག་པ་གསུམ་གྱི་འཕགས་པའི་ཚོགས་གཅིག་ནས་གཅིག་ཏུ་རྒྱུད་པ་རྒྱུན་མི་འཆད་པ་འབྱུང་བའི་ཕྱིར་རོ། །དེ་སྐད་དུ་ཡང་དབུ་མ་འཇུག་པར། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཐོག་ཕུན་ཚོགས་འདི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེར་བསྟོད་པར་བགྱི། །ཞེས་གསུངས་སོ། །དེ་བས་ན་སངས་རྒྱས་ཀྱི་ཆོས་བསྒྲུབ་པ་ལ་ཐོག་མཐའ་བར་གསུམ་དུ་གལ་ཆེ་བའི་ཕྱིར། དང་པོར་བྱམས་པ་དང་སྙིང་རྗེ་བསྒོམ་པར་བྱའོ། །གཉིས་པ་བསྒོམ་ཚུལ་དངོས་ལ། སེམས་ཅན་ཐམས་ཅད་མར་བསྒོམ་པ་དང་། དེ་དག་གི་དྲིན་བསམ་པ་དང་། འགྲོ་བའི་སྡུག་བསྔལ་བསམ་པའི་སྒོ་ནས་སྙིང་རྗེ་བསྒོམ་པའོ། །དང་པོ་ནི། འགྲོ་བ་ལ་ཐོག་མ་མེད་ཅིང་སྐྱེ་བ་ལ་ཡང་ཐོག་མ་མེད་པས་སེམས་ཅན་གང་གིས་ཡང་རང་གི་མ་མ་བྱས་པ་མེད་དེ། སའི་དངོས་གཞི་མདོ་དྲངས་པ་ལས། སྔོན་ཡུན་རིང་པོ་འདས་པ་ནས་གང་དུ་ཁྱེད་མ་སྐྱེས་པ་དང་། མ་འོང་པ་དང་། མ་ཤི་བའི་ས་ཕྱོགས་དེ་ནི་ངས་མཐོང་བར་དཀའོ། །ཡུན་རིང་པོ་འདས་པ་ནས་སེམས་ཅན་གང་ཁྱོད་ཀྱི་ཕའམ་མའམ་ཕུ་ནུའང་། སྲིང་མོའམ། སློབ་དཔོན་ནམ། མཁན་པོའམ། བླ་མའམ། བླ་མའི་གནས་ལྟ་བུར་མ་གྱུར་པ་དེ་ནི་ངས་མཐོང་བར་དཀའོ། །ཞེས་གསུངས་སོ། །སྔོན་མ་བྱས་པར་མ་ཟད་མ་འོངས་པ་ན་ཡང་། མ་བྱེད་པར་འགྱུར་བས། སེམས་ཅན་ཐམས་ཅད་མར་བསམ་ཞིང་། མ་བྱས་པ་བཞིན་དུ། ཕ་ལ་སོགས་པ་ཉེ་དུར་མ་གྱུར་པ་ཡང་མེད་པར་ཤེས་པར་བྱས་ནས་ཀུན་ལ་ཕན་ཅི་ཐོགས་ཀྱི་བསམ་པ་བསྐྱེད་པར་བྱའོ། །

གཉིས་པ་དྲིན་བསམ་པ་ནི། ཐམས་ཅད་མར་ཤེས་པ་ན། དེ་དག་གི་དྲིན་དྲན་དགོས་ཏེ། དྲིན་དྲན་ན་དེ་དག་སྡུག་བསྔལ་དང་བྲལ་འདོད་བསམ་སྟེ། འདིས་བདག་དང་པོ་མངལ་དུ་ཆགས་པ་ནས་གཟུང་སྟེ། ཟླ་བ་བཅུའི་བར་དུ། གནོད་པའི་ཟས་དང་སྤྱོད་ལམ་སྤངས། ཕན་པའི་ཟས་དང་སྤྱོད་ལམ་བསྟེན་ཏེ། ཆུད་མ་ཟོས་པར་བསྐྱངས། བཙའ་བའི་ཚེ་ཡང་སྡུག་བསྔལ་མང་པོ་མྱོང་། བཙས་པ་ན་རོལ་ཁའི་འབུ་ལྟར་བླང་དོར་ཅི་ཡང་མི་ཤེས་ཤིང་། མི་གཙང་བའི་སྲིན་བུ་ལྟར། ལུས་མི་གཙང་བས་གོས་པ་གཞན་གྱིས་མཐོང་ན་སྐྱུག་བྲོ་བ་ཞིག བུའི་འདུ་ཤེས་ཀྱི་སོར་མོ་བཅུའི་རྩེ་ལ་བླངས། ལུས་ཀྱི་དྲོད་ཀྱིས་བསྐྱངས། ནུ་ཞོ་བསྣུན། ཟས་ལྕེ་ཡིས་སྙོད། མི་གཙང་བ་ལག་པས་ཕྱིས་ཏེ་ཡུན་རིང་པོ་སྐྱོ་བ་སྐྱེས་པར་བསྐྱངས། ཆེར་སོང་ནས་ཀྱང་སྙན་པའི་ངག་གིས་བོས། བྱམས་པའི་མིག་གིས་བལྟས། ཉེས་ཀྱིས་དོགས་དང་ལེགས་ན་དགའ་བ་འབའ་ཞིག་བྱས། སྡིག་དང་སྡུག་བསྔལ་ལས་སྒྲུབ་པའི་ཟས་གོས་དང་ལོངས་སྤྱོད་སོགས་རང་གིས་སྤྱད་མི་བྲ་བ་རྣམས་ཀྱང་། བུ་ཚ་ལ་ཕངས་པ་མེད་པར་གཏང་སྙམ་དུ་བསམ་ཞིང་། འདིས་ད་རེས་རྐྱང་དུ་མ་ཟད། ཐོག་མ་མེད་པ་ནས་ཡང་དང་ཡང་དུ་མ་བྱས་ཤིང་། དེའི་དུས་སུ་ཡང་ད་ལྟ་དང་ཁྱད་མེད་པར་ཕན་བཏག་པ་ཁོ་ན་ཡིན་སྙམ་དུ་ཡང་དང་ཡང་དུ་བསམ། སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་མ་གཏོགས་པ། སེམས་ཅན་གཞན་རྣམས་ཀྱིས་ཀྱང་ལན་ཅིག་མ་ཡིན་པར་ཡང་དང་ཡང་དུ་མ་བྱས་ཤིང་། མ་ནམ་བྱས་རེས་ཀྱིས་ད་ལྟར་གྱི་མ་བཞིན་དུ། སྒོ་དུ་མ་ནས་ཕན་གཏགས་པའི་དྲིན་ཆེན་ཁོ་ན་ཡིན་སྙམ་དུ་བསམས་ལ། ཀུན་ལ་རང་གི་རྩ་བའི་མ་དང་ཁྱད་པར་མེད་པར་སྡུག་ཅིང་ཡིད་དུ་འོང་བའི་བློ་སྐྱེས་པ་དང་། མ་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལ་གནས་པ་བསམ་ཏེ། མ་འདིས་བདག་ཅག་བུ་ཁྱོའི་ཆེད་དུ་ཟོལ་ཟོག་ཁྲམ་གསུམ་མང་པོ་བྱས་ཏེ། ལས་ངན་མང་པོ་བསགས། བདག་ཅག་རྣམས་ཀྱི་སོ་ཕྱིས་བྱེད་བྱེད་ནས། ཆོས་བྱེད་པའི་བློ་མ་སྐྱེས་པས། ཤི་ན་ངན་སོང་གང་ན་ད་ལྟ་སྡུག་བསྔལ་ཇི་ལྟ་བུ་མྱོང་གིན་ཡོད་བསམ། མ་ཤི་ན་ཕྱི་མ་ལ་ངན་སོང་དུ་སྡུག་བསྔལ་མྱོང་ངེས་སྙམ་དུ་ཡང་ཡང་བསམ་ཞིང་སྙིང་རྗེ་སྒོམས། དེ་ཡང་རླུང་ནང་དུ་འཇུག་པ་ན། མའི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་རང་ལ་ཐིམ་པར་བསམ་ཞིང་། ཕྱིར་འབྱུང་བ་ན་རང་གི་བདེ་དགེ་ཐམས་ཅད་མའི་རྒྱུད་ལ་ཐིམ་པར་བསམ་ཏེ། དེ་ཡང་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་འདོད་པ་ནི་སྙིང་རྗེ་ཡིན་ལ། བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་འདོད་པ་ནི་བྱམས་པ་ཡིན་པས། བྱམས་སྙིང་རྗེ་གཅིག་ཆར་སྒོམ་པར་འགྱུར་ལ། དེ་སེམས་ཅན་ཐམས་ཅད་ལ་དམིགས་ཏེ་སྒོམ་པ་ན་བདེ་བ་དང་མི་འབྲལ་བར་འདོད་པའི་དགའ་བ་དང་། ཉེ་རིང་མེད་པའི་གཏང་སྙོམས་ཏེ་ཞོར་ལ་འབྱུང་ངོ་། །འགྲོ་བ་རྣམས་ཀྱི་སྡུག་བསྔལ་བསམས་ཏེ་སྙིང་རྗེ་སྒོམ་པ་ནི། དེ་ལྟར་རྩ་བའི་མ་ལ་སྙིང་རྗེ་སྒོམ་པས་སྙིང་རྗེ་ཤུགས་དྲག་པོ་སྐྱེས་ནས། དེ་ཡིས་ས་བོན་བྱས་ཏེ། འགྲོ་བ་རིགས་དྲུག་ན་གནས་པའི་སེམས་ཅན་རྣམས་སྡུག་བསྔལ་གསུམ་ཅི་རིགས་པས་སྡུག་བསྔལ་སྙམ་དུ་བསམས་ཏེ། སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་སྒོམ་མོ། །

དེ་ལ་སེམས་ཅན་དམྱལ་བ་དེ་དག་ནི་སྔར་བཤད་པ་ལྟར་རྒྱུན་མི་ཆད་ཅིང་ཡུན་རིང་ལ། ཚ་གྲང་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་ཀྱི་ཆུ་བོར་བྱིང་ངོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་ཏོ། །སེམས་ཅན་དེ་དག་ཀྱང་བདག་གི་ཐོག་མ་མེད་པ་ནས་མ་བྱས་པའི་དྲིན་ཅན་ཤ་དག་ཡིན་ཏེ། ལས་ངན་གྱི་དབང་གིས་དེ་ལྟ་བུའི་སྡུག་བསྔལ་མྱོང་བ་སྙིང་རེ་རྗེ་སྙམ་དུ་ཡང་ཡང་དུ་བསམ་ཞིང་སྙིང་རྗེ་བསྒོམས་ཏེ་གཏོང་ལེན་བྱའོ། །དེ་ལྟར་སྙིང་རྗེ་སྒོམ་པ་དང་། གཏོང་ལེན་བྱེད་པའི་ཚུལ་འདི་ནི། འོག་ཏུ་ཡང་འགྲོ་བ་རེ་རེའི་སྡུག་བསྔལ་བསམས་པའི་རྗེས་ལ་བསྒོམ་པར་བྱའོ། །དེ་བཞིན་དུ་ཡི་དྭགས་རྣམས་ཀྱང་ཕལ་ཆེར་ཤིན་ཏུ་མི་ཟད་པའི་བཀྲེས་པ་དང་། སྐོམ་པའི་སྡུག་བསྔལ་གྱི་མེས་སྐམ་པའི་ལུས་ཤིན་ཏུ་སྡུག་བསྔལ་མང་པོ་མྱོང་སྟེ། ལོ་བརྒྱར་ཡང་ལ་ལས་མཆིལ་མའི་ཐལ་བ་དང་མི་གཙང་བ་ཙམ་ཡང་བཟར་མི་རྙེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་ཏོ། །དུད་འགྲོ་རྣམས་ཀྱང་གཅིག་ལ་གཅིག་ཟ་བ་དང་། ཁྲོ་བ་དང། རྣམ་པར་འཚེ་བ་དང་། གསོད་པ་ལ་སོགས་པས་སྡུག་བསྔལ་ཡང་མང་པོ་མྱོང་བ་ཁོ་ནར་སྣང་སྟེ་འདི་ལྟར་ཁ་ཅིག་སྣ་འབིག་པ་དང་། བརྡོག་པ་དང་། བཅིང་བ་དང་། བདགས་པ་ལ་སོགས་པ་བདག་ལ་དབང་མེད་ཅིང་ཀུན་གྱིས་འདའ་བ་ཡིན་ཏེ། མི་འདོད་བཞིན་དུ་ཁལ་ཆེན་པོ་ལྕི་ཞིང་ཁུར་དཀའ་བས་སྐྱོ་ཞིང་ངལ་ལོ། །དེ་བཞིན་དུ་དགོན་པ་ན་འཁོད་པ་ཡང་ཉེས་པ་མེད་པར་ཁ་ཅིག་ཆེད་དུ་ཚོལ་ཞིང་གསོད་དེ། རྟག་ཏུ་འཇིགས་པས་ཡིད་འཁྲུགས་ཏེ། ཕན་ཚུན་འཁོད་ཅིང་བྲོས་པ་ཡང་གྲངས་མེད་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཁོ་ནར་སྣང་ངོ་། །དེ་བཞིན་དུ་མི་ལ་ཡང་སེམས་ཅན་དམྱལ་བའི་སྡུག་བསྔལ་ལ་སོགས་པ་ཁོ་ན་སྟེ། འདི་ན་རྐུན་པོ་ལ་སོགས་པ་གང་དག་ཡན་ལག་བཏུབ་པ་དང་། གསལ་ཤིང་ལ་སྐྱོན་པ་དང་། སྤྱངས་ཏེེ་བསྡམ་པ་ལ་སོགས་པ་ཉོན་མོངས་པ་དེ་དག་ནི་སེམས་ཅན་དམྱལ་བའི་སྡུག་བསྔལ་ཁོ་ན་ཡིན་ནོ། །གང་དག་དབུལ་ཞིང་ཕོངས་པ་དེ་དག་ནི། ཡི་དྭགས་དང་འདྲ་བས་བཀྲེས་ཤིང་སྐོམ་པ་ལ་སོགས་ཀྱི་སྡུག་བསྔལ་ལོ། །བྲན་པ་སོགས་པ་གང་དག་གཞན་གྱིས་ལུས་ལ་དབང་བྱས་པ་དང་། གང་དག་མཐུས་མནན་ཏེ་གནོད་པ་བྱེད་པ་དེ་དག་ནི། དུད་འགྲོ་དང་འདྲ་བར་བརྡེགས་པ་དང ། གདགས་པ་ལ་སོགས་པས་སྡུག་བསྔལ་ལོ། །དེ་བཞིན་དུ་བཙལ་བར་བྱས་པ་དང་། གཅིག་ལ་གཅིག་གནོད་པ་བྱེད་པ་ལ་སོགས་པ་དང་། སྡུག་པ་དང་བྲལ་བ་དང་། མི་སྡུག་པ་དང་ཕྲད་པ་ལ་སོགས་པ་དེ་དག་ལ་སྡུག་བསྔལ་དཔག་ཏུ་མེད་དོ། །གང་དག་ཁ་ཅིག་ཕྱུག་ཅིང་བསྐྱིད་པ་དང་འདྲ་བར་སྣང་བ་དེ་དག་ཀྱང་འབྱོར་པའི་མཐའ་ནི་རྒུད་པ་དང་། ལྟ་བ་ངན་པ་སྣ་ཚོགས་པས་གཟིར་བས་ནུབ་ཅིང་། སེམས་ཅན་དམྱལ་བ་པ་ལ་སོགས་པའི་སྡུག་བསྔལ་མྱོང་བར་འགྱུར་བའི་རྒྱུ་ལས་དང་ཉོན་མོངས་མང་པོ་བསགས་པས། གད་ཁ་ན་འདུག་པ་དང་འདྲ་བར་སྡུག་བསྔལ་གྱི་རྒྱུར་འགྱུར་བ་ཁོ་ན་ཡིན་ནོ། །ལྷ་ལ་ཡང་གང་དག་འདོད་པའི་ཁམས་ན་སྤྱོད་པ་དེ་དག་ནི་འདོད་པའི་མེས་ཡིད་རབ་ཏུ་འབར་ཞིང་། སེམས་འཁྲུགས་པ་དང་འདྲ་བར་བཤའ་མར་མི་འདུག་ལ། སྐད་ཅིག་ཀྱང་སེམས་མཉམ་པར་འཇོག་པར་མི་འགྱུར་ཏེ། རབ་ཏུ་ཞི་བའི་བདེ་བའི་ནོར་གྱིས་དབུལ་བ་དེ་དག་ལ་བདེ་བ་ཅི་ཞིག་ཡོད། རྟག་ཏུ་འཆི་འཕོ་བ་དང་། ལྟུང་བ་ལ་སོགས་པ་འཇིགས་པའི་མྱ་ངན་གྱིས་ནོན་པ་དག་ཏེ། དེ་དག་ཇི་ལྟར་བ་དེ། གང་དག་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དེ་དག་ཀྱང་། སྐད་ཅིག་སྡུག་བསྔལ་གྱི་སྡུག་བསྔལ་ལས་འདས་མོད་ཀྱི་འོན་ཀྱང་དེ་དག་འདོད་པ་ན་སྤྱོད་པའི་བག་ལ་ཉལ་རྣམས་ཤིན་ཏུ་མ་སྤངས་པས་ཡང་སེམས་ཅན་དམྱལ་བ་ལ་སོགས་པར་ལྷུང་བ་ཡོད་པས། འགྱུར་བའི་སྡུག་བསྔལ་ཡོད་པ་ཉིད་དོ། །ལྷ་དང་མི་འདི་དག་ཐམས་ཅད་ནི་ལས་དང་ཉོན་མོངས་པ་ལ་སོགས་པའི་རྒྱུས་གཞན་གྱི་དབང་དུ་གྱུར་པ་ན། འདུ་བྱེད་ཀྱི་སྡུག་བསྔལ་གྱི་སྡུག་བསྔལ་བ་ཉིད་དོ། །དེ་ལྟར་འགྲོ་བ་སོ་སོའི་སྡུག་བསྔལ་བསམས་ཏེ། སྙིང་རྗེ་སྒོམ་པའི་འོག་ཏུ་སེམས་ཅན་ཐམས་ཅད་ཕ་མ་དང་། བཉེན་གཤེས་སུ་མ་གྱུར་པ་ཅི་ཡང་མེད་པར་ཤེས་པར་བྱས་ནས། དེ་དག་ལ་ཡང་སྙིང་རྗེ་བསྒོམས་ནས་གཏོང་ལེན་བྱ་སྟེ། སློབ་སྤྲིང་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་པ། །ཀླུང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་འཆི་འཕོས་པས་ངོ་མ་ཤེས་པས་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་གསུངས་སོ། ཁྱད་པར་གོང་དུ་བཤད་པའི་ཚུལ་གྱིས་སེམས་ཅན་ཀུན་མར་ཤེས་བཞིན་དུ་དེ་དག་གི་དྲིན་མི་དྲན་ཞིང་། དེ་དག་བོར་ནས་རང་གཅིག་པུ་གྲོལ་བར་འདོད་པ་ནི་ཁྲེལ་བའི་གནས་ཡིན་ཏེ། དེ་ཉིད་ལས། བྱིས་པ་པང་ན་བཙའ་བར་ཅི་ཡང་མི་ནུས་པས། །གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱིས་ཟགས་འཐུང་བ། །ངལ་བ་མང་བསྟེན་བྱམས་ལ་བསྟེན་པ་དེ་དག་འདིར། །ཤིན་ཏུ་མང་རབས་ཞིག་ནའང་སྤང་བར་སུ་ཞིག་སྤྲོད། །ཞེས་གསུངས་པ་ལྟར་རོ། །དེ་བས་ན་ཐོག་མ་མེད་པ་ནས་ལན་ཅིག་མ་ཡིན་པར་ཕན་བཏགས་པའི་དྲིན་ཅན་གྱི་མ་འདི་རྣམས་དུག་གསུམ་གྱིས་གདོན་གྱིས་རླམ་སྟེ་སེམས་རྣལ་དུ་མི་གནས་པ་བླང་དོར་ཤེས་པའི་མིག་དང་བྲལ་བ་མཐོ་རིས་དང་ཐར་པའི་ལམ་སྟོན་པའི་དགེ་བའི་བཤེས་གཉེན་གྱི་དམིགས་བུ་མེད་པ། འདོད་པ་བདེ་བ་འདོད་ཀྱང་སྒྲུབ་པ་སྡུག་བསྔལ་འབའ་ཞིག་སྒྲུབ་ཅིང་འཁོར་བ་དང་ངན་སོང་གི་གཡང་སར་བརྡོག་འཆོས་ཤིང་འགྲོ་བ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་བསམ་སྟེ། གཏོང་ལེན་ཡང་དང་ཡང་དུ་བསྒོམ་མོ། །དེ་ལྟར་བསྒོམས་པས། གཞན་དོན་གྱི་དཀའ་སྤྱད་ཀྱི་ཁུར་ཁྱེར་བར་བཟོད་པའི་ལྷག་བསམ་འབྱུང་བས། བྱང་ཆུབ་ཀྱི་སེམས་ལ་ནན་ཏན་ཏུ་བྱས་ཏེ། དེ་ལ་ཡང་། བྱང་ཆུབ་སེམས་ཀྱི་ངོ་བོ་དང་། དབྱེ་བ་གཉིས་ཀྱི། དང་པོ་ནི། དེ་ལྟར་སྙིང་རྗེ་གོམས་པའི་སྟོབས་ཀྱིས་སེམས་ཅན་མ་ལུས་པར་དྲང་བར་དམ་བཅས་པ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་སྒྲིམ་མི་དགོས་པ་ཁོ་ནར་སྐྱེ་སྟེ། འཕགས་པ་ཆོས་བཅུ་པའི་མདོ་ལས། སེམམ་ཅན་མགོན་མེད་པ། སྐྱབས་མེད་པ། གླིང་མེད་པ་གང་དག་མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། གཞན་གྱིས་ཡང་དག་པར་འཛིན་དུ་བཅུག་པ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ལ་བྱང་ཆུབ་ཀྱི་སེམས་སྐྱེ་མོད་ཀྱི་འོན་ཀྱང་སྙིང་རྗེ་ཆེན་པོས་ནོན་ཏེ། བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཁྱད་ཆེ་བར། བཅོམ་ལྡན་འདས་ཀྱིས་འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་ལས་བཀའ་བསྩལ་ཏོ། །བྱང་ཆུབ་ཀྱི་སེམས་སྒྲུབ་པ་དང་མི་ལྡན་ཡང་འཁོར་བའི་ནང་ན་འབྲས་བུ་ཆེ་བར་བཅོམ་ལྡན་འདས་ཀྱིས་དེ་སྐད་བྱམས་པའི་རྣམ་པར་ཐར་པ་ལས་བཀའ་བསྩལ་ཏེ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྡོ་རྗེ་རིན་པོ་ཆེ་ཆག་ཀྱང་གསེར་གྱི་རྒྱན་ཁྱད་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཏོ། །རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ཞིང་དབུལ་བ་ཐམས་ཅད་ཀྱང་བཟློག་གོ །རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་སྒྲུབ་པ་དང་མི་ལྡན་ཡང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཏེ། བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ཞིང་། འཁོར་བའི་དབུལ་བ་ཡང་བཟློག་པར་བྱེད་དོ། །ཞེས་འབྱུང་ངོ་། །གང་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སློབ་མི་ནུས་པ་དེས་ཀྱང་འབྲས་བུ་ཆེ་བའི་ཕྱིར་ཐབས་ཀྱིས་ཡོངས་སུ་ཟིན་པར་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། འཕགས་པ་རྒྱལ་པོ་ལ་གདམས་པའི་མདོ་ལས། འདི་ལྟར་རྒྱལ་པོ་ཆེན་པོ་ཁྱོད་བྱ་བ་མང་བ། བྱེད་པ་མང་སྟེ། ཐམས་ཅད་ཀྱིས་ཐམས་ཅད་དུ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་སློབ་མི་བཟོད་ན། འདི་ལྟར་རྒྱལ་པོ་ཆེན་པོ་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང་། དད་པ་དང་། དོན་དུ་གཉེར་བ་དང་། སྨོན་པའི་འདི་འགྲོ་ཡང་རུང་། འདུག་ཀྱང་རུང་། ཉལ་ཡང་རུང་། སད་ཀྱང་རུང་། ཟ་ཡང་རུང་། འཐུང་ཡང་རུང་། རྟག་ཏུ་རྒྱུན་མི་འཆད་པར་དྲན་པར་གྱིས་ཤིག ཡིད་ལ་གྱིས་ཤིག སྒོམས་ཤིག སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། སོ་སོ་སྐྱེ་བོ་ཐམས་ཅད་དང་། བདག་གིས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་བསྡུས་ཏེ། རྗེས་སུ་ཡིད་རང་བའི་མཆོག་གིས་རྗེས་སུ་ཡིད་རང་བར་གྱིས་ཤིག རྗེས་སུ་ཡིད་རང་ནས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རང་སངས་རྒྱས་དང་ཉན་ཐོས་རྣམས་ལ་མཆོད་པར་བྱ་བའི་ཕྱིར་དབུལ་ལོ། །ཕུལ་ནས་ཀྱང་སེམས་ཅན་ཐམས་དང་ཐུན་མོང་དུ་གྱིས་ཤིག དེ་ནས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཐོབ་པར་བྱ་བའི་ཕྱིར་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཉིན་གཅིག་བཞིན་དུས་གསུམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ཤིག རྒྱལ་པོ་ཆེན་པོ་ཁྱེད་དེ་ལྟར་ཞུགས་ལ་རྒྱལ་པོ་གྱིས་ཤིག་དང་། རྒྱལ་པོའི་སྲིད་ཀྱང་མི་ཉམས་སོ། །བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་གསུངས་སོ། །

བྱང་ཆུབ་ཀྱི་སེམས་དེ་ཡང་དབྱེ་ན་རྣམ་པ་གཉིས་ཏེ། སྨོན་པའི་སེམས་དང་ཞུགས་པའི་སེམས་སོ། །དེ་དག་གི་ཁྱད་པར་ནི་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་སེམས་དེ་ཉིད། བྱང་ཆུབ་ཀྱི་ཚོགས་སྒྲུབ་པའི་སྡོམ་པས་མ་ཟིན་པ་ནི་སྨོན་པ་སེམས་བསྐྱེད་ཡིན་ལ། སེམས་དེ་ཉིད་གང་ཕན་ཆད་སྡོམ་པས་བཟུང་སྟེ། བྱང་ཆུབ་ཀྱི་ཚོགས་སྒྲུབ་པའི་བྱ་བ་ལ་ཞུགས་པ་ནི་ཞུགས་པའི་སེམས་ཞེས་བྱའོ། །སྨོན་པའི་སེམས་ཡོད་པ་ཙམ་གྱིས་ཐེག་པ་ཆེན་པོ་པར་འགྱུར་ཞིང་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། ཇི་སྐད་དུ། བྱང་ཆུབ་སེམས་བསྐྱེད་གྱུར་པའི་སྐད་ཅིག་ལ། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །རྒྱལ་བ་རྣམས་ཀྱི་སྲས་ཞེས་བརྗོད་བྱ་སྟེ། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་གསུངས་སོ། །སྒྲུབ་པ་སྙིང་པོར་བྱེད་པ་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་འབྲས་བུ་ཤིན་ཏུ་ཆེ་སྟེ། པད་བྱིན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་སོ། །སྤྱོད་འཇུག་ལས་ཀྱང་། དེ་ནས་གཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པ་རབ་ཏུ་འབྱུང་། །ཞེས་སོ། །གཞན་ཡང་སྨོན་འཇུག་གི་སེམས་གཉིས་ཀྱི་ཁྱད་པར་སྡོང་པོ་བཀོད་པ་ལས་གསུངས་པ། རིགས་ཀྱི་བུ་སེམས་ཅན་གྱི་འཇིག་རྟེན་ན་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ཀྱིས་སྨོན་པའི་སེམས་ཅན་དེ་དང་དེ་དག་ནི། རྙེད་པར་དཀའ་འོ། །སེམས་ཅན་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་དག་ནི་དེ་བས་ཤིན་ཏུ་རྙེད་པར་དཀའོ། །ཞེས་གསུངས་སོ། །འཇུག་པའི་སྡོམ་པ་གཟུང་བ་ནི། མ་སྐྱེས་པ་སྐྱེད་པར་བྱེད་པ་དང་། སྐྱེས་པ་མི་ཉམས་པར་བསྲུང་བ་དང་། ཉམས་པ་ཕྱིར་བཅོས་པའི་ཐབས་ལ་སོགས་པ་རྒྱས་པར་གཞན་དུ་ཤེས་པར་བྱའོ། །དེ་དག་གིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བཤད་ཟིན་ཏོ། །

དེ་ལྟར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕྱིར། འབད་པར་བྱ་སྟེ། ཤེར་ཕྱིན་གྱི་མདོ་ལས། ཤ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་གསུངས་སོ། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ནི་འཇིག་རྟེན་ལས་འདས་པ། སྤྲོས་པ་ཐམས་ཅད་དང་བྲལ་བ། ཤིན་ཏུ་གསལ་བ་དོན་དམ་པའི་སྤྱོད་ཡུལ་དྲི་མ་མེད་པ། མི་གཡོ་བ་རླུང་མེད་པའི་མར་མེའི་རྒྱུན་བཞིན་དུ་མི་གཡོ་བའོ། །དེ་འགྲུབ་པ་ནི་རྟག་ཏུ་གུས་པར་ཡུན་རིང་དུ་ཞི་གནས་དང་ལྷག་མཐོང གི་རྣལ་འབྱོར་གོམས་པར་བྱས་པ་ལས་འགྱུར་ཏེ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་བཤད་པ། ཇི་སྐད་དུ། གང་ཡང་ཉན་ཐོས་རྣམས་ཀྱིས་སམ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སམ། དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་བའི་ཆོས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པས་ཞི་གནས་དང་ལྷག་མཐོང་སྒོམ་པར་བྱའོ། །དེ་ལ་བཞི། ཞི་ལྷག་གི་ཕན་ཡོན་དང་། དེ་དག་གི་རྒྱུ་ཚོགས་དང་། དེ་དག་སོ་སོའི་ངོ་བོ་དང་། དེ་དག་ལ་བསླབ་པའི་ཚུལ་ལོ། །དང་པོ་ལ། ཐེག་པ་ཆེ་ཆུང་གི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད། ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་ཏེ། དགོངས་འགྲེལ་ལས། བྱམས་པ་ཡང་ཉན་ཐོས་རྣམས་ཀྱིའམ། བྱང་ཆུབ་སེམས་དཔའ་རྣམས་ཀྱིའམ། དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་བའི་ཆོས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་པར་རིག་བར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །ཐེག་པ་གསུམ་གྱི་ཏིང་ངེ་འཛིན་ཇི་སྙེད་པ་ཡང་ཞི་ལྷག་གིས་བསྡུས་ཏེ། ཡང་དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། ངས་ཉན་ཐོས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་རྣམས་དུ་མར་བསྟན་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ནི་ཞི་གནས་དང་ལྷག་མཐོང་གིས་བསྡུས་པར་རིག་པར་བྱའོ། །ཞེས་གསུངས་སོ། །སྤང་བྱ་ཉོན་མོངས་དང་རྣམ་རྟོག་མངོན་གྱུར་མགོ་མནོན་པ་དང་། བག་ལ་ཉལ་སོ་སོར་འཇོམས་པའི་ཡང་ཞི་ལྷག་གཉིས་ཀྱི་འབྲས་བུ་ཡིན་ཏེ། དེ་ཉིད་ལས། སྐྱེ་བ་པོ་ཡིས་ལྷག་མཐོང་དང་། །ཞི་གནས་གོམས་པར་བྱས་ན་ནི། །གནས་ངན་ལེན་ཀྱི་འཆིང་བ་དང་། །མཚན་མའི་འཆིང་བ་ལས་གྲོལ་འགྱུར། །ཞེས་དང་། གནས་ངན་ལེན་ནི། སྤང་བྱའི་ས་བོན་ཡིན་ལ། མཚན་མའི་འཆིང་བ་ནི་མངོན་འགྱུར་ཏེ། དེ་དག་ནི་གོ་རིམ་བཞིན་དུ་ལྷག་མཐོང་དང་ཞི་གནས་ཀྱི་སྤོང་ངོ་། །

གཉིས་པ་ཞི་གནས་ཀྱི་རྒྱུ་ཚོགས་ནི། མདོ་སྡེ་རྒྱན་དུ། བློ་ལྡན་གང་དུ་སྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང་། །ས་བཟང་བ་དང་གྲོགས་བཟང་དང་། །རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན། །ཞེས་སོགས་ཀྱི་མཐུན་པའི་ཡུལ་ན་གནས་པ་དང་། ཟས་གོས་དང་བསོད་སྙོམས་སོགས་བཟང་པོ་དང་མང་པོ་ལ་འདོད་པ་མེད་ཅིང་། ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང་། སྨན་དང་། དཀར་རྩིས་དང་། ཞིང་ལས་དང་། ཚོང་ལས་སོགས་བྱ་བ་མང་པོ་སྤོང་བ་དང་། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་མེད་པར་ཚུལ་ཁྲིམས་རྣམ་པར་དག་པ་དང་། འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ་སྤངས་པའོ། །ཞི་གནས་ལ་འཇུག་པའི་དང་པོ་ཚོགས་དེ་དག་དང་ལྡན་པར་བྱའོ། །ལྷག་མཐོང་གི་ཚོགས་ནི། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞིར་ལྡན། །ཡོན་ཏན་ལྷག་པར་བརྩོན་བྱས་ལུང་གིས་ཕྱུག། དེ་ཉིད་ལེགས་པ་རྟོགས་པ་སྨྲ་མཁས་ལྡན། །སྙིང་རྗེའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །ཞེས་པའི་མཚན་ཉིད་དང་ལྡན་པའི་སྐྱེས་བུ་དམ་པ་ལ་བརྟེན་པ་དང་། དྲང་བ་དང་ངེས་པའི་དོན་གྱི་མདོ་སྡེ་རྣམས་ངེས་པར་བྱས་ཏེ་ཉན་པས་མང་དུ་ཐོས་པ་ཡོངས་སུ་བཙལ་བ་དང་། ཐོས་པའི་དོན་ལ་ལུང་རིགས་ཀྱིས་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་མི་མཐུན་པའི་ཟས་སྤོང་ཞིང་རྗེས་སུ་མཐུན་པའི་ཟས་ཀྱང་རན་པར་སྤྱོད་པ་ཟས་ཀྱི་ཚོད་ཟིན་པ་རྣམས་སོ། །ལྷག་མཐོང་ལ་འཇུག་པའི་ཐོག་མར་ཚོགས་པ་དེ་དག་ལ་བརྟེན་པར་བྱའོ། །

གསུམ་པ་ཞི་ལྷག་གི་ངོ་བོ་ལ། ཞི་གནས་ཀྱི་ངོ་བོ་ནི། དགོངས་པ་ངེས་འགྲེལ་ལས། དེ་གཅིག་པུ་དབེན་པར་འདུག་ཏེ། ནང་དུ་ཡང་དག་པར་བཞག་ནས། ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ཉིད་ཡིད་ལ་བྱེད་ཅིང་། སེམས་གང་གིས་ཡིད་ལ་བྱེད་པའི་སེམས་དེ་ཉིད་ནང་དུ་རྒྱུན་ཆགས་སུ་ཡིད་ལ་བྱས་པས་ཡིད་ལ་བྱེད་དོ། །དེ་ལྟར་ཞུགས་ཤིང་དེ་ལྟར་ལན་མང་དུ་གནས་པ་དེ་ལ། ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་དུ་སྦྱངས་པ་འབྱུང་བ་གང་ཡིན་པ་དེ་ནི་ཞི་གནས་ཞེས་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཞིག་གནས་ཡོངས་སུ་ཚོལ་བར་བྱེད་པ་ཡིན་ནོ། །ཞེས་གསུངས་པ་ལྟར། དམིགས་པ་ལ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན། ལུས་སེམས་ཤིན་ཏུ་སྦྱངས་པ་དང་ལྡན་པ་ནི་ཞི་གནས་ཡིན་ལ། ལྷག་མཐོང་གི་ངོ་བོ་ནི། ཞི་གནས་ཀྱི་དམིགས་པ་དེ་ཉིད་ལ་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་དེ་རྣམས་སོ་སོར་རྣམ་པར་འབྱེད་པར་བྱེད། ལོངས་སུ་སྤྱོད་པར་བྱེད་པའི་ཤེས་རབ་སྟེ། མདོ་དེ་ཉིད་ལས། དེ་ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་དེ་ཐོབ་ནས། དེ་ཉིད་ལ་གནས་ཏེ་སེམས་ཀྱི་རྣམ་པ་སྤངས་ནས་ཇི་ལྟར་བསམ་པའི་ཆོས་དེ་དག་ཉིད་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་སོ་སོར་རྟོག་པར་བྱེད། མོས་པར་བྱེད་དོ། །དེ་ལྟར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་དག་ལ་ཤེས་བྱའི་དོན་དེ་རྣམ་པར་འབྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པ་དང་། ཡོངས་སུ་རྟོག་པ་དང་། ཡོངས་སུ་དཔྱོད་པ་དང་། བཟོད་པ་དང་། འདོད་པ་དང་། བྱེ་བྲག་འབྱེད་པ་དང་། ལྟ་བ་དང་། རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཞེས་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ། །ཞེས་དང་། འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་། ཞི་གནས་ནི་སེམས་རྩེ་གཅིག་པ་ཉིད་དོ། །ལྷག་མཐོང་ནི་ཡང་དག་པར་སོ་སོར་རྟོག་པའོ། །ཞེས་གསལ་བར་གསུངས་ལ། རྗེ་བཙུན་བྱམས་པས་ཀྱང་། མདོ་སྡེ་རྒྱན་ལས། ཆོས་ཀྱི་མིང་ནི་སྡོམ་པའང་འདི། །ཞི་གནས་ལམ་དུ་ཤེས་པར་བྱ། །ལྷག་མཐོང་ལམ་ནི་དེ་དོན་རྣམས། །རྣམ་པར་དཔྱོད་པ་ཤེས་པར་བྱ། །ཞེས་དང་། ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང་། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན། །ཞེས་གསུངས་སོ། །

སོ་སོའི་བསླབ་ཚུལ་ལ་གསུམ། ཞེ་གནས་ལ་བསླབ་པའི་ཚུལ་དང་། ལྷག་མཐོང་ལ་བསླབ་པའི་ཚུལ། དེ་གཉིས་ཟུང་དུ་འབྲེལ་བའི་ཚུལ་ལོ། །དང་པོ་ལ། ལུས་གནས་ཅི་འདྲ་བས་བསྒོམ་པ་དང་བསྒོམ་ཚུལ་གྱི་རིམ་པ་དངོས་བཤད་པ་གཉིས་སོ། །དེ་ལ་ལུས་ཀྱི་ཀུན་སྤྱོད་ཆོས་བརྒྱད་དང་ལྡན་པར་བྱ་སྟེ། དཀྱིལ་ཀྲུང་རྫོགས་པའང་དཀྱིལ་ཀྲུང་ཕྱེད་པའང་རུང་སྟེ་དེ་ལྟར་བྱའོ། །མིག་ནི་ཧ་ཅང་མི་དབྱེ་ཧ་ཅང་མི་ཟུམ་པར་སྣ་རྩེར་བལྟའོ། །ལུས་ཧ་ཅང་མི་དགྱེ་ཧ་ཅང་མི་སྒུར་བ་དྲང་པོར་སྲང་སྟེ་དྲན་པ་ནང་དུ་བཞག་ཏེ་འདུག་པར་བྱའོ། །ཕྲག་པ་ཡང་ཐད་ཀར་རྣམ་པར་བཞག་གོ །མགོ་མི་མཐོ་མི་དམའ་ཞིང་ཕྱོགས་གཅིག་ཏུ་མི་ཡོ་བར་སྣ་ནས་ལྟེ་བར་དྲང་པོར་བཞག་གོ། སོ་དང་མཆུ་ཡང་ཐ་མལ་དུ་བཞག ལྕེ་ཡང་ཡ་སོ་ལ་སྦྱར་རོ། །དབུགས་ཕྱི་ནང་དུ་རྒྱུ་བ་ཡང་སྒྲ་ཅན་དང་། རྔམས་པ་དང་། རྒོད་བག་ཅན་དུ་མི་གཏང་བར། ཅི་ནས་ཀྱང་དལ་བུ་དལ་བུས་འཇུག་པར་བྱའོ། །ལག་པ་ཡང་མཉམ་གཞག་ཏུ་བྱའོ། །དེ་ལྟའི་ལུས་ཀྱི་ཀུན་སྤྱོད་དེ་ལ་ཡོན་ཏན་ལྔ་ཡོད་དེ། མྱུར་བར་ལུས་ཤིན་སྦྱངས་སྐྱེ་བ་དང་། འདུག་པས་ཡུན་རིང་དུ་འདའ་བར་ནུས་པ་དང་། ལུས་ངལ་བར་མི་འགྱུར་བ་དང་། མུ་སྟེགས་དང་ཕས་ཀྱི་རྒོལ་བ་སོགས་དང་ཐུན་མོང་མ་ཡིན་པ་དང་། གཞན་གྱིས་སྤྱོད་ལམ་དེས་འདུག་པ་མཐོང་བ་ན་ཤིན་ཏུ་དང་བ་སྐྱེ་བ་དང་། སྤྱོད་ལམ་དེ་སངས་རྒྱས་དང་། ཉན་ཐོས་སོགས་ཀྱིས་རྗེས་སུ་གནང་བ་ཡིན་པའི་ཕྱིར་རོ། །

གཉིས་པ་བསྒོམ་ཚུལ་གྱི་རིམ་པ་བཤད་པ་ལ་ལྔ། ཞི་ལྷག་གཉིས་ཀ་སྒོམ་དགོས་པའི་རྒྱུ་མཚན་དང་། སྒོམ་པའི་གོ་རིམ་ངེས་པ་དང་། གང་ལ་སེམས་གཏོད་པའི་དམིགས་པ་ངོས་གཟུང་བ་དང་། དེ་ལ་ཇི་ལྟར་སེམས་གཏོད་པའི་ཚུལ་དང་། གཏད་པ་ལས་བྱུང་བའི་ཞི་གནས་སྐྱེས་པའི་ཚད་དོ། །དང་པོ་ནི། དཔེར་ན་ཆུ་ཤིན་ཏུ་དྭངས་ཤིང་རླུང་གིས་བསྐྱོད་པའི་གཡོ་བ་མེད་པ་ལ། གཞིན་ལ་སོགས་པའི་གཟུགས་བརྙན་གསལ་པོར་འཆར་དུ་རུང་གི ཆུ་ལ་དྭངས་བ་ཡོད་ཀྱང་རླུང་གིས་སྐྱོད་པའི་གཡོ་མི་གཡོ་ཡང་རྙོག་མ་ཅན་ལ་དེ་ལྟ་མ་ཡིན་ནོ། །དེ་བཞིན་དུ་བྱིང་རྒོད་ཀྱི་སྐྱོན་གྱིས་མ་བཀྲུགས་པའི་རྩེ་གཅིག་པའི་ཏིང་ངེ་འཛིན་དང་གནས་ལུགས་ལ་སྒྲོ་འདོགས་ཆོད་པའི་ཤེས་རབ་གསལ་པོ་དང་ལྡན་པའི་རྣལ་འབྱོར་པས། དེ་ཁོ་ན་ཉིད་གསལ་པོར་མཐོང་བར་འགྱུར་གྱི། དེ་དག་གང་ཡང་རུང་བ་ཞིག་མེད་པར་མ་ཡིན་ཏེ། ཤེས་རབ་མེད་པའི་ཞི་གནས་ཙམ་འབའ་ཞིག་གོམས་པར་བྱས་པ་ནི། རེ་ཤིག་ཉོན་མོངས་པ་རྣམ་པར་གནོན་པ་ཙམ་དུ་ཟད་ཀྱི་བག་ལ་ཉལ་ལེགས་པར་འཇོམས་མི་ནུས་ཏེ། ཤེས་རབ་ཀྱི་སྣང་བ་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཏིང་འཛིན་དེ་ནི་བསྒོམ་པར་བྱེད་མོད་ཀྱི། །དེས་ནི་བདག་ཏུ་འདུ་ཤེས་འཇིགས་མི་བྱེད། །དེའི་ཉོན་མོངས་ཕྱིར་ཞིང་རབ་འཁྲུགས་ཏེ། །ལྷག་བཅོད་འདི་ན་ཏིང་འཛིན་བསྒོམ་པ་བཞིན། །གལ་ཏེ་ཆོས་ལ་བདག་གཞན་སོ་སོར་རྟོགས། །སོ་སོར་བརྟགས་ཏེ་གལ་ཏེ་བསྒོམ་པ་ནི། །དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་བཞན་གང་ཡིན་དེས་ནི་ཞི་མི་འགྱུར། །ཞེས་གསུངས་སོ། །ཞི་གནས་མེད་པའི་ཤེས་རབ་ཙམ་གྱིས་ཡང་མ་ཡིན་ཏེ། མཚན་མོ་རླུང་གིས་བ སྐྱོད་པའི་མར་མེས་གཟུགས་གསལ་བར་བྱེད་མི་ནུས་པ་བཞིན་དུ། རྟོག་དཔྱོད་ཀྱིས་བཀྲུགས་པའི་ཤེས་རབ་ཀྱིས་གནས་ལུགས་གསལ་བར་མཐོང་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་གཉིས་ཀ་བསྒོམ་དགོས་ཏེ། བཤེས་སྤྲིང་ལས། བསམ་གཏན་མེད་པར་ཤེས་རབ་ཡོད་མིན་ལ། །ཤེས་རབ་མེད་པར་ཡང་ནི་བསམ་གཏན་མེད། །དེ་གཉིས་གང་ལ་ཡོད་པས་སྲིད་པ་ཡི། །རྒྱ་མཚོ་གནག་རྗེས་ལྟ་བུར་འཚལ་བར་བགྱི། །ཞེས་གསུངས་སོ། །གཉིས་པ་སྒོམ་པའི་གོ་རིམ་ངེས་པ་ནི། ཐོག་མར་ཞི་གནས་སྒོམ་པར་བྱ་སྟེ། ཞི་གནས་ལ་བརྟེན་ནས་ལྷག་འཐོང་སྒོམ་པའི་ཕྱིར་རོ། །དེ་སྐད་དུ་ཡང་ཞི་གནས་རབ་ཏུ་ལྡན་པའི་ལྷག་འཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ། །ཞེས་གསུངས་ཤིང་། མཛོད་ལས་ཀྱང་ཞི་གནས་གྲུབ་པར་གྱུར་པ་ཡིས། །དྲན་པ་ཉེར་བཞག་བསྒོམ་པར་བྱ། །ཞེས་གསུངས་སོ། །གསུམ་པ་སེམས་གང་ལ་བཏོད་པའི་དམིགས་པ་ངོས་བཟུང་བ་ལ། དང་པོར་སེམས་འཛིན་པའི་དམིགས་རྟེན་དང་། སྒོམ་པའི་གསལ་སྣང་ཐོབ་པའི་དམིགས་པ་གཉིས་ཀྱི་དང་པོ་ནི། སྤྱིར་སེམས་འཛིན་པའི་དམིགས་པ་ལ་མང་པོ་བཤད་པས་ངེས་པ་མེད་ཀྱང་། སངས་རྒྱས་ཀྱི་སྐུ་ལ་སེམས་འཛིན་པ་ནི། སངས་རྒྱས་རྗེས་སུ་དྲན་པ་དང་། བསོད་ནམས་འཐས་པ་སྐྱེ་བ་ལ་སོགས་པའི་དགོས་པ་ཡོད་ཅིང་། ཏིང་ངེ་འཛིན་གྲུབ་པའི་དགོས་པ་ཡང་ཡོད་པས། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་དམིགས་རྟེན་བྱའོ། །དེ་ཡང་ཇི་ལྟ་བུ་གཅིག་ཅེ་ན། སྒོམ་རིམ་ཐ་མ་ལས། དེ་ལ་རྣལ་འབྱོར་པས་ཐོག་མར། དེ་བཞིན་གཤེགས་པའི་སྐུ་གཟུགས་ཇི་ལྟར་མཐོང་བ་དང་། ཇི་ལྟར་ཐོས་པ་ལ་སེམས་བཞག་ནས་ཞི་གནས་སྒྲུབ་པར་བྱ་སྟེ། དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ཡང་གསེར་བཙོ་མའི་མདོག་བཞིན་དུ་སེར་ལ་མཚན་དང་དཔེ་བྱད་བཟང་པོས་བརྒྱན་པ། འཁོར་གྱི་ནང་ན་ཞུགས་ཤིང་། ཐབས་སྣ་ཚོགས་ཀྱིས་སེམས་ཅན་ཀྱི་དོན་མཛད་པ་རྒྱུན་དུ་ཡིད་ལ་བྱེད་པས། དེའི་ཡོན་ཏན་ལ་འདོད་པ་བསྐྱེད་ཅིང་བྱིང་བ་དང་རྒོད་པ་ལ་སོགས་པ་ཞི་བར་བྱས་ལ། ཇི་སྲིད་དུ་དེ་མདུན་ན་བཞུགས་པ་བཞིན་དུ་གསལ་བར་མཐོང་བར་གྱུར་པ་དེ་སྲིད་དུ་བསམ་གཏན་བྱའོ། །ཞེས་གསུངས་ཤིང་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང་། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་མགོན་པོ་ཀུན་ཏུ་འཛེས་པ་སྟེ། །དམིགས་པ་དེ་ལ་གང་གིས་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་བཞག་ཅེས་བྱ། །ཞེས་གསུངས་པ་ལྟ་བུ་ལ་དམིགས་པའི་རྟེན་བྱའོ། །དེ་ཡང་ཐོག་མར་དམིགས་རྟེན་འཚོལ་བ་དང་། སངས་རྒྱས་ཀྱི་སྐུ་གཟུགས་ལུགས་མའམ། བྲིས་མ་གང་ཡང་རུང་བ་ལེགས་པ་གཅིག་ལ་ཡང་ཡང་བལྟས་ཏེ། དེའི་མཚན་མ་བཟུང་ནས། དེའི་གཟུགས་བརྙན་ཡིད་ཡུལ་དུ་འཆར་དུ་བཞུགས་པ་ལ་གོམས་པར་བྱ་བའམ། ཡང་ན་བླ་མས། སངས་རྒྱས་ཀྱི་སྐུའི་ཁ་དོག་དང་། དབྱིབས་དང་། བཞུགས་ཚུལ་རྣམས་ལེགས་པར་བརྡ་སྤྲད་ནས་དེའི་རྣམ་པ་ཡིད་ཡུལ་དུ་འཆར་དུ་བཞུག་གོ །དེ་ཡང་དབུའི་གཙུག་ཏོར་ནས་བཟུང་སྟེ། ཞལ་གྱི་རྣམ་པ་དང་། ཕྱག་མཉམ་གཞག་དང་ས་ནོན། ཞབས་དཀྱིལ་ཀྲུང་གི་བར་ལ་གསལ་བཏབ་སྟེ། སླར་སྐུའི་སྤྱི་མཚན་ལ་སེམས་བཟུང་། དེ་ལྟར་ཡང་ཡང་གོམས་པར་བྱས་པས་དབུ་དང་ཕྱག་དང་ཞབས་ཀྱི་ཁ་དོག་དང་། དབྱིབས་ལ་སོགས་མ་འདྲེས་པས་ཕྱེད་ཙམ་བྱུང་ན། དེ་ཉིད་ལ་རྒྱུན་མཐུད་དེ་སེམས་གཟུང་། དེའི་ཚེ་སྐྱོན་བཞི་སྟེ་རྩ་བའི་དམིགས་རྟེན་གྱི་ཁ་དོག་དང་། དབྱིབས་དང་། གྲངས་དང་། ཆེ་ཆུང་གི་ཚད་ལས། ཁ་དོག་སོགས་གཞན་གྱི་རྣམ་པ་ཤར་བ་ན། སྐྱོན་ཡིན་པས། དམིགས་རྟེན་གྱི་ཁ་དོག་ལ་སོགས་པ་ཇི་ལྟ་བ་བཞིན་ཡིད་ལ་བྱས་པས་སེམས་བཟུང་ངོ། །དེ་ཡང་དུ་བ་ལ་སོགས་པ་མ་སྒོམ་པའི་ཟང་ཟིང་གཞན་བྱུང་ན། སྐྱོན་ཡོན་གང་དུ་ཡང་མི་ལྟ་བར། དེ་དག་གི་རྗེས་སུ་སེམས་འཕྲོར་མི་བཞུགས་པར་རྩ་བའི་དམིགས་རྟེན་ཉིད་ལ་སེམས་བཟུང་ངོ་། །གཉིས་པ་སྒོམ་པས་གསལ་སྣང་ཐོབ་པའི་དམིགས་པ་ནི། གོང་གི་དམིགས་རྟེན་དེ་ཉིད་ལ་ཇི་སྐད་བཤད་པ་ལྟར། ཡང་ཡང་གོམས་པར་བྱས་པས། ཏིང་ངེ་འཛིན་གྱི་མཐུ་ཅུང་ཟད་ཐོབ་སྟེ། དམིགས་རྟེན་ཇི་ལྟ་བའི་ཁ་དོག་དང་དབྱིབས་ལ་སོགས་པ་ཡིད་ཡུལ་དུ་མངོན་སུམ་ལྟ་བུར་ཤར་བ་ན། ཏིང་ངེ་འཛིན་གྱི་གཟུགས་བརྙན་ཞེས་ཀྱང་བྱ། ཞི་གནས་ཀྱི་མཚན་མ་དང་དམིགས་པ་ཞེས་ཀྱང་བྱ། ཞི་གནས་གྱི་རྗེས་སུ་མཐུན་པ་ཙམ་ཡིན་གྱི་ཞི་གནས་ནི་མ་ཡིན་ནོ། །བཞི་པ་ཇི་ལྟར་སེམས་བཏོད་པའི་ཚུལ་ནི། སྤྱིར་གཞུང་ལུགས་ཆེན་པོ་དག་ནས་སྤོང་བའི་འདུ་བྱེད་བརྒྱད་དང་། སེམས་གནས་པའི་ཐབས་དགུ་ལ་སོགས་པ་ཏིང་ངེ་འཛིན་གྱི་ཡན་ལག་དུ་མ་ཞིག་གསུངས་ཀྱང་། འདིར་ལས་དང་པོ་པ་དག་གི་ཏིང་ངེ་འཛིན་བསྒོམ་པར་མེད་ཁ་མེད་ཀྱི་ཡན་ལག་ནི་དྲན་པ་དང་ཤེས་བཞིན་གཉིས་ཏེ། དྲན་པས་དང་པོར་སེམས་དམིགས་པ་ལ་བཏོད་པར་བྱེད་ཅིང་། དེ་རྒྱུན་གཞན་དུ་མི་སྤོང་བར་བྱེད་པའི་ཕྱིར་དང་། ཤེས་བཞིན་གྱིས་བར་སྐབས་སུ་ཏིང་ངེ་འཛིན་གྱི་སྐྱོན་བྱིང་རྒོད་ངོ་ཤེས་པར་བྱས་ནས་སྤོང་བར་བྱེད་པའི་ཕྱིར་རོ། །དེའི་ཕྱིར་མདོ་སྡེ་རྒྱན་གྱི་འགྲེལ་པ་ལས། དྲན་པ་དང་ཤེས་བཞིན་ནི་ཉེ་བར་བཏོད་པར་བྱེད་པ་སྟེ། གཅིག་གི་སེམས་དམིགས་པ་ལས་མི་འཕྲོ་བར་བྱེད་པའི་ཕྱིར་དང་། གཉིས་པས་སེམས་འཕྲོ་བ་ཤེས་པར་བྱེད་པའི་ཕྱིར་རོ། །ཞེས་གསུངས་ཤིང་། དབུ་མ་སྙིང་པོ་ལས་ཀྱང་། སེམས་ཀྱི་གླང་ཆེན་ལོག་འགྲོ་བ། །དམིགས་པའི་ཀ་བ་བརྟན་པོ་ལ། །དྲན་པའི་ཐག་པས་ངེས་བཏགས་ཏེ། །ཤེས་རབ་ལྕག་ཀྱུས་རིམ་དབང་བྱ། །ཞེས་གསུངས་སོ། །འདིར་ཤེས་རབ་ནི་ཤེས་བཞིན་ནོ། །དྲན་པས་སེམས་དམིགས་པ་ལ་བཏོད་པའི་ཚུལ་ནི། སྔར་མཐོང་བ་དམིགས་རྟེན་གྱི་རྣམ་པ་དེ་ཉིད་འཆར་བར་བྱས་ནས། སེམས་གཞན་དུ་མི་འཕྲོ་བར་དམིགས་པ་དེ་ཉིད་ལ་སེམས་དམ་དུ་འཛིན་པའོ། །དེ་སྐད་དུ་མངོན་པ་ཀུན་ལས་བཏུས་ལས། དྲན་པ་གང་ཞེ་ན། འདྲིས་པའི་དངོས་པོ་ལ་བརྗེད་པ་མེད་པ་སྟེ། རྣམ་པར་མི་གཡེང་བའི་ལས་ཅན་ནོ། །ཞེས་གསུངས་པས་དྲན་པ་སེམས་དམིགས་པ་ལས་གཞན་དུ་མི་གཡེང་བའི་ལས་ཅན་དུ་བཤད་དོ། །དེ་བས་ན་ཏིང་ངེ་འཛིན་སྒོམ་པའི་ཚེ། དམིགས་པ་ལ་སེམས་པའི་དྲན་པ་མེད་ན། ཡང་ན་སེམས་ནང་དུ་བྱིང་སྟེ་དམིགས་པ་མི་གསལ་བར་འགྱུར་ལ། ཡང་ན་ཕྱིར་འཕྲོས་ཏེ་སེམས་རྣམ་པར་གཡེང་བར་འགྱུར་རོ། །དེ་བས་ན་བསྒོམ་པའི་ཚེ། ཏིང་ངེ་འཛིན་གྱི་དམིགས་པ་མ་བརྗེད་པའི་དྲན་པ་ཤུགས་ལྡན་རྒྱུན་དུ་སྟོན་པ་གལ་ཆེའོ། །གལ་ཏེ་བར་སྐབས་སུ་དྲན་པ་ཉམས་ཏེ། སེམས་བསྡུས་ཡེངས་སུ་གྱུར་ན། དེ་ངོས་ཟིན་པའི་ཤེས་བཞིན་གལ་ཆེའོ། །དེ་ལ་ཤེས་བཞིན་ནི། ཏིང་ངེ་འཛིན་གྱི་སྐྱོན་ཡོན་༼རྟོག་པའི།༽ཤེས་རབ་སྟེ། བྱིང་རྒོད་བྲལ་བའི་སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་སྐྱོན་མེད་ཡིན་ལ། སེམས་ནང་དུ་བསྡུས་ཏེ། ཏིང་ངེ་འཛིན་གྱི་དམིགས་པ་མི་གསལ་བའི་བྱིང་བ་དང་། གཉིད་ཀྱིས་མྱོས་པ་ལྟར་དམིགས་པ་མི་གསལ་བ་ཙམ་ཡང་མེད་པར་སེམས་ཉོག་ཉོག་པོར་གྱུར་པའི་རྨུགས་པ་དང་། དམིགས་པ་ལས་ཡུལ་གཞན་ན་སེམས་འགྲོ་བ་ནི་གཡེང་བ་ཡིན་ཏེ། དེ་དག་ནི་ཏིང་ངེ་འཛིན་གྱི་སྐྱོན་ནོ། །ཤེས་བཞིན་གྱིས་བསྒོམ་པའི་སྐབས་སུ། དེ་དག་ངོས་ཟིན་པར་བྱེད་པ་ལ་ཡང་། སྒོམ་པ་ལ་འཇུག་པའི་དང་པོར། བདག་གི་ཏིང་ངེ་འཛིན་གྱི་ཐུན་འདི་མ་རྫོགས་ཀྱི་བར་བྱིང་རྒོད་མ་བྱུང་བར་བྱ་དགོས་པའི་འདུན་པ་དྲག་པོ་སྔོན་དུ་བཏང་དགོས་ཀྱི། བྱིང་རྒོད་ཀྱི་སྐྱོན་ཡོན་ཤེས་པ་ཙམ་གྱིས། སྒོམ་པའི་ཚེ་དེ་དག་ངོས་ཟིན་པ་དཀའོ། །དེའི་མངོན་དུ་འདུན་པ་དེ་ལྟར་བཏང་ན་བྱིང་རྒོད་བྱུང་མ་ཐག་ངོས་ཟིན་པར་འགྱུར་ལ། བར་སྐབས་སུ་ཡང་། ཅི་བདག་གི་སེམས་དམིགས་པ་ལ་ལེགས་པར་འཛིན་ཏེ་འོན་ཏེ་ཕྱི་རོལ་དུ་རྣམ་པར་གཡེང་ངམ། ནང་དུ་བསྡུས་སམ། ཞེས་ཡང་ཡང་བརྟག་པར་བྱའོ། །དེ་ལྟར་བརྟག་པ་ན། བྱིང་རྒོད་བྱུང་བའི་ཚེ། ཇི་ལྟར་སྤོང་ཞེ་ན་བཟུགས་སྒྲ་ལ་སོགས་པ་སྔོན་མཐོང་བ་ཡིད་ཡུལ་དུ་འོང་བ་དྲན་ནོ། །སེམས་རྒོད་པ་ནི་འདོད་ཆགས་ཀྱི་ཆར་རྟོགས་པས་མི་རྟག་པ་དང་མི་སྡུག་པ་སྒོམ་པ་སོགས་ཡིད་འབྱུང་བའི་མཚན་མ་ཡིད་ལ་བྱས་པས་སྤོང་བས། ཡུལ་གཞན་ལ་སེམས་འཕྲོས་ཏེ། རྣམ་པར་གཡེང་བ་ནི། ཏིང་ངེ་འཛིན་གྱི་ཡོན་ཏན་དྲན་པ་དང་། སེམས་རྣམ་པར་གཡེང་བའི་སྐྱོན་དྲན་པས་སྟོང་ངོ། །གལ་ཏེ་སྒོམ་པའི་ཚེ། དྲན་པ་ཤུགས་ཆུང་བས་དམིགས་པ་མི་གསལ་བར་སེམས་མོག་མོག་པོར་གྱུར་པ་ནི་བྱིང་བ་ཡིན་པས། དམིགས་པ་གསལ་བའི་དྲན་པ་ཤུགས་བཙན་བསྐྱེད་དེ། སེམས་དཔངས་བསྟོད་དེ། ངར་དང་ལྡན་པར་བྱས་པས་སྤོང་ལ། དམིགས་པ་མི་གསལ་བ་ཙམ་ཡང་མི་བརྗེད་དེ། སེམས་མོག་མོག་པོར་གྱུར་པ་ནི་རྨུགས་པ་ཡིན་ལ་དེ་ནི་མར་མེ་དང་། ནོར་བུ་སོགས་སྣང་བ་ཡིད་ལ་བྱེད་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་པའི་སྐུ་བཟུགས་སོགས་དགའ་བའི་དངོས་པོ་ཡིད་ལ་བྱེད་པས་སྤོང་ངོ་། །བཞན་ཡང་བྱིང་རྒོད་ཀྱི་སེམས་དེ་དག་གི་ངོ་བོ་ལ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ན་ཡང་སྤོང་བར་འགྱུར་རོ། །གོང་དུ་བཤད་པའི་ཚུལ་དེ་ལྟར། རྣལ་འབྱོར་པས་བསྒོམ་པའི་ཚེ། དྲན་ཤེས་བཞིན་བསྟེན་ཚུལ་དེ་ནི། རྡོ་རྗེ་ཐེག་པའི་རིམ་གཉིས་སྒོམ་པ་ལ་སོགས་པ་ཏིང་ངེ་འཛིན་སྒོམ་པ་ཀུན་ལ་གཅེས་སོ། །ཐུན་གྱི་ཚད་ནི། ལས་དང་པོ་པས། ཐུན་ཆེས་ན་བསྒོམ་གྱིས་ཟིན་༼སུན་༽ པར་འགྱུར་ཏེ། ཐུན་ཆུང་ལ་གྲངས་མང་བ་བསྒོམ་ཞིང་། གང་གི་ཚེ་དམིགས་པ་ལ་འཛིན་པའི་དྲན་པ་དང་། བྱིང་རྒོད་རྟོགས་པའི་ཤེས་བཞིན་སྟོབས་ལྡན་དུ་འགྱུར་རོ། །མངོན་པར་འདུ་བྱེད་པ་དང་བཅས་པའི་སྒོ་ནས་སེམས་དམིགས་པ་ལ་ངང་གིས་འཇུག་པ་དེའི་ཚེ། མེ་ལྕེ་ཐུན་གཅིག་གམ། ཐུན་ཕྱེད་ལ་སོགས་པ་ཐུན་གྱི་ཚད་ངེས་པ་ཅན་དུ་བསྒོམ་པར་བྱས་ལ། གང་གི་ཚེ། བྱིང་རྒོད་རྒྱང་སྲིངས་ཏེ། སེམས་དམིགས་པ་ལ་རྩོལ་མེད་དུ་ལྷུན་གྱིས་འགྲུབ་པར་འཇུག་པ་དེའི་ཚེ། ཐུན་གྱི་ངེས་པ་མེད་པར་ཇི་ལྟར་འདོད་པ་ལྟར་བསྒོམ་པར་བྱའོ། །དེ་བས་ན། ཆོས་མངོན་པ་ལ་སོགས་པ་གཞུང་ཚད་ལྡན་དག་ནས། ཆགས་ཅན་མི་སྡུག་པ་དང་། ཞེ་སྡང་ཅན་བྱམས་པ་དང་། གཏི་མུག་ཅན་རྟེན་ཅིང་འབྲེལ་བ་འབྱུང་བ་དང་། ང་རྒྱལ་ཅན་ཁམས་ཀྱི་རབ་ཏུ་དབྱེ་བ་དང་། རྣམ་རྟོག་ཤས་ཆེས་ཆེ་བས། དབུགས་དབྱུང་རྔུབ་ལ་དམིགས་ཏེ་བསྒོམ་པར་གསུངས་ཤིང་། རྒྱུད་དེ་དག་ལས་ཀྱང་། ལྷ་སྐུ་དང་། ཐིག་ལེ་དང་མཚན་མ་སོགས་ལ་དམིགས་ཏེ། རིམ་གཉིས་ཀྱི་རྣལ་འབྱོར་བསྒོམ་པར་གསུངས་པས། ཏིང་ངེ་འཛིན་སྒོམ་ཡང་། དམིགས་རྟེན་ངེས་པ་ཅན་གཅིག་ལ་སེམས་བཟུང་དགོས་སོ། །གང་དག་དྲན་པ་དང་ཡིད་བྱེད་བཀག་ནས་མུན་པ་ལ་མིག་གཅེར་ལྟས་བྱས་ཏེ་ལྷར་བསྒོམ་བྱས་པ་དང་། མཚན་མ་ཅི་ཡང་ཡིད་ལ་མི་བྱེད་པར་རྣམ་རྟོག་ཐོལ་སྐྱེས་རྦད་གཅོད་བྱེད་པ་སྟོང་ཉིད་བསྒོམ་པར་འདོད་པ་ནི། རྒྱ་ནག་ཧ་ཤང་གི་རིང་ལུགས་མ་ནོར་བར་འཛིན་པ་ཡིན་ནོ། །འདི་བརྗོད་པར་བྱ་བ་མང་སྟེ་རེ་ཞིག་བཞག་གོ །

ལྔ་པ་དེ་ལྟར་བསྒོམས་པས་ཞི་གནས་སྐྱེས་པའི་ཚད་ནི། རེག་པ་དང་མཐོང་བའི་མཚན་མ་གཉིས་དང་ལྡན་པ་ཞིག་དགོས་ཏེ། དེ་ལ་མཐོང་བའི་མཚན་མ་ནི་མི་རྟག་པ་ལ་སོགས་པ་ཡང་དག་པའི་དོན་དང་། མི་སྡུག་པ་ལ་སོགས་པ་ཡང་དག་པ་མ་ཡིན་པའི་དོན་ཡང་དང་ཡང་དུ་གོམས་པར་བྱས་པས། སྒོམ་པ་ཡོངས་སུ་རྫོགས་པ་ན། བསྒོམ་བྱའི་དོན་དེ་ཉིད་མདུན་ན་གནས་པ་བཞིན་དུ་མངོན་སུམ་དུ་མཐོང་བ་ནི་མཚན་ཉིད་ཡིན་ཏེ། རྣམ་འགྲེལ་ལས། དེ་ཕྱིར་ཡང་དག་ཡང་དག་མིན། །གང་དག་ཤིན་ཏུ་སྒོམ་གྱུར་པ། །བསྒོམ་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་གསུངས་སོ། །དེའི་ཕྱིར་སྔར་གྱི་མིག་རྟེན་དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ཉིད་མཚན་མ་ལེགས་པར་གཟུང་སྟེ། དྲན་ཤེས་བཞིན་གྱིས་གོམས་པར་བྱས་པ་ལས་སྒོམ་པ་ཡོངས་སུ་རྫོགས་པ་ན། དེའི་ཁ་དོག་དང་། དབྱིབས་དང་ཚད་ལ་སོགས་པ་ཇི་ལྟར་སྒོམ་པ་བཞིན་དུ་མདུན་ན་གནས་པ་ལྟར། མངོན་སུམ་གྱིས་མཐོང་ཞིང་། སྦྲང་མ་གར་སྤྲིིན་ལ་འབྱར་བ་ལྟར། སེམས་དམིགས་པ་དེ་ཉིད་ལ་རྩེ་གཅིག་ཏུ་ཞུགས་པས། ཕྱི་རོལ་དུ་རྔ་བོ་ཆེའི་སྒྲ་གྲག་པ་དང་། སྦྲང་བུ་འཆུ་རིང་ལ་སོགས་པས་ཟོས་པའི་རེག་པ་མི་ཚོར་བར་གྱུར་པ་དེའི་ཚེ། མཐོང་བའི་མཚན་མ་རྫོགས་པ་ཡིན་ནོ། །སྒོམ་རིམ་ལས། ཇི་སྲིད་དུ་དེ་མདུན་ན་བཞུགས་པ་བཞིན་དུ་བསམ་ལ་མཐོང་བར་གྱུར་པ་དེ་སྲིད་དུ་བསམ་གཏན་ནོ། །ཞེས་དང་གང་གི་ཚེ་དེ་ཉིད་ལ་མངོན་པར་འདུ་བྱེད་པ་མེད་པར། ཇི་སྲིད་འདོད་པའི་བར་དུ་སེམས་འཇུག་པར་གྱུར་པ་དེའི་ཚེ་ཞི་གནས་རྫོགས་པ་ཡིན་པར་རིག་པར་བྱ་སྟེ། ཞེས་གསུངས་སོ། །རེག་པའི་མཚན་མ་ནི། མདུན་དུ་གསལ་བར་སྣང་བའི་གཟུགས་བརྙན་དེ་ལ། ལག་པས་རེག་ཏུ་རུང་བ་ལྟ་བུ་ནི་མ་ཡིན་གྱི། ལུས་སེམས་ཤིན་ཏུ་སྦྱངས་པའི་སྟོབས་ལས་བྱུང་བའི་རེག་པའི་བདེ་བ་ཉམས་སུ་མྱོང་བ་ལ་བྱ་སྟེ། དེ་ཡང་འདི་ལྟར། ཐོག་མར་ཏིང་ངེ་འཛིན་བསྒོམ་ལ་མི་དགའ་བའི་ཀུན་ནས་ཉོན་མོངས་པའི་རང་བཞིན་སེམས་ལས་སུ་མི་རུང་བའི་གཉེན་པོར། སེམས་ཤིན་ཏུ་སྦྱངས་པ་སྐྱེ་སྟེ། དེའི་ངོ་བོ་ནི། སེམས་དམིགས་པ་ལ་ཇི་ལྟར་འདོད་པ་ལྟར་བཀོལ་དུ་རུང་བར་བྱེད་པའི་སེམས་འབྱུང་སྟེ། དེའི་སྟོབས་ཀྱིས་སེམས་ལས་སུ་མི་རུང་བའི་གནས་ངན་ལེན་གཏོང་ཞིང་། དེ་དང་དུས་མཉམ་དུ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས། ལུས་ཀྱི་ནང་གི་གནོད་པ་བྱེད་པའི་རླུང་རྣམས་འགྲིབ་ཅིང་ཕན་པའི་རླུང་རྣམས་རྒྱས་ཏེ། ལུས་ཀྱི་ཆ་ཐམས་ཅད་ལ་ཞུགས་པས། ཡིད་དུ་འོང་བའི་རེག་པས་ལུས་གང་བ་བཞིན་སྣང་ཞིང་། དེ་ལས་སྐྱེས་པའི་ལུས་ཀྱི་ཚོར་བ་བདེ་བ་སྔོན་མ་མྱོང་བ་འབྱུང་སྟེ། དེའི་སྟོབས་ཀྱིས་ཡིད་དགའ་བར་ཡང་འགྱུར་རོ། །དེའི་ཚེ་རེག་པའི་མཚན་མ་མཐོང་བ་དང་། ཞི་གནས་ཐོབ་པར་འཇོག་སྟེ། སྒོམ་རིམ་ལས། དེ་ལྟར་ཞི་གནས་གོམས་པར་བྱེད་པ་དེའི་ལུས་དང་། སེམས་གང་གི་ཚེ་ཤིན་ཏུ་སྦྱངས་པར་གྱུར་པ་སྟེ། ཇི་ལྟར་འདོད་པ་བཞིན་དམིགས་པ་ལ་སེམས་དབང་དུ་གྱུར་པ་དེའི་ཚེ། དེས་ཞི་གནས་གྲུབ་པ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །དེ་ལྟ་བུའི་རེག་པ་དེ་ཐོབ་པ་ན། དགེ་བ་ལ་བཀོལ་དུ་མི་རུང་བའི་ལུས་ཀྱི་གནས་ངན་ལེན་སྤོང་ཞིང་། ལུས་ལྡང་བ་ཡང་བ་ལ་སོགས་པ་ལུས་ཤིན་ཏུ་སྦྱངས་པ་ཐོབ་བོ། །ལུས་སེམས་ཀྱི་ཤིན་ཏུ་སྦྱངས་པ་དེ་དག་གི་མཚན་ཉིད་ནི། མངོན་པ་ཀུན་ལས་བཏུས་པར། ཤིན་ཏུ་སྦྱངས་པ་གང་ཞེ་ན། ལུས་དང་སེམས་ཀྱི་གནས་ངན་ལེན་རྒྱུན་བཅོད་པའི་ཕྱིར། ལུས་དང་སེམས་ལས་སུ་རུང་བ་ཉིད་དོ། །སྒྲིབ་པ་ཐམས་ཅད་སེལ་བའི་ལས་ཅན་ནོ། །ཞེས་གསུངས་སོ། །དེ་ལྟར་གོང་དུ་བཤད་པའི་མཚན་ཉིད་ཅན་གྱི་སེམས་རྩེ་གཅིག་པ་ཐོབ་པ་ན་ཞི་གནས་ཐོབ་པ་དང་ཡིད་ལ་བྱེད་པ་དང་བཅས་པ་ཞེས་ཀྱང་བྱ། མཉམ་པར་བཞག་པའི་སེམས་ཡིད་ལ་བྱེད་པ་ཆུང་ངུ་ཐོབ་པ་ཞེས་ཀྱང་བྱ། དེ་ལྟར་ཡང་ཉན་པ་ལས། དེའི་འོག་ཏུ་རྣལ་འབྱོར་པ་ལས་དང་པོ་པ་ལ་དེ་ཡིད་ལ་བྱེད་པ་དང་བཅས་པ་ཡིན་ཏེ། ཡིད་ལ་བྱེད་པ་དང་བཅས་པ་ཞེས་བྱའི་གྲངས་སུ་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། དེས་དང་པོར་གཟུགས་ན་སྤྱོད་པ་མཉམ་པར་བཞག་པའི་ས་པའི་ཡིད་ལ་བྱེད་པ་ཆུང་ངུ་ཐོབ་པའི་ཕྱིར་ཏེ། དེས་ན་ཡིད་ལ་བྱེད་པ་དང་བཅས་པ་ཞེས་བྱའོ། །ཞེས་གསུངས་སོ། །མཉམ་པར་བཞག་པའི་ས་པའི་ཡིད་ལ་བྱེད་པ་ཆུང་ངུ་ནི། བསམ་གཏན་དང་པོའི་ཉེར་སྡོགས་དང་། ཞི་གནས་དང་ལྷག་མཐོང་གི་ཆ་གཉིས་ཡོད་པའི་ཞི་གནས་ཀྱི་ཆ་ཡིན་ལ། དེ་ཐོབ་པ་ཙམ་ན་འཇིག་རྟེན་པའི་ཆགས་བྲལ་དོན་དུ་གཉེར་ན། འདོད་པའི་ཉོན་མོངས་པའི་གཉེན་པོ། མཚན་ཉིད་རབ་ཏུ་བྱེད་པའི་ཡིད་ལ་བྱེད་པ་ལ་སོགས་པ་འཇིག་རྟེན་པའི་ལྷག་མཐོང་སྒོམ་པའི་སྐལ་བ་ཡོད་ཅིང་། འཇིག་རྟེན་ལས་འདས་པའི་ལྷག་མཐོང་དོན་དུ་གཉེར་ན། དངོས་པོའི་དེ་ཁོ་ན་ཉིད་ལ་རྣམ་པར་སྤྱོད་པའི་སྐལ་བ་དང་ལྡན་པ་ཡིན་ནོ། །ཡིད་ལ་བྱེད་པ་དེ་ཐོབ་པའི་རྟགས་སུ་ནི། ཉན་པ་ལས། ལས་དང་པོ་པའི་ས་ཡིད་ལ་བྱེད་པ་དང་བཅས་པ་དེའི་རྟགས་ནི་འདི་དག་ཡིན་ཏེ། དེས་གཟུགས་ན་སྤྱོད་པའི་སེམས་ཆུང་ངུ་ཐོབ་པ་དང་། ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་དང་། སེམས་རྩེ་གཅིག་པ་ཆུང་ངུ་ཐོབ་པ་དང་། ཉོན་མོངས་པ་རྣམ་པར་སྦྱོར་བའི་དམིགས་པ་ལ་སྦྱོར་བའི་སྐལ་བ་ཡོད་ཅིང་ནུས་པ་དང་། དེའི་སེམས་ཀྱི་རྒྱུད་འཇམ་པར་འགྱུར་བ་དང་། ཞི་གནས་ཀྱིས་ཉེ་བར་དཀྲིས་པ་དང་། ཞེས་དང་། དེ་ནང་དུ་ཡང་དག་འཇོག་ལ་འདུག་སྟེ། སེམས་གཏོད་པར་བྱེད་པ་ན། མྱུར་བ་མྱུར་བར་སེམས་དང་ལུས་ཤིན་ཏུ་སྦྱངས་པར་འགྱུར་བ་དང་། ལུས་ཀྱི་གནས་ངན་ལེན་དག་གིས་ཤིན་ཏུ་གནོད་པར་མི་འགྱུར་བ་དང་། སྒྲིབ་པ་རྣམས་ཀྱི་ཤས་ཆེར་ཀུན་ཏུ་མི་རྒྱུ་བ་དང་། ཞེས་པ་དང་། ལངས་ཏེ་རྒྱུ་བ་ན་ཡང་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཁ་ཅིག་དང་ལྡན་པར་འགྱུར་བ་དང་། དེ་ལྟ་བུ་དང་ལྡན་པ་དག་ནི། ཡིད་ལ་བྱེད་པ་དང་བཅས་པའི་རྟགས་ནི་མཚན་མ་ཡོངས་སུ་བྱང་བ་དག་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །རྒྱན་ལས་ཀྱང་། དེ་ནས་དེའི་ལུས་དང་སེམས། །ཤིན་ཏུ་སྦྱངས་པ་ཆེ་ཐོབ་ནས། །ཡིད་ལ་བྱེད་དང་བཅས་ཞེས་བྱ། །ཞེས་གསུངས་སོ། །ཇི་སྐད་བཤད་པའི་རེག་མཐོང་གི་མཚན་མ་མེད་པར། དམིགས་པ་ལ་རང་གི་ངང་གིས་འཇུག་པའི་སེམས་རྩེ་གཅིག་པ་ཐོབ་པ་ནི། ཞི་གནས་རྗེས་སུ་མཐུན་པའི་འདོད་སེམས་རྩེ་གཅིག་པ་ཡིན་གྱི་ཞི་གནས་མ་ཡིན་ཏེ། དགོངས་འགྲེལ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་སྲིད་དུ། སེམས་ལ་དམིགས་སེམས་ལ་ནང་དུ་ཡིད་ལ་བགྱིད་པ་ན། ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་པ་དེའི་བར་དུ། ཡིད་ལ་བྱེད་པ་དེ་ལ་ཅི་ཞེས་བགྱི། བྱམས་པ་ཞི་གནས་ནི་མ་ཡིན་ཏེ། ཞི་གནས་ཀྱི་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་ལྡན་པ་ཡིན་པར་བརྗོད་པར་བྱའོ། །ཞེས་གསལ་བར་གསུངས་སོ། །གལ་ཏེ་དེ་ལྟ་བུའི་རྩེ་གཅིག་པ་དེ་ཉིད། ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་དང་ལྡན་པ་ཡིན་ན། བསམ་གཏན་དང་པོའི་ཉེར་སྡོགས་སུ་ཇི་ལྟར་འགྱུར་ཏེ། དང་པོའི་ཉེར་སྡོགས་ནི་ཚོར་བ་བཏང་སྙོམས་སུ་བཤད་པའི་ཕྱིར་རོ་ཞེ་ན། ཞི་གནས་དང་པོར་ཐོབ་པ་དེའི་ཚེ། ཤིན་སྦྱངས་ཀྱི་སྟོབས་ཀྱིས། ལུས་སེམས་ཀྱི་དགའ་བདེ་རགས་པ་སྣང་བར་གྱུར་པ་ཙམ་ཡིན་གྱི། དེའི་འོག་དུ་ཁད་ཀྱི་ཁད་ཀྱིས་ཤིན་སྦྱངས་ཀྱི་བདེ་བ་ཤིན་ཏུ་ཕྲ་བར་གྱུར་ནས་ཚོར་བ་བཏང་སྙོམས་སུ་གནས་པ་ཡིན་ཏེ། དེ་ལྟར་ཡང་ཉན་པ་ལས། དང་པོར་དེ་སྐྱེས་པར་གྱུར་པ་དེའི་ཚེ་ན། སེམས་དགའ་བ་དང་། སེམས་ཤིན་ཏུ་ཉམས་དགའ་བ་དང་། སེམས་མཆོག་ཏུ་དགའ་བ་དང་ལྡན་པ་ལ། དམིགས་པ་དང་མངོན་པར་དགའ་བ་དང་བཅས་པར་ཡང་སྣང་བར་ཡང་འགྱུར་རོ། །དེའི་འོག་ཏུ་ཤིན་ཏུ་སྦྱངས་པའི་ཤུགས་དང་པོ་སྐྱེས་པ་གང་ཡིན་པ་དེ་ཁད་ཀྱི་ཁད་ཀྱིས་ཤིན་ཏུ་ཕྲ་བར་འགྱུར་ཞིང་། ལུས་ལ་ཤིན་ཏུ་སྦྱངས་པ་གྲིབ་མ་ལྟ་བུ་དང་ལྡན་པར་འགྱུར་རོ། །སེམས་དགའ་བ་གང་ཡིན་པ་དེ་ཡང་སྤོང་བར་འགྱུར་ཞིང་། སེམས་ཞི་གནས་ཀྱི་ཉེ་བར་བརྟན་ཅིང་། རབ་ཏུ་ཞི་བའི་རྣམ་པས་དམིགས་པ་ལ་འཇུག་པར་འགྱུར་རོ། །ཞི་གནས་ལ་བསླབ་པའི་ཚུལ་བཤད་ཟིན་ཏོ། །

གཉིས་པ་ལྷག་མཐོང་ལ་བསླབ་པའི་ཚུལ་ལ་བཞི་སྟེ། ལྷག་མཐོང་སྒོམ་པའི་དུས། དེའི་རབ་དབྱེ། སྒོམ་པའི་ཚུལ། བསྒོམས་པས་ལྷག་མཐོང་སྐྱེས་པའི་ཚད་དོ། །དང་པོ་ནི། སྔར་བཤད་པའི་མཚན་ཉིད་ཅན་གྱི་ཞི་གནས་འབའ་ཞིག་བསྒོམ་པར་བྱ་བ་ཡིན་ནམ་ཞེ་ན། དེ་ལྟ་བུའི་ཞི་གནས་བསྐྱེད་པ་ནི། ཉོན་མོངས་པ་འཇོམས་པའི་འདུ་བྱེད་ལྷག་མཐོང་བསྐྱེད་པའི་ཕྱིར་ཡིན་པས། དེ་ལ་བརྟེན་ནས་ལྷག་མཐོང་མ་བསྐྱེད་ན། ཞི་གནས་ཇི་ཙམ་བསྒོམ་ཀྱང་འདོད་པའི་ཉོན་མོངས་པ་སྤོང་མི་ནུས་ན། ཉོན་མོངས་པ་ཐམས་ཅད་སྤོང་བ་ལྟ་ཅི་སྨོས། དེའི་ཕྱིར་ཞི་གནས་ཐོབ་ནས། དེ་ལ་བརྟེན་ནས་དངོས་པོའི་གནས་ལུགས་འབྱེད་པའི་ལྷག་མཐོང་བསྒོམ་པར་བྱའོ། །གཉིས་པ་ལྷག་མཐོང་གི་རབ་དབྱེ་ནི། སྤང་བྱའི་སྒོ་ནས་ཕྱེ་ན། ཉོན་མོངས་མངོན་གྱུར་རེ་ཤིག་སྤོང་བ་འཇིག་རྟེན་པའི་ལམ་གྱིས་འགྲོ་བའི་ལྷག་མཐོང་དང་། ཉོན་མོངས་པའི་ས་བོན་རྩ་བ་ནས་སྤོང་བ་འཇིག་རྟེན་ལས་འདས་པའི་ལམ་གྱིས་འགྲོ་བའི་ལྷག་མཐོང་གཉིས་ཡོད་དེ། ཉན་པ་ལས་དེ་ལྟར་ཡིད་ལ་བྱེད་པ་ཐོབ་པའི་རྣལ་འབྱོར་པ་སྤོང་བའི་དགའ་བ་ཆུང་ངུས་ཞུགས་པ་དེའི་གོང་དུ་འགྲོ་བར་བྱ་བ་ནི་བཞན་མེད་དེ། གཉིས་ཁོ་ནར་ཟད་དོ། །གཉིས་གང་ཞེ་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །ཞེས་གསུངས་སོ། །འཇིག་རྟེན་པ་ནི་འདོད་པ་ལ་སོགས་པའི་ས་འོག་ས་རྣམས་ལ་ཉོན་མོངས་པ་མང་ཡང་། ཚེ་ཐུང་བ་ལ་སོགས་པའི་སྐྱོན་གྱི་སྒོ་ནས་ཞི་བར་བལྟ་བ་སྟེ། ས་དགུའི་ཉེར་སྡོགས་ཀྱིས་བསྡུས་པའི་ཡིད་ལ་བྱེད་པ་དྲུག་དྲུག་ཡོད་དེ། དེ་དག་ནི་མངོན་པ་གཞན་དུ་ཤེས་པར་བྱ་བ་ཡིན་གྱི། འདིར་མི་སྤྲོའོ། །འཇིག་རྟེན་ལས་འདས་པའི་ལྷག་མཐོང་ནི། གང་ཟག་དང་ཆོས་ཀྱི་བདག་མེད་པ་གཉིས་ལ་སོ་སོར་རྟོག་པའི་ཤེས་རབ་སྟེ་འཆད་པར་འགྱུར་རོ། །ཡུལ་གྱི་སྒོ་ནས་ཕྱེ་ན། ཆོས་ཅན་ཇི་རྙེད་པ་རྣམ་པར་འབྱེད་པ་དང་། ཆོས་ཉིད་ཇི་ལྟ་བ་རབ་ཏུ་རྣམ་པར་འབྱེད་པ་གཉིས་སོ། །དེ་དག་རེ་རེ་ལ་ཡང་རགས་པ་ཆེ་ལོང་ཙམ་ཡོངས་སུ་རྟོགས་པར་བྱེད་པ་དང་། ཕྲ་བ་ཞིབ་མོར་རྣམ་པར་ཕྱེ་ནས་ཡོངས་སུ་དཔྱོད་པར་བྱེད་པ་གཉིས་ཡོད་དོ། །དེ་ལྟར་ཡང་ཉན་པ་ལས་དེ་ལ་ལྷག་མཐོང་རྣམ་པ་བཞི་གང་ཞེ་ན། འདི་ལ་དགེ་སློང་འདི་ལྟ་སྟེ། ནང་གི་སེམས་ཀྱི་ཞི་གནས་ལ་བརྟེན་ནས། ཆོས་རྣམས་རྣམ་པར་འབྱེད་པར་བྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པར་བྱེད་པ་དང་། ཡོངས་སུ་རྟོག་པར་བྱེད་པ་དང་། ཡོངས་སུ་སྤྱོད་པར་བྱེད་པས་སོ། །ཞེས་གསུངས་སོ། །རྒྱུའི་སྒོ་ནས་ཕྱེ་ན། ཐོས་པ་ལས་བྱུང་བ་དང་། བསམ་པ་ལས་བྱུང་བ་དང་། སྒོམ་པ་ལས་བྱུང་བའོ། །དང་པོ་ནི་གཞན་གྱི་སྒྲ་ལ་བརྟེན་ནས་ཇི་རྙེད་པ་དང་། ཇི་ལྟ་བའི་ཆོས་སོ་སོར་འབྱེད་པའོ། །གཉིས་པ་ནི། རིགས་པ་བཞིའི་སྒོ་ནས་ཇི་སྙེད་པ་དང་། ཇི་ལྟར་བའི་ཆོས་རྣམ་པར་འབྱེད་པའོ། །གསུམ་པ་ནི། ཞི་གནས་ལ་བརྟེན་ནས་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་ཡང་དང་ཡང་དུ་སྒོམ་པའི་རྣམ་པས་སོ་སོར་རྣམ་པར་འབྱེད་པའོ། །དེ་དག་ཀྱང་འོག་ནས་འཆད་པའི་ལྷག་མཐོང་སྒོམ་པའི་རྟགས་མ་བྱུང་གོང་གི་ཤེས་རབ་རྣམས་ནི་ལྷག་མཐོང་དང་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ཡིན་གྱི། ལྷག་མཐོང་དངོས་མ་ཡིན་ནོ། །

གསུམ་པ་ལྷག་མཐོང་སྒོམ་པའི་ཚུལ་ལ་གཉིས། གང་ཟག་གི་བདག་མེད་སྒོམ་པའི་ཚུལ་དང་། ཆོས་ཀྱི་བདག་མེད་སྒོམ་པའི་ཚུལ་ལོ། །དང་པོར་ལྔ་སྟེ། དགག་བྱ་བདག་གི་ངོ་བོ་དང་། དེ་དགག་དགོས་པའི་རྒྱུ་མཚན་དང་། དེ་འགོག་བྱེད་ཀྱི་རིགས་པ་དང་། བདག་མེད་ལ་སེམས་འཇོག་པའི་ཚུལ་དང་། ཤེས་བྱེད་ཀྱི་ལུང་དགོད་པའོ། །དང་པོ་ནི། ཡུལ་གང་ཟག་དང་། བདག་དང་། སེམས་ཅན་དང་། སྐྱེས་བུ་རྣམ་གྲངས་ཡིན་ལ། ཡུལ་ཅན་བདག་ལྟ་དང་། འཇིག་ལྟ་དང་། ངར་འཛིན་དང་། སེམས་ཅན་དུ་འཛིན་པ་རྣམས་རྣམ་གྲངས་སོ། །འཇིག་ལྟ་ནི་གཉིས་ཏེ། ལྷན་སྐྱེས་དང་། ཀུན་བརྟགས་སོ། །དང་པོ་ནི་རྣམ་འགྲེལ་ལས། བདེ་བར་གྱུར་རམ་སྡུག་བསྔལ་བར། །མ་གྱུར་གཅིག་ཅེས་འདོད་པ་ན། །ང་བོ་སྙམ་པའི་བློ་གང་དེ། །སེམས་ཅན་ལ་ལྟ་ལྷན་ཅིག་སྐྱེས། །ཞེས་གསུངས་པ་ལྟར། སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་གོས་པའི་དབང་གིས་ང་དང་ང་ཡིར་འཛིན་པའི་བློ་རང་འཁྲུགས་སུ་འབྱུང་བ་གང་ཡིན་པའོ། །གཉིས་པ་ནི། ལྷན་སྐྱེས་ཀྱི་ཡུལ་དེ་ཉིད་རྗེས་སུ་དཔག་པ་དང་། ལུང་ལྟར་སྣང་ལ་རྟོན་ནས་ཕུང་པོ་དང་། གཅིག་དང་ཐ་དད། དེ་ཉིད་དང་གཞན་དུ་མེད་པར་འཛིན་པའོ། །དེ་དག་གི་ཡུལ་དུ་གྱུར་པའི་བདག་དེ་ཡང་གཉིས་ཏེ། ལྷན་སྐྱེས་ཀྱི་བདག་དང་ཀུན་བརྟགས་ཀྱི་བདག་གོ །རིགས་པའི་དགག་བྱ་ནི་གཉི་ཀ་ཡིན་ཏེ། ཀུན་བརྟགས་ཀྱི་བདག་དགག་པའི་སྒོ་ནས་ལྷན་སྐྱེས་འགོག་དགོས་པའི་ཕྱིར། འདི་ལྟར་ལྷན་སྐྱེས་ཀྱི་བདག་དེ་རྫས་སུ་གྲུབ་ན། རང་གཞན་གྱི་སྡེ་པ་རྣམས་ཀྱིས་བརྟགས་པ་ལྟར། ཕུང་པོ་དང་། དེ་ཉིད་དང་། གཞན་ལ་སོགས་པ་གང་རུང་དུ་གྲུབ་དགོས་པའི་ཕྱིར་རོ། །གལ་ཏེ་བདག་ལྟ་དང་། སེམས་ཅན་དུ་འཛིན་པ་རྣམ་གྲངས་སུ་མི་རིགས་ཏེ། གཞན་རྒྱུད་ཀྱི་སེམས་ཅན་ལ་བདག་དང་། ངར་མི་འཛིན་པའི་ཕྱིར་རོ། །གཞན་རྒྱུད་ཀྱིས་བསྡུས་པའི་བདག་དང་ང་ཡིར་འཛིན་པའི་ཕྱིར་རོ། །དེས་རང་རྒྱུད་ཀྱི་བདག་དང་སེམས་ཅན་སོགས་ནི། རང་རྒྱུད་ཀྱི་འཇིག་ལྟའི་ཡུལ་ལ་གཞན་རྒྱུད་ཀྱི་བདག་དང་སེམས་ཅན་སོགས་ནི་རང་གི་འཇིག་ལྟའི་ཡུལ་མ་ཡིན་གྱི། བློ་གཞན་གྱི་ཡུལ་ཡིན་ནོ། །གཉིས་པ་ནི། རྣམ་འགྲེལ་ལས། དེ་ཕྱིར་གྲོལ་འདོད་ཐོག་མེད་པའི། །རྒྱུ་ཅན་རིགས་མཐུན་ས་བོན་ལས། །བྱུང་བའི་འཇིག་ཚོགས་ལྟ་བ་དག །རྩ་བ་ཉིད་ནས་དབྱུང་བར་གྱིས། །ཞེས་གསུངས་ཤིང་། འཇུག་པ་ལས་ཀྱང་། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་འཐོང་གྱུར་ན། །བདག་ནི་འདིའི་ཡུལ་དུ་རྟོགས་བྱ་སྟེ། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་གསུངས་པ་ལྟར། འཁོར་བར་སྐྱེ་བའི་རྒྱུ་ལས་དང་། ཉོན་མོངས་པ་རྣམས་ནི། འཇིག་ཚོགས་ལ་ལྟ་བ་ལས་བྱུང་བ་དེའི་ཕྱིར་ཐར་པ་འདོད་པ་རྣམས་ཀྱིས། ཐོག་མར་འཇིག་ལྟ་སྤང་དགོས་ཤིང་། དེ་ཡུལ་བདག་བཀག་པའི་སྒོ་ནས་བཀག་སྟེ། རྣམ་འགྲེལ་ལས། འདི་ཡུལ་སུན་དབྱུང་མེད་པར་ནི། །དེ་སྤོང་བ་ནི་ནུས་མ་ཡིན། །ཞེས་གསུངས་སོ། །གསུམ་པ་ཀུན་བརྟགས་ཀྱི་བདག་དགག་པ་དང་། ལྷན་སྐྱེས་ཀྱི་བདག་དགག་པ་གཉིས་ལས་དང་པོ་ནི། རང་གི་སྡེ་པ་དག་གི་མདོ་ལས། དགེ་སློང་དང་བྲམ་ཟེ་གང་ལ་ལ་དག བདག་གམ་བདག་གིར་ཡང་དག་པར་རྗེས་སུ་ལྟ་བ་དེ་ཉིད་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལའོ། །ཞེས་གསུངས་པའི་དགོངས་པར་རློམ་ནས་ཁ་ཅིག་ཕུང་པོ་ལྔ་ཆར་བདག་ཡིན་པར་འདོད་ལ་ཁ་ཅིག་ནི་སེམས་གཅིག་པུ་བདག་དུ་འདོད་དོ། །དེ་ནི་མི་རིགས་ཏེ་ཕུང་པོ་རྣམས་ནི་ཐ་སྙད་དུ་ཡང་སྐྱེ་བ་དང་འཇིག་པར་ཚད་མས་གྲུབ་པའི་ཕྱིར་དང་། བདག་ལྟའི་ཡུལ་ནི། དེ་ལྟར་བདག་ལྟ་ཉིད་ཀྱིས་མི་འཇིག་པའི་ཕྱིར་རོ། །ཅི་སྟེ་བདག་ལྟ་སྐྱེ་འཇིག་ཅན་དུ་མི་འཛིན་ཡང་། བདག་སྐྱེ་འཇིག་ཅན་དུ་གནས་སོ་སྙམ་ན། དེ་ནི་མི་རིགས་ཏེ། ཁྱེད་ཀྱི་བདག་ལྟའི་ཡུལ་དེ་ཉིད་བདག་ཏུ་ཁས་བླངས་པའི་ཕྱིར་དང་། དེ་ལྟར་ན་བདག་ལྟའི་འཛིན་སྟངས་དང་མཐུན་པར་བདག་དེ་ཡང་ཁས་བླང་དགོས་པའི་ཕྱིར་རོ། །དེ་ལྟར་ཡང་རྩ་ཤེར་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་གསུངས་སོ། །གཞན་ཡང་བདག་ལྟའི་ཡུལ་ཡིན་ན། ཕུང་པོ་བཞིན་དུ་བདག་ཀྱང་མང་པོར་འགྱུར་བ་དང་། བདག་རྫས་ཡོད་དུ་གྱུར་པ་དང་། བདག་ལྟ་ཕྱིན་ཅི་མ་ལོག་པར་འགྱུར་ན། དེ་ཡང་མི་རིགས་ཏེ། ལུང་ལས། འཇིག་རྟེན་སྐྱེ་མེད་ཀྱང་གང་ཟག་ཉག་གཅིག་སྐྱེའོ་ཞེས་དང་། དགེ་སློང་དག་ལྔ་པོ་འདི་དག་ནི་མིང་ཙམ། བརྡ་ཙམ། བཏགས་པ་ཙམ་སྟེ། འདས་པ་དང་མ་འོངས་པ་དང་ནམ་མཁའ་དང་མྱ་ངན་ལས་འདས་པ་དང་། གང་ཟག་གོ་ཞེས་དང་འགལ་བའི་ཕྱིར། བདག་ལས་ཕྱིན་ཅི་མ་ལོག་པ་ཡིན་ན། དགྲ་བཅོམ་པ་རྣམས་ཀྱི་རྒྱུད་ལ་སྐྱེ་བར་འགྱུར་ཏེ། ཡུལ་རྫས་ཡོད་ལ་འཇུག་པའི་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར། དཔེར་ན་མིག་ཤེས་ལ་སོགས་པ་བཞིན་ནོ། །དེ་ཕྱིར་འཇུག་པ་ལས། གལ་ཏེ་ཕུང་པོ་བདག་ན་དེའི་ཕྱིར། །མང་བས་བདག་དེ་དག་ཀྱང་མང་པོར་འགྱུར། །བདག་ནི་རྫས་སུ་འགྱུར་ཞིང་དེར་ལྟ་བ། །རྫས་ལ་འཇུག་པའི་ཕྱིན་ཅི་ལོག་མི་འགྱུར། །ཞེས་གསུངས་སོ། །མུ་སྟེགས་པ་དག བདག་ནི་ཕུང་པོ་ལས་དོན་གཞན་པའི་ཕྱིར། ཇི་སྐད་བཤད་པའི་ཉེས་པ་མེད་སྙམ་ན། དེ་ཡང་མི་རིགས་ཏེ། གང་ཟག་གི་གང་ལས་དོན་གཞན་པ་དེ་ནི་གཅིག་མེད་པར་ཡང་གཞན་དམིགས་པར་འགྱུར་ཏེ། ཀ་བ་མེད་པར་བུམ་པ་མཐོང་བ་བཞིན་ནོ། །བདག་ཕུང་པོ་ལས་དོན་གཞན་ཡིན་ན། ཕུང་པོ་མེད་པར་ཡང་འགྱུར་ཏེ། དེ་ལྟར་ན། མོ་གཤམ་གྱི་བུ་ལ་ཡང་བདག་དམིགས་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར། བདག་ནི་ཕུང་པོ་ལས་གཞན་མ་ཡིན་ཏེ། གལ་ཏེ་ཕུང་པོ་རྣམས་ལས་གཞན། ཕུང་པོའི་མཚན་ཉིད་གཞན་ཡོད་དོ། ཁུར་མེད་པའི་གང་ཟག་ཡོད་དོ། །དེ་རྟག་པའམ་མི་རྟག་པ་ང་མི་སྨྲའོ། །ཞེས་གསུངས་པས། གང་ཟག་དེ་ནི་རྟག་མི་རྟག་དང་། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར། ཁོ་བོ་ཅག་ལ། ཇི་སྐད་བཤད་པའི་ཉེས་པ་མེད་དོ་ཞེ་ན། རྣམ་འགྲེལ་ལས། གང་གི་རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས་རྟག་ཅེས་བརྗོད། །དེས་ན་ངོ་ཚའི་ལྟ་བ་འདི། །སྤོངས་ལ་དེ་ནི་རྟག་པར་སྨྲོས། །ཞེས་གསུངས་པ་ལྟར། ཁྱེད་ཀྱིས་གང་ཟག་ནི་འཁོར་འདས་ཐམས་ཅད་དུ་འཇིག་པ་མེད་པར་རྗེས་སུ་འགྲོ་བར་ཁས་བླངས་པའི་ཕྱིར། རྟག་པ་ཡིན་ལ། དངོས་རྫས་ཡོད་ལ། དེ་ཉིད་གཞན་ལས་རྣམ་པ་གཞན་ཡོད་པའི་ཕྱིར། དེ་ཉིད་དང་གཞན་གྱི་ཕྱོགས་ལ་བརྗོད་པའི་ཉེས་པ་སོ་ན་གནས་སོ། །དེའི་ཕྱིར། གང་ཟག་ནི་ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར་རང་བཞིན་མེད་དོ། །དེ་སྐད་དུ་ཡང་འཇུག་པ་ལས། རྣམ་ཤེས་དངོས་མེད་རང་ལས་གཞན་ཡིན་ན། །གཟུགས་སོགས་རྣམས་ལས་གཞན་དུ་འགྱུར་འདོད་ཅིང་། །དངོས་ལ་རྣམ་པ་དེ་གཉིས་མཐོང་འགྱུར་བས། །བདག་མེད་དེ་དངོས་ཆོས་དང་བྲལ་ཕྱིར་རོ། །ཞེས་གསུངས་སོ། །གལ་ཏེ་བདག་དགག་པ་ནི། དེའི་ཡུལ་ཅན་གྱི་འཇིག་རྟེན་ལྷན་སྐྱེས་ལས་དང་ཉོན་མོངས་པའི་རྩ་བར་གྱུར་པ་དགག་པའི་ཕྱིར་ཡིན་ན། འཇིག་ལྟ་ཀུན་བཏགས་ནི། ལས་ཉོན་ཀུན་གྱི་རྩ་བ་མ་ཡིན་ཏེ། དེ་མེད་པའི་དུད་འགྲོ་སོགས་ལ་ཡང་། ལས་དང་ཉོན་མོངས་པ་དྲག་པོ་སྐྱེད་པའི་ཕྱིར་རོ། །དེ་བས་ན་ཀུན་བརྟགས་ཀྱི་བདག་དགག་པ་དོན་མེད་དོ་སྙམ་ན། འཇིག་ལྟ་ཀུན་བརྟགས་འཁོར་བའི་རྩ་བ་མ་ཡིན་པར་བདེན་ཡང་། དེའི་ཡུལ་བདག་དགག་པའི་སྒོ་ནས། དེ་དགག་དགོས་ཏེ། དེས་འཁོར་བའི་རྩ་བ་བདག་ལྟ་ལྷན་སྐྱེས་མེ་འབར་བ་ལ་ཤིང་བསྣན་བ་བཞིན་དུ། གསོས་འདེབས་ཤིང་སྟོབས་ལྡན་དུ་བྱེད་པའི་ཕྱིར་རོ། །

གཉིས་པ་ལྷན་སྐྱེས་ཀྱི་བདག་དགག་པ་ལ། ངོ་བོ་ངོས་གཟུང་བ་དང་། དེ་འགོག་ཚུལ་གཉིས་ཀྱི་དང་པོ། ལྷན་སྐྱེས་ཀྱི་བདག་ནི། འཇིག་རྟེན་ལྷན་སྐྱེས་ཀྱི་ཡུལ་ཡིན་ལ། དེ་ནི་སྔར་བཤད་པ་ལྟར་གྱི་ཕུང་པོ་དང་། གཅིག་དང་། ཐ་དད། བརྗོད་དུ་མེད་པ་སོགས་གང་ཡང་མ་ཡིན་གྱི། ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་གྱི་རྟེན་འབྲེལ་ཡིན་ཏེ། དཔེར་ན་ཤིང་རྟའི་ཡན་ལག་ལ་བརྟེན་ནས་ཤིང་རྟར་འདོགས་དགོས་པ་བཞིན་ནོ། །དེ་སྐད་དུ། འཇུག་པར། དེ་ཕྱིར་ངར་འཛིན་རྟེན་ནི་དངོས་པོ་མིན། །ཕུང་ལས་གཞན་མིན་ཕུང་པོའི་ངོ་བོ་མིན། །ཕུང་པོ་བརྟེན་མིན་དེ་ནི་དེ་ལྡན་མིན། །འདི་ནི་ཕུང་པོ་བརྟེན་ནས་འགྲུབ་པར་འགྱུར། །ཤིང་རྟ་རང་གི་ཡན་ལག་ལས་གཞན་མིན། །གཞན་མིན་མ་ཡིན་དེ་ལྡན་ཡང་མིན་ཞིང་། །ཡན་ལག་ལ་མིན་ཡན་ལག་དག་དེར་མིན། །འདུས་ཙམ་མ་ཡིན་དབྱིབས་མིན་ཇི་བཞིན་ནོ། །ཞེས་པ་ལྟར་རོ། །ཕུང་པོ་ལ་བརྟེན་ནས་ཇི་ལྟར་བདག་དུ་འཛིན་ཞེ་ན། དཔེར་ན་ཐག་པའི་ཁ་དོག་མཐོང་བ་ལ་བརྟེན་ནས། འདི་སྦྲུལ་ལོ་ཞེས་འདོགས་ཀྱི། མ་མཐོང་བར་སྦྲུལ་འཛིན་གྱི་བློ་མི་འབྱུང་བ་དེ་བཞིན་དུ། རང་རྒྱུད་ཀྱི་གཟུགས་ལ་སོགས་པའི་ཕུང་པོ་མ་བཟུང་བར། ངའོ་སྙམ་པའི་འཇིག་ལྟ་ལྷན་སྐྱེས་མི་འབྱུང་གི བློ་གཞན་གྱི་གཟུགས་སོགས་ཀྱི་ཕུང་པོ་གཟུང་བ་དག་གི་སྒོ་ནས། ཐོག་མ་མེད་པ་ནས་གོམས་པའི་དབང་གིས། ངའོ་སྙམ་པའི་བདག་ལྟ་ལྷན་སྐྱེས་སྐྱེ་བ་ཡིན་ལ། ཕུང་པོ་ཡང་དེའི་ཡུལ་མ་ཡིན་ལ། ཕུང་པོ་ལས་གཞན་པ་ཡང་དེའི་ཡུལ་དུ་མེད་ཅིང་ཕུང་པོ་མེད་པར་བདག་ལྟ་མི་འབྱུང་བས། དེའི་ཕྱིར་ཕུང་པོ་ལ་བརྟེན་ནས་བདག་དུ་བཏགས་པ་ཡིན་ནོ། །ཕུང་པོ་དང་དེ་ཉིད་དང་། གཞན་གང་དུ་ཡང་མ་གྲུབ་ན། དེ་ཡོད་པར་ཇི་ལྟར་རྣམ་པར་འཇོག་སྟེ། དངོས་པོ་ལ་རྣམ་པ་གཞན་མེད་པའི་ཕྱིར་ཞེ་ན། བདག་དེ་རྫས་གྲུབ་ཀྱི་དངོས་པོར་ཁས་བླངས་ན་བདེན་ཡང་། དེ་ནི་རིགས་པའི་རྣམ་དཔྱད་མེད་པར་གཏི་མུག་གི་དབང་ལས་ཐ་དད་དུ་ཡོད་པར་འཇོག་ཅིང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ཀུན་རྫོབ་ཀྱིས་བརྟེན་པར་འཇོག་གོ ། དེ་སྐད་དུ་ཡང་། འཇུག་པ་ལས། གང་ལ་བདག་དུ་འཛིན་རྣམ་ངར་འཛིན་དང་། །རབ་ཏུ་འབྱུང་ཞིང་དེའི་གང་ཡིན་དེར། །ང་ཡིར་འཛིན་བློ་འབྱུང་བའི་བདག་དེར་ནི། །མ་བརྟག་གྲགས་པར་གཏི་མུག་ལས་ཡིན་ནོ། །ཞེས་གསུངས་སོ། །ཇི་ལྟར་ན། དེ་ཐ་སྙད་ཀྱི་བདེན་པ་དང་། ཀུན་རྫོབ་ཏུ་ཡོད་པ་ཡིན་ཞེ་ན། ཀུན་རྫོབ་ཀྱི་བདེན་པ་རྣམ་པར་འཇོག་པ་ནི། མངོན་སུམ་དང་། རྗེས་དཔག་དང་། ཉེ་བར་འཇལ་བ་ལ། ལུང་སྟེ། ཐ་སྙད་ཀྱི་ཚད་མ་བཞིས་གྲུབ་པའི་སྒོ་ནས་ཡིན་ལ། ལྷན་སྐྱེས་ཀྱི་བདག་དེ་ཡང་། དེའི་ཡུལ་ཅན་བདག་ལྟ་ལྷན་སྐྱེས་ཐ་སྙད་པའི་མངོན་སུམ་ཚད་མས་གྲུབ་པའི་ཕྱིར་རོ། །ཇི་ལྟར་བདག་ལྟ་ལྷན་སྐྱེས་མངོན་སུམ་ཚད་མར་འགྱུར་ཞེ་ན། དེ་ནི་དོན་དུ་མངོན་དུ་བྱེད་པའི་རྣམ་པས་འཇུག་པའི་ཕྱིར་དང་། དེའི་ཡུལ་ལ་ཐ་སྙད་པའི་ཚད་མ་གཞན་གྱིས་གནོད་པ་མེད་པས་མི་སླུ་བ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ཙམ་གྱི་མངོན་སུམ་ཚད་མར་མི་འགྱུར་ན། མིག་གིས་བུམ་པའི་གཟུགས་མཐོང་བ་ན། བུམ་པའོ་སྙམ་པའི་བློ་ཡང་མངོན་སུམ་དུ་མི་འགྱུར་ཏེ། སྔ་མ་དང་མཚན་ཉིད་མཚུངས་པའི་ཕྱིར་རོ། །འདོད་པ་ཡང་མི་རིགས་ཏེ། བཞི་བརྒྱ་པར། གཟུགས་མཐོང་ཚེ་ན་བུམ་པ་ནི། །ཐམས་ཅད་ཁོ་ན་མཐོང་མི་འགྱུར། །བུམ་པ་མངོན་སུམ་ཞེས་བྱ་ཡང་། །དེ་ཉིད་རིག་པ་སུ་ཞིག་སྨྲ། །ཞེས་ཐ་སྙད་དུ་བུམ་གཟུགས་འཛིན་པའི་མིག་ཤེས་དང་དེའི་རྗེས་སུ་བུམ་པའོ་སྙམ་པའི་བློ་གཉིས་ཀ་ཡུལ་བུམ་པ་ལ་མངོན་སུམ་ཡིན་ནོ། །ཞེས་འཇིག་རྟེན་ན་གྲགས་ཀྱང་། དེ་ཁོ་ན་ཉིད་སེམས་པའི་མཁས་པ་རྣམས། ཕྱོགས་གཅིག་མཐོང་བས་ཐམས་ཅད་མཐོང་བར་མི་རིགས་པས། དེ་དག་མངོན་སུམ་དུ་མི་འདོད་དོ། །ཞེས་གསུངས་པ་དང་འགལ་བའི་ཕྱིར། གཉིས་པ་དེ་འགོག་བྱེད་ཀྱི་རིགས་པ་ནི། དེ་ལྟར་ལྷན་སྐྱེས་ཀྱི་བདག་དེ་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་བརྟེན་ནས་བཏགས་པས། རྟེན་འབྲེལ་ཡིན་པའི་ཕྱིར་རང་བཞིན་མེད་དོ། །འཁོར་ལོ་སྲོག་ཤིང་ཟིར་བུ་ལ་སོགས་པ་ཤིང་རྟའི་ཡན་ལག་ལ་བརྟེན་ནས་ཤིང་རྟར་འདོགས་པ་བཞིན་ནོ། །དེ་སྐད་དུ་ཡང་མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་འདོགས་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བརྗོད་དོ། །ཞེས་གསུངས་ཤིང་། འཇུག་པ་ལས་ཀྱང་། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །ཅེས་གསུངས་པས། རྟེན་འབྲེལ་གྱི་རིགས་པ་འདིས། བདག་ཡོད་མེད་ཀྱི་མཐར་འཛིན་པའི་བདག་ལྟ་མ་ལུས་པ་འགོག་ནུས་སོ། །

བཞི་པ་བདག་མེད་པ་ལ་སེམས་འཇོག་ཚུལ་ནི། དེ་ལྟར་གོང་དུ་བཤད་པའི་རིགས་པ་རྣམས་ཀྱིས། བདག་ཀུན་བརྟགས་རྣམས་ནི་ཐ་སྙད་དུ་ཡང་མེད་པར་ངེས་ཤིང་། ལྷན་སྐྱེས་ཀྱི་བདག་ནི་ཐ་སྙད་དུ་བཏགས་པ་ཙམ་དུ་ཡོད་ཀྱང་། དོན་ལ་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ནི། བདག་མེད་རྟོགས་པའི་ལྟ་བ་ཡིན་ལ། དེ་ཉིད་ཞི་གནས་ལ་བརྟེན་ནས། ཡང་དང་ཡང་དུ་གོམས་པར་བྱས་ནས་བསྒོམ་བྱ་ལ་གསལ་སྣང་རབ་ཀྱི་མཐར་ཐུག་པར་གྱུར་པ་ནི། བདག་མེད་མངོན་སུམ་དུ་རྟོགས་པ་ཡིན་པས། འཇིག་ལྟ་ཀུན་བཏགས་དང་། ལྷན་སྐྱེས་རྣམས་རེ་ཤིག་སྤོང་བར་ནུས་ཀྱི། བདག་ལྟའི་ས་བོན་དྲུངས་འབྱིན་པ་ནི་མི་ནུས་ཏེ། བདག་ལྟའི་འཁྲུལ་གཞི་ཕུང་པོ་རང་བཞིན་མེད་པར་མ་རྟོགས་པའི་ཕྱིར་རོ། །དེ་སྐད་དུ་ཡང་རིན་ཆེན་ཕྲེང་བར། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ཅེས་གསུངས་སོ། །མཐར་ཐུག་པའི་དེ་ཁོ་ན་ཉིད་ནི། ཕུང་པོ་རང་བཞིན་མེད་པར་རྟོགས་པའི་སྟོང་ཉིད་ཡིན་ལ། གང་ཟག་གི་བདག་མེད་རྟོགས་པས། དེ་མི་རྟོགས་ན། གང་ཟག་གི་བདག་མེད་སྒྲུབ་པ་ཅི་ཞེ་ན། དངོས་སུ་མཐར་ཐུག་གི་དེ་ཁོ་ན་ཉིད་མི་རྟོགས་ཀྱང་། བདག་དེ་རྟེན་ཅིང་འབྲེལ་བ་འབྱུང་བ་ཉིད་ཀྱིས། ཐ་སྙད་དུ་ཡོད་ཀྱང་རང་བཞིན་མེད་པ་ལྟར། ཆོས་སུ་ཐ་སྙད་བཏགས་པའི་རྟེན་འབྲེལ་རྣམས་ཀྱང་། བདག་དང་མཚུངས་པར་ཐ་སྙད་དུ་ཡོད་ཀྱང་རང་བཞིན་མེད་པར་རྟོགས་ནས། མཐར་ཐུག་གི་དེ་ཁོ་ན་ཉིད་ཀྱང་བདེ་བླག་དུ་རྟོགས་པར་འགྱུར་རོ། །འཇུག་འགྲེལ་ལས། གང་གི་ཕྱིར་འཇིག་རྟེན་གྱི་ཀུན་རྫོབ་འདི། དེ་ལྟར་རྣམ་པར་དཔྱད་པ་ན་ཡོད་པར་མི་འགྱུར་ཞིང་། མ་བརྟགས་གྲགས་པས་ཡོད་པ་ཉིད་ཀྱི་ཕྱིར། རྣལ་འབྱོར་པས་རིམ་པ་འདི་ཉིད་ཀྱིས་འདི་ལ་རྣམ་པར་དཔྱོད་པ་ན། ཆེས་མྱུར་བ་ཁོ་ནར་དེ་ཁོ་ན་ཉིད་ཀྱི་གཏིང་དཔོག་པར་འགྱུར་རོ། །ཇི་ལྟར་ཞེ་ན། རྣམ་བདུན་གྱིས་མེད་གང་དེ་ཇི་ལྟ་བུ། །ཡོད་ཅེས་རྣལ་འབྱོར་པས་འདི་ཡོང་མི་རྙེད། །དེས་དེ་ཉིད་ལའང་བདེ་བླག་འཇུག་གྱུར་པས། །འདིར་དེའི་གྲུབ་པའང་དེ་བཞིན་འདོད་པར་བྱ། །ཞེས་གསུངས་སོ། །དེའི་ཕྱིར་འཕགས་པ་ཡབ་སྲས་ལྟར་ན། གང་ཟག་གི་བདག་མེད་སྒྲུབ་པས། ཆོས་ཀྱི་བདག་མེད་དེ་བླག་དུ་རྟོགས་པར་བྱ་བའི་ཕྱིར་ཡིན་གྱི། གང་ཟག་གི་བདག་མེད་རྟོགས་པས་འཁོར་བ་ལས་གྲོལ་བར་མི་བཞེད་དེ། ཉན་རང་གིས་ཀྱང་ཆོས་ཀྱི་བདག་མེད་རྟོགས་དགོས་པའི་ཕྱིར་རོ། །དེའི་ཕྱིར་ཉན་ཐོས་ཀྱི་ཐེག་པས་ཉན་ཐོས་རྣམས་ལ། བདེན་བཞི་མི་རྟག་ལ་སོགས་པ་བཅུ་དྲུག་གི་རྣམ་པར་བསྟན་པ་ནི་བདག་མེད་རྟོགས་ནས། ཆོས་ཀྱི་བདག་མེད་ཀྱི་དེ་ཁོ་ན་ཉིད་ལ་རིམ་གྱིས་བཞུག་པའི་ཆེད་ཡིན་ཏེ། རིག་པ་དྲུག་ཅུ་པ་ལས། སྐྱེ་བ་ཤེས་པས་འཇིག་པ་ཤེས། །འཇིག་པ་ཤེས་པས་མི་རྟག་ཤེས། །མི་རྟག་ཉིད་ལས་འཇུག་པར་ཤེས། །ཆོས་ཀྱི་ཚུལ་ཡང་རྟོགས་པར་འགྱུར། །ཞེས་གསུངས་པས་སོ། །རང་རྒྱུད་པ་ལ་སོགས་པའི་རང་གི་སྡེ་པ་ཆེན་པོ་གང་དག་ཉན་རང་གིས་ཆོས་ཀྱི་བདག་མེད་མ་རྟོགས་ཀྱང་བདེན་བཞི་མི་རྟག་པ་ལ་སོགས་བཅུ་དྲུག་གི་རྣམ་པ་བསྒོམས་པས་མཐོང་ལམ་སྐྱེས་པ་ན། ཕུང་པོ་ལས་དོན་གཞན་པའི་བདག་ཀུན་བཏགས་ཀྱི་ཡུལ་ཅན། བདག་ཀུན་བཏགས་ཀྱི་རྩ་བ་ཅན། སྤང་བྱ་ཉོན་མོངས་པ་ཀུན་བཏགས་སྤོང་ཞིང་། དེའི་རྒྱུན་སྒོམས་པར་བྱས་ལ། ཉོན་མོངས་མ་ལུས་པ་སྤོང་བའི་མྱང་འདས་ཐོབ་པར་བཞེད་མོད། རིགས་པར་མ་མཐོང་སྟེ། མདོ་ལས། ཉོན་མོངས་པ་རྣམས་ནི་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་འཇིག་ཚོགས་སུ་ལྟ་བའི་རྩ་བ་ཅན། འཇིག་ཚོགས་སུ་ལྟ་བའི་ཀུན་འབྱུང་བ་ཅན་ནོ། །ཞེས་གསུངས་པ་ལས། ཉོན་མོངས་པ་ཐམས་ཅད་འཇིག་ལྟ་ལྷན་སྐྱེས་ཀྱི་རྩ་བ་ཅན་དུ་གསུངས་ཤིང་། ཕུང་པོ་ལས་དོན་གཞན་པའི་བདག་མེད་པར་རྟོགས་པས། ཕུང་པོ་ལ་བརྟེན་ནས་བཏགས་པའི་བདག་གི་ཡུལ་ཅན། འཇིག་ལྟ་ལྷན་སྐྱེས་སྤོང་མི་ནུས་པའི་ཕྱིར་དང་། གཞན་ཡང་ལུང་འདི་ནི། འགའ་ཞིག་གི་རྩིག་ཕུག་ན་སྦྲུལ་འཁྱིལ་བ་མཐོང་སྟེ་སྐྲག་པ་ན། གཞན་གྱིས་འདི་ན་གླང་པོ་ཆེ་མེད་དོ་ཞེས། གླང་པོ་ཆེ་བཀག་པས། སྦྲུལ་གྱི་འཇིགས་པ་སྤོང་བ་ལྟར་སྤང་གཉེན་འབྲེལ་བ་མེད་པས་མཁས་པས་བཞད་གད་གྱི་གནས་སུ་འགྱུར་བའི་ཕྱིར་རོ། །དེ་སྐད་དུ་ཡང་འཇུག་པ་ལས། བདག་མེད་རྟོགས་ཚེ་བརྟགས་པའི་བདག་སྤོང་ཞིང་། །འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པ། །དེ་ཕྱིར་བདག་མེད་རྟོགས་པས་བདག་ལྟ་བ། །དཔྱིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་འཚར། །རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ། །འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ནས། །སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི། །ཀྱེ་མ་གཞན་གྱིས་གནམ་པོར་འགྱུར་ཉིད་དོ། །ཞེས་གསུངས་སོ། །དེ་བས་ན་ཉན་རང་རྣམས་ཀྱིས་ཀྱང་ཕུང་པོ་རང་བཞིན་མེད་པར་རྟོགས་དགོས་ཏེ། ཉོན་མོངས་པའི་རྩ་བ་འཇིག་ལྟ་ལྷན་སྐྱེས་ཡིན་ཞིང་དེ་ཡི་ཡང་རྩ་བ། ཕུང་པོ་ལ་མངོན་པར་ཞེན་པའི་ཉོན་མོངས་པ་ཅན་གྱི་མ་རིག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཡང་། སྟོང་ཉིད་བདུན་ཅུ་པ་ལས། རྒྱུ་རྐྱེན་ལས་ལྟོས་དངོས་པོ་རྣམས། །ཡང་དག་ཉིད་དུ་རྣམ་བརྟགས་པ། །དེ་ཉིད་སྟོན་པས་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང་། །ཞེས་གསུངས་སོ། །ལྔ་པ་ཤེས་བྱེད་ཀྱི་ལུང་དགོད་པ་ནི། ཡབ་སྲས་འཇལ་བའི་མདོ་ལས། རྒྱལ་པོ་ཆེན་པོ། སྐྱེས་བུ་གང་ཟག་འདི་ནི་ཁམས་དྲུག་པ་སྟེ། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། རྣམ་པར་ཤེས་པའི་ཁམས་དང་། ནམ་མཁའི་ཁམས་སོ། །ཞེས་དང་། དེ་ལ་སའི་ཁམས་ནི། བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། སྐྱེ་བ་པོ་མ་ཡིན། ཤེད་ལས་སྐྱེས་པ་མ་ཡིན། བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན། ང་མ་ཡིན། བདག་གི་མ་ཡིན། གཞན་སུ་ཡང་མ་ཡིན་ནོ། །དེ་བཞིན་དུ་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཀྱང་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། སྐྱེ་བ་པོ་མ་ཡིན། ཤེད་ལས་སྐྱེས་པ་མ་ཡིན། ཤེད་བུ་མ་ཡིན། བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན། ང་མ་ཡིན། བདག་གི་མ་ཡིན། གཞན་སུ་ཡང་མ་ཡིན་ནོ། །ཞེས་གསུངས་ཤིང་། རིན་ཆེན་ཕྲེང་བ་ལས། ཇི་ལྟར་ཆུ་ཤིང་ཡན་ལག་དག །མ་ལུས་བཅད་དེ་བཤིག་བྱས་ན། །ཅི་ཡང་མེད་པར་སྐྱེས་བུ་ཡང་། ཁམས་བཅས་བཤིག་ན་དེ་དག་འདྲ། །སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་དོན་སྐྱེས་བུ་གང་། །ཞེས་གསུངས་སོ། །དེ་དག་གིས་ཐར་པའི་བགེགས་སུ་གྱུར་པའི་ཉོན་མོངས་པའི་སྒྲིབ་པའི་གཉེན་པོར་བདག་མེད་ལ་དམིགས་པའི་རྣལ་འབྱོར་གྱི་ས་བཤད་ཟིན་ཏོ། །

ཐམས་ཅད་མཁྱེན་པའི་གེགས་སུ་གྱུར་པ་ཤེས་བྱའི་སྒྲིབ་པའི་གཉེན་པོར། གཉིས་པ་ཆོས་ཀྱི་བདག་མེད་བསྒོམ་ཚུལ་ལ་གཉིས། ཆོས་རྣམས་རང་བཞིན་མེད་པ་སྤྱིར་སྒྲུབ་པ་དང་། བྱེ་བྲག་སོ་སོར་སྒྲུབ་པའོ། །དང་པོ་ནི་ཆོས་ཞེས་བྱ་བ་ནི། འདི་ཙམ་དུ་ཟད་དེ། ཕུང་པོ་ལྔ་དང་། ཁམས་བཅོ་བརྒྱད་དང་། སྐྱེ་མཆེད་བཅུ་གཉིས་རྣམས་སོ། །འདི་དག་ལ་རང་གཞན་གྱི་སྡེ་པ་དག་གིས། རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། རང་བཞིན་གྱིས་གྲུབ་པ་དང་། ངོ་བོ་ཉིད་ཀྱིས་གྲུབ་པ་དང་། གཞན་ལ་ལྟོས་མེད་ཀྱིས་རྫས་གྲུབ་དུ་འཛིན་པ་ནི། ཆོས་སུ་མངོན་པར་ཞེན་པ་ཡིན་ལ། དེ་ཡང་འཁོར་བའི་རྩ་བ་ཉོན་མོངས་ཅན་གྱི་མ་རིག་པ་ཡིན་ལ། དེ་ཡང་ཞེན་ཡུལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་སོགས་པ་བཀག་པའི་སྒོ་ནས་དགག་དགོས་སོ། །དགག་བྱ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་སོགས་པ་དེ་དག་རིགས་པས་དཀག་པ་ན། སྣང་གྲགས་ཀྱི་ཆོས་རྣམས་རང་བཞིན་མེད་པ་དང་། སྟོང་པ་ཉིད་དུ་བདེ་བླག་དུ་འགྲུབ་པར་འགྱུར་ལ། དེ་འགོག་བྱེད་ཀྱི་རིགས་པ་སློབ་དཔོན་གྱིས་དབུ་མ་ལས་མཐའ་ཡས་པ་གསུངས་ཀྱང་། མདོར་བསྡུས་ན། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་འདི་ཙམ་དུ་འདུས་ལ། འདིར་རིགས་པ་བཞི་པོ་དེ་བརྗོད་པར་བྱའོ། །དེ་ལ་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་དེ་རྣམས་ལས། རང་གི་མཚན་ཉིད་རང་བཞིན་གྱིས་གྲུབ་པའི་སྐྱེ་བ་ཡོད་ན། བདག་གམ་གཞན་ནམ། གཉིས་ཀའམ། རྒྱུ་མེད་ལས་སྐྱེས་ཞེས་བརྟགས་ཏེ། རྫས་གྲུབ་ཀྱི་སྐྱེ་བ་ལ་མཐའ་བཞི་པོ་དེ་ལས་མི་སྲིད་པའི་ཕྱིར་རོ། །འདིར་རྟེན་འབྲེལ་གྱི་སྐྱེ་བ་ཐ་སྙད་པ་ཙམ་ནི་མི་འགོག་སྟེ། དེ་བཀག་ན། རྟེན་འབྲེལ་དབུ་མའི་ལམ་ལ་བསྐུར་པ་བཏབ་པར་འགྱུར་བའི་ཕྱིར་རོ། །དེ་ལ་ཕྱི་ནང་གི་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་བདག་ལས་མི་སྐྱེ་སྟེ། རང་ཉིད་ལ་བྱེད་པ་འགལ་བའི་ཕྱིར། དཔེར་ན་རལ་གྲིའི་སོས་རང་མི་གཅོད་པ་བཞིན་ནོ། །གཞན་ཡང་བདག་ཉིད་ལས་སྐྱེ་ན། སྐྱེ་བའི་རྒྱུ་ནམ་ཡང་མ་ཚང་བ་མེད་པའི་ཕྱིར། འཁོར་བ་ཇི་སྲིད་དུ་བདག་ཉིད་འབའ་ཞིག་སྐྱེ་བར་འགྱུར་རོ། །དེ་ལྟར་ན་ས་བོན་ལས་མྱུ་གུ་དང་། དེ་ལས་སྦུབ་འཆོས་པ་དང་ལོ་མ་འབྱུང་བ་ལ་སོགས་པ་རྒྱུ་སྔ་མ་ལས་འབྲས་བུ་ཕྱི་མ་འབྱུང་བའི་གོ་སྐབས་མེད་པར་འགྱུར་ཏེ། རྒྱུ་སྔ་མ་མ་འགག་པར་འབྲས་བུ་ཕྱི་མ་མཐོང་བའི་ཕྱིར་དང་། རྒྱུ་སྔ་མ་ནམ་ཡང་མི་འགག་པར་ཁས་བླངས་པའི་ཕྱིར་རོ། །རང་གི་མཚན་ཉིད་ཀྱིས་གྲུབ་པའི་དངོས་པོ་གཞན་ལས་སྐྱེ་བ་མེད་དེ། གཞན་ཞེས་བྱ་བ་ནི། ད་ལྟར་གྱི་དངོས་པོ་ཀ་བ་དང་། བུམ་པ་ལྟ་བུ་སོ་སོར་གྲུབ་པ་ལ་བྱ་བ་ཡིན་ན། འབྲས་བུ་རྣམས་རང་ལ་ལྟོས་མེད་དུ་སོ་སོར་གྲུབ་པའི་རྒྱུ་མངོན་པར་འདོད་པ་ལས་སྐྱེ་བ་ལྟར། རྒྱུ་མ་ཡིན་པ་གཞན་དག་ལ་ཀྱང་སྐྱེ་བར་འགྱུར་ཏེ། རྒྱུ་དང་རྒྱུ་མ་ཡིན་པ་རང་ལ་ལྟོས་མེད་ཀྱི་གཞན་དུ་མཚུངས་པའི་ཕྱིར་རོ། །རང་གི་མཚན་ཉིད་ཀྱིས་གྲུབ་པའི་དེ་ལྟར་ན་མེ་ལྕེ་ལས་ཀྱང་མུན་པ་ཐུག་པོ་སྐྱེ་བས་ཧ་ཅང་ཐལ་བའི་ཕྱིར། དེ་ནི་མི་རིགས་སོ། །གཉིས་ཀ་ལས་རང་གི་མཚན་ཉིད་ཀྱིས་སྐྱེ་བ་ཡང་མེད་དེ། རེ་རེ་ལས་ཀྱང་སྐྱེ་བ་བཀག་པའི་ཕྱིར་དང་། གཞན་དང་གཞན་མ་ཡིན་པ་གཉིས་ཀ་མེད་པའི་ཕྱིར་རོ། །རྒྱུ་མེད་པ་ལས་ཀྱང་སྐྱེ་བ་མ་ཡིན་ཏེ། ཡུལ་དུས་གནས་སྐབས་ཐམས་ཅད་དུ་སྐྱེ་བའམ། ཡང་ན་ནམ་ཡང་སྐྱེ་བར་མི་འགྱུར་ཏེ། ཡུལ་དུས་རེས་འགའ་བར་འབྱུང་བའི་རྒྱུ་གཞན་ལ་ལྟོས་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་ཕྱི་ནང་གི་ཆོས་རྣམས་རང་གཞན་གྱི་སྡེ་པ་དག་གིས་ཇི་ལྟར་བརྟགས་པ་ལྟར། རང་གི་མཚན་ཉིད་དམ། ངོ་བོ་ཉིད་ཀྱིས་སྐྱེ་བ་བདེན་པ་གཉིས་ཀར་དུའང་རིགས་པས་ཁེགས་པ་ན། ཆོས་སུ་མངོན་པར་ཞེན་པ་ལྡོག་ཅིང་། རང་བཞིན་མེད་པར་ཤེས་པའི་ཤེས་རབ་བདེ་བླག་དུ་སྐྱེ་བར་འགྱུར་རོ། །འདིར་ཐལ་རང་གི་སློབ་དཔོན་སོ་སོའི་བཞེད་པ་དང་། དེ་དག་འཐད་མི་འཐད་ཀྱི་དགག་སྒྲུབ་རྒྱས་པར་མི་སྤྲོ་སྟེ། ལས་དང་པོ་པ་རྣལ་འབྱོར་ཉམས་སུ་ལེན་པ་ལ་ཉེ་མཁོ་མེད་པའི་ཕྱིར་རོ། །

གཉིས་པ་བྱེ་བྲག་སོ་སོར་སྒྲུབ་པ་ལ་བཞི་སྟེ། ཡུལ་སྣང་སེམས་སུ་སྒྲུབ་པ་དང་། སེམས་སྣང་སྒྱུ་མར་སྒྲུབ་པ་དང་། སྒྱུ་མ་བརྗོད་བྲལ་དུ་བསྟན་པ་དང་། ཤེས་བྱེད་ཀྱི་ལུང་འགོད་པའོ། །དང་པོ་ནི། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་དེ་དག་ཀྱང་གཟུགས་ཅན་དང་། གཟུགས་ཅན་མ་ཡིན་པ་གཉིས་སུ་ངེས་ཤིང་། གཟུགས་ཅན་རྣམས་ནི། གཟུགས་ལ་སོགས་ཡུལ་ལྔ་དང་། མིག་ལ་སོགས་པའི་དབང་པོ་རྣམས་ཡིན་ལ། དེ་དག་ཀྱང་རྡུལ་ཕྲ་རབ་སོ་སོར་རྣམ་པར་ཕྱེ་ན། རགས་པ་གཅིག་ཏུ་འཛིན་པའི་བློ་འདོར་ཞིང་། རྡུལ་ཕྲ་རབ་རྣམས་ཀྱང་། ཕྱོགས་ཀྱི་ཆ་ཤས་ཀྱིས་རྣམ་པར་ཕྱེ་ན། རང་བཞིན་འདིའོ་ཞེས་ངེས་པར་བཟུང་དུ་མེད་དོ། །དེའི་ཕྱིར་བཟུགས་ཅན་རྣམས་རགས་པ་གཅིག་དང་། རྡུལ་ཕྲན་དུ་མའི་ངོ་བོར་མ་གྲུབ་པའི་ཕྱིར་དང་། གཟུགས་ཅན་ལ་རྣམ་པ་གཞན་དུ་གྲུབ་པའི་མཐའ་མེད་པའི་ཕྱིར། སྒྱུ་མ་བཞིན་དུ་རང་བཞིན་མེད་པ་ཡིན་ནོ། །དེ་ལྟར་ན། གཟུགས་ལ་སོགས་པའི་ཡུལ་ཤེས་པ་ལས་ཕྱི་རོལ་དུ་ཆད་པ་ལྟར་སྣང་ཞིང་། གྲགས་པ་ཇི་ལྟ་བུ་ཞེ་ན། དཔེར་ན་སད་པའི་གནས་སྐབས་སུ། ཕྱི་རོལ་དུ་མངོན་པར་ཞེན་པའི་དབང་གིས། རྨི་ལམ་དུ་རི་ཁང་ཁྱིམ་ལ་སོགས་པ་མེད་བཞིན་དུ་སྣང་བ་ལྟར། ཐོག་མ་མེད་པ་ནས་གཟུགས་ལ་སོགས་པར་ཡང་དག་པ་མ་ཡིན་པར་མངོན་པར་ཞེན་པའི་དབང་གིས། བྱིས་པ་རྣམས་ལ། སེམས་ཉིད་གཟུགས་ལ་སོགས་པ་ཕྱི་རོལ་དུ་ཆད་པ་ལྟར་སྣང་ཞིང་། ཡང་དག་པར་ན་སེམས་ཀྱི་སྣང་བ་ལས་གཞན་པའི་གཟུགས་སོགས་ཅི་ཡང་མེད་དོ། །ཞེས་ཡང་དང་ཡང་དུ་དཔྱད་པར་བྱའོ། །དེ་སྐད་དུ་ཡང་། ལང་ཀར་གཤེགས་པ་ལས། དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། བག་ཆགས་ཀྱིས་ནི་བཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་བྱུང་། །ཞེས་གསུངས་སོ། །གཞན་ཡང་ཐེག་བསྡུས་སུ། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་གསུངས་པ་ལྟར། ཆུ་ལྟ་བུའི་དངོས་པོ་གཅིག་ཀྱང་། འགྲོ་བ་རིགས་ལྔ་ལ། ལྕགས་བསྲེག་དང་། རྣག་ཁྲག་དང་། གནས་དང་། ཁྲུས་དང་། བཏུང་བྱ་དང་། བདུད་རྩི་ལ་སོགས་པ་སྣང་ཚུལ་ཐ་དད་དུ་སྣང་བའི་རིགས་པས་ཀྱང་། སྣང་གྲགས་ཀྱི་ཆོས་རྣམས་སེམས་ལས་གུད་ན་མེད་པར་ཤེས་རབ་ཀྱིས་ཡང་དང་ཡང་དུ་དཔྱད་པར་བྱའོ། །དེ་དག་ནི་གཟུང་རྟོག་གི་གཉེན་པོར་ཡུལ་སྣང་སེམས་སུ་སྒྲུབ་པ་གཟུང་མེད་ལ་དམིགས་པའི་རྣལ་འབྱོར་གྱི་ས་ཞེས་བྱའོ། །གཉིས་པ་ནི། སེམས་ལས་གཞན་པའི་ཕྱིར་རོལ་མེད་མོད། ཡུལ་དུ་སྣང་བ་དེ་ཉིད་སེམས་སུ་བདེན་ནམ་ཞེ་ན། ཡུལ་དུ་སྣང་བའི་སེམས་དེ་ཉིད་རང་གི་མཚན་ཉིད་དང་། ངོ་བོ་ཉིད་ཀྱིས་གྲུབ་པར་མི་རུང་སྟེ་རྫུན་པའི་ངོ་བོ་ཉིད་ཀྱི་གཟུགས་ལ་སོགས་པ་དང་གཞན་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་གཟུགས་ལ་སོགས་པ་གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་པ་དེ་བཞིན་དུ། སེམས་ཀྱང་དེ་ལས་གུད་ན་མེད་པའི་ཕྱིར་རོ། །གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བས། སྒྱུ་མ་དང་མིག་སྒྱུ་ལ་སོགས་པ་བཞིན་དུ། སེམས་ཀྱང་ངོ་བོ་ཉིད་མེད་པ་ཁོ་ནའོ། །ཞེས་ཤེས་རབ་ཀྱིས་ཡང་དང་ཡང་དུ་དཔྱད་པར་བྱ་སྟེ། དེ་དག་ནི་འཛིན་རྟོག་གི་གཉེན་པོ་སེམས་སྣང་སྒྱུ་མར་སྒྲུབ་པ་འཛིན་མེད་ལ་དམིགས་པ་རྣལ་འབྱོར་གྱི་ས་ཞེས་བྱའོ། །

གསུམ་པ་ནི། དེ་ལྟར་གཟུང་འཛིན་བདེན་པ་བ་མེད་དུ་ཆུག་ཀྱང་། ཤེས་བྱ་ནང་གིར་སྨྲ་བ་ལྟར། གཉིས་མེད་ཀྱི་ཤེས་པ་ཤེལ་གོང་ལྟ་བུ་བདེན་པར་ཡོད་དོ་སྙམ་ན། སྒྱུ་མ་ལྟ་བུའི་སེམས་དེ་ཉིད་ལས། ཡང་དག་པའི་ཤེས་རབ་ཀྱིས་སོ་སོར་བརྟག་པ་ན། སེམས་དེ་ནི་ནང་ན་ཡང་མི་དམིགས། ཕྱི་རོལ་ན་ཡང་མི་དམིགས། གཉིས་ཀ་མེད་པར་ཡང་མི་དམིགས། འདས་པའི་སེམས་ཀྱང་མི་དམིགས། མ་འོངས་པའི་སེམས་ཀྱང་མི་དམིགས། ད་ལྟར་བྱུང་བའི་སེམས་ཀྱང་མི་དམིགས། སེམས་དེ་སྐྱེ་བ་ན་ཡང་གང་ནས་ཀྱང་མི་འོང་། འགག་པ་ན་ཡང་གང་དུ་ཡང་མི་འགྲོ་སྟེ། སྒྱུ་མ་ལྟ་བུའི་སེམས་དེའི་རང་བཞིན་ནི། ནམ་མཁའ་ལྟར་ཡོད་མེད་ཀྱི་ཕྱོགས་ཐམས་ཅད་དང་བྲལ་བ། མཐའ་གང་དུ་ཡང་བརྟག་པ་དང་བརྗོད་པར་མི་ནུས་པ་ཉིད་དུ་ཤེས་རབ་ཀྱིས་ངེས་པར་བྱས་ནས། མཚན་མ་ཅི་ཡང་ཡིད་ལ་མི་བྱེད་པར་དེ་ཉིད་ཀྱི་ངང་ལ་དྲན་ཤེས་བཞིན་གྱིས་ཟིན་པར་བྱས་ཏེ་འཇོག་པ་ནི། སྒྱུ་མ་བརྗོད་བྲལ་དུ་བསྟན་པ་སྣང་མེད་ལ་དམིགས་པ་རྣལ་འབྱོར་གྱི་ས་ཞེས་བྱའོ། །དེ་སྐད་དུ་ཡང་། འཕགས་པ་དཀོན་མཆོག་བརྩེགས་པ་ལས། འོད་སྲུངས། སེམས་ནི་ཡོངས་སུ་བཙལ་ན་མི་རྙེད་དོ། །གང་མི་རྙེད་པ་དེ་ནི་མི་དམིགས་སོ། །གང་མི་དམིགས་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན། ཞེས་སོགས་རྒྱ་ཆེར་གསུངས་སོ། །བཞི་པ་ཤེས་བྱེད་ཀྱི་ལུང་འགོད་པ་ནི། རྣལ་འབྱོར་གྱི་རིམ་པ་འདི་ནི་ལང་ཀར་གཤེགས་པའི་མདོར་བཀའ་བསྩལ་ཏེ། ཇི་སྐད་དུ། སེམས་ཙམ་ལ་ནི་རབ་བརྟེན་ནས། །ཕྱི་རོལ་དོན་ལ་མི་རྟོག་གོ །དེ་བཞིན་ཉིད་ཀྱི་དམིགས་གནས་ནས། །སེམས་ཙམ་ལས་ཀྱང་བཟླ་བར་བྱ། །སེམས་ཙམ་ལས་ནི་བཟླས་ནས་སུ། །སྣང་བ་མེད་ལ་བཟླ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །ཡེ་ཤེས་ཐེག་པ་ཆེན་པོ་མཐོང་། །འཇུག་པ་ལྷུན་གྱིས་གྲུབ་ཅིང་ཞི། །སྨོན་ལམ་དག་གིས་རྣམ་པར་སྦྱངས། །ཡེ་ཤེས་དམ་པ་བདག་མེད་པ། །སྣང་བ་མེད་པ་མཐོང་བར་འགྱུར། །ཅེས་གསུངས་སོ། །དེ་ལ་རྐག་པ་དང་པོ་གཉིས་ཀྱིས་ནི། གཟུང་མེད་ལ་དམིགས་པའི་རྣལ་འབྱོར་གྱི་ས་བསྟན་ཏེ། དེས་ནི་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་དང་པོར་ཐོབ་པས་དྲོད་ཀྱི་ཡེ་ཤེས་ཏེ། སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ནས་རྐང་པ་གཉིས་ཀྱིས་འཛིན་མེད་ལ་དམིགས་པའི་རྣལ་འབྱོར་གྱི་ས་བསྟན་ཏེ། དེས་ནི་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་འབྲི ང་དུ་ཐོབ་པའི་རྩེ་མོའི་ཡེ་ཤེས་ཏེ། སྣང་བ་འཆེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ནས་རྐང་པ་བཞིས་སྣང་བ་དམིགས་པ་རྣལ་འབྱོར་གྱི་ས་བསྟན་ཏེ། དེ་ལ་ཡང་གཉིས་ཀྱི་དང་པོ་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་ཆེར་ཐོབ་པས། གཟུང་བ་མེད་པས་འཛིན་པ་ཡང་མེད་པར་ངེས་པ་ནི། བཟོད་པའི་ཡེ་ཤེས་ཏེ། དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་ནོ། །གཉིས་པ་ནི། གཟུང་འཛིན་གཉིས་མེད་ལ་དམིགས་པ་སྣང་མེད་ཀྱི་ཡེ་ཤེས་མོས་སྤྱོད་ཀྱི་སས་བསྡུས་པ་ཆོས་མཆོག་གི་ཡེ་ཤེས་ཏེ། དེའི་དེ་མ་ཐག་ཏུ། འཇིག་རྟེན་ལས་འདས་པའི་སྣང་མེད་ཀྱི་ཡེ་ཤེས་སྐྱེ་བས། དེ་མ་ཐག་པའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ནས་རྐང་པ་བཞིས་སྣང་མེད་ཀྱི་རྣལ་འབྱོར་གྱི་ཁྱད་ཆོས་བསྟན་ཏེ། སྣང་མེད་ཀྱི་ཡེ་ཤེས་དེ་བསྒོམ་པ་ཡོངས་སུ་རྫོགས་པ་ན། སངས་རྒྱས་ཀྱི་སའི་བར་དུ་ལྷུན་གྱིས་གྲུབ་པར་འཇུག་ཅིང་། ཡོད་མེད་ཀྱི་སྤྲོས་པའི་ཚོགས་ཐམས་ཅད་ཉེ་བར་ཞི་བའོ། །ཇི་ལྟར་ན་ལྷུན་གྱིས་གྲུབ་པར་འཇུག་ཅེ་ན། སྨོན་ལམ་དང་སྦྱིན་པ་ལ་སོགས་པ་ཐབས་ལ་མཁས་པ་ཡོངས་སུ་སྦྱངས་པས། བར་སྐབས་སུ་ཐེག་པ་གཞན་དུ་མི་ལྡོག་པར། བགྲོད་བྱ་མཐར་ཐུག་པར་འཇུག་པའི་ཕྱིར་རོ། །ཅིའི་ཕྱིར་སྤྲོས་པ་ཉེ་བར་ཞི་ཞེ་ན། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ནི། སྤྲོས་པ་ཤིན་ཏུ་ཕྲ་བ་ཡིན་ལ། དེ་ཡང་གཉིས་མེད་ཀྱི་ཡེ་ཤེས་ཀྱིས་བདག་མེད་ཅིང་སྣང་བ་མེད་པར་མཐོང་བའི་ཕྱིར་རོ། །དེ་ལྟར་ན། སྣང་མེད་ཀྱི་ཡེ་ཤེས་ནི་ཅི་ཡང་མཐོང་བ་མེད་པའི་ཚུལ་གྱིས་དེ་ཁོ་ན་ཉིད་མཐོང་བའི་ཕྱིར། ཐེག་པ་ཆེན་པོ་མཐོང་བ་ཞེས་བྱའོ། །གཞན་ཡང་། ལང་ཀར་གཤེགས་པ་ལས། བསམ་གཏན་བཞི་བསྟན་ཏེ། བྱིས་པ་ཉེར་སྤྱོད་དང་། དོན་རབ་འབྱེད་པ་དང་། དེ་བཞིན་ཉིད་ལ་དམིགས་པ་དང་། དེ་བཞིན་གཤེགས་པའི་བསམ་གཏན་ནོ། །དང་པོ་ནི། ཕྱི་ནང་ཐམས་ཅད་ཀྱིས་བསྒོམ་པར་བྱ་བ་ཞི་གནས་སེམས་རྩེ་གཅིག་པའོ། །གཉིས་པ་ནི། བདག་མེད་པ་གཉིས་ཀྱི་དེ་ཁོ་ན་ཉིད་ལ་རྣམ་པར་དཔྱོད་པའི་བསམ་གཏན་གོང་དུ་བསྟན་པའི་རྣལ་འབྱོར་གྱི་ས་བཞི་པོ་རྣམས་སོ། །གསུམ་པ་ནི། འཇིག་རྟེན་ལས་འདས་པའི་སྣང་མེད་ཀྱི་རྣལ་འབྱོར་རྣམས་སོ། །བཞི་པ་ནི། ས་བརྒྱད་པ་ཡན་ཆད་ཕྱིར་མི་ལྡོག་པ་དང་། སངས་རྒྱས་ཀྱི་སས་བསྡུས་པའི་རྣལ་འབྱོར་རོ། །དེ་སྐད་དུ་ཡང་། ལང་ཀར་གཤེགས་པ་ལས། བྱིས་པ་ཉེར་སྤྱོད་བསམ་གཏན་དང་། །དོན་རབ་འབྱེད་པའི་བསམ་གཏན་དང་། །དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་དང་། །དེ་བཞིན་བཤེགས་པའི་བསམ་གཏན་དང་། །རྣལ་འབྱོར་ཅན་གྱིས་བསྒོམ་བྱས་ན། །ཉི་མ་ཟླ་བའི་དབྱིབས་འདྲ་དང་། །འོད་དང་པད་མོ་འདྲ་བ་དང་། །རི་མོ་ནམ་མཁའ་མེ་འདྲ་འཐོང་། །མཚན་མ་སྣ་ཚོགས་དེ་དག་ནི། །མུ་སྟེགས་ཅན་ལམ་འཁྲིད་པར་བྱེད། །ཉན་ཐོས་རྣམས་དང་རང་རྒྱལ་གྱི། །སྤྱོད་ཡུལ་དུ་ཡང་ལྟུང་བར་བྱེད། །མཚན་མ་དེ་དག་རྣམ་སྤངས་ནས། །སྣང་བ་མེད་པར་རྣམས་གྱུར་པ། །དེ་ཚེ་སངས་རྒྱས་ལྷའི་ཕྱག །ཐམས་ཅད་ཞིང་ནས་འོངས་པ་ཡིས། །དེའི་མགོ་ལ་བྱུག་པར་འགྱུར། །ཡང་དག་རྗེས་སུ་འགྲོ་བའི་ལྟས། །ཞེས་གསུངས་སོ། །དེ་ལ་ཉི་མ་ཟླ་བའི་དབྱིབས་འདྲ་དང་། །ཞེས་སོགས་ཀྱིས། བསམ་གཏན་པ་རྣམས་ཀྱི་གོལ་ས་ལོག་པའི་ཏིང་ངེ་འཛིན་ལ་ཡིད་བརྟན་དུ་མི་རུང་བར་བསྟན་ཏོ། །མཚན་མ་དེ་དག་རྣམ་སྤངས་ཏེ། །སྣང་བ་མེད་པར་ནམ་གྱུར་པ། །ཞེས་སོགས་ཀྱི་བསམ་གཏན་པ་རྣམས་ཀྱིས་བླང་བྱ་ཡང་དག་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ཕན་ཡོན་དང་བཅས་པ་བསྟན་ཏོ། །བཞི་པ་ལྷག་འཐོང་སྐྱེས་པའི་ཚད་ནི། ཇི་སྲིད་དུ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ཏེ་བསྒོམ་པ་ན། དེའི་སྟོབས་ཀྱིས་ཤིན་སྦྱངས་ཀྱི་བདེ་བ་མ་སྐྱེས་པ་དེ་སྲིད་དུ། དེ་ཁོ་ན་ཉིད་ལ་རྣམ་པར་དཔྱོད་པའི་ཤེས་རབ་རྣམས་བསྒོམ་པའི་རྣམ་པ་ཅན་ཡིན་ཡང་། ལྷག་འཐོང་དང་རྗེས་སུ་མཐུན་པ་ཞེས་བྱའི། ལྷག་མཐོང་དངོས་ནི་མ་ཡིན་ནོ། །གང་གི་ཚེ་དེ་ཁོ་ན་ཉིད་ལ་དཔྱོད་པའི་ཤེས་རབ་ཀྱིས་ཤིན་སྦྱངས་ཀྱི་བདེ་བ་འདྲེན་ནུས་པ་དེའི་ཚེ་ལྷག་འཐོང་དངོས་ཡིན་ནོ། །དེ་ལྟར་ཡང་དགོངས་འགྲེལ་ལས། བཅོམ་ལྡན་འདས་ཇི་སྲིད་དུ་ལུས་དང་སེམས་སྦྱངས་པ་མ་ཐོབ་ཀྱི་བར་དུ་ཇི་ལྟར་མེད་པར་བསམ་པའི་ཆོས་དེ་དག་ལ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ། གཟུགས་བརྙན་ནང་དུ་ཡིད་ལ་བགྱིད་པ་དེ་ལ་ཅི་ཞེས་བགྱི། བྱམས་པ་ལྷག་འཐོང་ནི་མ་ཡིན་ཏེ། ལྷག་འཐོང་དང་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་ལྡན་པ་ཡིན་པར་བརྗོད་པར་བྱ་སྟེ། ཞེས་དང་། ཤེར་ཕྱིན་མན་ངག་ལས་ཀྱང་། དེས་ལུས་དང་སེམས་ཤིན་ཏུ་སྦྱངས་པ་དེ་ཉིད་ལ་གནས་ཏེ། ཇི་ལྟར་བསམས་པ་དེ་ཉིད་ཀྱི་དོན་ནང་གི་ཏིང་ངེ་འཛིན་གཟུགས་བརྙན་གྱི་སྤྱོད་ཡུལ་ལ་ལྷག་པར་མོས་པས་སོ་སོར་བརྟག་པར་བྱ་སྟེ། ཇི་སྐད་དུ། ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་སྐྱེས་པ་དེ་སྲིད་དུ་ནི་ལྷག་མཐོང་དང་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ཡིན་ལ། གང་གི་ཚེ་སྐྱེས་པ་དེའི་ཚེ་ལྷག་མཐོང་ཡིན་ནོ། །ཞེས་གསུངས་སོ། །གཞན་ཡང་། ཞི་གནས་སྒྲུབ་པའི་རྣལ་འབྱོར་པས་ཇི་སྲིད་ལྷག་མཐོང་མཚན་ཉིད་པ་མ་སྐྱེས་བར་དུ་ཟུང་འབྲེལ་དུ་ཐོབ་པར་བྱ་བའི་ཕྱིར། ཞི་གནས་དང་ལྷག་མཐོང་རེས་འཇོག་ཏུ་བསྒོམ་པར་བྱ་སྟེ། འདི་ལྟར། ཤེས་རབ་ཀྱིས་དེ་ཁོ་ན་ཉིད་ཡང་དང་ཡང་དུ་དཔྱད་པའི་ལྷག་མཐོང་ཤས་ཆེ་བའི་ཚེ། མར་མེ་རླུང་གིས་བསྐྱོད་པ་ལྟར་དེ་ཁོ་ན་ཉིད་གསལ་བར་མི་འགྱུར་བས། དེའི་ཚེ་ཞི་གནས་ཀྱི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་བཞག་ཏེ་ཞི་གནས་བསྒོམ་པར་བྱའོ། །ཞི་གནས་བསྒོམས་པས་ཞི་གནས་ཤས་ཆེ་བར་གྱུར་པ་ན་དེ་ཁོ་ན་ཉིད་ལ་རྣམ་པར་དཔྱོད་པའི་ཤེས་རབ་བསྒོམ་པར་བྱའོ། །དེ་ལྟར་གུས་པ་དང་རྟག་པར་སྦྱོར་བ་གཉིས་ཀྱིས་རྒྱུན་དུ་སྦྱངས་པ་ན། ཞི་ལྷག་གཉིས་མཉམ་པར་འཇུག་པའི་ཟུང་འབྲེལ་གྱི་རྣལ་འབྱོར་ཐོབ་པར་འགྱུར་རོ། །

གསུམ་པ་ཞི་ལྷག་གཉིས་ཟུང་དུ་འབྲེལ་བའི་ཚུལ་ནི། ལྷག་མཐོང་མཚན་ཉིད་པ་ཐོབ་པ་ན། ཟུང་འབྲེལ་ཐོབ་པར་འགྱུར་བས། དེའི་ཚུལ་ནི། ཞི་གནས་དང་ལྷག་མཐོང་གཉིས་ཕན་ཚུན་གཅིག་གིས་གཅིག་བཅིངས་པས་ཡ་བྲལ་དུ་མི་འགྱུར་བ་སྟེ། འདི་ལྟར་ཞི་གནས་ཀྱིས་བཅིངས་པའི་ལྷག་མཐོང་ནི། ཇི་ལྟར་ཞི་གནས་རང་གི་དམིགས་པ་ལ་ངང་གིས་འཇུག་པ་བཞིན་དུ། ལྷག་མཐོང་ཡང་དེ་ཁོ་ན་ཉིད་ཀྱི་དོན་ལ་རང་གི་ངང་གིས་འཇུག་ཅིང་གཞན་དུ་གཡེང་བར་མི་འགྱུར་ལ། ལྷག་མཐོང་གིས་བཅིངས་པའི་ཞི་གནས་ཀྱང་། ལྷག་མཐོང་ལྟར་དེ་ཁོ་ན་ཉིད་གསལ་བའི་བྱ་བ་བྱེད་ཅིང་། དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་པར་མི་འགྱུར་རོ། །དེ་ལྟར་ཡང་ཉན་པ་ལས། དེ་ཅི་ཙམ་གྱིས་ན་ཞི་གནས་དང་ལྷག་མཐོང་འདྲེས་པར་འགྱུར་ཞིང་། མཉམ་པར་ཟུང་དུ་འཇུག་པ་དང་། གང་གིས་ན་ཟུང་དུ་འབྲེལ་བར་འཇུག་པའི་ལམ་ཞེས་བྱ་ཞེ་ན། སྨྲས་པ་སེམས་གནས་པ་རྣམ་པ་དགུ་པོ་དག་ལས་འདི་ལྟ་སྟེ། མཉམ་པར་བཞག་པའི་རྣམ་པ་དགུ་པ་གང་ཡིན་པ་ཐོབ་པར་གྱུར་ཅིང་། ཏིང་ངེ་འཛིན་ཡོངས་སུ་གྲུབ་པ་དེ་ལ་བརྟེན་ནས་ལྷག་པའི་ཤེས་རབ་ཆོས་རྣམ་པར་འབྱེད་པ་ལ་རབ་ཏུ་བརྩོན་པར་བྱེད་དོ། །དེའི་ཚེ་ན་ཆོས་རྣམ་པར་འབྱེད་པ་དེ་ལ་ལམ་རང་གི་ངང་གིས་འཇུག་པ་དང་། རྩོལ་བ་མེད་པར་འཇུག་པར་འགྱུར་ཞིང་། ཞི་གནས་ཀྱི་ལམ་ཇི་ལྟར་བ་བཞིན་དུ། མངོན་པར་འདུ་བྱེད་པ་མེད་པས། ལྷག་མཐོང་ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བ་དང་། ཞི་གནས་ཀྱི་རྗེས་སུ་སོང་བ་དང་། ཉམས་བདེ་བས་ཡོངས་སུ་ཟིན་པར་འགྱུར་ཏེ། དེའི་ཕྱིར་ཞི་གནས་དང་ལྷག་མཐོང་གཉིས་འདྲེས་པར་འགྱུར་ཞིང་མཉམ་པར་འཇུག་པ་དང་། ཞི་གནས་དང་ལྷག་མཐོང་གཉིས་འདྲེས་པར་འགྱུར་ཞིང་མཉམ་པར་འཇུག་པའི་ལམ་ཞེས་བྱའོ། །ཞེས་དང་། སྒོམ་རིམ་ཐ་མ་ལས་ཀྱང་། ཅི་སྟེ་གང་གི་ཚེ་བྱིང་བ་དང་རྒོད་པ་ལས་དབེན་པའི་ཕྱིར། མ ཉམ་པར་ཞུགས་ཤིང་རང་གི་ངང་གིས་འཇུག་པས། དེ་ཁོ་ན་ཉིད་ལ་སེམས་ཤིན་ཏུ་གསལ་བར་འབྱུང་བར་འགྱུར་བ་དེའི་ཚེ། རྩོལ་བ་གློད་པས་གཏང་སྙོམས་སུ་བྱ་བ་སྟེ། དེའི་ཚེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་གྲུབ་པ་ཡིན་པར་རིག་པར་བྱའོ། །ཟུང་དུ་འབྲེལ་བའི་ཚུལ་ནི་དེ་ལྟར་ཡིན་མོད། ཞི་གནས་དང་ལྷག་མཐོང་གཉིས་ལས་གང་ཞིག་རྣལ་འབྱོར་པ་རྣམས་ཀྱིས་གཙོ་བོར་བསྒོམ་པར་བྱ་ཞེ་ན། རྣལ་འབྱོར་པའི་རིགས་ནི་གཉིས་ཏེ། དབང་པོ་རྟུལ་པོ་ཞི་གནས་ལྷག་པར་སྤྱོད་པ་དང་། དབང་པོ་རྣོན་པོ་ལྷག་མཐོང་ལྷག་པར་སྤྱོད་པའོ། །དང་པོ་ནི། ཆོས་འདི་ལས་ཕྱི་རོལ་ཏུ་གྱུར་པ་རྣམས་ཏེ། དེ་དག་ནི་ཞི་གནས་གཙོ་བོར་བྱེད་པས་བསམ་གཏན་གྱི་དངོས་གཞི་ཐོབ་ཅིང་། མངོན་ཤེས་དང་ལྡན་ལ། སྲིད་རྩེ་བའི་བར་གྱི་སེམས་ཐོབ་ཀྱང་བདག་མེད་པ་གཉིས་ཀྱི་དེ་ཁོ་ན་ཉིད་ལ་རྣམ་པར་དཔྱོད་པའི་ལྷ་མཐོང་དང་བྲལ་བས་འཁོར་བ་ལས་གྲོལ་བར་མི་འགྱུར་ཏེ། དེ་ལྟར་ཡང་མྱ་ངན་བསལ་བ་ལས། དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང་། །གང་ན་སྤྱོད་ཡུལ་འཆི་མེད་པ། །དེར་ནི་འགྲོ་བའི་ནུས་པ་མེད། །ཅེས་གསུངས་ཤིང་། བསྔགས་འོས་བསྔགས་བསྟོད་ལས་ཀྱང་། ཁྱོད་ཀྱི་བསྟན་ལ་མི་ཕྱོགས་པའི། །སྐྱེ་བོ་མ་རིག་གིས་ལྡོངས་པ། །སྲིད་རྩེའི་བར་དུ་སོང་ནས་ཀྱང་། །སྡུག་བསྔལ་ཡང་འབྱུང་སྲིད་པ་སྒྲུབ། །ཅེས་གསུངས་སོ། །དབང་པོ་རྣོན་པོ་ལྷག་མཐོང་ལ་སྤྱོད་པ་ནི། ཆོས་འདི་པའི་རྣལ་འབྱོར་པ་རྣམས་ཏེ། དེ་དག་ནི་བསམ་གཏན་གྱི་དངོས་གཞི་མ་ཐོབ་ཀྱང་། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་ཞི་གནས་ཙམ་ལ་བརྟེན་ནས། བདག་མེད་པ་གཉིས་ཀྱི་དེ་ཁོ་ན་ཉིད་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སྤྱོད་པའི་ལྷག་མཐོང་གཙོ་བོར་སྒོམ་པའི་སྟོབས་ཀྱིས་ཁམས་གསུམ་ལས་འདོད ཆགས་དང་བྲལ་ཏེ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །དེ་སྐད་དུ་ཡང་དེ་ཉིད་ལས། ཁྱོད་ཀྱི་བསྟན་པའི་རྗེས་འབྲང་བ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང་། །བདུད་ཀྱི་མིག་རས་བཙའ་བཞིན་དུ། །སྲིད་པ་རྣམས་ནི་བཟློག་པར་བགྱིད། །ཅེས་གསུངས་སོ། །དེ་བས་ན་བདག་ལེགས་སུ་འདོད་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་བཞིན་དུ་ལུས་དང་སྲོག་ལ་ཡང་མི་ལྟ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབུ་མའི་ལམ་བཙལ་བ་རིགས་སོ། །དངོས་གཞི་བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པ་བཤད་ཟིན་ཏོ། །

གསུམ་པ་རྗེས་ཀྱི་བྱ་བ་ལ་གཉིས་ཀྱི། དང་པོ་མཉམ་གཞག་ལས་ལངས་པའི་བྱ་བ་ནི། གོང་དུ་བཤད་པའི་ཞི་གནས་ཀྱི་མཉམ་པར་བཞག་པ་ལས་ལངས་ཏེ། དཀྱིལ་མོ་དཀྲུང་མ་བཤིག་པར་འདི་སྙམ་དུ་བསམས་ཏེ། བདག་གིས་སྔོན་ཆད་འདི་ལྟ་བུའི་ཏིང་ངེ་འཛིན་ཟབ་མོ་མ་ཤེས་ཏེ། སེམས་རྟ་དམུ་རྒོད་ལྟར་ཕྱི་རོལ་ཏུ་གཡེངས་པས། ལས་དང་ཉོན་མོངས་པས་དཀྲུགས་ཏེ་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་འགྱུར་རོ། །བདག་བཞིན་དུ་འཁོར་བའི་སེམས་ཅན་རྣམས་ཀྱང་སེམས་གཡེངས་པའི་དབང་གིས་སྡུག་བསྔལ་ལོ་སྙམ་དུ་སྙིང་རྗེ་ཆེན་པོ་སྔོན་དུ་བྱ་ཞིང་། སེམས་ཅན་རྣམས་ཏིང་ངེ་འཛིན་ཟབ་མོ་ལ་བཞག་པར་བྱའོ། །ཞེས་སེམས་བསྐྱེད་དོ། །གང་གི་བདག་མེད་པ་ལ་མཉམ་པར་བཞག་སྟེ་ལངས་པ་ན། བདག་གིས་སྔོན་ཆད་འདི་ལྟ་བུའི་དེ་ཁོ་ན་ཉིད་མ་རྟོགས་པར་བདག་མེད་པ་ལ་བདག་ཏུ་མངོན་པར་ཞེན་པས་སྡུག་བསྔལ་བར་འགྱུར་ཏོ་སྙམ་དུ་བསམ་ཞིང་། བདག་བཞིན་དུ་འཁོར་བའི་སེམས་ཅན་རྣམས་ཀྱང་བདག་མེད་པ་ལ་བདག་ཏུ་གཟུང་བས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་གྱུར་ཏོ། །ཞེས་ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོ་མངོན་དུ་བྱ་ཞིང། བདག་གིས་སེམས་ཅན་རྣམས་ལ་བདག་མེད་པའི་དེ་ཁོ་ན་ཉིད་ཟབ་མོ་བསྟན་པར་བྱའོ། །ཞེས་སེམས་བསྐྱེད་དོ། །ཆོས་ཀྱི་བདག་མེད་ལ་མཉམ་པར་བཞག་ཏེ་ལངས་པ་ན་ཡང་བདག་གིས་ཆོས་ཉིད་ཟབ་མོ་འདི་ལྟ་བུ་སྔོན་མ་རྟོགས་ཏེ། སྒྱུ་མ་ལྟ་བུའི་ཆོས་རྣམས་ལ་བདེན་པར་མངོན་པར་ཞེན་པས་འཁོར་བའི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་གྱུར་ཅིང་། བདག་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུའི་ཆོས་རྣམས་ལ་བདེན་པར་མངོན་པར་ཞེན་པས་སྡུག་བསྔལ་བར་གྱུར་ཏེ། ཞེས་དམིགས་མེད་པའི་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ཏེ། སེམས་ཅན་རྣམས་ལ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའི་དེ་ཁོ་ན་ཉིད་ཟབ་མོ་བསྟན་པར་བྱའོ་སྙམ་དུ་སེམས་བསྐྱེད་དོ། །

གཉིས་པ་ལུས་གནས་ལས་ལངས་པའི་བྱ་བ་ནི། དེ་ལྟར་ཇི་སྐད་བཤད་པའི་སེམས་བསྐྱེད་པ་མངོན་དུ་བྱས་ནས། དལ་བུས་དཀྱིལ་མོ་དཀྲུང་བཤིག་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་སུམ་ལྟ་བུར་དམིགས་ལ། ཕྱག་དང་མཆོད་པ་དང་། བསྟོད་པ་ལ་སོགས་པ་བྱས་ཏེ། བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྒྱ་ཆེན་པོ་གདབ་བོ། །དེ་ནས་སྟོང་པ་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སྦྱིན་པ་ལ་སོགས་པ་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་མཐའ་དག་སྒྲུབ་པ་ལ་བརྩོན་པར་བྱའོ། །དེ་ལྟར་བྱས་ན་བསམ་གཏན་དེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་པར་སྒྲུབ་པ་ཡིན་ཏེ། གཙུག་ན་རིན་ཆེན་གྱིས་ཞུས་པ་ལས། དེ་བྱམས་པའི་གོ་ཆ་བགོས་ཤིང་སྙིང་རྗེ་ཆེན་པོའི་གནས་ལ་གནས། རྣམ་པར་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་པར་སྒྲུབ་པས་བསམ་གཏན་དུ་བྱེད་དོ། །དེ་ལ་རྣམ་པར་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གང་ཞེ་ན། གང་སྦྱིན་པ་དང་མ་བྲལ་བ། ཚུལ་ཁྲིམས་དང་མ་བྲལ་བ། བཟོད་པ་དང་མ་བྲལ་བ། བརྩོན་འགྲུས་དང་མ་བྲལ་བ། བསམ་གཏན་དང་མ་བྲལ་བ། ཤེས་རབ་དང་མ་བྲལ་བ། ཐབས་དང་མ་བྲལ་བའོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །དེ་བཞིན་དུ་མདོ་སྡེ་རྒྱན་ལས། རྒྱལ་སྲས་སྤྱོད་ཆེ་ཇི་ལྟར་ཇི་ལྟར་བུ། །དབང་པོའི་སྤྱོད་ཡུལ་སྣ་ཚོགས་འཇུག་གྱུར་པ། །དེ་དང་དེ་ལ་རིགས་པ་མཐུན་ཚིག་གིས། །སེམས་ཅན་ཕན་ཕྱིར་དེས་མངོན་འདུ་བྱེད་དོ། །ཞེས་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་ཇི་ལྟར་གསུངས་པ་ལྟ། ལུས་ངག་གི་ཀུན་ཏུ་སྤྱོད་པ་གང་དང་གང་ལ་འཇུག་པ་ན། དེ་དང་རྗེས་སུ་མཐུན་པར་སེམས་ཅན་ཐམས་ཅད་ལ་ཕན་པའི་སྨོན་ལམ་རྒྱ་ཆེན་པོ་གདབ་བོ། །རྒྱལ་བའི་བསྟན་ལ་ཚུལ་བཞིན་སློབ་འདོད་རྣམས། །ཇི་སྐད་བཤད་པའི་ཚུལ་འདི་སྒོམ་བྱས་ན། །ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་ཅིང་། །སངས་རྒྱས་དགེས་པའི་ལམ་ལ་ཞུགས་པ་ཡིན། །འདི་སྦྱར་དགེ་བས་མཐའ་ཡས་འགྲོ་བ་ཀུན། །ཐུན་མོང་ལམ་གྱིས་རང་རྒྱུད་སྨིན་བྱས་ཏེ། །ཐེག་ཆེན་ལམ་གྱིས་རང་གཞན་རྒྱུད་སྦྱངས་ནས། །ཚོགས་གཉིས་མཐར་ཕྱིན་དོན་གཉིས་ཕུན་ཚོགས་པའི། །སངས་རྒྱས་གོ་འཕང་མྱུར་དུ་ཐོབ་པར་ཤོག །ལས་དང་པོ་པ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་གཉིས་ཉམས་སུ་ལེན་པའི་མན་ངག་མདོར་བསྡུས་པ་འདི་ནི་རང་གི་སློབ་མ་རྣམས་ཀྱིས་བསྐུལ་བའི་ངོར་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བའོ། །འདིས་སེམས་ཅན་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག །བྷ་ཝནྟུ།

དཔེ་འདིར་མ་དཔེ་གཉིས་མངའ་ཡང་་མ་དཔེ་གསལ་བ་དེའི་ནང་ཤོགས་བུ་ཉི་ཤུ་ཙམ་ཆད་པས་བར་རྣམས་མ་དཔེ་ཡིག་གཟུགས་ཤིན་ཏུ་ངན་པ་ཞིག་ལ་ཇི་ལྟར་བྱུང་བ་བཞིན་བཀོད་ཡོད་པས་གཟིགས་པ་པོ་རྣམས་ཀྱིས་ད་དུང་མ་དཔེ་བཟང་པོ་ཞིག་ཐུག་ན་དག་བཅོས་ཡོད་པར་མཁྱེན་ཞེས་བསྡུ་སྒྲིག་པས་སོ།། །།


previousདབུ་མའི་ལྷ་ཁྲིད་རྒྱས་པ།no next