Nitartha Digital Library
Tibetan
 
no previousལུང་ཀུན་ལས་བཏུས་པ།next

ལུང་ཀུན་ལས་བཏུས་པ།

ལུང་ཀུན་ལས་བཏུས་པ་ཞེས་བྱ་བའི་དབུ་ཕྱོགས་ལགས་སོ། །

ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་གི་མཁྱེན་པའི་འོད་ཟེར་གྱིས། །ལྟ་བའི་ཐིབས་སོ་རྣམས་བསལ་ནས། །ཆོས་ཀྱི་དེ་ཉིད་སྟོན་མཛད་པའི། །ཐུབ་དབང་དེ་ལ་མགོས་ཕྱག་འཚལ། །གསུང་རབ་དགོངས་འགྲེལ་དང་བཅས་པའི། །ལུང་རྣམས་ཀུན་ལས་ལེགས་བཏུས་ནས། །རྒྱ་ཆེན་ཆོས་ཀྱི་དོན་སྟོན་པའི། །བསྟན་བཅོས་འདི་ནི་གསལ་བར་དབྱེ། །འདིར་བདེ་བར་གཤེགས་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་རྣམས་ལ་ཚིག་དང་དོན་ཇི་ལྟར་གཙོ་བ་རྣམས་བཏུས་ནས། ཐར་པ་འདོད་པ་རྣམས་ཀྱི་མངོན་པར་འདོད་པའི་དོན་གཞི་དང་། ལམ་དང་། འབྲས་བུའི་ཚུལ་གཞུང་ཉུང་ངུས་བདེ་བླག་ཏུ་གསལ་བར་བྱེད་པ། ལུང་ཀུན་ལས་བཏུས་པ་ཞེས་བྱ་བ་འདི་འཆད་པར་བྱེད་པ་ལ་དོན་གསུམ་སྟེ། གཞུང་གི་མཚན་དོན་བཏགས་པ། མཚན་ཅན་གཞུང་ལུགས་བསྟན་པ། གཞུང་བཤད་རྫོགས་པར་བཀོད་ཚུལ་གསུམ་གྱི་དང་པོ་ལ། སྐད་གཉིས་བརྡ་སྦྱར་བ། མཚན་དོན་དང་མཐུན་པའི་ལྷ་ལ་ཕྱག་འཚལ་བ་གཉིས་སོ། །བར་པ་ལ་གསུམ་སྟེ། རྩོམ་པ་ལ་འཇུག་པའི་ཡན་ལག །འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན། བྱ་བ་མཐར་ཕྱིན་པའི་ཡན་ལག་གོ །དང་པོ་ལ་གཉིས་ཀྱི་དང་པོ་བསོད་ནམས་སྤེལ་བའི་ཡན་ལག་སྟོན་པ་ལ་མཆོད་པར་བརྗོད་པ་ནི། སྟོན་པ་འཇིག་རྟེན་ཕན་མཛད་པས། །ཞེས་སོགས་ཤོ་ལོ་ཀ་གཅིག་སྟེ། འདི་ལ་གསུམ་གྱི། དང་པོ་དགོས་པའི་དོན་ནི། དམ་པ་རྣམས་ནི་བྱ་བ་ལ་འཇུག་པའི་ཐོག་མར། རང་དད་པའི་ལྷ་ལ་ཕྱག་བྱེད་པས། བསྟན་བཅོས་རྩོམ་པ་པོ་རང་ཉིད་ཀྱང་དམ་པའི་སྤྱོད་པ་དང་མཐུན་པར་བྱ་བའི་ཕྱིར་དང་། སྟོན་པའི་ཆེ་བའི་ཡོན་ཏན་བརྗོད་དེ། ཕྱག་བྱས་པས། རང་དང་རྗེས་སུ་འཇུག་པ་པོ་རྣམས་ལ་བསོད་ནམས་བསྐྱེད་པའོ། །གཉིས་པ་བསྡུས་པའི་དོན་ནི། དོན་གཉིས་ཕུན་སུམ་ཚོགས་པ་མངའ་བའི་སངས་རྒྱས་ལ་འདུད་པའི་ཚུལ་སྟོན་པའོ། །གསུམ་པ་ཚིག་གི་དོན་ནི། ཕྱག་འཚལ་ལོ་ཞེས་བསྙད་དོ། །གང་ལ་ཞེ་ན། སྒོ་གསུམ་མི་མཐུན་པའི་ཕྱོགས་ལ་སྡོམ་པས་ན་ཐུབ་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཡིན་ལ། དེ་དག་ཀྱང་འདིའི་བཀས་མངའ་བསྒྱུར་བས་ན། དབང་པོ་སྟེ་སངས་རྒྱས་བཅོམ་ལྡན་འདས་ལའོ། །དེ་ཡོན་ཏན་གྱི་ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞིག །གང་གིས་ན་དེ་ལ་ཕྱག་འཚལ་བར་བྱེད་ཅེ་ན། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་མཐར་ཕྱིན་པ་བརྙེས་པ་སྟེ། དེ་ལྟ་རང་གི་དོན་ནི། མི་མཐུན་པའི་དགྲ་ལས་ཞེས་པ་སྟེ། མི་མཐུན་པའི་དགྲ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྟེ། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་གེགས་སུ་གྱུར་པའི་ཕྱིར་རོ། །གཉེན་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སྒྲིབ་པ་དེ་དག་བག་ཆགས་དང་བཅས་པ་སྟེ་སྤངས་པས་རྣམ་པར་རྒྱལ་བའོ། །

གཞན་དོན་ལ་ངོ་བོ་དང་དེའི་རྒྱུ་གཉིས་ལས། དང་པོ་ནི། སྟོན་པ་ཞེེས་ཏེ། ཆོ་འཕྲུལ་རྣམ་པ་གསུམ་གྱིས་འགྲོ་བ་མཐའ་དག་ལ་རྗེས་སུ་སྟོན་པར་མཛད་པས་ན་སྟོན་པ་ལྷ་དང་མིའི་འཇིག་རྟེན་ལ་མངོན་མཐོ་དང་ངེས་ལེགས་ཀྱི་ཐབས་ཕྱིན་ཅི་མ་ལོག་པར་བསྟན་པའི་སྒོ་ནས། གནས་སྐབས་དང་མཐར་ཐུག་གི་ཕན་པ་ཉེ་བར་སྒྲུབ་པས་ན། ཕན་མཛད་པ་ཞེས་སོ། །གཉིས་པ་ནི། མཁྱེན་དང་ཞེས་པ་སྟེ། ཇི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་མངའ་བ་མཁྱེན་པ་དང་། དམིགས་པ་མེད་པའི་བརྩེ་བ་ཆེན་པོ། གྲངས་དང་མཐུ་དཔག་ཡས་ཏེ། གཞལ་དུ་མེད་པ་མངའ་བའོ། །དེ་ལ་མཁྱེན་པས་ནི། དོན་ཇི་ལྟ་བ་བཞིན་སྟོན་ལ། བརྩེ་བས་ནི་ཕན་པ་ཁོ་ན་སྟེ། རྣམ་འགྲེལ་ལས། བརྩེ་བས་ལེགས་དང་ཡེ་ཤེས་དང་། །བདེན་པ་སྲུང་མཛད་སྒྲུབ་བྱེད་བཅས། །ཞེས་སོགས་པ་ལྟར་རོ། །དེ་བས་ན་མཁྱེན་བརྩེ་གཉིས་ནི། གཞན་དོན་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ནོ། །གཉིས་པ་བྱ་བ་མཐར་ཕྱིན་པའི་ཡན་ལག་བརྩམ་པར་དམ་བཅའ་བ་ནི། ཟབ་ཅིང་ཞེས་སོགས་ཤོ་ལོ་ཀ་གཅིག་སྟེ། འདི་ལ་ཡང་གསུམ་གྱི་དང་པོ། དགོས་པའི་དོན་ནི། ཇི་སྐད་དུ། དམ་པས་མང་པོ་ཁས་ཆེ་མི་བྱེད་ཅིང་། །གལ་ཏེ་དཀའ་བས་ཁས་ནི་ཆེས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་པ་ལྟར། དམ་བཅས་པའི་ཁུར་མཐར་ཕྱིན་པར་བྱ་བའི་ཕྱིར་ཡིན་ནོ། །གཉིས་པ་བསྡུས་པའི་དོན་ནི། འདིས་བསྟན་བཅོས་ཀྱི་དགོས་པའི་དོན་བརྗོད་བྱ་ལ་སོགས་པ་བཞི་བསྟན་ཏེ། འདི་ལྟར་ཟབ་ཅིང་ཞེས་པ་རྐང་པ་གཅིག་གིས་ནི་བརྗོད་བྱ་བསྟན་ལ། ཀུན་ནས་ཉོན་མོངས་ཞེས་སོགས་རྐང་པ་གཉིས་ཀྱིས་ནི་ཉིང་དགོས་བསྟན་ལ། ཐ་མས་དགོས་པ་བསྟན་ཏེ། བརྗོད་བྱ་དེ་རྟོགས་པའི་ཐབས་སུ་འདི་རྩོམ་པའི་ཕྱིར་རོ། །འབྲེལ་བ་ནི་དགོས་པའི་ཤུགས་ལ་བསྟན་པས། དངོས་སུ་བརྗོད་པ་བྱ་བ་མ་ཡིན་ནོ། །གསུམ་པ་ཚིག་གི་དོན་ནི་དམ་པའི་ཆོས་འདི་བཤད་ཅེས་དྲང་ངོ་། །ཆོས་དེ་གང་ཞེ་ན་རྟོགས་པར་དཀའ་བས་ན་ཟབ་པ་དང་། བདག་མེད་པ་གཉིས་རང་བཞིན་གྱིས་ཆོས་ཉིད་ཇི་ལྟ་བ་དང་། མཚན་ཉིད་རབ་དབྱེ་ལ་སོགས་མཐའ་ཡས་པས་ན་རྒྱ་ཆེ་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པས། ཆོས་ཅན་ཇི་སྙེད་པའི་ཆོས་ཀྱི་ཚུལ་ལོ། །ཆོས་དེ་བཤད་པས་ཅི་བྱ་ཞེ་ན། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་ཚུལ་དེ་ཐོས་པ་དང་། བསམ་པ་དང་། སྒོམ་པའི་རིམ་གྱིས་རྟོགས་པར་བྱས་པ་ལས། ཉོན་མོངས་པ་དང་། ལས་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་གསུམ་སྤོང་བར་འགྱུར་བས། དེའི་ཕྱིར་ཆོས་ཀྱི་ཚུལ་དེ་རྟོགས་པ་ནི། ཀུན་ནས་ཉོན་མོངས་པ་སྤོང་བའི་ཐབས་ཡིན་ལ། ཀུན་ནས་ཉོན་མོངས་པ་དེ་བསལ་བས་ཀྱང་། འབྲས་བུ་འཁོར་བའི་སྡུག་བསྔལ་ལྡོག་པར་འགྱུར་རོ། །དེ་བས་ན་སྐྱེས་བུ་དམ་པ་རྣམས་ཀྱི་བརྟེན་པའི་ཆོས་ཟབ་པ་དང་རྒྱ་ཆེ་བའི་ཚུལ་འདི་ནི་མཁས་པ་རྣམས་ཀྱིས་བཤད་པར་བྱ་ཞིང་། བདག་ལེགས་སུ་འདོད་པ་རྣམས་ཀྱིས་མཉན་པར་བྱའོ་ཞེས་པའོ། །

ལེའུ་དང་པོ།

གཉིས་པ་འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་ལ། གཏན་ལ་དབབ་བྱའི་ཡུལ། ཉམས་སུ་བླང་བྱའི་ལམ། ཐོབ་པར་བྱ་བའི་འབྲས་བུ་དང་གསུམ་གྱི་དང་པོ་ལ། ཟག་བཅས་ཟག་མེད་སྤྱིར་བཤད། ཟག་བཅས་བྱེ་བྲག་དུ་བཤད། ཐུན་མོང་དུ་རང་གཞན་གྱི་གྲུབ་མཐའ་གཏན་ལ་དབབ་པ་གསུམ་གྱི་དང་པོ་ལ། ཕུང་ཁམས་སྐྱེ་མཆེད་གསུམ་སོ་སོར་བཤད་པ་དང་། ཐུན་མོང་དུ་གཏན་ལ་དབབ་པ་གཉིས་ཀྱི་དང པོ་ལའང་གསུམ་གྱི། དང་པོ་ཕུང་པོ་ལ་མདོར་བསྟན་རྒྱས་བཤད་གཉིས་ཀྱི། དང་པོ་ནི། རྐྱེན་རྣམས་འདུས་ཤིང་ཕྲད་ནས་བྱས་པས་ན་འདུས་བྱས། མཚན་ཉིད་འཛིན་པས་ན་ཆོས། ཇི་སྙེད་པ་དེ་དག་ཀྱང་གཟུགས་ཀྱི་ཕུང་པོ་དང་། སོགས་པས་བསྡུས་པ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་དང་ལྔ་པོ་ཉིད་དུ་འདུས་སོ། །དེ་ལ་གཞིག་ཅིང་གཞོམ་དུ་རུང་བས་ན་གཟུགས། དེའི་རིགས་ཅན་ཇི་སྙེད་པ་བློས་ཕྱོགས་གཅིག་ཏུ་སྤུངས་པས་ན་ཕུང་པོ། ཉམས་སུ་མྱོང་བས་ན་ཚོར་བ། འདུས་ཏེ་ཤེས་པས་ན་འདུ་ཤེས། སེམས་མངོན་པར་འདུ་བྱེད་པས་ན་འདུ་བྱེད། ཡུལ་སོ་སོར་རྣམ་པར་རིག་པས་ན་རྣམ་པར་ཤེས་པ། དེ་དང་དེའི་རིགས་ཅན་རྣམས་བློས་ཕྱོགས་གཅིག་ཏུ་སྤུངས་པས་ན་དེ་དང་དེའི་ཕུང་པོ་ཞེས་བྱའོ། །གཉིས་པ་ལ་ལྔ་ལས། དང་པོ་གཟུགས་ཕུང་རྒྱས་པར་བཤད་པ་ལ་གསུམ་སྟེ། རྣམ་གྲངས་ཀྱི་སྒོ་ནས་རྒྱས་པར་དབྱེ་བ་དང་། མཚན་ཉིད་ཀྱི་སྒོ་ནས་མདོར་བསྡུས་པ་དང་། རྒྱས་བསྡུས་གཉིས་ཀའི་དོན་སོ་སོར་ཕྱེ་སྟེ་བསྟན་པ་གསུམ་གྱི། དེ་ལ་དབང་པོ་ལྔ་བསྟན་མེད་ཐོགས་བཅས་སུ་བསྟན་ནས། དབང་དོན་ལྔ་བསྟན་ཡོད་ཐོགས་བཅས་སུ་བཤད་པ་དང་། རྫས་གཟུགས་དེ་དག་གཅིག་ཐ་དད་དུ་བརྟགས་པ་དང་། རྣམ་པར་རིག་བྱེད་མིན་པའི་གཟུགས། བསྟན་མེད་ཐོགས་མེད་དུ་བསྟན་པ་དང་བཞི་ལས། གཉིས་པ་ལ་གཉིས། རྣམ་གྲངས་ཀྱི་སྒོ་ནས་མདོར་བསྟན་པ་དང་། ངོ་བོའི་སྒོ་ནས་རྒྱས་པར་བཤད་པ། དེ་ལ་གཉིས་ཀྱི། མིག་དབང་གི་དོན་བསྟན་ཡོད་ཐོགས་བཅས་སུ་བསྟན་ནས། རྣ་དབང་ལ་སོགས་པ་བཞིའི་དོན་བསྟན་མེད་ཐོགས་བཅས་སུ་བསྟན་པ་གཉིས་ཀྱི། གཟུགས་ཀྱི་ཕུང་པོ་དེ་ལ་ཆོས་དུ་ཡོད་ཅེ་ན། རྒྱས་པར་ཕྱེ་ན་གཟུགས་ནི་རྣམ་པ་བཅུ་གཅིག་ཡོད་དེ། མིག་ལ་སོགས་པ་དབང་པོ་ལྔ་དང་། གཟུགས་ལ་སོགས་པ་དོན་ལྔ་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་རྣམས་སོ། །མཚན་ཉིད་ཀྱི་སྒོ་ནས་མདོར་བསྡུས་ན་གཉིས་ཏེ། འདི་ལྟར་འདི་ནི་འདི་ནའོ། །ཕ་གི་ནི་ཕ་གི་ནའོ། །ཞེས་སོགས། ཁ་དོག་དང་དབྱིབས་ཀྱི་རྣམ་པར་ཡུལ་གོག་པར་བློས་སྤྱད་དུ་རུང་བ་ཡུལ་སྤྱད་པས་གཟུགས་སུ་རུང་བ་དང་། གཟུགས་ཅན་ནང་ཕན་ཚུན་འཕྲད་པས་འགྱུར་བ་བསྐྱེད་དུ་རུང་བ། དཔེར་ན། ལག་པས་མེ་ཏོག་ལ་རེག་པས། དེའི་ཁ་དོག་ཉམས་པ་ལྟ་བུ་རེག་པས་གཟུགས་སུ་རུང་བ་གཉིས་སོ། །དེ་ལ་དང་པོ་ནི། བསྟན་ཡོད་ཀྱི་གཟུགས་སོ། །གཉིས་པ་ནི། ཐོགས་བཅས་ཀྱི་གཟུགས་སོ། །དེ་སྐད་དུ། མངོན་པ་ཀུན་ལས་བཏུས་པར། གཟུགས་ཀྱི་ཕུང་པོའི་མཚན་ཉིད་ཅི་ཞེ་ན། གཟུགས་སུ་ཡོད་པ་རྣམ་པ་གཉིས་ཀྱིས་གཟུགས་སུ་ཡོད་པའི་མཚན་ཉིད་ཀྱིས་ཏེ། རེག་པས་གཟུགས་སུ་ཡོད་པ་དང་། ཡུལ་སྤྱད་པས་གཟུགས་སུ་ཡོད་པའོ། །ཞེས་བཤད་དོ། །གཟུགས་རྣམ་པ་བཅུ་གཅིག་བཤད་པ་དེ་ལ། དབང་པོའི་མཚན་ཉིད་ཅི་ཞེ་ན། མིག་ཤེས་ཀྱི་ཡུལ་དུ་བསྟན་དུ་མེད་པས་ན། བསྟན་མེད་གཟུགས་ཅན་གཞན་གྱི་གོ་འགེགས་པས་ཐོགས་བཅས་གཟུགས་སོགས་ཡུལ་གྱི་རྣམ་པ་ཅན་གྱི་ཤེས་པའི་གཟུགས་བརྙན་འཆར་དུ་རུང་བས་ན་གཟུགས་དང་བ་ནི། དབང་པོ་གཟུགས་ཅན་གྱི་མཚན་ཉིད་ཡིན་ལ། དེ་ཡང་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་དབང་པོ་དང་ལྔའོ། །དེ་སྐད་དུ་ཡང་མདོ་ལས། དགེ་སློང་མིག་ནི་ནང་སྐྱེ་མཆེད་དེ། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པས་གཟུགས་དང་བའོ། །ཞེས་བཤད་དོ། །དེ་ལ་མིག་གི་དབང་པོ་ནི། མིག་འབྲས་ཀྱི་ནང་ན་དབྱིབས་ཟར་མའི་མེ་ཏོག་ལྟར་ཕན་ཚུན་མ་འདྲེས་པར་གནས་སོ། །རྣ་བ་ནི། དབང་རྟེན་རྣ་འབྲུག་གི་ནང་ན། དབྱིབས་གྲོ་གའི་འཛེར་བུ་ལྟ་བུ་གནས་སོ། །སྣ་ནི་སྣ་རྒྱུད་ཀྱི་ནང་ན་དབྱིབས་ཟངས་ཀྱི་ཐུར་མ་གཤིབས་པ་ལྟར་གནས་སོ། །ལྕེ་ནི་དབྱིབས་ཟླ་བ་བཀས་པ་དང་འདྲ་བ་ལྕེའི་དབུས་ན་སྐྲ་རྩེའི་ཁྱོན་ཙམ་ཞིག་ལྕེ་དབང་གི་རྡུལ་གྱིས་མ་ཁེབས་པར་གནས་སོ། །ལུས་དབང་ནི། རྐང་མཐིལ་ནས་སྤྱི་བོའི་བར་གྱི་ལུས་ཀྱི་ཕྱི་ནང་ཀུན་ལ་བྱ་རེག་འཇམ་གྱི་སྤུ་དང་འདྲ་བར་གནས་སོ། །

དབང་པོ་ལྔ་པོ་དེ་དག་སོ་སོའི་མཚན་ཉིད་ནི། གོ་རིམ་བཞིན་འབྱུང་འགྱུར་གང་ཞིག །མིག་གི་རྣམ་པར་ཤེས་པའི་རྟེན་ནང་གཟུགས་ཅན་དང་བ་ཞེས་པ་ནས། འབྱུང་འགྱུར་གང་ཞིག་ལུས་ཀྱི་རྣམ་པར་ཤེས་པའི་རྟེན་གཟུགས་ཅན་དང་བ། ཞེས་པའི་བར་སྦྱར་རོ། །དོན་ལྔའི་གཟུགས་ཀྱི་མཚན་ཉིད་འབྱུང་འགྱུར་གང་ཞིག །མིག་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་དོན། དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། ཁ་དོག་དང་དབྱིབས་རྣམ་པ་གཉིས། རྣམ་པས་དབྱེ་ན། སྔོ་སེར་ནས་སྣང་མུན་གྱི་བར་རྣམ་པ་ཉི་ཤུའོ། །སྒྲའི་མཚན་ཉིད་ནི། འབྱུང་འགྱུར་གང་ཞིག །ཉན་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་དོན། དབྱེ་ན་ཟིན་པ་ལ་སོགས་པའི་རྣམ་པ་བརྒྱད་ཡོད་དོ། །རོའི་མཚན་ཉིད་ནི། འབྱུང་འགྱུར་གང་ཞིག །ལྕེའི་རྣམ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ། དབྱེ་ན་མངར་བ་ལ་སོགས་པ་རྣམ་པ་དྲུག་གོ །དྲིའི་མཚན་ཉིད་ནི། འབྱུང་འགྱུར་གང་ཞིག །སྣའི་རྣམ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ། དབྱེ་ན། དྲི་ཞིམ་པ་ལ་སོགས་པ་བཞིའོ། །རེག་བྱ་ལ་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་རེག་བྱ་གཉིས་ལས། དང་པོ་ནི། འབྲས་གཟུགས་ཀྱི་འབྱུང་ཁུངས་སུ་གྱུར་པའི་རེག་བྱ། འབྱུང་འགྱུར་གྱི་རེག་བྱའི་མཚན་ཉིད་ནི། འབྱུང་འགྱུར་གང་ཞིག །ལུས་ཀྱི་རྣམ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ། དབྱེ་ན། འབྱུང་བ་བཞི་དང་འཇམ་རྩུབ་ལ་སོགས་པ་བཅུ་གཅིག་གི་བདག་ཉིད་དོ། །དེ་ལ་གཟུགས་ཀུན་ངོ་བོའི་སྒོ་ནས་ཁ་དོག་དང་། དབྱིབས་གཉིས་ཀྱིས་བསྡུས་ལ། ཁ་དོག་རྩ་བའི་དབྱེ་བ་སྔོ་སེར་དཀར་དམར་བཞི་སྟེ། རེ་རེ་ལའང་རས་སྔོན་ལ་སོགས་པ་སྦྱར་བྱུང་དང་། མེ་ཏོག་སྔོན་པོ་ལ་སོགས་པ་ལྷན་སྐྱེས་གཉིས་གཉིས་སོ། །རིང་པོ་ལ་སོགས་པ་བརྒྱད་ནི་དབྱིབས་ཏེ་དེ་ལ་ཁ་དོག་རྡུལ་འདུས་པ་ཕྱོགས་གཅིག་ཏུ་ནར་བ་ནི་རིང་པོ། དེ་ཐུང་ངུ་ལས་ནི་ཐུང་ངུ་ཁ་དོག་གི་རྡུལ་འཁོར་ཡུག་ཏུ་མཉམ་པར་གནས་པ་ནི་ཟླུམ་པོ། ཐམས་ཅད་ནས་མཉམ་པར་གནས་པ་ནི་ལྷམ་པ་སྟེ་གྲུ་བཞིར་གནས་པའོ། ཁ་དོག་གི་རྡུལ་འདུས་པས་དབུས་སུ་བཀོད་པ་ཤས་ཆེ་བ་མཐོན་པོ་སྟེ། དེ་ཤས་ཆུང་བ་དམའ་བའོ། །མཐོ་དམན་མེད་པར་མཉམ་པ་ནི་ཕྱ་ལེ་བའོ། །མཐོ་དམན་ཅན་ནི་ཕྱ་ལེ་བ་མ་ཡིན་པའོ། །སྤྲིན་ལ་སོགས་པ་བརྒྱད་ནི་ཁ་དོག་གི་ཁྱད་པར་ཏེ། དེ་ལ་སྤྲིན། དུ་བ་ནི་གྲགས་པར་ཟད་དོ། །རྡུལ་ནི་རླུང་འཚུབ་བོ། ཁུག་རྣ་ནི་ལྷོ་འུར་རོ། །གྲིབ་མ་ནི། སྣང་བའི་ཁྱད་པར་མེད་པར་ཡང་གཟུགས་སྣང་བའོ། །ཉི་མ་ནི་ཉི་མའི་འོད་ཟེར་རོ། །སྣང་བ་ནི། ཟླ་བ་སྐར་མ་མེ་དང་ནོར་བུ་སོགས་ཀྱི་འོད་དག་གོ །མུན་པ་ནི། གང་ན་གཟུགས་ཅན་མི་མཐོང་བའོ། །གཟུགས་ཀྱི་དབྱེ་བ་དེ་དག་ནི་མིག་ཤེས་ཀྱི་ཡུལ་ཡིན་པས་བསྟན་ཡོད་དང་། གཟུགས་ཅན་གཞན་གྱི་གོ་འགེགས་པས་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡིན།

སྒྲ་ནི་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང་། ཟིན་པ་མ་ཡིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་གཉིས། དེ་རེ་རེའང་སེམས་ཅན་དུ་ལུང་དུ་སྟོན་པ་དང་། སེམས་ཅན་དུ་མི་སྟོན་པ་གཉིས་གཉིས་སུ་ཕྱེ་བས་བཞི། དེ་ལ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་སེམས་ཅན་དུ་སྟོན་པ་ནི་ངག་སྒྲ་ལྟ་བུའོ། །སེམས་ཅན་དུ་མི་སྟོན་པ་ནི་ལག་པའི་སྒྲ་ལྟ་བུའོ། །མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་སེམས་ཅན་དུ་སྟོན་པ་ནི་སྤྲུལ་པའི་ངག་སྒྲ་ལྟ་བུའོ། །སེམས་ཅན་དུ་མི་སྟོན་པ་ནི་རླུང་སྒྲ་དང་ཤིང་སྒྲ་ལྟ་བུའོ། །བཞི་པོ་རེ་རེ་ལའང་ཡིད་དུ་འོང་བ་རྣ་བའི་དབང་པོ་ལ་ཕན་པ་དང་། མི་འོང་བ་མི་ཕན་པ་དང་གཉིས་གཉིས་སུ་ཕྱེ་བས་རྣམ་པ་བརྒྱད་དོ། །དྲི་ནི་ཞིམ་པས་སྣའི་དབང་པོ་ལ་ཕན་པ་དང་། དེ་ལས་ལོག་པ་གཉིས་ལས། རེ་རེ་ལའང་ཆ་ཤས་ཆུང་བ་དང་ཆེ་བའི་སྒོ་ནས་མཉམ་པ་དང་མི་མཉམ་པ་གཉིས་གཉིས་སུ་དབྱེ་བས་རྣམ་པ་བཞིའོ། །རོ་ནི་རྩ་བའི་དབྱེ་བ་མངར་བ་ཤིང་མངར་གྱི་རོ་ལྟ་བུ་དང་། སྐྱུར་བ་སྐྱུ་རུ་རའི་རོ་ལྟ་བུ་དང་། ལན་ཚྭ་ཚྭའི་རོ་ལྟ་བུ་དང་། ཚ་བ་པི་པི་ལིང་གི་རོ་ལྟ་བུ་དང་། ཁ་བ་ཏིག་ཏའི་རོ་ལྟ་བུ་དང་། བསྐ་བ་ཨ་རུ་རའི་རོ་ལྟ་བུ་དང་དྲུག་གོ །རྩ་བའི་རོ་དེ་དག་ཕན་ཚུན་སྦྱར་བའི་ཡན་ལག་གི་དབྱེ་བ་ཕན་ཚུན་མཐའ་ཡས་སོ། །རེག་བྱ་ལ་འབྱུང་བ་དང་འབྱུང་གྱུར་གཉིས་ཀྱི་དང་པོ་ལ་བཞིའི་ས་ནི། ལུས་ཤེས་ལ་སྲ་ཞིང་འཐས་པར་སྣང་བའོ། །ཆུ་ནི་བརླན་ཞིང་གཤེར་བར་སྣང་བའོ། །མེ་ནི་དྲོ་བའམ་ཤས་ཆེ་ན་སྲེག་པར་བྱེད་པའོ། །རླུང་ནི་ཡང་ཞིང་གཡོ་བར་སྣང་བའོ། །འབྱུང་འགྱུར་གྱི་རེག་བྱ་ལ་འཇམ་པ་ནི་སྤྱད་བཟོད་པར་རྣ་ལྷེན་གྱི་རེག་བྱ་ལྟ་བུའོ། །རྩུབ་པ་ནི་སྤྱད་མི་བཟོད་པ་རེ་བ་སོགས་ཀྱི་རེག་བྱ་ལྟ་བུའོ། །ལྕི་བ་ནི་སྲང་འགོ་ཐུར་དུ་དམའ་བར་བྱེད་པ་ལྟ་བུའོ། །ཡང་བ་ནི་དེ་ལས་ལོག་པའོ། །གྲང་བ་ནི། ཆུ་དང་རླུང་འདུས་པ་རེག་བྱ་གང་གིས་ཉེན་ན་དྲོ་བ་དོན་དུ་གཉེར་བར་བྱེད་པའོ། །བཀྲེས་པ་ནི་རླུང་གི་ཁམས་ཤས་ཆེ་བའི་རེག་བྱའི་ཁྱད་པར་སྟེ། གང་གིས་བཀྲེས་པ་ཞེས་པའི་མིང་ཅན་གྱི་ཟས་དོན་དུ་གཉེར་བའི་འདོད་པ་བསྐྱེད་པར་བྱེད་པའོ། །སྐོམ་པ་ནི་མེའི་ཁམས་ཤས་ཆེ་བའི་རེག་བྱའི་ཁྱད་པར་ཏེ། གང་གིས་སྐོམ་པ་ཞེས་པའི་མིང་ཅན་བཏུང་བ་དོན་དུ་གཉེར་བའི་འདོད་པ་བསྐྱེད་པར་བྱེད་པའོ། །དེ་བས་ན་བཀྲེས་པ་དང་སྐོམ་པ་ནི་གོ་རིམ་བཞིན་དུ། ཟས་དང་བཏུང་བ་དོན་དུ་གཉེར་བའི་སེམས་བྱུང་འདོད་པ་ཡིན་ལ། སེམས་བྱུང་དེ་དག་བསྐྱེད་པར་བྱེད་པའི་རེག་བྱ་ལ་བཀྲེས་པ་དང་སྐོམ་པ་ཞེས་རྒྱུ་ལ་འབྲས་བུའི་མིང་གིས་ཉེ་བར་བཏགས་པའོ། །སྒྲ་ལ་སོགས་པ་དོན་གཞན་བཞི་པོ་དེ་དག་ནི། མིག་ཤེས་ཀྱི་ཡུལ་མ་ཡིན་པས། བསྟན་མེད་ཐོགས་བཅས་ཀྱི་གཟུགས་ཡིན་ནོ། །དེ་དག་ཀྱང་མཛོད་དུ། གཟུགས་རྣམ་གཉིས་དང་རྣམ་གསུམ་སྟེ། །སྒྲ་ནི་རྣམ་པ་བརྒྱད་ཡོད་དེ། །རོ་ནི་རྣམ་དྲུག་དྲི་རྣམ་བཞི། །རེག་བྱ་བཅུ་གཅིག་བདག་ཉིད་དོ། །ཞེས་བཤད་པ་ལྟར་རོ། །འབྱུང་བ་དང་འབྱུང་འགྱུར་གྱི་གཟུགས་འདི་རྣམས་ལྷན་ཅིག་པའམ། འོན་ཏེ་སོ་སོར་གནས་ཞེ་ན། འདོད་པའི་ཁམས་ན་དབང་པོ་ཡང་མེད། སྒྲ་ཡང་མེད་པ་ཉི་ཟེར་གྱི་རྡུལ་ལྟ་བུ་བསགས་པའི་རྡུལ་ཕྲ་རབ་གཅིག་ལ་རྫས་བརྒྱད། འབྲལ་མི་ཤེས་སུ་གནས་ཏེ་གང་ཞེ་ན། འབྱུང་བ་བཞི་དང་། དྲི་རོ་རེག་བྱའི་གཟུགས་རྣམས་སོ། །སྐྱེས་བུའི་ཡན་ལག་དང་ཉིང་ལག་ལྟ་བུ་ལུས་ཀྱི་དབང་པོ་དང་ལྡན་པ་ལ་ནི་ལུས་དབང་གི་རྫས་སྔར་གྱི་བརྒྱད་ཀྱི་སྟེང་དུ་བསྣན་པས་རྫས་དགུའོ། །མིག་ལྟ་བུ་ལུས་དབང་ལས་གཞན་པའི་དབང་པོ་དང་ལྡན་པ་ནི་དབང་པོ་དེ་ཉིད་བསྣན་པའི་རྫས་བཅུའོ། །སྒྲ་དང་བཅས་ན་རྫས་བཅུ་གཅིག་གོ །གཟུགས་ཀྱི་ཁམས་ན་དྲི་རོ་མེད་པའི་ཕྱིར། གཟུགས་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་རྫས་དྲུག །ལུས་དབང་ལྡན་ལ་རྫས་བདུན་ཏེ། །དབང་པོ་གཞན་ལྡན་རྫས་བརྒྱད་དོ། །ཞེས་སྦྱར་རོ། །འདུས་པ་ཀུན་ལ་འབྱུང་བ་བཞི་རང་གི་མཚན་ཉིད་ཀྱིས་ཚང་བར་འདོད་པ་འདི་ནི་བྱེ་བྲག་སྨྲ་བའི་ལུགས་སོ། །མདོ་སྡེ་པ་དག་འདུས་པ་གང་ལ་འབྱུང་བ་གང་མངོན་སུམ་གྱིས་དམིགས་པ། དེ་ལ་དེ་རང་གི་མཚན་ཉིད་ཀྱིས་ཡོད་ཀྱི། གཞན་རྣམས་ནི་ཁམས་ཀྱི་ཚུལ་དུ་གནས་ཀྱང་དངོས་སུ་མེད་དོ། །ཞེས་འདོད་དེ། དེའི་ཕྱིར་འབྱུང་བ་གཅིག་ལས་གྱུར་པའི་འདུས་པ་ཡང་ཡོད་དེ། ས་ལྡོག་སྐམ་པོ་ལྟ་བུའོ། །གཉིས་ལས་གྱུར་པ་ཡང་ཡོད་དེ། དེ་ཉིད་གཤེར་བ་ལྟ་བུའོ། །གསུམ་ལས་གྱུར་པ་ཡང་ཡོད་དེ། དེ་ཉིད་དྲོ་བ་ལྟ་བུའོ། །བཞི་ལས་གྱུར་པ་ཡང་ཡོད་དེ། དེ་ཉིད་འདྲིལ་ཞིང་དྲོ་བའི་གནས་སྐབས་ལྟ་བུའོ། །རྣམ་པར་རིག་བྱེད་མ་ཡིན་པའི་མཚན་ཉིད་ནི། རང་ཀུན་སློང་གི་སེམས་ཡོད་མེད་ཀྱི་གནས་སྐབས་ཐམས་ཅད་དུ། རྒྱུན་རྗེས་སུ་འབྲེལ་བའི་ལུང་དུ་བསྟན་པའི་གཟུགས་གང་བསྟན་དུ་མེད་ཅིང་། ཐོགས་པ་མེད་ཅེས་པ་སྟེ། དེ་ལྟར་ཡང་མཛོད་དུ། གཡེངས་དང་སེམས་མེད་པ་ཡི་ཡང་། །དགེ་དང་མི་དགེ་རྗེས་འབྲེལ་གང་། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་བྱེད་མིན་བརྗོད། །ཅེས་བཤད་དོ། །རྣམ་པར་རིག་བྱེད་མ་ཡིན་པ་ལ་དབྱེ་ན་གསུམ་སྟེ། སྡོམ་པ་དང་། སྡོམ་པ་མ་ཡིན་པ་དང་། དེ་གཉིས་ལས་གཞན་པ་སྡོམ་པ་ཡང་མ་ཡིན། སྡོམ་པ་མ་ཡིན་པ་ཡང་མ་ཡིན་པའོ། །སྡོམ་པ་ནི་གསུམ་སྟེ་བསམ་གཏན་དང་། ཟག་མེད། སོ་སོར་ཐར་པའི་སྡོམ་པའོ། །དེ་ལ་དང་པོ་ནི་བསམ་གཏན་ས་དྲུག་ཟག་བཅས་སུ་སྐྱེ་བས། འཆལ་ཚུལ་གྱི་ས་བོན་ཉམས་དམའ་བར་བྱས་པས་སྤོང་བའོ། །གཉིས་པ་ནི། བསམ་གཏན་ས་དྲུག་ཟག་མེད་དུ་བསྐྱེད་པས་འཆལ་ཚུལ་གྱི་ས་བོན་དྲུངས་ཕྱུང་བའི་སྤོང་བའོ། །གསུམ་པ་ནི་ཐར་པའི་ཆེད་དུ་སྒོ་གསུམ་གྱི་མི་དགེ་བའི་ལས་སྤོང་བ་ཡང་དག་པར་བླངས་པ་བརྡ་ལས་བྱུང་བའོ། །དེ་ལ་སོ་སོར་ཐར་པའི་སྡོམ་པ་ནི་རིགས་བདུན་ནམ་བརྒྱད་དེ། འོག་ནས་འཆད་དོ། །སྡོམ་མིན་ནི། རྣམ་པ་ཀུན་ཏུ་གཞན་ལ་གནོད་པ་ལ་ཞུགས་པའི་ལས་སོ། །ཕྱོགས་གཅིག་གིས་ཕན་པའམ་གནོད་པ་ལ་ཞུགས་པ་ལ་ནི། སྡོམ་པའང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པའོ། །མི་སྡུག་པ་སྒོམ་པའི་ཡིད་ལ་ཀེང་རུས་ལ་སོགས་པར་སྣང་བ་དང་། ཟད་པར་ས་ཆུ་སོགས་ཀྱི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་ས་ཆུ་སོགས་ཀྱི་རྣམ་པར་སྣང་བ་ལ་དབང་འབྱོར་བའི་གཟུགས་ཞེས་བྱའོ། །དེ་དག་དང་རྣམ་པར་རིག་མིན་པ་ནི། བསྟན་མེད་ཐོགས་མེད་ཀྱི་གཟུགས་ཞེས་བྱའོ། །

གཉིས་པ་ཚོར་བའི་ཕུང་པོ་ལ་གཉིས་ཀྱི། དང་པོ་ཚོར་བའི་མཚན་ཉིད་ནི། སིམ་གདུང་བར་མ་གང་རུང་གི་རྣམ་པར་ཉམས་སུ་མྱོང་བའོ། །གཉིས་པ་དབྱེ་བ་ལ་ངོ་བོའི་སྒོ་ནས་དབྱེ་ན། བདེ་བ་དང་། ཡིད་བདེ་བ་དང་། སྡུག་བསྔལ་དང་། ཡིད་མི་བདེ་བ་དང་། བཏང་སྙོམས་ཏེ་ལྔའོ། །དང་པོ་ནི། དབང་ཤེས་འཁོར་གྱི་ཚོར་བ་སིམ་པའོ། །གཉིས་པ་ནི། ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པའོ། །གསུམ་པ་ནི། དབང་ཤེས་འཁོར་གྱི་ཚོར་བ་གདུང་བའོ། །བཞི་པ་ནི། ཡིད་ཤེས་འཁོར་གྱི་ཚོར་བ་གདུང་བའོ། །ལྔ་པ་ནི། གཉིས་ཀའི་ཚོར་བ་བར་མའོ། །བསམ་གཏན་གསུམ་པ་ན་ཡིད་ཤེས་ཀྱི་ཚོར་བ་སིམ་པ་ཉིད་བདེ་བའི་དབང་པོ་ཡིན་ཏེ། དེ་སྐད་དུ་ཡང་མཛོད་དུ། ལུས་ཚོར་སིམ་པ་མ་ཡིན་གང་། །སྡུག་བསྔལ་དབང་པོའོ་སིམ་པ་ནི། །བདེ་བའོ་བསམ་གཏན་གསུམ་པ་ན། །སེམས་ཀྱི་དེ་ནི་བདེ་དབང་པོ། །གཞན་ན་དེ་ཉིད་བདེ་བའོ། །ཞེས་དང་། བཏང་སྙོམས་ནི། །བར་མའོ་གཉིས་ཀའི་མི་རྟོག་ཕྱིར། །ཞེས་བཤད། རྟེན་གྱི་སྒོ་ནས་ཕྱེ་ན། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནས། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟེ་དྲུག་གོ །

གསུམ་པ་འདུ་ཤེས་ལ་གཉིས་ཀྱི། དང་པོ་འདུ་ཤེས་ཀྱི་མཚན་ཉིད་ནི། ཡིད་དབང་རྣམ་ཤེས་གསུམ་འདུས་ནས་ཡུལ་གྱི་ཐ་སྙད་ཀྱི་ཚད་མ་ཡོངས་སུ་གཅོད་ཅིང་འཛིན་པར་བྱེད་པའི་བདག་ཉིད་དོ། །གཉིས་པ་དབྱེ་བ་ལ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་ནས། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་ཀྱི་བར་དྲུག་གོ །

བཞི་པ་འདུ་བྱེད་ཀྱི་ཕུང་པོ་ལ་གཉིས་ཀྱི། དང་པོ། འདུ་བྱེད་ཕུང་པོའི་མཚན་ཉིད་ནི། ཕུང་པོ་གཞན་བཞི་ལས་གྱུར་པའི་འདུས་བྱས་རྣམས་སོ། །གཉིས་པ་དབྱེ་བ་ལ། འདུ་བྱེད་ཐུན་མོང་གི་རྣམ་གྲངས་དང་། མཚུངས་པར་ལྡན་པ་དང་། མི་ལྡན་པའི་འདུ་བྱེད་དོ། །དང་པོ་ནི། ཚོར་བ་དང་འདུ་ཤེས་མ་གཏོགས་པའི་སེམས་བྱུང་བཞི་བཅུ་རྩ་དགུའོ། །མི་ལྡན་པའི་འདུ་བྱེད་ནི། ཐོབ་པ་ལ་སོགས་པ་བཅུ་བཞིའོ། །གཉིས་པ་ལ་གསུམ་སྟེ། སེམས། སེམས་བྱུང་བཞི་བཅུ་ཞེ་དགུར་གྲངས་ངེས་པའི་རྒྱུ་མཚན། སྡེ་ཚན་གྱི་སྒོ་ནས་མདོར་བསྟན་པ། རྣམ་གྲངས་ཀྱི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ནི། ཅིའི་ཕྱིར་སེམས་བྱུང་དག་ལས་ཚོར་བ་དང་འདུ་ཤེས་གཉིས་ཕུང་པོར་ལོགས་སུ་བཞག་ཅེ་ན། ཚོར་བས་རོ་མྱོང་བས་འདོད་པ་ལ་མངོན་པར་ཞེན་པས་རྩོད་ཅིང་། འདུ་ཤེས་ཕྱིན་ཅི་ལོག་པས་ལྟ་བ་ལ་ཞེན་ནས་རྩོད་པས། དེ་དག་རྩོད་པའི་རྩ་བར་གྱུར་པ་དང་། ཚོར་བས་ཞེན་ཅིང་འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པས་འཁོར་བའི་རྒྱུ་བྱེད་པའི་ཕྱིར་དང་། ཕུང་པོའི་གོ་རིམ་གྱི་རྒྱུ། རགས་པའི་ཕྱིར་དང་ཀུན་ཉོན་མོངས། །སྣོད་སོགས་དོན་ཁམས་ཇི་བཞིན་ནོ། །ཞེས་པ་ལྟར། ཆེས་རགས་པ་དང་། ཀུན་ནས་ཉོན་མོངས་ཀྱི་གོ་རིམ་གྱི་རྒྱུ་དང་། ཟས་དང་ཚོད་མ་ལྟ་བུ་དང་། དེ་དག་གིས་ཁམས་གཉིས་རབ་ཏུ་ཕྱེ་བའི་ཕྱིར། སེམས་བྱུང་གཞན་རྣམས་ལས་ཚོར་བ། འདུ་ཤེས་ལོགས་སུ་ཕུང་པོར་བཞག་གོ །གཉིས་པ་ནི། གང་གི་རིགས་ཅན། ཟག་བཅས་དང་། ཟག་མེད་ཀྱི་སེམས་ཀྱི་འཁོར་དུ་འབྱུང་བའི་ཀུན་འགྲོ་ལྔ་དང་། ཡུལ་བྱེ་བྲག་ཅན་ཁོ་ན་ལ་འཇུག་པ་ཡུལ་ངེས་ལྔ་དང་། གཅིག་ཏུ་རྣམ་པར་དཀར་བའི་ངོ་བོར་གྱུར་པ་དགེ་བ་བཅུ་གཅིག་དང་། སྒོ་དུ་མ་ནས་སེམས་ཉོན་མོངས་པར་བྱེད་པ་ཉོན་མོངས་པ་དྲུག་དང་། རྣམ་པ་རེ་རེས་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་ཉེ་བའི་ཉོན་མོངས་པ་ཉི་ཤུ་དང་། གྲོགས་ཀྱི་དབང་གིས་དགེ་མི་དགེ་ལུང་མ་བསྟན་གསུམ་གང་རུང་དུ་འགྱུར་བ་གཞན་འགྱུར་བཞི་རྣམས་སོ། །

གསུམ་པ་རྒྱས་བཤད་ལ་དྲུག་གི་དང་པོ། དེ་ལ་ཀུན་འགྲོ་ལྔ་གང་ཞེ་ན། སེམས་ཀུན་ལ་དུས་རྟག་ཏུ་རེག་པ་དང་ཡིད་ལ་བྱེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་པ་རྣམས་མཚུངས་པར་ལྡན་པ་སྟེ། ལྔ་པོ་དེ་ལས་གང་ཡང་རུང་བ་གཅིག་མེད་ན་ཡང་སེམས་ཀྱིས་ཡུལ་རྟོགས་པའི་བྱ་བ་མི་རྫོགས་པའི་ཕྱིར་རོ། །དེ་ལ་རེག་པ་ནི་ཡུལ་དབང་རྣམ་ཤེས་གསུམ་རྒྱུ་འབྲས་སུ་འདུས་ནས། ཡུལ་གྱི་ཡིད་དུ་འོང་མི་འོང་བར་མའི་མཚན་མ་ཡོངས་སུ་གཅོད་པར་བྱེད་པའི་སེམས་བྱུང་ངོ་། །ཡིད་བྱེད་ནི་སེམས་ཀྱི་འཇུག་པ་སྟེ། སེམས་དམིགས་པ་ལ་གཏོད་པར་བྱེད་པའི་སེམས་བྱུང་ངོ་། །སེམས་པ་ནི། སེམས་དགེ་མི་དགེ་ལུང་མ་བསྟན་གྱི་ཡུལ་ལ་ཕྱོགས་པར་མངོན་པར་འདུ་བྱེད་ཅིང་། གཡོ་བར་བྱེད་པའི་སེམས་བྱུང་ངོ་། །ཚོར་འདུ་གཉིས་ནི་བཤད་ཟིན་ཏོ། །ཡུལ་ངེས་ལྔ་ནི། འདུན་པ་དང་། མོས་པ་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། བློ་སྟེ་ཤེས་རབ་ཀྱི་རྣམ་པ་སྟེ། དེ་དག་ནི་ཡུལ་བྱེ་བྲག་ཅན་ལ་འཇུག་པས་བྱེ་བྲག་ངེས་ཞེས་སོ། །དེ་ལ་འདུན་པ་ནི། གང་བསམ་པའི་དངོས་པོ་དེ་ཉིད་འདོད་ཅིང་དོན་དུ་གཉེར་བའི་སེམས་བྱུང་ངོ། །འདི་ནི་འདོད་བྱ་མ་ཡིན་པ་ལ་མི་འཇུག་པས་ཡུལ་ངེས་པ་ཡིན་ནོ། །མོས་པ་ནི། རང་གི་སྔར་ལུང་རིགས་ཀྱིས་ངེས་པ་ཐོབ་པའི་དོན་ལ་འདི་ནི་འདི་ལྟར་ཡིན་གྱི་གཞན་དུ་མ་ཡིན་ནོ། །ཞེས་དེ་ཁོ་ན་བཞིན་དུ་ངེས་པར་འཛིན་པའི་སེམས་བྱུང་ངོ་། །མ་ངེས་པ་ལ་མི་འཇུག་པས་ཡུལ་ངེས་པའོ། །དྲན་པ་ནི་སྔར་འདྲིས་ཤིང་ཉམས་སུ་མྱོང་བའི་དོན་ལ་ཡང་དང་ཡང་དུ་ཡིད་ཀྱི་བརྗོད་པའི་སྒོ་ནས་མ་བརྗེད་པའོ། །འདི་ཡང་མ་འདྲིས་པ་ལ་མི་འཇུག་པས་ཡུལ་ངེས་པའོ། །ཏིང་ངེ་འཛིན་ནི་ཞི་རགས་དང་བདེན་བཞི་ལ་སོགས་པ་བརྟག་པར་བྱ་བའི་དངོས་པོ་ལ་དམིགས་ནས། སེམས་ཀྱི་རྒྱུན་དེ་ཉིད་ལ་གཏད་པར་བྱེད་པའི་སེམས་རྩེ་གཅིག་པའོ། །བློ་གྲོས་ནི་བརྟག་བྱའི་དངོས་པོ་ལ་དམིགས་ནས་རང་དང་སྤྱིའི་ཆོས་རྣམས་ཀུན་སོ་སོར་རྣམ་པར་འབྱེད་པའོ། །འདི་གཉིས་གང་ཡང་བརྟག་བྱའི་དངོས་པོ་ལ་འཇུག་པས་ཡུལ་ངེས་པ་ཡིན་ནོ། །དགེ་བ་བཅུ་གཅིག་ནི། དད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། ཤིན་ཏུ་སྦྱངས་པ་དང་། བག་ཡོད་པ་དང་། བརྩོན་འགྲུས་དང་། བཏང་སྙོམས་དང ། རྣམ་པར་མི་འཚེ་བ་རྣམས་སོ། །དེ་ལ་དད་པ་ནི། ལས་རྒྱུ་འབྲས་དང་བདེན་བཞི་ལ་སོགས་ལ་ཡིད་ཆེས་པ་ནི་ཡིད་ཆེས་པའི་དད་པ་ཡིན་ནོ། །དཀོན་མཆོག་སོགས་ཡོན་ཏན་ཅན་ལ་སེམས་དང་བ་ནི་དང་བའི་དད་པའོ། །འགོག་པ་དང་ལམ་ལ་དོན་དུ་གཉེར་བ་ནི་འདོད་པའི་དད་པའོ། །བདག་རིགས་དང་ཤེས་རྒྱ་ལ་སོགས་པ་འདི་ལྟ་བུ་དང་ལྡན་པས་ཉེས་སྤྱོད་བྱར་མི་རུང་སྙམ་སྟེ་ཁ་ན་མ་ཐོ་བ་བདག་ལ་འཛེམ་པ་ངོ་ཚ་ཤེས་པ་དང་། བདག་གི་ཉེས་སྤྱོད་བྱས་པ་གཞན་གྱིས་རིག་ན་མི་རུང་སྙམ་པས་ཁ་ན་མ་ཐོ་བ་གཞན་ལ་འཛེམ་པ་ཁྲེལ་ཡོད་པའོ། །ལུས་དང་ཟས་གོས་སོགས་ཀྱི་ལོངས་སྤྱོད་ལ་ཡིད་བྱུང་ཞིང་དང་དུ་མི་ལེན་པ་དང་། སེམས་ཅན་གཞན་ལ་ཀུན་ནས་མནར་སེམས་པ་མེད་པ་བྱམས་པའི་བདག་ཉིད། སྐྱེས་ཐོབ་དང་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཀྱིས་དངོས་པོ་རྣམས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་རྟོགས་པ་དང་གསུམ་ནི་གོ་རིམ་བཞིན་དུ་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་རྣམས་ཡིན་ནོ། །བརྩོན་འགྲུས་སྒོ་གསུམ་གྱི་དགེ་བ་ལ་སེམས་མངོན་པར་སྤྲོ་བའོ། །ཤིན་ཏུ་སྦྱངས་པ་ནི། གང་གི་ལུས་སེམས་དགེ་བའི་ལས་ལ་བཀོལ་དུ་རུང་བར་བྱེད་པའོ། །བག་ཡོད་པ་ནི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ལ་སེམས་སྲུང་ཞིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་རྣམས་བསྒོམ་ཞིང་ཡོངས་སུ་རྫོགས་པར་བྱེད་པའོ། །བཏང་སྙོམས་ནི། ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ན་སེམས་བྱིང་རྒོད་ཀྱིས་ཉམས་པ་མེད་པར་རང་གི་ངང་གིས་མཉམ་པ་ཉིད་དུ་འཇུག་པའོ། །རྣམ་པར་མི་འཚེ་བ་ནི། གཞན་ལ་ལུས་ངག་གི་ཐོ་མི་འཚམ་ཞིང་གནོད་པ་མི་བྱེད་པ་ཞེ་སྡང་མེད་པའི་ཆའོ། །བཅུ་གཅིག་པོ་དེ་དག་ནི། སྨན་བཟང་པོ་ལྟར། རང་བཞིན་གྱིས་རྣམ་པར་དཀར་བའི་ངོ་བོར་སྐྱེས་པའི་ཕྱིར། ངོ་བོ་ཉིད་ཀྱི་དགེ་བ་ཡིན་ནོ། །ཉོན་མོངས་པ་དྲུག་ནི། འདོད་ཆགས་དང་། ཁོང་ཁྲོ་དང་། གཏི་མུག་དང་། ང་རྒྱལ་དང་། ཐེ་ཚོམ་དང་། ལྟ་བ་དང་དྲུག་སྟེ། དེ་དྲུག་ལ་བརྟེན་ནས་ཉེ་བའི་ཉོན་མོངས་པ་རྣམས་འབྱུང་བས། རྩ་བའི་ཉོན་མོངས་ཞེས་བྱའོ། །ལྟ་བའི་ངོ་བོ་ནི་ཤེས་རབ་ཉོན་མོངས་ཅན་ཡིན་ལ། དེ་ཡང་དམིགས་པ་དང་རྣམ་པའི་བྱེ་བྲག་ཅན་གྱིས། འཇིགས་ཚོགས་ལ་ལྟ་བ་ལ་སོགས་པ་ལྔའོ། །དེ་ལ་འདོད་ཆགས་ནི། ཁམས་གསུམ་གྱི་ལུས་ཉེར་ལེན་གྱི་ཕུང་པོ་དང་། ལོངས་སྤྱོད་ཉེ་བར་མཁོ་བ་རྣམས་ལ་ཆགས་ཤིང་ཞེན་པའོ། ཁྲོ་བ་ནི། སྡུག་བསྔལ་དང་། གང་ལས་སྡུག་བསྔལ་འབྱུང་བའི་གནས་སེམས་ཅན་དང་། སེམས་ཅན་མ་ཡིན་པ་དུག་མཚོན་སོགས་ལ་ཀུན་ནས་མནར་སེམས་ཤིང་། གནོད་པ་བྱ་བར་སེམས་པའོ། །མ་རིག་པ་ནི། ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཀུན་གྱི་རང་བཞིན་རྣམ་པར་མི་ཤེས་པར་བདག་དང་བདག་གི་བར་རྨོངས་པར་བྱེད་པའོ། །འཇིགས་ལྟ་ནི་ཤེས་རབ་ཡིན་པས་རྣམ་པ་གསལ་ཞིང་། འདི་ནི་རྟོག་པ་མི་གསལ་བའི་ངོ་བོ་ཡིན་པས་ཐ་དད་དོ། །ང་རྒྱལ་ནི་སེམས་ཁེངས་ཞིང་མཐོན་པོའི་རྣམ་པར་འཇུག་པའོ། །སེམས་ཁེངས་པའི་རྒྱུའི་བྱེ་བྲག་ལས་ང་རྒྱལ་བདུན་དུ་འགྱུར་ཏེ། ང་རྒྱལ་དང་། ཆེ་བའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་ལོ། །དང་པོ་ནི། རིགས་དང་ཤེས་རྒྱ་ལ་སོགས་པ་བདག་དང་ཡོན་ཏན་མཚུངས་པ་ལས་མཚུངས་སོ་སྙམ་དུ་སེམས་ཁེངས་པའོ། །གཉིས་པ་ནི། རིགས་སོགས་བདག་དང་མཚུངས་པ་ལས་བདག་ལྷག་གོ་སྙམ་དུ་སེམས་ཁེངས་པའོ། །གསུམ་པ་ནི། རིགས་སོགས་བདག་ལས་ལྷག་པས་ཀྱང་བདག་ལྷག་གོ་སྙམ་དུ་སེམས་ཁེངས་པའོ། །བཞི་པ་ནི་ཕུང་པོ་ལ་བདག་དང་བདག་གིར་ལྟ་བའི་སྒོ་ནས་སེམས་ཁེངས་པའོ། །ལྔ་པ་ནི། བསམ་གཏན་ལ་སོགས་པའི་ཡོན་ཏན་མ་ཐོབ་པ་ལ་ཐོབ་སྙམ་དུ་སེམས་ཁེངས་པའོ། །དྲུག་པ་ནི། ཡོན་ཏན་མ་ཡིན་པ་ལ་བདག་ཡོན་ཏན་དང་ལྡན་ནོ་སྙམ་དུ་སེམས་ཁེངས་པའོ། །བདུན་པ་ནི། ཡོན་ཏན་སོགས་ཆེས་ཁྱད་པར་དུ་འཕགས་པ་བས་བདག་ཅུང་ཟད་གཅིག་གིས་དམན་པར་སེམས་དཔའོ། །ཐེ་ཚོམ་ནི། བདེན་པ་དང་ལས་འབྲས་དང་དཀོན་མཆོག་སོགས་ལ་ཡིན་མིན་དང་ཡོད་མེད་སོགས་སུ་སོམ་ཉི་ཟ་བའོ། །དེ་ལ་འཇིགས་ཚོགས་ལ་ལྟ་བ་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བདག་དང་བདག་གིར་ཡང་དག་པར་ལྟ་བའི་ཤེས་རབ་བོ། །དེ་ཡང་ལྷན་སྐྱེས་དང་། ཀུན་བཏགས་གཉིས་ཀྱི། དང་པོ་ནི། སེམས་ཅན་ཀུན་ལ་གནས་སྐབས་ཐམས་ཅད་དུ་ངའོ་སྙམ་དུ་འབྱུང་བ་གང་ཡིན་པ་སྟེ། རྣམ་འགྲེལ་དུ། བདེ་བར་གྱུར་པའམ་སྡུག་བསྔལ་བར། །མ་གྱུར་ཅིག་ཅེས་འདོད་པས་ན། །ངའོ་སྙམ་པའི་བློ་གང་ཡིན། །སེམས་ཅན་ལ་ལྟ་ལྷན་ཅིག་སྐྱེས། །ཞེས་པ་ལྟར་རོ། །གཉིས་པ་ནི། བཤེས་གཉེན་ངན་པའི་ཉེས་བཤད་ལ་བརྟེན་ནས་ཕུང་པོ་ལས་དོན་གཞན་པའི་བདག་རྟག་པ་སོགས་སུ་ལྟ་བ་སྟེ། མུ་སྟེགས་ཅན་རྣམས་ཀྱི་གཙོ་བོ་ལྟ་བུའོ། །མཐར་འཛིན་ལྟ་བ་ནི། འཇིགས་ལྟས་བཟུང་བའི་བདག་དེ་ཉིད་རྟག་པའམ་ཆད་པར་ལྟ་བའོ། །ལོག་ལྟ་ནི་ལས་རྒྱུ་འབྲས་དང་བདེན་བཞི་དང་ཐར་པ་སོགས་ལ་སྐུར་བ་འདེབས་པར་ལྟ་བའོ། །ལྟ་བ་མཆོག་ཏུ་འཛིན་པ་ནི། འཇིག་ལྟ་དང་མཐར་ལྟ་དང་། དེའི་གནས་ཕུང་པོ་ལ་གཙོ་བོ་མཆོག་དང་དམ་པ་ལ་སོགས་སུ་མངོན་པར་ཞེན་པའི་ལྟ་བའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་ནི། དམན་པ་ལྟ་བ་ངན་པའི་རྗེས་སུ་འབྲང་བའི་ཚུལ་ཁྲིམས་དང་། བརྟུལ་ཞུགས་ཀྱིས་བདག་གྲོལ་སོགས་བྱེད་པར་མངོན་པར་ཞེན་པའི་ལྟ་བའོ། །

ཉེ་བའི་ཉོན་མོངས་པ་ཉི་ཤུ་ནི། ཁྲོ་དང་ཞེས་པ་ནས་ཤེས་བཞིན་མ་ཡིན་པའི་བར་ཉི་ཤུ་སྟེ། དེ་དག་གིས་སེམས་ཉེ་བར་ཉོན་མོངས་པར་བྱེད་པའི་ཕྱིར། ཉེ་བའི་ཉོན་མོངས་པ་ཞེས་བྱའོ། །དེ་ལ་ཁྲོ་བ་ནི་གནོད་བྱེད་ཉེ་བར་གནས་པ་ན་འཕྲལ་དུ་མཚོན་ཆ་སོགས་བརྡེག་པ་དང་། ཆད་པས་གཅོད་པ་སོགས་གནོད་པར་བྱེད་པར་སེམས་པའོ། །འཁོན་དུ་འཛིན་པ་ནི་སྔར་གནོད་པ་བྱས་པ་མི་བརྗེད་པར་ཞེན་ལ་འཇོག་ཅིང་གནོད་ལན་བྱེད་པར་འདོད་པའོ། །དེ་གཉིས་ཀ་ནི་ཁྲོ་བའི་ཆར་གཏོགས་སོ། །འཆབ་པ་ནི། ལྟུང་བ་ལ་སོགས་པའི་ཁ་ན་མ་ཐོ་བ་བྱས་པ་གཞན་ལ་སྦེད་ཅིང་མཁྱུད་པར་བྱེད་པའོ། །འདི་ནི་གཏི་མུག་གི་ཆར་གཏོགས་སོ། །འཚིག་པ་ནི། ཀུན་ནས་མནར་སེམས་ཀྱི་དབང་གིས་ཚིག་རླང་པོ་སྟེ་རྩུབ་མོ་ཕལ་པོ་ཆེ་ཡི་ཞེར་འདེབས་པར་བྱེད་པ་ཀུན་ནས་སློང་བར་བྱེད་པའོ། །ཕྲག་དོག་ནི་གཞན་གྱི་འཁོར་དང་ལོངས་སྤྱོད་ཐོབ་པ་ལ་སོགས་པའི་འབྱོར་པར་སེམས་ཀྱིས་མི་བཟོད་ཅིང་སེམས་ཁོང་ནས་འཁྲུགས་པའོ། །དེ་གཉིས་ཀྱང་ཞེ་སྡང་གི་ཆར་གཏོགས་སོ། །སེར་སྣ་ནི་ཡོ་བྱད་ཀུན་ཏུ་འཛིན་ཅིང་གཏོང་བ་དང་མི་མཐུན་པ་འདོད་ཆགས་ཀྱི་ཆར་གཏོགས་སོ། །སྒྱུ་ནི། གཞན་སླུ་ཞིང་འབྲིད་པའི་བསམ་པས་ལུས་ངག་ཚུལ་འཆོས་པའི་སྤྱོད་པ་ཀུན་ཏུ་སྟོན་པའོ། །གཡོ་ནི། རང་གི་ཉེས་པ་གཞན་གྱིས་གླེངས་པ་ན་ཉེས་པ་སྐུང་བའི་ཐབས་གཏམ་རླུང་ལ་བསྐུར་བ་སོགས་ཀྱིས་སྦེད་པར་བྱེད་པའི་སེམས་གྱ་གྱུ་སྟེ། འཁྱོག་པོར་གྱུར་པའོ་དེ་གཉིས་ཀའང་འདོད་ཆགས་དང་གཏི་མུག་གི་ཆར་གཏོགས་སོ། །རྒྱགས་པ་ནི། ནད་མེད་པ་དང་ལང་ཚོ་དར་ལ་བབ་པ་སོགས་ལ་བརྟེན་ནས་ལུས་དང་ལོངས་སྤྱོད་སོགས་བདག་གི་འབྱོར་པ་ལ་ཆགས་པའི་དགའ་བ་ཉོན་མོངས་ཅན་ནོ། །དེ་ནི་འདོད་ཆགས་ཀྱི་ཆར་གཏོགས་སོ། །རྣམ་པར་འཚེ་བ་ནི་བརྩེ་བ་མེད་པས་བཅིངས་པ་དང་། བརྡེག་པ་སོགས་ཀྱིས་སེམས་ཅན་གཞན་ལ་མཐོ་འཚམ་ཞིང་འཚེ་བར་བྱེད་པའོ་འདི་ནི་ཁོང་ཁྲོའི་ཆར་གཏོགས་སོ། །ངོ་ཚ་མེད་པ་དང་ཁྲེལ་མེད་ནི་སྔར་བཤད་པའི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ལས་བཟློག་པ་སྟེ། གོ་རིམ་བཞིན་དུ་ཁ་ན་མ་ཐོ་བས་བདག་ལ་མི་འཛེམ་པ་དང་། གཞན་ལ་མི་འཛེམ་པའོ། །འདི་གཉིས་ནི། དུག་གསུམ་ཀའི་ཆར་གཏོགས་སོ། །རྨུགས་པ་ནི། དམིགས་པ་ལ་རྟོག་པ་མི་གསལ་བ་གང་གིས་སེམས་དགེ་བའི་ལས་ལ་བཀོལ་དུ་མི་རུང་ཞིང་གློང་གློང་པོར་གྱུར་པའོ། །དེ་ནི་གཏི་མུག་གི་ཆར་གཏོགས་སོ། །རྒོད་པ་ནི། སྔོན་རྒོད་རྒོད་པ་དང་། རྩེ་རྩེ་བ་རྣམས་རྗེས་སུ་དྲན་པའི་སྒོ་ནས་དེ་ལ་སེམས་འཕྲོ་བས་སེམས་རྣམ་པར་མ་ཞི་བར་བྱེད་པའོ། །དེ་ནི་འདོད་ཆགས་ཀྱི་ཆར་གཏོགས་སོ། །མ་དད་པ་ནི། ལས་འབྲས་དང་བདེན་པ་སོགས་ལ་ཡིད་མི་ཆེས་པ་དད་པའི་མི་མཐུན་ཕྱོགས་སུ་གྱུར་པའོ། །ལེ་ལོ་ནི། ཉལ་བ་དང་བསྙེས་པ་སོགས་བསོད་ཉམས་ཀྱི་བདེ་བ་ལ་ཆགས་པས་དགེ་བ་ལ་སེམས་མི་སྤྲོ་བའོ། །དེ་གཉིས་ནི་གཏི་མུག་གི་ཆར་གཏོགས་སོ། །བག་མེད་པ་ནི། ཟག་བཅས་ཀྱི་ཆོས་ལ་སེམས་མི་བསྲུང་བ་བག་ཡངས་སུ་གཏོང་བར་བྱེད་པ་བག་ཡོད་པའི་མི་མཐུན་ཕྱོགས་སུ་གྱུར་པའོ། །འདི་ནི་དུག་གསུམ་ཀའི་ཆར་གཏོགས་སོ། །བརྗེད་ངས་ནི། ཉོན་མོངས་པ་རྣམས་ཀྱི་དམིགས་པ་ཡང་དང་ཡང་དུ་ཡིད་ཀྱིས་བརྗེད་པའི་དྲན་པ་ཉོན་མོངས་ཅན་ནོ། །རྣམ་གཡེང་ནི། དུག་གསུམ་གང་རུང་གི་ཡུལ་ལ་སེམས་རྣམ་པར་སྤྲོ་བའོ། །འདི་ཡང་དུག་གསུམ་ཀའི་ཆར་གཏོགས་སོ། །ཤེས་བཞིན་མ་ཡིན་པ་ནི། གནང་བཀག་ལ་རྨོངས་པའི་མ་རིག་པ་དང་མཚུངས་པར་ལྡན་པའི་ཤེས་རབ་ཉོན་མོངས་ཅན་གང་གིས་ལུས་ངག་གི་སྤྱོད་པ་ལ་མི་ཤེས་ཤིང་འཇུག་པར་བྱེད་པའོ། །གཞན་འགྱུར་བཞི་ནི། འགྱོད་པ་དང་། གཉིད་དང་། རྟོག་པ་དང་། དཔྱོད་པ་སྟེ་བཞི་པོ་འདི་དག་ནི། གྲོགས་ཀྱི་དབང་གིས་དགེ་མི་དགེ་དང་ལུང་མ་བསྟན་གཞན་དང་གཞན་དུ་འགྱུར་བས་ན་གཞན་འགྱུར་ཞེས་བྱའོ། །དེ་ལ་འགྱོད་པ་ནི། བྱ་བའམ་བྱ་བ་མ་ཡིན་པ་གང་རུང་ཞིག་སྔར་བྱས་པའམ་མ་བྱས་པ་ལ་ཕྱིས་བདག་གིས་དེ་ལྟ་བུ་བྱས་པའམ་མ་བྱས་པ་གང་ཡིན་པ་དེ་མ་ལེགས་སྙམ་དུ་ཡིད་ལ་བཅགས་པའོ། །གཉིད་ནི། ཁ་ཟས་དྲོད་མ་ཟིན་པ་ལ་སོགས་པ་གཉིད་ཀྱི་རྒྱུ་གང་ཡང་རུང་བ་ལ་བརྟེན་ནས། འཇུག་པའི་སེམས་དྲུག་རང་དབང་མེད་པར་ནང་དུ་སྡུད་པར་བྱེད་པའི་སེམས་བྱུང་ངོ་། །དེ་གཉིས་ཀའང་ཉོན་མོངས་པ་ཅན་ལ་ནི་གཏི་མུག་གི་ཆར་གཏོགས་ལ། དགེ་བ་དང་ལུང་མ་བསྟན་ནི། སེམས་པའམ་ཤེས་རབ་ཀྱི་ཆར་གཏོགས་སོ། །རྟོག་པ་ནི། གང་ཟག་དང་། ཆོས་ཀྱི་ངོ་བོ་དང་ཁྱད་པར་གང་རུང་ལ་དམིགས་ནས་འདི་ཅི་ཞེས་ཀུན་ཏུ་ཚོལ་བའི་རྣམ་པར་ཞུགས་པ་སེམས་རྩིང་བའོ། །དཔྱོད་པ་ནི། རྟོག་པས་བཙལ་བའི་དོན་དེ་ཉིད་ལ་དམིགས་ནས་འདི་དང་འདིའོ་ཞེས་ངེས་པའི་རྣམ་པས་སོ་སོར་རྟོག་པ་སེམས་ཞིབ་པའོ། །འདི་གཉིས་ཀའང་སེམས་ཡུལ་ལ་མངོན་པར་མི་རྟོག་པའི་ཚེ་སེམས་པ་དང་། མངོན་པར་རྟོག་པའི་ཚེ་ཤེས་རབ་ཀྱི་ཆར་གཏོགས་སོ། །

གསུམ་པ་མཚུངས་པར་མི་ལྡན་པའི་འདུ་བྱེད་བཅུ་བཞི་ནི། ཐོབ་པ་ནས་མིང་ཚིག་ཡི་གེའི་ཚོགས་ཀྱི་བར་སྟེ། དེ་ལ་ཐོབ་པ་ནི། དགེ་མི་དགེའི་ལུང་མ་བསྟན་གྱི་ཆོས་རྣམས་འཕེལ་འགྲིབ་ཀྱི་གནས་སྐབས་ལ་བཏགས་སོ། །དེ་ལ་དབྱེ་ན། ས་བོན་དང་། དབང་དང་། མངོན་འགྱུར་དུ་ལྡན་པ་གསུམ་མོ། །དང་པོ་ནི། སྐྱེས་ཐོབ་ཀྱི་ཆོས་མ་འོངས་པ་རྣམས་རང་གི་ངང་གིས་འབྱུང་རུང་དུ་གནས་པའོ། །གཉིས་པ་ནི་སྦྱོར་བྱུང་གི་ཆོས་མ་འོངས་པ་རྣམས་རྐྱེན་གྱིས་བཙལ་ན་འབྱུང་རུང་དུ་གནས་པའོ། །གསུམ་པ་ནི། ཆོས་གང་རང་གི་མཚན་ཉིད་ད་ལྟར་གནས་པའོ། །མ་ཐོབ་པ་ནི། ཆོས་གང་མི་ལྡན་པའི་གནས་སྐབས་ལ་བཏགས་པ་སྟེ། དཔེར་ན། འཕགས་པའི་ཆོས་མ་ཐོབ་པའི་སེམས་རྒྱུད་ལ་སོ་སོ་སྐྱེ་བོར་བཏགས་པ་བཞིན་ནོ། །སྐལ་མཉམ་ནི། སེམས་ཅན་རྣམས་ཀྱི་རྣམ་སྨིན་གྱི་ཕུང་པོ་རིགས་མཐུན་པའི་གནས་སྐབས་ལ་བཏགས་པ་སྟེ། དཔེར་ན་མི་རྣམས་ཀྱི་ཕུང་པོ་མིར་རིགས་མཐུན་པ་བཞིན་ནོ། །འདུ་ཤེས་མེད་པ་ནི། སེམས་ཅན་འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་ན། སྔོན་འདུ་ཤེས་མེད་པའི་སྙོམས་འཇུག་བསྒོམས་པའི་སྟོབས་ཀྱིས་སེམས་དང་སེམས་བྱུང་ཚོགས་དྲུག་གིས་བསྡུས་པ་རྣམས་རང་གི་ངང་གིས་འགགས་པའི་སེམས་རྒྱུད་ཀྱི་གནས་སྐབས་ལ་བཏགས་པའོ། །སྙོམས་འཇུག་གཉིས་ནི། འདུ་ཤེས་མེད་པའི་སྙོམས་འཇུག་དང་། འགོག་པའི་སྙོམས་འཇུག་གོ །དང་པོ་ནི། བསམ་གཏན་བཞི་པའི་སེམས་ལ་བརྟེན་ནས་ཚོགས་དྲུག་བཀག་པ་ལས་ཐར་པ་དང་ཐར་ལམ་དུ་འདུ་ཤེས་པའི་ཡིད་བྱེད་ཀྱིས་ཚོགས་དྲུག་གིས་བསྡུས་པའི་སེམས་སེམས་བྱུང་རྣམས་རེ་ཤིག་མི་སྐྱེ་བར་བྱས་པའི་སེམས་རྒྱུད་ཀྱི་གནས་སྐབས་ལ་བཏགས་པའོ། །སྙོམས་པར་འཇུག་པ་པོའི་གང་ཟག་ནི། སོ་སོ་སྐྱེ་བོ་ལོག་པས་ཚངས་པར་སྤྱོད་པ་ཚུལ་འཆོས་པ་ལ་ཞུགས་པ་ཡིན་ཏེ། ཐར་པ་དང་ཐར་པའི་ཐབས་ཕྱིན་ཅི་ལོག་ལ་ཞུགས་པའི་ཕྱིར་རོ། །དེ་སྐད་དུ་ཡང་བསྡུ་བ་ལས། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ནི་སློབ་པ་ཡང་སྙོམས་པར་མི་འཇུག་ལ། མི་སློབ་པ་ཡང་སྙོམས་པར་མི་འཇུག་གོ །དེ་ཅིའི་ཕྱིར་ཞེ་ན། དེ་ལ་ནི་ཤེས་རབ་ཀྱི་སྤྱོད་པ་མེད་པས་མྱོང་བར་འགྱུར་ཏེ། དེའི་ཕྱིར་གོང་ན་ཆེས་ཞི་བའི་གནས་པ་ཡོད་པའི་ཕྱིར་ཏེ། སྐྱེ་བ་དེ་ནི་དགེ་བའི་ཆོས་མ་ཐོབ་པ་རྣམས་ཐོབ་པར་བྱ་བ་ལ་བསླུ་བའི་གནས་ཡིན་ཞེས་བཤད་དོ། ཁམས་ནི་དང་པོར་འདོད་པའི་ཁམས་སུ་བསྐྱེད་པར་བྱེད་ལ། དེའི་འོག་ཏུ་ནི་གཟུགས་ཀྱི་ཁམས་སུ། རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་ཏེ། ཡང་དེ་ཉིད་ལས། གང་ཟག་ལས་ནི། སོ་སོ་སྐྱེ་བོའི་རྒྱུད་དུ་གཏོགས་པའོ། །

སྐྱེ་བ་ལས་ནི། དང་པོར་འདིར་བསྐྱེད་ཅིང་། དེའི་འོག་ཏུ་གཟུགས་ཀྱི་ཁམས་སུ་འབྲས་བུ་མྱོང་བར་འགྱུར་རོ། །ཞེས་བཤད་དོ། །རྣམ་པ་ནི། བསམ་གཏན་བཞི་པའི་སེམས་ལ་བརྟེན་ནས། འདུ་ཤེས་ནད་དང་། འབྲས་དང་། ཟུག་རྔུའོ། །འདུ་ཤེས་མེད་པ་ནི། ཀུན་ཏུ་མ་རྨོངས་པའོ། །ཞེས་འདུ་ཤེས་སུན་འབྱིན་པའི་རྣམ་པ་ཅན་གྱིས་སྙོམས་པར་འཇུག་གོ །འགོག་པའི་སྙོམས་པར་འཇུག་པ་ནི། སྲིད་རྩེའི་སེམས་ལ་བརྟེན་ནས་འགོག་སྙོམས་ལ་ཞི་བ་མྱང་འདས་དང་འདྲ་བར། ལྟ་བའི་ཡིད་ལ་བྱེད་པས་ཀུན་གཞི་མ་གཏོགས་པའི་ཚོགས་བདུན་འཁོར་དང་བཅས་པ་རེ་ཤིག་མི་འབྱུང་བར་བྱས་པའི་སེམས་རྒྱུད་ཀྱི་གནས་སྐབས་ལ་བཏགས་པའོ། །འདི་ལ་སྙོམས་པར་འཇུག་པ་པོའི་གང་ཟག་ནི། བསྡུ་བར། དེ་ལ་སློབ་པ་ཕྱིར་མི་འོང་བ་ལུས་ཀྱི་མངོན་སུམ་དུ་བྱེད་པ་དང་། མི་སློབ་པ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཡང་སྙོམས་པར་འཇུག་གོ་ཞེས་བཤད་པ་ལྟར་དང་། སངས་རྒྱས་དང་བྱང་སེམས་འཕགས་པ་རྣམས་སོ། །ཁམས་ཡང་དེ་ཉིད་ལས། སྐྱེ་བ་ལས་ནི་ཀུན་གཞིའི་རྣམ་པར་ཤེས་པ། རྣམ་པར་མ་བཞག་པ་ནི། དང་པོར་འདིར་སྐྱེས་ཅིང་། གཟུགས་ཀྱི་ཁམས་སུ་མངོན་དུ་བྱེད་དོ། །མངོན་དུ་བྱེད་པ་དེ་ནི་གཟུགས་ལ་རག་ལས་པའི་ཕྱིར་རོ། །ཀུན་གཞིའི་རྣམ་པར་ཤེས་པ་རྣམ་པར་བཞག་ན་ནི་མངོན་དུ་བྱེད་པ་ཐམས་ཅད་སྔོན་དུ་འགྲོ་བར་ལྟ་བར་བྱའོ། །ཞེས་མ་སྐྱེས་པ་སྐྱེས་པའི་རྟེན། འདོད་པ་དང་ཁམས་གསུམ་ཀ་ཡིན་པར་བཤད་དོ། །རྣམ་པ་ནི་ཚོར་བ་དང་། འདུ་ཤེས་རྣམས་ནད་དང་འབྲས་དང་ཟུག་རྔུའི་རྣམ་པར་བལྟས་ནས་འགོག་པ་ཡིན་ནོ། །སྲོག་གི་དབང་པོ་ནི། སྔོན་གྱི་ལས་ཀྱི་རྣམ་སྨིན་གྱི་ཕུང་པོ་དུས་ཇི་སྲིད་དུ་གནས་པར་འཕང་པ། གནས་པའི་དུས་ངེས་པ་ལ་བཏགས་པའོ། །འདུས་བྱས་ཀྱི་མཚན་ཉིད་བཞི་ལས་སྐྱེ་བ་ནི། ནང་གི་འདུ་བྱེད་རྣམས་ཀྱི་རྒྱུན་མ་བྱུང་བ་བྱུང་བའི་གནས་སྐབས་ལ་བཏགས་པའོ། །གནས་པ་ནི། ནང་གི་འདུ་བྱེད་རྣམས་ཀྱི་རྒྱུན་སྐྱེས་ནས་མ་ཤིའི་གནས་སྐབས་ལ་བཏགས་པའོ། །རྒ་བ་ནི། ནང་གི་འདུ་བྱེད་རྣམས་ཀྱི་རྒྱུན་སྔ་མ་ལས་ཕྱི་མ་མི་འདྲ་བར་གྱུར་པའི་གནས་སྐབས་ལ་བཏགས་པའོ། །མི་རྟག་པ་ནི་ནང་གི་འདུ་བྱེད་རྣམས་ཀྱི་རྒྱུན་འཇིག་པའི་གནས་སྐབས་ལ་བཏགས་པའོ། །འདུས་བྱས་ཀྱི་མཚན་ཉིད་བཞི་པོ་འདི་དག་ནི་བཅོམ་ལྡན་འདས་ཀྱིས་གདུལ་བྱ་རྣམས་སྐྱོ་བ་བསྐྱེད་པའི་ཕྱིར་ནང་གི་འདུ་བྱེད་རྣམས་ལ་དགོངས་ནས་གསུངས་ཤིང་། དེ་ཡང་འཇིག་རྟེན་ཇི་ལྟར་གྲགས་པ་ལྟར་གྱི་སྐྱེ་བ་དང་འཇིག་པ་སོགས་ཀྱི་དབང་དུ་བྱས་པ་རྒྱུན་ལ་རྩིས་པའི་སྐད་ཅིག་ལ་མ་ཡིན་ཏེ། སྐད་ཅིག་མའི་སྐྱེ་འཇིག་སོགས་འཇིག་རྟེན་ན་མ་གྲགས་པའི་ཕྱིར་རོ། །དེ་སྐད་དུ་ཡང་། མཛོད་འགྲེལ་དུ། སྔོན་མེད་ལས་བྱུང་སྐྱེ་བ་སྟེ། །རྒྱུན་གནས་དེ་ཆད་འཇིག་པ་ཡིན། །རྒྱུན་གྱི་སྔ་ཕྱིའི་བྱེ་བྲག་ནི། །གནས་སྐབས་གཞན་གཞན་འགྱུར་ཞེས་བྱ། །ཞེས་གསུངས་པ་ལྟར་རོ། །མིང་གི་ཚོགས་ནི། མིག་རྣ་སོགས་ཆོས་ཀྱི་ངོ་བོ་སྟོན་པའི་ཐ་སྙད་ཀྱི་གནས་སྐབས་ལ་བཏགས་པའོ། །ཚིག་གི་ཚོགས་ནི་འདུས་བྱས་མི་རྟག་ཟག་བཅས་སྡུག་བསྔལ་ཅེས་སོགས་ཆོས་དང་གང་ཟག་གི་དོན་གྱི་ངོ་བོ་དེ་ཉིད་ཁྱད་པར་གྱི་ཆོས་དང་འབྲེལ་བར་སྟོན་པའི་ཐ་སྙད་ཀྱི་གནས་སྐབས་ལ་བཏགས་པའོ། །ཡི་གེའི་ཚོགས་ནི། མིང་ཚིག་དེ་གཉིས་ཀའི་གནས་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་མང་པོ་འཚོགས་པའི་གནས་སྐབས་ལ་བཏགས་པའོ། །ཇི་སྐད་བཤད་པའི་ལྡན་མིན་འདུ་བྱེད་དེ་དག་བྱེ་བྲག་སྨྲ་བ་གཟུགས་དང་སེམས་དང་སེམས་བྱུང་གསུམ་ལས་ཐ་དད་པའི་རྫས་སུ་གྲུབ་པར་འདོད་ལ། མདོ་སྡེ་པ་ཡན་ཆད་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་ལ་བཏགས་པའི་བཏགས་ཡོད་ཙམ་ཡིན་གྱི་རྫས་སུ་མེད་ཅེས་ཟེར་རོ། །

ལྔ་པ་རྣམ་ཤེས་ཀྱི་ཕུང་པོ་ལ་གཉིས་ཀྱི་དང་པོ་མཚན་ཉིད་དབྱེ་བ་མདོར་བསྟན་པ་ནི། རྣམ་ཤེས་ཀྱི་མཚན་ཉིད་གཟུགས་སྒྲ་སོགས་དོན་གྱི་ངོ་བོ་སོ་སོར་མ་འདྲེས་པར་རྣམ་པར་རིག་པའོ། །སེམས་བྱུང་རྣམས་ནི་དོན་གྱི་ཁྱད་པར་ཙམ་རིག་པར་བྱེད་པ་ཡིན་པས་རྣམ་ཤེས་སུ་ཐལ་བར་མི་འགྱུར་རོ། །དེ་ལ་དོན་གྱི་ངོ་བོ་ནི་གང་ཁྱད་པར་ནི་གང་ཞེ་ན། གཟུགས་མ་ཡིན་པ་ལས་ལོག་ཙམ་གྱི་གཟུགས་ཀྱི་ལྡོག་པ་ནི་གཟུགས་ཀྱི་དོན་གྱི་ངོ་བོ་ཡིན་ལ། དེའི་སྟེང་གི་ཡིད་དུ་འོང་བ་དང་མི་འོང་བ་དང་། སྔོན་པོ་དང་སེར་པོ་ལ་སོགས་པ་ནི། གཟུགས་ཀྱི་དོན་གྱི་ཁྱད་པར་ཡིན་ནོ། །དེ་ལ་གང་གི་ཚེ་མིག་ཤེས་ཀྱིས་བུམ་པའི་གཟུགས་མཐོང་བའི་ཚེ་ན། འདི་གཟུགས་སོ་སྙམ་དུ་གཟུགས་ཀྱི་ལྡོག་པ་ཙམ་ལས་མིག་ཤེས་ཀྱི་སྟོབས་ཀྱིས་ངེས་པ་འདྲེན་པའོ། །དེའི་ཕྱིར་མིག་ཤེས་ཀྱིས་གཟུགས་ཀྱི་དོན་གྱི་ངོ་བོ་ཙམ་རིག་གོ་ཞེས་བཞག་གོ །འདི་བུམ་པའི་གཟུགས་སོ་འདི་སེར་པོའོ་སྔོན་པོའོ་ཞེས་སོགས་ཁྱད་པར་རྣམས་ལ་ནི། མིག་ཤེས་འཁོར་གྱི་ཚོར་བ་དང་འདུ་ཤེས་སོགས་སེམས་བྱུང་རྣམས་ཀྱི་ངེས་པ་འདྲེན་པས། དེའི་ཕྱིར་སེམས་བྱུང་གི་དོན་གྱི་ཁྱད་པར་རིག་གོ་ཞེས་རྣམ་པར་བཞག་གོ །དེ་སྐད་དུ་ཡང་། དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེའི་ཁྱད་པར་སེམས་ལས་བྱུང་། །ཞེས་བཤད་དོ། །སེམས་དང་སེམས་བྱུང་གི་དོན་གྱི་ངོ་བོ་དང་ཁྱད་པར་རིག་ཚུལ་འདི་ལ་སྔ་རབས་པ་རྣམས་ཀྱིས་མང་དུ་རྣམ་གཞག་མཛད་ཀྱང་། སྤྱིས་མ་ཕྱིན་ཅིང་དེང་སང་བློ་ཁ་ཕྱོགས་པ་ཅུང་ཟད་ཀྱང་མེད་པས་ཞིབ་པར་ཁོ་བོས་མངོན་པ་ཀུན་ལས་བཏུས་ཀྱི་ཊཱི་ཀར་བཀོད་པས་དེར་བལྟ་བར་བྱའོ། །རྣམ་ཤེས་དེ་ལ་དབྱེ་ན། རྣམ་པར་ཤེས་པའི་ཚོགས་བརྒྱད་དེ། ཀུན་གཞི་དང་། ཉོན་ཡིད་དང་། རྣམ་ཤེས་ཚོགས་དྲུག་གོ །

གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཀུན་གཞིའི་རྣམ་པར་ཤེས་པ། ཉོན་མོངས་ཅན་གྱི་ཡིད། འཇུག་པའི་ཤེས་པ་དྲུག་གོ །དང་པོ་ལ་གསུམ་མཚན་ཉིད་དང་དབྱེ་བ། ཤེས་བྱེད་ཀྱི་ལུང་དང་གསུམ་གྱི། དང་པོ་ལའང་གསུམ་གྱི་དང་པོ་དངོས་ནི། རྣམ་ཤེས་ཚོགས་བརྒྱད་ཡོད་པ་དེ་ལས་ཀུན་གཞིའི་རྣམ་པར་ཤེས་པའི་མཚན་ཉིད་ནི། རྣམ་པར་སྨིན་པའི་རྣམ་ཤེས་ཀུན་ནས་ཉོན་མོངས་ཀྱི་ཆོས་ཐམས་ཅད་ཀྱི་ཐམས་ཅད་དང་ལྡན་ཅེས་པའོ། །དེའི་མིང་གི་རྣམ་གྲངས་ནི་འཁོར་འདས་ཀུན་གྱི་གཞི་ཡིན་པས་ཀུན་གཞི་ཞེས་ཀྱང་བྱའོ། །སྔོན་བསགས་པའི་ལས་ཀྱི་བག་ཆགས་ཡོངས་སུ་སྨིན་པའི་ངོ་བོ་ཡིན་པས་རྣམ་པར་སྨིན་པའི་རྣམ་ཤེས་ཞེས་ཀྱང་བྱའོ། །ལུས་མ་ཐོབ་པ་ཐོབ་པར་བྱེད་པ་དང་། ཐོབ་ཟིན་གནས་པར་བྱེད་པའི་རྒྱུན་ཡིན་པས་ལེན་པའི་རྣམ་ཤེས་ཞེས་ཀྱང་བྱ། ཤེས་བྱ་ངོ་བོ་ཉིད་གསུམ་གྱི་གནས་ཡིན་པས་ཤེས་བྱའི་གནས་ཞེས་ཀྱང་བྱའོ། །འདིའི་དམིགས་པ་དང་རྣམ་པ་ཇི་ལྟ་བུ་ཞེ་ན། གཟུགས་ཅན་གྱི་ཁམས་ན་ནི་འདིའི་དམིགས་པ་གཉིས་ཏེ། ནང་ལེན་པའི་རྣམ་རིག་དང་། ཕྱི་སྣོད་ཀྱི་རྣམ་རིག་གོ །དང་པོ་ལ་གཟུང་འཛིན་དུ་ཀུན་བཏགས་པའི་བག་ཆགས་དང་། གནས་དང་བཅས་པའི་དབང་པོ་གཟུགས་ཅན་གཉིས་ཡིན་ལ་དེ་ལ་དང་པོ་ནི། འདིས་དབང་པོ་དང་བཅས་པའི་གཟུགས་ལེན་པར་བྱེད་པས་ན་ལེན་པ་ཞེས་བྱའོ། །གཉིས་པ་ནི། བླང་བར་བྱ་བ་ཡིན་པས་ལེན་པ་ཡིན་ནོ། །སྣོད་ཀྱི་རྣམ་རིག་ནི། རི་ཁང་ཁྱིམ་ལ་སོགས་པ་ཕྱི་རོལ་ན་དབང་པོས་བསྡུས་པ་སྣང་བ་འདི་དག་ཡིན་ནོ། །ཅིའི་ཕྱིར་གསུམ་པོ་འདི་ཀུན་གཞིའི་དམིགས་པ་ཡིན་ཅེ་ན། ཀུན་བཏགས་ཀྱི་བག་ཆགས་ཀྱི་རྒྱུ་རྐྱེན་བྱས་པ་ལས་རྣམ་པར་སྨིན་པའི་རྣམ་ཤེས་རང་དང་གཞན་གྱི་རྒྱུད་དུ་གཏོགས་པའི་མིག་ལ་སོགས་པའི་དབང་པོ་སྣང་བ་དང་། རི་ཁང་ཁྱིམ་ལ་སོགས་པ་ཕྱི་རོལ་སྣོད་ཀྱི་རྣམ་པར་སྣང་བར་སྐྱེ་བའི་ཕྱིར་རོ། །དེ་བས་ན་ཀུན་བཏགས་ལ་ཞེན་པའི་བག་ཆགས་ནི། རྣམ་པར་སྨིན་པའི་རྣམ་ཤེས་དོན་དང་སེམས་སུ་སྣང་བའི་དམིགས་པ་དང་ལྡན་པར་བསྐྱེད་བྱེད་ཡིན་པས་དེའི་ཕྱིར་དེའི་དམིགས་པར་བཞག་སྟེ། དཔེར་ན། མདོ་སྡེ་པ་དག །གཟུགས་སྒྲ་ལ་སོགས་པའི་དོན་དབང་པོ་ལ་སོགས་པའི་ཤེས་པ་ལ་དངོས་སུ་མི་སྣང་ཡང་དེ་དག་གི་ཤེས་པ། བཟུང་བ་རྣམ་ལྡན་དུ་བསྐྱེད་པར་བྱེད་པས་དེའི་དམིགས་པར་འཇོག་པར་བྱེད་པ་བཞིན་ནོ། །དབང་པོ་གཟུགས་ཅན་རྟེན་དང་བཅས་པ་དང་། ཕྱི་རོལ་གྱི་སྣོད་རྣམས་ནི། རྣམ་པར་སྨིན་པའི་རྣམ་ཤེས་ཀྱི་བཟུང་བྱ་ཡིན་པས། དེའི་ཕྱིར་དམིགས་པར་བཞག་གོ །གཟུགས་མེད་ཁམས་ན་ནི་ཀུན་བཏགས་ཀྱི་བག་ཆགས་ཁོ་ན་དམིགས་པ་ཡིན་ཏེ། ཀུན་བཏགས་ཀྱི་བག་ཆགས་ཀྱི་རྒྱུའི་རྐྱེན་དང་། ནམ་མཁའ་མཐའ་ཡས་ལ་སོགས་པའི་སྙོམས་འཇུག་གིས་བསྒྲུབས་པའི་མི་གཡོ་བའི་ལས་ཀྱི་བདག་པོའི་རྐྱེན་ལས། གཟུགས་མེད་བཞིར་སྐྱེས་པའི་རྣམ་པར་སྨིན་པའི་རྣམ་ཤེས་རྣམས་དང་པོ་གཉིས་སུ་བཟུང་བྱ་ཚད་མེད་པའི་དམིགས་པ་ཅན་དང་། ཕྱི་མ་གཉིས་སུ་བཟུང་བྱ་ཆ་ཕྲ་བ་དང་། ཤིན་ཏུ་ཆ་ཕྲ་བའི་དམིགས་པ་ཅན་དུ་སྐྱེ་བའི་ཕྱིར་རོ། །དམིགས་པ་དེ་དག་ལ་རྣམ་པ་ཇི་ལྟ་བུས་འཇུག་ཅེ་ན་ཇི་སྲིད་འཚོའི་བར་དུ་ཤིན་ཏུ་མི་གསལ་བ་རྒྱུན་མི་འཆད་པར་རོ་གཅིག་པ་ཉིད་དུ་འཇུག་པ་ཡིན་ནོ། །ཅིའི་ཕྱིར་ཤིན་ཏུ་མི་གསལ་ཞེ་ན། མིག་ཤེས་ཀྱི་དམིགས་པ་གཟུགས་ཡིན་པ་བཞིན་དུ། འདིའི་དམིགས་པ་མྱོང་བའི་སྟོབས་ཀྱིས་འདིའོ་ཞེས་ཡོངས་སུ་བཅད་པར་མི་ནུས་པའི་ཕྱིར་རོ། །ཅིའི་ཕྱིར་རྒྱུན་མི་འཆད་པར་རོ་གཅིག་ཏུ་འཇུག་ཅེ་ན། སྐྱེ་གནས་སུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་དང་པོ་དེ་ཉིད་ཀྱི་དམིགས་པ་དང་རྣམ་པ་ཇི་འདྲ་བ་དེ་འདྲ་ཁོ་ནར་ཇི་སྲིད་འཚོ་བའི་བར་དུ་འཇུག་པར་འགྱུར་བའི་ཕྱིར་རོ། །དེས་ན་དམིགས་རྣམ་ཡོངས་སུ་མ་ཆད་པ་ཞེས་ཀྱང་བྱའོ། །དེ་ལྟར། སུམ་ཅུ་པར། དེ་ནི་ལེན་པ་དག་དང་གནས། །རྣམ་པར་རིག་པ་མི་རིག་པ། །ཞེས་བཤད། གཉིས་པ་དེའི་ཁྱད་པར་ནི། ཀུན་གཞིའི་རྣམ་ཤེས་དེ་ལ་མཚུངས་པར་ལྡན་པའི་ཚོར་བ་ནི། བཏང་སྙོམས་ཁོ་ན་ཡིན་གྱི། བདེ་བའམ་སྡུག་བསྔལ་མ་ཡིན་ཏེ། དེ་དག་ནི་དམིགས་རྣམ་རིས་སུ་ཆད་པས་འདི་དང་མི་མཚུངས་པའི་ཕྱིར་རོ། །དེ་ནི་ངོ་བོ་མ་བསྒྲིབས་ལ་ལུང་མ་བསྟན་ཡིན་ཏེ། ཉོན་མོངས་དང་མཚུངས་པར་མི་ལྡན་པའི་ཕྱིར་དང་། དགེ་མི་དགེ་མངོན་འགྱུར་དང་། ལྷན་ཅིག་རྒྱུད་གཅིག་ལ་འཇུག་པའི་ཕྱིར་རོ། །དེའི་འཁོར་གྱི་རེག་པ་དང་། སེམས་པ་འདུ་ཤེས་ཡིད་བྱེད་སོགས་ཀྱང་དེ་བཞིན་དུ་ཚོར་བ་བཏང་སྙོམས་ཅན་དང་མ་བསྒྲིབས་ལུང་མ་བསྟན་ཡིན་ནོ། །འདིའི་གྲོགས་ནི། ཀུན་འགྲོ་ལྔ་ལས་གཞན་མེད་དོ། །ཀུན་གཞི་དེ་ནི་འཁོར་བའི་གནས་སྐབས་སུ་སྐད་ཅིག་ཀྱང་རྒྱུན་མི་ཆད་པར་འཇུག་ཏེ། དཔེར་ན། ཆུ་བོའི་རྒྱུན་བཞིན་ནོ། །དེ་ལ་ཀུན་གཞི་ས་བོན་གྱི་ཆ་ཉན་རང་གི་དགྲ་བཅོམ་པ་ཐོབ་ནས་ལྡོག་ཅིང་། ཐེག་ཆེན་པ་ས་བརྒྱད་པ་ནས་ལྡོག་སྟེ། གནས་སྐབས་དེ་དག་ཏུ་ཉོན་མོངས་པའི་ས་བོན་མ་ལུས་པ་སྤངས་པའི་ཕྱིར་རོ། །རྣམ་སྨིན་གྱི་ཆ་ནི་ཉན་རང་གི་ཕུང་པོ་ལྷག་མེད་དུ་རྒྱུན་ཆད་པའི་ཚུལ་གྱིས་ལྡོག་ལ། ཐེག་ཆེན་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཐོགས་སུ་མེ་ལོང་ཡེ་ཤེས་སུ་གནས་གྱུར་པའི་ཚུལ་གྱིས་ལྡོག་གོ །དེས་ན་ཕུང་པོ་ལྷག་བཅས་ཀྱི་གནས་སྐབས་དང་། དག་པ་ས་གསུམ་གྱི་གནས་སྐབས་ན་རྣམ་པར་སྨིན་པའི་རྣམ་ཤེས་ཡོད་ཀྱང་། ཀུན་གཞི་ཞེས་མི་བྱ་སྟེ། ཀུན་ནས་ཉོན་མོངས་པའི་ཆོས་ཀྱི་རྟེན་མི་བྱེད་པའི་ཕྱིར་རོ། །གསུམ་པ་དེ་ལ་འཇུག་ཤེས་སྐྱེ་བའི་ཚུལ་ནི། དབང་ཤེས་ལྔ་རྣམ་ཤེས་རྩ་བའི་རྣམ་ཤེས་ཀུན་གཞི་ལས་བག་ཆགས་སད་བྱེད་ཇི་ལྟ་བའི་རྐྱེན་གྱིས་འབྱུང་བའི་རྣམ་ཤེས་གཅིག་ནས་ལྔའི་བར་ལྷན་ཅིག་གཅིག་ཅར་རམ་དེ་ལྟ་མིན་པར་རིམ་གྱིས་ཇི་ལྟར་རིགས་པར་འབྱུང་སྟེ། དཔེར་ན། ཆུ་ལས་རྐྱེན་མང་ཉུང་གི་དབང་གིས་རླབས་མང་ཉུང་རིམ་དང་གཅིག་ཅར་ཅི་རིགས་པར་འབྱུང་བ་ཇི་བཞིན་ནོ། །གཉིས་པ་དབྱེ་བ་ནི། ཀུན་གཞི་དེ་ལ་རྣམ་སྨིན་གྱི་ཀུན་གཞི་དང་། བག་ཆགས་ཀྱི་ཀུན་གཞི་གཉིས་སུ་གཞུང་ལས་གསུངས། དེ་གཉིས་ནི་མེ་ལོང་ལ་གཟུགས་བརྙན་གནས་པ་བཞིན་དུ། རྣམ་སྨིན་གྱི་ཀུན་གཞི་ལ་བག་ཆགས་ཀྱི་ཀུན་གཞི་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་དོ། །

དེ་ལ་རྣམ་སྨིན་གྱི་རང་བཞིན་གྱི་ཀུན་གཞི་ནི། ཤེས་རབ་ཀྱི་ངོ་བོ་ཡིན་པས་གོང་དུ་ཇི་སྐད་བཤད་པའི་དམིགས་རྣམ་དང་ལྡན་པ་ལུས་ལེན་པ་དང་། གནས་པའི་བྱ་བ་བྱེད་པ་ཀུན་ནས་ཉོན་མོངས་ཀྱི་ཆོས་ཐམས་ཅད་ཀྱི་བག་ཆགས་བསྒོ་བའི་གཞིར་གྱུར་པ་དང་། ད་ལྟར་གྱི་ཀུན་ནས་ཉོན་མོངས་ཀྱི་ཆོས་ཀུན་གྱི་བདག་པོའི་རྐྱེན་བྱེད་པ། རྐང་མཐིལ་ནས་སྤྱི་བོའི་བར་གྱི་ཁོག་པ་ཐམས་ཅད་ལ་ཁྱབ་པའོ། །བག་ཆགས་ཀྱི་རང་བཞིན་གྱི་ཀུན་གཞི་ནི་ཀུན་ནས་ཉོན་མོངས་ཀྱི་ཆོས་རྣམས་ཀྱི་བག་ཆགས་ཡིན་ལ། དེ་ཡང་ནུས་པ་ཙམ་གྱིས་ངོ་བོར་གནས་ཤིང་ཤེས་རིག་གི་རྫས་སུ་མ་གྲུབ་པས་དམིགས་པ་དང་རྣམ་པ་མེད་པ། རྣམ་སྨིན་ཆ་ལས་རྫས་དེ་ཉིད་དང་། གཞན་དུ་བརྗོད་པར་བྱ་བ་མ་ཡིན་པ། ཀུན་ནས་ཉོན་མོངས་ཀྱི་ཆོས་རྣམས་ཀྱི་རྒྱུ་རྐྱེན་བྱེད་པའོ། །དེ་བས་ན་འདི་གཉིས་རྫས་སོ་སོར་དམིགས་སུ་མེད་ཀྱང་མཚན་ཉིད་ཐ་དད་པ་ཁོ་ན་ཡིན་ནོ། །དེ་ལ་དང་པོ་ནི་བྱིས་པ་རྣམས་ཀྱིས་བདག་ཏུ་སྦྱོར་བའི་གཞི་ཡིན་པས་ཀུན་གཞི་ཡང་ཡིན། དམིགས་རྣམ་འཛིན་པས་རྣམ་པར་ཤེས་པ་ཡང་ཡིན་ལ། ལས་ཀྱི་བག་ཆགས་ཡོངས་སུ་སྨིན་པའི་ངོ་བོར་གྱུར་པའི་ཕྱིར་རྣམ་པར་སྨིན་པ་ཡང་ཡིན་ནོ། །དེའི་ཕྱིར་དེ་ལ་ནི་ཀུན་གཞི་ཞེས་ཀྱང་བྱ། ཀུན་གཞིའི་རྣམ་ཤེས་ཞེས་ཀྱང་བྱ། རྣམ་པར་སྨིན་པའི་རྣམ་ཤེས་ཞེས་ཀྱང་བྱའོ། །ཕྱི་མ་ནི། འདིར་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་འབྲས་བུའི་ངོ་བོའམ། འདི་ཡང་དེ་དག་ལ་རྒྱུའི་ངོ་བོར་སྦྱོར་བའི་ཕྱིར་ཀུན་གཞི་ཡིན་གྱི། ཤེས་རིག་མ་ཡིན་པས་ཀུན་གཞིའི་རྣམ་ཤེས་དང་རྣམ་པར་སྨིན་པའི་རྣམ་ཤེས་མ་ཡིན་ནོ། །ཀུན་གཞི་ལ་ཡོད་པའི་ལས་ཀྱི་བག་ཆགས་རབ་ཏུ་མང་པོ་ལས། འབྲས་བུ་རྣམ་པར་སྨིན་པ་ཇི་ལྟར་འབྱིན་པའི་ཚུལ་ནི། ལས་ཀྱི་བག་ཆགས་ཤིན་ཏུ་ལྕི་བ་དེའི་རྣམ་སྨིན་ཐོག་མར་འབྱིན་པར་འགྱུར་རོ། །ལྕི་ཡང་མཉམ་ན། འཆི་ཀར་གང་མངོན་དུ་གྱུར་པ་དེ་ཐོག་མར་སྨིན་ནོ། །འཆི་ཀར་གསལ་མི་གསལ་མཉམ་ན། གང་ཞིག་གོམས་པ་ཤས་ཆེ་བ་དེ་ཐོག་མར་སྨིན་ཏེ། དེ་མཉམ་ན་ལས་གང་ཐོག་མར་སྤྱད་པ་དེའི་འབྲས་བུ་ཐོག་མར་འབྱིན་པར་འགྱུར་རོ། །ཞེས་བཤད་དེ། ཇི་སྐད་དུ་སློབ་དཔོན་དབྱིག་གཉེན་གྱིས། ལས་ནི་འཁོར་བར་ལྕི་གང་དང་། །ཉེ་བ་གང་དང་གོམས་པ་གང་། །སྔོན་བྱས་གང་ཡིན་དེ་དག་ལས། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །ཞེས་བཤད་པ་ལྟར་རོ། །རྣམ་པར་སྨིན་པའི་རང་བཞིན་ཀུན་གཞི་ནི། མྱ་ངན་ལས་འདས་པའི་རྒྱུ་སྟེ། དེ་ཉིད་གནས་ཡོངས་སུ་གྱུར་པས་ཉན་རང་རྣམས་ཀྱིས་རྣམ་པར་གྲོལ་བའི་སྐུ་དང་། སངས་རྒྱས་ཀྱི་སྐུར་གྱུར་པའི་ཕྱིར་རོ། །འོན་ཀྱང་མྱང་འདས་ཀྱི་རྒྱུར་གསལ་པོར་བཤད་པ་ནི་མེད་དོ། །གང་ཡང་། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པར་འགྱུར། །ཞེས་བཤད་པ་ནི། ཀུན་གཞི་ཟག་མེད་ཀྱི་ས་བོན་གྱི་རྟེན་བྱེད་པ་ཙམ་ལ་དགོངས་སོ། །གསུམ་པ་ཤེས་བྱེད་ཀྱི་ལུང་ནི། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། ལེན་པའི་ཞེས་ཏེ། ལེན་པའི་རྣམ་པར་ཤེས་པ་ནི་གཉིས་ཏེ། རྣམ་སྨིན་གྱི་ཆ་དང་ས་བོན་གྱི་ཆའོ། །དང་པོ་ནི། ཟབ་པ་ཡིན་ཏེ། འཇིག་རྟེན་གྱི་མཁས་པ་རྣམས་ཀྱིས་ཀྱང་གཏིང་དཔག་པར་མི་ནུས་པའི་ཕྱིར་རོ། །གཉིས་པ་ནི་ཕྲ་བ་ཡིན་ཏེ། རྫས་སུ་མེད་པས་དེ་ཉིད་དང་གཞན་དུ་བརྗོད་དུ་མི་ནུས་པས་བརྟག་པར་དཀའ་བའི་ཕྱིར་རོ། །དེ་ཡང་དཔེར་ན། ཆུ་བོ་རྒྱུན་རང་གི་ངང་གིས་འབབ་པ་ན། རླུང་གི་རྐྱེན་ལས་བྱུང་བའི་རླབས་ཇི་རྙེད་པ་དེ་དག་དང་ལྷན་ཅིག་འགྲོག་པ་དེ་བཞིན་དུ། ཀུན་གཞིའི་རྣམ་པར་ཤེས་པ་ཆུ་བོའི་རྒྱུན་ལྟར་སྐད་ཅིག་ཀྱང་རྒྱུན་མི་ཆད་པར་འབྱུང་བ་དེ་ཉིད་ཆུ་རླབས་ལྟ་བུའི་འཇུག་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་འཇུག་པས། ཆུ་བོའི་རྒྱུན་བཞིན་འབབ་ཅེས་སྨོས་སོ། །ཀུན་གཞིའི་རྣམ་པར་ཤེས་པ་འདི་ནི་བྱིས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་རྣམས་ལ་རང་གི་མཚན་ཉིད་ཇི་ལྟ་བ་བཞིན་སྨོས་པའི་སྒོ་ནས། ངས་མ་བསྟན་ཏེ། དེ་དག་ལ་བསྟན་མི་དགོས་ཤིང་། བསྟན་ན་ཉེས་དམིགས་སུ་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་བསྟན་མི་དགོས་ཤེ་ན། འདི་ནི་ཤེས་བྱ་ཕྲ་མོས་བསྡུས་པའི་ཕྱིར་དང་། དེ་དག་ཀྱང་ཤེས་བྱ་རྒྱ་ཆེན་པོའི་ཤེས་པ་ལྷུར་མི་ལེན་པའི་ཕྱིར་རོ། །བསྟན་ན་ཉེས་དམིགས་སུ་ཡང་འགྱུར་ཏེ། དེ་ནི་ལུས་ལེན་པ་དང་། རྒྱུན་གྱིས་འཇུག་པ་ལ་སོགས་པ་ཉིད་ཀྱིས་བདག་དང་ཆོས་མཐུན་པའི་ཕྱིར་བདག་ཡོད་དོ་སྙམ་དུ་བསམས་ནས་རང་གི་མངོན་པར་འདོད་པའི་འབྲས་བུ་རྣམས་འཐོབ་པ་ལ་རིང་དུ་འགྱུར་བའི་ཕྱིར་རོ། །དེས་ན་བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །ཞེས་སོགས་སོ། །གཉིས་པ་ཉོན་ཡིད་ལ། མཚན་ཉིད་དང་། འཇུག་ལྡོག་གི་དུས་གཉིས་ཀྱི། དང་པོ་ནི། ཀུན་གཞི་དེ་ལ་དམིགས་ཤིང་འོག་ནས་འཆད་པར་འགྱུར་བའི་གནས་སྐབས་གསུམ་མ་གཏོགས་པ་དུས་རྟག་ཏུ་ངར་རློམས་སེམས་པའི་རྣམ་པར་འགྱུར་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཡིན་ནོ། །ཅིའི་ཕྱིར་ཀུན་གཞིའི་རྣམ་ཤེས་ལ་དམིགས་ཞེ་ན། རྣམ་སྨིན་རང་བཞིན་གྱི་ཀུན་གཞིའི་དབང་གིས་འདི་ཉིད་བདག་གི་རྣམ་པ་ཅན་དུ་སྐྱེ་བས་དེའི་ཕྱིར། དེ་ལ་དམིགས་ཞེས་བྱའི་ཀུན་གཞི་རང་གི་ངོ་བོ་ལ་དམིགས་པ་ནི་མ་ཡིན་ཏེ། ཀུན་གཞི་ནི་ས་མ་ཐོབ་པ་ལ་དེའི་རང་གི་ངོ་བོ་ཇི་ལྟ་བ་བཞིན་མི་རྟོགས་པའི་ཕྱིར་རོ། །འདིའི་གྲོགས་ནི་དགུ་སྟེ། ཀུན་འགྲོ་ལྔ་དང་བདག་ཏུ་ལྟ་བ་དང་། བདག་ལ་ཆགས་པ་དང་། བདག་ཏུ་ང་རྒྱལ་བ་དང་། བདག་ཏུ་རྨོངས་པ་རྣམས་སོ། །ཚོར་བ་བཏང་སྙོམས་ཅན་ཡིན་ལ། ངོ་བོ་བསྒྲིབས་ལ་ལུང་མ་བསྟན་ཡིན། གྲོགས་ཉོན་མོངས་པ་བཞིས་རྙོག་རྙོག་པོར་བྱས་པའི་ཕྱིར་དང་། དགེ་མི་དགེ་དག་དང་། ལྷན་ཅིག་འཇུག་པའི་ཕྱིར་རོ། །འདི་ནི་བདག་ཏུ་འཛིན་པའི་རྟེན་བྱེད་པས་འཁོར་བའི་རྩ་བ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་ཆོས་དང་གང་ཟག་གི་མཚན་མར་རྣམ་པར་འཛིན་པའི་ངོ་བོར་བསྐྱེད་པའི་རྒྱུ་ཡིན་ཏེ། ཡིད་ཤེས་ཀྱི་ལྷན་ཅིག་གནས་པའི་བདག་པོའི་རྐྱེན་ཡིན་པའི་ཕྱིར་རོ། །

གཉིས་པ་འཇུག་ལྡོག་གི་དུས་ནི། འདི་ནི་འགོག་པའི་སྙོམས་པར་འཇུག་པ་ལ་མེད་དེ། འགོག་པའི་སྙོམས་འཇུག་ནི་ཉོན་ཡིད་བཀག་པས། འདུ་ཤེས་མེད་པའི་སྙོམས་འཇུག་ལས་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་ལམ་ལ་མཉམ་པར་བཞག་པའི་དུས་ན་མེད་དེ། དེ་ནི་བདག་ཏུ་ལྟ་བའི་གཉེན་པོ་ཉིད་ཀྱིས། བདག་ལྟ་དང་ལྷན་ཅིག་འཇུག་པ་འགལ་བའི་ཕྱིར་རོ། །དེ་དག་ནི་གནས་སྐབས་ལྡོག་པའི་དུས་ཏེ། འཕགས་ལམ་དང་སྙོམས་འཇུག་ལས་ལངས་མ་ཐག་ཏུ་སླར་ཡང་ཀུན་གཞི་ལ་ཡོད་པའི་བདག་ཏུ་ལྟ་བའི་བག་ཆགས་ལས་འབྱུང་བའི་ཕྱིར་རོ། །ཉན་རང་དག་ལས་དགྲ་བཅོམ་ཐོབ་པ་དང་། ཐེག་ཆེན་པ་ལ་ས་བརྒྱད་པ་ཐོབ་ནས་མི་འབྱུང་སྟེ། གནས་སྐབས་དེ་དག་ཏུ་བདག་ཏུ་ལྟ་བ་སྤངས་པའི་ཕྱིར་རོ། །འདི་མཐར་ཐུག་ལྡོག་པའི་དུས་ཡིན་ནོ། །གནས་སྐབས་གསུམ་པོ་དེ་མ་གཏོགས་པ་དུས་ཐམས་ཅད་དུ་མ་ནོར་མྱུར་དུ་འབྱུང་ངོ་། །འཕགས་ལམ་ལ་མཉམ་པར་བཞག་པ་ན་ཡང་། མཚུངས་ལྡན་གྱི་ཉོན་མོངས་པ་བཞི་པོ་དེ་འགགས་པས། ཉོན་ཡིད་ལོག་ཅེས་བྱའི། ཡིད་ཀྱི་རྫས་ལོག་པ་ནི་མ་ཡིན་ཏེ། ཡིད་ཤེས་ཟག་མེད་ལ་ལྷན་ཅིག་འབྱུང་བའི་གནས་མེད་པར་ཐལ་བའི་ཕྱིར་རོ། །དེ་བས་ན་ཇི་སྲིད་ཉོན་མོངས་པ་བཞི་པོ་དེ་དག་དང་མཚུངས་པར་ལྡན་པ་དེ་སྲིད་དུ་ཡིད་ཀྱང་ཡིན་ལ་ཉོན་མོངས་ཅན་ཡང་ཡིན་ནོ། །གང་གི་ཚེ་མཚུངས་ལྡན་གྱི་ཉོན་མོངས་བཞི་པོ་དེ་དག་དང་མཚུངས་པར་མི་ལྡན་པ་དེའི་ཚེ་ཡིད་ཀྱི་རྣམ་ཤེས་ཟག་མེད་དག་གི་ལྷན་ཅིག་འབྱུང་བའི་གནས་བྱེད་པའི་ཕྱིར་ཡིད་ཡིན་གྱི་ཉོན་མོངས་པ་ཅན་མ་ཡིན་ནོ། །མཚུངས་ལྡན་གྱི་ཉོན་མོངས་པ་བཞི་པོ་ནམ་ལོག་པ་ན་ཉོན་ཡིད་ཀྱི་མཚན་ཉིད་མེད་པའི་ཕྱིར་ཉོན་ཡིད་ལོག་ཅེས་བྱའི་ཡིད་ཀྱི་རྫས་ལོག་པ་མ་ཡིན་ནོ། །ཡིད་དེ་ཉིད་ཉེས་པ་ཐམས་ཅད་དང་བྲལ་ནས་རང་གི་རང་བཞིན་གཉིས་མེད་ཀྱི་ངོ་བོ་ལ་གནས་པ་དེའི་ཚེ་ཡིད་གནས་གྱུར་པ་དང་། མཉམ་ཉིད་ཡེ་ཤེས་ཀྱི་ཐ་སྙད་ཐོབ་བོ། །དེ་ལ་བྱིས་པ་རྣམས་ནི་ཉོན་མོངས་ཅན་ཁོ་ན་ཡིན་ནོ། །ཉན་རང་སློབ་པ་དག་གི་ལམ་ལ་མཉམ་པར་མ་བཞག་པའི་ཚེ་ཉོན་མོངས་ཅན་ཁོ་ན་ཡིན་ནོ། །མཉམ་པར་བཞག་པའི་ཚེ་ན་མ་བསྒྲིབས་ལ་ལུང་མ་བསྟན་ཡིན་པའི་ཕྱིར། ཉོན་མོངས་ཅན་མ་ཡིན་གྱི་ཡིད་ཁོ་ན་ཡིན་ནོ། །མི་སློབ་པའི་གནས་སྐབས་ན་ཡང་དེ་དང་འདྲ་ལ། ཕུང་པོ་ལྷག་མེད་ཀྱི་མྱང་འདས་སུ་རྒྱུན་ཆད་དོ། །བྱམས་སེམས་འཕགས་པ་ལམ་ལ་མཉམ་པར་བཞག་པ་ན་གནས་གྱུར་པ་ཟག་པ་མེད་པའི་ཡིད་ཡིན་ནོ། །ལམ་ལས་ལངས་པ་ན་ས་བདུན་པ་མན་ཆད་དུ་ནི་ཉོན་མོངས་པ་བཞི་དང་མཚུངས་ལྡན་དུ་སྐྱེ་བས་ཉོན་མོངས་པ་ཅན་ཁོ་ན་ཡིན་ལ། ས་བརྒྱད་པ་ཡན་ཆད་དུ་ཉོན་མོངས་པ་བཞི་དང་། མཚུངས་ལྡན་དུ་མི་སྐྱེ་བས་ཉོན་མོངས་པ་ཅན་མ་ཡིན་མོད་འོན་ཀྱང་ཆོས་སུ་རྨོངས་ཤིང་སྒྲོ་འདོགས་པ་ཕྲ་མོ་དག་དང་ལྷན་ཅིག་དུ་འཇུག་པའི་ཕྱིར། གཅིག་ཏུ་དགེ་བའམ་ཟག་མེད་ཡང་མ་ཡིན་པས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཡིད་ཅེས་བྱའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཐོགས་སུ་ནི། གང་ཟག་དང་ཆོས་སུ་སྒྲོ་འདོགས་པའི་མཚན་མ་མཐའ་དག་དང་བྲལ་བས་ཉེས་པ་མེད་ཅིང་རང་གི་རང་བཞིན་རྣམ་པར་དག་ཅིང་འོད་གསལ་བ་ཞིག་ཏུ་མངོན་དུ་གྱུར་པས་ན། མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱ་ལ། དེ་ནི་འཁོར་བ་ཇི་སྲིད་དུ་རྒྱུན་རྗེས་སུ་འབྲེལ་བར་རང་གི་ངང་གིས་འཇུག་གོ །དེ་ལྟར་ཉན་ཐོས་དང་རང་སངས་རྒྱས་དང་ཕྱིར་མི་ལྡོག་པའི་ས་ལ་གནས་པ་རྣམས་ཀྱི་ཡིད་ནི་རྣམ་པར་ཤེས་པ་ཆོས་སུ་སྒྲོ་འདོགས་པའི་རྣམ་པར་སྐྱེ་བའི་སྐད་ཅིག་འབྱུང་བའི་གནས་བྱེད་པའི་ཕྱིར་གནས་གྱུར་པ་མ་ཡིན་ལ། དེའི་ཕྱིར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་མིང་མ་འཐོབ་བོ། །ཉོན་ཡིད་གཏན་ལ་དབབ་པ་མདོར་བསྡུས་པ་ནི། སུམ་ཅུ་པར། དེ་ལ་གནས་ཏེ་རབ་བྱུང་ཞིང་། །དེ་ལ་དམིགས་པ་ཡིད་ཅེས་བྱ། །རྣམ་ཤེས་རང་སེམས་བདག་ཉིད་ཅན། །བསྒྲིབས་ལ་ལུང་དུ་མ་བསྟན་པའི། །ཉོན་མོངས་པ་དང་རྟག་ཏུ་འགྲོགས། །བདག་ཏུ་ལྟ་དང་བདག་ཏུ་རྨོངས། །བདག་རྒྱལ་བདག་ཆགས་ཞེས་བྱ་བ། །གང་དུ་སྐྱེས་པ་དེའོ་གཞན། །རེག་སོགས་ཀྱང་དེ་དགྲ་བཅོམ་མེད། །འགོག་པའི་སྙོམས་པར་འཇུག་ན་མེད། །འཇིག་རྟེན་འདས་པའི་ལམ་ན་མེད། །ཅེས་བཤད་དོ། །གསུམ་པ་འཇུག་ཤེས་དྲུག་ནི། བདག་རྐྱེན་མིག་སོགས་དབང་པོ་དྲུག་ལ་བརྟེན་ནས་གཟུགས་སོགས་རང་གི་ཡུལ་རྣམས་སོ་སོར་རྣམ་པར་རིག་པ་ནི། རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། དེ་ལ་མིག་གི་རྣམ་པར་ཤེས་པ་ནི། མིག་ལ་བརྟེན་ནས་གཟུགས་ཀྱི་དོན་གྱི་ངོ་བོ་རིག་པ་ཞེས་པ་ནས་ཡིད་ཤེས་ནི་ཡིད་ལ་བརྟེན་ནས་ཆོས་ཀྱི་དོན་གྱི་ངོ་བོ་རྣམ་པར་རིག་པ་ཞེས་པའི་བར་དུ་སྦྱར་རོ། །ཇི་ལྟར་དབང་པོ་ལ་བརྟེན་ནས་རྣམ་ཤེས་སྐྱེ་བ་ལྟར། ཡུལ་ལ་བརྟེན་ནས་ཀྱང་སྐྱེ་བ་ཡིན་ན། མིག་ཤེས་ཞེས་སོགས་དབང་པོའི་སྒོ་ནས་ཐ་སྙད་བཏགས་ཀྱི་གཟུགས་ཞེས་སོགས་ཡུལ་གྱི་སྒོ་ནས་ཐ་སྙད་མ་བྱས་ཞེ་ན། དབང་པོ་རྣམས་ནི་ཤེས་པའི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་ཏེ། གང་ཟག་སོ་སོའི་དབང་པོས་རང་རང་གི་རྣམ་པར་ཤེས་པ་བསྐྱེད་པར་བྱེད་ཀྱི་གཞན་གྱི་མི་བསྐྱེད་པའི་ཕྱིར་རོ། །ཡུལ་ནི་དེ་ལྟར་ཤེས་པའི་ཐུན་མོང་མ་ཡིན་པའི་རྒྱུ་མ་ཡིན་ཏེ། ཡུལ་གཅིག་གིས་ཀྱང་སྐྱེས་བུ་དུ་མའི་རྣམ་ཤེས་ཐུན་མོང་དུ་བསྐྱེད་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་རྒྱུའི་སྒོ་ནས་ཐ་སྙད་བྱས་པ་ཡང་བདེ་བླག་ཏུ་རྟོགས་པར་བྱ་བའི་ཆེད་ཡིན་ཏེ། དཔེར་ན། ས་བོན་དང་ས་དང་ཆུ་ལ་སོགས་པ་ལ་བརྟེན་ནས་སྐྱེ་བའི་མྱུ་གུ་ལ་ནི། ནས་ཀྱི་མྱུ་གུ་ཞེས་ཐུན་མོང་མ་ཡིན་པའི་ས་བོན་གྱི་ཐ་སྙད་བྱས་པ་ན། མངོན་པར་འདོད་པ་བྱེ་བྲག་ཏུ་རྟོགས་ཀྱི། སའམ་ཆུའི་མྱུ་གུ་ཞེས་པ་མ་ཡིན་པ་བཞིན་ནོ། །དེའི་ཕྱིར་འཇུག་ཤེས་རྣམས་ནི་ཐུན་མོང་མ་ཡིན་པ་རྒྱུ་མིག་སོགས་དབང་པོ་རྣམས་ཀྱིས་བསྐྱེད་པའི་ཕྱིར། དབང་པོའི་ཤེས་པ་ཞེས་བཤད་ཀྱི་ཡུལ་གྱི་ཤེས་པ་ཞེས་མ་ཡིན་ཏེ། མངོན་པར་འདོད་པའི་དོན་བྱེ་བྲག་ཏུ་མི་རྟོགས་པའི་ཕྱིར་རོ། །

གཉིས་པ་ཁམས་བཤད་པ་ལ་གཉིས་ཀྱི། དང་པོ་མདོར་བསྟན་པ་ནི། ཉེར་སྤྱོད་འཛིན་པས་ཁམས་སུ་བཞག་ལ། ཉེར་སྤྱོད་རྣམ་པར་ཤེས་པ་དྲུག་གནས་ཀྱི་སྒོ་ནས་འཛིན་པ་ལ་མིག་སོགས་དབང་པོའི་ཁམས་དྲུག་དང་། དམིགས་པའི་སྒོ་ནས་འཛིན་པ་ལ་གཟུགས་སོགས་ཡུལ་གྱི་ཁམས་དྲུག་དང་། རང་གི་མཚན་ཉིད་ཀྱིས་འཛིན་པ་ལ་རྣམ་པར་ཤེས་པའི་ཚོགས་དྲུག་ཏུ་ངེས་པས་དེའི་ཕྱིར་ཁམས་ནི་བཅོ་བརྒྱད་དག་ཏུ་འདོད་དོ། །དེ་ལ་མིག་གི་ཁམས་ནི་གཉིས་ཏེ། མངོན་འགྱུར་དང་ས་བོན་ནོ། །དང་པོ་ནི། འདས་དང་ད་ལྟར་གྱི་མིག་གི་དབང་པོ་རྣམས་ཏེ་མིག་གི་རྣམ་པར་ཤེས་པའི་ཉེར་སྤྱོད་བཟུང་ཟིན་པ་དང་། འཛིན་བཞིན་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཀུན་གཞི་ལ་ཡོད་པའི་མིག་གི་ས་བོན་དང་ད་ལྟར་མིག་དབང་གི་རྣམ་པར་སྣང་བའི་ཀུན་གཞི་རྣམ་སྨིན་གྱི་ཆ་སྟེ། དེ་དག་ནི་མིག་གི་རྒྱུ་ཡིན་པས་མིག་གི་ཁམས་ཞེས་བྱའོ། །དེ་བཞིན་དུ་དབང་པོ་ལྷག་མ་བཞི་དང་རྣམ་ཤེས་ཁམས་དྲུག་དང་གཟུགས་སོགས་ཡུལ་ལྔ་པོ་ལའང་མངོན་འགྱུར་དང་ས་བོན་གཉིས་གཉིས་ཀྱི་སྒོ་ནས་དེ་དང་དེའི་ཁམས་ཞེས་ཤེས་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཀྱི། དང་པོ་ཡིད་ཀྱི་ཁམས་བཤད་པ་ནི། རྣམ་པར་ཤེས་པའི་ཚོགས་དྲུག་ནི། རྣམ་པར་ཤེས་པའི་ཁམས་སུ་བཤད་པ་མ་ཡིན་ནམ། དེ་དག་ལས་གཞན་པའི་ཡིད་ཀྱི་ཁམས་དེ་གང་ཞེ་ན། དེ་ལས་གཞན་པའི་ཡིད་ཀྱི་ཁམས་མེད་ཀྱི། འོན་ཀྱང་འཇུག་ཤེས་དྲུག་པོ་དེ་ཉིད་འགགས་མ་ཐག་པའི་གནས་སྐབས་ཀྱི་རྣམ་ཤེས་གང་ཡིན་པ་དེ་ཉིད་ཡིད་ཤེས་ཕྱི་མའི་རྟེན་བྱེད་པའི་ཕྱིར་ཡིད་ཀྱི་ཁམས་ཡིན་ནོ། །དེ་ལྟར་ན་རྣམ་པར་ཤེས་པའི་ཁམས་དྲུག །ཡིད་ཀྱི་ཁམས་སུ་འདུས་པའི་ཕྱིར། ཁམས་བཅོ་བརྒྱད་དུ་མི་འགྱུར་རོ་ཞེ་ན། རྣམ་ཤེས་ལྔ་ལ་ནི། མིག་ལ་སོགས་པའི་དབང་པོ་རྣམས་རྟེན་ཡིན། ཡིད་ཤེས་ལ་རྟེན་གཞན་མེད་པས་དེའི་ཕྱིར། དྲུག་པ་ཡིད་ཀྱི་རྣམ་ཤེས་ཀྱི་རྟེན་རབ་ཏུ་སྒྲུབ་པའི་ཕྱིར། རྣམ་ཤེས་ཁམས་དྲུག་ལས་ལོགས་སུ་ཡིད་ཀྱི་ཁམས་རྣམ་པར་བཞག་ནས། ཁམས་ནི་བཅོ་བརྒྱད་དག་ཏུ་འདོད་དོ། །གཉིས་པ་ཆོས་ཀྱི་ཁམས་ལ། སྤྱིར་བཤད་པ། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་གཉིས་ཀྱི། དང་པོ་ནི། གོང་དུ་བཤད་པའི་ཚོར་བ་ལ་སོགས་པའི་ཕུང་པོ་གསུམ་དང་རྣམ་པར་རིག་བྱེད་མ་ཡིན་པ་དང་འདུས་མ་བྱས་ནི། ཡིད་ཤེས་ཀྱི་དམིགས་པའི་སྒོ་ནས་སྐྱེ་བའི་སྒོ་བྱེད་པའི་ཕྱིར། ཆོས་ཀྱི་སྐྱེ་མཆེད་དང་དམིགས་པའི་སྒོ་ནས་ཡིད་ཀྱི་ཉེར་སྤྱོད་འཛིན་པར་བྱེད་པའི་ཕྱིར། ཆོས་ཀྱི་ཁམས་ཞེས་བྱའོ། །དེ་སྐད་དུ་ཡང་། མཛོད་དུ། དེ་གསུམ་རྣམ་རིག་བྱེད་མིན་དང་། །འདུས་མ་བྱས་དང་བཅས་པ་ནི། །ཆོས་ཀྱི་སྐྱེ་མཆེད་ཁམས་ཞེས་བྱ། །ཞེས་བཤད་དོ། །གཉིས་པ་ལ། རྣམ་རིག་མིན་པ། འདུས་མ་བྱས་བཤད་པ་གཉིས་ཀྱི་དང་པོ་ལ། མཚན་ཉིད་ནི། མཛོད་དུ། གཡེངས་དང་ཞེས་གསུངས་ཏེ། དེ་ལ་རང་ཀུན་སློང་གིས་སེམས་གཡེངས་པ་དང་། མ་གཡེངས་པ་དང་། སེམས་མེད་པ་དང་། ཡོད་པའི་གནས་སྐབས་ཐམས་ཅད་དུ་འབྱུང་ཞིང་། ངོ་བོ་དགེ་མི་དགེ་གང་རུང་ཡིན་པ་རྒྱུན་རྗེས་སུ་འབྲེལ་བར་འཇུག་པ་རྒྱུ་འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པ་ལས་བྱུང་བ་བསྟན་དུ་མེད་ཅིང་ཐོགས་པ་མེད་པ། དེ་ནི་ལས་དང་བྱ་བའི་ངོ་བོ་ཡིན་ཡང་། རང་ཀུན་སློང་གི་སེམས་རྣམ་པར་རིག་པར་མི་བྱེད་པས་དེའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱའོ། །གཉིས་པ་དབྱེ་བ་རྣམ་རིག་མིན། །རྣམས་གསུམ་ཞེས་བྱ། ཞེས་མཛོད་ལས་གསུངས་ཏེ། དོན་སྔར་བཤད་ཟིན་ཏོ། །སྡོམ་མིན་དང་ལྡན་པའི་གང་ཟག་ནི། རྒྱལ་པོ་དང་། བློན་པོ་དང་། ཤན་པ་དང་། བྱ་པ་དང་། ཉ་པ་ལ་སོགས་པ་རྣམས་ཏེ། རྟག་ཏུ་གཞན་ལ་གནོད་པ་བྱེད་པའི་བསམ་པ་དང་མ་བྲལ་བའི་ཕྱིར་རོ། །སྡོམ་མིན་ཐོབ་ཚུལ་ནི། སྡོམ་པ་མིན་པ་བྱ་བ་དང་། ཁས་ལེན་པ་ལ་ཐོབ་པར་འགྱུར། །ཞེས་བཤད་པ་ལ་སོགས་ཀྱི་སྐྱེས་པ་རྣམས་རང་གི་ལས་བྱེད་པ་ཙམ་གྱིས་འཐོབ་བོ། །ཞུགས་ཕྱིན་ཆད་ཐོབ་ལ། དེའི་རིགས་མ་ཡིན་པ་རྣམས། གང་ཟག་ཀྱང་ལས་འདིས་འཚོ་བར་བྱའོ། །ཞེས་ཁས་བླངས་བ་ཙམ་གྱིས་འཐོབ་པར་བཤད་དོ། །གཏོང་ཚུལ་ནི། སྡོམ་མིན་སྡོམ་པ་ཐོབ་པ་དང་། །ཤི་དང་མཚན་གཉིས་བྱུང་བ་ལས། །ཞེས་བཤད་དོ། །མཚན་གཉིས་པ་ནི། ཞིང་ཚ་སྒོ་ཅན་ལ་འབྲུ་དང་སྔོ་གང་ཡང་མི་སྐྱེ་བ་ལྟར། སྡོམ་པ་དང་། སྡོམ་མིན་གཉིས་ཀའི་ཞིང་མ་ཡིན་ནོ། །སྡོམ་པ་དང་སྡོམ་མིན་ལས་གཞན་པ་སྡོམ་ལྡན་མིན་ཅན་གཉིས་ཀའི་རྒྱུད་ལ་སྐྱེ་བའི་དགེ་བའམ་མི་དགེ་བ་ནི་བར་མ་དགེ་བ་དང་། མི་དགེ་བ་ཞེས་བྱ་སྟེ། དེ་ཡང་ཐོབ་ཚུལ་ནི། ལྷག་མའི་རྣམ་རིག་མིན་ཞིང་དང་། །ལེན་དང་གུས་པར་བྱེད་ལས་ཐོབ། །ཅེས་དགེ་འདུན་ལ་གཙུག་ལག་ཁང་འབུལ་བ་ལྟ་བུ་ཞིང་དེ་གྲུབ་པ་ཙམ་དང་། སངས་རྒྱས་ལ་ཕྱག་མ་བྱས་པར་ཟས་མི་ཟ་ཞེས་པ་ལྟ་བུ་ཁས་བླངས་པ་ཙམ་དང་། མཆོད་རྟེན་ལ་ཕྱག་འཚལ་བ་ལྟ་བུ་ལས་དེ་བྱས་པ་ཙམ་གྱིས་ཐོབ་བོ། །གཏོང་ཚུལ་ནི་བར་མ་ཤུགས་བླངས་བྱ་བ་དང་། །དོན་ཚེ་རྩ་བ་ཆད་པ་ལས། །ཞེས་དད་པའམ། ཉོན་མོངས་པ་དྲག་པོས་ཀུན་ནས་བསླངས་པ་དག་ནི། ཀུན་སློང་གི་ཤུགས་དེ་ཟད་པ་ཙམ་དང་། ཡང་དག་པར་བླངས་པ་དག་ནི་ཁས་བླངས་བཏང་བ་དང་། ཇི་ལྟར་དམ་བཅས་པའི་བྱ་བ་དེ་མ་གྲུབ་པ་དང་། རྟག་ཏུ་མཆོད་རྟེན་ལ་བསྐོར་བ་བྱེད་པ་ལྟ་བུ་ནི་མཆོད་རྟེན་ཞིག་པ་ལྟ་བུ་དོན་ཆད་པ་དང་ཚེ་འཕོས་པ་དང་། དགེ་བའི་རྩ་བ་ཆད་པ་ལས་གཏོང་ངོ་། །གཉིས་པ་འདུས་མ་བྱས་ནི། རྒྱུ་དང་རྐྱེན་གྱིས་འདུས་མ་བྱས་པས་ན་འདུས་མ་བྱས་ཏེ། དེ་ཡང་རྣམ་པ་གསུམ་སྟེ། ནམ་མཁའ་དང་ནི་འགོག་པ་གཉིས། །སོ་སོར་བརྟགས་པའི་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའོ། །དེ་ལ་ནམ་མཁའི་མཚན་ཉིད་ནི། གཟུགས་ཅན་གཞན་མི་སྒྲིབ་ཅིང་བྱེད་པ་ཐམས་ཅད་ཀྱི་གོ་འབྱེད་པའོ། །བདེན་པའི་རྣམ་པ་ལ་ཤེས་རབ་ཀྱིས་སོ་སོར་བརྟགས་པས་ཐོབ་པའི་འགོག་པ་ནི། སོ་སོར་བརྟགས་པའི་འགོག་པ་སྟེ། དེ་ཡང་འགོག་པ་གང་། ཤེས་རབ་ཀྱིས་ཉོན་མོངས་སྤངས་པས་ཐོབ་པའི་བྲལ་བའོ། །དེ་ནི་བྱེ་བྲག་སྨྲ་བ་ལྟར་ལྡན་པའི་རྫས་ཇི་སྙེད་པ་བྲལ་བའི་རྫས་ཀྱང་དེ་སྙེད་ཡོད་པ་ལས་རྫས་སོ་སོ་ཡིན་གྱི་གཅིག་མ་ཡིན་ཏེ། གཞན་དུ་སྡུག་བསྔལ་མཐོང་སྤང་སྤངས་པའི་བྲལ་བ་མངོན་དུ་བྱས་པ་ན། མཐོང་སྤང་ལྷག་མ་རྣམས་སྤངས་པའི་བྲལ་བ་ཡང་མངོན་དུ་བྱས་པས་མཐོང་ལམ་སྐད་ཅིག་མ་ཕྱི་མ་རྣམས་དོན་མེད་པར་འགྱུར་རོ་ཞེས་སོ། །འདུས་བྱས་མ་འོངས་པ་སྐྱེ་བ་ལ་གཏན་དུ་གེགས་བྱེད་པའི་འགོག་པ་གང་སོ་སོར་བརྟགས་འགོག་ལས་གཞན་དུ་གྱུར་པ་དེ་ནི་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཞེས་བྱ་སྟེ། ཤེས་རབ་ཀྱིས་སོ་སོར་བརྟགས་པས་ཐོབ་པ་མ་ཡིན་པ་རྒྱུ་མ་ཚང་བ་ཙམ་གྱིས་ཐོབ་པའི་འགོག་པ་ཡིན་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བས་གསུམ་པོ་འདི་དག་རྟག་པའི་རྫས་སུ་འདོད་ལ། མདོ་སྡེ་པ་ཡན་ཆད་མེད་དགག་ཅང་མེད་པར་འདོད་དོ། །

གསུམ་པ་སྐྱེ་མཆེད་བཤད་པ་ནི། རྣམ་ཤེས་དྲུག་གི་ཉེར་སྤྱོད་སྐྱེ་བའི་སྒོ་བྱེད་པའི་ཆ་ནས་སྐྱེ་མཆེད་དུ་བཞག་ལ། དེའི་ཕྱིར། མིག་སོགས་དབང་པོ་དྲུག་ནི་རྣམ་ཤེས་དྲུག་གི་ཉེར་སྤྱོད་གནས་ཀྱི་སྒོ་ནས་སྐྱེ་བའི་སྒོ་འབྱེད་པའི་ཕྱིར་ནང་གི་སྐྱེ་མཆེད་དྲུག་ཏུ་བཞག་ལ། གཟུགས་སོགས་ཡུལ་དྲུག་ནི་དམིགས་པའི་སྒོ་ནས་ཉེར་སྤྱོད་དེ་དག་སྐྱེ་བའི་སྒོ་འབྱེད་པའི་ཕྱིར་ཕྱིའི་སྐྱེ་མཆེད་དྲུག་ཏུ་བཞག་སྟེ། དེ་དག་ནི་སྐྱེ་མཆེད་བཅུ་གཉིས་ཡིན་ནོ། །གཉིས་པ་ཐུན་མོང་དུ་གཏན་ལ་དབབ་པ་ལ། བསྡུ་ཚུལ། སྒྲ་དོན། ཁྱད་པར་དཔྱད་པ། ཆོས་གསུམ་བསྟན་པའི་དགོས་པའོ། །དང་པོ་ནི། སྔར་བཤད་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་དེ་དག་ཐམས་ཅད་ནི་མདོར་བསྡུ་ན། གཟུགས་ཀྱི་ཕུང་པོ་དང་། ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་ཁམས་གསུམ་གྱིས་ཐམས་ཅད་བསྡུས་ཏེ། འདི་ལྟར་གཟུགས་ཀྱི་ཕུང་པོས་ནི། གཟུགས་ཅན་གྱི་ཁམས་བཅུ་དང་། སྐྱེ་མཆེད་བཅུ་བསྡུས་ལ། ཡིད་ཀྱི་སྐྱེ་མཆེད་ཀྱིས་རྣམ་ཤེས་ཀྱི་ཕུང་པོ་དང་། རྣམ་ཤེས་ཀྱི་ཁམས་བདུན་བསྡུས་ཤིང་ཆོས་ཁམས་ཀྱི་ཚོར་བ་ལ་སོགས་པའི་ཕུང་པོ་གསུམ། ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་རྣམ་པར་རིག་བྱེད་མ་ཡིན་པ་དང་འདུས་མ་བྱས་རྣམས་བསྡུས་པའི་ཕྱིར་རོ། །གཉིས་པ་ནི་རིགས་མཐུན་དུ་མ་བློས་ཕྱོགས་གཅིག་ཏུ་སྤུངས་པ་དང་། སེམས་སེམས་བྱུང་སྐྱེ་བའི་སྒོ་དང་། རིགས་སམ་འབྱུང་ཁུངས་ཀྱི་དོན་རྣམས་ནི་གོ་རིམ་བཞིན་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་རྣམས་ཀྱི་སྒྲའི་དོན་ཏོ། །གསུམ་པ་ལ། ཆོས་གསུམ་སྤྱི་ལ་དཔྱད་པ་དང་། སེམས་སེམས་བྱུང་ལ་ཁྱད་པར་དུ་དཔྱད་པ་གཉིས་ཀྱི། དང་པོ་ལ་དྲུག་གི དང་པོ་ཁམས་གང་དུ་གཏོགས་དཔྱད་པ་ནི། ཁམས་བཅོ་བརྒྱད་པོ་འདི་དག་གང་ན་དུ་ཞིག་ཡོད་ཅེ་ན། འདོད་པའི་ཁམས་ན་ཁམས་བཅོ་བརྒྱད་པོ་ཐམས་ཅད་ཡོད་དོ། །གཟུགས་ཀྱི་ཁམས་ན་བཅུ་བཞི་ཡོད་དེ། དྲི་རོ་དང་སྣ་ལྕེའི་རྣམ་པར་ཤེས་པའི་ཁམས་མ་གཏོགས་པ་རྣམས་སོ། །དྲི་རོ་ནི་ཁམ་ཟས་ཀྱིས་བསྡུས་པའི་ཕྱིར་དང་། ཁམ་ཟས་ལ་འདོད་ཆགས་དང་བྲལ་བ་རྣམས་དེར་སྐྱེ་བའི་ཕྱིར་དེ་གཉིས་མེད་དོ། །ཡུལ་མེད་པ་ན་དེ་ལ་ལོངས་སྤྱོད་བྱེད་པར་དགོས་པ་མེད་པའི་ཕྱིར། སྣ་ལྕེའི་རྣམ་ཤེས་དག་ཀྱང་མེད་དོ། །རྟེན་མཛེས་པར་བྱེད་པ་དང་། ངག་སྨྲ་བརྗོད་དག་ལ་ཉེ་བར་མཁོ་བའི་ཕྱིར་སྣ་ལྕེའི་དབང་པོ་དག་ནི་ཡོད་དོ། །གཟུགས་མེད་ན་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རྣམས་ཡོད་ཀྱི་གཞན་རྣམས་མེད་དེ། གཟུགས་ལ་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །གཉིས་པ་ཟག་བཅས་ཟག་མེད་དཔྱད་པ་ནི། ཁམས་བཅོ་བརྒྱད་པོ་དེ་དག་ལས་ཟག་བཅས་དུ་ཟག་མེད་དུ་ཅེ་ན། ཁམས་ཐ་མ་དེ་གསུམ་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་གཉིས་ཀ་ཡིན་ཏེ། འདི་ལྟར་འདུས་་མ་བྱས་དང་ལམ་བདེན་གྱིས་བསྡུས་པ་རྣམས་ནི་ཟག་པའི་སྒོ་དྲུག་གང་དང་ཡང་མ་འབྲེལ་བ་དང་། ཟག་པ་དམིགས་པ་དང་མཚུངས་ལྡན་གང་གིས་ཀྱང་རྒྱས་པར་མི་འགྱུར་བའི་ཕྱིར། ཟག་མེད་ཡིན་ལ་ལྷག་མ་རྣམས་ནི་ཟག་བཅས་ཡིན་ནོ། ཁམས་གསུམ་པོ་དེ་ལས་ལྷག་མ་ཁམས་དང་པོ་བཅོ་ལྔ་རྣམས་ནི་ཟག་པ་དང་བཅས་པ་སྟེ། ཟག་པའི་སྒོ་དྲུག་གང་རུང་དང་འབྲེལ་བའི་ཕྱིར་དང་། དམིགས་པ་དང་མཚུངས་ལྡན་གྱི་སྒོ་ནས་ཟག་པ་རྒྱས་པར་འགྱུར་བའི་ཕྱིར་རོ། །ཟག་པའི་སྒོ་དྲུག་ནི། ཟག་པ་དེའི་བདག་ཉིད་དང་། ཟག་པ་དེ་དང་འབྲེལ་བ་དང་། ཟག་པས་བཅིངས་པ་དང་། ཟག་པ་དང་རྗེས་སུ་འབྲེལ་བ་དང་། ཟག་པའི་རྗེས་སུ་མཐུན་པ་དང་། ཟག་པའི་རྒྱུ་ལས་བྱུང་བའོ། །དང་པོ་ནི། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་སོ། །གཉིས་པ་ནི་དེ་དག་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་རྣམས་སོ། །གསུམ་པ་ནི། བྱིས་པ་རྣམས་ཀྱི་སྒོ་གསུམ་གྱི་ལས་དགེ་བའོ། །བཞི་པ་ནི། ཉོན་མོངས་པ་རྣམས་ཀྱི་ས་བོན་ནོ། །ལྔ་པ་ནི་གང་ལ་ཉོན་མོངས་སྐྱེ་བ་དང་རྗེས་སུ་མཐུན་པའོ། །དྲུག་པ་ནི། དགྲ་བཅོམ་པའི་ཟག་བཅས་ཀྱི་ཕུང་པོ་རྣམས་སོ། །གསུམ་པ་གཟུགས་ཅན་ལ་དཔྱད་པ་ནི། ས་ལ་སོགས་པ་འབྱུང་བ་བཞིའི་ཁམས་ཀྱི་མཚན་ཉིད་གང་ཞེ་ན། ལུས་ཀྱི་རྣམ་པར་ཤེས་པ་ལ་སྲ་བ་དང་། གཤེར་བ་དང་། དྲོ་བ་དང་། ཡང་ཞིང་གཡོ་བར་སྣང་བ་རྣམས་ནི་གོ་རིམ་བཞིན་དུ་རྒྱུའི་གཟུགས་འབྱུང་བ་ཆེན་པོ་བཞི་པོ། ས་དང་། ཆུ་དང་། མེ་དང་། རླུང་གི་ཁམས་རྣམས་ཀྱི་མཚན་ཉིད་ཡིན་ནོ། །དེ་ལ་འབྲས་བུའི་གཟུགས་ཀུན་གྱི་འབྱུང་ཁུངས་སུ་གྱུར་པའམ། ཐོག་མ་མེད་པའི་འཁོར་བ་ནས། ནམ་ཡང་མ་བྱུང་མ་མྱོང་བས་ན་འབྱུང་བ་འབྲས་བུའི་གཟུགས་ཀུན་ལ་ཁྱབ་པར་གནས་པ་ཐ་གྲུ་ཆེ་བའི་ཕྱིར་ན་ཆེན་པོ། འབྲས་བུའི་གཟུགས་རྣམས་བརྟེན་པ་དང་། སྡུད་པ་དང་། སྨིན་པ་དང་། བསྐྱོད་པའི་བྱ་བ་བྱེད་པ་ལ་བཞི་ལས་མང་མི་དགོས་ཤིང་། ཉུང་ན་མི་ནུས་པས་བཞི་ཉིད་དོ། །རེག་བྱའི་ཁམས་ནི་འབྱུང་བ་དང་འབྱུང་འགྱུར་རྣམ་པ་གཉིས་ཡིན་ཏེ། སྔར་བཤད་ཟིན་ཏོ། །ལྷག་མ་གཟུགས་ཀྱི་ཁམས་དགུ་པོ་ནི་འབྱུང་བ་ལས་གྱུར་པ་ཁོ་ན་ཡིན་ཏེ། སྐྱེ་བ་དང་། གནས་པ་དང་། འཕེལ་བ་བྱུང་བ་ལ་རག་ལས་པའི་ཕྱིར་རོ། །དེའི་ཕྱིར་འབྲས་བུའི་གཟུགས་ཞེས་ཀྱང་བྱའོ། །རྣམ་རིག་མིན་པའང་བྱེ་བྲག་སྨྲ་བ་དག་འབྱུང་འགྱུར་མཚན་ཉིད་པ་ཡིན་ཞེས་ཟེར་ཏེ། འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །ཞེས་བཤད་དོ། །མདོ་སྡེ་པ་དང་ཐེག་ཆེན་པ་རྣམས་ལུས་ངག་གི་རྣམ་པར་རིག་བྱེད་དང་། ལྷན་ཅིག་ཏུ་འཇུག་པའི་སེམས་བྱུང་སེམས་པ་ལ་འདོད། དེ་ཡང་འབྱུང་བ་ལ་བརྟེན་ནས་ཉེ་བར་འདོགས་པས་འབྱུང་འགྱུར་ཞེས་བྱའོ། །སེམས་སུ་འདོད་ཅེས་པ་སེམས་སེམས་བྱུང་རྫས་གཅིག་ཏུ་འདོད་པའི་ལུགས་ལ་རུང་ཞིང་། ཐ་དད་དུ་འདོད་པའི་ལུགས་ལ་མི་རུང་ངོ་། །བཞི་པ་སེམས་དང་སེམས་བྱུང་ལ་དཔྱད་པ་ནི། གཟུགས་སོགས་དོན་གྱི་ངོ་བོ་ཙམ་རིག་ཅིང་ཡོངས་སུ་གཅོད་པ་ནི་སེམས་ཡིན་ལ། བདེ་སོགས་ཀྱི་གནས་ཡིད་དུ་འོང་མི་འོང་སོགས་དོན་གྱི་ཁྱད་པར་རྟོགས་པ་ནི་སེམས་བྱུང་སྟེ། དབུས་མཐར། དེ་ལ་དོན་མཐོང་རྣམ་པར་ཤེས། །དེའི་ཁྱད་པར་སེམས་ལས་བྱུང་། །ཞེས་བཤད་དོ། །སེམས་དང་སེམས་བྱུང་རྫས་གཅིག་སྟེ། བློ་གཅིག་ཉིད་དོན་གྱི་ངོ་བོ་རིག་པའི་ཆ་ནས་སེམས་དང་། ཁྱད་པར་རིག་པའི་ཆ་ནས་སེམས་བྱུང་དུ་བཞག་གོ །ལུང་ཡང་མདོ་སྡེ་རྒྱན་དུ། སེམས་ཉིད་གཉིས་སུ་སྣང་བ་སྟེ། །དེ་བཞིན་ཆགས་སོགས་སྣང་བའམ། །དད་ལ་སོགས་པ་སྣང་བར་འདོད། །ཉོན་མོངས་དགེ་ཆོས་ཡོད་མ་ཡིན། །ཞེས་པ་འདྲེན་པར་བྱེད་དོ། །འཕགས་པ་ཐོགས་མེད་ནི། སེམས་སེམས་བྱུང་རྫས་ཐ་དད་པ་བཞེད་དེ། བསྡུ་བར་དགེ་སྦྱོང་དང་བྲམ་ཟེ་གང་ལ་ལ་མིང་ལས་སེམས་ཙམ་ཞིག་རྫས་སུ་ཡོད་ཀྱི་སེམས་ལས་བྱུང་བའི་ཆོས་རྣམས་ནི་མ་ཡིན་ཏེ། ཞེས་འདོད་པ་དེ་ནི་མ་ཡིན་ཏེ། ཞེས་སོགས་རྒྱས་པར་བཀག་ནས་མཐར་མཇུག་བསྡུ་བར། ལྔ་ཉིད་འཐད་པ་མེད་ཕྱིར་དང་། །དེའི་གནས་སྐབས་སྐྱོན་ཕྱིར་དང་། །བྱེད་རྒྱུ་བྱེ་བྲག་མེད་ཕྱིར་དང་། །ལུང་དང་འགལ་བར་འགྱུར་ཕྱིར་རོ། །ཞེས་གསུངས་སོ། །དོན་ནི་འདི་ཡིན་ཏེ་སེམས་སེམས་བྱུང་རྫས་གཅིག་ན། ཚོར་བ་ལ་སོགས་པ་སེམས་བྱུང་གི་ཕུང་པོ་གསུམ་ནི་རྣམ་ཤེས་ཕུང་པོར་འདུས་པས། ཕུང་པོ་ལྔ་མི་འཐད་པར་འགྱུར་རོ། །

གལ་ཏེ་སེམས་དེ་ཉིད་ཀྱི་གནས་སྐབས་ཀྱི་བྱེ་བྲག་ལས་ཚོར་བ་ལ་སོགས་པར་འཇོག་གོ་ཞེ་ན། གནས་སྐབས་དེ་སེམས་ལས་ཐ་དད་ན་སེམས་སེམས་བྱུང་རྫས་གཅིག་ཏུ་འགལ་ཞིང་། ཐ་མི་དད་ན་སྐྱོན་སྔ་མ་ལས་མི་འདའོ། །ཡང་སྐད་ཅིག་མ་གཅིག་ལས་གནས་སྐབས་སྣ་ཚོགས་སུ་འགྱུར་བའི་བྱེད་རྒྱུའི་ཁྱད་པར་མེད་པའི་ཕྱིར་ཡང་སེམས་ཀྱི་གནས་སྐབས་ལ་ཚོར་བ་ལ་སོགས་པ་སེམས་བྱུང་སྣ་ཚོགས་སུ་འདོད་པ་མི་རིགས་སོ། །གཞན་ཡང་སེམས་འདི་ནི་ཡུན་རིང་པོ་ནས་འདོད་ཆགས་ཀྱི་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པ་ཞེས་སོགས་ཀྱི་ལུང་དང་ཡང་འགལ་ཏེ། འདོད་ཆགས་ལ་སོགས་པ་སེམས་བྱུང་རྣམས་སེམས་ལས་ཐ་དད་པ་ཡིན་ན། དེས་སེམས་ཀུན་ནས་ཉོན་མོངས་པར་བྱས་པ་རིགས་ཏེ། དཔེར་ན། གསེར་དང་རང་བཞིན་ནི་ཐ་མི་དད་ན་གང་ཞིག་གང་གིས་འཆིང་སྟེ། རང་ཉིད་ལ་རང་ཉིད་བྱེད་པ་འགལ་བའི་ཕྱིར་རོ། །ལྔ་པ་དབང་པོས་ཡུལ་འཛིན་ཚུལ་དཔྱད་པ་ནི། མིག་དང་ཡིད་དང་རྣ་བ་གསུམ་གྱིས་ཡུལ་དང་མ་ཕྲད་པར་ཡུལ་འཛིན་ཏེ། ཡིད་ནི་གཟུགས་ཅན་མ་ཡིན་པའི་ཕྱིར་ཕྲད་པ་མེད་ལ། མིག་དང་རྣ་བས་རྒྱང་རིང་པོའི་ཆུ་རླུང་གི་ཁ་དོག་མཐོང་བ་དང་། སྒྲ་ཐོས་པའི་ཕྱིར་རོ། །དེ་ལས་གཞན་སྣ་ལྕེ་ལུས་གསུམ་གྱི་ཡུལ་དང་ཕྲད་ནས་འཛིན་ཏེ། ལྕེ་ལ་མ་རེག་པར་ཁམ་ཟས་ཀྱི་རོ་མི་མྱོང་ཞིང་། ལུས་ལ་མ་རེག་པར་རེག་བྱ་མི་ཚོར་ལ། དབུགས་མ་བརྔུབས་པར་སྣས་དྲི་མི་འཛིན་པའི་ཕྱིར་རོ། །ཡང་ཅི་མིག་ལ་སོགས་པའི་དབང་པོ་འདི་དག་གིས་རང་གི་ཚད་དང་མཉམ་པའི་དོན་འཛིན་ནམ། འོན་ཏེ་མི་མཉམ་པའི་དོན་འཛིན་ཞེ་ན། སྣ་ལྕེ་ལུས་གསུམ་གྱིས་ནི་དབང་པོའི་རྡུལ་ཕྲ་རབ་ཇི་སྙེད་པ་དེ་སྙེད་ཀྱི་ཡུལ་གྱི་རྡུལ་ཕྲ་རབ་མཉམ་པ་འཛིན་པར་འདོད་ལ། མིག་དང་རྣ་བ་ནི་མ་ངེས་ཏེ། རེས་འགའ་ནི་ཆུང་ངུས་ཏེ་སྐྲའི་རྩེ་མོ་མཐོང་བ་ལྟ་བུའོ། །རེས་འགའ་ནི་མཉམ་སྟེ། གང་གི་ཚེ་རྒུན་འབྲུམ་གྱི་འབྲས་བུ་མཐོང་བ་ལྟ་བུའོ། །རེས་འགའ་ནི་ཆེ་བ་སྟེ། མིག་ཕྱེ་བ་ཙམ་གྱིས་རི་མཐོང་བ་ལྟ་བུའོ། །དེ་བཞིན་དུ་རྣ་བ་ལ་ཡང་འབྲུག་སྒྲ་དང་། སྦྲང་བུའི་སྒྲ་ཐོས་པ་ལྟ་བུར་རིགས་པས་སྦྱར་བར་བྱའོ། །དྲུག་པ་གྲུབ་མཐའི་འདོད་ཚུལ་དཔྱད་པ་ནི། བྱེ་བྲག་དུ་སྨྲ་བ་རྣམས་གཟུང་བ་ཕྱི་རོལ་གྱི་དོན་དང་འཛིན་པ་ནང་གི་ཤེས་པ་དག་དུས་མཉམ་ཐུག་ཕྲད་དུ་འཛིན་པར་འདོད་ལ། མདོ་སྡེ་པ་དག་ཤེས་པ་རང་དང་འདྲ་བ་བསྐྱེད་བྱེད་ཀྱི་དོན་ལྐོག་ན་མོ་གཟུང་བ་དང་། དོན་དང་འདྲ་བར་སྐྱེས་པའི་ཤེས་པ་འཛིན་པར་འདོད་པ་གཟུང་འཛིན་རྒྱུ་འབྲས་དུས་མི་མཉམ་པར་འདོད་དོ། །སེམས་ཙམ་པ་ལ་གཉིས་ཡོད་པའི། རྣམ་བདེན་པ་དག་ནི། སྒོ་ལྔའི་དབང་ཤེས་ཀྱི་སྣང་བ་གཟུགས་སྒྲ་ལ་སོགས་ནི་དོན་དམ་པར་སྣང་མཁན་སེམས་ཀྱི་ངོ་བོ་ཡིན་ཞིང་། བག་ཆགས་ཀྱི་དབང་གིས་ཐ་སྙད་དུ་སེམས་ལས་ཕྱི་རོལ་ལྟར་སྣང་བ་ཡིན་ནོ། །ཞེས་འདོད་དོ། །རྣམ་རྫུན་པ་ནི། སེམས་ནི་ཤེལ་སྒོང་གཡའ་དང་བྲལ་བ་ལྟར། དུས་ཐམས་ཅད་དུ་གཟུང་འཛིན་གྱི་དྲི་མས་མ་གོས་པའི་མྱོང་བ་གཉིས་མེད་ཀྱི་ངོ་བོར་གནས་ལ་གཟུགས་སྒྲ་ལ་སོགས་པ་དོན་དུ་སྣང་བ་ནི། བག་ཆགས་ཀྱི་དབང་གིས་སྐྲ་ཤད་ལ་སོགས་པ་བཞིན་དུ་མེད་བཞིན་དུ་སྣང་བ་རྫུན་པ་ཡིན་ཏེ། ཡང་དག་པར་ན་ཤེས་པ་དང་ཕྱི་རོལ་གྱི་དོན་གང་དུ་ཡང་མ་གྲུབ་པར་འདོད་དོ། །དབུ་མ་པ་ནི། གཟུང་འཛིན་ནི་གཉིས་ཀ་སྒྱུ་མ་དང་། རྨི་ལམ་ལ་སོགས་པ་བཞིན་དུ་རང་བཞིན་མེད་པར་འདོད་ལ་དེ་ཡང་སློབ་དཔོན་ལེགས་ལྡན་ནི། ཐ་སྙད་དུ་མདོ་སྡེ་པ་དང་མཐུན་པར་འདོད་ཅིང་། ཡེ་ཤེས་སྙིང་པོ་དང་། ཞི་བ་འཚོ་ནི། རྣམ་བདེན་པ་དང་མཐུན་པར་བཞེད་ལ། དཔལ་ལྡན་ཟླ་བ་གྲགས་པ་ནི། འཇིག་རྟེན་ན་ཇི་ལྟར་གྲགས་པ་ལྟར་གྱི་གཟུང་འཛིན་གྱི་ཚུལ་ཐ་སྙད་དུ་ཞལ་གྱིས་བཞེས་སོ། །

གཉིས་པ་སེམས་དང་སེམས་བྱུང་ཁྱད་པར་དུ་དཔྱད་པ་ལ་གསུམ་གྱི་དང་པོ། རྫས་རྟགས་ཀྱི་དབྱེ་བ་ནི། སྔར་བཤད་པའི་སེམས་བྱུང་དེ་རྣམས་ལ་རྫས་ཡོད་དུ་བཏགས་ཡོད་དུ་ཞེ་ན། སེམས་བྱུང་ཞེས་ཏེ། དེ་ལ་རྫས་ཡོད་ཉི་ཤུ་པོ་གང་ཞེ་ན། ཀུན་འགྲོ་ལྔ་དང་ཞེས་པ་ནས་བརྩོན་འགྲུས་སྦྱངས་ཞེས་པའི་བར་ཏེ། དེ་དག་ནི་གཞན་ལ་མ་ལྟོས་པར་རང་རྐྱ་ཐུབ་པའི་ཕྱིར། རྫས་ཡོད་དོ། །དེ་དག་ལས་གཞན་པའི་སེམས་བྱུང་ཉི་ཤུ་རྩ་དགུ་ནི་བཏགས་ཡོད་ཡིན་ཏེ། གདགས་གཞི་གཞན་གྱི་རང་བཞིན་མ་རྟོགས་པར་དེ་དག་གི་མཚན་ཉིད་མི་རྟོགས་པས། རང་རྐྱ་མི་ཐུབ་པའི་ཕྱིར་རོ། །སྤྱིར་རྫས་ཡོད་དང་བཏགས་ཡོད་ཀྱི་ཚུལ་ལ་རིགས་པས་དཔྱད་བཟོད་པ་དང་མི་བཟོད་པ་དང་། དོན་བྱེད་ནུས་པ་དང་མི་ནུས་པ་དང་། རང་རྐྱ་ཐུབ་པ་དང་མི་ཐུབ་པ་རྣམས་སུ་ཡོད་པ་ལས། འདིར་ནི་སྔ་མའོ། །བཏགས་ཡོད་ལ་ཡང་གནས་སྐབས་ལ་བཏགས་པ་དང་། ཚོགས་པ་ལ་བཏགས་པ་དང་། ཆ་ལས་བཏགས་པ་གསུམ་ལས། འདིར་ཕྱི་མའོ། །གཉིས་པ་གང་ཟག་གང་ལ་བཏགས་ཚུལ་ནི། སེར་སྣ་ལ་སོགས་པ་གསུམ་ནི། འདོད་ཆགས་ཀྱི་ཆ་ལ་བཏགས་པ་ཡིན་ནོ། །གནས་སྐབས་ཡིན་ཅེས་པ་མི་ལེགས། གནས་སྐབས་ལ་བཏགས་པ་ནི། ལྡན་མིན་འདུ་བྱེད་ཡིན་པའོ། །འཁོན་འཛིན་ལ་སོགས་ལྔ་ནི། ཞེ་སྡང་གི་ཆ་ལ་བཏགས་པ་ཡིན་ཏེ། ཞེ་སྡང་གི་མཚན་ཉིད་ཐུན་མོང་དུ་རྗེས་སུ་འབྲེལ་བའི་ཕྱིར་རོ། །རྒྱུ་མཚན་འདི་གཞན་ལའང་ཤེས་པར་བྱའོ། །འཆབ་པ་ལ་སོགས་དྲུག་ནི། གཏི་མུག་གི་ཆ་ཡིན་ཅེས་པ་རགས་པ་སྟེ་ཞིབ་མོར་ན། འགྱོད་གཉིད་དགེ་བ་དང་ལུང་མ་བསྟན་རྣམས་སེམས་པ་དང་། ཤེས་རབ་ཀྱི་ཆར་གཏོགས་སོ། ཁྲེལ་མེད་སོགས་དྲུག་དུག་གསུམ་སྤྱི་ལ་བཏགས་ཞེས་པ་ཡང་གཞན་བཞི་ལ་རིགས་ཀྱང་། གཡོ་སྒྱུ་ཞེ་སྡང་གི་ཆར་མི་གཏོགས་ཀྱི་འདོད་ཆགས་དང་གཏི་མུག་གི་ཆར་གཏོགས་སོ། །བཏང་སྙོམས་བག་ཡོད་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་སྟེ། དུག་གསུམ་མེད་པའི་རང་བཞིན་ཡིན། ཅེས་པ་ཡང་། བག་ཡོད་དེ་ལྟར་ཡིན་ཡང་། བཏང་སྙོམས་སེམས་བྱུང་རྫས་ཡོད་དུ་གཞུང་དུ་བཤད་དོ། །རྣམ་པར་མི་འཚེ་བ་ཞེ་སྡང་མེད་པའི་ཆ་ཡིན་ལ། གཏི་མུག་མེད་པ་ཤེས་རབ་ཀྱི་ཆའོ། །ལྟ་བ་དང་ཤེས་བཞིན་མིན་པ་ལོག་པའི་ཤེས་རབ་ཡིན་ལ། རྟོག་དཔྱོད་གཉིས་པོ་ཡང་མ་ནོར་མི་རྟོགས་པ་ན་སེམས་པ་དང་། རྟོགས་པ་ན་ཤེས་རབ་ཀྱི་ཆའོ། །བརྗོད་པ་ནི། ཉོན་མོངས་ཀྱི་དམིགས་པ་མ་བརྗེད་པའི་དྲན་པ་ཉོན་མོངས་ཅན་ནོ། །

གསུམ་པ་ས་གང་ན་དུ་ཡོད་དཔྱད་པ་ནི། སེམས་བྱུང་འདི་དག་ས་གང་ན་དུ་ཡོད་ཅེ་ན། འདོད་པ་ན་ཐམས་ཅད་པས་བསྡུས་པའི་ཚུལ་དུ་ཡོད་ལ། ཁྲོ་བ་ནས་འགྱོད་གཉིད་ཀྱི་བར་བསམ་གཏན་དང་པོ་ཡན་ན་མེད་དེ། ཀུན་ནས་མནར་སེམས་ཀྱི་དམིགས་པ་མེད་པའི་ཕྱིར་ཁོང་ཁྲོ་མེད་པས་དེའི་ཆར་གཏོགས་པའི་ཁྲོ་བ་ལ་སོགས་མེད་ལ། ཡོ་བྱད་ལ་གཟུང་འཛིན་མེད་པས་སེར་སྣ་མེད་ཅིང་། མི་དགེ་བ་མེད་པས་ངོ་ཚ་མེད་པ་དང་། ཁྲེལ་མེད་པ་མེད་དོ། །ཏིང་ངེ་འཛིན་དང་འགལ་བའི་ཕྱིར། འགྱོད་གཉིད་མེད་དེ། བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་ན་རྟོག་པ་ལ་འདོད་ཆགས་དང་བྲལ་བའི་ཕྱིར། རྟོག་པ་མེད་ལ། བསམ་གཏན་དང་པོ་ན་འཁོར་གྱི་ཀུན་འཛིན་ཡོད་པའི་ཕྱིར་གཡོ་སྒྱུ་ཡོད་དེ། རྟ་ཐུལ་གྱི་ཚངས་པ་ལ་འབྱུང་བ་ཆེན་པོ་བཞི་གང་དུ་འགག་དྲིས་པ་ན། མ་ཤེས་ཏེ། ཁོ་བོ་ནི་ཚངས་པའོ། །ཚངས་པ་ཆེན་པོ་ཞེས་འདྲིད་པ་ལ་ཞུགས་སོ་ཞེས་སོ། །གཡོ་སྒྱུ་རྟོག་དཔྱོད་གཉིས་བསམ་གཏན་གཉིས་པར་མེད་དེ། རྟོག་དཔྱོད་ལ་འདོད་ཆགས་དང་བྲལ་བའི་ཕྱིར་དང་། འཁོར་གྱི་ཀུན་འཛིན་མེད་པའི་ཕྱིར་རོ། །བཞི་པ་ཆོས་གསུམ་བསྟན་པའི་དགོས་པ་ནི། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་གདུལ་བྱ་རྣམས་ལ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་གསུམ་གྱི་སྒོ་ནས་ཆོས་བསྟན་ཅེ་ན། འཇིག་རྟེན་པ་རྣམས་ལ་བདག་ཏུ་འཛིན་པ་རྣམ་པ་གསུམ་སྟེ། རྟག་པ་གཅིག་པུའི་བདག་ཏུ་འཛིན་པ་དང་། རྒྱུའི་བདག་ཏུ་འཛིན་པ་དང་། ཟ་བ་པོའི་བདག་ཏུ་འཛིན་པ་དང་། དེ་དག་བཟློག་པའི་ཕྱིར། གོ་རིམ་བཞིན་དུ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་བཤད་དོ། །དེ་སྐད་དུ་ཡང་། དབུས་མཐར། གཅིག་དང་རྒྱུ་དང་ཟ་བ་པོར། །འདི་རྣམས་ལ་ནི་གདག་ཏུ་ལྟ། །ཞེས་བཤད་དོ། །ལུང་ཀུན་ལས་བཏུས་པ་ལས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་བཤད་པའི་ལེའུ་སྟེ་དང་པོའི་འགྲེལ་པའོ། །

ལེའུ་གཉིས་པ།

གཉིས་པ་ཟག་བཅས་བྱེ་བྲག་ཏུ་བཤད་པ་ལ། འབྲས་བུ་སྡུག་བསྔལ་གྱི་བདེན་པས་བསྡུས་པ་དང་། རྒྱུ་ཀུན་འབྱུང་གི་བདེན་པས་བསྡུས་པ་གཉིས་ཀྱི། དང་པོ་ལ་སྣོད་བཅུད་ཀྱི་འཇིག་རྟེན་བཤད་པ་དང་། བསྐལ་པ་འཇིག་ཆགས་ཀྱི་ཚུལ་བཤད་པ་གཉིས་ཀྱི། དང་པོ་སྣོད་བཅུད་ཀྱི་འཇིག་རྟེན་བཤད་པ་ལ། ཕྱི་སྣོད་རྟེན་གྱི་དཀྱིལ་འཁོར། ནང་བཅུད་རྟེན་པའི་རྣམ་གཞག །དེ་དག་ཐུན་མོང་གི་ཁྱད་པར་གསུམ་གྱི། དང་པོ་ལ། རླུང་ཆུ་གསེར་གྱི་ས་གཞི། རི་གླིང་རྒྱ་མཚོའི་ཆགས་ཚུལ་གྱི་དང་པོ་ནི། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་འདི་ལྟར་གནས་པར་འདོད་དེ། འདི་ལྟར་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས། སྣོད་ཀྱི་འཇིག་རྟེན་གནས་པའི་འོག་ཏུ་རླུང་གི་དཀྱིལ་འཁོར་མངོན་པར་གྲུབ་སྟེ། དེའི་ཚད་ནི་རྔམས་སུ་དཔག་ཚད་ས་ཡ་དྲུག་འབུམ་དང་མཐའ་བསྐོར་གྱི་རྒྱར་དཔག་ཚད་གྲངས་མེད་དེ། གྲངས་ཀྱི་གནས་གཞན་དྲུག་ཅུའི་ཐ་མ་ལ་གྲངས་སུ་བྱས་པ་ཡིན་གྱི་བགྲང་དུ་མེད་པ་ལས་བྱས་པ་ནི་མ་ཡིན་ནོ། །དེ་ཡང་ཚན་པོ་ཆེ་ཆེན་པོའི་རྡོ་རྗེས་ཀྱང་གཞིག་པར་མི་ནུས་པའི་སྲ་བའོ། །དེའི་སྟེང་དུ་སེམས་ཅན་གྱི་ལས་ཀྱི་དབང་གིས་སྤྲིན་རྣམས་འདུས་ནས་ཆར་གྱི་རྒྱུན་བབས་པས་དེ་ཆུའི་དཀྱིལ་འཁོར་དུ་གྱུར་ཏེ། དང་པོ་ནི། ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང་ཉི་ཁྲིའོ། །དེ་ཉིད་སེམས་ཅན་གྱི་ལས་ལས་བྱུང་བའི་རླུང་གི་དཀྲུགས་པས་འོ་མ་སྐོལ་བའི་སྤྲིས་མ་ཆགས་པའི་ཚུལ་དུ། སྟེང་གསེར་དུ་གྱུར་རོ། །དེའི་ལྷག་མ་ཆུའི་དཀྱིལ་འཁོར་གྱི་རྔམས་སུ་འབུམ་ཕྲག་བརྒྱད་ཡོད་ལ། དེའི་ལྷག་མ་གསེར་གྱི་དཀྱིལ་འཁོར་གྱི་རྔམས་སུ་སུམ་འབུམ་ཉི་ཁྲིའོ། །ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི་ཞེང་ལ་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་། སྟོང་ཕྲག་གསུམ་དང་། བརྒྱ་ཕྲག་ཕྱེད་དང་ལྔ་རྣམས་སོ། །ཆུ་གསེར་དེའི་མཐའི་འཁོར་ཡུག་ཏུ་ཞེང་ལ་ཇི་སྙེད་ཡོད་པ་དེ་དག་གི་སུམ་འགྱུར་དུ་བརྩིས་ཏེ། དཔག་ཚད་ས་ཡ་ཕྲག་གསུམ་དང་། འབུམ་ཕྲག་དྲུག་དང་། ཁྲི་སུམ་བརྒྱ་ལྔ་བཅུའོ། །དེ་དག་ཀྱང་མཛོད་དུ། དེ་ལ་སྣོད་ཀྱི་འཇིག་རྟེན་གྱི། །གནས་པར་འདོད་པའི་འོག་དག་གི །རླུང་གི་དཀྱིལ་འཁོར་རྔམས་སུ་ནི། །ས་ཡ་དྲུག་འབུམ་གྲངས་མེད་དོ། །ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང་། །སྟོང་ཕྲག་དག་ནི་ཉི་ཤུའོ། །ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད། །ལྷག་མ་དག་ནི་གསེར་དུ་འགྱུར། །ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི། །ཕྱེད་དང་ལྔ་རྣམས་ཁོ་ནའོ། །འཁོར་ཡུག་ཏུ་ནི་སུམ་འགྱུར་རོ། །ཞེས་བཤད་པ་ལྟར་རོ། །གཉིས་པ་བརྟེན་པ་རི་གླིང་མཚོ་གསུམ་གྱི་དབྱིབས་དང་ཚད་ནི། གསེར་གྱི་དཀྱིལ་འཁོར་གྱི་སྟེང་དུ་རི་རབ་གསེར་གྱི་རི་བདུན། འཁོར་ཡུག་གི་རི་དང་བཅས་པ་རི་དགུ་གནས་ཏེ། དེ་ཡང་དབུས་ན་རི་རབ་དང་། དེ་ལ་གསེར་གྱི་རི་བདུན་གྱི་ལྕགས་ཆུང་བདུན་སོག་ག་ལྟར་བསྐོར་ནས་གནས་ཤིང་། དེ་དག་གི་ཕྱི་རོལ་རྒྱ་མཚོ་དང་བཅས་པའི་མཐའ་ཁོར་ཡུག་གི་རིས་བསྐོར་རོ། །གསེར་གྱི་རི་བདུན་ཁོར་ཡུག་གི་རི་དང་བཅས་པའི་བར་ན། ནང་རོལ་པའི་མཚོ་བདུན་ཕྱིའི་རྒྱ་མཚོ་དང་། རྒྱ་མཚོ་བརྒྱད་ཡོད་ཅིང་། ཕྱིའི་རྒྱ་མཚོའི་ཕྱོགས་བཞི་ན། གླིང་བཞི་གླིང་ཕྲན་བརྒྱད་དེ། གླིང་བཅུ་གཉིས་གྲོང་ཆུང་གི་ཚུལ་དུ་བསྐོར་ཏེ་གནས་སོ། །རི་དགུ་པོ་དེ་དག་གི་རྒྱུ་ནི་གང་། ཚད་ཅི་ཙམ་ཞེ་ན། ལྷུན་པོ་ནི། ཕྱོགས་བཞི་པོ་བྱང་དང་ཤར་དང་ལྷོ་དང་ནུབ་རྣམས་རིམ་པ་བཞིན་དུ། རིན་པོ་ཆེ་གསེར་དང་། དངུལ་དང་། བཻ་ཌུཪྱ་དང་། ཤེལ་བཞིའི་རང་བཞིན་ལས་གྲུབ་པའོ། །རི་རབ་ཀྱི་ངོས་རིན་པོ་ཆེ་གང་ཡིན་པ་དེའི་མཐུ་ནུས་དེའི་ངོས་ཀྱི་ནམ་མཁར་ཡང་དེའི་མདོག་ཏུ་སྣང་སྟེ། འཛམ་བུ་གླིང་གི་ལོགས་བཻ་ཌུཪྱ་ཡིན་པས་དེའི་འོད་ཀྱིས་ནམ་མཁའི་མདོག་སྔོན་པོར་སྣང་ངོ་ཞེས་ཟེར་རོ། །ཚད་ནི་གསེར་གྱི་སྟེང་ན་ཆུ་ཡོད་པའི་ནང་དུ་སྨད་ཀྱི་ཚད་དཔག་ཚད་བརྒྱད་ཁྲི་ནུབ་ཅིང་། ཆུའི་མཚམས་ཀྱི་སྟེང་དུ་ཡང་དཔག་ཚད་བརྒྱད་ཁྲི་ཡོད་ཅིང་། ངོས་ལ་དཔག་ཚད་བརྒྱད་ཁྲི་རེ་གྲུ་བཞིར་གནས་སོ། །རི་རབ་ཀྱི་ཆུ་མཚམས་ཡན་ཆད་ཀྱི་ངོས་ལ་བང་རིམ་བཞི་ཡོད་ཅིང་། བང་རིམ་འོག་མ་ནས་དེའི་སྟེང་མའི་བར་གྱི་ཐག་ནི་དཔག་ཚད་སྟོང་ཕྲག་བཅུ་བཅུ་རེ་ཡོད་དེ། དེས་ན་རི་རབ་ཀྱི་ཆུ་མཚམས་ཡན་གྱི་ཕྱེད་མན་ཆད་ལ་རྫོགས་སོ། །བང་རིམ་དེ་དག་གི་ཞེང་དུ་དང་པོར་དཔག་ཚད་སྟོང་ཕྲག་བཅུ་དྲུག །གཉིས་པར་བརྒྱད། གསུམ་པར་བཞི། བཞི་པར་གཉིས་རྣམས་རི་རབ་ཀྱི་སྙིང་པོ་ལས་ཕྱི་རོལ་ཏུ་འཕགས་ཏེ་གནས་སོ། །གནས་ཚུལ་ནི་ཕྱིར་འཕྱར་རམ། ཡང་ན་མཆོད་རྟེན་གྱི་ཚུལ་དུ་ཞུམ་སྟེ་གནས་སོ་ཟེར་ཏེ། སྔ་མ་ཡིན་གྱི་ཕྱི་མ་བཤད་པ་མེད་དོ། །རི་དང་པོ་བདུན་ནི་གསེར་གྱི་རང་བཞིན་ཡིན་ལ། ཕྱི་མ་ཁོར་ཡུག་གི་རི་ནི་ལྕགས་སོ། །རི་དང་པོ་བདུན་གྱི་མིང་ནི་ནང་མ་གཉའ་ཤིང་འཛིན་ཞེས་སོགས་ཏེ་གོ་སླའོ། །གླིང་བཅུ་གཉིས་རི་དགུ་པོ་དང་བཅས་པ་ཐམས་ཅད། གསེར་གྱི་ས་གཞི་ཡན་ཆད་ཕྱིའི་རྒྱ་མཚོའི་ནང་དུ་དཔག་ཚད་བརྒྱད་ཁྲི་རེ་ནུབ་པར་མཉམ་ཞིང་གླིང་བཅུ་གཉིས་པོ་ཆུའི་སྟེང་དུ་འབྲས་བུའི་ཕུང་པོ་ལྟར་རྩ་བ་རྒྱ་ཆེར་བརྟན་ཞིང་། རྩེ་མོ་ཟླུམ་པོ་ཆུང་བའི་ཚུལ་དུ་ཡོད་དོ། །དེ་རྣམས་ཀྱི་ཚད་ནི། གཉའ་ཤིང་འཛིན་གྱི་ཆུ་མཚམས་ཡན་གྱི་རྔམས་སུ་ནི་དཔག་ཚད་བཞི་ཁྲིས་མཐོ་སྟེ། ལྷུན་པོའི་ཕྱེད་དོ། །རི་བདུན་ཁོར་ཡུག་དང་བཅས་པ་བརྒྱད་པོ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་འཕངས་ཏེ་རྔམས་སུ། ཕྱེད་ཕྱེད་བྲི་སྟེ། གཉའ་ཤིང་འཛིན་གྱི་ཕྱེད་ནི་གཤོལ་མདའ་འཛིན་ཡིན་པས་དཔག་ཚད་ཉི་ཁྲིའོ། །དེ་བཞིན་དུ་མུ་ཁྱུད་འཛིན་གྱི་ཕྱེད་ནི། ཁོར་ཡུག་ཡིན་པས་དཔག་ཚད་སུམ་བརྒྱ་ཕྱེད་དང་བཅུ་གསུམ་ཡིན་ནོ། །ཞེས་པའི་བར་དུ་ཤེས་པར་བྱའོ། །རི་བརྒྱད་པོ་དེ་དག་གི་ཞེང་ཡང་རང་རང་གི་ཆུ་མཚམས་ཡན་གྱི་འཕངས་དང་ཚད་མཉམ་པར་ཤེས་པར་བྱའོ། །དེས་ན་ལྕགས་རིའི་ཞེང་དུ་དཔག་ཚད་སུམ་བརྒྱ་ཕྱེད་དང་བཅུ་གསུམ་མོ། །དེ་ལ་རྒྱ་མཚོ་རྣམས་ཅི་ལྟ་བུ་ཞེ་ན། གསེར་གྱི་རི་བདུན་གྱི་བར་བདུན་ནི་རོལ་པའི་མཚོ་བདུན་ཞེས་བྱའོ། །མཚོ་བདུན་པོ་དེ་རྣམས་ནི། ཞེང་ཡང་རི་རབ་ནས་རྣ་འདུད་ཀྱི་བར་གྱི་རི་རྣམས་ཀྱི་ཞེང་དང་མཉམ་སྟེ་དེས་ན་རོལ་མཚོ་ནང་མའི་ཁ་མཚོན་ནི་རི་རབ་ཀྱི་ཞེང་དང་མཉམ་པས། སྟོང་ཕྲག་བརྒྱད་ཅུ་ཡིན་ལ་དེ་ལ་ནི་ནང་གི་རྒྱ་མཚོ་ཞེས་བྱ་ལ། རོལ་མཚོ་བདུན་པའི་ཁ་མཚོན་ནི་རི་རྣ་འདུད་དང་མཉམ་པས། དཔག་ཚད་སྟོང་གཉིས་བརྒྱ་ལྔ་བཅུའོ། །ཞེས་པའི་བར་དུ་བརྩིའོ། །རི་མུ་ཁྱུད་འཛིན་ནས་ཁོར་ཡུག་གི་རིའི་བར་ནི། ཕྱིའི་རྒྱ་མཚོ་ཆེན་པོ་ཡིན་ལ་དེའི་ཁ་མཚོན་དུ་དཔག་ཚད་འབུམ་ཕྲག་གསུམ་དང་སྟོང་ཕྲག་ཉི་ཤུ་རྩ་གཉིས་སོ། །རོལ་མཚོ་རྣམས་ཀྱི་ཆུ་ནི་ཡན་ལག་བརྒྱད་དང་ལྡན་ཏེ། འདི་ལྟར་བསིལ་བ་དང་། ཞིམ་པ་དང་། ཡང་བ་དང་། འཇམ་པ་དང་། དྭངས་པ་དང་། དྲི་ང་བ་མེད་པ་དང་། འཐུང་ན་མགྲིན་པ་ལ་མི་གནོད་པ་དང་། ལྟེ་བ་ལ་མི་གནོད་པའོ། །ཕྱིའི་རྒྱ་མཚོ་ཆེན་པོའི་རོ་ནི། བ་ཚའི་རོ་ཅན་སྲོག་ཆགས་དང་རིན་པོ་ཆེའི་རིགས་དུ་མ་དང་ལྡན་པའོ། །ད་ནི་གླིང་རྣམས་ཀྱི་ཚད་དང་དབྱིབས་ལ་སོགས་པ་བཤད་པར་བྱ་སྟེ། གླིང་འདི་ལ་ལྟོས་པའི་རི་རབ་ཀྱི་ལྷོ་ན་ཡོད་པས་ལྷོ་ཕྱོགས། ཤིང་འཛམ་བུས་མཚོན་པའི་གླིང་ཡིན་པས་ན་འཛམ་བུའི་གླིང་། དེའི་ངོས་རིང་བ་གསུམ་གྱི་རེ་རེ་ལ་དཔག་ཚད་སྟོང་ཕྲག་གཉིས་གཉིས་ཡོད་དོ། །དེ་ཡང་ཤིང་རྟའི་དབྱིབས་སུ་གནས་སོ། །དེའི་ངོས་ཐུང་བ་གཅིག་ལ་དཔག་ཚད་ཕྱེད་པའོ། །གླིང་དེའི་དབུས་གསེར་གྱི་ས་གཞི་ལ། གང་དུ་བྱང་ཆུབ་སེམས་དཔའ་བཞུགས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྐྱེད་པར་མཛད་པ་རྡོ་རྗེའི་གདན་མངོན་པར་གྲུབ་སྟེ། དེའི་ཡུལ་ས་ཕྱོགས་གཞན་གྱིས་བཟོད་པར་མི་ནུས་སོ། །ཤར་གྱི་ལུས་འཕགས་གླིང་ནི། དབྱིབས་ཟླ་གམ་འདྲ་བ། ངོས་གསུམ་གླིང་འདི་དང་འདྲ་བར་སྟོང་ཕྲག་གཉིས་གཉིས་ཡོད་ལ། ངོས་གཅིག་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །ལུས་བཟང་ཞིང་ཁྱད་པར་དུ་འཕགས་པས་ན་ལུས་འཕགས་ཞེས་བྱའོ། །བ་གླང་སྤྱོད་ཀྱི་གླིང་གི་དབྱིབས་ནི་ཀུན་ལ་ཟླུམ་པོ་སྟེ། དབུས་ཀྱི་ཞེང་ལ་དཔག་ཚད་སྟོང་ཕྲག་ཕྱེད་དང་གསུམ་དང་། ཁོར་ཡུག་དུ་དེ་སུམ་འགྱུར་༼དཔྱད།༽ ཏེ། དཔག་ཚད་སྟོང་ཕྲག་ཕྱེད་དང་བརྒྱད་དོ། །ནོར་བུ་དང་བ་ལང་ལོངས་སྤྱོད་བྱེད་པས་བ་ལང་སྤྱོད་དོ། །སྒྲ་མི་སྙན་ནི། ཁོར་ཡུག་ཏུ་དཔག་ཚད་སྟོང་ཕྲག་བརྒྱད་དེ། དེ་ཡང་གྲུ་ུབཞིར་གནས་ཤིང་། ཕྱོགས་རེ་ལ་སྟོང་ཕྲག་གཉིས་རེར་མཉམ་མོ། །སྐད་ངན་པ་འབྱིན་པའམ། འཆི་བའི་ཚེ་སྒྲ་མི་སྙན་པ་འབྱུང་སྟེ་འཆི་བས་སྒྲ་མི་སྙན་ནོ། །དེ་དག་ནི་མཛོད་དུ། འཛམ་བུ་གླིང་གི་ངོས་གསུམ་སྟེ། །སྟོང་ཕྲག་གཉིས་གཉིས་ཤིང་ལྟའི་དབྱིབས། །གཅིག་ལ་དཔག་ཚད་ཕྱེད་དང་བཞི། །ཤར་གྱི་ལུས་འཕགས་ཟླ་གམ་འདྲ། །ངོས་གསུམ་འདི་དང་འདྲ་བ་ལ། །དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །བ་ལང་སྤྱོད་ནི་ཟླུམ་པོ་སྟེ། །སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ནོ། །དེ་དབུས་སྟོང་ཕྲག་ཕྱེད་དང་གསུམ། །སྒྲ་མི་སྙན་བརྒྱད་གྲུ་བཞིར་མཉམ། །ཞེས་བཤད་པ་ལྟར་རོ། །གླིང་བཞི་པོ་དེ་དག་གི་བར་གྱི་གླིང་བརྒྱད་ནི། ལུས་དང་ལུས་འཕགས་ནི་ཤར་གྱིའོ། །སྒྲ་མི་སྙན་དང་། སྒྲ་མི་སྙན་གྱི་ཟླ་ནི་བྱང་གིའོ། །རྔ་ཡབ་དང་རྔ་ཡབ་གཞན་ནི་ལྷོའོ། །གཡོ་ལྡན་དང་ལམ་མཆོག་འགྲོ་ནི་ནུབ་ཀྱིའོ། །དེ་དག་ཀུན་ན་མི་གནས་ཤིང་། ཁ་ཅིག་རྔ་ཡབ་དང་རྔ་ཡབ་གཞན་ན་སྲིན་པོ་གནས་ཞེས་ཟེར་རོ། །གླིང་འདིའི་ཁྱད་པར་ནི། འཛམ་བུའི་གླིང་འདི་ནས། བྱང་དུ་ནི་རི་ནག་པོ་དགུ་འདས་པ་ན་ཁ་བའི་རི་ཡོད་ལ། དེའི་ཕ་རོལ་ན། མཚོ་མ་དྲོས་པ་ཞེས་བྱ་བ། ཆུར་དཔག་ཚད་ལྔ་བཅུ་པ་ཞེང་དུ་ཡང་དེ་ཙམ་ཡོད་པ། ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ། དེ་ཉིད་ཀྱི་འགྲམ་ན་ཤིང་འཛམ་བུ་ཞེས་པའི་སྒྲ་འབྱིན་པ་ཡོད་དོ། །དེའི་དབང་གིས་གླིང་འདི་ལ་ཡང་། འཛམ་བུའི་གླིང་ཞེས་གྲགས་སོ། །དེ་ལས་ཆུ་བོ་ཆེན་པོ་བཞི་འབབ་སྟེ། གངྒཱ་ནི་ཤར་དུའོ། །སིནྡྷུ་ནི་ལྷོར་རོ། །པཀྵུ་ནི་ནུབ་ཏུའོ། །སི་ཏཱ་ནི་བྱང་དུའོ། །དེ་དག་ཀྱང་གོ་རིམ་བཞིན་དུ་གླང་ཆེན་དང་། ཁུ་མཆོག་དང་། རྟ་དང་། སེང་གེའི་ཁ་ནས་འབབ་ཅིང་། དངུལ་དང་། བཻ་ཌུཪྱ་དང་། ཤེལ་དང་། གསེར་གྱི་བྱེ་མ་འདྲེན་ཅིང་། ཆུ་བྲན་ལྔ་བརྒྱ་རེ་དང་བཅས་ཏེ། མ་དྲོས་པ་ལ་བསྐོར་བ་བདུན་བདུན་བྱས་ནས་སླར་ཡང་ཕྱོགས་བཞིའི་རྒྱ་མཚོ་ཆེན་པོར་འབབ་བོ། །དེའི་བྱང་ན་རི་སྤོས་ཀྱི་ངད་ལྡན་པ་ཞེས་བྱ་བ་ཡོད་དོ། །

གཉིས་པ་ནང་བཅུད་རྟེན་པའི་རྣམ་གཞག་བཤད་པ་ལའང་། ངན་སོང་གི་གནས་གཞན་བཤད་པ། མཐོ་རིས་ཀྱི་གནས་གཞན་བཤད་པ་གཉིས་ཀྱི་དང་པོ་ལ། དམྱལ་བའི་འཇིག་རྟེན། དུད་འགྲོ། ཡི་དྭགས་ཀྱི་འཇིག་རྟེན་གསུམ་ལས། དང་པོ་ཚ་དམྱལ་བརྒྱད་ཉེ་འཁོར་དང་བཅས་པ། གྲང་དམྱལ་བརྒྱད་ཉེ་ཚེ་བ་དང་བཅས་པ་གཉིས་སོ། །དང་པོ་ནི། དམྱལ་བ་རྣམས་ནི་ཕྱོགས་གང་ན་ཡོད། ཚད་ཅི་ཙམ་ཞེ་ན། འཛམ་བུའི་གླིང་འདིའི་འོག་དཔག་ཚད་སྟོང་ཕྲག་ཉི་ཤུ་ན་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་ཡི་གནས་ཡོད་དེ། དེ་ནི། སྡུག་བསྔལ་མྱོང་བ་ལ་བར་དང་མཚམས་མེད་པའི་ཕྱིར་མནར་མེད་པ་ཞེས་བྱའོ། །དེའི་ཆུ་དང་ཞེང་དུ་དཔག་ཚད་སྟོང་ཕྲག་ཉི་ཤུར་ཡོད་དོ། །མནར་མེད་དེའི་སྟེང་ན་ཚ་བའི་སེམས་ཅན་དམྱལ་བ་ཆེན་པོ་བདུན་ཡས་རིམ་གྱིས་ཡོད་དེ། འདི་ལྟར་ཕན་ཚུན་མཚོན་གྱིས་བཏབ་པས་བརྒྱལ་ཏེ་ས་ལ་འགྱེལ་བ་ན། ཡང་ཁྱེད་རྣམས་སོས་པར་གྱུར་ཅིག །ཅེས་པའི་སྒྲ་བྱུང་བས་ཡང་ལངས་ཏེ། སྔ་མ་ཁོ་ན་བཞིན་དུ་སྡུག་བསྔལ་འབྱུང་བ་མྱོང་བས་ཡང་སོས་ཞེས་བྱ་བ་དང་། དེའི་འོག་ཏུ་དམྱལ་སྲུང་རྣམས་ཀྱིས་ལུས་ལ་ཐིག་ནག་པོ་བཏབ་པས་གཤོག་པས་ཐིག་ནག་ཅེས་བྱ་བ་དང་། དམྱལ་སྲུང་རྣམས་ཀྱིས་ལྕགས་ཀྱི་རི་ར་དང་ལུག་གི་གདོང་པ་འདྲ་བའི་བར་དུ་གཅར་ནས། ཕན་ཚུན་འཇོམས་པས་བསྡུས་འཇོམས་ཞེས་བྱ་བ་དང་། ལྕགས་ཁང་སྒོ་མེད་པ་མེ་འབར་བའི་ནང་དུ་བཅུག་ནས་ཆོ་ངེས་འདེབས་པས་ངུ་འབོད་ཅེས་བྱ་བ་དང་། ལྕགས་ཁང་དེ་ལྟ་བུ་ཉིས་སྦྲགས་ཀྱི་ནང་དུ་ཞུགས་པས་ན་ངུ་འབོད་ཆེན་པོ་དང་། ལྕགས་ཀྱི་གསལ་ཤིང་མེ་འབར་བས་འཕོང་ནས་ཕུག་སྟེ་སྤྱི་བོར་ཕུག་པས་ཁ་སྣ་སོགས་ནས་མེ་ལྕེ་འབར་བས་ཚ་བ་ཞེས་བྱ་བ་དང་། གསལ་ཤིང་རྩེ་གསུམ་པས་ཕུག་སྟེ་ཕྲག་པ་གཉིས་མགོ་བོ་དང་བཅས་པ་ནས་ཕྱུང་སྟེ། ཁ་སྣ་བ་སྤུའི་བུ་ག་དང་བཅས་པ་ནས་མེ་ལྕེ་ལྷབ་ལྷབ་འབར་བ་རབ་ཏུ་ཚ་བ་ཞེས་བྱ་བ་རྣམས་སོ། །དམྱལ་བ་ཆེན་པོ་བརྒྱད་པོ་ཀུན་ལ་སྡུག་བསྔལ་ལྷག་པ་བཅུ་དྲུག་རེ་ཡོད་དེ། འདི་ལྟར་དེ་དག་གི་ཕྱོགས་བཞིའི་སྒོ་རེ་རེ་ན་ལྷག་པ་བཞི་བཞི་ཡོད་དེ། དང་པོར། མེ་མ་མུར་པུས་ནུབ་ཙམ་ཡོད་ཅིང་། དེ་ལ་སེམས་ཅན་དེ་དག་གི་རྐང་པ་འདེག་འཇོག་གིས་ཤ་སྐྱེ་འཇིག་བྱེད་དོ། །དེའི་ཕ་རོལ་ན་ལོ་མ་རལ་གྲི་ལྟ་བུའི་ནགས་ཚལ་ཡོད་དེ། དེ་རྒལ་བ་ན་རོ་མྱགས་ཕྱི་སའི་འདམ་ཡོད་ཅིང་། དེ་ལ་འབོགས་པ་ན་དེའི་ནང་ན་ཡོད་པའི་འབུ་མཆུ་རྣོན་གྱིས་སེམས་ཅན་དེ་དག་གི་རྐང་གི་བར་དུ་འབིགས་སོ། །དེ་རྒལ་ནས་སྤུ་གྲིས་གཏམས་པའི་ལམ་ཡོད་དེ། དེ་ལ་འགྲོ་བ་ན་རྐང་པ་འདེག་འཇོག་གི་ཤ་སྐྱེ་འཇིག་བྱེད་དོ། །དེའི་ཕ་རོལ་ན་ལོ་མ་རལ་གྲི་ལྟ་བུའི་ནགས་ཚལ་ཡོད་པས། དེར་འཁོད་པ་ན། ལོ་མ་རལ་གྲི་ལྟ་བུ་དག་ལྷུང་བས་ཡན་ལག་དང་ཉིང་ལག་གཅོད་པར་བྱེད་དོ། །དེའི་ཕ་རོལ་ན་ལྕགས་ཀྱི་ཤལ་མ་རིའི་ནགས་ཚེར་མ་རྣོན་པོ་སོར་བཅུ་དྲུག་པ་ཡོད་ཅིང་། དེ་ལ་སེམས་ཅན་དེ་དག་འབབ་འཛེག་བྱེད་པ་ན། ལུས་གཤག་ཅིང་ཁྭ་ལྕགས་ཀྱི་མཆུ་ཅན་གྱིས་མིག་དག་ཕྱུང་ནས་ཟ་བར་བྱེད། གསུམ་པོ་དེ་དག་མཚོན་ཆར་འདྲ་བའི་ཕྱིར་ལྷག་པ་གཅིག་ཏུ་བྱའོ། །དེའི་ཕ་རོལ་ཐལ་ཚན་གྱི་ཆུ་བོ་རབ་མེད་ཀྱི་འགྱུར་བྱེད་ཀྱི་ཆུས་གང་བ་ཡོད་དེ། དེར་སེམས་ཅན་དེ་དག་ལྷུང་བ་ན་ངོས་གཉིས་ནས་སྐྱེས་བུ་ལག་ན་དབྱུག་པ་སོགས་ཐོགས་པས་བསྲུང་ནས་ཕྱིར་དབྱུང་དུ་མི་སྟེར་རོ། །དེ་དག་གི་སེམས་ཅན་དམྱལ་བ་ཆེན་པོ་རྣམས་འབོད་བཞིན་དུ་བསྐོར་ཏེ། འདི་དག་ཕྱོགས་བཞིའི་བྱེ་བྲག་གིས་ལྷག་པ་བཅུ་དྲུག་ཏུ་འགྱུར་རོ། །དང་པོ་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་གནོད་པ་བྱས་ནས། ཡང་འདིར་གནོད་པ་བྱེད་པས་ལྷག་པ་ཞེས་བྱའོ། །གཉིས་པ་ནི། ཚ་བའི་དམྱལ་བ་དེ་དག་གི་ཐད་ཀར་གྲང་བའི་དམྱལ་བ་བརྒྱད་ཡོད་དེ། གྲང་ནས་ལུས་ཆུ་བུར་བྱུང་བ་ལྟར་འཁུམས་པས་ཆུ་བུར་ཅན་དང་། དེ་ལས་ཐར་ཏེ་ཆུ་བུར་རྡོལ་བ་ལྟར་འཁུམས་པ་ཆུ་བུར་རྡོལ་བ་ཅན། གྲང་བས་ཉེན་པས་སོ་ཐམ་ཐམ་པ་དང་། ངག་ཏུ་ཨ་ཆུ་ཞེས་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། པགས་པའི་ཁ་དོག་སྔོན་པོར་འགྱུར་ཏེ། ཁ་ལྔའམ་དྲུག་ཏུ་གྱེས་པ་ཨུཏྤལ་ལྟར་གས་པ་དང་། སྔོན་པོ་ལས་ཐལ་ཏེ་པགས་པའི་མདོག་དམར་པོར་གྱུར་ཅིང་ཁ་བརྒྱད་དམ་བཅུ་དྲུག་ཏུ་གས་པ་པད་མ་ལྟར་གས་པ་དང་། པགས་པ་ཆེར་དམར་ཞིང་ཁ་བརྒྱའམ། དེ་ལས་ལྷག་པར་གས་པ་ནི། པད་མ་ལྟར་ཆེར་གས་པའོ། །ཉི་ཚེ་བའི་སེམས་ཅན་དམྱལ་བ་ནི་འཛམ་བུའི་གླིང་གི་གྲོང་ཁྱེར་རྒྱལ་པོའི་ཁབ་དང་། རྒྱ་མཚོའི་འགྲམ་དང་། མྱ་ངམ་གྱི་ཐང་ལ་སོགས་པ་ཡོད་དེ། འཕགས་པ་དགེ་འདུན་སྲུངས་དང་། གྲོ་བཞིན་སྐྱེས་ཀྱི་རྟོགས་པ་བརྗོད་པ་ལས་བྱུང་བ་བཞིན་ཏེ། ལུང་ལས་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་རྒྱ་མཚོའི་འགྲམ་དུ་ལམ་ནོར་ཏེ་མྱ་ངམ་གྱི་ཐང་ལ་འཁྱམས་ནས་རིམ་གྱིས་སོང་བ་ན། སེམས་ཅན་གཅིག་མཚན་མོ་གཞལ་མེད་ཁང་བཟང་པོའི་ནང་དུ་ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པའི་བདེ་བ་མྱོང་། ནམ་ལངས་པ་དང་གཞལ་མེད་ཁང་མི་སྣང་བར་གྱུར་ཅིང་། ལུས་ས་ལ་ལྷུང་ནས་གཅན་གཟན་འཇིགས་སུ་རུང་བས་ཟ་ཞིང་དཔག་ཏུ་མེད་པའི་སྡུག་བསྔལ་ཆེན་པོ་ཉི་མ་མ་ནུབ་བར་ལ་མྱོང་ནས་ཡང་མཚན་མོ་ལྷའི་དཔལ་འབྱོར་མྱོང་བར་མཐོང་ནས། གྲོ་བཞིན་སྐྱེས་ཀྱིས་འདི་ལྟ་བུ་ཅི་ལས་བྱུང་དྲིས་པས། ཉིན་པར་གཞན་གྱི་སྲོག་བཅད་ཅིང་། །མཚན་མོ་ཚུལ་ཁྲིམས་ཡོན་ཏན་ལྡན། །ལས་དེའི་འབྲས་བུ་བཟང་པོ་དང་། །སྡིག་ཏོ་འདི་ནི་མྱོང་བ་ཡིན། །ཞེས་དང་། དེ་ནས་རིམ་གྱིས་ཕྱིན་པ་དང་། ཉིན་མོ་སྔ་མ་ལྟར་ལྷའི་དཔལ་འབྱོར་སོགས་དང་ལྡན་ལ། མཚན་མོ་སྲིན་པོའི་བུད་མེད་ཆེན་མོ་ཞིག་གིས་ཀུན་ནས་བཀྲིས་ནས་མགོ་ནས་རིམ་གྱིས་ཟོས་པས་མི་ཟད་པའི་སྡུག་བསྔལ་མྱོང་བ་ཡང་ཉིན་པར་ལྷའི་བདེ་བ་མྱོང་བ་མཐོང་ནས་སྔ་མ་ལྟར་དྲིས་པས། མཚན་མོ་བྱི་པོ་བྱེད་ལ་ཆགས། །ཉིན་པར་ཚུལ་ཁྲིམས་ཡོན་ཏན་ལྡན། །ལས་དེའི་འབྲས་བུ་བཟང་པོ་དང་། །སྡིག་ཏོ་འདི་ནི་མྱོང་བ་ཡིན། །ཞེས་སྨྲས་ཏེ། དེ་ལྟ་བུ་ལ་སོགས་པའོ། །གཉིས་པ་དུད་འགྲོའི་འཇིག་རྟེན་བཤད་པ་ནི། དུད་འགྲོའི་གནས་ཆེན་པོ་ནི། ཕྱིའི་རྒྱ་མཚོ་ཡིན་ལ། དེར་ཀླུ་ཆེན་བརྒྱད་པོ་དགའ་བོ་དང་། ཉེ་དགའ་དང་། བཏང་ཞིང་དང་། བཏང་བཟུང་དང་། གཟི་ཅན་དང་། ནག་པོ་ཆེན་པོ་དང་། ཡུལ་འཁོར་སྲུང་དང་། ཨེ་ལའི་འདབ་མ་རྣམས་ཀྱང་གནས་ཤིང་། ནང་གི་རྒྱ་མཚོ་རོལ་པའི་མཚོ་བདུན་དག་ནའང་གནས་སོ། །ཀླུ་དང་དུད་འགྲོ་ཁ་ཐོར་བ་ནི། ལྷ་དང་མིའི་ཡུལ་ལ་སོགས་པ་ཐམས་ཅད་ན་གནས་སོ། །གསུམ་པ་ཡི་དྭགས་ཀྱི་འཇིག་རྟེན་བཤད་པ་ནི། ཡི་དྭགས་ཀྱི་གནས་ནི་ཡུལ་དབུས་རྒྱལ་པོའི་ཁབ་ཀྱི་དཔག་ཚད་ལྔ་བརྒྱའི་འོག་ན། ཡི་དྭགས་ཀྱི་རྒྱལ་པོ་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་ཕོ་བྲང་གནས་ཏེ། དེ་ནི་ལྷའི་དཔལ་འབྱོར་ཉམས་སུ་མྱོང་བ་རྫུ་འཕྲུལ་ཆེན་པོ་དང་ལྡན་ཏེ། སེམས་ཅན་རྣམས་ལ་དགེ་བ་དང་། མི་དགེ་བའི་ལས་ཀྱི་འབྲས་བུ་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པས་ཕན་འདོགས་པ་ཡིན་ནོ་ཞེས་བཤད་དོ། །ནམ་མཁའ་དང་ས་གཞི་ལ་རྒྱུ་བའི་ཡི་དྭགས་ཀྱི་རིགས་སུ་གཏོགས་པ་གཞན་རྣམས་ནི། གནས་མ་ངེས་པར་གནས་ཤིང་རང་རང་གི་ལས་འབྲས་ལ་སྤྱོད་པ་དག་ནི་ཁ་ཐོར་བ་ཞེས་བྱའོ། །

གཉིས་པ་མཐོ་རིས་བཤད་པ་ལ་གསུམ། ཉི་ཟླའི་ཚད་འཆར་ནུབ་དང་བཅས་པ། འདོད་ལྷ་ལྷ་མིན་དང་བཅས་པ། གཟུགས་ཁམས་གཟུགས་མེད་ཁམས་དང་བཅས་པའོ། །དང་པོ་ནི། ཉི་ཟླ་དག་ཐག་ཅི་ཙམ་ནས་རྒྱུ་ཞིང་ཚད་ཀྱང་ཅི་ཙམ་ཞེ་ན། ཉི་ཟླ་ནི་ལྷུན་པོའི་ཕྱེད་རི་གཉའ་ཤིང་འཛིན་གྱི་རྩེ་ནས་རྒྱུ་སྟེ་འདི་ནས་དཔག་ཚད་བཞི་ཁྲིའོ། །ཟླ་བའི་ཚད་ནི་ཞེང་དུ་དཔག་ཚད་ལྔ་བཅུ་ཡིན་ལ། མཐའ་སྐོར་དུ་སུམ་འགྱུར་རོ། །ཆུ་ཤེལ་གྱི་རང་བཞིན་ལས་གྲུབ་པ་ལྷའི་བུ་ཟླ་བ་གནས་པའོ། །ཟླ་བ་ལ་འཕེལ་འགྲིབ་དུ་སྣང་བའི་རྒྱུ་མཚན་ནི། གང་གི་ཚེ་ཉི་མ་དང་ཉེ་བ་ལ་ཉི་མའི་འོད་ཟླ་བ་ལ་ཕོགས་པས་ཕ་རོལ་གྱི་ངོས་སུ་རང་གི་གྲིབ་མ་བྱུང་བ་ན། གྲིབ་མ་ཅི་ཙམ་ཡོད་པ་དེ་ཙམ་གྱི་ཚད་ཀྱི་ཟླ་བ་འགྲིབ་པར་སྣང་ངོ་། །ཉི་མ་དང་ཉེ་བ་ཙམ་གྱིས་གྲིབ་མ་ཆེར་འགྲོ་སྟེ། དཔེར་ན་སྒྲོན་མ་དང་ཐག་རིང་བ་ན་ཀ་བའི་གྲིབ་མ་ཆུང་ཞིང་ཉེ་བ་ན་ཆེར་འགྲོ་བ་བཞིན་ནོ། །གནམ་སྟོང་ཚེ་གྲིབ་མས་རིལ་གྱིས་སྒྲིབ་ཅིང་མར་གྱི་ངོ་ལ་ཉི་མ་དང་རིང་བ་ཅི་བཞིན་གྲིབ་མ་ཆུང་དུ་འགྲོ་བས་འཕེལ་བར་སྣང་ངོ་། །ཉི་མའི་ཚད་ནི་ཞེང་དུ་དཔག་ཚད་ལྔ་བཅུ་གཅིག་དང་བཅས་ཤིང་། ཁོར་ཡུག་ཏུ་སུམ་འགྱུར་དང་། འོག་མེ་ཤེལ་ལས་གྲུབ་པ། དེ་ནང་ལྷའི་བུ་ཉི་མ་གནས་སོ། །ཉི་མས་གླིང་རྣམས་སུ་བྱ་བ་བྱེད་པའི་ཚུལ་ནི་ཉིན་ཞག་གཅིག་ལ་འདིར་ནམ་ཕྱེད་པ་དང་། ནུབ་ཏུ་ཉི་མ་ནུབ་པ་དང་། བྱང་དུ་ཉི་མ་ཕྱེད་པ་དང་། ཤར་དུ་ཉི་མ་འཆར་བ་རྣམས་དུས་གཅིག་སྟེ། དེ་ཡང་ནམ་དང་ཉི་མ་མཉམ་པའི་དུས་ནའོ། །དེ་དག་ཀྱང་ཉི་ཟླ་ལྷུན་པོའི་ཕྱེད་ནའོ། །དཔག་ཚད་ལྔ་བཅུ་གཅིག་དང་བཅས། །ནམ་ཕྱེད་ཉི་མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་གཅིག ། ཅེས་དང་། ཉི་མ་དང་ནི་ཉེ་བ་ལས། །རང་གི་གྲིབ་མས་འགྲིབ་པར་སྣང་། །ཞེས་པ་ལྟར་རོ། །གཉིས་པ་ནི་རི་རབ་ཀྱི་བང་རིམ་བཞིའི་དང་པོ་ལ་གནོད་སྦྱིན་ལག་ན་རིན་པོ་ཆེའི་གཞོང་པ་ཐོགས་པ་དང་། གཉིས་པ་ན་མེ་ཏོག་གི་འཕྲེང་བ་ཐོགས་པ་དང་། གསུམ་པ་ལ་རྟག་ཏུ་ཆང་གིས་མྱོས་པ་དང་། བཞི་པ་ལ་རྒྱལ་ཆེན་བཞིའི་ལྷ་རྣམས་རིམ་པ་བཞིན་གནས་སོ། །དེར་མ་ཟད་ཉི་མ་དང་ཟླ་བ་དང་། སྐར་མ་དང་། གསེར་གྱི་རི་བདུན་དང་། འཛམ་གླིང་གི་རི་དང་ཆུ་དང་ཤིང་ལྗོན་པ་སོགས་ལ་ཡང་རྒྱལ་ཆེན་བཞིའི་རིས་སུ་གཏོགས་པའི་ལྷ་རྣམས་གནས་ཏེ། དེས་ན་ལྷའི་རིགས་འདི་ནི་ཤིན་ཏུ་རྒྱ་ཆེའོ། །རི་རབ་ཀྱི་ཆུ་མཚམས་མན་ཆད་ཀྱི་ཁོང་སེང་ན། ལྷ་མ་ཡིན་གྱི་གྲོང་ཁྱེར་གནས་ལ། དེ་དག་གི་འབྱོར་པ་ནི། སུམ་ཅུ་རྩ་གསུམ་པའི་དཔལ་ལ་འགྲན་བཟོད་པ་ཡོད་དོ། །ལྷ་མ་ཡིན་དེ་དག་འགྲོ་བའི་རིགས་གང་ཡིན་ཞེ་ན། ཕལ་ཆེར་ཡི་དྭགས་དུད་འགྲོའི་རིགས། །ཞེས་པ་ནི། ཤེས་བྱེད་ཁུངས་མ་མེད་པའི་ཕྱིར་ནོར་བའོ། །དེས་ན་བསྡུ་བར་ལྷའི་འགྲོ་བར་བཤད་ལ། དྲན་པ་ཉེར་བཞག་ཏུ་དུད་འགྲོ་འདི་དག་ཅེས་བཤད་པ་ནི། མི་བླུན་པོ་ལ་བ་ལང་ཞེས་པ་ལྟར་སྨད་པ་ཡིན་གྱིས། ཡང་དག་པ་མ་ཡིན་ནོ། །ལྷུན་པོའི་རྩེ་ན་སུམ་ཅུ་རྩ་གསུམ་པའི་ལྷའི་གནས་ཡོད་ལ། ལྷུན་པོའི་ཕྱོགས་མཚམས་བཞི་ན། དཔག་ཚད་ལྔ་བརྒྱ་གྱེན་དུ་འཕགས་པའི་ཁང་པ་བརྩེགས་པ་བཞི་ཡོད་ལ་དེ་དག་ན། གནོད་སྦྱིན་ལག་ན་རྡོ་རྗེ་ཐོགས་པ་རྣམས་གནས་སོ། །ལྷུན་པོའི་རྩེ་མོའི་དབུས་ན། ལྷ་རྣམས་ཀྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ་ངོས་རེ་ལ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་རེ་ཡོད་པ་རྔམས་སུ་དཔག་ཚད་ཕྱེད་དང་གཉིས་སུ་མཐོ་བ་གསེར་གྱི་རང་བཞིན། འོག་གཞི་ཚོན་སྣ་བརྒྱས་བཀྲ་བར་བྱས་པ། ཤིང་བལ་ལྟར་རེག་ན་འཇམ་པ། རྐང་པ་བཏེགས་ན་པར་གྱིས་བྱེད་ཅིང་། བཞག་པ་ན་ནེམ་གྱིས་བྱེད་པའི་མཉེན་པ་དང་ལྡན་པའོ། །གྲོང་ཁྱེར་གྱི་དབུས་ན་རྣམ་པར་རྒྱལ་བའི་ཁང་བཟངས་ཞེས་བྱ་བ་ལྷའི་དབང་པོ་བརྒྱ་བྱིན་གྱི་གནས་ཡོད་དེ། རིན་པོ་ཆེ་ལས་གྲུབ་པ་གནས་གཞན་རྣམས་ཀྱི་དཔལ་ཟིལ་གྱིས་གནོན་པར་བྱེད་པ། ངོས་རེ་ལ་དཔག་ཚད་ཕྱེད་དང་སུམ་བརྒྱ་ཡོད་པའོ། །གྲོང་ཁྱེར་གྱི་ཕྱི་རོལ་གྱི་ཕྱོགས་བཞི་ན་ལྷ་རྣམས་ཀྱི་རྩེ་བའི་སྐྱེད་མོས་ཚལ་བཞི་ཡོད་དེ། འདི་ལྟར་སྟེ་སྐྱེད་མོས་ཚལ་ཤིང་རྟ་སྣ་ཚོགས་ཅན་དང་། རྩུབ་གྱུར་གྱི་ཚལ་དང་། འདྲེས་པའི་ཚལ་དང་། དགའ་བ་བཏུན་པའི་ཚལ་རྣམས་ཀྱི་བརྒྱན་ནོ། །སྐྱེད་ཚལ་དེ་དག་གི་ཕྱི་རོལ་དུ་དཔག་ཚད་ཉི་ཤུས་བཅད་པ་ན་ལྷ་རྣམས་ཀྱི་རྩེ་བའི་གནས་ས་གཞི་བཟང་པོ་ཕན་ཚུན་འགྲན་པ་ལྟ་བུ་མཛེས་པ་བཞི་ཡང་ཡོད་དོ། །གྲོང་ཁྱེར་གྱི་བྱང་ཤར་གྱི་མཚམས་ན་ཡོངས་འདུའི་ཤིང་ས་བརྟོལ་ཞེས་བྱ་བ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་འདོད་པའི་དགའ་བའི་མཆོག་གི་གནས་ཞིག་ཡོད་དེ། དེའི་རྩ་བ་ནི་དཔག་ཚད་ལྔ་ཐུར་དུ་ཟུག་གོ །འཕང་དུ་ནི་དཔག་ཚད་བརྒྱད་འཕགས་སོ། །ཡལ་ག་དང་། ལོ་མ་དང་། འདབ་མ་དག་ནི་དཔག་ཚད་ལྔ་བཅུར་ཁྱབ་སྟེ་གནས་སོ། །དེའི་མེ་ཏོག་དང་འདབ་མ་རྒྱས་པའི་དྲི་རྫི་ཕྱོགས་སུ་དཔག་ཚད་བརྒྱར་སྡང་ལ། རྫི་ཕྱོགས་མ་ཡིན་པར་དཔག་ཚད་ལྔ་བཅུར་སྡང་ངོ་། །ལྷོ་ནུབ་ཀྱི་མཚམས་གང་དུ་ལྷ་རྣམས་འཁོད་ནས་བྱ་བ་དང་བྱ་བ་མ་ཡིན་པ་སེམས་པར་བྱེད་པ་ལྷའི་འདུན་ས་ཆོས་བཟང་ཞེས་བྱ་བ་ཡོད་དེ། དེ་དག་ཀྱང་ཇི་སྐད་དུ། དེ་ལ་ལག་ན་གཞོང་ཐོགས་དང་། །རྟག་མྱོས་དང་ནི་འཕྲེང་ཐོགས་དང་། །རྒྱལ་ཆེན་བཞིའི་ལྷ་རྣམས་གནས། །ལྷུན་པོའི་རྩེ་ན་སུམ་ཅུ་གསུམ། །དེའི་ངོས་ལ་བརྒྱད་ཁྲིའོ། །ཕྱོགས་མཚམས་བརྩེགས་པ་བཞི་ལ་ནི། །ལག་ན་རྡོ་རྗེའི་གནས་དབུས་ན། །གྲོང་ཁྱེར་ལྟ་ན་སྡུག་ཅེས་པ། །ངོས་ལ་ཉིས་སྟོང་ལྔ་བརྒྱ་པ། །དཔག་ཚད་ཕྱེད་དང་གཉིས་གསེར་གྱིས། །རང་བཞིན་གཞི་བཀྲ་མཉེན་པ་ཡོད། །ཕྱི་རོལ་ཤིང་རྟ་སྣ་ཚོགས་དང་། །རྩུབ་གྱུར་འདྲེས་ཚལ་དགའ་བས་བརྒྱན། །དེ་དག་གི་ནི་ཕྱི་རོལ་ན། །ཉི་ཤུས་བཅད་ན་ས་གཞི་བཟང་། །བྱང་ཤར་མཚམས་ན་ཡོངས་འདུ་སྟེ། །ལྷོ་ནུབ་མཚམས་ན་ཆོས་བཟང་ངོ་། །ཞེས་པ་ལྟར་རོ། །ས་ལ་བརྟེན་པའི་ལྷ་རྣམས་ཀྱི་གནས་ནི་དེ་ལྟ་བུའོ། །སུམ་ཅུ་རྩ་གསུམ་དེའི་སྟེང་ན་ནམ་མཁའ་ལ་གནས་པའི་ལྷ་རྣམས་ཀྱི་གཞལ་མེད་ཁང་ཡོད་དེ། དེ་ལ་འདོད་པའི་ལྷ་རིས་དྲུག་གི་གནས་གཞན་བཞི་ནམ་མཁའ་ལ་གནས་པ་ནི་འཐབ་བྲལ་བ་དང་། དགའ་ལྡན་པ་དང་། འཕྲུལ་དགའ་བ་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་སོ། །འདོད་ལྷ་དྲུག་པོ་དེ་དག་གིས་འཁྲིག་པ་སྤྱོད་པའི་ཚུལ་ནི། འོག་མ་གཉིས་ནི་མི་བཞིན་དུ་གཉིས་ཀྱི་གཉིས་སྤྲོད་པར་བྱེད་ལ། འཐབ་བྲལ་པ་ལུས་འཁྱུད་པ་ཙམ་གྱིས་དང་། དགའ་ལྡན་པ་ལག་པ་བཅངས་པ་དང་། འཕྲུལ་དགའ་བ་རྒོད་པ་ཙམ་དང་། གཞན་འཕྲུལ་དབང་བྱེད་པ་ཕན་ཚུན་བལྟས་པས་འཁྲིག་པའི་གདུང་བ་སེལ་བར་བྱེད་དེ། འོག་མ་གཉིས་ལ་ཁུ་བ་མཚན་གྱི་སྒོ་ནས་རླུང་གི་ཚུལ་དུ་འབྱུང་གི་རགས་པ་མི་འབྱུང་ངོ་། །འཐབ་བྲལ་བ་ཡན་ཆད་ལ་ཁུ་བ་འབྱུང་བ་མེད་དོ། །དེ་དག་སྐྱེ་ཚུལ་ནི། རྒྱལ་ཆེན་རིགས་བཞི་པ་རྣམས་བྱིས་པ་ལོ་ལྔ་ལོན་པའི་བོངས་ཚོད་ཙམ་དང་། སུམ་ཅུ་རྩ་གསུམ་པ་རྣམས་ལོ་དྲུག་ལོན་པ་ཙམ་དང་། འཐབ་བྲལ་བ་རྣམས་ལོ་བདུན་ལོན་པ་ཙམ་དང་། དགའ་ལྡན་པ་རྣམས་ལོ་བརྒྱད་ལོན་པ་ཙམ་དང་། འཕྲུལ་དགའ་བ་རྣམས་ལོ་དགུ་ལོན་པ་ཙམ་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ལོ་བཅུ་ལོན་པ་ལྟ་བུའི་བར་དུ། ཕ་མ་གང་རུང་གི་པང་དུ་བརྫུས་ཏེ་སྐྱེའོ། །འདོད་ཁམས་པ་རྣམས། ངོ་ཚ་ཁྲེལ་ཡོད་ཤས་ཆུང་བས་ཕལ་ཆེར་གཅེར་བུར་སྐྱེ་ལ། གཟུགས་ཁམས་ཀྱི་ལྷ་རྣམས་ནི་ལུས་ཡོངས་སུ་རྫོགས་པ་དང་། གོས་དང་བཅས་པར་སྐྱེ་ལ། བསམ་གཏན་བཞི་པ་རྣམས་ནི། རང་གི་ཁང་པ་དང་བཅས་པར་སྐྱེ་ཞིང་། འོག་མ་རྣམས་ཀྱི་གཞལ་ཡས་ཁང་ནི། བསྐལ་པ་ཆགས་པའི་ཚེ་རང་གྲུབ་ཏུ་འབྱུང་གི་ཆེད་དུ་བྱ་མི་དགོས་སོ། །འདོད་ཡོན་ལ་དབང་བྱེད་པའི་ཚུལ་ནི་རང་གི་ལས་ཀྱི་ཇི་ལྟར་འབྱུང་བའི་ཕྱི་རོལ་གྱི་འདོད་ཡོན་ལ་དབང་བྱེད་པ་མི་དང་འདོད་ལྷ་འོག་མ་བཞི་རྣམས་ཡིན་ལ། རང་གིས་སྤྲུལ་པའི་འདོད་ཡོན་ལ་དབང་བྱེད་པའི་འཕྲུལ་དགའ་བ་རྣམས་ཏེ། དེ་དག་གིས་རང་གིས་ཆེད་དུ་འདོད་དོན་སྤྲུལ་པ་འགྲུབ་ཀྱི། གཞན་གྱི་ཆེད་དུ་སྤྲུལ་པ་མི་འགྲུབ་བོ། །བདག་གཞན་གཉིས་ཀས་སྤྲུལ་པའི་འདོད་དོན་ལ་དབང་བྱེད་པ་གཞན་འཕྲུལ་དབང་བྱེད་པ་སྟེ། དེ་དག་གིས་རང་དང་གཞན་གཉིས་ཀའི་ཆེད་དུ་འདོད་དོན་སྤྲུལ་པ་འགྲུབ་ཅིང་། རང་གིས་སྤྲུལ་པ་སྙིང་ལས་ཆུང་ངུས་གནས་པའི་ཆེད་དུ། གཞན་གྱི་སྤྲུལ་པ་ལ་ལོངས་སྤྱོད་དོ། །གསུམ་པ་ནི། སྡིག་པའི་ཆོས་བསལ་བའི་ཕྱིར་ཚངས་པ་ཞེས་བྱ་ལ་ཚངས་པ་དེའི་རིགས་སུ་གཏོགས་པའི་ཕྱིར་ཚངས་རིས་དང་། ཚངས་པ་ཆེན་པོའི་འདུན་ན་འདོན་ཏེ། ཚིག་འདོན་བདེ་བའི་ཕྱིར་ཚངས་པའི་འདུན་ན་འདོན་དང་། ཚེ་དང་ཁ་དོག་སོགས་ཚངས་པ་གཞན་པས་ཆེ་བས་ན་ཚངས་པ་ཆེན་པོ་སྟེ། གསུམ་པོ་དེ་ནི་བསམ་གཏན་དང་པོའི་གནས་གཞན་གསུམ་ཡིན་ནོ། །རང་གི་ས་གོང་མ་ལ་ལྟོས་ནས་འོད་ཆུང་བའི་ཕྱིར་འོད་ཆུང་དང་། འོད་ས་འོག་མ་ནས་ཚད་བཟུང་བར་མི་ནུས་པའི་ཕྱིར་ཚད་མེད་འོད་དང་། གནས་གཞན་ཀུན་གསལ་བར་བྱེད་པའི་ཕྱིར་འོད་གསལ་ཏེ། དེ་རྣམས་ནི་བསམ་གཏན་གཉིས་པའི་གནས་གཞན་གསུམ་ཡིན་ནོ། །ཡིད་ཀྱི་ས་པའི་བདེ་བ་ས་གོང་མ་ལ་ལྟོས་ནས། ཆུང་ངུ་ཡོད་པས་དགེ་ཆུང་དང་། བདེ་བ་དེ་ས་འོག་མ་བས་ཚད་བཟུང་བར་མི་ནུས་པའི་ཕྱིར་ཚད་མེད་དགེ་དང་། བདེ་བ་ཆེར་རྒྱས་པའི་ཕྱིར་དགེ་རྒྱས་རྣམས་ནི་བསམ་གཏན་གསུམ་པའི་གནས་གཞན་ཡིན་ནོ། །ས་གཞི་སྤྲིན་ཆགས་པ་ལྟར་འདབ་ཆགས་པ་མེད་པའི་ཕྱིར་སྤྲིན་མེད་དང་། མི་གཡོ་བའི་ལས་ལས་བྱུང་བའི་ཕྱིར་བསོད་ནམས་སྐྱེས་དང་། གནས་གཞན་དང་འབྲེལ་བའི་བྱིས་པ་ཀུན་ལས་འབྲས་བུ་ཆེ་བའི་ཕྱིར་འབྲས་བུ་ཆེ་རྣམས་བསམ་གཏན་བཞི་པའི་བྱིས་པའི་གནས་གཞན་ཡིན་ལ། སོ་སོ་སྐྱེ་བོ་དང་མ་འདྲེས་པའི་གནས་གཞན་གོང་མ་རྣམས་ལས་མི་ཆེ་བས་མི་ཆེ་བ་དང་། ཏིང་ངེ་འཛིན་ཁྱད་པར་ཅན་ཐོབ་པས་ཉོན་མོངས་པས་མི་གདུང་བའི་ཕྱིར་མི་གདུང་བ་དང་། རབ་ཏུ་ཞི་ཞིང་མིག་སྔར་མཛེས་པའི་ཕྱིར་གྱ་ནོམ་སྣང་བ་དང་། མཐོང་བའམ་ལྟ་བ་རྣམ་པར་དག་ཅིང་བཟང་བས་ཤིན་ཏུ་མཐོང་དང་། གནས་གཞན་ཡོད་པ་ལས་འདི་ལས་ཆུ་ཞིང་སོགས་ཡོན་ཏན་མཆོག་གཞན་མེད་པས་འོག་མིན་སྟེ་ལྔ་པོ་འདི་གནས་གཙང་མ་ཞེས་བྱ་སྟེ། སོ་སོ་སྐྱེ་བོ་དང་མ་འདྲེས་པའི་ཕྱིར་རོ། །དེ་དག་ནི་བསམ་གཏན་བཞི་པའི་འཕགས་པའི་གནས་གཞན་ཡིན་ནོ་སྟེ། ཚངས་པའི་འདུན་ན་འདོན་ནི། ཚངས་ཆེན་ལོགས་ན་གནས་གཞན་མེད་པས་དེའི་ཕྱིར་གཟུགས་ཀྱི་གནས་གཞན་བཅུ་དྲུག་ཡིན་ནོ། །གཟུགས་མེད་པའི་ཁམས་ན་གནས་གཞན་མེད་དེ། གཟུགས་མེད་པའི་ཕྱིར་རོ། །སྐྱེ་བའི་ཁྱད་པར་ལ་རྣམ་པ་བཞི་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་རྣམས་སོ ། །

འོ་ན་དེ་དག་གང་དུ་གནས་ཤེ་ན། གཟུགས་མེད་ཀྱི་ཏིང་ངེ་འཛིན་ཐོབ་པ་རྣམས་གང་དུ་ཤི་འཕོས་པ་དེ་ཉིད་ཀྱི་ནམ་མཁར་གཟུགས་མེད་ཀྱི་མིང་བཞིའི་ཕུང་པོ་གྲུབ་ནས་གནས་སོ། །དེ་ལྟར་ཡང་། གཟུགས་མེད་ཁམས་ན་གནས་མེད་དེ། །སྐྱེ་བ་ལ་ནི་རྣམ་པ་བཞི། །ཞེས་དང་། གཟུགས་མེད་གང་དུ་ཤི་བའོ། །ཞེས་བཤད་དོ། །གསུམ་པ་དེ་དག་གི་ཐུན་མོང་གི་ཁྱད་པར་བསྟན་པ་ལ་དྲུག །དང་པོ་གནས་དང་གནས་གཞན་གྱི་བར་གྱི་ཚད་བཤད་པ་ནི། འཛམ་བུ་གླིང་ནས་སུམ་ཅུ་རྩ་གསུམ་གྱི་བར་ལ་དཔག་ཚད་བརྒྱད་ཁྲི་ཡོད་ཅིང་། སུམ་ཅུ་རྩ་གསུམ་ནས་འཐབ་བྲལ་གྱི་བར་ལ་དཔག་ཚད་བརྒྱད་ཁྲི་ཡོད་དོ། །དེ་ཡན་ཆད་ཀྱི་གནས་གོང་མ་རྣམས་དང་གནས་འོག་མ་རྣམས་ཀྱི་བར་གྱི་ཚད་ནི་གོང་ནས་གོང་དུ་ཉིས་འགྱུར་དུ་བརྩི་བར་བྱའོ། །གནས་འོག་མ་འཛམ་བུའི་གླིང་ནས་འཐབ་བྲལ་ལ་ཅི་སྙེད་ཡོད་པ། འཐབ་བྲལ་ནས་དགའ་ལྡན་གྱི་བར་ལ་ཡང་ཡོད་པས་ན། འཛམ་བུ་གླིང་ནས་གྱ་ནོམ་སྣང་ལ་ཇི་སྙེད་ཡོད་པ། དེ་ནས་འོག་མིན་ལ་ཡོད་དེ། ཇི་སྐད་དུ། གནས་ནས་གནས་འོག་ཇི་སྲིད་པར། །དེ་ནས་དེའི་གོང་དེ་སྲིད། །ཅེས་བཤད་པ་ལྟར་རོ། །རྫུ་འཕྲུལ་དང་ལྡན་པའམ། གོང་མའི་ལྷས་ཁྲིད་པ་ལྟ་བུ་རྫུ་འཕྲུལ་གཞན་བརྟེན་མ་གཏོགས་པ། གནས་འོག་མ་པ་དེ་དག་གིས་གནས་གོང་མ་རྣམས་མཐོང་བ་མེད་དོ། །གཉིས་པ་ལུས་ཚད་ནི། འཛམ་བུ་གླིང་པའི་མི་རྣམས་ཀྱི་ལུས་ནི་རང་གི་ཁྲུ་བཞི་པའམ་ཕྱེད་དང་བཞི་པའི་ཚད་ཅན་ཡིན་ལ། ཤར་ལུས་འཕགས་པོ་དང་། ནུབ་བ་ལང་སྤྱོད་དང་། བྱང་སྒྲ་མི་སྙན་པ་རྣམས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྣམས་ཉིས་འགྱུར་དུ་བསྐྱེད། ཤར་པ་རྣམས་ཁྲུ་བརྒྱད། ནུབ་པ་རྣམས་བཅུ་དྲུག །བྱང་པ་རྣམས་སུམ་ཅུ་རྩ་གཉིས་པའོ། །ཐམས་ཅད་ཀྱང་རང་འཁྲུ་བཞི་པའོ། །འདོད་ལྷ་དྲུག་གི་ལུས་ཀྱི་ཚད། རྒྱལ་ཆེན་རིགས་བཞི་པ་རྣམས་རྒྱང་གྲག་བཞི་ཆ་དང་། གོང་མ་རྣམས་འོག་མ་འོག་མ་ལས་རྒྱང་གྲག་བཞི་ཆ་རེ་འཕེལ་ཏེ། གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ལུས་ཚད་རྒྱང་གྲག་ཕྱེད་དང་གཉིས་ཀྱི་བར་འགྱུར་བར་ཤེས་པར་བྱའོ། །གཟུགས་ཅན་དང་པོ་ཚངས་རིས་པ་རྣམས་ཀྱི་ལུས་ཚད་ནི་དཔག་ཚད་ཕྱེད་ཡིན་ལ། དེའི་གོང་མ་འོད་ཆུང་བ་མན་ཆད་འོག་མ་འོག་མ་ལས་གོང་ནས་གོང་དུ་དཔག་ཚད་ཕྱེད་ཕྱེད་བསྐྱེད་སྟེ་འོད་ཆུང་དཔག་ཚད་གཉིས་ཀྱི་བར་དུ་ཤེས་པར་བྱའོ། །འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད་འོག་མིན་གྱི་བར་ནི། འོག་མ་རྣམས་ལས་གོང་མ་རྣམས་ལུས་ཉིས་འགྱུར་ཉིས་འགྱུར་དུ་ཤེས་པར་བྱ་སྟེ། ཞེས་སྤྱིར་བཏང་ནས་དམིགས་ཀྱིས་བསལ་བ་ནི། སྤྲིན་མེད་པའི་ལུས་ཚད་འོག་མ་ལས་ཉིས་འགྱུར་དུ་བརྩིས་པའི་ཚད་ལས་དཔག་ཚད་གསུམ་དོར་ནས་བརྒྱ་དང་ཉི་ཤུ་ལ་ལྔའི་ཚད་ཅན་དུ་ཤེས་པར་བྱའོ། །དེ་ལྟར་ན་འོག་མིན་པའི་ལུས་ཚད་ཁྲི་དྲུག་སྟོང་དུ་འགྱུར་རོ། །འོན་ཀྱང་ཁམས་གོང་མའི་ལྷ་དེ་དག་གི་ལུས་ནི་ཏིང་ངེ་འཛིན་གྱིས་དབང་བསྒྱུར་བའི་ཕྱིར་གང་ལ་ཡང་ཐོགས་པ་མེད་ཅིང་འདོད་ན་སྨྱུག་གུའི་རྩེ་མོས་ཕུག་པའི་ཁྱོན་ཙམ་དུ་འཁོད་ཀྱང་གཅིག་ལ་གཅིག་ཐོགས་པ་མེད་པར་བཤད་དོ། །དེ་དག་ཀྱང་། འཛམ་བུ་གླིང་པ་རྣམས་ཀྱི་ཚད། ཁྲུ་བཞི་པ་དང་ཕྱེད་དང་བཞི། །ཤར་དང་བ་ལང་སྤྱོད་དང་ནི། །བྱང་ཞེས་བྱ་བ་ཉིས་འགྱུར་བསྐྱེད། །འདོད་དང་ལྡན་པའི་ལྷའི་ལུས། །བཞི་ཆ་ནས་ནི་རྒྱང་གྲག་དག །ཕྱེད་དང་གཉིས་ཀྱི་བར་དུ་བསྐྱེད། །གཟུགས་ཅན་དང་པོ་དཔག་ཚད་ཕྱེད། །དེའི་གོང་མ་ཕྱེད་ཕྱེད་བསྐྱེད། །འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད། །ལུས་ཀྱི་ཉིས་འགྱུར་ཉིས་འགྱུར་བསྐྱེད། །སྤྲིན་མེད་དཔག་ཚད་གསུམ་དེར་རོ། །ཞེས་བཤད་པ་ལྟར་རོ། །ངན་སོང་གསུམ་གྱི་ལུས་ཚད་ལ་ནི། ངེས་པ་མེད་པའི་ཕྱིར་ཆོས་མངོན་པ་ལ་སོགས་དང་། ཅི་རིགས་པ་མདོ་དྲན་པ་ཉེར་བཞག་སོགས་སུ་ཤེས་པར་བྱའོ། །གསུམ་པ་ཚེ་ཚད་ནི། སྒྲ་མི་སྙན་པ་རྣམས་ཀྱི་ཚེ་ཚད་ནི་ལོ་སྟོང་སྟེ། ནུབ་བ་ལང་སྤྱོད་པ་དང་། ཤར་ལུས་འཕགས་པོ་གཉིས་ནི་སྔ་མ་སྔ་མ་ལས་ཕྱི་མ་རྣམས་ཚེའི་ཚད་ཕྱེད་ཕྱེད་སྤངས་ནས། ནུབ་པ་ལོ་ལྔ་བརྒྱ་དང་། ཤར་པ་ལོ་ཉིས་བརྒྱ་ལྔ་བཅུའོ། །འཛམ་བུ་གླིང་འདི་ན་མི་རྣམས་ཀྱི་ཚེ་ངེས་པ་མེད་དེ། རེས་ཐུང་ཞིང་། རེས་རིང་པོར་འགྱུར་བས་ཐ་མའང་ཚེ་ཐུང་བར་འ གྱུར་བས་ཚེ་ལོ་བཅུ་པར་འགྱུར་ཞིང་བསྐལ་པ་དང་པོའི་མི་རྣམས་ཀྱི་ཚེ་ནི་དཔག་ཏུ་མེད་དེ། སྟོང་ལ་སོགས་པས་བགྲང་དུ་མེད་པའི་ཕྱིར་རོ། །ལྷ་རྣམས་ཀྱི་ཚེ་ཚད་ནི། མི་རྣམས་ཀྱི་ལོ་ལྔ་བཅུ་ལ་རྒྱལ་ཆེན་རིགས་བཞི་པའི་ཉིན་ཞག་གཅིག་ཡིན་ལ། དེ་སུམ་ཅུ་ལ་ཟླ་བ་དང་། དེ་བཅུ་གཉིས་ལ་ལོར་བྱས་པའི་རང་ལོ་ལྔ་བརྒྱ་པ་རྒྱལ་ཆེན་རིགས་བཞི་པ་དག་གིས་ཐུབ་བོ། །ཞག་དང་ཚེའི་ཚད་གཉིས་ཀ་སུམ་ཅུ་རྩ་གསུམ་དང་ཡན་ཆད་འོག་མ་འོག་མ་རྣམས་ལས་གོང་མ་གོང་མ་ཉིས་འགྱུར་གྱི་ཆེ་སྟེ། མི་ལོ་བརྒྱ་ལ་སུམ་ཅུ་རྩ་གསུམ་པའི་ཞག་གཅིག་དང་། དེའི་ལོ་སྟོང་ཐུབ་ཅེས་སོགས་ཤེས་པར་བྱའོ། །གཟུགས་ཅན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི། རང་ལུས་འཇལ་བྱེད་ཀྱི་དཔག་ཚད་རེ་རེ་དང་བསྐལ་པ་རེ་མཉམ་པར་བྱས་པའི་དཔག་ཚད་ཅི་ཙམ་ཡོད་པའི་ཚེའི་ཚད་ཀྱི་བསྐལ་པ་བརྩི་བར་བྱ་སྟེ། དེ་ལ་ཚངས་རིས་ནས་ཚངས་ཆེན་གྱི་བར་ནི་བསྐལ་ཆེན་ཕྱེད་ལ་བསྐལ་པར་བྱས་ནས་བ རྩི་ལ། འོད་ཆུང་ནས་བཟུང་སྟེ་བསྐལ་པ་ཆེན་པོའི་ཚད་ཀྱིས་བརྩི་བར་བྱའོ། །དེ་ལྟར་ན་ཚངས་རིས་བར་བསྐལ་ཉི་ཤུ་དང་། ཚངས་པའི་འདུན་ན་འདོན་བར་བསྐལ་བཞི་བཅུ་ལ་བསྐལ་པར་བྱས་པའི་བ སྐལ་ཆེན་གཅིག་དང་། ཚངས་ཆེན་བར་བསྐལ་དྲུག་ཅུ་ལ་བསྐལ་པ་ཕྱེད་དང་གཉིས་བྱས་པ་ནས། འོད་ཆུང་བསྐལ་ཆེན་གཉིས་དང་། འོག་མིན་བསྐལ་ཆེན་ཁྲི་དྲུག་སྟོང་ཐུབ་བོ། །ཞེས་ཤེས་པར་བྱའོ། །གཟུགས་མེད་པ་རྣམས་ནི་འོག་མ་རྣམས་ལས་གོང་མ་རྣམས་བསྐལ་པ་སྟོང་ཕྲག་ཉི་ཤུ་ཉི་ཤུས་ལྷག་པར་འཕེལ་སྟེ། དེ་ལྟར་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་པས་ཉི་ཁྲི་དང་། སྲིད་རྩེ་པས་བརྒྱད་ཁྲི་ཐུབ་པའི་བར་དུའོ། །དམྱལ་བའི་ཚེ་ཚད་ནི། ཡང་སོས་ནས་ཚ་བའི་བར་དྲུག་གི་ཚེའི་ཚད་འདོད་ལྷ་དྲུག་གི་ཚེའི་ཚད་རྣམས་གོ་རིམ་བཞིན་དུ་དེ་དག་གི་ཞག་གི་ཚད་དུ་འགྱུར་ལ་ཚེའི་ཚད་ཀྱི་ལོ་གྲངས་ནི་འདོད་ལྷ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་རྒྱལ་ཆེན་རིགས་བཞི་པའི་ཚེ་ཚད་ནི། ཡང་སོས་པའི་ཞག་གཅིག་ལ་དེའི་རང་ལོ་ལྔ་བརྒྱ་ཚེ་ཚད་ཡིན་ཞིང་། གཞན་འཕྲུལ་དབང་བྱེད་པའི་ཚེ་ཚད་ཚ་བ་པའི་ཞག་གཅིག །ལོ་ཡང་དེའི་ལོ་གྲངས་དང་མཉམ་མོ། །རབ་ཏུ་ཚ་བ་བར་གྱི་བསྐལ་པ་ཕྱེད་དང་། མནར་མེད་པའི་ཚེ་ཚད་བར་གྱི་བསྐལ་པ་གཅིག་ཐུབ་བོ། །དུད་འགྲོ་ཚེ་རིང་བ་ཀླུ་ལ་སོགས་པ་རྣམས་ཀྱི་བར་གྱི་བ སྐལ་བ་གཅིག་ཐུབ་སྟེ། ལུང་ལས། དགེ་སློང་དག་ཀླུ་ཆེན་པོ་བརྒྱད་པོ་འདི་དག་ནི་བསྐལ་པར་གནས་པ་འཛིན་པའོ། །ཞེས་བཤད་དོ། །མིའི་ཟླ་བ་གཅིག་ལ་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་ཡི་དྭགས་རྣམས་ཀྱི་ཚེ་ཚད་ཡིན། བཤེས་སྤྲིང་དུ། ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། །ཞེས་བཤད་པ་ལྟར་རོ། །གྲང་དམྱལ་རྣམས་ཀྱི་ཚེ་ཚད་ནི། མ་ག་དའི་བྲེ་ཚད་ཀྱི་ཁལ་བརྒྱད་ཅུ་ཤོང་བའི་ཏིལ་གྱི་སྦྱངས་གཅིག་ནས་ལོ་བརྒྱ་བརྒྱ་ནས་ཏིལ་རེ་ཕྱུང་བས་སྦྱངས་དེ་ཟད་པར་གྱུར་པ་ནི་ཆུ་བུར་ཅན་གྱི་ཚེའི་ཚད་ཡིན་ལ་འོག་མ་རྣམས་ན་སྔ་མ་ལས་ཉི་ཤུ་འགྱུར་དུ་འཕེལ་བར་བརྩིའོ། །དེ་དག་ཀྱང་ཇི་སྐད་དུ། སྒྲ་མི་སྙན་ན་ཚེ་སྟོང་སྟེ། །གཉིས་ན་ཕྱེད་ཕྱེད་སྤངས་པའོ། །འདི་ན་མ་ངེས་ཐ་མ་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །མི་རྣམས་ལོ་ནི་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ཀྱི། །འོག་མ་དག་གི་ཉིན་ཞག་གཅིག །གོང་མ་གཉིས་ཀ་ཉིས་འགྱུར་རོ། །གཟུགས་ཅན་ཉིན་མཚན་མེད་ཚེ་ནི། །རང་ལུས་གཞལ་བའི་བསྐལ་པ་ཡིན། །གཟུགས་མེད་བསྐལ་པ་སྟོང་ཕྲག་ནི། །ཉི་ཤུ་ལྷག་པ་ལྷག་པ་ཡིན། །འོད་ཆུང་ནས་བཟུང་བསྐལ་ཆེན་ཏེ། །དེའི་འོག་མ་ཕྱེད་ཡིན་ནོ། །ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་འདྲ་བ་ཡིན། །རབ་ཏུ་ཚ་ཕྱེད་མནར་མེད་ནི། །བར་གྱི་བསྐལ་པ་དུད་འགྲོ་ནི། །མཆོག་རིང་བསྐལ་པའོ་ཡི་དྭགས་རྣམས། །ཟླ་བ་ཉིན་ཞག་གིས་ལྔ་བརྒྱ། །ཏིལ་སྦྱངས་ནས་ནི་ལོ་བརྒྱ་ཞིང་། །ཏིག་གཅིག་ཕྱུང་བས་ཟད་གྱུར་པས། །ཆུ་བུར་ཅན་གྱི་ཚེ་ཚད་ཡིན། །གཞན་གྱི་ཚེ་ནི་ཉི་ཤུར་འགྱུར། །ཞེས་བཤད་པ་ལྟར་རོ། །ཐམས་ཅད་ཀྱང་རང་གི་ཚེ་ཚད་ལྟར་ཐུབ་པར་ངེས་སམ་ཞེ་ན། སྒྲ་མི་སྙན་པ་ཚེ་ཚད་བཞིན་ངེས་པར་ཐུབ་ལ། གཞན་གྱི་ཚེ་ཚད་རྫོགས་པ་མི་ནུས་ཏེ། དུས་མ་ཡིན་པར་ཡང་འཆི་བ་ཡོད་དོ། །

བཞི་པ་སྐྱེ་གནས་ཀྱི་ཁྱད་པར་ནི། སེམས་ཅན་རྣམས་ཀྱི་སྐྱེ་གནས་ནི། སྒོང་ང་ལས་སྐྱེས་པ་ལ་སོགས་པ་རྣམ་པ་བཞི་ཡིན་ནོ། །དེ་ལ་བརྫུས་སྐྱེས་ནི། དབང་པོ་རྣམས་ཅིག་ཅར་གྲུབ་ཅིང་ཅིག་ཅར་འགག་ལ། གཞན་གསུམ་ནི་རིམ་གྱིས་གྲུབ་ཅིང་། རིམ་གྱིས་འགག་གོ །དེ་ལ་མི་དང་དུད་འགྲོ་ལ་སྐྱེ་གནས་རྣམ་པ་བཞི་ཀ་ཡོད་དེ། དེ་ལ་དུད་འགྲོ་བརྫུས་སྐྱེས་ནི། ཀླུ་ཁ་ཅིག་བརྫུས་ཏེ་སྐྱེ་བ་ཡོད་དོ། །མི་བརྫུས་སྐྱེས་ནི་བསྐལ་པ་དང་པོའི་མི་རྣམས་སོ། །དུད་འགྲོའི་སྐྱེ་གནས་གཞན་གསུམ་ནི་གོ་སླའོ། །དམྱལ་བ་དང་ལྷ་དང་སྲིད་པ་བར་མ་ཐམས་ཅད་བརྫུས་སྐྱེས་ཁོ་ན་ཡིན་ལ། ཡི་དྭགས་ཕལ་ཆེར་བརྫུས་སྐྱེས་ཡིན་ལ་མངལ་ནས་སྐྱེ་བ་ཡང་ཡོད་དེ། འཕགས་པ་མོའུ་འགལ་གྱི་བུ་ལ་ཡི་དྭགས་མོ་གཅིག་གིས་སྨྲས་པ། བདག་ནི་མཚན་མོ་བུ་ལྔ་དང་། དེ་བཞིན་ཉིན་མོ་བུ་ལྔ་དག་བསྐྱེད་ནས་དེ་དག་ཟ་མོད་ཀྱི། འོན་ཀྱང་བདག་ལ་ཚིམ་པ་མེད་ཅེས་བཤད་དོ། །མི་སྒོང་སྐྱེས་ནི། རྒྱ་མཚོར་གྲུ་ཆག་པའི་མི་ཞིག་ཤིང་ལེབ་ལ་འཇུས་པས་གླིང་ལ་ཆགས་ནས་དེ་དང་ཁྲུང་ཁྲུང་མོ་འདུས་པས་སྒོང་ང་གཉིས་སྐྱེས་ནས་དེ་ལ་གནས་བརྟན་བྲག་དང་ཉེ་བའི་བྲག་ཅེས་བྱ་བ་བྱུང་བ་དང་། རྒྱལ་པོ་ལྔ་ལེན་གྱི་བུ་ལྔ་བརྒྱ་བཙུན་མོ་ལ་སྒོང་ང་ལྔ་བརྒྱ་བཙས་པ་ལས་སྐྱེས་པ་སོགས་ཡིན་ནོ། །དྲོད་གཤེར་སྐྱེས་ནི་རྒྱལ་པོ་ཚངས་སྦྱིན་གྱི་སྤྱི་བོའི་ཤ་འབུར་ལས་ང་ལས་ནུ་སྐྱེས་ཤིང་། ང་ལས་ནུའི་བླ་གཡས་པ་ལས་རྒྱལ་པོ་མཛེས་པ་དང་། མཛེས་པའི་བླ་གཡོན་པ་ལས་ཉེ་མཛེས་སྐྱེས་པ་དང་། ཡངས་པ་ཅན་གྱི་ཨ་མྲའི་ཚལ་དུ་ཨ་མྲ་སྐྱོ་མ་སྐྱེས་པ་ལྟ་བུ་དྲོད་གཤེར་ལས་སྐྱེས་པ་ཡིན་ནོ། །

ལྔ་པ་འཇལ་བྱེད་ཀྱི་ཚད་བཤད་པ་ལ་ལྔ། ཕྱོགས་ཆའི་འཇལ་བྱེད་ནི། དཔག་ཚད་ཀྱི་ཚད་ཀྱིས་གནས་དང་། ལུས་ཀྱི་ཚད་རྣམས་བཤད་ལ། ལོའི་ཚད་ཀྱིས་ཚེའི་ཚད་བཤད་ན། དེ་དག་གི་ཚད་མ་བཤད་པས། དེ་དག་གི་ཚད་གང་ཡིན་ཞེ་ན། དཔག་ཚད་ཀྱི་ཚད་ནི་རྡུལ་ཕྲ་རབ་ནས་སོར་མོའི་བར་འདི་དག་ནི། སྔ་མ་རྣམས་ལས་ཕྱི་མ་རྣམས་གོང་ནས་གོང་དུ་བདུན་འགྱུར་དུ་བརྩི་བར་བྱ་སྟེ། རྡུལ་ཕྲ་རབ་བདུན་ནི་རྡུལ་ཕྲན་དང་། དེ་བདུན་ནི་ལྕགས་རྡུལ་དང་། དེ་བདུན་ནི་ཆུ་རྡུལ་དང་། དེ་བདུན་ནི་རི་བོང་གི་རྡུལ་དང་། དེ་བདུན་ནི་ལུག་རྡུལ་དང་། དེ་བདུན་ནི་གླང་རྡུལ་དང་། དེ་བདུན་ཉི་ཟེར་གྱི་རྡུལ་དང་། དེ་བདུན་ལ་སྲོ་མ་དང་། དེ་བདུན་ལ་སྲོ་མ་དེ་ལས་བྱུང་བ་ཤིག་དང་། དེ་བདུན་ལ་ནས་དང་། དེ་བདུན་ལ་སོར་མོའི་ཚིགས་ཞེས་བྱའོ། །སོར་མོའི་ཚིགས་ཉི་ཤུ་བཞི་ལ་ཁྲུ་གང་དང་། ཁྲུ་བཞི་ལ་གཞུ་འདོམ་གང་དང་། གཞུ་འདོམ་ལྔ་བརྒྱ་ལ་རྒྱང་གྲག་ཞེས་བྱ་ལ། གྲོང་ནས་རྒྱང་གྲགས་གཅིག་འཕགས་པ་ལ་དགོན་པར་འདོད་དོ། །རྒྱང་གྲགས་དེ་བརྒྱད་ལ་དཔག་ཚད་ཞེས་བྱའོ། །གཉིས་པ་དུས་ཆའི་འཇལ་བྱེད་ནི། ལོའི་ཚད་ནི་རྡུལ་ཕྲ་རབ་གཅིག་བླ་འོག་འདྲེ་བའི་བར་དུས་མཐའི་སྐད་ཅིག་མ་ཡིན་ལ། དུས་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་ཅེས་བྱ་ལ། དེའི་སྐད་ཅིག་དེ་དག་ཀྱང་དྲུག་ཅུ་ལ་ཐང་ཅིག་གོ །ཡུད་ཙམ་དང་། ཉིན་ཞག་དང་། ཟླ་བའི་ཚད་རྣམས་ནི་སྔ་མ་ལས་ཕྱི་མ་རྣམས་གོང་ནས་གོང་དུ་སུམ་ཅུར་འགྱུར་ཏེ། ཐང་ཅིག་སུམ་ཅུ་ལ་ཡུད་ཙམ་དང་། དེ་སུམ་ཅུ་ལ་ཉིན་ཞག་དང་། དེ་སུམ་ཅུ་ལ་ཟླ་བའོ། །མཛོད་དུ། དགུན་དང་སྤྱི་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་རྣམས་ཀྱི། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་དོར། །ཞེས་གསུངས་པས་རགས་རྩིས་ལ། ཟླ་བ་གཉིས་གཉིས་ན་ཞག་མི་ཐུབ་པ་རེ་རེ་དོར་བས་ལོ་གཅིག་ལ་ཞག་གི་ཤོལ་དྲུག་ལས་མེད་ཀྱང་། ཞིབ་མོར་བརྩིས་ན། ཤོལ་ཞག་གྲངས་བཅུ་གཅིག་ཡོང་བས། དེ་དག་དང་བཅས་པའི་ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིའོ། །དེས་ན་ཚེས་ཞག་གི་ཟླ་བ་བཅུ་གཉིས་ཞག་ཤོལ་བཅུ་གཅིག་དང་བཅས་པ་དང་། ཉིན་ཞག་སུམ་ཅུ་ལ་ཟླ་བར་བྱས་པའི་ཟླ་བ་བཅུ་གཉིས་དོན་གཅིག་པས། ཉིན་ཞག་བརྩིས་པའི་ཟླ་བ་བཅུ་གཉིས་ལོ་གཅིག་ཡིན་ནོ། །ཞག་མི་ཐུབ་པ་དྲུག་བྱུང་ཡང་། ལོའི་རྩིས་ལ་དེ་མི་གཏོགས། ཞེས་ཟེར་བ་ནི་ནོར་བ་སྟེ། ཞག་མི་ཐུབ་པ་དྲུག་ལོ་ལ་མི་རྩི་ན་ཞག་ཤོལ་དང་བཅས་པའི་ཟླ་བ་བཅུ་གཉིས་ལོ་ཡིན་པར་ཁས་བླངས་པ་དང་འགལ་བ་དང་། ཞག་མི་ཐུབ་དང་བཅས་པའི་ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཅེས་པའི་ལུང་དང་འགལ་བའི་ཕྱིར་རོ། །གསུམ་པ་ཉི་མའི་བགྲོད་པ་འཇུག་ལྡོག་ནི། དགུན་ར་བ་འགོ་ཅན་གྱི་ཟླ་བའི་སྨད་དམ། དགུན་ཟླ་འབྲིང་པོའི་རྒྱལ་གྱི་ཟླ་སྟོད་ལ་དགུན་ཉི་ལྡོག་པས། ལྷོའི་ཉི་གྲིབ་བྱང་ནས་ལྡོག་ལ། དེ་ནས་ཟླ་བ་དྲུག་ཞག་དྲུག་འདས་པ་ན་དབྱར་ཉི་ལྡོག་པས། བྱང་གི་ཉི་གྲིབ་ལྷོ་ནས་ལྡོག་གོ །ད་ལོའི་དགུན་ཉི་ལོག་པ་ནས་སང་གི་དགུན་ཉི་ལྡོག་པའི་བར་གྱི་ལྡོག་མཚམས་གཉིས་པོ་ལོ་གཅིག་གི་ཚད་དེ། དེ་ལ་ཉིན་ཞག་སུམ་བརྒྱ་དྲུག་ཅུ་ཡོད་ལ་ཚེས་ཞག་བདུན་ཅུ་རྩ་གཅིག་ཡོད་དོ། །བཞི་པ་ཉིན་མཚན་རིང་ཐུང་མཉམ་ཚུལ་ནི། དགུན་ཉི་ལོག་ནས་ཟླ་བ་གསུམ་དང་ཞག་གསུམ་འདས་པ་ན་དཔྱིད་ཉིན་མཚན་མཉམ་ཞིང་། དབྱར་ཉི་ལོག་ནས་དེ་ཙམ་འདས་པ་ན་སྟོན་ཉིན་མཚན་མཉམ་མོ། །ལྔ་པ་ཟླ་ལྷག་འབྱུང་བའི་དུས་ངེས་ནི། བྱེད་རྩིས་དང་བསྟུན་ཏེ། ཞིབ་མོར་བརྩིས་ན། ཟླ་བ་ཕྱེད་དང་བཅས་པའི་ཟླ་བ་སུམ་ཅུ་རྩ་གཉིས་ན་ཟླ་ལྷག་ངེས་པར་འབྱུང་བར་འགྲེལ་པ་དྲི་མེད་འོད་དུ་བཤད་དོ། །

དྲུག་པ་སྟོང་གསུམ་གྱི་ཚད་བཤད་པ་ནི། གླིང་བཞི་པ་ཉི་ཟླ་ཚངས་པའི་འཇིག་རྟེན་དང་བཅས་པ་བྱེ་བ་ཕྲག་བརྒྱ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ། དེ་ནི་མེ་ལ་སོགས་པས་འཇིག་པ་ན་ཡང་། མཉམ་དུ་འཇིག་ཅིང་འབྱུང་བ་ན་ཡང་མཉམ་དུ་འབྱུང་བ་སྟེ། དེ་ནི་སངས་རྒྱས་རེ་རེའི་གདུལ་བྱའི་ཞིང་རེ་ཡིན་ཏེ། དེར་སངས་རྒྱས་གཉིས་སྔ་ཕྱི་མེད་པར་གཅིག་ཅར་འབྱུང་གནས་མེད་ཅིང་གོ་སྐབས་མེད་དོ། །དེ་ཡང་མཛོད་དུ། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་དག་ཏུ་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་སུ་འདོད། །དེ་སྟོང་ལ་ནི་སྟོང་གསུམ་མོ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཅེས་བཤད་དོ། །

གཉིས་པ་འཇིག་ཆགས་ཀྱི་བསྐལ་པ་བཤད་པ་ལ་ལྔ་ལས། དང་པོ་འཇིག་པའི་བསྐལ་པ་བཤད་པ་ནི། ཅི་ཙམ་ན་བསྐལ་པ་འཇིག་པ་ཞེས་བྱ་ཞེ་ན། འཇིག་པའི་བསྐལ་པ་དམྱལ་བའི་སྲིད་པ་སྟོང་པ་ནས་བཟུང་སྟེ། སྣོད་ཀྱི་འཇིག་རྟེན་མ་ལུས་པར་ཟད་ཀྱི་བར་སྟེ། དེ་ལ་བ སྐལ་པ་འཇིག་པ་ནི་གཉིས་ཏེ། སེམས་ཅན་འཇིག་པ་དང་སྣོད་འཇིག་པའོ། །དེ་ལ་གང་གི་ཚེ་སེམས་ཅན་དམྱལ་བ་པ་རྣམས་ཤི་འཕོས་ནས་ལས་ཟད་པ་རྣམས་འགྲོ་བ་གཞན་དུ་སྐྱེ་ཞིང་། མ་ཟད་པ་རྣམས་འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བར་སྐྱེ་བར་འགྱུར་ཞིང་། འདིར་སེམས་ཅན་དམྱལ་བ་གསར་དུ་མི་སྐྱེ་བ་ན། བསྐལ་པ་འཇིག་པའི་མགོ་བརྩམ་པ་ཡིན་ཞིང་རིམ་པ་དེས་དམྱལ་བ་མ་ལུས་པ་ཟད་ཅིང་། ཡི་དྭགས་དུད་འགྲོ་རྣམས་ཀྱང་དེ་བཞིན་དུ། འགྲོ་བ་གཞན་དང་འཇིག་རྟེན་གཞན་དུ་འཕོས་པའི་ཚུལ་གྱིས་ཟད་པར་འགྱུར་ཞིང་། དུད་འགྲོ་རྒྱ་མཚོ་ན་གནས་པ་རྣམས་སྔར་ཟད་ཅིང་། མི་དང་ལྷན་ཅིག་ཏུ་རྒྱུ་བ་རྣམས་དེ་དང་ལྷན་ཅིག་ཏུ་འཇིག་གོ། མི་དག་ལས་གང་ཡང་རུང་བ་ཞིག་གིས་སློབ་དཔོན་མེད་པར་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ཐོབ་ཅིང་། དེའི་རྗེས་སུ་མི་གཞན་རྣམས་ཀྱི་བཞུགས་པས་བསམ་གཏན་དང་པོ་པ་ཐོབ་སྟེ། ཤི་འཕོས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེའོ། །སྒྲ་མི་སྙན་པ་དག་ལ་ཆགས་བྲལ་མེད་པས་ཤི་ནས་སུམ་ཅུ་རྩ་གསུམ་དུ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་རྒྱལ་ཆེན་རིགས་བཞི་པ་ལ་སོགས་པ་འདོད་པའི་ལྷ་རྣམས་ཀྱིས་ཀྱང་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ཅིང་ཤི་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་ལ་རིམ་པ་དེས་ན་འདོད་པར་སེམས་ཅན་གཅིག་ཀྱང་མ་ལུས་པའི་ཚེ་འདོད་པའི་འཇིག་རྟེན་ཞིག་པ་ཞེས་བྱའོ། །ཚངས་པའི་འཇིག་རྟེན་སེམས་ཅན་གང་ཡང་རུང་བ་གཅིག་གིས་བསམ་གཏན་གཉིས་པ་ཆོས་ཉིད་ཀྱིས་ཐོབ་ཅིང་གཞན་དག་ཀྱང་དེའི་རྗེས་སུ་སློབ་པ་ཐམས་ཅད་ཀྱང་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་ཅིང་། ཤི་ནས་འོད་གསལ་དུ་སྐྱེ་སྟེ། ཚུལ་དེས་སེམས་ཅན་གཅིག་ཀྱང་མ་ལུས་པ་ན་ཚངས་པའི་འཇིག་རྟེན་འཇིག་པ་ཞེས་བྱའོ། །དེ་ནས་སྣོད་སྟོང་པ་དེ་ཉིད་ཉི་མ་བདུན་རིམ་གྱིས་བྱུང་བས་རི་རབ་ཀྱི་མཐར་ཐུག་པར་བསྲེགས་ཤིང་། མེ་ལྕེ་རླུང་གིས་ཁྱེར་བས་ཚངས་པའི་འཇིག་རྟེན་ཡང་སྲེག་གོ །དེ་བཞིན་དུ་ཆུས་འཇིག་པ་ན། ལྷ་དང་མི་དག་བསམ་གཏན་གསུམ་པར་སྐྱེ་ཞིང་། དེ་ཉིད་ལས་བྱུང་བའི་ཆུས་སྣོད་ལན་ཚྭ་ཆུས་ཞུ་བར་བྱེད་པ་བཞིན་དུ་མེད་པར་བྱེད་དོ། །རླུང་གིས་འཇིག་པ་ན། བསམ་གཏན་བཞི་པར་སྐྱེ་ཞིང་ལུས་རླུང་ནད་ཀྱིས་སྐམ་པ་བཞིན་དུ་སྣོད་རླུང་གིས་སྐེམས་ཤིང་མེད་པར་བྱེད་དོ། །

གཉིས་པ་ཆགས་ཚུལ་ནི། འཇིག་རྟེན་ཆགས་པ་ནི་དང་པོ་ནམ་མཁའ་སྟོང་པ་ལ་སེམས་ཅན་གྱི་ལས་ཀྱི་དབང་གིས་སྣོད་ཀྱི་སྔ་ལྟས་སུ་གྱུར་པའི་རླུང་འཇམ་པོ་ལངས་པ་ནས་བཟུང་སྟེ། དམྱལ་བའི་སྲིད་པར་སེམས་ཅན་གཅིག་སྐྱེ་བ་རྫོགས་ཀྱི་བར་དུ་སྟེ། དེ་ཡང་དང་པོ་ཚངས་པའི་འཇིག་རྟེན་ནས་འཐབ་བྲལ་གྱི་བར་གྱི་གཞལ་མེད་ཁང་རྣམས་ཡས་རིམ་གྱི་སྤྲུལ་པ་ལྟ་བུར་ཆགས་ལ། དེའི་འོག་ཏུ་ས་ལ་བརྟེན་པ་རྣམས་ནི་རླུང་གི་དཀྱིལ་འཁོར་ནས་མས་རིམ་དུ་ཆགས་སོ། །དེ་ནས་སེམས་ཅན་གང་ཡང་རུང་བ་གཅིག་འོད་གསལ་ནས་ཤི་འཕོས་ནས་ཚངས་པའི་གཞལ་མེད་ཁང་སྟོང་པར་སྐྱེ་བར་འགྱུར་ལ་དེ་ནི་ཚངས་པ་ཆེན་པོར་འགྱུར་ཞིང་། དེའི་འོག་ཏུ་སེམས་ཅན་གཞན་དག་ཀྱང་ཤི་འཕོས་ནས་ཚངས་པའི་འདུན་ན་འདོན་དུ་སྐྱེ་བར་འགྱུར་རོ། །དེ་ནས་རིམ་གྱིས་ལྷ་དང་། མི་དང་། ངན་སོང་གསུམ་ཆགས་ཤིང་གང་གི་ཚེ་དམྱལ་བ་མནར་མེད་པར་སེམས་ཅན་གཅིག་སྐྱེས་པ་དེའི་ཚེ་ཆགས་པ་རྫོགས་པ་ཞེས་བྱའོ། །

གསུམ་པ་གནས་པའི་བསྐལ་པ་ལ་གསུམ། བར་བསྐལ་དང་བསྐལ་ཆེན་གྱི་ཁྱད་པར་ནི། གནས་པའི་བར་གི་བསྐལ་པ་དང་པོ་ནི་ཚེ་ལོ་དཔག་མེད་ནས་འགྲིབ་པའི་མགོ་ཚུགས་པ་ནས་བཟུང་སྟེ། ཚེ་ལོ་བཅུ་པར་གྱུར་པའི་བར་དུ་སྟེ། འཇིག་རྟེན་ཆགས་པའི་ཚེ་མི་རྣམས་ཀྱི་ཚེ་ལོ་དཔག་མེད་ལ་བར་གྱི་བསྐལ་པ་བཅུ་དགུ་འདའོ། །ཚེ་ལོ་བཅུ་པ་དེ་ནས་ཡར་བརྒྱད་ཁྲིའི་བར་དུ་སྐྱེ་བ་དང་མར་བཅུ་པའི་བར་དུ་འགྲིབ་པ་ཟུང་རེ་ལ་བར་བསྐལ་རེར་བྱས་པའི་བར་གྱི་བསྐལ་པ་གཞན་ནི་བཅོ་བརྒྱད་དོ། །ཚེ་ལོ་བཅུ་པ་ཐ་མ་དེ་ནས་ཡར་བརྒྱད་ཁྲིའི་བར་དུ་འཕེལ་སྟེ། མར་མི་འགྲིབ་པ་དེ་ནི་བར་གྱི་བསྐལ་པ་གཅིག་ཏུ་བརྩིས་ཏེ། མར་གྱི་མ་ཐོག་རིང་མོ་ཞེས་བྱའོ། །ཅི་ཙམ་ན་འཕེལ་འགྲིབ་བྱེད་ཅེ་ན། ལོ་བརྒྱ་རེ་ན་འཕེལ་བའི་ཚེ་ལོ་རེ་འཕེལ་ལ། འགྲིབ་པའི་ཚེ་ལོ་རེ་འགྲིབ་པར་བྱེད་ལ་སྔ་མ་ཡ་ཐོག་དང་ཕྱི་མ་མ་ཐོག་གཉིས་པོ་ལ་ལོ་ཉིས་བརྒྱ་རེ་ན་ལོ་རེ་འཕེལ་འགྲིབ་བྱེད་ཅེས་བོད་རྒན་དག་ཟེར་སྟེ། ཤེས་བྱེད་མེད་ཅིང་ལུང་རིགས་དང་འགལ་བའི་ཕྱིར་མི་རིགས་སོ། །དེས་ན། འདི་ཙམ་ན་འཕེལ་འགྲིབ་བྱེད་ཀྱི་ཚད་ངེས་པ་བཤད་པ་མེད་ལ། དེ་དག་སྡིག་སྤྱོད་པ་ཤས་ཆེ་ཆུང་གིས་འཕེལ་འགྲིབ་མྱུར་བུལ་དུ་འགྱུར་ཞེས་མཁས་པ་དག་ཟེར་ཏེ། དེ་ཙམ་རིགས་སོ། །དེ་ལྟར་བར་གྱི་བསྐལ་བ་ཉི་ཤུར་འཇིག་རྟེན་གནས་པ་ཞེས་བྱའོ། །གནས་པ་དང་ཆགས་པ་དང་འཇིག་པ་དང་སྟོང་པ་བཞི་པོ་བར་གྱི་བསྐལ་པ་ཉི་ཤུ་རེ་དུས་རེ་མཉམ་མོ། །སྣོད་ཆགས་པ་དང་འཇིག་པ་ལ་བར་གྱི་བསྐལ་པ་རེ་དང་། བཅུད་ཀྱི་འཇིག་རྟེན་ཆགས་པ་དང་འཇིག་པ་ལ་བར་གྱི་བསྐལ་པ་བཅུ་དགུ་རེའི་ཡུན་འགོར་རོ། །གནས་པ་དང་འཇིག་པ་ཆགས་པ་སྟོང་པ་རྣམས་ཀྱི་བར་བསྐལ་བརྒྱད་ཅུ་ལ་བསྐལ་པ་ཆེན་པོ་གཅིག་ཅེས་བྱའོ། །

གཉིས་པ་དེ་དག་ཏུ་འཕགས་པ་གསུམ་འབྱོན་ཚུལ་ནི། དེ་ལྟ་བུ་གྲངས་མེད་པ་གསུམ་དུ་ཚོགས་གཉིས་བསགས་པ་ལས་སངས་རྒྱས་འབྱུང་ངོ་། །གྲངས་ཀྱི་གནས་གཞན་དྲུག་ཅུའི་ཐ་མ་ནི་གྲངས་མེད་དེ། གྲངས་ཀྱི་གནས་གཞན་དྲུག་ཅུའི་སྡོམ་པ་ནི། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་ཕྱུར་རྣམས། །ཟླ་བོ་མེད་པའི་གྲངས་སུ་བཤད། །ཐེར་འབུམ་ཕྲག་ཁྲིག་རབ་བཀྲམ་དང་། །གཏམ་དཀྲིགས་མི་འཁྲུགས་ཁྱད་འབྱིན་དང་། །སྤངས་རྟེན་དེད་འདྲེན་མཐའ་སྣང་དང་། །རྒྱུ་རིགས་འོད་མཛེས་དཔང་པོ་དང་། །ལེགས་འབྱིིན་རྟོགས་འགྲོ་དབྱིངས་རྡུལ་དང་། །རྒྱ་རྟགས་སྟོབས་འཁོར་བརྡ་ཤེས་དང་། །རྣམ་འབྱུང་སྟོབས་མིག་ཉི་ཤུ་གཅིག། གྲངས་མེད་ཀུན་ལ་བཅུ་འགྱུར་བསྒྲེ། །བར་དུ་བརྒྱད་ནི་མ་རྙེད་དོ། །ཅེས་སློབ་དཔོན་དབྱིག་གཉེན་གྱིས་བཤད་དོ། །སངས་རྒྱས་དེ་ཡང་ཚེ་ལོ་བརྒྱད་ཁྲི་ནས་མར་འགྲིབ་པ་ནས་བཟུང་སྟེ། བརྒྱའི་ནང་ཡན་ཆད་དུ་འབྱུང་གི བརྒྱད་ཁྲིའི་གོང་ན་ཡར་འཕེལ་བའི་ཚེ་མི་འབྱུང་སྟེ། སེམས་ཅན་རྣམས་སྐྱོ་དཀའ་བའི་ཕྱིར་རོ། །བརྒྱ་པ་ཕྱིན་ཆད་ཡང་མི་འབྱུང་སྟེ། སྙིགས་མ་ལྔ་པོ་བདོ་བས་ཏེ། ཚེ་དང་དུས་དང་ཉོན་མོངས་དང་། ལྟ་བ་དང་། སེམས་ཅན་གྱི་སྙིགས་མ་ཤིན་ཏུ་ལྷག་པའི་ཕྱིར་རོ། །བསེ་རུ་ལྟ་བུའི་རང་སངས་རྒྱས་ནི་བསྐལ་པ་ཆེན་པོ་བརྒྱར་ཚོགས་བསགས་པ་ལས་འབྱུང་ངོ་། །དེ་ཡང་ཡར་སྐྱེ་དང་མར་འགྲིབ་གཉིས་ཀའི་དུས་སུ་འབྱུང་ངོ་། །ཉན་ཐོས་རྣམས་ནི་ལམ་མྱུར་ན་སྲིད་པ་གསུམ་གྱི་ཐར་པ་ཐོབ་སྟེ། ཚེ་དང་པོ་ལ་ཚོགས་སོག །གཉིས་པ་ལ་སྦྱོར་ལམ་སྐྱེ། གསུམ་པ་ལ་འཕགས་ལམ་ཐོབ་བོ། །བུལ་བ་ལ་ནི། དེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་སོགས་ངེས་པ་མེད་དོ། །གསུམ་པ་འཁོར་ལོས་བསྒྱུར་བ་བཞི་ཇི་ལྟར་འབྱུང་བ་ནི། འཁོར་ལོས་བསྒྱུར་བ་འབྱུང་བ་ནི། ཚེ་ལོ་བརྒྱད་ཁྲི་ལས་མི་ཕྱི་སྟེ། དེ་མན་ཆད་དུ་འདིའི་ཕུན་སུམ་ཚོགས་པ་མི་རྫོགས་པའི་ཕྱིར་རོ། །དེ་ཡང་གསེར་དང་དངུལ་དང་། ཟངས་དང་། ལྕགས་ཀྱི་འཁོར་ལོས་བསྒྱུར་བ་རྣམ་པ་བཞིའོ། །དེ་དག་ནི་གོ་རིམ་བཞིན་གླིང་བཞི་དང་། བྱང་མ་གཏོགས་པ་གླིང་གསུམ་དང་ཤར་དང་ལྷོའི་གླིང་གཉིས་དང་། འཛམ་གླིང་གཅིག་ཉིད་ལ་དབང་བྱེད་དོ། །དེ་ལ་དང་པོ་ལ་ནི་ཁམས་ཀྱི་རྒྱལ་པོ་རྣམས་ཀྱིས་བསུས་ནས་འདུད་པར་བྱེད་དོ། །གཉིས་པ་ལ་ནི་རང་ཉིད་ཡུལ་དེ་དང་དེར་ཕྱིན་པས་འདུད་པར་འགྱུར། གསུམ་པ་ལ་ནི། གཡུལ་བཤམས་པ་ཙམ་གྱིས་འདུད་དོ། །བཞི་པ་ལ་ནི་གཡུལ་བཤམས་ཏེ། མཚོན་བརྩམ་པ་ཙམ་གྱིས་འདུད་པར་འགྱུར་རོ། །ཐམས་ཅད་ཀྱང་ཆོས་ཀྱི་རྒྱལ་པོ་ཡིན་པས་གནོད་པ་མི་བྱེད་ཀྱི་དགེ་བཅུའི་ལམ་ལ་འགོད་དོ། །གླིང་བཞི་པ་གཅིག་ཏུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་གཉིས་ལྷན་ཅིག་ཏུ་འབྱུང་བ་མིན་ཏེ། འགྲན་ཟླ་མེད་པའི་ལས་བསགས་པའི་ཕྱིར་རོ། །དཔེར་ན་འཇིག་རྟེན་གྱི་ཁམས་གཅིག་ཏུ་སངས་རྒྱས་གཉིས་གཅིག་ཅར་མི་འབྱུང་བ་བཞིན་ནོ། །མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་པས་ཀྱང་རྒྱལ་པོ་གཞན་ལས་ཁྱད་པར་འཕགས་ཤིང་སངས་རྒྱས་དང་དེ་གཉིས་ཀྱི་ཁྱད་པར་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་མཚན་རྣམས་ཀྱི་རྣམ་པ་མི་གསལ་བ་དང་ཡུལ་ན་མི་གནས་པ་དང་། སངས་རྒྱས་ཀྱི་ལྟར་ཆ་ཤས་ཡོངས་སུ་རྫོགས་པ་མེད་ལ། སངས་རྒྱས་ནི་དེ་ལས་བཟློག་པ་ཡིན་ནོ། །དེ་སྐད་དུ་ཡང་རིན་ཆེན་ཕྲེང་བར། འཁོར་ལོས་བསྒྱུར་རྒྱལ་རྣམས་ལ་ཡང་། །འདི་དག་ཡོད་པར་འདོད་མོད་ཀྱི། །དག་དང་གསལ་དང་མཛེས་པ་ནི། །སངས་རྒྱས་རྣམས་ཀྱི་ཆར་མི་ཕོད། །ཅེས་གསུངས་པ་ལྟར་རོ། །

བཞི་པ་བསྐལ་པ་མཐར་ཕྱིན་ཚུལ་ནི། བསྐལ་པ་དང་པོ་རྣམས་ཀྱང་རྒྱལ་པོ་དང་བཅས་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ་སྔར་བ སྐལ་པ་དང་པོར་བྱུང་བའི་མི་རྣམས་ནི་གཟུགས་ན་སྤྱོད་པའི་ལྷ་བཞིན་བརྫུས་ཏེ་སྐྱེས་པ་ནམ་མཁའ་ལ་འགྲོ་བ་རང་གི་འོད་ཀྱིས་སྣང་བར་བྱེད་པ་དགའ་བའི་ཟས་ཅན་ཡན་ལག་དང་ཉིང་ལག་མ་ཚང་བ་མེད་པ་ཚེ་དཔག་ཏུ་མེད་པ་ཐུབ་པའོ། །དེ་ལྟར་གྱུར་པ་དེ་ནས་དུས་རིམ་གྱིས་འདས་པ་ན་རོ་ལ་ཆགས་པར་གྱུར་ནས་འཇིག་རྟེན་གྱི་ཕུང་ཁྲོལ་མཐའ་དག་བྱུང་སྟེ། འདི་ལྟར། འཇིག་རྟེན་ཆགས་པའི་ཚེ་སའི་སྟེང་ཆུས་ཁྱབ་རླུང་གིས་སྲིས་མར་བྱས་པ་ལས་བྱུང་བའི་སའི་རོ་སྦྲང་རྩིའི་རོ་ཅན་གྱིས་སའི་སྟེང་ཁྱབ་པར་གནས་པ་ལ་རྐམ་ཆགས་ཅན་ཞིག་གིས་སོར་མོའི་རྩེ་མོས་དེའི་རོ་མྱང་པས། གཞན་རྣམས་ཀྱང་དེ་བཞིན་བྱེད་པས་ཁ་ཟས་ཟ་བའི་རྩོམ་པ་དང་པོ་བྱུང་ལ། དེ་ནས་ལུས་རྩུབ་ཅིང་། འོད་ཉམས་པས་མུན་པ་བྱུང་བ་དང་། སེམས་ཅན་གྱི་ལས་ཀྱི་དབང་གིས་ཉི་ཟླའི་སྣང་བ་བྱུང་ངོ་། །དེ་ནུབ་པ་དང་། སའི་ཞག་སེར་པོ་སྦྲང་རྩིའི་རོ་ཅན་བྱུང་བ་ཡང་མྱང་པས་ནུབ་བོ། །དེའི་འོག་ཏུ་ལྡམ་བུའི་ཚལ་མངར་མོ་སྦྲང་རྩིའི་རོ་ཅན་བྱུང་བ་ཡང་མྱང་པས་ནུབ་བོ། །དེ་ནས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུ་ཤུན་པགས་མེད་པ་བྱུང་བས་དེ་ཟོས་པས་ཟས་རགས་པས་རྒྱུ་མཐུན་བྱུང་ཞིང་གཤང་བ་དང་ལྕི་བའི་ལམ་དང་། ཕོ་དང་མོའི་དབང་པོ་དག་བྱུང་བར་གྱུར་ཏོ། །དེ་ནས་ཕོ་དང་མོའི་དབྱིབས་ཐ་དད་པར་གྱུར་ཅིང་། དེ་དག་ཕན་ཚུན་མཐོང་བ་ན་སྔོན་གོམས་པས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པས། འདོད་ཆགས་སྐྱེས་ཏེ་འཁྲིག་པ་སྤྱོད་པར་གྱུར་ཏོ། །ཡང་དེ་དག་གི་འབྲས་དེ་ནངས་བཟའ་བྱ་ནངས་ལེན། ནུབ་བཟའ་བྱ་ནུབ་ལེན་པ་ལ་སེམས་ཅན་ལེ་ལོ་ཅན་ཞིག་གིས་སོག་འཇོག་བྱས་པ་ན་གཞན་དག་ཀྱང་དེ་བཞིན་བྱེད་པས་འབྲས་བརྔས་སོ། །ཆོག་མི་སྐྱེ་བས་འབྲས་ཀྱི་དོན་དུ་ཞིང་བགོས་ནས་ཀུན་ཏུ་བཟུང་བས་གཞན་གྱིས་དེ་ལ་མ་བྱིན་པར་ལེན་པ་བྱུང་ནས། དེ་དག་ཚར་བཅད་པའི་ཕྱིར། མི་ཁྱད་པར་ཅན་ཞིག་ལ་ཐམས་ཅད་ཀྱི་ཞིང་གི་ཐོབ་ཤས་དྲུག་ཆ་ཕུལ་ནས་ཞིང་དཔོན་དུ་བསྐོས་པས་ཕལ་པོ་ཆེ་ཀུན་གྱིས་བཀུར་བའི་རྒྱལ་པོ་མང་པོས་བཀུར་བ་ཞེས་བྱ་བར་གྱུར་ཏོ། །རྒྱལ་པོ་རྣམས་ཀྱི་དང་པོ་དེ་ཡིན་ནོ། །དེ་ནས་འདོད་པ་ལ་འགའ་ཞིག་ཡིད་ཕྱིར་ཕྱོགས་ཏེ། དགོན་པར་འདོང་བ་ལ་བྲམ་ཟེ་ཞེས་གྲགས་སོ། །དེ་བཞིན་དུ་རྗེའུའི་རིགས་དང་། དམངས་རིགས་ལ་སོགས་པ་རིགས་ཐ་དད་པ་དག་བྱུང་ངོ་། །དེ་ནས་རྒྱལ་པོ་འགའ་ཞིག་གིས་ལེགས་པར་མ་བསྐོས་པས་རྐུན་པོ་མང་དུ་བྱུང་བས། དེ་དག་ལ་མཚོན་གྱིས་བཏབ་པས་བདག་ཅག་གིས་མ་བརྐུས་སོ་ཞེས་རྫུན་སྨྲ་བ་བྱུང་སྟེ། དེ་ལྟར་རིམ་གྱིས་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལྷག་པར་སྤྱད་པས་ཚེ་འགྲིབ་པས་ཏེ་མཐར་ཚེ་ཐུང་བ་ལོ་བཅུ་པར་འགྱུར་རོ། །དེའི་ཕྱིར་ཕུང་ཁྲོལ་གྱི་རྩ་བ་ནི་རོ་ལ་ཆགས་པ་དང་ལེ་ལོ་གཉིས་ཡིན་ནོ། །ཚེ་ལོ་བཅུ་པའི་དུས་སུ་བར་གྱི་བསྐལ་པ་མཐར་ཕྱིན་ཏོ། །དེ་ཡང་མཚོན་དང་ནད་དང་མུ་གེའི་བསྐལ་པ་གསུམ་གྱིས་བསྐལ་པ་བར་མ་མཐར་ཕྱིན་པར་བྱེད་དོ། །དེ་ཡང་ཚེ་ལོ་བཅུ་པའི་དུས་སུ་ཆོས་མ་ཡིན་པའི་རྒྱུ་སེམས་ཅན་རྣམས་གནོད་སེམས་ལྷག་པར་བསྐྱེད་དེ། གཅིག་གིས་གཅིག་མཐོང་ན་རྔོན་པས་རང་དམིགས་མཐོང་བ་བཞིན་དུ་གྱུར་ནས་གང་བླངས་པ་མཚོན་རྣོན་པོར་གྱུར་ནས་ཕན་ཚུན་གཅིག་གིས་གཅིག་གསོད་པར་བྱེད་དོ། །ཡང་དེ་ཉིད་ཀྱི་ཚེ་ཉེས་པ་དེ་ཉིད་ཀྱིས་མི་མ་ཡིན་པ་རྣམས་ཀྱིས་ཡམས་ནད་གསོར་མི་རུང་བ་དག་བཏང་བས་ཕལ་ཆེར་འཆི་བར་འགྱུར་རོ། །ཡང་དེ་ཉིད་ཀྱི་ཚེ། ཉེས་པ་དེ་ཉིད་ཀྱིས་ལྷ་ཡིས་ཆར་མ་ཕབ་པས། གབ་ཚེ་བ་ཞེས་བྱ་བ་དང་། རུས་རྒོང་དཀར་པོ་བ་ཞེས་བྱ་བ་དང་། ཐུར་མས་འཚོ་བ་ཞེས་བྱ་བའི་མུ་གེ་འབྱུང་བར་འགྱུར་རོ། །དེ་ལ་བཀྲེས་པས་ཉེན་ནས་ཕན་ཚུན་འདུས་ཏེ་འཆི་བས། མ་འོངས་པའི་སྐྱེ་བོའི་དོན་དུ། ས་བོན་གབ་ཚེའི་ནང་དུ་འཇོག་པ ས་ན། གབ་ཚེ་བ་ཞེས་བྱའོ། །ལུས་སྐམས་ཤིང་ཤི་བ་དེ་དག་མྱུར་དུ་རུས་པ་དཀར་པོར་གྱུར་པས་སམ། བཀྲེས་པས་ཉེན་པ་རྣམས་རུས་གོང་དཀར་པོ་དེ་དག་བསྡུས་ནས་ཆུར་བསྐོལ་ནས་འཐུང་བར་བྱེད་པས་རུས་གོང་དཀར་པོ་བ་ཞེས་བྱའོ། །སེམས་ཅན་དེ་དག་དེ་རིང་ཁྱིམ་བདག་ཟ་བའི་རེས་ལ་བབ་བོ། །སང་ཁྱིམ་བདག་མོ་ཟ་བའི་རེས་ལ་བབ་བོ་ཞེས་ཟེར་ཞིང་ཟས་ཐུར་མས་བགོས་པའམ། རྩིག་སྲུབས་ནས་འབྲུ་རེ་རེ་ཙམ་ཐུར་མས་ནུར་ནས། དེ་ཆུར་བསྐོལ་ཏེ་འཐུང་པ་ན། མུ་གེ་ཐུར་མ་ཞེས་བྱའོ། །འགའ་ཞིིག་ཉི་མ་འགའ་ཙམ་སྲོག་གཅོད་པ་སྤངས་པ་དང་། དགེ་འདུན་ལ་ཨ་རུ་ར་རེ་ཙམ་ཕུལ་བ་དང་། བསོད་སྙོམས་རེ་ཙམ་ཕུལ་བ་དག །བསྐལ་པ་བར་མ་གསུམ་པོ་དེ་ལ་མི་སྐྱེ་བར་བཤད་དོ། །སའི་དངོས་གཞིར་ཚེ་ལོ་སུམ་ཅུ་པ་ལ་མུ་གེ ཉི་ཤུ་པ་ལ་ནད། བཅུ་པ་ལ་མཚོན་གྱི་བསྐལ་པ་འབྱུང་བར་བཤད་དོ། །ཡུན་ཅི་ཙམ་འབྱུང་ཞེ་ན། ཞག་བདུན་དང་། ཟླ་བ་བདུན་དང་། ལོ་བདུན་གོ་རིམ་བཞིན་དུ་འབྱུང་ངོ་། །ལྔ་པ་འཇིག་ཆགས་བསྐལ་པའི་རྣམ་གྲངས་ལ་གཉིས་ཀྱི་དང་པོ་འཇིག་བྱེད་ཀྱི་རྫས་ནི། འཇིག་རྟེན་འཇིག་པར་བྱེད་པ་ནི། མེ་དང་། ཆུ་དང་། རླུང་གསུམ་ཡིན་གྱི། སས་མ་ཡིན་གྱི་ས་ལས་གྱུར་པའི་སྐྱོན་བཞི་པ་མེད་པའི་ཕྱིར་རོ། །དེ་ལ་མེས་བསམ་གཏན་དང་པོ་མན་ཆད། ཆུས་གཉིས་པ་མན་ཆད། རླུང་གིས་གསུམ་པ་མན་ཆད་འཇིག་པར་བྱེད་དེ། དང་པོ་ན་རྟོག་དཔྱོད་མེ་ལྟ་བུ་ཡོད་པ་དང་། གཉིས་པ་ན་དགའ་བདེ་ཆུ་ལྟ་བུ་ཡོད་པ་དང་། གསུམ་པ་ན་དབུགས་དབྱུང་རྔུབ་གཡོ་བ་རླུང་ལྟ་བུ་ཡོད་པས་སོ། །བཞི་པ་ལ་ནི་ནང་གི་སྐྱོན་མེད་པའི་ཕྱིར་ཕྱི་རོལ་གྱི་རྐྱེན་གྱིས་འཇིག་མི་ནུས་ཀྱི་སེམས་ཅན་དེ་ཉིད་འཆི་བ་ན་གཞལ་མེད་ཁང་དང་བཅས་ཏེ་འཇིག་གོ །དེ་སྐད་དུ་ཡང་། མེ་དང་ཆུ་དང་རླུང་དག་གིས། །འཇིག་པ་དག་ནི་ཡང་གསུམ་ཡིན། །བསམ་གཏན་གཉིས་སོགས་གསུམ་པོ་ནི། །དེ་དག་གི་རྩེ་གོ་རིམ་བཞིན། །དེའི་སྐྱོན་དང་ཆོས་མཐུན་ཕྱིར། །བཞི་པ་ན་མེད་མི་གཡོའི་ཕྱིར། །ཞེས་པ་ལྟར་རོ། །གཉིས་པ་འཇིག་ཚུལ་གྱི་གྲངས་ནི། དང་པོར་མེས་འཇིག་པའི་བསྐལ་པ་བདུན། དེའི་འོག་ཏུ་ཆུས་འཇིག་པའི་བསྐལ་པ་གཅིག །ཚུལ་དེ་ལྟར་མེས་འཇིག་པ་བདུན་བདུན་གྱིས་མཇུག་ཏུ་ཆུས་འཇིག་པ་རེ་རེ་བྱས་པའི་ཆུས་འཇིག་པའི་བསྐལ་པ་བདུན་ཐལ་ནས། དེ་ནས་མེས་འཇིག་པའི་བསྐལ་པ་བདུན་གྱི་ཕྱི་མ་རླུང་གི་འཇིག་ཅིང་དེ་དག་ཀུན་ལ་འཇིག་ཆགས་ཀྱི་བསྐལ་པ་དྲུག་ཅུ་རྩ་བཞི་ཞེས་བྱ་སྟེ། དགེ་རྒྱས་པའི་ལྷའི་ཚེ་ཚད་དོ། །དེ་དག་མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། །མེའི་བདུན་ནོ་དེ་ནས་ནི། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། །ཅེས་བཤད་པ་ལྟར་རོ། །ལུང་ཀུན་ལས་བཏུས་པ་ལས་འཇིག་རྟེན་གྱི་ཁམས་རྣམ་པར་བཤད་པའི་ལེའུ་སྟེ་གཉིས་པའི་འགྲེལ་པའོ། །

ལེའུ་གསུམ་པ།

གཉིས་པ་རྒྱུ་ཀུན་འབྱུང་གི་བདེན་པས་བསྡུས་པ་ལ་དགེ་མི་དགེའི་ལས་དང་། རྒྱུ་རྐྱེན་དང་། རྟེན་འབྲེལ་བཤད་པ་གསུམ་ལས། དང་པོ་ལ་གཉིས་ཀྱི་མདོར་བསྟན་པ་ནི། ལེའུ་དང་པོར་བཤད་པའི་མཚན་ཉིད་ཅན་གྱི་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་སྟེ་དགེ་བའི་རྩ་བ་གསུམ་གྱིས་བསྐྱེད་པའི་སྒོ་གསུམ་གྱི་ལས་ནི་དགེ་བ་ཡིན་ཏེ། རྣམ་སྨིན་ཡིད་དུ་འོང་བ་འབྱིན་བྱེད་ཡིན་པའི་ཕྱིར་རོ། །མ་ཆགས་པ་ལ་སོགས་པ་ནི་མཚོན་པ་ཙམ་སྟེ། སྔར་བཤད་པའི་དད་སོགས་དགེ་བ་བཅུ་གཅིག་པོ་ཐམས་ཅད་ཀྱིས་བསྐྱེད་པ་རྣམས་སོ། །སྤྱིར་དགེ་བ་ལ་གསུམ་སྟེ། ངོ་བོ་ཉིད། འབྲེལ་བ་དང་། ཀུན་ནས་སློང་བའི་དགེ་བའོ། །དང་པོ་ནི། དད་སོགས་དགེ་བ་བཅུ་གཅིག་རྣམས་ཏེ། སྨན་བཟང་པོ་ལྟར་རང་བཞིན་གྱིས་རྣམ་པར་དཀའ་བའི་ངོ་བོར་སྐྱེས་པའི་ཕྱིར་རོ། །གཉིས་པ་ནི་དེ་དག་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་རྣམས་ཏེ། སྨན་དང་སྦྱར་བའི་བཏུང་བ་ལྟར་གྲོགས་སྟོབས་ཀྱིས་དགེ་བར་སྐྱེས་པའི་ཕྱིར་རོ། །གསུམ་པ་ནི་སྔ་མ་གཉིས་ཀྱིས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་ཏེ། སྨན་གྱི་བཏུང་བའི་སྤྲིས་མ་ལྟར་རྒྱུའི་སྟོབས་ཀྱིས་དགེ་བར་སྐྱེས་པའི་ཕྱིར་རོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གསུམ་གྱིས་སྐྱེད་པའི་སྒོ་གསུམ་གྱི་ལས་ནི་མི་དགེ་བ་སྟེ། རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་བྱེད་ཡིན་པའི་ཕྱིར་རོ། །མི་དགེ་བ་ཡང་སྔ་མ་ལྟར་གསུམ་ལས། ངོ་བོ་ཉིད་ཀྱིས་མི་དགེ་བ་ནི། ལུས་ངག་གི་ཉེས་སྤྱོད་ཀུན་ནས་སློང་བའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་སོ། །འབྲེལ་བའི་མི་དགེ་བ་ནི། དེ་དག་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་རྣམས་སོ། །སློང་བའི་མི་དགེ་བ་ནི། སྲོག་གཅོད་ལ་སོགས་པ་ལུས་ངག་གི་ལས་རྣམས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། ལས་ལམ་གྱི་དབྱེ་བ། དེ་དག་གི་ཁྱད་པར་བཤད་པ་གཉིས་ཀྱི། དང་པོ་མི་དགེ་བའི་ལས་ལམ་བཅུ་བཤད་པ་ནི། དེ་ལ་སྲོག་གཅོད་པ་ནི་གསོད་པར་བསམ་བཞིན་དུ་གསད་བྱེད་ལ་མ་ནོར་བར་མཚོན་བསྣུན་པ་སོགས་སྦྱོར་བ་བརྩམས་ནས། གསད་བྱ་རང་ལས་གཞན་བསད་པ་སྟེ་ཤི་བའོ། །ལྷ་སྦྱིན་བསད་པར་བསམས་ནས་མཆོད་སྦྱིན་བསད་པ་ལྟ་བུ་ལ་སྲོག་གཅོད་དངོས་གཞི་མི་འབྱུང་ཞིང་། ལྷ་སྦྱིན་ནམ་འོན་ཏེ་མཆོད་སྦྱིན་ཡིན་སྙམ་དུ་ཐེ་ཚོམ་ཟ་བ་ན། གང་ཡིན་ཡང་རུང་བ་གསོད་སྙམ་ཡང་དངོས་གཞི་འབྱུང་ངོ་། །མ་བྱིན་ལེན་པ་ནི་བསམ་བཞིན་དུ་གཞན་གྱིས་བདག་ཏུ་བཟུང་བའི་ནོར་མ་ནོར་བར་མཐུའམ་འཇབ་བུས་བདག་གིར་བྱེད་པའོ། །བགྲོད་བྱ་མ་ཡིན་པ་ལ་བགྲོད་པར་འདོད་པ་སྟེ། ལོག་པར་ཞུགས་པ་ནི་ལོག་པར་གཡེམ་པ་སྟེ། དེ་ནི་རྣམ་པ་བཞི་སྟེ། འདི་ལྟར། ཡུལ་མ་ཡིན་པ་མ་དང་སྲིད་མོ་དང་བདུན་རྒྱུད་ཚུན་ཆད་ཀྱི་གཉེན་དང་གཞན་གྱིས་བདག་དུ་བཟུང་བ་སོགས་པའོ། །ལམ་མ་ཡིན་པ་ཁ་དང་གཤང་ལམ་ལ་སོགས་པར་འཇུད་པའོ། །གནས་མ་ཡིན་པ་སྣང་བ་དང་བཅས་པ་ལྷ་རྟེན་བཞུགས་པའི་གཙུག་ལག་ཁང་དང་སྐྱེ་བོ་མང་པོའི་མངོན་སུམ་ལ་སོགས་པའོ། །དུས་མིན་པ་སྦྲུམ་མའམ་བསྙེན་གནས་བྱེད་པ་སོགས་ངེས་པ་ལ་གནས་པ་དང་འཁྲིག་པ་སྤྱད་དུ་མི་རུང་བའི་ནད་ཀྱིས་ཐེབས་པ་སོགས་སོ། །

རྫུན་ཚིག་ནི་དོན་གཞན་དུ་གནས་པ་ལ་གཞན་དུ་བསྟན་པར་འདོད་པས་འདུ་ཤེས་གཞན་དུ་བསྒྱུར་བའི་ཚིག་གི་དོན་ཕ་རོལ་པོས་མངོན་པར་གོ་བའོ། །འདི་ལ་ཡང་གང་ལ་སྨྲ་བར་འདོད་པ་སྟེ་དེ་ཉིད་མ་ནོར་བའོ། །རྫུན་སྨྲ་བའི་གཞི་ནི་མིག་གི་རྣམ་ཤེས་དང་། རྣ་བའི་རྣམ་ཤེས་དང་། ཡིད་ཀྱི་རྣམ་ཤེས་དང་གསུམ་གྱིས་གོ་རིམ་བཞིན་དུ་མཐོང་བ་དང་། ཐོས་པ་དང་། རྟོགས་པའི་དོན་རྣམས་ལ། མཐོང་བ་མ་མཐོང་ཞེས་སོགས། དོན་ཇི་ལྟ་བ་བཞིན་མ་ཡིན་པའོ། །ཕྲ་མ་ནི་ཕ་རོལ་མཛའ་བ་དང་མི་མཛའ་བ་དག །དབྱེ་བའི་ཕྱིར་བདེན་པའམ་རྫུན་ཡང་རུང་། ཉོན་མོངས་ཅན་གྱི་སེམས་ཀྱི་མ་ནོར་བར་ཚིག་སྨྲས་ཤིང་དོན་གོ་བའོ། །ཚིག་རྩུབ་གཞན་ལ་ཉོན་མོངས་ཅན་གྱི་སེམས་ཀྱིས་མི་སྙན་པ་བརྗོད་པའི་ཚིག་དོན་གོ་ཞིང་མ་ནོར་བའོ། །ཕྲ་མ་སོགས་གསུམ་ལས་གཞན་པའི་ཚིག་ཉོན་མོངས་ཅན་ཀུན་ངག་ཀྱལ་བ་སྟེ། མུ་སྟེགས་ཀྱི་ལྟ་བ་བཟུང་ནས་དེ་དག་གི་བསྟན་བཅོས་ངན་པ་འདོན་པ་དང་། དགེ་སློང་ལོག་འཚོ་ཅན་ཁ་བསག་བྱེད་པ་དང་། ཆགས་པས་གླུ་དང་ཟློས་གར་སོགས་བྱེད་པ་བཞིན་ནོ། །དེ་བཞིན་དུ་མྱ་ངན་གྱི་སྨྲེ་སྔགས་འདོན་པ་དང་། འདུ་འཛིའི་གཏམ་ལ་སོགས་པ་ཡང་ངག་ཀྱལ་བ་ཡིན་ནོ། །བརྣབ་སེམས་ནི་གཞན་གྱི་ནོར་ལ་ཆགས་ཏེ་མཐུའམ་འཇབ་བུས་བདག་གིར་བྱེད་འདོད་པའོ། །གནོད་སེམས་སེམས་ཅན་གཞན་ལ་གནོད་པ་བྱེད་འདོད་པའི་ཞེ་སྡང་བའོ། །དགེ་སྡིག་གི་འབྲས་བུ་བདེ་སྡུག་དང་། ཚེ་འདི་ནས་ཕྱི་མར་འཕོ་བ་མེད་ཅེས་སོགས་ནི་ལོག་པར་ལྟ་བའོ། །དེ་ལ་བརྣབ་སེམས་ལ་སོགས་པ་ཡིད་ཀྱི་གསུམ་པོ་དེ་དག་དང་མཚུངས་པར་ལྡན་པའི་སེམས་པ་ནི་དེ་དག་གི་ལས་འགྲོས་ཀྱིས་འགྲོ་བའི་ཕྱིར་ལས་ཀྱི་ལམ་ཡིན་གྱི་ལས་མ་ཡིན་ཏེ། ལུས་ངག་གི་ལས་དང་སེམས་པ་གང་ཡང་མ་ཡིན་པའི་ཕྱིར་རོ། །སྲོག་གཅོད་ལ་སོགས་པ་ལུས་ངག་གི་བདུན་པོ་རྣམས་བྱས་པའི་རང་བཞིན་ཡིན་པས་ལས་ཀྱང་ཡིན་ལ་དེ་དག་ཀུན་སློང་གིས་སེམས་པ་ནི་དེ་དག་ལ་བརྟེན་ནས་འཇུག་པའི་ཕྱིར་ལས་ཀྱི་ལམ་ཡང་ཡིན་ནོ། །

གཉིས་པ་དགེ་བའི་ལས་ལམ་བཤད་པ་ནི། ཇི་སྐད་བཤད་པའི་མི་དགེ་བ་བཅུ་པོ་གཞི་ཉེ་བར་གནས་པ་ན། སྤོང་བར་བྱེད་པའི་སེམས་བྱུང་སེམས་པ་ནི་དགེ་བའི་ལས་ཀྱི་ལམ་བཅུ་ཞེས་ངེས་པར་གསུངས་སོ། །ཡང་ལས་རྣམ་པ་གཉིས་ཏེ། སེམས་པའི་ལས་དང་། བསམ་པའི་ལས་ཏེ། དེ་ལས་དང་པོ་ནི། ལུས་ངག་གི་ལས་ཀུན་ནས་སློང་བའི་སེམས་པའོ། །གཉིས་པ་ནི། དགེ་བའམ་མི་དགེ་བའི་ལུས་ངག་གི་ལས་སོ། །དེ་སྐད་དུ་ཡང་། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །དེ་ནི་སེམས་དཔའ་དང་དེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །དེ་སྐྱེད་ལུས་དང་ངག་གི་ལས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དེ་དག་གི་ཁྱད་པར་བཤད་པ་ལ་དྲུག་གི་དང་པོ་མྱོང་ངེས་ཀྱི་ལས་བཤད་པ་ནི། ཉོན་མོངས་ཤུགས་དྲག་པོས་མི་དགེ་བ་བྱས་པ་དང་། རབ་ཏུ་དང་བ་དྲག་པོས་དགེ་བ་བྱས་པ་དང་། དེ་དག་མེད་པར་ཡང་དཀོན་མཆོག་གསུམ་དང་སྙོམས་འཇུག་ཁྱད་པར་ཅན་ལ་གནས་པ་སོགས་ཡོན་ཏན་གྱི་ཞིང་ལ་ཕན་གནོད་བྱས་པ་དང་། དགེ་བའམ་མི་དགེ་བའི་ལས་དེ་རྒྱུན་ཆགས་སུ་བྱེད་པ་དང་། ཕ་མ་གསོད་པའི་ལས་གང་ཡིན་པ་དེ་དག་གིས་རྣམ་པར་སྨིན་པ་མྱོང་ངེས་པ་ཡིན་ནོ། །དེ་སྐད་དུ་ཡང་། ཉོན་མོངས་རབ་དང་དྲག་པོ་དང་། །ཡོན་ཏན་ཞིང་དང་རྒྱུན་ཆགས་སུ། །བྱེད་པ་གང་ཞིག་ཡིན་པ་དང་། །ཕ་མ་གསོད་གང་དེ་ངེས་སོ། །ཞེས་གསུངས་པ་ལྟར་རོ། །

དེ་ལ་ཡང་སྐྱེས་ནས་མྱོང་འགྱུར་དང་། ལན་གྲངས་གཞན་ལ་མྱོང་འགྱུར་དང་། མཐོང་ཆོས་ལ་མྱོང་འགྱུར་དང་གསུམ་མོ། །དང་པོ་ནི་ལས་དེ་བྱས་པའི་ཕྱི་མ་ལ་རྣམ་སྨིན་མྱོང་བ། མཚམས་མེད་ལྔ་ལ་སོགས་པའོ། །གཉིས་པ་ནི། སྐྱེ་བ་གཉིས་པ་ཕན་ཆད་རྣམ་སྨིན་མྱོང་བའོ། །གསུམ་པ་ནི། ལས་བྱས་པའི་ཚེ་དེ་ཉིད་ལ་རྣམ་སྨིན་མྱོང་བའོ། །དམག་ལ་སོགས་པ་དོན་གཅིག་དང་ལིངས་བྱེད་པ་སོགས་སྐྱེ་བོ་མང་པོས་བསད་བྱ་གཅིག་གསོད་པ་དང་། གཞན་གྱི་ནོར་རྐུ་བ་སོགས་ནི། ཆེད་དུ་བྱ་བའི་དོན་གཅིག་སྒྲུབ་པར་གཅིག་པའི་ཕྱིར་ཐམས་ཅད་ཀྱང་སྲོག་གཅོད་བྱེད་པ་པོ་དང་འདྲ་བར་ལས་ལམ་གྱི་དངོས་གཞི་དང་ལྡན་ནོ། །སྲོག་གི་ཕྱིར་ཡང་མི་གསོད་བསམ་པའི་ངེས་པ་ཡོད་ན་མང་པོའི་ནང་དུ་ཕྱིན་ནས་གཞན་གྱིས་སྲོག་གཅོད་སོགས་བྱས་ཀྱང་ཉེས་པ་མེད་དོ། །དོན་གཅིག་པ་མེད་པའི་ཕྱིར་རོ། །མཐོང་ཆོས་འབྲས་བུ་ཅན་གྱི་ལས་དེ་ཡང་། ཞིང་དང་བསམ་པའི་ཁྱད་པར་ལས་གྱུར་ཏེ། བསམ་པའི་ཁྱད་པར་ལས་ནི་དཔེར་ན་རྒྱལ་པོའི་ཉུང་རུམ་པས་རང་གི་སྡུག་བསྔལ་ལ་དཔགས་ནས་གླང་གི་རླིག་པ་ཕྱུང་བ་ལས་ཐར་བར་བྱས་པས་མཚན་སོར་ཆུད་པ་ལྟ་བུའོ། །ཞིང་གི་ཁྱད་པར་ནི། གང་དག་འགོག་པ་ལ་སྙོམས་པར་ཞུགས་པ་དང་། བྱམས་པའི་ཏིང་ངེ་འཛིན་དང་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་མཐོང་ལམ་དང་། དགྲ་བཅོམ་པའི་འབྲས་བུ་ལས་ལངས་པ་ལ་ཕན་བཏགས་པའམ། གནོད་པ་བྱས་པའི་ལས་ཀྱི་འབྲས་བུ་ཕྲལ་དུ་མྱོང་བར་འགྱུར་ཏེ། འགོག་པ་ལས་ལངས་པ་ནི་ཞི་བ་མྱང་འདས་དང་འདྲ་བའི་གནས་པའི་མཆོག་ལ་ལངས་པ་དང་། བྱམས་པ་དང་ཉོན་མོངས་པ་མེད་པ་ལས་ལངས་པ་ནི་སེམས་ཅན་ཚད་མེད་པ་ལ་ཕན་པ་དང་། ཉོན་མོངས་པ་མེད་པའི་ལྷག་བསམ་ཡིན་པས་དང་། མཐོང་ལམ་ལས་ལངས་པ་ནི་གནས་འགྱུར་གསར་པ་ཐོབ་པས་དང་། དགྲ་བཅོམ་པའི་འབྲས་བུ་ལས་ལངས་པ་ཡང་སྒོམ་སྤང་མ་ལུས་པ་སྤངས་པས་གནས་འགྱུར་གསར་པ་ཐོབ་པའི་ཕྱིར་རོ། །གཉིས་པ་ཁམས་དང་ས་གང་ན་ཡོད་པ་ནི། དགེ་བའི་ལས་ལམ་བཅུ་ནི་འདོད་པ་དང་གཟུགས་ན་ཚང་བར་ཡོད་ལ་གཟུགས་མེད་ན་ཡིད་ཀྱི་ལས་ལམ་གསུམ་པོ་ཡོད་ཅིང་ལུས་ངག་གི་ལས་དག་མེད་དེ། གཟུགས་མེད་པའི་ཕྱིར་རོ། ཁམས་གོང་མ་དག་ན་མི་དགེ་བ་མེད་ཅིང་། དམྱལ་བ་ན་སྨྲེ་སྔགས་འདོན་པ་སོགས་ངག་ཀྱལ་བ་དང་། ཕན་ཚུན་བརྒྱད་བཀག་བྱེད་པ་སོགས་ཚིག་རྩུག་དང་། གནོད་སེམས་གསུམ་དངོས་སུ་ཡོད་ཅིང་། ལས་མ་ཟད་པར་མི་འཆི་བས་སྲོག་གཅོད་མེད་ལ། ཡོངས་སུ་བཟུང་བ་མེད་པས་མ་བྱིན་ལེན་མེད། སྡུག་བསྔལ་གྱིས་རྒྱུན་མ་ཆད་པར་མནར་བས་ལོག་གཡེམ་མེད་ཅིང་། དགོས་པ་མེད་པས་རྫུན་སྨྲ་མེད་ཅིང་། རྟག་ཏུ་བྱེ་ཟིན་པས་ཕྲ་མ་མེད་ཅིང་། འདོད་བྱ་མེད་པས་བརྣབ་སེམས་མེད་ལ། ལས་འབྲས་མངོན་དུ་གྱུར་པས་ལོག་ལྟ་མེད་དོ། །སྒྲ་མི་སྙན་ཉོན་མོངས་ཅན་གྱི་སེམས་ཀྱིས་གླུ་ལེན་པ་ཡོད་པས་ངག་ཀྱལ་བ་ཡོད་ལ། གཞན་མེད་དེ་སྡིག་པ་ཅན་གྱི་བསམ་པ་མ་ཡིན་པའི་ཕྱིར་ཚིག་རྩུབ་ཕྲ་མ་གནོད་སེམས་ལོག་ལྟ་རྣམས་མེད་ལ། ཚེ་ངེས་པའི་ཕྱིར་སྲོག་གཅོད་མེད་ཅིང་། རྫས་དང་བུད་མེད་ལ་ཡོངས་སུ་བཟུང་བ་མེད་པའི་ཕྱིར་ལོག་གཡེམ་དང་བརྣབ་སེམས་མེད་དོ། །འདོད་པའི་ཁམས་གཞན་ན་མི་དགེ་བ་བཅུ་ཀ་ཡོད་དོ། །ལྷས་ལྷ་མི་གསོད་ཀྱང་འགྲོ་བ་གཞན་གསོད་པར་བྱེད་དོ། །

གསུམ་པ་འཕེན་རྫོགས་ཀྱི་ལས་ནི། ཡང་འཕེན་བྱེད་ཀྱི་ལས་དང་། རྫོགས་བྱེད་ཀྱི་ལས་གཉིས་ཀྱི། དང་པོ་ནི། ལྷ་དང་མི་ལ་སོགས་པའི་རིས་མཐུན་གྱི་ངོ་བོ་ཙམ་འཕེན་པར་བྱེད་ལ། གཉིས་པ་ནི། དེ་ཉིད་ཚེ་རིང་ཐུང་གཟུགས་སྡུག་མི་སྡུག་སོགས་སུ་བསྐྱེད་པར་བྱེད་པའི་ལས་སོ། །འཕེན་བྱེད་ཀྱི་ལས་ནི་སྐྱེ་བ་རིགས་མཐུན་འཕེན་པར་བྱེད་ཀྱི། དུ་མ་མ་ཡིན་ཏེ། རིགས་མཐུན་དུམ་བུར་འཕེན་པར་བྱེད་པའི་ཕྱིར་རོ། །རྫོགས་བྱེད་ནི་དགེ་སྡིག་གི་ལས་དུ་མས་ཀྱང་བྱེད་དེ། ཇི་སྐད་དུ། གཅིག་གིས་སྐྱེ་བ་གཅིག་འཕེན་ཏེ། །ཡོངས་རྫོགས་བྱེད་པ་དུ་མ་ཡིན། །ཅེས་སོ། །བདེ་འགྲོ་ཐམས་ཅད་འཕེན་བྱེད་དགེ་བའི་ལས་ཀྱིས་འཕངས་པ་ཡིན་ལ། དེར་ལོངས་སྤྱོད་དབུལ་བ་སོགས་མི་འདོད་པ་རྣམས་མི་དགེ་བས་རྫོགས་པ་ཡིན་ལ། དེ་ལས་ཟློག་པ་རྣམས་ནི་དགེ་བས་རྫོགས་པ་ཡིན་ནོ། །ངན་འགྲོ་ཐམས་ཅད་ནི་འཕེན་བྱེད་མི་དགེ་བས་འཕངས་པ་ཡིན་ལ། དེ་ན་ལོངས་སྤྱོད་ཆེ་བ་སོགས་ནི་དགེ་བས་རྫོགས་ཤིང་། དེ་ལས་ཟློག་པ་ནི་མི་དགེ་བས་རྫོགས་པ་ཡིན་ནོ། །བཞི་པ་སྒྲིབ་པའི་དབྱེ་བ་ནི། འཕགས་པའི་ལམ་སྐྱེ་བ་ལ་གེགས་བྱེད་པའི་སྒྲིབ་པ་ནི་གསུམ་སྟེ། ལས་དང་། ཉོན་མོངས་པ་དང་། རྣམ་སྨིན་གྱི་སྒྲིབ་པའོ། །དེ་ལ་མཚམས་མེད་པ་ལྔ་ནི། ལས་ཀྱི་སྒྲིབ་པ་ཡིན་ཏེ་དེ་དག་དང་ལྡན་པ་ནི་གདོན་མི་ཟ་བར་ངན་འགྲོར་འགྲོ་བས་ཚེ་དེ་ལ་འཕགས་ལམ་སྐྱེ་མི་སྲིད་པའི་ཕྱིར་རོ། །ཉོན་མོངས་པའི་སྒྲིབ་པ་ནི་ཉོན་མོངས་པ་གང་ཞིག་ཤས་ཆེ་ཞིང་རྒྱུན་རིང་བ་སྟེ། དེ་ལྟ་བུ་ལ་གཉེན་པོའི་གོ་སྐབས་མི་རྙེད་པ་འཕགས་ལམ་གྱི་སྣོད་མ་ཡིན་ནོ། །དེ་ཡང་ཟ་མ་དང་མ་ནིང་ལ་སོགས་པ་ལྟ་བུའོ། །རྣམ་སྨིན་གྱི་སྒྲིབ་པ་ནི་ངན་སོང་གསུམ་དང་སྒྲ་མི་སྙན་པ་དང་། འདུ་ཤེས་མེད་པའི་སེམས་ཅན་རྣམས་ཏེ། དེ་དག་ཏུ་སྐྱེས་པ་ནི་འཕགས་ལམ་གྱི་སྣོད་མ་ཡིན་པའི་ཕྱིར་རོ། །རྣམ་སྨིན་གྱི་སྒྲིབ་པ་ནི་འགྲོ་བ་ལྔས་བསྡུས་ཏེ། འདུ་ཤེས་མེད་པའི་ལྷ་དང་། སྒྲ་མི་སྙན་པ་མིའི་འགྲོ་བ་ཡིན་པའི་ཕྱིར་རོ། །མཚམས་མེད་དངོས་མ་བྱས་ཀྱང་། མཚམས་མེད་པའི་སྦྱོར་བ་བྱས་ལ་བསམ་པ་དེ་ལས་མ་ཟློག་ན། འདོད་ཆགས་དང་བྲལ་བའི་འབྲས་བུ་འཕགས་ལམ་ཐོབ་པ་མི་སྲིད་སྟེ། བསམ་པ་ཤིན་ཏུ་འགལ་བའི་ཕྱིར་རོ། །

ལྔ་པ་མཚམས་མེད་ཀྱི་ལས་བཤད་པ་ནི། མིར་གྱུར་པའི་ཕ་མ་དང་དགྲ་བཅོམ་པ་གསོད་པ་དང་། སངས་རྒྱས་ལ་བཀྲོང་བར་འདོད་པའི་ངན་སེམས་ཀྱིས་སྐུ་ལ་བསྣུན་ཏེ་ཁྲག་འབྱིན་པ་དང་། འཁོར་ལོའི་དབྱེན་བྱེད་པ་རྣམས་མཚམས་མེད་ལྔ་ཡིན་ནོ། །མི་མ་ཡིན་པས་ཕ་མ་བསད་ཀྱང་མཚམས་མེད་དུ་མི་འགྱུར་ཏེ། ཕ་མའི་བསམ་པ་ཤས་ཆུང་བ་དང་། ཕན་འདོགས་ཆུང་བས་སོ། །ཕ་མ་མཚན་འགྱུར་བའི་སྐྱེས་པའམ་བུད་མེད་བསད་ན་ཡང་འགྱུར་རོ། །བུད་མེད་འགའ་ཞིག་གིས་མངལ་དུ་ནུར་ནུར་པོར་ཆགས་པ་བུད་མེད་གཞན་གྱི་མངལ་དུ་བླུགས་ཏེ། དེ་སྨིན་པ་ལས་བུ་བཙས་པ་དེས། དང་པོ་གང་གི་མངལ་ནས་ནུར་ནུར་པོར་བྱུང་བའི་བུད་མེད་དེ་བསད་ན་མཚམས་མེད་དུ་འགྱུར་ལ། ཕྱི་མ་ལ་མི་འགྱུར་རོ། །ཇི་སྐད་དུ། མཚན་ནི་གཞན་དུ་གྱུར་ཀྱང་འགྱུར། །གང་གི་ཟླ་མཚན་ལས་བྱུང་མ། །ཞེས་སོ། །སློབ་པ་ལ་སྣུན་པ་དེའི་འོག་ཏུ་དགྲ་བཅོམ་ཐོབ་སྟེ་ཤི་ཡང་མི་འགྱུར་ལ། བཀྲོང་འདོད་མེད་པར་བརྡེག་པར་བསམ་ཏེ། སངས་རྒྱས་ཀྱི་སྐུ་ལ་ཁྲག་ཕྱུང་ཡང་མཚམས་མེད་དུ་མི་འགྱུར་སྟེ། བསྣུན་འོག་དགྲ་བཅོམ་པ་ལས་མིན། །སངས་རྒྱས་བརྡེག་པར་སེམས་ལ་མིན། །ཞེས་སོ། །འཁོར་ལོའི་དབྱེན་གྱི་འབྱེད་པ་པོ་ནི། དགེ་སློང་ལྟ་བ་སྤྱོད་པ་ཚུལ་ཁྲིམས་དང་ལྡན་པས་ཡིན་གྱིས། སྲེད་པ་ལ་སྤྱོད་པ་དང་ཚུལ་ཁྲིམས་འཆལ་བས་མ་ཡིན་ཏེ། སྔ་མ་ཤེས་རབ་ཞན་པ་དང་། ཕྱི་མའི་ཚིག་ལ་གཞན་དག་ཡིད་མི་ཆེས་པའི་ཕྱིར་རོ། །དབྱེ་བར་བྱ་བ་སོ་སོ་སྐྱེ་བོ་ཡི་དགེ་འདུན་རྣམས་ཏེ། འཕགས་པ་རྣམས་ནི་ཤེས་ནས་དད་པ་ཐོབ་པས་མི་ཕྱེད་པའི་ཕྱིར་རོ། །ཚོགས་ནི་མ་མཐའ་དགེ་སློང་དགུ་ཡན་ཆད་ཚང་དགོས་ཏེ། དབྱེ་བྱ་ཕྱོགས་རེར་དགེ་སློང་བཞི་རེ་དང་། འབྱེད་པ་པོ་དང་བཅས་པའོ། །གང་གི་ཚེ་འབྱེད་པ་པོ་ལ་སྟོན་པ་དང་། དེས་བསྟན་པ་ལ་ལམ་དུ་བཟོད་པ་ན་དབྱེ་བ་ཡིན་ལ། དེ་ཡང་ཉིན་ཞག་གཅིག་ཏུ་མི་གནས་ཏེ། དེའི་གོང་དུ་མཆོག་ཟུང་གཅིག་གིས་འདུམ་པར་བྱེད་པའི་ཕྱིར་རོ། །དེ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་ཕྱེ་བའི་ཕྱིར་འཁོར་ལོའི་དབྱེན་ཞེས་བྱའོ། །དེ་སྐད་དུ་ཡང་། དགེ་སློང་ལྟ་སྤྱོད་ཚུལ་ལྡན་པས། །འབྱེད་དོ་གཞན་དུ་བྱིས་པ་རྣམས། །སྟོན་དང་ལམ་གཞན་ལ་བཟོད་པ། །བྱེ་བའོ་དེ་ནི་མི་གནས་སོ། །འཛམ་བུ་གླིང་ན་དགུ་སོགས་ཀྱི། །ཞེས་སོ། །དེ་ཡང་སངས་རྒྱས་མ་ཐག་དང་མཆོག་ཟུང་གཅིག་མ་བྱོན་པའི་སྔ་རོལ་དང་། བསྟན་པ་ལ་ལྟ་བ་དང་སྤྱོད་པའི་སྐྱོན་མ་བྱུང་བ་དང་། འཚམས་མ་བཅད་པ་དང་། ཐུབ་པ་ནོངས་པའི་འོག་ཏུ་མི་འབྱུང་སྟེ། ཇི་སྐད་དུ། དང་པོ་མཐའ་སྐྱོན་ཟུང་གཅིག་གི ། སྔ་རོལ་ཐུབ་པ་ནོངས་པ་དང་། །འཚམས་མ་བཅད་པ་དག་ཏུ་ཡང་། །འཁོར་ལོའི་དབྱིན་ནི་མི་འབྱུང་ངོ་། །ཞེས་སོ། །མཚམས་མེད་པ་གཞན་པས་ཆེས་ལྕི་སྟེ། གཞན་དག་ནི་རྣམ་སྨིན་དམྱལ་བར་ངེས་ཀྱང་མནར་མེད་དུ་མ་ངེས་ལ། འདིའི་རྣམ་སྨིན་བར་བསྐལ་གཅིག་ཏུ་མནར་མེད་དུ་སྨིན་པར་འགྱུར་ཏེ། ཇི་སྐད་དུ། བསྐལ་པར་མནར་མེད་སྨིན་པར་འགྱུར། །ཞེས་དང་། དགེ་འདུན་དབྱེན་ཕྱིར་རྫུན་སྨྲ་བ། ཁ་ན་མ་ཐོ་རབ་ཆེར་འདོད། །ཅེས་སོ། །ཕ་མ་གསོད་པའི་མཚམས་མེད་ནི། གླིང་གསུམ་གྱི་སྐྱེས་པ་དང་། བུད་མེད་ལ་འབྱུང་གི་ཟ་མ་དང་མ་ནིང་སོགས་མ་ཡིན་ཏེ། ཕ་མ་དག་གིས་ཀྱང་རྟོགས་པའི་རྟེན་དུ་རུང་བའི་ལུས་ཚང་བར་མ་བསྐྱེད་པར་ཕན་པ་ཆུང་བ་དང་། དེ་དག་ཀྱང་ངོ་ཚ་ཁྲེལ་ཡོད་ཤས་ཆུང་བའི་ཕྱིར་རོ། །དེ་ལྟར་ཡང་། མཚམས་མེད་གླི ང་གསུམ་དག་ན་ཡོད། །ཟ་མ་སོགས་ལ་མི་འདོད་དོ། །ཕན་དང་ངོ་ཚ་ཆུང་བའི་ཕྱིར། །ཅེས་སོ། །ཉེ་བ་ལྔ་ནི། མ་ཡང་ཡིན་དགྲ་བཅོམ་མ་ཡང་ཡིན་པ་ལ་མི་ཚངས་པར་སྤྱོད་ཀྱིས་སུན་ཕྱུང་ན་མ་གསོད་པ་དང་ཆ་འདྲ་བ་དང་། གང་ནས་མཚན་གྱི་ལས་བྱེད་པ་སོགས་ཀྱི་ཡོན་ཏན་དང་ལྡན་པའི་བྱང་ཆུབ་སེམས་དཔའ་གསོད་པ་ནི་ཕ་གསོད་པ་དང་ཆ་འདྲ་བ་དང་། འཕགས་པ་སློབ་པ་གསོད་པ་ནི་དགྲ་བཅོམ་པ་གསོད་པ་དང་ཆ་འདྲ་བ་དང་། སྐུ་གཟུགས་འཇིག་པ་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་ཆ་འདྲ་བ་དང་། དགེ་འདུན་གྱི་ཞལ་དུ་འདུ་བའི་སྒོ་འཕྲོག་པ་འཁོར་ལོའི་དབྱིན་དང་ཆ་འདྲ་བས་འཚམས་མེད་པ་དང་ཉེ་བ་ལྔ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ངེས་གནས་དེ་ཇི་ལྟ་བུ་ཞེ་ན། གང་ཕན་ཆད་མཚན་བཟང་པོ་རྣམས་རྣམ་པར་སྨིན་པར་འགྱུར་བའི་ལས་བྱེད་པ་སྟེ། དེ་ཡང་བསྐལ་པ་བརྒྱ་ནས་འཚང་རྒྱ་བར་འགྱུར་བའི་དུས་ན་ལས་དེ་རྩོམ་ཞིང་དེ་ཕྱིན་ཆད་བདེ་འགྲོ་ཁོ་ན་དང་། རིགས་མཐོན་པོ་ཁོ་ནར་སྐྱེ་ཞིང་། དབང་པོ་ཚང་བ་དང་། ཕོ་ཁོ་ན་དང་། ཚེ་རབས་དྲན་པ་དང་། རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། ཇི་སྐད་དུ། གང་ནས་བྱང་ཆུབ་སེམས་དཔའ་ཡིན། །གང་ནས་མཚན་གྱི་ལས་བྱེད་པ། །བདེ་འགྲོ་རིགས་མཐོར་སྐྱེ་དབང་ཚང་། །ཕོར་གྱུར་ཚེ་རབས་དྲན་མི་ལྡོག །ཅེས་སོ། །

དྲུག་པ་ལས་ཆེ་ཆུང་སོགས་ཀྱི་ཁྱད་པར་བཤད་པ་ནི། བསམ་པ་སོགས་སྦྱོར་བ་དང་། ལས་ལམ་གྱི་དངོས་གཞི་བྱས་པ་དང་། བྱས་ཟིན་པའི་ཕྱིས་ཡང་བྱེད་པ་སོགས། འཇུག་གི་ལས་དང་། གང་ལ་ཕན་གནོད་བྱ་བའི་གཞི་དང་། གང་གིས་ལས་ལམ་མཐར་ཕྱིན་པར་བྱེད་པའི་སེམས་པ་དང་། འདི་དང་འདི་དེང་བྱའོ། །འདི་དང་འདི་ཕྱིས་བྱའོ་སྙམ་པའི་བསམ་པ་དག་ཆེ་བ་དང་། ཆུང་བ་ལ་ལས་དེ་ཆེ་བ་དང་ཆུང་བར་རྣམ་པར་བཞག་གོ །བྱས་ཤིང་བསགས་པའི་ལས་ཞེས་བཤད་པ་ཇི་ལྟར་ན་བསགས་པ་ཡིན་ཞེ་ན། བློ་སྔོན་དུ་བཏང་སྟེ། བསམ་བཞིན་དུ་བྱེད་པ་དང་། ལས་གང་གིས་བདེ་འགྲོའམ་ངན་འགྲོར་འཕེན་པར་ནུས་པའི་ལས་དེ་རྫོགས་པར་བྱས་པ་དང་ལས་དེ་བྱས་པ་ལ་ཕྱིས་མི་འགྱོད་པ་དང་། དེའི་མི་མཐུན་ཕྱོགས་ཀྱི་གཉེན་པོ་མེད་པ་དང་། དེ་དང་རིགས་མཐུན་པའི་ལས་གཞན་ཡང་བྱེད་པས་འཁོར་དང་རྣམ་སྨིན་འབྱིན་པར་ངེས་པ་ནི། བསགས་པའི་ལས་ཞེས་བྱ་བ་ཡིན་ལ། དེ་ལས་གཞན་དུ་བྱས་པ་ནི་བསགས་པ་ཞེས་བྱའོ། །

གཉིས་པ་རྒྱུ་འབྲས་རྐྱེན་གསུམ་བཤད་པ་ལ་གསུམ་གྱི། དང་པོ་འབྲས་བུ་འགྲུབ་པར་བྱེད་པའི་རྒྱུ་བཤད་པ་ལ་མདོར་བསྟན། རྒྱས་པར་བཤད། དང་པོ་ནི། འབྲས་བུ་སྐྱེ་བ་ལ་ཕན་འདོགས་པ་བྱེད་རྒྱུ་དང་། གྲོགས་ཀྱི་སྒོ་ནས་གྲོགས་ཅན་ལ་ཕན་འདོགས་པ་ལྷན་ཅིག་འབྱུང་བའི་རྒྱུ་དང་། རིགས་མཐུན་པའི་འབྲས་བུ་ལ་ཕན་འདོགས་པ་སྐལ་མཉམ་གྱི་རྒྱུ་དང་། གྲོགས་ཀྱི་དམིགས་པ་འཛིན་པ་ལ་ཕན་འདོགས་པ་མཚུངས་ལྡན་གྱི་རྒྱུ་དང་། ཉོན་མོངས་པ་ཅན་གྱི་འབྲས་བུ་ལ་ཕན་འདོགས་པ་ཀུན་འགྲོའི་རྒྱུ་དང་། རྣམ་སྨིན་གྱི་འབྲས་བུ་ལ་ཕན་འདོགས་པ་རྣམ་སྨིན་གྱི་རྒྱུ་སྟེ། རྒྱུ་ནི་རྣམ་པ་དྲུག་ཏུ་འདོད་དོ། །གཉིས་པ་རྒྱས་པ་ལ་དྲུག་གི དང་པོ་བྱེད་རྒྱུ་ནི། བྱེད་རྒྱུ་བྱེད་པས་སྟོང་པ་དང་། མི་སྟོང་པ་གཉིས་ལས་དང་པོ་ནི་རང་ལས་གཞན་པའི་འདུས་བྱས་ཐམས་ཅད་སྟེ། སྐྱེ་བ་ལ་གེགས་མི་བྱེད་པའི་ཕྱིར་རོ། །དེས་ན་རང་ལས་གཞན་པ་བྱེད་རྒྱུའི་རྒྱུ་ཞེས་སོ། །བྱེད་རྒྱུ་བྱེད་པ་དང་བཅས་པ་ལ་དབང་ཤེས་སྐྱེས་པ་ལ་དབང་པོས་ཡུལ་ཡིད་ལ་བྱེད་པ་ལ་སོགས་པ་སྟེ། འབྲས་བུ་ལ་ཕན་འདོགས་པ་ཇི་སྙེད་པ་ཐམས་ཅད་དོ། །གཉིས་པ་ལྷན་ཅིག་འབྱུང་བའི་རྒྱུ་ནི་གྲོགས་དང་གྲོགས་ཅན་གང་ཕན་ཚུན་རྒྱུ་འབྲས་སུ་གྱུར་པ་སྟེ། དཔེར་ན་ཚོགས་པ་གཅིག་པའི་ཕྱིའི་འབྱུང་བ་ཆེན་པོ་བཞི་དང་། བྱེ་བྲག་སྨྲ་བ་ལྟར་ན་མཚན་གཞི་འདུས་བྱས་དང་། མཚན་ཉིད་སྐྱེ་བ་ལ་སོགས་པ་དང་། ནང་གི་རྟེན་མཚུངས་པའི་སེམས་དང་སེམས་ལས་བྱུང་བ་ལ་སོགས་པ་ལྟ་བུའོ། །ཇི་སྐད་དུ། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། །འབྱུང་བཞིན་སེམས་ཀྱི་རྗེས་འཇུག་དང་། །སེམས་བཞིན་མཚན་ཉིད་མཚན་གཞི་བཞིན། །ཞེས་སོ། །གསུམ་པ་སྐལ་མཉམ་གྱི་རྒྱུ་ནི། འབྲས་བུ་དང་རིགས་དང་ས་འདྲ་བར་གྱུར་པའི་རྒྱུ་སྟེ། དེ་ཡང་དུས་སྔ་མའི་འདྲ་བ་ཕྱི་མའི་འདྲ་བའི་རྒྱུ་ཡིན་གྱི། ལྷན་ཅིག་པའམ་ཕྱིས་འབྱུང་བ་མ་ཡིན་ནོ། །དེ་ཡང་སྐལ་མཉམ་རྒྱུ་ནི་འདྲ་བའོ། །རང་རིས་སའོ་སྔར་སྐྱེས་རྣམས། །ས་དགུའི་ལམ་ནི་ཕན་ཚུན་དུ། །མཉམ་དང་ཁྱད་པར་ཅན་གྱིས་ཡིན། །ཅེས་སོ། །དཔེར་ན་ནང་གི་དགེ་བ་དང་སྡིག་པ་དང་ལུང་མ་བསྟན་གྱི་ཆོས་སྔ་མ་རྣམས་དེ་དག་ཕྱི་མ་རྣམས་ཀྱི་སྐལ་མཉམ་གྱི་རྒྱུ་ཡིན་པ་དང་། ཕྱིའི་ནས་དང་སཱ་ལུ་ལ་སོགས་པའི་ས་བོན་རྣམས་ནི། དེ་དང་དེའི་མྱུ་གུའི་རྒྱུ་སྐལ་མཉམ་གྱི་རྒྱུ་ཡིན་པ་ལྟ་བུའོ། །

བཞི་པ་མཚུངས་ལྡན་གྱི་རྒྱུ་ནི། མིག་ལ་སོགས་པ་དབང་པོ་གཅིག་ལ་བརྟེན་པར་མཚུངས་པའི་སེམས་དང་སེམས་བྱུང་ཐམས་ཅད་ཡིན་ཏེ། དེ་དག་ཕན་ཚུན་འགྲོགས་པའི་སྟོབས་ཀྱིས་དམིགས་པ་འཛིན་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་། མཚུངས་ལྡན་རྒྱུ་ནི་སེམས་རྣམས་དང་། །སེམས་བྱུང་རྟེན་མཚུངས་ཅན་རྣམས་སོ། །ཞེས་སོ། །ལྔ་པ་ཀུན་འགྲོའི་རྒྱུ་ནི། འདོད་ཆགས་ལ་སོགས་ཉོན་མོངས་ཅན་གྱི་སེམས་སྔ་མ་རྣམས་ནི། དེ་དག་གི་ཕྱི་མ་ཀུན་འགྲོའི་རྒྱུ་ཡིན་ནོ། །འདི་ཡང་སྐལ་མཉམ་གྱི་རྒྱུ་ཡིན་མོད་ཀྱི། འདི་ནི་འབྲས་བུ་ཉོན་མོངས་ཅན་བསྐྱེད་པ་ལ་ལྟོས་ནས་རྒྱུ་ལ་སོགས་པར་བཞག་གོ །དེ་ཡང་། ཀུན་འགྲོ་ཞེས་བྱ་ཉོན་མོངས་ཅན་རྣམས་ཀྱི་རང་སར་ཀུན་འགྲོ་ལྔ། ཞེས་སོ། །དྲུག་པ་རྣམ་སྨིན་གྱི་རྒྱུ་ནི། མི་དགེ་བ་དང་དགེ་བ་ཟག་བཅས་རྣམས་ཁོ་ན་ཡིན་ཏེ། སྐྱེ་བ་ཕྱི་མ་ལ་འདོད་པའམ་མི་འདོད་པའི་རྣམ་སྨིན་གྱི་འབྲས་བུ་སྐྱེད་པར་བྱེད་པའི་ཕྱིར་རོ། །ཟག་མེད་ནི་ས་བོན་སྐམ་པོ་རླན་དང་བྲལ་བ་དང་འདྲ་བར་སྲེད་པའི་རླན་གྱིས་མ་བརླན་པས་རྣམ་སྨིན་མི་འབྱིན་ལ། ལུང་མ་བསྟན་ནི་ས་བོན་རུལ་བ་དང་འདྲ་བར་རང་བཞིན་གྱིས་སྟོབས་ཆུང་བའི་ཕྱིར་རྣམ་སྨིན་གྱི་འབྲས་བུ་འབྱིན་མི་ནུས་སོ། །

གཉིས་པ་རྒྱུ་དེ་དག་གིས་བསྐྱེད་པའི་འབྲས་བུ་ལའང་མདོ་རྒྱས་གཉིས་ཀྱི་དང་པོ་ནི། ལྔ་སྟེ། རྣམ་སྨིན་གྱི་འབྲས་བུ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། བདག་པོའི་འབྲས་བུ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་དང་བྲལ་བའི་བུའོ། །དང་པོ་ནི། ནང་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་མ་བསྒྲིབས་ལ་ལུང་མ་བསྟན་དགེ་མི་དགེ་ལ་སྐྱེས་པའོ། །གཉིས་པ་ནི། རྒྱུ་དང་རིགས་མཐུན་པའི་འབྲས་བུའོ། །གསུམ་པ་ནི། རྒྱུས་དབང་བསྒྱུར་བའི་འབྲས་བུའོ། །བཞི་པ་ནི། རྒྱུའི་སྟོབས་ཀྱིས་བསྐྱེད་པའི་འབྲས་བུའོ། །ལྔ་པ་ནི། གཉེན་པོས་སྤང་བྱ་བཅོམ་པའི་འགོག་པའོ། །དེ་སྐད་དུ་ཡང་། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །སེམས་ཅན་བརྗོད་ལུང་བསྟན་ཕྱིས་སྐྱེས། །རྒྱུ་མཐུན་རྒྱུ་དང་འདྲ་བའོ། །ཞེས་དང་། བྲལ་བ་བློའི་ཟད་པའོ། །གང་གི་སྟོབས་ཀྱིས་གང་བསྐྱེད་པའི། །འབྲས་ཏེ་སྐྱེས་བུ་བྱེད་ལས་སྐྱེས། །སྔོན་བྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ཁོ་ན་བདག་པོའི་འབྲས། །ཞེས་སོ། །གཉིས་པ་རྒྱས་བཤད་ནི། འབྲས་བུ་དེ་དག་རྒྱུ་གང་ལས་བྱུང་ཞེ་ན། རྣམ་སྨིན་གྱི་རྒྱུ་ལས་རྣམ་སྨིན་གྱི་འབྲས་བུ་འབྱུང་ལ་རྒྱུ་མཐུན་གྱི་འབྲས་བུ་རྒྱུ་དང་འདྲ་བ་ཡིན་ཅིང་དེ་ཡང་སྐལ་མཉམ་དང་ཀུན་འགྲོ་གཉིས་ལས་སྐྱེས་སོ། །དེ་ལ་ཡང་མྱོང་བ་རྒྱུ་མཐུན་དང་བྱེད་པ་རྒྱུ་མཐུན་གཉིས་ལས་སྲོག་གཅོད་པ་ལས་ཚེ་ཐུང་བ་ནི་དང་པོ་དང་། སླར་ཡང་སྲོག་གཅོད་པ་ལ་དགའ་བ་ནི་བྱེད་པ་རྒྱུ་མཐུན་ནོ། །བདག་པོའི་འབྲས་བུ་ནི་བྱེད་རྒྱུ་ལས་སྐྱེས་ཏེ། དཔེར་ན་མིག་སོགས་དབང་པོ་དང་། དོན་ལ་དེ་དག་གི་རྣམ་ཤེས་འབྱུང་བ་དང་། སྣོད་ཀྱི་འཇིག་རྟེན་སེམས་ཅན་གྱི་སྔོན་གྱི་ལས་ལས་སྐྱེས་པ་ལྟ་བུའོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་མཚུངས་ལྡན་དང་ལྷན་ཅིག་འབྱུང་བའི་རྒྱུ་གཉིས་ལས་སྐྱེས་ཏེ། དཔེར་ན་ནང་དུ་ཉེར་སྡོགས་ལས་བསམ་གཏན་གྱི་དངོས་གཞི་སྐྱེ་བ་སོགས་རྟོགས་པའི་གོ་རིམ་དང་ཕྱིའི་གསེར་མགར་ལ་སོགས་པའི་བཟོ་བོ་དང་། ལོ་ཏོག་ལ་སོགས་པའོ། །བྲལ་བའི་འབྲས་བུ་ནི་བློའི་ཟད་པ་ཡིན་ནོ། །དེ་ལ་བློ་ནི་བདེན་པའི་རྣམ་པར་རྟོག་པའི་ཤེས་རབ་ཡིན་ལ། ཟད་པ་ནི་སྟོང་པ་ཉིད་རང་བཞིན་རྣམ་པར་དག་ལ་སྤང་བྱ་གློ་བུར་གྱི་དྲི་མ་འགོག་པའོ། །གསུམ་པ་རྒྱུ་འབྲས་སྨིན་པར་བྱེད་པའི་རྐྱེན་བཤད་པ་ལའང་མདོར་རྒྱས་གཉིས་ཀྱི་དང་པོ་ནི། འབྲས་བུའི་ངོ་བོ་ལ་ཕན་འདོགས་པ་རྒྱུའི་རྐྱེན་དང་། སེམས་སེམས་བྱུང་སྐྱེ་བའི་གོ་འབྱེད་པ་དེ་མ་ཐག་པའི་རྐྱེན་དང་། སེམས་སེམས་བྱུང་བའི་དམིགས་པ་བྱེད་པ་དམིགས་པའི་རྐྱེན་དང་། འབྲས་བུའི་རྟེན་བྱེད་པ་བདག་པོའི་རྐྱེན་ནོ། །གཉིས་པ་རྒྱས་བཤད་ལ་བཞིའི་དང་པོ་ནི། དེ་ལ་རྒྱུའི་རྐྱེན་ནི། རྒྱུ་དྲུག་ལས་བྱེད་རྒྱུ་ལས་གཞན་པ་ལྔ་པོ་ཐམས་ཅད་སྟེ། རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན། །ཅེས་སོ། །གཉིས་པ་དེ་མ་ཐག་རྐྱེན་ནི། སེམས་དང་སེམས་ལས་བྱུང་བ་སྔ་མ་རྣམས་ནི་སེམས་དང་སེམས་ལས་བྱུང་བ་ཕྱི་མ་རྣམས་ཀྱི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཏེ། སྔ་ཕྱི་དག་ཤེས་རིག་དུ་འདྲ་བས་ན་མཚུངས་པ་དང་། ཤེས་པ་གཞན་གྱི་བར་མ་ཆོད་པས་དེ་མ་ཐག་པ་དང་། ཤེས་རིག་སྔ་མ་འགགས་པའི་སྟོབས་ཀྱིས་ཕྱི་མ་སྐྱེ་བའི་གོ་སྐབས་རྙེད་པས་རྐྱེན་ཞེས་བྱའོ། །གསུམ་པ་དམིགས་པའི་རྐྱེན་ནི་ཆོས་ཐམས་ཅད་ཡིན་ཏེ། སེམས་དང་སེམས་ལས་བྱུང་བའི་དམིགས་པ་མ་ཡིན་པ་མེད་པའི་ཕྱིར་རོ། །དེ་ཡང་གཟུགས་ནས་ཆོས་ཀྱི་བར་ཡུལ་དྲུག་པོ་རྣམས་གོ་རིམ་བཞིན་དུ་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་རྣམ་ཤེས་དྲུག་པོ་སོ་སོའི་དམིགས་རྐྱེན་ཡིན་ནོ། །བཞི་པ་བདག་རྐྱེན་ནི། སྔར་རང་ལས་གཞན་པ་བྱེད་རྒྱུའི་རྒྱུ་ཞེས་བཤད་པའི་བྱེད་རྒྱུའི་རྒྱུ་ནི་བདག་པོའི་རྐྱེན་ཡིན་ཏེ། དཔེར་ན་དབང་པོས་དབང་ཤེས་བསྐྱེད་པ་སོགས་སོ། །རྒྱུ་དང་རྐྱེན་གྱི་ཁྱད་པར་ཅི་ཞེ་ན། འབྲས་བུ་ཐུན་མོང་མ་ཡིན་པའི་ངོ་བོ་སྐྱེ་བར་བྱེད་པ་རྒྱུ་ཡིན་ལ། གཞན་དང་ཐུན་མོང་བའི་ཁྱད་པར་སྐྱེད་པར་བྱེད་པ་རྒྱུ་རྐྱེན་ཡིན་ཏེ། དཔེར་ན་མྱུ་གུའི་ངོ་བོ་ནི་ས་བོན་གྱིས་བསྐྱེད་ལ་སྔོན་པོ་དང་བཟང་ངན་ལ་སོགས་པའི་ཁྱད་པར་རྣམས་ཆུ་ལུད་སོགས་ཀྱིས་སྐྱེས་པ་ལྟ་བུའོ། །

གསུམ་པ་རྟེན་འབྲེལ་བཤད་པ་ལ། ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་དང་། རྣམ་བྱང་གི་རྟེན་འབྲེལ་གཉིས་ཀྱི་དང་པོ་ལ། མདོར་བསྟན་པ་ནི། མདོར་བསྡུ་ན་འཁོར་བའི་རྒྱུ་དང་འབྲས་བུའི་ཆ་མ་ལུས་པ་ནི་རྟེན་འབྲེལ་ཞེས་བྱ་ལ། དེ་ལ་དབྱེ་ན་མ་རིག་པ་ནས་རྒ་ཤིའི་བར་ཡན་ལག་བཅུ་གཉིས་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔའི་དང་པོ། རྒྱུ་འབྲས་ཀྱི་ཆ་བཤད་པ་ནི། མདོར་བསྡུ་ན་ཡན་ལག་བཅུ་གཉིས་པོ་དེ་དག་ཐམས་ཅད་འཕེན་པའི་རྒྱུ་དང་། འཕངས་པའི་འབྲས་བུ་དང་། མངོན་པར་འགྲུབ་པའི་རྒྱུ་དང་། མངོན་པར་གྲུབ་པའི་འབྲས་བུ་རྣམས་སུ་འགྱུར་རོ། །དེ་ལ་མ་རིག་པ་འདུ་བྱེད་དང་རྣམ་པར་ཤེས་པ་རྣམས་ནི་ཡང་སྲིད་འཕེན་པར་བྱེད་པའི་རྒྱུ་སྟེ་མ་རིག་པ་ལ་བརྟེན་ནས་འདུ་བྱེད་ཀྱི་རྣམ་ཤེས་ལ་ཡང་སྲིད་འགྲུབ་བྱེད་ཀྱི་བག་ཆགས་གོས་པའི་ཚུལ་གྱིས་འཕངས་པའི་ཕྱིར་རོ། །སྲེད་ལེན་སྲིད་པ་གསུམ་ཇི་ལྟར་འཕངས་པའི་ཡང་སྲིད་མངོན་པར་འགྲུབ་པར་བྱེད་པའི་རྒྱུ་ཡིན་ཏེ། དེ་ལ་སྲེད་པ་ནི་ཚོར་བ་བདེ་སྡུག་ལ་མངོན་པར་ཞེན་པའི་ཆགས་པ་ཡིན་ལ། དེ་ལ་བརྟེན་ནས་མ་འོངས་པའི་ཕུང་པོ་ལ་འདུན་པ་མཚུངས་པར་ལྡན་པའི་སྲེད་པ་ཆེར་འཕེལ་བའི་ལེན་པ་དེ་ཉིད་ཀྱིས་སྲིད་པ་ཞེས་བྱ་བ་ཡང་སྲིད་སྐྱེད་པ་ལ་མངོན་དུ་ཕྱོགས་པའི་ལས་ནུས་པ་མཐུ་ཅན་འགྲུབ་བོ། །མིང་གཟུགས་ནས་ཚོར་བའི་བར་བཞི་པོ་ནི་འཕངས་པའི་འབྲས་བུ་ཡིན་ཏེ། རྣམ་སྨིན་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལ་ཡང་སྲིད་ཀྱི་ངོ་བོ་གྲུབ་པ་མིང་དང་གཟུགས་ཡིན་ཏེ། མིང་གཟུགས་མངལ་དུ་ཆགས་པ་ནས་ཡང་སྲིད་གྲུབ་པ་ཡིན་པས་སོ། །གྲུབ་པ་རྫོགས་པ་ནི། སྐྱེ་མཆེད་དྲུག་ཡིན་ཏེ། མིག་སོགས་སྐྱེ་མཆེད་རྣམས་རྫོགས་པ་ན། ལུས་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེ་ཡུལ་ལ་ལོངས་སྤྱོད་པ་རེག་པ་སྟེ། ཡུལ་དབང་རྣམ་ཤེས་གསུམ་རྒྱུ་འབྲས་སུ་འདུས་པ་ན་དབང་པོ་ཡུལ་ལ་ལོངས་སྤྱོད་པ་ཞེས་པའོ། །རེག་པ་དེའི་འབྲས་བུ་ཚོར་བ་ཡིན་ཏེ། ཡུལ་ཡིད་དུ་འོང་མི་འོང་ཡོངས་སུ་གཅོད་པའི་རེག་པ་ལས་བདེ་སྡུག་གི་ཚོར་བ་འབྱུང་བའོ། །མ་རིག་པ་དང་བཅས་པའི་ཚོར་བ་ལས་སྲེད་པ་སྐྱེ་ལ་དེ་ལས་ལེན་པ་དང་། དེ་ལས་སྲིད་པ་འཕེལ་ཞིང་། དེ་དག་གིས་སྐྱེ་བ་གཞན་དུ་སྐྱེ་མཆེད་དྲུག་འཕངས་པ་སྐྱེ་བ་ཡིན་ལ་སྐྱེ་མཆེད་དྲུག་པོ་དེ་ཉིད་གནས་སྐབས་གཞན་དུ་འགྱུར་པ་རྒ་བ་དང་། རྒྱུན་འཇིག་པ་ཤི་བ་ཡིན་ལ། མ་རྒས་པར་ཡང་འཆི་བ་ཡོད་པས་དེ་གཉིས་ཀ་ཡན་ལག་གཅིག་ཏུ་བྱས་སོ། །དེས་ན་སྐྱེ་བ་དང ། རྒ་ཤི་གཉིས་མངོན་པར་གྲུབ་པའི་འབྲས་བུ་ཡིན་ནོ། །གཉིས་པ་ཡན་ལག་ཉེ་བར་བསྡུ་བ་ནི། ཡན་ལག་བཅུ་གཉིས་པོ་དེ་དག་མདོར་བསྡུ་ན་ཀུན་ནས་ཉོན་མོངས་གསུམ་དུ་འགྱུར་ཏེ། འདི་ལྟར། མ་རིག་པ་དང་སྲེད་པ་དང་། ལེན་པ་གསུམ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཡིན་ཏེ། སེམས་རབ་ཏུ་མ་ཞི་བ་དང་། ཀུན་ནས་གདུང་བར་བྱེད་པའི་ཕྱིར་རོ། །འདུ་བྱེད་ནི། ལས་དངོས་ཡིན་ལ། སྲིད་པ་ཡང་ལས་ནུས་པ་མཐུ་ཅན་དུ་གྱུར་པ་ཡིན་པས། ལས་ཀྱི་ཀུན་ནས་ཉོན་མོངས་པ་ཞེས་བྱའོ། །གཞན་ལྷག་མ་བདུན་ནི་ལས་ཉོན་དེ་དག་གི་འབྲས་བུར་གྱུར་པའི་སྡུག་བསྔལ་ཡིན་ལ། དེའི་ཕྱིར་སྐྱེ་བའི་ཀུན་ནས་ཉོན་མོངས་ཞེས་བྱའོ། །དེ་ལྟར་ཡང་། ཉོན་མོངས་གསུམ་མོ་ལས་གཉིས་སོ། །གཞི་བདུན་དེ་བཞིན་འབྲས་བུ་ཡིན། །ཅེས་སོ། །གསུམ་པ་ཡན་ལག་སོ་སོའི་ངོ་བོ་ངོས་བཟུང་བ་ནི། རིག་པ་ཡེ་ཤེས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པ་ནི་མ་རིག་པ་སྟེ། ཇི་སྐད་དུ། རིགས་མི་མཐུན་ཆོས་གཞན་མ་རིག །མི་མཛའ་མི་བདེན་ལ་སོགས་བཞིན། །ཞེས་སོ། །དེ་བཞིན་ཉིད་ལ་རྨོངས་པ་ཉོན་མོངས་པ་ཅན་གྱི་མ་རིག་པ་དང་། ཤེས་བྱ་ལ་རྨོངས་པ་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་གཉིས་ལས། འདིར་དང་པོ་བཟུང་ངོ་། །འདུ་བྱེད་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལས་རྣམས་ཡིན་ལ། དེ་ལ་བསོད་ནམས་ནི། འདོད་པ་ན་སྤྱོད་པའི་དགེ་བའི་ལས་ཡིན་ཞིང་། བསོད་ནམས་མ་ཡིན་པ་ནི་སྡིག་པའི་ལས་དང་། མི་གཡོ་བ་ནི་ཁམས་གོང་མའི་ལས་སོ། །ལུང་མ་བསྟན་ཞེས་པ་མ་འབྲེལ་ཏེ། ལུང་མ་བསྟན་ནི་ཡང་སྲིད་འཕེན་བྱེད་ཀྱི་ལས་སུ་མི་རུང་བའི་ཕྱིར་རོ། །རྣམ་ཤེས་ནི་ཀུན་གཞི་ཁས་ལེན་ན་ཀུན་གཞིའི་རྣམ་ཤེས་ཉིད་ཡིན་ལ། མི་ལེན་ན་གཟུགས་སོགས་ཡུལ་འཛིན་ནུས་ཀྱི་རྣམ་ཤེས་དྲུག་ཡིན་ནོ། །མིང་གཟུགས་གཉིས་ཀྱི་གཟུགས་ནི་ནུར་ནུར་པོ་སོགས་ཀྱི་གནས་སྐབས་ཀྱི་གཟུགས་ཀྱི་ཕུང་པོ་ཡིན་ལ་མིང་ནི་ཚོར་བ་སོགས་ཕུང་པོ་ལྷག་མ་བཞི་ཡིན་ནོ། །མིང་གི་དོན་ནི་དོན་རྣམས་ལ་གཞོལ་བ་ཞེས་བྱ་བ་ཡིན་ལ། འདི་དག་ཀྱང་ཡང་སྲིད་ཕྱི་མར་ཉིང་མཚམས་སྦྱོར་ཞིང་གཞོལ་བས་ན་མིང་ངོ་། །སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དག་ནི་སྔར་བཤད་ཟིན་ཏོ། །སྲེད་པ་ནི་བདེ་བ་ཐོབ་པར་འདོད་པ་དང་། སྡུག་བསྔལ་འདོར་བར་འདོད་པའི་ཆགས་པ་ཡིན་ནོ། །སྲེད་པ་དེ་ཉིད་ཆེར་འཕེལ་སྟེ། བདེ་སྡུག་གི་ཡུལ་བླང་དོར་རྩོམ་པ་ནི་ལེན་པ་ཡིན་ནོ། །ལས་ཀྱི་བག་ཆགས་ཡང་སྲིད་བསྐྱེད་པ་ལ་ནུས་པ་མཐུ་ཅན་དུ་གྱུར་པ་སྲིད་པ་དང་། དེ་ལས་སྐྱེ་མཆེད་དྲུག་སྔར་མེད་གསར་དུ་མངལ་དུ་བྱུང་བ་སྐྱེ་བ་ཡིན་ནོ། །སྐྱེ་མཆེད་དྲུག་པོ་དེ་ཉིད་གནས་སྐབས་གཞན་དུ་འགྱུར་བ་རྒ་བ་ཡིན་ལ། འཇིག་པ་ནི་འཆི་བའོ། །བཞི་པ་ཡན་ལག་ཇི་ལྟར་རྫོགས་ཚུལ་དེ་ལ་གཉིས། ཚེ་གསུམ་གྱིས་རྫོགས་ཚུལ་ཞར་བྱུང་དང་བཅས་པ། བྱ་རྫོགས་ཀྱི་སྐད་ཅིག་ལ་རྫོགས་ཚུལ་ལོ། །དང་པོ་ནི། བྱེ་བྲག་སྨྲ་བ་ཚེ་སྔ་མ་དང་། འདི་དང་། ཕྱི་མ་གསུམ་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚད་གཅིག་རྫོགས་པར་འདོད་དོ། །བྱེ་བྲག་སྨྲ་བར་མ་ཟད་མདོ་སྡེ་པ་དང་རྣམ་བདེན་པ་ཡང་དེ་བཞིན་དུ་བཞེད་དོ། །དེ་ལ་མ་རིག་པ་དང་འདུ་བྱེད་ནི་ཚེ་སྔ་མ་ལ་རྫོགས་ཏེ། སྐྱེ་བ་འཕེན་བྱེད་ཡིན་པའི་ཕྱིར་རོ། །སྐྱེ་བ་དང་རྒ་ཤི་ནི་ཆེ་ཕྱི་མ་ལ་རྫོགས་ཏེ། ཚེ་འདིའི་སྲེད་ལེན་སྲིད་གསུམ་གྱི་འབྲས་བུ་ཡིན་པའི་ཕྱིར་རོ། །བར་གྱི་ལྷག་མ་བརྒྱད་ནི་ཚེ་འདི་ལ་རྫོགས་ཏེ། དང་པོ་ལྔ་རྣམ་སྨིན་གྱི་ངོ་བོ་ཡིན་པའི་ཕྱིར་དང་། ཕྱི་མ་གཉིས་དེའི་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་། སྔོན་དང་ཕྱི་མཐར་གཉིས་གཉིས་དང་། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ། །ཞེས་སོ། །བྱེ་བྲག་སྨྲ་བ་རྣམས་གནས་སྐབས་པ་དང་། འབྲེལ་བ་ཅན་དང་། རྒྱུན་ཆགས་པ་དང་། སྐད་ཅིག་མའི་རྟེན་འབྲེལ་ཞེས་བྱ་བ་བཞི་ཡོད་པར་འདོད་དེ། དང་པོ་ནི། ཚེ་གསུམ་གྱིས་ཕུང་པོའི་གནས་སྐབས་ལ་ཡན་ལག་བཅུ་གཉིས་རྣམ་པར་བཞག་པའོ། །དེ་ཉིད་འབྲེལ་བ་ཅན་དང་། རྒྱུན་ཆགས་པའི་རྟེན་འབྲེལ་ཡང་ཡིན་ནོ། །གཉིས་པ་ནི། ཆགས་པའི་དབང་གིས་སྲོག་གཅོད་པ་ལ་སོགས་ཀྱི་ལས་གཅིག་པ་སོགས་སྐད་ཅིག་རེ་རེ་ལ་མ་རིག་པ་ནས་རྒ་ཤིའི་བར་གྱི་སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་བའི་རྟེན་འབྲེལ་བཅུ་གཉིས་རྫོགས་པ་ཡིན་ཏེ། འདི་ལྟར་སྲོག་གཅོད་པའི་རྨོངས་པ་གང་ཡིན་པ་དེ་ནི་མ་རིག་པའོ། །སེམས་པ་ནི་འདུ་བྱེད་དོ། །དངོས་པོ་སོ་སོར་རྣམ་པར་རིག་པ་ནི་རྣམ་ཤེས་སོ། །དེ་དང་ལྷན་ཅིག་གི་ཕུང་པོ་བཞི་ནི་མིང་དང་གཟུགས་སོ། །མིང་དང་གཟུགས་ལ་གནས་པའི་དབང་པོ་དྲུག་ནི་སྐྱེ་མཆེད་དྲུག་གོ །སྐྱེ་མཆེད་དྲུག་འདུས་པ་ནི་རེག་པའོ། །རེག་པ་ཉམས་སུ་མྱོང་བ་ནི་ཚོར་བའོ། །ཆགས་པ་ནི་སྲེད་པའོ། །དེ་དང་མཚུངས་ལྡན་གྱི་ཀུན་ནས་དཀྲིས་པ་ནི་ལེན་པའོ། །དེས་ཀུན་ནས་སླང་བའི་ལུས་ངག་གི་ལས་ནི་སྲིད་པའོ། །ལས་དེ་སྐྱེས་པ་ནི་སྐྱེ་བའོ། །ཡོངས་སུ་སྨིན་པ་ནི་རྒ་བའོ། །ཞིག་པ་ནི་ཤི་བའོ། །ལྔ་པ་མ་རིག་པའི་ས་མཚུངས་རྩི་བ་ནི། འདོད་པ་ནས་འདོད་པར་སྐྱེ་བ་དང་། གོང་མ་ནས་འདོད་པར་སྐྱེ་བ་དང་། འདོད་པ་ནས་གོང་མར་སྐྱེ་བ་དང་། གོང་མ་ནས་གོང་མ་དེ་ཉིད་དུ་སྐྱེ་བ་དང་སྟེ། གང་ཟག་བཞིའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་རྣམས་འདོད་པ་དང་། གོང་མ་ནས་འདོད་པར་སྐྱེ་ན་ཡན་ལག་ཐམས་ཅད་འདོད་པར་ས་མཚུངས་ཏེ། འདོད་པར་སྐྱེ་བའི་ལས་གོང་མར་སོག་པ་མི་སྲིད་པའི་ཕྱིར་རོ། །འདོད་པ་ནས་གོང་མ་གཟུགས་གཟུགས་མེད་གང་རུང་དུ་སྐྱེ་བ་མ་རིག་པ་འོག་མ་འདོད་པར་གཏོགས་པ་ཡིན་ཏེ། འདོད་པའི་རྟེན་ལ་ལས་དེ་བསགས་པའི་ཕྱིར་རོ། །ཡན་ལག་གཞན་རྣམས་གང་དུ་སྐྱེ་འགྱུར་གྱི་ས་གོང་མ་ཡིན་ནོ། །གོང་མ་བསམ་གཏན་དང་པོ་ནས་ཤི་འཕོས་ནས་དེ་ཉིད་དུ་སྐྱེ་བ་ལྟ་བུ་ལ་ལས་དེ་ཉིད་ཀྱི་རྟེན་ལ་བསགས་ན་ཐམས་ཅད་རང་ས་ཉིད་དུ་མཚུངས་ལ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བསགས་པ་ལས་སྐྱེ་བ་ཡིན་ན་མ་རིག་པ་ས་འོག་མར་གཏོགས་ལ། གཞན་རྣམས་རང་སར་གཏོགས་སོ། །རགས་པ་ཙམ་སྟེ་ཞིབ་མོར་སྤྱད་ན་བརྗོད་པར་བྱ་བ་མང་སྟེ་ཡི་གེ་མངས་པས་འཇིགས་པས་མ་བྲིས་སོ། །ཁམས་དང་སའི་ཁྱད་པར་གང་ཞེ་ན། འདོད་པ་ལ་སོགས་པའི་ཁམས་གསུམ་གང་དུ་སྐྱེ་བའི་རིགས་ལ་དེ་དང་དེའི་ཁམས་ཞེས་བརྗོད་ལ། དེའི་ཕྱིར་གང་ལ་འདོད་པའི་སྲེད་པ་འཕེལ་བར་འགྱུར་བ་དེ་ནི་འདོད་པའི་ཁམས་ཞེས་བྱ་ལ། གང་ལ་གཟུགས་དང་གཟུགས་མེད་པའི་སྲེད་པ་འཕེལ་བར་འགྱུར་བ་དེ་ལ་དེ་ཉིད་དེའི་ཁམས་ཞེས་བྱའོ། །ས་ནི་འོག་མ་ལས་འདོད་ཆགས་དང་བྲལ་བའི་སེམས་ཀྱི་རིམ་པ་ངེས་པ་སྟེ། འདོད་པ་ལ་འདོད་ཆགས་དང་མ་བྲལ་བའི་ཆོས་ནི་འདོད་པའི་ས་པ་ཡིན་ལ། འདོད་པ་ལ་འདོད་ཆགས་དང་བྲལ་ཞིང་། བསམ་གཏན་དང་པོ་ལ་འདོད་ཆགས་དང་མ་བྲལ་བ་ནི་བསམ་གཏན་དང་པོའི་ས་ཞེས་བྱ་བ་ནས། ཅི་ཡང་ལ་འདོད་ཆགས་དང་བྲལ་ཞིང་སྲིད་རྩེ་ལ་འདོད་ཆགས་དང་མ་བྲལ་བ་ནི་སྲིད་པའི་རྩེ་མོའི་ས་པ་ཞེས་བྱའོ། །གོང་མའི་ཉེར་སྡོགས་རྣམས་ཀྱང་འོག་མ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་གོང་མའི་སར་གཏོགས་སོ། །དེ་ལྟར་གོང་དུ་བཤད་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་དེ་དག་ནི་འཁོར་བའི་རྒྱུ་འབྲས་སོ། །གཉིས་པ་རྣམ་བྱང་གི་རྟེན་འབྲེལ་ནི། མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་པ་ནས་སྐྱེ་བ་འགགས་པས་རྒ་ཤི་འགག་ཅེས་པའི་བར་ནི་མྱ་ངན་ལས་འདས་པའི་རྒྱུ་འབྲས་ཡིན་ནོ། །ལུང་ཀུན་ལས་བཏུས་པ་ལས་རྒྱུ་འབྲས་རྣམ་པར་བཤད་པའི་ལེའུ་སྟེ་གསུམ་པའི་འགྲེལ་པའོ། །

ལེའུ་བཞི་པ།

གསུམ་པ་རང་གཞན་གྱི་གྲུབ་མཐའ་གཏན་ལ་དབབ་པ་ལ། གཞན་སྡེ་དང་། རང་སྡེ་གཉིས་ཀྱི་དང་པོ་ལ་ཆད་པར་སྨྲ་བ་དང་། རྟག་པར་སྨྲ་བའོ། །དང་པོ་ནི། སྤྱིར་མུ་སྟེགས་ཞེས་བྱའི་སྒྲ་དོན་ནི། ཐར་པའི་ཆེད་དུ་འཇུག་ངོགས་སུ་འཇུག་པས་མུ་སྟེགས་ཞེས་བྱ་ལ། རྒྱ་འཕེན་པ་ནི་ཐར་པ་མི་འདོད་པའི་ཕྱིར། མུ་སྟེགས་ཀྱི་སྒྲ་དོན་མེད་དོ། །དེ་ལ་འཇིག་རྟེན་རྒྱང་འཕེན་གྱི་གྲུབ་མཐའ་ནི་ལྷའི་བླ་མ་ཕུར་བུ་ཞེས་བྱ་བས་བསྟན་ལ། དྲང་སྲོང་འཇིག་རྟེན་མིག་ཅེས་བྱ་བས། འཇིག་རྟེན་རྒྱང་འཕེན་སྟོན་པའི་འཆད་ལྟའི་གཞུང་འབུམ་སྡེ་བརྩམས་སོ་ཞེས་གྲག་གོ ། དེའི་ལུགས་ལ་འཇིག་རྟེན་སྐྱེ་བ་སྔ་མ་ནས་འདིར་འོངས་པ་དང་། འདི་ནས་ཕྱི་མར་འགྲོ་བ་མེད་ལ་དེའི་ཕྱིར་སྐྱེ་བ་སྔ་མར་བྱས་པའི་ལས་ཀྱི་འབྲས་བུ་ཕྱི་མར་མྱོང་བ་མེད་དོ། །ཕྱི་དང་ནང་གི་དངོས་པོ་རྣམས་ནི་ལས་སམ་དབང་ཕྱུག་ལ་སོགས་པའི་རྒྱུ་ལས་བྱུང་བ་མེད་ཀྱི་གདོད་མ་ནས་ངོ་བོ་ཉིད་ཀྱིས་གྲུབ་པའམ་གློ་བུར་དུ་བྱུང་བ་ཡིན་ཏེ། དེའི་རྒྱུ་མཚན་སྨྲས་པ་ནི། སྲན་ཟླུམ་ཞེས་སོགས་རྒྱང་འཕེན་གྱི་གཞུང་ངོ་། །དྲང་སྲོང་འཇིག་རྟེན་མིག་གིས་རང་གི་བུ་མོ་ལ་འདོད་ལོག་སྤྱད་པར་འདོད་ནས་བུ་མོ་ལ་ཆད་ལྟ་འཛིན་དུ་གཞུག་པའི་ཕྱིར། ཅི་ཙམ་ཞེས་སོགས་སྨྲས་ཏེ། ཅི་ཙམ་དབང་པོའི་སྤྱོད་ཡུལ་བ། །སྐྱེས་བུ་དེ་ཙམ་ཁོ་ནར་ཟད། །ཅེས་པ་མཐོ་རིས་དང་། དམྱལ་བ་ལ་སོགས་པ་འཇིག་རྟེན་གཞན་ཡོད་པ་མ་ཡིན་ཅེས་པའོ། །སྔོ་བསངས་ཞེས་པ་རང་གི་བུ་མོ་ལ་འབོད་པའོ། །མང་ཐོས་གང་སྨྲ་བ་ཞེས་པ་ནི། དགེ་སྦྱོང་གོ་ཏ་མས་མཐོ་རིས་དང་དམྱལ་བ་དང་ལས་ཀྱི་འབྲས་བུ་སྟོན་པ་སོགས་ནི་སྔོན་དྲང་སྲོང་སྤྱང་ཀི་ཞེས་བྱ་བའི་རྫུན་གྱིས་འཇིག་རྟེན་པ་རྣམས་བསླུས་ཞེས་གྲགས་པ་དང་མཚུངས་ཞེས་པའོ། །སྐྱེ་བ་སྔ་མ་མེད་ན་སེམས་གང་ལས་བྱུང་ཞེ་ན། སེམས་ནི་ཁུ་བ་དང་ཁྲག་ལ་སོགས་པའི་འབྱུང་བའི་དྭངས་མ་ཡིན་ལ། དེས་ན་དབང་པོ་དང་བཅས་པའི་སེམས་ནི་མངོན་པར་གསལ་བའི་སེམས་པ་ཅན་གྱི་སྐྱེས་བུ་ཡིན་ལ་འབྱུང་བ་བཞི་པོ་གཞན་ཕྱི་རོལ་ན་ཡོད་པ་རྣམས་ཀྱང་མངོན་པར་མི་གསལ་བའི་སེམས་པ་ཅན་ཡིན་ཏེ། སེམས་ནུས་པའི་ངོ་བོར་ཡོད་པའི་ཕྱིར་རོ། །དེས་ན་འབྱུང་བ་དང་སེམས་ཐ་མི་དད་པས་དབང་པོ་དང་བཅས་པའི་ལུས་ཞིག་པ་ན། སེམས་དེ་ཡང་རྒྱུན་ཆད་པས་སྐྱེ་བ་སྔ་ཕྱི་རྗེས་སུ་འབྲེལ་བའི་དགེ་སྡིག་གི་འཆིང་བ་མེད་པས་འཇིག་རྟེན་རྒྱང་འཕེན་ཞེས་བྱའོ། །

གཉིས་པ་རྟག་པར་སྨྲ་བ་ལ་བརྒྱད་ཀྱི། དང་པོ་གྲངས་ཅན་གྱི་ལུགས་ནི། དེ་ལ་སེར་སྐྱ་པ་དང་གྲངས་ཅན་པ་དང་སུམ་ཅུ་པ་རྣམས་ནི་རྣམ་གྲངས་སོ། །གྲངས་ཅན་གྱི་སྟོན་པ་དྲང་སྲོང་ཆེན་པོ་སེར་སྐྱས་ཤེས་བྱའི་གྲངས་ནི་ཀུན་བསྡུས་ན་རང་བཞིན་ཉི་ཤུ་རྩ་བཞི་དང་། སྐྱེས་བུ་དང་། དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔར་བསྟན་ཏེ། དེ་ཉིད་ཀྱིས་དེ་ཉིད་ཉི་ཤུ་རྩ་ལྔ་ཤེས་ན་རལ་པའམ་བྱི་བའམ་ཅོད་པན་ནམ། །ཆ་ལུགས་གང་གིས་གནས་ཀྱང་རུང་། །གྲོལ་འགྱུར་འདི་ལ་ཐེམ་མེད། །ཅེས་བཤད་དོ། །དེ་ལ་བདག་ཤེས་རིག་གི་སྐྱེས་བུའི་མཚན་ཉིད་ནི། གནས་སྐབས་ཐམས་ཅད་དུ་མི་འགྱུར་བས་རྟག་པ་དང་། ཟླ་མེད་པས་གཅིག་པུ་དང་། མྱོང་བའི་ངོ་བོར་གནས་པས་སེམས་པ་ཅན་དང་། བྱ་བ་ལ་བཏང་སྙོམས་པས་བྱེད་པ་པོ་མིན་པ་དང་། ཡུལ་ལོངས་སྤྱོད་པས་ཟ་བ་པོ་ཞེས་བྱ་སྟེ། ཇི་སྐད་དུ། དབུ་མ་འཇུག་པར། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱ་མེད་གྲངས་ཅན་རྣམས་ཀྱིས་བརྟགས། །དེ་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་གྱུར། །ཞེས་བཤད་པ་ལྟར་རོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། བདེ་སྡུག་བཏང་སྙོམས་གསུམ། སྙིང་སྟོབས་རྡུལ་དང་མུན་པ་གསུམ་རྣམས་རྣམ་གྲངས་ཡིན་ལ། དེ་གསུམ་རྣམ་པར་མི་འགྱུར་ཞིང་ཆ་མཉམ་པའི་གནས་སྐབས་ནི་གཙོ་བོ་ཞེས་བྱ་སྟེ། ཤེས་རིག་མ་གཏོགས་པའི་དངོས་པོ་ཐམས་ཅད་སྐྱེད་པའི་རྒྱུ་ཡིན་ཅིང་། རྟག་པ་དང་། གཅིག་པུ་དང་། རང་དབང་ཅན་སེམས་མེད་པས་བེམས་པོ་དང་། བྱིས་པ་རྣམས་ཀྱིས་མཐོང་དུ་མི་འགྱུར་བས་མངོན་པར་མི་གསལ་བ་ཡིན་ནོ། །གཙོ་བོ་དེའི་ནང་ན་སྐྱེས་བུ་གནས་ཞེས་བཤད་པ་མེད་ཅིང་། གང་གི་ཚེ་སྐྱེས་བུ་ཡུལ་ལ་ལོངས་སྤྱོད་པར་འདོད་པ་སྐྱེས་པ་ན། གཙོ་བོས་གཟུགས་སོགས་རྣམ་འགྱུར་རྣམས་སྤྲུལ་ཞིང་དེ་ལ་སྐྱེས་བུ་མངོན་ཞེན་གྱིས་ལོངས་སྤྱོད་པ་ན་འཁོར་བ་ཞེས་བྱ་ལ། གང་གི་ཚེ་སྐྱེས་བུ་ལ་ལ་ཡུལ་རྣམས་ལ་ཡིད་འབྱུང་སྟེ། དབེན་པར་བསམ་གཏན་བསྒོམས་པས་ལྷའི་མིག་འཐོབ་སྟེ། རང་བཞིན་འདྲེ་མོ་དང་འདྲ་བ་དེ་ཉིད་ཀྱིས་རྣམ་འགྱུར་གྱི་ཚོགས་རྣམས་སྤྲུལ་པར་ཤེས་པ་ན་རང་བཞིན་སྐྱེངས་པའི་ཚུལ་དུ་རྣམ་འགྱུར་རྣམས་བསྡུད་པར་བྱེད་པས། སྐྱེས་བུ་ལ་རྣམ་འགྱུར་གང་ཡང་མི་འགྲོ་ཞིང་སྐྱེས་བུ་ཡང་ཡུལ་ལ་ལོངས་མི་སྤྱོད་པར་རང་ཉིད་ཡན་གར་བར་གནས་པའི་ཚེ་ན་གྲོལ་བ་ཐོབ་པ་ཞེས་བྱའོ། །གཙོ་བོ་དེ་ཉིད་རྣམ་འགྱུར་བསྐྱེད་པའི་ཚེ་རང་བཞིན་ཞེས་བྱ་ལ། རང་བཞིན་དེ་ལས་རྣམ་འགྱུར་རྣམས་འབྱུང་ངོ་། །དེའང་རང་བཞིན་དེ་ལའང་དང་པོར་ཤེལ་གྱི་མེ་ལོང་ངོས་གཉིས་པ་ལྟ་བུའི་བློའམ་ཆེན་པོ་ཞེས་བྱའོ། །ནང་ནས་ཤེས་རིག་གི་གཟུགས་བརྙན་འཆར་ཞིང་ཕྱི་ནས་ཡུལ་གྱི་གཟུགས་བརྙན་དེ་ལྟ་བུ་འབྱུང་ལ། ང་རྒྱལ་དེ་ལས་རྣམ་འགྱུར་བཅུ་དྲུག་འབྱུང་སྟེ། འདི་ལྟ་ང་རྒྱལ་ནི་གསུམ་སྟེ། སྙིང་སྟོབས་ཅན་དང་། མུན་པ་ཅན་དང་། རྡུལ་ཅན་ནོ། །དང་པོ་ལས་མིག་ནས་ཡིད་ཀྱི་དབང་པོའི་བར་དབང་པོ་བཅུ་གཅིག་འབྱུང་ངོ་། །དེ་ལ་མིག་ནས་ལུས་ཀྱི་བར་ལྔ་ནི་བློའི་དབང་པོ་ཞེས་བྱའོ། །ལག་པ་ནས་གཤང་བའི་བར་ལྔ་ནི་ལས་ཀྱི་དབང་པོ་ཞེས་བྱའོ། །ཡིད་ནི་གཉིས་ཀའི་དབང་པོའ།ོ །མུན་པ་ཅན་གྱི་ང་རྒྱལ་ལས་གཟུགས་སོགས་དེ་ཙམ་ལྔ་འབྱུང་ལ། རྡུལ་ཅན་གྱི་ང་རྒྱལ་གྱི་གཉིས་ཀྱི་འཇུག་པ་བྱེད་དོ། །དེ་ཙམ་ལྔ་ལས་ས་ལ་སོགས་པའི་འབྱུང་བ་ཆེན་པོ་ལྔ་འབྱུང་ངོ་། །དེ་སྐད་དུ་ཡང་། དབང་ཕྱུག་ནག་པོའི་རྒྱུད་ལས། རང་བཞིན་ལས་ཆེན་ཞེས་སོགས་བཤད་དོ། །དེ་ལ་གཙོ་བོ་ནི། རྣམ་འགྱུར་ཀུན་སྐྱེད་བྱེད་ཡིན་པས་བྱེད་པ་ཡིན་ལ་ཁོ་རང་ནི་སུས་ཀྱང་མ་སྐྱེད་པས་བྱ་བ་མ་ཡིན་ནོ། །ཆེན་པོ་དང་། སོགས་པས་བསྡུས་པ་ང་རྒྱལ་དང་། དེ་ཙམ་ལྔ་ནི་རྩ་བའི་རང་བཞིན་ལས་སྐྱེས་པ་བྱ་བ་ཡིན་ལ། རང་རང་གི་རྣམ་འགྱུར་རྣམས་སྐྱེས་པས་བྱེད་པ་ཡང་ཡིན་ནོ། །དབང་པོ་བཅུ་གཅིག་དང་། འབྱུང་བ་ལྔ་སྟེ་བཅུ་དྲུག་པོ་ནི་བྱ་བ་ཁོ་ན་ཡིན་གྱི་འབྲས་བུ་མི་སྐྱེད་པའི་ཕྱིར་བྱེད་པ་མ་ཡིན་ནོ། སྐྱེས་བུ་ནི་སུས་ཀྱང་མ་བསྐྱེད་པའི་ཕྱིར་བྱ་བ་མ་ཡིན་ལ་འབྲས་བུ་འགའ་ཡང་མི་སྐྱེད་པའི་ཕྱིར་བྱེད་པའང་མིན་ནོ། །དེ་ཙམ་ལྔ་ལས་འབྱུང་བ་ཆེན་པོ་ལྔ་ཞེས་བཤད་ནས་གང་ལས་བྱུང་ཞེ་ན། དྲི་ལས་ས། སྒྲ་ལས་ནམ་མཁའ། གཟུགས་ལས་ཆུ། རོ་ལས་མེ། རེག་བྱ་ལས་རླུང་འབྱུང་ངོ་། །ཡོན་ཏན་ནོ་ཞེས་པ་ནི་བྱེ་བྲག་པའི་ལུགས་ཡིན་གྱི། གྲངས་ཅན་པའི་ལུགས་མིན་ནོ། །གྲངས་ཅན་པ་དེ་དག་ལས་ཁ་ཅིག །དཔེར་ན་རྫ་མཁན་གྱི་འདོད་པ་དང་། འཇིམ་པའི་ཉེར་ལེན་ལས་ཁམ་ཕོར་སོགས་སྣོད་ཀྱི་རྣམ་པ་སྣ་ཚོགས་འབྱུང་བ་ལྟར། དབང་ཕྱུག་ལྷའི་འགྲོ་བའི་སྐྱེས་བུས་བློ་སྔོན་དུ་བཏང་སྟེ། རང་བཞིན་གྱིས་རྒྱུ་ལས་རྣམ་འགྱུར་ནི་དངོས་པོ་ཐམས་ཅད་བསྐྱེད་པར་འདོད་དོ། །དབང་ཕྱུག་དེ་ནི་ཡོན་ཏན་བརྒྱད་དང་ལྡན་པ་རྟག་པ་བདག་ལས་ཐ་དད་པའོ། །ཡོན་ཏན་བརྒྱད་ནི་ཕྲ་དང་ཞེས་སོགས་ཏེ། དེ་ལ་སེམས་ཅན་གྱི་འཇིག་རྟེན་སྐྱེ་འཇིག་བྱེད་པས་ཕྲ་བ་སྟེ། ཇི་སྐད་དུ། ལག་པ་དག་དང་རྐང་པ་དང་། །མིག་དང་བཞིན་དང་ལུས་རྣམས་ཀྱིས། མང་པོ་ཕྱེད་ཅིང་འཇིག་བྱེད་པ། །དེས་ན་ཕྲ་བར་བརྗོད་པ་ཡིན། །ཞེས་སོ། །སྣོད་ཀྱི་འཇིག་རྟེན་སྐྱེ་འཇིག་བྱེད་པས་ཡང་བ་སྟེ། མཁའ་དང་རླུང་དང་ས་དང་ནི། །ཆུ་དང་མེ་དག་གནས་བྱེད་ཅིང་། །བསྡུད་པ་དང་ནི་རྒྱས་བྱེད་པས། །དེས་ན་ཡང་བར་བརྗོད་པ་ཡིན། །ཅེས་སོ། །འདིར་མཆོད་འོས་མི་འོང་། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གཉིས་ཀ་སྐྱེ་འཇིག་བྱེད་པས་བདག་པོར་དབང་གྱུར་པ་ཞེས་བྱ་སྟེ། འབྱུང་པོ་ཀུན་ལ་དབང་བྱེད་ཅིང་། །གནས་པ་དག་དང་རྒྱུ་བ་དག །གང་དང་གང་འདོད་དེས་བྱེད་པས། །དེས་ན་བདག་པོར་གྱུར་ཞེས་བྱ། །ཞེས་སོ། །འབྱུང་པོ་ཀུན་ལ་ཕན་གནོད་བྱེད་པ་ལ་དབང་བས་དབང་དུ་གྱུར་པ་ཞེས་བྱ་སྟེ། བདག་ལ་རག་ལུས་རང་དབང་ཅན། །འགའ་ལའང་འཇིགས་པ་ཡོད་མིན་ཏེ། །ཐམས་ཅད་དབང་དུ་གྱུར་པས་ན། །དེས་ན་དབང་དུ་གྱུར་ཞེས་བྱ། །ཞེས་སོ། །ཡིད་ཙམ་གྱིས་ཐམས་ཅད་འགྲུབ་པས་ན། གར་ཡང་ཕྱིན་པ་ཞེས་བྱ་སྟེ། །ཡུལ་དང་བཟའ་དང་བཅའ་བ་དང་། །གཞན་ཡང་ཡིད་ཀྱིས་གང་བསམས་པ། །ཡིད་ཀྱིས་རྗེས་སུ་མི་སྡོད་པས། །དེས་ན་གར་ཡང་ཕྱིན་ཅེས་བྱ། །ཞེས་སོ། །འབྱུང་པོ་ཀུན་གྱི་མཆོད་བྱར་གྱུར་པས་ན། མཆོད་འོས་ཏེ། འཇིག་རྟེན་གསུམ་ན་མཆོད་གྱུར་ཅིང་། །གནས་པ་དག་དང་རྒྱུ་བ་དང་། །འབྱུང་པོ་ཀུན་གྱིས་མཆོད་པས་ན། །དེས་ན་མཆོད་པར་བྱ་བ་ཡིན། །ཅེས་སོ། །ཡོན་ཏན་ཐམས་ཅད་འདོད་རྒུར་བྱེད་པས་འདོད་རྒུར་ལྡན་ཞེས་བྱ་སྟེ། སྙིང་སྟོབས་རྡུལ་དང་མུན་པ་གསུམ། །དེ་དག་གང་ལ་གནས་གྱུར་པ། །མིག་འབྱེད་ཙམ་གྱིས་བྱེད་གྱུར་པ། །དེས་ན་འདོད་རྒུར་ལྡན་ཞེས་བྱ། །ཞེས་སོ། །མཐོ་རིས་དང་ཐར་པ་གང་འདོད་ཐོབ་པར་བྱེད་པས། འདོད་རྒུར་གནས་ཞེས་བྱ་སྟེ། ཐར་པའམ་ཡང་ན་ལྷའི་ལུས། །གང་དུ་བདག་ཉིད་འདོད་པ་དག། ཐམས་ཅད་འདོད་པས་ཐོབ་འགྱུར་པས། །དེས་ན་དགའ་རྒུར་ལྡན་ཞེས་བྱ། །ཞེས་སོ། །འདི་ཀུན་དབང་ཕྱུག་གིས་བྱས་པར་ཅིས་ཤེས་ཞེ་ན། ཡོན་ཏན་དང་ནོར་ལྡན་ཚེ་ཐུང་བ་དང་། ངན་པ་སྤྱོད་པ་འགའ་ཞིག་ཚེ་རིང་བ་དང་། གཏོང་བ་དང་ལྡན་པ་ཡང་དབུལ་པོ་ལ་སོགས་པ་མཐོང་བས་ན་དེ་དག་དབང་ཕྱུག་མཉེས་མ་མཉེས་ལས་དབང་ཕྱུག་གིས་བྱས་པར་གསལ་བ་ཡིན་ནོ། །གཏན་ཚིགས་ཀྱང་ཡོད་དེ་སྣོད་བཅུད་ཀྱི་འགྲོ་བ་ཐམས་ཅད་ནི་ཆོས་ཅན། བྱེད་པ་པོ་ཁྱད་པར་ཅན་གྱིས་བློ་སྔོན་དུ་བཏང་ནས་བྱས་པ་ཡིན་ཏེ། སྡོད་ཅིང་འཇུག་པའི་ཕྱིར་སྟེའུ་ལ་སོགས་པ་བཞིན་དབྱིབས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར། གཞལ་ཡས་ཁང་ལ་སོགས་པ་བཞིན། བྱེད་པ་པོ་ཁྱད་པར་ཅན་ནི་དབང་ཕྱུག་ཡིན་ནོ། །ཞེས་ཟེར་རོ། །

གཉིས་པ་བྱེ་བྲག་པའི་གྲུབ་མཐའ་བཤད་པ་ནི། དྲང་སྲོང་ཆེན་པོ་གཟེགས་ཟན་གྱི། བྱེ་བྲག་པའི་གཞུང་བྱས་པ། གཟེགས་ཟན་པ་ཞེས་ཀྱང་བྱ། ཚངས་པ་ལྷར་སྨྲ་བས་ཚངས་པ་བ་ཞེས་ཀྱང་བྱ། འུག་པའི་ཆ་བྱད་འཛིན་པས་འུག་པའི་སློབ་མར་གྲགས་པས་འུག་ཕྲུག་པ་ཞེས་ཀྱང་བྱ། དེ་དག་ནི་རྫས་ལ་སོགས་པ་དྲུག་ཏུ་ཤེས་བྱ་ཐམས་ཅད་འདུས་པར་འདོད་དོ། །དེ་ལ་རྫས་ནི་རྣམ་པ་དགུ་སྟེ་བདག་དང་། དུས་དང་ཕྱོགས་དང་ནམ་མཁའ་དང་། ཡིད་དང་། ས་ཆུ་དང་། མེ་དང་། རླུང་སྟེ། འབྱུང་བ་བཞིའི་རྫས་རྣམས་སོ། །འབྱུང་བ་བཞིའི་རྫས་ལ་ཡང་། རྟག་པ་དང་མི་རྟག་པའི་རྫས་གཉིས་ཏེ། དང་པོ་ནི། འབྱུང་བ་བཞིའི་རྡུལ་ཕྲ་རབ་རྣམས་སོ། །གཉིས་པ་ནི། དེ་དག་གིས་བརྩམས་པའི་ཡན་ལག་ཅན་གྱི་རྫས་རྣམས་སོ། །བདག་གི་མཚན་ཉིད། འདོད་པ་དང་སྡང་བ་ལ་སོགས་པ་ཡོན་ཏན་ཀུན་གྱི་རྟེན་བྱེད་པ་ཐམས་ཅད་ལ་ཁྱབ་པས་ཀུན་ལ་འཇུག་པ་དང་། ལས་བྱེད་པ་པོ་དང་རྣམ་སྨིན་ཟ་བ་པོ་དང་། རང་ཉིད་སེམས་མིན་ཞིང་སེམས་ཡོན་ཏན་དུ་ལྡན་པར་འདོད་དེ། དབུ་མ་དེ་ཁོ་ན་ཉིད་བསྡུས་པར། གཞན་དག་ཀྱང་ནི་འདིར་བདག་ཉིད། །འདོད་ལ་སོགས་པའི་རྟེན་གྱུར་པ། །དེ་བཞིན་རྟག་དང་ཀུན་འཇུག་ཅན། །རང་ཉིད་སེམས་མེད་ངོ་བོར་འདོད། །ཅེས་བཤད་དོ། །བདག་དེ་ནི་སེམས་མེད་པས་བེམས་པོ་དང་རྟག་པ་བ་ས་བོན་ཀུན་ལ་ཁྱབ་པ་འགྲོ་འོང་སོགས་ཀྱི་བྱ་བ་མེད་པ་དང་། དགེ་སྡིག་གི་ལས་རྣམས་ཀྱི་བྱེད་པ་པོར་འདོད་དོ། །དུས་དང་། ཕྱོགས་དང་ནམ་མཁའ་དག་ཀྱང་བདག་དེ་བཞིན་དུ་སེམས་མེད་པ་དང་། རྟག་པ་དང་། ཀུན་ལ་ཁྱབ་པ་དང་། བྱ་བ་མེད་པར་འདོད་ལ། དེ་ལ་དུས་ནི། ཡུན་རིང་ཐུང་སོགས་དུས་ཀྱི་རྣམ་པར་རྟོག་པའི་རྒྱུ་ཡིན་ལ། ཕྱོགས་ནི་ཤར་ལ་སོགས་པ་ཡུལ་གྱི་རྣམ་པར་རྟོག་པའི་རྒྱུར་འདོད་དོ། །ཡིད་ནི་རྟག་པ་རྡུལ་ཕྲན་ཙམ་སྟེ། དེ་རྣ་བ་ལ་སོགས་པའི་དབང་པོའི་སྒོར་ཞུགས་པ་ན་དེ་དང་དེའི་དབང་པོའི་རྣམ་པར་ཤེས་པ་བསྐྱེད་པར་བྱེད་དོ། །ཞེས་ཟེར་རོ། །ཡོན་ཏན་ཉི་ཤུ་རྩ་ལྔ་སྟེ། མིག་ལ་སོགས་པ་དབང་པོའི་བློ་ལྔ་བདེ་བ་དང་སྡུག་བསྔལ་གཉིས་ཆགས་པ་དང་། སྡང་བ་ཆོས་དང་ཆོས་མ་ཡིན་པ་དང་། འདུས་བྱས་པ་དང་། འབད་པའི་ཤུགས་ཏེ། བཅུ་གསུམ་བདག་གི་ཡོན་ཏན་ཡིན། ཕྱི་མ་གཉིས་པོ་ཡིད་ཀྱི་ཡོན་ཏན་ཡིན་ཞེས་ཀྱང་ཁ་ཅིག་ཟེར་རོ། །ཡོན་ཏན་དེ་དག་བདག་ལ་ཇི་སྲིད་དུ་འདུ་བ་དེ་སྲིད་དུ་བདག་འཁོར་བ་ཡིན་ཞིང་། གང་གི་ཚེ་དབང་སོགས་བདག་གི་བ་རྣམས་སྡུག་བསྔལ་དུ་བསྒོམས་པས་དབང་སོགས་བདག་གི་བ་ལ་ཆགས་པ་དང་བྲལ་བས་མི་ལེན་ཅིང་། ཡོན་ཏན་རྣམས་བདག་ལ་མི་འདུ་བ་ན་ཐར་པ་ཞེས་བྱ་སྟེ། ཇི་སྐད་དུ། དབུ་མ་སྙིང་པོར། བློ་སོགས་བདག་གི་ཡོན་ཏན་བཅད། །དྲུངས་ནས་ཕྱུང་བའི་རྣལ་འབྱོར་པས། །ཡིད་ལ་བདག་ཅེས་གནས་པ་ནི། །བྱེ་བྲག་པའི་ཐར་པར་ཤེས། །ཞེས་བཤད་དོ། །གཅིག་གཉིས་ལ་སོགས་པའི་གྲངས་དང་། ཆེ་ཆུང་རིང་ཐུང་ལ་སོགས་པའི་བོངས་ཚོད་དང་། རྫས་ཕན་ཚུན་ཐ་དད་པར་བྱེད་པའི་སོ་སོ་བ་དང་། རྫས་གཅིག་ཕན་ཚུན་ཕྲད་པའི་ཕྲད་པ་དང་། ཕྲད་པ་གྱེས་པའི་བྱེ་བ་དང་གཞན་མིན་པ་རྣམས་ཕྱོགས་དང་དུས་ཀྱི་ཡོན་ཏན་ཟེར་ཡང་། རྫས་གཞན་གྱི་ཡང་ཡོན་ཏན་ཡིན་གྱི་དེ་གཉིས་ཁོ་ནར་མ་ངེས་སོ། །གཟུགས་སོགས་དོན་ལྔ་ནི་འབྱུང་བ་ལྔའི་ཡོན་ཏན་ཡིན་ཏེ། གཟུགས་མེ། སྒྲ་ནམ་མཁའ། དྲི་ས། རོ་ཆུ། རེག་བྱ་རླུང་གི་ཡོན་ཏན་ཡིན་ནོ། །བདེ་སྡུག་གི་ཚོར་བ་ནི་བདག་དང་དོན་གཅིག་ལ་འཕྲོད་པར་འདུ་བའི་ཡིད་ཀྱི་ཤེས་པ་དོན་གཞན་གྱིས་རིག་བྱར་གྱུར་པའི་ནང་གི་སེམས་པར་འདོད་དོ། །མེ་ལྕེ་གྱེན་དུ་འདེགས་པ་ཆུ་ཐུར་དུ་འབབ་པ་སོགས་ཆོས་དང་ཆོས་མ་ཡིན་པའི་ལས་ཀྱིས་བྱས་ཞེས་ཟེར་རོ། །ལས་ནི་འདེགས་པ་འཇོག་པ་བརྐྱང་བ་སྐུམ་པ་འགྲོ་བ་ལ་སོགས་པ་རྫས་ལས་དོན་གཞན་པའོ། །སྤྱི་ནི་གཉིས་ཏེ། མཆོག་དང་། ཉི་ཚེ་བའི་སྤྱིའོ། །དང་པོ་ནི། ཡོད་པ་ཉིད་ཅེས་བྱ་བ་རྟག་པ་གཅིག་པུ་རྫས་ཡོན་ཏན་ལས་གསུམ་ག་ལ་ཁྱབ་པ་མངོན་སུམ་ལ་སྣང་བའོ། །དེ་ནི་བྱེ་བྲག་དང་ཐ་དད་པའི་སྤྱི་ཁོ་ན་ཡིན་ནོ། །ཉི་ཚེ་བའི་སྤྱི་ནི་རྫས་ཉིད། ལས་ཉིད། ཡོན་ཏན་ཉིད་ལ་སོགས་པ་སྟེ། དེ་དག་ནི་སྤྱི་ཡང་ཡིན་ལ་བྱེ་བྲག་ཀྱང་ཡིན་ནོ། །བྱེ་བྲག་ཁོ་ན་ཡིན་པ་ནི། རྟག་པའི་རྫས་ལ་འཇུག་པའི་མཐའ་སྟེ། དེ་ནི་འབྱུང་བ་བཞིའི་རྡུལ་ཕྲན་དང་གྲོལ་བའི་བདག་དང་། ཡིད་ཁོ་ན་ལ་འཇུག་ཅིང་རྣལ་འབྱོར་པ་ཁོ་ནའི་ཡུལ་ལོ། །དབང་པོ་དོན་དང་། ཡོན་ཏན་དང་། ཡོན་ཏན་ཅན་ཕན་ཚུན་སྦྱོར་བ་ནི་འདུ་བའི་འབྲེལ་བར་འདོད་དོ། །བྱེ་བྲག་པའི་ནང་ཚན་ཁ་ཅིག་དབང་ཕྱུག་བྱེད་པ་པོར་འདོད་ལ། དེ་དག་ན་རེ། གང་གི་ཚེ་དབང་ཕྱུག་གི་འཇིག་རྟེན་བསྐྱེད་པར་འདོད་པ་དེའི་ཚེ། དབང་ཕྱུག་བློ་སྔོན་དུ་སོང་བས་འབྱུང་བ་བཞིའི་རྡུལ་ཕྲན་རྟག་པ་དག་ཕན་ཚུན་འདུས་པས། རླུང་དང་། ས་དང་། ཆུ་དང་། མེའི་དཀྱིལ་འཁོར་རྣམས་ཆགས་ལ་དེ་ནས་ཚངས་པའི་སྒོ་ང་རབ་ཏུ་འབར་བ་ཞིག་བྱུང་ལ་དེའི་ནང་ནས་ཚངས་པ་གདོང་བཞི་པ་རལ་པའི་ཅོད་པན་འཆང་བ་བྱུང་སྟེ། དེས་ཕྱི་ནང་གི་སྣོད་བཅུད་རྣམས་སྐྱེད་དོ། །ཞེས་ཟེར་རོ། །གསུམ་པ་རིག་པ་ཅན་གྱི་གྲུབ་མཐའ་བཤད་པ་ནི། བྱེ་བྲག་པ་ནི་ཤེས་བྱ་ཚིག་གི་དོན་དྲུག་ཏུ་འདོད་པར་རྗེས་སུ་མཐུན་པ་དྲང་སྲོང་ཆེན་པོ་རྐང་མིག་གིས། རྟོག་གེའི་ཚིག་དོན་བཅུ་དྲུག་དང་། ལྟག་ཆོད་ཉི་ཤུ་རྩ་བཞི་དང་། ཚར་གཅོད་ཉི་ཤུ་རྩ་གཉིས་རྣམས་སྟོན་པ་རིག་པའི་བསྟན་བཅོས་བྱས་སོ། །དེ་ལ་ལྟག་ཆོད་ཉི་ཤུ་རྩ་བཞི་དང་། ཚར་གཅོད་ཉི་ཤུ་རྩ་གཉིས་ནི། ཚད་མ་རིགས་པའི་གཏེར་དུ་བཀོད་པས་འདོད་ན་དེར་བལྟ་བར་བྱ་ཞིང་། འདིར་ཡི་གེ་མངས་སུ་དོགས་པས་མ་བྲིས་སོ། །རྟོག་གེའི་ཚིག་དོན་བཅུ་དྲུག་གསལ་པོ་བཤད་པའི་གཞུང་མ་མཐོང་། རགས་པ་ཙམ་ཞིབ་མོ་རྣམ་པར་འཐག་པའི་ཕྱོགས་སྔ་ལ་ཡོད་དོ། །རིགས་པ་ཅན་པས། གསོན་པོའི་ལུས་ནི་བདག་དང་བཅས་པ་ཡིན་ཏེ། སྲོག་ལ་སོགས་པ་དང་ལྡན་པའི་ཕྱིར་ཞེས་པའི་གཏན་ཚིགས་བཀོད་ཅིང་། འདི་རྗེས་འགྲོ་མེད་ཀྱང་། མི་མཐུན་ཕྱོགས་བུམ་པ་ལ་སོགས་ལས་ལྡོག་པས་ལྡོག་པ་རྐྱང་པ་ཅན་གྱི་གཏན་ཚིགས་ཡིན་ནོ་ཞེས་ཟེར་རོ། །བཞི་པ་རིག་བྱེད་པའི་གྲུབ་མཐའ་ནི། རིག་བྱེད་པ་དེ་དག་ནི་ཁྱབ་འཇུག་རྟག་པ། དངོས་པོ་དང་དངོས་པོ་མེད་པ་ལས་གྲོལ་བ་ཞིག་འདོད་དེ། མཚན་མོ་ལྔ་པའི་བསྟན་བཅོས་ལས། མི་ཙམ་ལས་ནི་རབ་འདས་ཤིང་། །དངོས་དང་དངོས་མེད་རྣམ་པར་སྤངས། །འབྱུང་དང་བསྡུ་ལས་ངེས་གྲོལ་བ། །དེ་ནི་ནོར་ལྷའི་བུ་ཞེས་བྱ། །དངོས་ལ་དངོས་ཉིད་ཡོད་མ་ཡིན། །དངོས་མེད་ལ་ཡང་དངོས་ཉིད་མེད། །དངོས་དང་དངོས་མེད་ལས་གྲོལ་བ། །གང་དེ་ཤེས་དེ་རིག་བྱེད་རིག །ཅེས་སྨྲས་པ་ཡིན་ནོ། ཁྱབ་འཇུག་དེའི་འཇུག་པ་བཅུ་ནི། རིག་བྱེད་བཞི། རྒྱ་མཚོ་ཆེན་པོར་ལྟུང་བ་ན་ཁྱབ་འཇུག་གིས་ཉར་སྤྲུལ་ནས་བཏོན་སྟེ་ལྷ་རྣམས་ལ་སྦྱིན་པ་དང་། རུས་སྦལ་དུ་སྤྲུལ་ནས་སྣོད་ཀྱི་འཇིག་རྟེན་བཏེག་པ་དང་། ཕག་རྒོད་དུ་སྤྲུལ་ནས་སྣོད་ཀྱི་འཇིག་རྟེན་མནན་པ་དང་། ཛ་མཱད་ཨགྣིའི་བུར་སྤྲུལ་ནས་རྒྱལ་པོ་སྲིད་སྒྲུབ་ལ་སོགས་པ་བསད་པ་དང་། ཤིང་རྟ་བཅུ་པའི་བུ་རཱ་མར་སྤྲུལ་ནས་སྲིན་པོའི་ཚོགས་བསད་པ་དང་། རྒྱལ་པོ་ནག་པར་སྤྲུལ་ནས་སེམས་ཅན་གྱི་དོན་བྱས། མིའི་སེང་གེར་སྤྲུལ་ནས་ལྷ་མིན་གྱི་དབང་པོ་འགྲོ་སྐྱེས་གསེར་ཅན་བསད་པ་དང་། མིའུ་ཐུང་གི་གཟུགས་སུ་སྤྲུལ་ནས་ལྷ་མ་ཡིན་གྱི་རྒྱལ་པོ་སྟོབས་ཅན་བསླུས་པ་དང་། སངས་རྒྱས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་བྱས་པ་དང་། བྲམ་ཟེ་གྲགས་པའི་བུ་ཀཱིརྟི་ཙི་ཞེས་བྱ་བར་གྱུར་ནས་སེམས་ཅན་གྱི་དོན་བྱས་ཏེ། དེ་ནས་དུས་ལྡོག་པར་འགྱུར་རོ་ཞེས་ཟེར་རོ། །དེ་དག་གི་ལྟ་བ་ནི། དངོས་ལ་དངོས་ཉིད་ཡོད་མ་ཡིན། །ཞེས་ལུང་དྲང་པ་དེ་ཡིན་ལ། དབུ་མ་པ་དང་ཆ་མཐུན་ཟེར་ཏེ། རྟག་པའི་དངོས་པོ་བདེན་པར་འདོད་པ་དེ་དག་ལ་དབུ་ུམའི་དྲི་ཡང་བྲོ་རེ་སྐན། ཚངས་པའི་ཁ་ལ་སོགས་པ་བཞི་པོ་དག་ལས་གོ་རིམ་བཞིན་དུ་བྲམ་ཟེ་ལ་སོགས་པ་མི་རིགས་བཞི་སྐྱེ་ཞིང་ཞལ་བཞི་ལས་སྙན་ངག་གི་རིག་བྱེད། སྲིད་སྲུང་གི་རིག་བྱེད། ངེས་བརྗོད་ཀྱི་རིག་བྱེད། མཆོད་སྦྱེན་གྱི་རིག་བྱེད། རིག་བྱེད་ཆེན་པོ་བཞི་བཤད་དོ། །རིག་བྱེད་ནི་སྐྱེས་བུས་མ་བྱས་པ་རང་བྱུང་གི་རྟག་པར་འདོད་ཅིང་། སྲོག་གཅོད་པའི་ཞེས་སོགས་ནི་ཨེ་བཤད་མི་ཤེས་སོ། །ལྔ་པ་གསང་བ་པའི་གྲུབ་མཐའ་བཤད་པ་ནི། མུ་སྟེགས་གསང་བ་པ་རྣམས་གང་གི་བདག་སེམས་ཀྱི་རང་བཞིན་རྟག་པ་ནམ་མཁའ་དང་འདྲ་བ་སྣོད་བཅུད་ཀུན་ལ་ཁྱབ་པར་འདོད་ལ། ཕྱིའི་ས་སོགས་འབྱུང་བ་ཀུན་ཀྱང་སེམས་ཉིད་རྟག་པའི་བདག་དེ་ཉིད་ཡོངས་སུ་གྱུར་པའི་ངོ་བོ་ཡིན་ཏེ། ཇི་སྐད་དུ། ས་ཆུ་མེ་རླུང་ལ་སོགས་པ། །དེ་ཤེས་རྟག་པ་འཇུག་པ་ནི། །དེ་བདག་ཅན་གྱི་བདག་ཡིན་ཞེས། །ཞེས་སོ། །དེས་ན་ཕྱི་རོལ་རྣམས་ཤེས་པའི་ངོ་བོར་མ་རྟོགས་པས་ན་ས་ཆུ་ལ་སོགས་པ་སོ་སོར་རྟོགས་ན་ཀུན་ཀྱང་ཤེས་པ་གཅིག་གི་རང་བཞིན་ཡིན་ལ་བདག་དེ་ནི་དགེ་སྡིག་ལས་འདས། ཕྱིའི་བཟུང་བ་མེད་པ་ན་ནང་གི་དེར་འཛིན་པ་ཡང་མེད་པས་མྱོང་བ་གཅིག་མེད་བདག་རྟག་པའི་རང་བཞིན་ལས་མ་གཡོས་པ་ནི་ཐར་པ་ཡིན་ནོ། །ཞེས་ཟེར་རོ། །དྲུག་པ་རྒྱལ་དཔོག་པའི་གྲུབ་མཐའ་བཤད་པ་ནི། སྤྱོད་པ་པ་དག་གང་ཟག་གི་བདག་གྲངས་ཅན་ལྟར་ཤེས་པའི་བདག་ཉིད་ངོ་བོ་མི་འགྱུར་བས་རྟག་པ། གནས་སྐབས་ལྷ་དང་མི་ལ་སོགས་པ་མི་འདྲ་བས་དུས་མི་རྟག་པར་སྨྲ་སྟེ། དེ་ཁོ་ན་ཉིད་བསྡུས་པར། གཞན་དག་བདག་ནི་ལྡོག་པ་དང་། །རྗེས་འགྲོའི་བདག་ཉིད་ཅན་གྱི་ནི། །སེམས་པའི་ངོ་བོ་ཉིད་དུ་འདོད། །ཅེས་བཤད་དོ། །ཚད་མ་མངོན་སུམ་དང་རྗེས་སུ་དཔག་པ་དང་། སྒྲ་བྱུང་དང་། ཉེར་འཇལ་དང་། དོན་གྱི་གོ་བ་དང་། དངོས་པོ་མེད་པ་དང་དྲུག་ཏུ་འདོད་དོ། །དེ་ལ་སྒྲ་བྱུང་ནི། སྒྲ་ལ་དོན་རྟོགས་པའི་བློའོ། །ཉེ་བར་འཇལ་བ་ནི། འདྲ་བ་ལས་རྐོག་ཏུ་གྱུར་པའི་དོན་འཛིན་པ་སྟེ། དཔེར་ན་བ་མིན་མཐོང་བ་ལ་བ་ལང་ནི་འདི་དང་འདྲ་བའོ། །ཞེས་འཛིན་པའོ། །དོན་གྱིས་གོ་བ་ནི། ལྷ་སྦྱིན་ཚོན་པོ་ཉིན་པར་མི་ཟ་བས་མཚན་མོ་ཟ་བར་རྟོགས་པ་ལྟ་བུའོ། །དངོས་པོ་མེད་པ་ནི་སྔ་ན་མེད་པ་དང་། ཞིག་ནས་མེད་པ་དང་། ཕན་ཚུན་མེད་པ་དང་། གཏན་མེད་པ་སྟེ། དངོས་པོ་མེད་པ་རྣམ་པ་བཞི་འཇལ་བའོ། །བདུན་པ་གཅེར་བུ་པའི་གྲུབ་མཐའ་ནི། དྲང་སྲོང་རྒྱལ་བ་དམ་པའི་རྗེས་སུ་འབྲང་བའི་གཅེར་བུ་པ་རྣམས་ཤེས་བྱ་ཚིག་གི་དོན་དགུར་འདོད་དེ། འདི་ལྟར་སྲོག་དང་ཟག་པ་དང་སྡོམ་པ་དང་། ངེས་པར་དགའ་བ་དང་། འཆིང་བ་དང་། ལས་དང་། སྡིག་པ་དང་། བསོད་ནམས་དང་། ཐར་པའོ། །དེ་ལ་སྲོག་ནི། ཁྱད་པར་དུ་འཕགས་པར་བསྟོད་པ་ལས། གཅེར་བུ་ལུས་ཀྱི་ཚད་བཞིན་དུ། །སྲོག་ནི་ཞུམ་དང་རྒྱས་པར་སྨྲ། །ཞེས་པ་ལྟར། སེམས་ཀྱི་ངོ་བོ་རྟག་པ་ལུས་ཀྱི་ཚད་ཙམ་སྨྲ་ཞིང་། སྲོག་ལྡན་གྱི་སྡེ་ཚན་དགུ་སྟེ། འབྱུང་བ་བཞི་དང་། ཤིང་དང་། སྲིན་བུ་དང་། གྲོག་མ་དང་། བུང་བ་དང་། མི་རྣམས་སེམས་ཅན་དུ་འདོད་པས། ཤིང་ལ་སོགས་པ་སེམས་པ་ཅན་དུ་འདོད་ཅེས་སོ། །ཟག་པ་ནི་དགེ་བ་དང་སྡིག་པ་ལ་སོགས་པ། སྡོམ་པ་ནི་ཚུལ་འཆལ་འགོག་པ། ངེས་པར་དགའ་བ་སྐྲ་འབལ་བ་དང་། ཟས་གཅོད་པ་ལ་སོགས་པའི་དཀའ་ཐུབ། འཆིང་བ་ནི་ཕྱི་ནང་སོ་སོའི་ལྟ་བ་མི་མཐུན་པ་ལས་ནི་ཕྱི་མ་ལ་བདེ་སྡུག་མྱོང་བར་འགྱུར་བ། སྡིག་པ་ནི་སྲོག་གཅོད་སོགས་ཆོས་མིན། བསོད་ནམས་ནི་སྲོག་གཅོད་སྤོང་བ་སོགས་ཆོས། ཐར་པ་ནི་འཇིག་རྟེན་གསུམ་གྱི་སྟེང་ན་འཇིག་རྟེན་འདུས་པ་ཞེས་བྱ་བ་ཁ་བ་སོགས་ལྟར་དཀར་བ་དབྱིབས་གདུགས་གྱེན་དུ་བཀན་ཏེ་བཟུང་བའི་དབྱིབས་འདྲ་བ་ཞིག་ཡོད་ལ། སྡིག་པ་ཐམས་ཅད་སྤངས་ན་དེ་ལ་ཐིམ་པར་འགྱུར་རོ་ཞེས་ཟེར་རོ། །ཇི་སྐད་དུ། ཁ་བ་རྒྱ་སྤོས་མེ་ཏོག་མདོག །བ་ཞོ་བ་མོ་མུ་ཏིག་མདོག །གདུགས་བཀན་བཟུང་བའི་དབྱིབས་འདྲ་བ། །ཐར་པ་ཡིན་པར་རྒྱལ་བས་བཤད། །ཅེས་སྨྲས་སོ། །བརྒྱད་པ་རྒྱས་པའི་ལུགས་ནི། དྲང་སྲོང་རྒྱས་པ་དངོས་པོ་རྣམས་ཀྱི་རྒྱུ་ནི་དུས་ཡིན་ཏེ། རྒྱུ་དང་རྐྱེན་གཞན་ཚང་བར་ཡོད་ཀྱང་རེས་འགའ་འབྲས་བུ་མི་འབྱུང་བའི་ཕྱིར་དང་། དུས་ཀྱི་ཁྱད་པར་ལ་ལྟོས་ནས་མེ་ཏོག་དང་འབྲས་བུ་ལ་སོགས་པ་འབྱུང་བར་དམིགས་པའི་ཕྱིར་རོ། །དུས་དེ་ཡང་རྟག་པ་དང་གཅིག་པུ་དང་ཁྱབ་པར་འདོད་ལ། དེའི་ཕྱིར་ས་དང་ཆུ་ལ་སོགས་པའི་འབྱུང་བ་རྣམས་ནི་དུས་ཀྱིས་འབྱིན་ཅིང་སྐྱེ་བར་བྱེད། སྐྱེ་རྒུ་རྣམས་ནི་དུས་ཀྱིས་བསྡུད་ཅིང་འཇིག་པར་བྱེད། དུས་ཀྱིས་སྐྱེས་བུ་གཉིད་ཀྱིས་ལོག་པ་ཡང་དུས་སུ་སད་པར་བྱེད་པས་དུས་ལས་འདའ་བར་དཀའ་བ་ཡིན་ཅེས་སོ། ཁྲོས་པས་གཡུལ་ངོར་བསད་པ་སོགས་ནི་མཐོ་རིས་སུ་འགྲོ་སྟེ། ཇི་སྐད་དུ། སྣ་ཚོགས་རྒྱན་གྱིས་བརྒྱན་པའི། །ལྷའི་བུ་མོ་འོངས་ནས་ནི། །གཡུལ་ངོར་བསད་ལ་ཡོངས་འཁྱུད་དེ། །ལྷའི་ཁྱིམ་དུ་འཁྱེར་བར་འགྱུར། །ཞེས་དྲང་སྲོང་རྒྱས་པས་སྨྲས་པར་གྲགས་ཏེ། ཁྱད་པར་དུ་འཕགས་པའི་བསྟོད་པར། ཁྲོས་པས་གཡུལ་ངོར་བསད་ན་ནི། །མཐོ་རིས་འགྲོ་ཞེས་རྒྱས་པ་ཟེར། །མགོན་པོ་ཁྱོད་ཀྱིས་གནས་སྐབས་དེའི། །སེམས་ནི་ངན་འགྲོ་ཡིན་པར་གསུངས། །ཞས་བཤད་དོ། །གངྒཱ་ཁྲུས་བྱས་ཐར་པ་འཐོབ། །ཅེས་ཟེར་ཏེ། ཇི་སྐད་དུ། གངྒཱའི་སྒོ་དང་ཀུ་ཤ་ཁྱིམ། །བིལ་བ་ཅན་དང་སྔོན་པོའི་རི། ཁ་ན་ཁ་ལོའི་འཇུག་ངོགས་སུ། ཁྲུས་བྱས་ཡང་བྱུང་སྲིད་མ་ཡིན། །ཅེས་བཤད་པར་གྲག་གོ །ཉི་མ་བརྟོལ་ནས་སྟེང་དུ་འགྲོ་ཞེས་པ། ཁྱད་པར་འཕགས་བསྟོད་དུ། ནེ་ཙོ་ཉི་མ་བརྟོལ་ནས་ནི། །ཐར་པར་འགྱུར་བར་བཤད་ཅེས་གྲག །ཅེས་པ་འགྲེལ་པར། ཇི་ལྟར་དྲང་སྲོང་རྒྱལ་པོའི་བུ་ནེ་ཙོ་ཞེས་བྱ་བས། ཕོངས་པ་བརྒྱས་སྡུག་བསྔལ་བར་གྱུར་པའི་འགྲོ་བ་ལ་བལྟས་ནས་སྐྱོ་བ་ཆེན་པོ་སྐྱེས་ཏེ། ཤིན་ཏུ་འཇིགས་པ་མེད་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བར་འདོད་པ་དང་། རྒྱལ་པོ་སྐྱེད་པའི་མན་ངག་གིས་རྫུ་འཕྲུལ་ཐོབ་ནས་ནམ་མཁར་འཕགས་ཏེ། ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རྫུ་འཕྲུལ་གྱིས་སྟོབས་ཀྱིས་བརྟོལ་ནས། ཐར་པའི་གྲོང་དུ་ཞུགས་སོ་ཞེས་ཟེར་རོ། །

གཉིས་པ་རང་སྡེའི་གྲུབ་མཐའ་ལ་བཞི་ལས། དང་པོ་བྱེ་བྲག་སྨྲ་བའི་གྲུབ་མཐའ་ནི། བསྟན་བཅོས་བྱེ་བྲག་ཏུ་བཤད་པར་རྩེ་ཞིང་རོལ་པས་ན། བྱེ་བྲག་ཏུ་སྨྲ་བ་སྟེ། དེ་དག་གི་གཞུང་ནི། མངོན་པ་སྡེ་བདུན། བསྟན་བཅོས་བྱེ་བྲག་ཏུ་བཤད་པ། མངོན་པ་མཛོད་ལ་སོགས་པ། སློབ་དཔོན་ནི། དབྱིག་བཤེས། འདུལ་བཟང་། ཡོན་ཏན་བློ་གྲོས། བཙུན་བ་དགེ་སྲུང་ལ་སོགས་པའོ། །དེ་དག་གི་ལུགས་ཀྱི། སྣང་བ་གཟུགས། གཙོ་བོ་སེམས། འཁོར་སེམས་བྱུང་། གནས་སྐབས་ལྡན་པ་མ་ཡིན་པའི་འདུ་བྱེད། ཆོས་ཉིད་འདུས་མ་བྱས་ཀྱི་གཞི་དང་། ཤེས་བྱ་གཞི་ཁྱད་པར་ངེས་པར་འདོད་དོ། །ལྔ་པོ་དེ་དག་ཀྱང་ལྕགས་ཀྱི་ཐུར་མ་གཤིབས་པ་ལྟར་སོ་སོར་རྫས་སུ་གྲུབ་པ་ཡིན་ནོ། །དེ་ལ་གཟུགས་ནི་སྔར་བཤད་པའི་གཟུགས་ཀྱི་ཕུང་པོ་དེ་ཉིད་དེ། དེ་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་པར་འདོད་དེ། ཆ་ཡོད་ན་ཆ་ཤས་གཞན་དབྱེར་རུང་བས་རྡུལ་ཕྲན་དུ་མི་རུང་བའི་ཕྱིར་རོ། །དབང་པོའི་ཡུལ་དུ་གྱུར་པའི་གཟུགས་ལ་སོགས་པ་ནི་རྡུལ་ཕྲན་བསགས་པ་ཡིན་ལ། དེ་ཡང་། བསྐོར་བ་བར་དང་བཅས་པ་འཛིན་པར་བྱེད་པའི་རླུང་གིས་བསྡུས་པས་ཕན་ཚུན་མི་གྱེས་པར་འདོད་དོ། །ཕྱི་རོལ་དོན་གྲུབ་ཏུ། ཐ་དད་ཕྱོགས་ནས་མང་པོ་དག །འགའ་ལ་ཀུན་ནས་བསྐོར་ཙམ་དུ། །བརྗོད་པར་ཟད་ཀྱི་རྡུལ་དེ་ནི། །ཆ་ཤས་བཅས་པའི་བདག་ཉིད་མིན། །ཞེས་བཤད་དོ། །སེམས་ནི་ཡིད་ཀྱི་སྐྱེ་མཆེད་སྔར་བཤད་པའི་རྣམ་པར་ཤེས་པའི་ཚོགས་རྣམས་སོ། །གཞན་ནི་བཤད་ཟིན་ཏོ། །གཟུགས་སོགས་གཟུང་བ་དང་། མིག་ཤེས་འཛིན་པ་རྣམས་རྫས་དང་། དུས་མཉམ་པ་ཤེས་པ་ལ་ཡུལ་གྱི་རྣམ་པ་མ་ཤར་བར་ཐུག་ཕྲད་དུ་འཛིན་པར་འདོད་དོ། །ཇི་སྐད་དུ། དབང་སྐྱེས་བློ་ནི་རྣམ་མེད་ཀྱི། །ཕྲ་རབ་བསགས་པ་དངོས་སུ་རིག །ཅེས་སོ། །རྟེན་བཅས་ཀྱི་དབང་པོ་དོན་ལ་ལྟ་བྱེད་ཡིན་ཏེ། མཛོད་དུ། མིག་གིས་གཟུགས་རྣམས་མཐོང་རྟེན་བཅས། །དེ་ལ་བརྟེན་པའི་རྣམ་ཤེས་མིན། །གང་ཕྱིར་བར་དུ་ཆོད་པ་ཡི། །གཟུགས་རྣམས་མཐོང་བ་མིན་ཕྱིར་ལོ། །ཞེས་སོ། །དུས་གསུམ་ཀ་རྫས་སུ་གྲུབ་པར་འདོད་དེ། གལ་ཏེ་འདས་པ་དང་མ་འོངས་པ་རྫས་སུ་མ་གྲུབ་ན། དེ་དག་ལ་དམིགས་པའི་བློ་མི་འཇུག་པ་དང་། འདས་པའི་ལས་ཀྱི་འབྲས་བུ་མི་འབྱིན་པའི་ཕྱིར་རོ། །ངེས་པར་འགྱུར་རོ་ཞེས་ཟེར་རོ། །ཐོ་བ་ལ་སོགས་པ་འཇོམས་བྱེད་ཀྱིས་བཅོམ་པ་དང་། གཟུགས་དྲི་ལ་སོགས་པ་ཡན་ལག་གི་ཆོས་བློས་སོ་སོར་རྣམ་པར་ཕྱེ་ནས་དེ་དང་དེའི་བློ་མི་འཇུག་པ་དེ་ནི་ཀུན་རྫོབ་ཡིན་ཏེ། དཔེར་ན་ཐོ་བས་བཅོམ་ན་དེའི་བློ་མི་འཇུག་པ་བུམ་པ་ལྟ་བུ་དང་། གཟུགས་དྲི་ལ་སོགས་པའི་ཆོས་སོ་སོར་བློས་བསལ་ན་དེའི་བློ་མི་འཇུག་པ་ཆུ་ཀླུང་ལ་སོགས་པ་བཞིན་ཏེ། ཐ་སྙད་དུ་བུམ་པ་ཡོད་དོ། །ཆུ་ཀླུང་གངྒཱ་ཡོད་དོ། །ཞེས་སོགས་བརྗོད་ན་བདེན་པ་ཁོ་ནར་འགྱུར་གྱི། རྫུན་པར་མི་འགྱུར་བ་བཞིན་ནོ། །བཅོམ་པ་དང་ཡན་ལག་སོ་སོར་དབྱེ་བར་མི་ནུས་ཤིང་རང་འཛིན་གྱི་བློས་རང་དབང་དུ་སྐྱེས་པར་བྱེད་པ་ནི། དོན་དམ་པར་ཡོད་པ་ཡིན་ཏེ། རྡུལ་ཕྲན་དང་ནམ་མཁའ་ལ་སོགས་པ་བཞིན་ནོ། །དེ་ལྟར་ཡང་མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་བཤད་པ་ལྟར་རོ། །

གཉིས་པ་མདོ་སྡེ་པའི་གྲུབ་མཐའ་བཤད་པ་ནི། བསྟན་བཅོས་ཚད་མར་མི་བྱེད་པར་མདོ་སྡེའི་རྗེས་སུ་འབྲང་བས་ན། མདོ་སྡེ་པ་སྟེ། དེའི་ལུགས་ཀྱི་གཞི་ལྔའི་ནང་ནས་མི་ལྡན་པའི་འདུ་བྱེད་ནི་གཟུགས་དང་སེམས་ཀྱི་གནས་སྐབས་ལ་བཏགས་པའི་བཏགས་ཡོད་ཙམ་ཡིན་གྱི། རྫས་སུ་མེད་ལ་འདུས་མ་བྱས་གསུམ་ཡང་རྫས་སུ་མ་གྲུབ་པའི་མིང་ཙམ་ཡིན་ཏེ། ནམ་མཁའ་ནི་ཐོགས་བཅས་ཀྱི་གཟུགས་བཀག་པ་ཙམ་དང་། སོ་སོར་བརྟགས་འགོག་ནི་གཉེན་པོ་བཅོམ་པ་ཙམ་དང་། བརྟགས་མིན་ཡང་རྒྱུ་རྐྱེན་མ་ཚང་ནས་འབྲས་བུ་མ་སྐྱེས་པ་ཙམ་གྱི་མེད་དགག་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་། འདུ་བྱེད་བེམས་པོ་ཡོད་མ་ཡིན། །ནམ་མཁའ་མོ་གཤམ་བུ་དང་མཚུངས། །འགོག་པ་གཉིས་ཀྱང་དེ་དང་འདྲ། །ཞེས་སོ། །གཟུགས་སོགས་གཟུང་ཡུལ་རྣམས་ནི་རྡུལ་ཕྲན་བསགས་པའི་རང་བཞིན་གྱི་བེམས་པོ། ཤེས་པ་ལ་དངོས་སུ་མི་སྣང་བས་ལྐོག་ན་མོ། རང་འཛིན་ལ་རང་འདྲའི་རྣམ་པ་གཏོར་བྱེད་ཡིན་པས་ཡུལ་དུ་བཞག་སྟེ། ཇི་སྐད་དུ། ཤེས་པ་རྣམ་བཅས་བསྐྱེད་བྱེད་ནི། །དབང་པོའི་སྤྱོད་ཡུལ་སྣང་བ་མིན། །ཞེས་སོ། །དཔེར་ན་ཤེལ་དག་པའི་དྲུང་དུ་ཚོན་སྣ་ཚོགས་ཀྱིས་ཁ་བསྒྱུར་བའི་རས་ལ་སོགས་པ་བཞག་པ་ནི་ཤེལ་ལ་ཚོན་གྱི་ཁ་དོག་སྣ་ཚོགས་སྣང་བ་དེ་བཞིན་དུ། ཤེས་པ་ཕྱི་རོལ་དང་འདྲ་བར་སྐྱེ་བ་ཡིན་ནོ། །གཟུང་འཛིན་སྔ་ཕྱི་དུས་ཐ་དད་པའི་རྒྱུ་འབྲས་ཡིན་ལ། དོན་དངོས་སུ་སྣང་བ་ཙམ་གྱི་མི་འཛིན་ཀྱང་རང་འདྲའི་རྣམ་པ་གཏོད་པའི་ཚུལ་གྱིས་འཛིན་པར་བརྗོད་དེ། དཔེར་ན་བུ་ཕ་དང་འདྲ་བར་སྐྱེས་པ་ལས། བུས་ཕའི་གཟུགས་འཛིན་ཏེ། ཞེས་བརྗོད་པ་བཞིན་ནོ། །ཇི་སྐད་དུ། རྣམ་འགྲེལ་ལས། དཔེར་ན་འབྲས་བུ་རྒྱུ་རྣམས་ཀྱི། །བདག་ཉིད་འདྲ་བར་འབྱུང་བའི་ཕྱིར། །བྱ་བ་ལྡན་ཉིད་མ་ཡིན་ཡང་། །འཇིག་རྟེན་རྒྱུ་གཟུགས་འཛིན་ཞེས་བརྗོད། །ཅེས་པ་བཞིན་ནོ། །གང་ཟག་གི་བདག་གྲུབ་མེད་ཅིང་། བདེན་གཉིས་ནི། དོན་དམ་པར་འབྲས་བུ་བསྐྱེད་པའི་དོན་བྱེད་པར་ནུས་པ་གང་ཡིན་པ་དེ་དོན་དམ་པ་ཡིན་ལ། དོན་བྱེད་མི་ནུས་ཤིང་ཐ་སྙད་དུ་ཡོད་པ་ཀུན་རྫོབ་ཡིན་ཏེ། ཇི་སྐད་དུ། རྣམ་འགྲེལ་ལས། དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །ཞེས་སོ། །

གསུམ་པ་སེམས་ཙམ་པའི་གྲུབ་མཐའ་བཤད་པ་ནི། ཏིང་ངེ་འཛིན་ལྷུར་བྱེད་པས་ན་རྣལ་འབྱོར་སྤྱོད་པ། དོན་དམ་པར་སེམས་ཙམ་ཞིག་རྫས་སུ་གྲུབ་པར་འདོད་པས་ནི་སེམས་ཙམ་པའོ། །དེ་དག་གི་ལུགས་ཀྱིས་ཀུན་བརྟགས་དང་གཞན་དབང་དང་ཡོངས་གྲུབ་སྟེ་ངོ་བོ་ཉིད་གསུམ་གྱི་སྒོ་ནས་ཤེས་བྱ་རྣམས་གཏན་ལ་འབེབ་སྟེ། དེ་ལ་ཀུན་བཏགས་ནི། བདག་དང་ཆོས་སུ་སྣ་ཚོགས་པར་རྟོག་པས་བཏགས་པའི་ཆ་སྟེ། ཐ་སྙད་ཙམ་དུ་ཡོད་ཅིང་དཔྱད་ན་རང་བཞིན་མེད་པའོ། །ཇི་སྐད་དུ། སུམ་ཅུ་པར། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་ཉིད་ཀུན་ནས་བརྟགས་པ་ཡི། །ངོ་བོ་ཉིད་དེ་དེ་མེད་དོ། །ཞེས་བཤད་དོ། །དེ་ལ་དབྱེ་ན། རྣམ་གྲངས་པའི་ཀུན་བཏགས་དང་། མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བཏགས་གཉིས་སོ། །དང་པོ་ནི། གཞན་དབང་ཉིད་དེ། བདག་དང་ཆོས་སུ་སྒྲོ་བཏགས་པའི་གཞི་ཡིན་པས། རྣམ་གྲངས་པའི་ཀུན་བཏགས་ཞེས་བྱ་སྟེ། མཚན་ཉིད་མ་ཡིན་ནོ། །གཉིས་པ་ནི་གང་ཟག་ཆོས་ཀྱི་བདག་ཉིད་ཐ་སྙད་སྣ་ཚོགས་པ་རྣམས་ཡིན་ཏེ། དེ་དག་ནི་བྱིས་པའི་བློས་ཀུན་ཏུ་བཏགས་པ་ཙམ་དུ་ཟད་པས་ཀུན་བཏགས་པ་ཞེས་བྱ་ལ་རང་བཞིན་ཅུང་ཟད་ཀྱང་མེད་དོ། །རང་བཞིན་དེར་མ་གྲུབ་ཀྱང་རྒྱུ་དང་རྐྱེན་ལས་སྐྱེས་པའི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ནི་གཞན་དབང་ཞེས་བྱ་སྟེ། རྒྱུ་རྐྱེན་གཞན་གྱི་དབང་དུ་གྱུར་པའམ། བག་ཆགས་ཀྱི་དབང་གིས་གཉིས་སུ་སྣང་བར་སྐྱེས་པས་ན། གཞན་གྱི་དབང་ངོ་། །དེ་སྐད་དུ་ཡང་། སུམ་ཅུ་པར། གཞན་གྱི་དབང་གི་དངོས་པོ་གང་། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་སྐྱེས། །ཞེས་པ་ལྟར་རོ། །དེ་ལས་དབྱེ་ན་དག་པ་གཞན་དབང་དང་། མ་དག་གཞན་དབང་གཉིས། དང་པོ་འཕགས་པའི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཏེ། དེ་ནི་མཉམ་གཞག་གི་སྟོབས་ཀྱིས་མངོན་ཞེན་སྤངས་པས་དག་པ་ཡིན་ལ། བག་ཆགས་ཀྱི་སྟོབས་ཀྱིས་གཉིས་སྣང་དུ་སྐྱེས་པས་གཞན་དབང་ཞེས་བྱའོ། །བྱིས་པ་རྣམས་ཀྱི་སེམས་དང་སེམས་བྱུང་གཉིས་སུ་སྣང་བ་རྣམས་ནི་མ་དག་གཞན་དབང་ངོ་། །ཡོངས་གྲུབ་ནི་གཞན་དབང་ཡང་དག་པ་མ་ཡིན་པའི་ཀུན་རྟོག་དེ་གདོད་མ་ནས་གང་ཟག་དང་ཆོས་སུ་བྱིས་པས་ཀུན་བཏགས་པ་ལྟར་དུ་མ་གྲུབ་པའི་སྟོང་པ་ཉིད་དེ། ཇི་སྐད་དུ། སུམ་ཅུ་པར། གྲུབ་ནི་དེ་ལ་སྔ་མའོ། །རྟག་ཏུ་མེད་པར་གྱུར་པ་གང་། །ཞེས་པ་ལྟར་རོ། །དེ་ལ་ཡང་འགྱུར་མེད་ཡོངས་གྲུབ་དང་། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་གཉིས་སོ། །དང་པོ་ལ་ཡང་རང་བཞིན་གྱིས་རྣམ་པར་དག་པ་དང་། དྲི་མ་མེད་པའི་རྣམ་པར་དག་པའོ། །དང་པོ་མ་དག་པའི་གནས་སྐབས་ཀྱི་ཆོས་ཉིད་དོ། །གཉིས་པ་ནི་ཤིན་ཏུ་རྣམ་དག་གི་གནས་སྐབས་ཀྱི་ཆོས་ཉིད་དོ། །འགྱུར་མེད་ཡོངས་གྲུབ་དེ་ཉིད་གཉིས་སུ་མེད་པའི་ཚུལ་དུ་མངོན་སུམ་དུ་གྱུར་པའི་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཅེས་བྱའོ། །སེམས་ཙམ་པ་དེ་ཡང་རྣམ་རྫུན་པ་དང་། རྣམ་བདེན་གཉིས་ལས། དང་པོ་ནི། དཔེར་ན་ཤེལ་སྒོང་དག་པ་ལ་རས་ཁྲ་བོ་སོགས་ཀྱི་རྣམ་པ་སྣང་བ་ལྟར། ཤེས་པ་ཤེལ་སྒོང་གཡའ་དང་བྲལ་བ་ལྟ་བུ་གཟུང་འཛིན་གྱི་དྲི་མས་མ་གོས་པ་བག་ཆགས་ཀྱི་དབང་གིས་གཟུང་འཛིན་སྣ་ཚོགས་སུ་སྣང་བ་ཡིན་པས། ཕྱི་རོལ་གཟུགས་སོགས་ཡུལ་གྱི་རྣམ་པ་རྣམས་ཡང་དག་པར་དོན་དང་ཤེས་པ་གང་དུ་ཡང་མ་གྲུབ་པས་ཀུན་བཏགས་ཁོ་ན་ཡིན་ནོ། །ཞེས་ཟེར་རོ། །རྣམ་བདེན་པ་བག་ཆགས་ཀྱི་རྒྱུ་ལས་ཤེས་པ་རང་ཉིད་གཟུགས་སོགས་ཡུལ་གྱི་རྣམ་པ་ཅན་དུ་སྐྱེས་པས་ཤེས་པའི་རྣམ་པ་གཞན་དག་ཤེས་པའི་ངོ་བོར་འདོད་དོ། །ཡོངས་གྲུབ་ཀྱི་དབྱེ་བ་ནི། འགྱུར་མེད་ཡོངས་གྲུབ་དང་། ཞེས་སོ། །འགྱུར་མེད་ཡོངས་གྲུབ་གང་ཞེ་ན། ཆོས་དབྱིངས་ཞེས་སོ། །ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་གང་ཞེ་ན། ཆོས་དབྱིངས་རྟོགས་བློ་ཞེས་སོ། །རྣམ་བདེན་པ་དག་གཟུགས་སོགས་ཕྱི་རོལ་གྱི་ཡུལ་རྣམས་ཡང་དག་པར་སྣང་མཁན་སེམས་ཀྱི་ངོ་བོ་ཡིན་ལ། གཟུང་འཛིན་གཉིས་སུ་སྣང་བ་བག་ཆགས་ཀྱི་དབང་གིས་འཁྲུལ་པ་ཡིན་ནོ་ཞེས་ཟེར་རོ། །རྣམ་རྫུན་པ་རྣམས་གཟུགས་སོགས་ཕྱི་རོལ་གྱི་ཡུལ་རྣམས་འཁྲུལ་པ་ཡང་དག་པར་དངོས་པོར་མེད་པ་ཡིན་ཏེ། དཔེར་ན་རབ་རིབ་ཀྱིས་མིག་བསླད་པ་ན་ནམ་མཁར་སྐྲ་ཤད་སོགས་མེད་པ་སྣང་བ་བཞིན་ནོ། །རྣམ་བདེན་རྫུན་གཉིས་ཀ་ལྟར་ཡང་བཟུང་འཛིན་གཉིས་སུ་སྣང་བ་འདི་འཁྲུལ་པ་ཡིན་ལ། འདིའི་རང་བཞིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དེ་ནི་དོན་དམ་པའི་བདེན་པ་ཡིན་ཅིང་། ཤེས་པ་དེ་ཡང་སྐད་ཅིག་ཆ་མེད་ཡིན་ཏེ། དེ་ལྟར་མ་ཡིན་ན་གྲངས་ཅན་གྱི་བདག་དང་ཁྱད་པར་མེད་པར་འགྱུར་རོ། །གཟུང་འཛིན་གཉིས་སུ་སྣང་བ་འཁྲུལ་པ་ཡིན་པར་ཅིས་ཤེས་ཞེ་ན། སྔོན་པོ་ལ་སོགས་པའི་ཡུལ་རྣམས་དང་། དེའི་ཡུལ་ཅན་གྱི་བློ་ནི་གཞན་མ་ཡིན་ཏེ། གཅིག་དམིགས་ན་གཅིག་ཤོས་ཀྱང་དམིགས། གཅིག་མ་དམིགས་ན་གཅིག་ཤོས་ཀྱང་མི་དམིགས་པ་བློ་གཅིག་གིས་ལྷན་ཅིག་ཏུ་དམིགས་པར་ངེས་པའི་ཕྱིར་རོ། །ཞེས་པའི་རྟགས་དང་། ཡང་གཟུགས་སོགས་ཡུལ་རྣམས་ནི་ཤེས་པ་ཡིན་ཏེ་གསལ་པོར་ཉམས་སུ་མྱོང་བའི་ཕྱིར། དཔེར་ན་བདེ་བ་ལ་སོགས་པ་བཞིན་ནོ། །ཞེས་སོགས་ཀྱི་རིགས་པས་གཟུང་འཛིན་གཉིས་སུ་མེད་པར་གྲུབ་པའོ། །

བཞི་པ་དབུ་མ་པའི་གྲུབ་མཐའ་བཤད་པ་ནི། འཕགས་པ་ཀླུ་སྒྲུབ། ཞི་བ་ལྷ། ཨཪྱ་དེ་བ། དཔལ་ལྡན་ཟླ་བ་གྲགས་པ་ལ་སོགས་པ་དབུ་མ་པ་བདེན་པ་གཉིས་ཀྱི་སྒོ་ནས་ཤེས་བྱ་གཏན་ལ་འབེབས་པ་སྟེ། དེ་ལ་གཟུགས་སོགས་བཟུང་བ་དང་། དེ་དག་འཛིན་པའི་ཤེས་པ་རྣམས་ཐ་སྙད་འཁྲུལ་པའི་ངོར་བདེན་པས་ན་ཀུན་རྫོབ་བདེན་པའོ། །ཆོས་དབྱིངས་རྟོགས་པའི་འཕགས་པའི་མཉམ་གཞག་གི་ཤེས་རབ་ཀྱིས་གཟུང་འཛིན་སྤྲོས་བྲལ་སྟོང་པ་ཉིད་དུ་རྟོགས་པའི་ཆོས་དབྱིངས་དེ་ཉིད་དོན་དམ་པའི་བདེན་པ་ཞེས་བྱའོ། །དོན་འདི་ཉིད་ཡིན་ཏེ། དངོས་པོ་རྣམས་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཐ་སྙད་པའི་ཤེས་པས་རྟོགས་པའི་དོན་དང་། འཕགས་པ་རྣམས་ཀྱི་ཡང་དག་པའི་ཡེ་ཤེས་ཀྱིས་རྟོགས་པའི་ངོ་བོ་གཉིས་གཉིས་ཉེ་བར་འཛིན་པ་ཡིན་ཏེ། གལ་ཏེ་འཕགས་པ་རྣམས་དང་བྱིས་པ་རྣམས་དངོས་པོའི་རང་བཞིན་རྟོགས་ཚུལ་མཚུངས་ན་ཆགས་སོགས་ཀྱི་འཆིང་བ་ལས་གྲོལ་བ་དང་མ་གྲོལ་བའི་ཁྱད་པར་མི་རིགས་པའི་ཕྱིར་རོ། །དེ་སྐད་དུ་ཡང་། རིགས་པ་དྲུག་ཅུ་པར། འཇིག་རྟེན་མ་རིག་ལྡོངས་གྱུར་པ། །སྲེད་པ་རྒྱུན་གྱི་རྗེས་འབྲང་དང་། །མཁས་པ་སྲེད་པ་དང་བྲལ་བའི། །དགེ་བ་རྣམས་ལྟ་ག་ལ་མཉམ། །ཞེས་བཤད་པ་ལྟར་རོ། །དེ་ལ་བྱིས་པ་རྣམས་ཀྱིས་རྟོགས་པའི་དོན་གང་ཡིན་པ་དེ་ནི། ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་ལ། འཕགས་པའི་ཡེ་ཤེས་ཀྱིས་རྟོགས་པའི་དོན་གང་ཡིན་པ་དེ་ནི་དོན་དམ་པའི་བདེན་པ་ཞེས་བྱ་སྟེ། ཇི་སྐད་དུ། དབུ་མ་འཇུག་པ་ལས། དངོས་ཀུན་ཡང་དག་རྫུན་པར་མཐོང་བའི། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག །མཐོང་ཡུལ་གང་ཡིན་དོན་དམ་སྟེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་གསུངས་པ་ལྟར་རོ། །དེ་ལ་བྱིས་པས་རྟོགས་པའི་དོན་ནི་མཐའ་བཞི་དང་བྲལ་བའི་རྒྱུ་རྐྱེན་ལས་སྐྱེས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་གཟུགས་ལ་སོགས་པ་འཇིག་རྟེན་པ་རྣམས་ཀྱི་ཐ་སྙད་གདགས་པའི་གཞིར་གྱུར་པའི་ཆོས་ཇི་སྙེད་པ་རྣམས་ཏེ། དེ་ནི་བྱིས་པ་རྣམས་ཀྱི་བདེན་པར་ཞེན་པའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་ལ། སྒྱུ་མ་དང་རྨི་ལམ་ལ་སོགས་པ་རྣམས་ནི་ཀུན་རྫོབ་ཙམ་ཡིན་གྱི་བདེན་པ་མ་ཡིན་ཏེ། འཇིག་རྟེན་ན་བདེན་པར་ཐ་སྙད་འདོགས་པ་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་འཇུག་པར། གནོད་པ་མེད་པ་དབང་པོ་དྲུག་རྣམས་ཀྱི། །བཟུང་བ་གང་ཡིན་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལ་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལྟོས་དེ་ནི་ལོག་པར་བཞག། ཅེས་བཤད་པ་ལྟར་རོ། །ཀུན་རྫོབ་བདེན་པ་དེ་ཡང་མ་རིག་པའི་རབ་རིབ་ཀྱིས་བསྒྲིབས་པའི་བྱིས་པ་རྣམས་ལ་བདེན་པར་བཞག་གོ །འཕགས་པ་རྣམས་ལ་ཀུན་རྫོབ་ཙམ་ཡིན་གྱི་བདེན་པ་ཞེས་མི་བྱ་སྟེ། རྗེས་ཐོབ་དུ་ཡང་སྒྱུ་མ་ལྟ་བུར་རྫུན་པར་གཟིགས་པའི་ཕྱིར་རོ། །

དེ་སྐད་དུ་ཡང་། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་པ་ལྟར་རོ། །རིགས་པ་དྲུག་ཅུ་པ་ལས་སྐྱེ་བ་དང་། དགག་པ་ལ་སོགས་པ་ནི་ཤེས་པའི་སྣང་བ་འབའ་ཞིག་ཁོ་ན་ཡིན་གྱི་ཕྱི་རོལ་ན་མེད་དོ། །འོ་ན་འབྱུང་བ་བཞི་ལ་སོགས་པ་ཕྱི་རོལ་དོན་གསུངས་པ་ཅི་ཞེ་ན། ས་སོགས་འབྱུང་བ་རྣམས་དང་གཟུགས་སོགས་འབྱུང་འགྱུར་རྣམས་ནི་དེ་དང་དེར་སྣང་བའི་ཤེས་པའི་གཟུང་ཆ་ལ་དགོངས་ནས་གསུངས་པས་སྣང་མཁན་གྱི་རྣམ་པར་ཤེས་པའི་ནང་དུ་ཡང་དག་པར་འདུས་པས་ཕྱི་རོལ་ན་མེད་པར་གསུངས་ལ། བྱང་ཆུབ་སེམས་འགྲེལ་ལས་ཀྱང་། དཔེར་ན་ཁབ་ལེན་གྱིས་ལྕགས་གཡོ་བ་བཞིན་དུ། ཀུན་གཞིའི་རྣམ་ཤེས་ཀྱིས་ཡོངས་སུ་བཟུང་བའི་དབང་གིས་རྟེན་གྱི་ལུས་ཀྱང་ཡོངས་སུ་གཡོ་ཞེས་ལུས་དང་ལོངས་སྤྱོད་གནས་སུ་སྣང་བ་རྣམས་ཀུན་གཞིའི་སྣང་བར་གསུངས་སོ། །སློབ་དཔོན་ཟླ་བ་གྲགས་པ་སོགས་ཀུན་རྫོབ་ཀྱི་བདེན་པ་འཇིག་རྟེན་གྲགས་པ་ལ་བརྟེན་ནས་རྣམ་པར་འཇོག་སྟེ། དབུ་མ་འཇུག་པར། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་པ་ལྟར་རོ། །ཀུན་གཞིའི་རྣམ་ཤེས་ནི་དྲང་དོན་ཡིན་གྱི། ངེས་པའི་དོན་མ་ཡིན་པར་བཞེད་དེ། དེ་ཉིད་ལས། ཀུན་གཞི་ཡོད་ཅིང་གང་ཟག་ཉིད་ཡོད་ལ། །ཕུང་པོ་འདི་དག་འབའ་ཞིག་ཉིད་ཡོད་ཅེས། །གསུངས་པ་དེ་ནི་དེ་ལྟར་ཆེས་ཟབ་དོན། །རིག་པར་མི་འགྱུར་གང་ཡིན་དེ་ལའོ། །ཞེས་པ་ལྟར་རོ། །གལ་ཏེ་ཀུན་གཞི་ཉིད་གནས་དང་ལུས་ལ་སོགས་པའི་བྱེད་པ་པོ་ཡིན་ན། ཅི་ལྟར་དབང་ཕྱུག་རྒྱུར་སྨྲ་དག །བ་ནི་བ་སྦྲ་རྣམས་ཀྱི་རྒྱུ། །ཆུ་ཤེལ་ཆུ་རྣམས་ཇི་བཞིན་དང་། །སྟག་ཤ་ཡལ་ག་རྣམས་ཀྱི་ལྟར། །དེ་ནི་ལུས་ཅན་ཀུན་གྱི་རྒྱུ། །ཞེས་པ་ལྟར། དབང་ཕྱུག་ཀུན་གྱི་བྱེད་པ་པོར་འདོད་པ་དང་མཚུངས་ཏེ། དབང་ཕྱུག་རྟག་ལ་ཀུན་གཞི་མི་རྟག་ཅེས་པ་འདི་ཙམ་ཞིག་ཁྱད་པར་རོ། །ཞེས་གསུངས་སོ། །ཡང་འཇུག་པར། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པ་དེ་སྐུའི་མངོན་སུམ་མཛད། །ཅེས་པ་དང་། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློའི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པས། སངས་རྒྱས་ལ་ཡེ་ཤེས་མེད་པར་བསྟན་སྙམ་དུ་བསམས་ནས། སྤྱོད་འཇུག་དབུ་མ་འཇུག་པ་ལས། །སངས་རྒྱས་ཡེ་ཤེས་མེད་པར་བསྟན། །ཅེས་བཤད་པར་སྣང་སྟེ། གཞུང་དེ་དག་གིས་སངས་རྒྱས་ལ་ཡེ་ཤེས་མེད་པར་བསྟན་པ་མ་ཡིན་གྱི། སློབ་དཔོན་དེ་དག་ཐ་སྙད་དུ་སངས་རྒྱས་ལ་ཡེ་ཤེས་མེད་པར་ཡང་མི་བཞེད་ལ། གཞན་གྱི་འདོད་པ་ལྟར་གྱི་ཡེ་ཤེས་རྫས་གྲུབ་ཀྱང་མི་བཞེད་ཀྱི། འོན་ཀྱང་ཐ་སྙད་ཙམ་དུ་ཡང་མཐའ་བཞི་དང་བྲལ་བའི་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་གྱི་ཡེ་ཤེས་ཁས་ལེན་མོད། དེ་ལྟར་ན་ཡང་ཚུལ་དེ་ནི་ཤིན་ཏུ་ཟབ་པའི་ཕྱིར་གཞན་གྱིས་མི་རྟོགས་པས་སློབ་དཔོན་དེ་དག་གིས་དགོངས་པ་ཕྱིན་ཅི་ལོག་པར་རྟོགས་པར་ཟད་དོ། །དབུ་མ་ཐལ་འགྱུར་པ་དག་རང་ལུགས་ལ་སྒྲུབ་བྱ་མེད་པས། རང་རྒྱུད་ཀྱི་གཏན་ཚིགས་ཁས་མི་ལེན་ལ། མཐར་ལྷུང་གི་སྤྲོས་པ་ཐམས་ཅད་རིགས་པ་བཞིས་འགོག་སྟེ། དེ་ལ་རྒོལ་བ་གཞན་ལ་གྲགས་པའི་རྗེས་དཔག་ནི། དངོས་པོར་སྨྲ་བ་རྣམས་ཀྱིས་ཁས་བླངས་པའི་རྟགས་ཀྱིས་བདེན་དངོས་འགོག་པ་སྟེ། དཔེར་ན་བྱེ་བྲག་སྨྲ་བས་མིག་དབང་གཟུགས་ལ་དོན་དམ་པར་ལྟ་བྱེད་དུ་ཁས་བླངས་ཤིང་། རང་གི་བདག་ཉིད་ལ་མི་ལྟ་བར་འདོད་པ་ན། གང་རང་ལ་མི་ལྟ་བ་དེ་ནི་གཞན་ལ་ལྟ་བྱེད་མ་ཡིན་ཏེ། བུམ་པ་བཞིན། མིག་ཀྱང་རང་ལ་མི་ལྟའོ། །ཞེས་པ་ལྟ་བུ་སྟེ། ཇི་སྐད་དུ། དབུ་མ་རྩ་བར། གལ་ཏེ་རང་གི་བདག་ཉིད་ནི། །ལྟ་བར་བྱེད་པ་མ་ཡིན་ནོ། །གང་ཞིག་བདག་ལ་མི་ལྟ་ན། །དེ་གཞན་དག་ལ་ཅི་ལྟར་ལྟ། །ཞེས་བཤད་པ་ལྟར་རོ། །ལྡོག་པ་གཅིག་པའི་དཔུང་ཕུལ་བའམ། འགལ་བ་བརྗོད་པའི་ཐལ་འགྱུར་ནི། གཞན་གྱི་ཁས་བླངས་རྟགས་སུ་བཀོད་ནས། བྱ་བྱེད་དུ་མི་རུང་ཞིང་། མཚན་ཉིད་ཀྱི་སྔར་གྲུབ་ན་མཚན་ཉིད་མེད་པར་ཐལ་བར་འགྱུར་ཅེས་པ་ལྟ་བུ་སྟེ། ཇི་སྐད་དུ། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །གལ་ཏེ་མཚན་ལ་སྔར་གྱུར་ན། །མཚན་ཉིད་མེད་པར་ཐལ་བར་འགྱུར། །ཅེས་གསུངས་སོ། །རྒྱུ་མཚན་མཚུངས་པའི་མགོ་སྙོམས་ནི། རྒྱུ་འབྲས་དོན་གཞན་དུ་ཁས་བླང་པ་ལས། འོ་ན་མུན་པ་ལས་ཀྱང་མེ་ལྕེ་འཐུག་པོ་སྐྱེ་བར་འགྱུར་ཅེས་པ་ལྟ་བུ་སྟེ་འཇུག་པར། གཞན་ལ་བརྟེན་ནས་གཞན་ཞིག་འབྱུང་བར་འགྱུར་ན་ནི། །མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་བར་འགྱུར། །ཞེས་སོ། །སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པ་ནི། གཟུགས་རང་བཞིན་མེད་པར་སྨྲས་པ་ནི། དེ་ལྟ་ན་ཕུང་པོ་ལྔ་མཚུངས་པའི་ཕྱིར་ཚོར་བ་ལ་སོགས་པ་ཡང་རང་བཞིན་མེད་པར་ཐལ་བར་འགྱུར་རོ། །ཞེས་ཟེར་བ་ལ་དབུ་མ་པ་ནི་ཇི་ལྟར་ཆོས་གཅིག་རང་བཞིན་མེད་པ་དེ་བཞིན་དུ་ཀུན་ཀྱང་རང་བཞིན་མེད་པར་བསྒྲུབ་པར་འདོད་པའི་ཕྱིར་ཐལ་བར་འདོད་པའམ། བཟློག་པའི་གཏན་ཚིགས་མ་གྲུབ་བོ། །ཞེས་སྟོན་པ་སྟེ། དབུ་མ་རྩ་བར། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །གང་ཞིག་ལན་འདེབས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །སྟོང་པ་ཉིད་ཀྱིས་བཤད་བྱས་ཚེ། །གང་ཞིག་སྐྱོན་འདོགས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་སྐྱོན་བཏགས་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཞེས་སོ། །དེ་དག་ནི། དབུ་མ་ཐལ་འགྱུར་བའི་གཞན་གྱི་བདེན་དངོས་འགོག་པའི་རིགས་པ་བཞི་ཞེས་སྔ་རབས་པ་རྣམས་ལ་གྲགས་སོ། །

འོན་ཀྱང་དབུ་ལ་ཐལ་འགྱུར་བ་རྣམས་ལ་རང་ལུགས་ཀྱི་དམ་བཅའ་མེད་པ་བཞིན་དུ་རང་ལུགས་ཀྱི་རིགས་པ་ཡང་མེད་དོ། །རང་རྒྱུད་པའི་སྟོང་ཉིད་སྒྲུབ་པའི་གཏན་ཚིགས་བཞི་ནི། ཕྱི་དང་ནང་གི་དངོས་པོ་ཀུན་ཆོས་ཅན། དོན་དམ་པར་བདེན་པར་གྲུབ་པ་མེད་དེ། དོན་དམ་པར་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་གཟུགས་ཅན་བཞིན། ཅེས་པ་ངོ་བོ་ལ་དཔྱད་པ་གཅིག་དང་དུ་བྲལ་ཞེས་སོ། །རྟགས་སྒྲུབ་པ་ནི། ཕྱིའི་བུམ་པ་ལ་སོགས་པ་ཡན་ལག་ཅན་གཅིག་ཏུ་མེད་དེ། ཆ་གཅིག་སྒྲིབ་ན་ཀུན་སྒྲིབ་པ་དང་། གཅིག་ཚོན་གྱིས་བསྒྱུར་ན་ཀུན་ཚོན་གྱིས་ཁ་བསྒྱུར་བ་ལ་སོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རྡུལ་ཕྲ་རབ་ཆ་མེད་དུ་ཡང་མ་གྲུབ་སྟེ། དབུས་ཀྱི་རྡུལ་ལ་ཕྱོགས་དྲུག་གི་རྡུལ་གྱིས་བསྐོར་བ་ན། དབུས་རྡུལ་གྱི་ཕྱོགས་གང་གིས་ཤར་རྡུལ་ལ་རེག་པའི་ངོས་དེར་ཕྱོགས་གཞན་གྱི་རྡུལ་ལ་ཡང་རེག་ན་རྡུལ་དུ་མ་བསགས་པའི་གོང་བུ་དང་རྡུལ་ཕྲན་གཅིག་བོངས་ཚོད་མཚུངས་པར་འགྱུར་ཞིང་། ངོས་གཞན་གྱི་ཕྱོགས་གཞན་གྱིས་རྡུལ་ལ་རེག་ན་རྡུལ་ཕྲ་རབ་ཆ་དྲུག་དང་ལྡན་པར་འགྱུར་ཏེ། དེ་སྐད་དུ་ཡང་། ཉི་ཤུ་པར། དྲུག་གི་ཅིག་ཅར་བསྐོར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་བཤད་པ་ལྟར་རོ། །ནང་ཤེས་པ་ཡང་སྐད་ཅིག་ཆ་མེད་དུ་བདེན་པར་ཡང་མེད་དེ། ཐོག་མར་སྐྱེ་བ་དང་། ཐ་མར་འགག་པ་དང་། བར་དུ་གནས་པའི་ཆ་གསུམ་མེད་ན། སྐྱེ་བའི་སྔ་ལོགས་དང་། འགག་པའི་ཕྱི་ལོགས་ཀྱི་དུས་ཐ་དད་པ་མེད་པར་འགྱུར་ལ། དེ་ལྟར་ན་སྐད་ཅིག་མ་ཅི་ཙམ་མཐུད་ཀྱང་། དུས་ཡུན་རིང་དུ་མི་འགྱུར་རོ། །དེས་ན་གཅིག་མེད་པའི་ཕྱིར་དུ་མ་ཡང་མེད་དེ། དུ་མ་ནི་གཅིག་བསགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །རྡུལ་ཕྲན་སྐད་ཅིག་ཆ་བཅས་ཕྱིར། །གཅིག་མེད་དེ་བསགས་དུ་མའང་མེད། །ཅེས་སོ། །དེ་སྐད་དུ་ཡང་དབུ་མ་རྒྱན་དུ། བདག་དང་གཞན་སྨྲའི་དངོས་འདི་དག །དེ་ཉིད་དུ་ན་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་སོ། །ཡང་དངོས་པོ་ཀུན་དོན་དམ་པར་སྐྱེ་བ་མེད་དེ། དོན་དམ་པར་བདག་གཞན་དང་། གཉིས་ཀ་དང་། རྒྱུ་མེད་པ་སྟེ། མཐའ་བཞིའི་སྐྱེ་བ་དང་བྲལ་བའི་ཕྱིར། ཞེས་པ་རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ་ཞེས་སོ། །དེ་སྐད་དུ་ཡང་དབུ་མ་རྩ་བར། བདག་ལས་མ་ཡིན་གཞན་ལས་ཡིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ལ་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཅེས་སོ། །རྟགས་གྲུབ་སྟེ། རང་ལས་མི་སྐྱེ་སྟེ་རང་ཉིད་ལ་རང་བྱེད་པ་འགལ་བའི་ཕྱིར། དཔེར་ན་སོར་མོས་རང་ལ་མི་རེག་པ་བཞིན། གཞན་ལས་ཀྱང་མི་སྐྱེ་སྟེ། ཞིག་པ་དང་མ་ཞིག་པའི་རྒྱུ་ལས་སྐྱེ་བ་མེད་པའི་ཕྱིར་ཏེ། ཞིག་པ་རྫས་སུ་མེད་པའི་ཕྱིར་དང་། མ་ཞིག་པ་ལས་སྐྱེ་ན། རྒྱུ་འབྲས་དུས་མཉམ་པར་ཐལ་བའི་ཕྱིར་རོ། །ཇི་སྐད་བཤད་པའི་སྐྱོན་གཉིས་ཡོད་པ་དེའི་ཕྱིར་རང་གཞན་གཉིས་ཀ་ལས་ཀྱང་སྐྱེ་བ་མེད་ལ་རྒྱུ་མེད་པ་ལས་ཀྱང་སྐྱེ་བ་མེད་དེ། རྟག་ཏུ་ཡོད་པའམ་ཡང་ན་ནམ་ཡང་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་དངོས་པོ་ཀུན་དོན་དམ་པར་སྐྱེ་བ་མེད་དེ། འབྲས་བུ་ཡོད་པ་དང་མེད་པ་གང་ཡང་སྐྱེ་བས་སྟོང་པ་དེའི་ཕྱིར་རོ། །རྟགས་གྲུབ་སྟེ། འབྲས་བུ་ཡོད་ན་སྐྱེ་བ་འགལ་ཏེ། གྲུབ་པ་གཞན་ལ་རག་མ་ལས་པའི་ཕྱིར་རོ། །མེད་པ་དངོས་པོ་མེད་པ་སྐྱེད་དུ་མི་རུང་སྟེ། མེད་པ་ལ་རྒྱུའི་བྱ་བ་མི་འཇུག་པའི་ཕྱིར་རོ། །དེ་སྐད་དུ་ཡང་བདེན་གཉིས་ལས། ཡོད་པ་ཡོད་ཕྱིར་མི་སྐྱེ་སྟེ། །མེད་པ་མེད་ཕྱིར་སྐྱེ་མ་ཡིན། །ཅེས་སོ། །ཡང་དངོས་པོ་ཀུན་རང་བཞིན་མེད་པ་ཡིན་ཏེ། རྟེན་འབྲེལ་ཡིན་པའི་ཕྱིར་སྒྱུ་མ་བཞིན་ཞེས་རྟེན་འབྲེལ་གྱི་རྟགས་སོ། །དེ་ལ་ཁྱབ་པ་ཡོད་པའི་རྒྱུ་མཚན་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རྩ་བ་མ་རིག་པ་ཡིན་པར་གསུངས་པ་དེའི་ཕྱིར་དངོས་པོ་ཀུན་འཁྲུལ་པའི་སྣང་བ་ཡིན་ཞིང་རང་བཞིན་གྱིས་སྟོང་པ་ཡིན་ནོ། །དབུ་མ་རང་རྒྱུད་པ་རྣམས་གཏན་ཚིགས་ཆེན་པོ་བཞི་པོ་དེས། དངོས་པོ་རྣམས་རང་བཞིན་མེད་པར་གྲུབ་པར་སྨྲའོ། །ལུང་ཀུན་ལས་བཏུས་པ་ལས་རང་གཞན་གྱི་གྲུབ་མཐའ་རྣམ་པར་བཤད་པ་སྟེ། ལེའུ་བཞི་པའི་འགྲེལ་པའོ། །

ལེའུ་ལྔ་པ།

གཉིས་པ་ཉམས་སུ་བླང་བྱའི་ལམ་ལ། ཐེག་པ་ཐུན་མོང་བ་དང་། ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་ལམ་གཉིས་ཀྱི་དང་པོ་ལ། ལམ་དངོས་དང་། དེ་སྒྲུབ་བྱེད་ཀྱི་དབང་པོ་གཉིས་ཀྱི་དང་པོ་ལ་ཡང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀྱི་དང་པོ་ལ་གཉིས་ཀྱི་ཉེར་སྡོགས་ལ། མདོར་བསྟན་རྒྱས་བཤད་གཉིས་ཀྱི་དང་པོ་ནི། སྦྱོར་བ་དང་དངོས་གཞིའི་ཡིད་ལ་བྱེད་པ་བདུན་གྱིས་བསམ་གཏན་བཞི་དང་གཟུགས་མེད་པ་བཞིའི་ལམ་མཐར་ཕྱིན་པར་འགྱུར་རོ། །གཉིས་པ་རྒྱས་བཤད་ལ་ཡང་། ཡིད་ལ་བྱེད་པ་བདུན་གྱི་མིང་གི་རྣམ་གྲངས། ས་དགུར་སྤང་བྱ་སྤོང་ཚུལ། ཟག་བཅས་ཟག་མེད་དུ་བསྒོམ་ཚུལ། བདུན་པོ་སོ་སོའི་ཁྱད་པར་བཞག་པ་བཞིའི། དང་པོ་ཡིད་ལ་བྱེད་པ་བདུན་གང་ཞེ་ན། མཚན་ཉིད་རབ་ཏུ་རིག་པའི་ཡིད་ལ་བྱེད་པ་དང་། མོས་པ་ལས་བྱུང་བ་དང་། རབ་ཏུ་དབེན་པ་དང་། དགའ་བ་སྡུད་པ་དང་། སྦྱོར་བའི་མཐའ་དང་། སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པའོ། །གཉིས་པ་ནི། དང་པོ་དང་བར་དང་ཐ་མར་སྤོང་བའི་དབང་གིས་ས་རེ་རེའི་སྒོམ་སྤང་གི་ཉོན་མོངས་པ་ཆེན་པོ་དང་འབྲིང་དང་། ཆུང་ངུ་གསུམ་གསུམ་ཡོད་ཅིང་དེ་རེ་རེ་ལ་ཡང་ཆེ་འབྲིང་ཆུང་ངུ་གསུམ་གསུམ་དུ་དབྱེ་བས། འདོད་པ་དང་བསམ་གཏན་བཞི་དང་། གཟུགས་མེད་བཞི་སྟེ། ས་དགུ་པོ་རེ་རེ་ལའང་སྒོམ་པས་སྤང་བར་བྱ་བ་དགུ་དགུ་ཡོད་དོ། །གསུམ་པ་ནི། ཡིད་ལ་བྱེད་པ་བདུན་པོ་དེ་དག་ཀྱང་ཟག་བཅས་འཇིག་རྟེན་པ་དང་། ཟག་མེད་འཇིག་རྟེན་ལས་འདས་པ་གཉིས་ཡོད་ལ། ཟག་བཅས་ནི་གོང་ས་དང་། འོག་ས་ལ་ཞི་རགས་ཀྱི་རྣམ་པ་ཅན་དུ་བསྒོམ་ཞིང་ཟག་མེད་ནི་མི་རྟག་པ་ལ་སོགས་པ་བདེན་པའི་རྣམ་པ་ཅན་དུ་བསྒོམ་མོ། །བཞི་པ་ནི། དེ་ལ་མཚན་ཉིད་རབ་ཏུ་རིག་པའི་ཡིད་ལ་བྱེད་པ་ནི། འདོད་པ་ལ་སོགས་པའི་ས་འོག་མ་རྣམས་སྡུག་བསྔལ་ཞིང་ཉོན་མོངས་པ་མང་བ་དང་། ཚེ་ཐུང་བ་སོགས་ཀྱི་རབ་ཏུ་མ་ཞི་ཞིང་བསམ་གཏན་དང་པོ་སོགས་གོང་མ་རྣམས་དེ་ལས་བཟློག་པས། རབ་ཏུ་ཞི་བར་ཐོས་བསམ་གྱིས་རྣམ་པར་དཔྱོད་པར་བྱེད་པའོ། །མོས་པ་ལས་བྱུང་བ་ནི་མཚན་ཉིད་རབ་ཏུ་རིག་པ་དེ་ཉིད་ཀྱི་རྒྱུན་གོམས་པར་བྱེད་པའི་སྒོམ་བྱུང་སྦྱོར་བའི་ལམ་གྱིས་བསྡུས་པའོ། །རབ་ཏུ་དབེན་པ་ལས་བྱུང་བའི་ཡིད་བྱེད་ནི་སྒོམ་སྤང་ཆེན་པོ་གསུམ་སྤོང་བའི་བར་ཆད་མེད་ལམ་མོ། །དགའ་བ་སྡུད་པ་ནི། ཉོན་མོངས་པ་རགས་པ་སྤངས་པས་དགའ་བདེ་ཆུང་ངུ་ལ་རེག་ཅིང་། འབྲིང་གསུམ་སྤོང་བའི་བར་ཆད་མེད་ལམ་མོ། །དེའི་འོག་ཏུ་ཉོན་མོངས་པ་ཕལ་ཆེར་སྤངས་པས། ཉོན་མོངས་པ་མངོན་འགྱུར་ཆེར་མི་སྐྱེ་བ་ན་ཉོན་མོངས་སླར་ཡང་སྐྱེ་མི་སྐྱེ་བརྟག་པའི་ཕྱིར་དུ། ཉོན་མོངས་པ་སྐྱེ་བ་དང་མཐུན་པའི་མཚན་མ་ཡིད་ལ་བྱེད་པ་སོགས་དེ་ལྟར་རྩོལ་བ་ན་དཔྱོད་པ་ཡིད་ལ་བྱེད་པའོ། །

དེ་ལྟར་བརྟགས་པ་ན་སླར་ཡང་ཉོན་མོངས་སྐྱེས་པ་རྣམས་གཉེན་པོས་ཟད་པར་སྤོང་བ་སྦྱོར་བའི་མཐའི་ཡིད་ལ་བྱེད་པ་སྟེ། ཆུང་ངུ་གསུམ་སྤོང་བའི་བར་ཆད་མེད་པའི་ལམ་མོ། །དཔྱོད་པ་ཡིད་ལ་བྱེད་པ་ཁྱད་པར་གྱི་ལམ་ཞེས་བོད་སྔ་རབས་པ་དག་ཟེར་རོ། །ཡིད་ལ་བྱེད་པ་དྲུག་པོ་འདི་དག་ནི་ཉེར་སྡོགས་ཞེས་བྱ་ལ་བསམ་གཏན་དང་པོའི་ཉེར་སྡོགས་ནི་མི་ལྕོགས་པ་མེད་པ་ཞེས་བྱ་སྟེ། དེ་ལ་བརྟེན་ནས་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་སྤོང་ནུས་པའི་ཕྱིར་རོ། །བསམ་གཏན་དང་པོའི་ཉེར་སྡོགས་ནི་ཟག་བཅས་དང་། ཟག་མེད་གཉིས་ཀ་ཡོད་ལ། གཉིས་པ་ཡན་གྱི་ཉེར་སྡོགས་རྣམས་ནི་ཟག་བཅས་ཁོ་ན་ཡིན་ཏེ། དེ་དག་ལ་འཕགས་ལམ་མི་བརྟེན་པའི་ཕྱིར་ཏེ། འོག་མའི་དངོས་གཞི་མ་ཐོབ་པར་གོང་མའི་ཉེར་སྡོགས་མི་འཐོབ་ཅིང་གོང་མའི་ཉེར་སྡོགས་ལས་འོག་མའི་དངོས་གཞི་ལ་བརྟེན་ནས་ལམ་སྒྲུབ་པར་སླ་བའི་ཕྱིར་རོ། །ཉེར་སྡོགས་ཐམས་ཅད་ཚོར་བ་བཏང་སྙོམས་ཅན་དང་། དང་པོ་ལ་དག་པ་བ་དང་ཟག་མེད་གཉིས་ཀ་ཡོད་ཅིང་། གཞན་རྣམས་དག་པ་བ་ཁོ་ན་ཡིན་ཏེ། མཛོད་དུ། དེ་དག་གིས་ནི་ཉེར་སྡོགས་བརྒྱད། །དག་པ་བདེ་མིན་སྡུག་བསྔལ་མིན། །དང་པོ་འཕགས་པའང་ཁ་ཅིག་གསུངས ། །ཞེས་སོ། །སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པ་ནི་ཉོན་མོངས་པ་རྣམ་པ་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ཡིན་ཏེ། དེའི་ཚེ་བསམ་གཏན་གྱི་དངོས་གཞིའི་སེམས་ཐོབ་བོ། །བསམ་གཏན་དང་པོ་ནས་སྲིད་རྩེའི་བར་དུ་གོང་དུ་བཤད་པའི་སེམས་བདུན་པོ་བསྒོམ་མོ། །གཉིས་པ་དངོས་གཞི་ལ་བཞིའི་དང་པོ་ནི། བསམ་གཏན་བཞིའི་དངོས་གཞིའི་མཚན་ཉིད་ནི། བསམ་གཏན་དང་པོའི་དངོས་གཞི་ལ་ཡན་ལག་ལྔ་སྟེ། རྟོག་པ་དང་དཔྱོད་པ་གཉེན་པོའི་ཡན་ལག་ཡིན་ཏེ། དེས་འདོད་པ་ལ་འདུན་པ་དང་། གནོད་སེམས་སྤོང་བའི་ཕྱིར་རོ། །དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཕན་ཡོན་གྱི་ཡན་ལག་ཡིན་ཏེ། དེས་ལུས་སེམས་སིམ་པར་བྱེད་པའི་ཕྱིར་རོ། །སེམས་རྩེ་གཅིག་པ་གནས་ཀྱི་ཡན་ལག་ཡིན་ཏེ། དེ་ལ་བརྟེན་ནས་གཉེན་པོ་དང་ཕན་ཡོན་གྱི་ཡན་ལག་དག་འཇུག་པའི་ཕྱིར་རོ། །བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་ན་རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ནོ། །བསམ་གཏན་གཉིས་པ་ནི་ཡན་ལག་བཞི་སྟེ། ནང་རབ་ཏུ་དང་བ་གཉེན་པོའི་ཡན་ལག་ཡིན་ཏེ། དེས་རྟོག་དཔྱོད་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་ཕྱིར་རོ། །ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཕན་ཡོན་གྱི་ཡན་ལག་གོ །ཏིང་ངེ་འཛིན་གནས་ཀྱི་ཡན་ལག་གོ །ནང་རབ་ཏུ་དང་བ་ནི་དྲན་ཤེས་བཞིན་བཏང་སྙོམས་གསུམ་སྟེ། བསམ་གཏན་དང་པོར་རྟོག་དཔྱོད་ཀྱིས་བསྒྲུབས་པས་རང་གི་ངེས་ཤེས་ལས་མི་ཕྱེད་པས་ཡན་ལག་ཏུ་མ་བཞག་ལ། གཉིས་པར་རྟོག་དཔྱོད་སྤོང་བའི་བྱ་བ་བྱེད་པས་ཡན་ལག་ཏུ་བཞག་ལ། དགའ་བས་ཟིལ་གྱིས་མནན་པས་རང་མིང་གིས་མ་སྨོས་པར་ནང་རབ་ཏུ་དང་བ་ཞེས་མིང་གཅིག་ཏུ་བྱས་ནས་བསྟན་ནོ། །མཛོད་དུ། རབ་ཏུ་དང་བ་དད་པ་ཡིན། །ཅེས་པ་ལྟར་བཤད་དོ། །བསམ་གཏན་གསུམ་པ་ནི་ཡན་ལག་ལྔ་སྟེ་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་གསུམ་ནི་གཉེན་པོའི་ཡན་ལག་སྟེ། དགའ་བ་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་ཕྱིར་རོ། །དགའ་བ་མེད་པའི་བདེ་བ་ནི་ཕན་ཡོན་གྱི་ཡན་ལག །ཏིང་ངེ་འཛིན་ནི་གནས་ཀྱི་ཡན་ལག་གོ །འདིར་དགའ་བ་ལ་འདོད་ཆགས་དང་བྲལ་བས་དྲན་ཤེས་བཞིན་བཏང་སྙོམས་གསུམ་རང་གི་མིང་གིས་སྨོས་སོ། །བསམ་གཏན་དང་པོ་གཉིས་སུ་ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པ་དེ་ཉིད་དགའ་བ་རྣམས་ཀྱིས་ཡིད་ཤེས་འཁོར་དང་བཅས་པ་སིམ་པར་བྱེད་པས་དགའ་བ་ཞེས་བྱ་ལ་ཏིང་ངེ་འཛིན་གྱིས་ལས་སུ་རུང་བར་བྱས་པས་ཁ་ནང་དུ་བལྟས་ཏེ་དབང་པོ་གནས་དང་བཅས་པ་སིམ་པར་བྱེད་པས་བདེ་བ་ཞེས་བྱའོ། །བསམ་གཏན་གསུམ་པར་ཡིད་ཤེས་དགའ་བ་རྣམས་ཀྱིས་གཡོ་བར་བྱེད་པའི་ཆ་སྤངས་ཏེ་དབང་པོ་གནས་དང་བཅས་པ་སིམ་པར་བྱེད་པའི་ཕྱིར། ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པ་དེ་ཉིད་ལ་དགའ་བ་མེད་པའི་བདེ་བ་ཞེས་བྱའོ། །བསམ་གཏན་བཞི་པ་ནི་ཡན་ལག་བཞི་སྟེ། འདུ་བྱེད་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་གཉེན་པོའི་ཡན་ལག་ཡིན་ཏེ། དེ་དག་གི་བདེ་བ་ལས་འདོད་ཆགས་དང་བྲལ་བར་བྱེད་པའི་ཕྱིར་རོ། །ལྷུན་གྱིས་གྲུབ་པའི་ཚོར་བ་བཏང་སྙོམས་ནི་ཕན་ཡོན་གྱི་ཡན་ལག་ཡིན་ལ། ཡོངས་སུ་དག་པའི་ཏིང་ངེ་འཛིན་ནི་གནས་ཀྱི་ཡན་ལག་གོ། དྲན་པ་དང་བཏང་སྙོམས་གཉིས་བསམ་གཏན་གྱི་བདེ་བ་ལ་འདོད་ཆགས་དང་མ་བྲལ་བས་ཡོངས་སུ་དག་པ་ཞེས་མི་བྱ་ལ། བཞི་པར་བདེ་བ་ལ་སོགས་པ་བསམ་གཏན་གྱི་སྐྱོན་བརྒྱད་ལས་གྲོལ་བའི་ཕྱིར་ཡོངས་སུ་དག་པ་ཞེས་སྨོས་སོ། །སྐྱོན་བརྒྱད་ནི། རྟོག་དཔྱོོད་དང་། དབུགས་འབྱུང་རྔུབ་དང་། བདེ་སྡུག་ཡིད་བདེ། ཡིད་མི་བདེ་རྣམས་ཡིན་ཏེ། ཇི་སྐད་དུ། རྟོག་དང་དཔྱོད་དང་དབུགས་དག་དང་། །བདེ་བ་ལ་སོགས་བཞི་ཡིན་ནོ། །ཞེས་སོ། །གཉིས་པ་གཟུགས་མེད་ཀྱི་སྦྱོར་བ་དང་དངོས་གཞི་ནི། གཟུགས་མེད་བཞི་ཀ་ཡང་ས་འོག་མ་རྣམས་ཚེ་ཐུང་བ་སོགས་ཀྱིས་མ་ཞི་ཞིང་ཀུན་ཏུ་རྨོངས་པ་དང་། ས་གོང་མ་རྣམས་དེ་ལས་བཟློག་པས་ཞི་ཞིང་གྱ་ནོམ་པ་ཞེས་པའི་རྣམ་པས་མཚན་ཉིད་རབ་ཏུ་རིག་པ་སོགས་ཡིད་ལ་བྱེད་པ་བདུན་གྱིས་བསྒོམ་མོ། །དེ་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི། སྦྱོར་བའི་དུས་སུ་གཟུགས་དང་ཐོགས་པའི་འདུ་ཤེས་རྣམས་བཤིག་སྟེ། ནམ་མཁའ་མཐའ་ཡས་སོ་སྙམ་དུ་ཡིད་ལ་བྱེད་ཅིང་། དངོས་གཞིའི་དུས་སུ་གཟུགས་ལ་འདོད་ཆགས་དང་བྲལ་ཏེ། རང་སའི་མིང་བཞིའི་ཕུང་པོ་ཙམ་ལ་དམིགས་པའི་ཏིང་ངེ་འཛིན་ནོ། །ཅི་ཡང་མེད་པའི་སྐྱེ་མཆེད་ནི། ཞི་བར་གནས་པའོ ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི། སྦྱོར་བའི་དུས་སུ་ནམ་མཁའ་མཐའ་ཡས་སོ་སྙམ་པའི་རྣམ་ཤེས་དེ་ཡང་མཐའ་ཡས་སོ་སྙམ་དུ་ཡིད་ལ་བྱེད་ཅིང་། དངོས་གཞིའི་དུས་སུ་ནམ་མཁའ་ལ་འདོད་ཆགས་དང་བྲལ་ཏེ། རང་སའི་མིང་བཞིའི་ཕུང་པོ་ཙམ་ལ་དམིགས་པའི་ཏིང་ངེ་འཛིན་ནོ། །ཅི་ཡང་མེད་པའི་སྐྱེ་མཆེད་ནི། ཆོས་ཀུན་ཅི་ཡང་མེད་དོ་སྙམ་དུ་སྦྱོར་བའི་དུས་སུ་ཡིད་ལ་བྱེད་ཅིང་། དངོས་གཞིའི་དུས་སུ་རྣམ་ཤེས་ལས་ཀྱང་འདོད་ཆགས་དང་བྲལ་ནས། རང་སའི་མིང་བཞིའི་ཕུང་པོ་ཙམ་ལ་དམིགས་པའི་ཏིང་ངེ་འཛིན། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ནི། སྦྱོར་བའི་དུས་སུ་འདུ་ཤེས་ནི་ནད་དང་འབྲས་དང་ཟུག་རྔུའོ་སྙམ་དུ་ཡིད་ལ་བྱེད་པས་འདུ་ཤེས་རགས་པ་མེད་ཅིང་། འདུ་ཤེས་མེད་པ་ནི་ཀུན་ཏུ་རྨོངས་པའོ་སྙམ་དུ་ཡིད་ལ་བྱེད་པས་འདུ་ཤེས་ཕྲ་བ་མེད་པ་ཡང་མ་ཡིན་ལ། དངོས་གཞིའི་དུས་སུ་ཅི་ཡང་ལས་འདོད་ཆགས་དང་བྲལ་ཏེ། རང་སའི་མིང་བཞིའི་ཕུང་པོ་ཙམ་ལ་དམིགས་པའི་ཏིང་ངེ་འཛིན་ཞི་བར་གནས་པའོ། །གཟུགས་མེད་རྣམས་ནི་ཚོར་བ་བཏང་སྙོམས་ཁོ་ན་ཡིན་ནོ། །བསམ་གཏན་དང་གཟུགས་མེད་པ་འདི་དག་ལ། རང་སའི་ཉོན་མོངས་པས་དབེན་པ་འཇིག་རྟེན་པའི་དགེ་བ་རྩེ་གཅིག་པ་དག་པ་བ་དང་། རང་སའི་ཉོན་མོངས་པས་བསླད་པའི་རྩེ་གཅིག་པའི་ཉོན་མོངས་པ་ཅན་གཉིས་གཉིས་ཡོད་དོ། །དང་པོ་ལ་ནི། ཆ་མཐུན་བཞི་སྟེ། ཉམས་པ་ཆ་མཐུན་ནི། རང་སའི་ཉོན་མོངས་སྐྱེ་བ་དང་རྗེས་སུ་མཐུན་པའི་བསམ་གཏན་ནོ། །གནས་པ་ཆ་མཐུན་ནི། ཉམས་པར་ཡང་མི་འགྱུར་ཞིང་། གོང་མར་ཁྱད་པར་དུ་ཡང་མི་འགྱུར་བའི་བསམ་གཏན་ནོ། ཁྱད་པར་ཆ་མཐུན་ནི། ས་གོང་མའི་ཏིང་ངེ་འཛིན་སྐྱེ་བ་དང་རྗེས་སུ་མཐུན་པའི་བསམ་གཏན་ནོ། །ངེས་འབྱེད་ཆ་མཐུན་ནི་ཟག་མེད་སྐྱེ་བ་དང་རྗེས་སུ་མཐུན་པའི་བསམ་གཏན་ནོ། །དེ་སྐད་དུ་ཡང་། དག་པ་ཉམས་པ་ཆ་མཐུན་སོགས། །རྣམ་བཞི་དེ་ནི་གོ་རིམ་བཞིན། །ཉོན་མོངས་སྐྱེ་དང་རང་ས་དང་། །གོང་དང་ཟག་མེད་རྗེས་མཐུན་པའོ། །ཞེས་བཤད་པ་ལྟར་རོ། །སྲིད་རྩེ་ལ་ནི་ཁྱད་པར་ཆ་མཐུན་མེད་དེ། དེ་ལས་གོང་ན་ས་གཞན་མེད་པའི་ཕྱིར་རོ། །ཉོན་མོངས་པ་ཅན་ཡང་རྣམ་པ་བཞི་སྟེ། ལྟ་བ་ཤས་ཆེ་བ་ནི། ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ལས། གང་ཡང་རུང་བ་དང་མཚུངས་པར་ལྡན་པའི་བསམ་གཏན་ནོ། །སྲེད་པ་ཤས་ཆེ་བ་ནི། བསམ་གཏན་གྱི་བདེ་བ་རོ་མྱོང་བའི་འདོད་ཆགས་དང་མཚུངས་པར་ལྡན་པའི་བསམ་གཏན་ནོ། །ང་རྒྱལ་ཤས་ཆེ་བ་ནི། ཏིང་ངེ་འཛིན་གྱིས་ཁེངས་པའི་ང་རྒྱལ་དང་མཚུངས་པར་ལྡན་པའི་བསམ་གཏན་ནོ། །ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་ནི། རང་གིས་ཐོབ་པའི་ཏིང་ངེ་འཛིན་འདི་ཉིད་ཐར་པའི་ལམ་ཡིན་ནམ། འོན་ཏེ་མ་ཡིན་ཞེས་ཡིད་གཉིས་དང་མཚུངས་པར་ལྡན་པའི་བསམ་གཏན་ནོ། །གཟུགས་མེད་རྣམས་ལ་དེ་བཞིན་དུ་ཤེས་པར་བྱའོ། །ཡང་དེ་དག་ལས། རྒྱུ་སྙོམས་འཇུག་གི་བསམ་གཏན་དང་གཟུགས་མེད། འབྲས་བུ་སྐྱེ་བའི་བསམ་གཏན་དང་གཟུགས་མེད་གཉིས་གཉིས་ཡོད་དོ། །དང་པོ་ནི། སྐྱེ་བའི་བསམ་གཏན་དང་གཟུགས་མེད་འཕེན་པར་བྱེད་པའི་དོན་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་ནི་རྒྱུ་སྙོམས་འཇུག་གིས་འཕངས་པའི་རྣམ་སྨིན་དང་། རྒྱུ་མཐུན་གྱི་འབྲས་བུས་བསྡུས་པའི་བསམ་གཏན་དང་གཟུགས་མེད་དོ། །གསུམ་པ་དེ་དག་དང་པོར་གང་དུ་བསྐྱེད་དཔྱད་པ་ནི། རྒྱུ་སྙོམས་འཇུག་གི་བསམ་གཏན་དང་གཟུགས་མེད་ནི་མི་ལ་སོགས་པ་ས་འོག་མའི་ནང་དུ་སྐྱེས་ཏེེ། རང་ས་དང་ས་གོང་མར་དེ་དག་སྐྱེ་བ་མེད་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་། ས་གོང་མས་ས་འོག་མ་རྣམས་དོན་དུ་གཉེར་བ་མེད་པའི་ཕྱིར་དང་རང་ས་ལ་ཡང་ཞི་རགས་ཀྱི་རྣམ་པར་ལྟ་བ་མེད་པའི་ཕྱིར་རོ། །འབྲས་བུ་སྐྱེ་བའི་བསམ་གཏན་དང་གཟུགས་མེད་ནི། གཟུགས་དང་གཟུགས་མེད་པའི་ལྷར་སྐྱེས་ནས་གནས་པ་ཡིན་ནོ། །བཞི་པ་འདས་ལམ་གྱི་རྟེན་གང་ཡིན་དཔྱད་པ་ནི། བསམ་གཏན་དང་པོའི་དངོས་གཞི་ཙམ་དང་། དང་པོའི་ཉེར་སྡོགས་དང་། དངོས་གཞི་ཁྱད་པར་ཅན་དང་། དེའི་གོང་མ་བསམ་གཏན་གཉིས་པ་གསུམ་པ་བཞི་པ་སྟེ་གསུམ་དང་བཅས་པ་ནི་བསམ་གཏན་ས་དྲུག་ཅེས་བྱ་ལ། དེ་དག་དང་སྲིད་རྩེ་ལས་གཞན་པའི་གཟུགས་མེད་དང་པོ་གསུམ་སྟེ། དགུ་པོ་རྣམས་ནི་འདུ་ཤེས་ཀྱི་རྒྱུ་བ་གསལ་བའི་ཏིང་ངེ་འཛིན་ཡིན་པའི་ཕྱིར་རོ། །མཐོང་བའི་ལམ་དང་འཇིག་རྟེན་ལས་འདས་པའི་སྒོམ་ལམ་གྱི་རྟེན་དུ་བཤད་དོ། །བསམ་གཏན་དང་གཟུགས་མེད་དེ་དག་འཁོར་བའི་ལམ་གྱིས་བསྡུས་པ་རྣམས་ནི། འཇིག་རྟེན་པའི་ལམ་ཞེས་བྱའོ། །

གཉིས་པ་འཇིག་རྟེན་ལས་འདས་པའི་ལམ་ལ། ལམ་གྱི་ངོ་བོ། དམིགས་ཡུལ་བདེན་བཞི་བཤད་པ་གཉིས་ཀྱི་དང་པོ་ནི། སྔར་འཁོར་བར་ནམ་ཡང་འདྲིས་མ་མྱོང་བས་ན། འཇིག་རྟེན་ལས་འདས་པའི་ལམ་སྟེ། དེ་ནི་སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་བཞིའི་དེ་ཁོ་ན་ཉིད་མཐོང་བས་ཐོབ་བོ། །གཉིས་པ་སྤྱིར་བཤད་པ་དང་སོ་སོར་བཤད་པ་གཉིས་ཀྱི་དང་པོ་ནི། སྡུག་བསྔལ་ལ་སོགས་པ་འདི་དག་འཕགས་པ་རྣམས་ཀྱིས་སྡུག་བསྔལ་ལ་སོགས་པར་གཟིགས་པ་དེའི་ཕྱིར་འཕགས་པའི་བདེན་པ་ཞེས་བྱའི་བྱིས་པ་རྣམས་ཀྱི་ནི་མ་ཡིན་ཏེ། སྡུག་བསྔལ་ལ་བདེན་པ་སོགས་སུ་ཕྱིན་ཅི་ལོག་པའི་ཕྱིར་རོ། །ཅི་སྐད་དུ། མདོ་ལས། ལག་མཐིལ་པུ་ཉག་གཅིག་འདུག་པ། །མི་རྣམས་ཀྱིས་ནི་མི་རྟོགས་ལ། །དེ་ཉིད་མིག་ཏུ་སོང་བ་ན། །མི་བདེ་བ་དང་གནོད་བསྐྱེད་ལྟར། །བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ཡི། །དེ་ཡིས་ཤིན་ཏུ་ཡིད་ཀྱང་ཕྱུང་། །ཞེས་གསུངས་པ་ལྟར་རོ། །ཅིའི་ཕྱིར་བདེན་པ་བཞི་པོ་འདི་ཉིད་དུ་ངེས་ཞེ་ན། ཐར་པ་འདོད་པ་རྣམས་ཀྱི་སྤང་བྱ་དང་། བླང་བར་བྱ་བ་འདི་ཙམ་དུ་ཟད་པའི་ཕྱིར་ཏེ། སྤང་བྱ་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་རྒྱུ་དང་འབྲས་བུ་མ་ལུས་པ་ནི། སྡུག་བསྔལ་དང་ཀུན་འབྱུང་གིས་བསྡུས་ལ། བླང་བྱ་རྣམ་པར་བྱང་བའི་ཕྱོགས་ཀྱི་རྒྱུ་དང་འབྲས་བུ་མ་ལུས་པ་ནི། འགོག་པ་དང་ལམ་གྱིས་བསྡུས་པའི་ཕྱིར་རོ། །ཅིའི་ཕྱིར་བདེན་པ་བཞི་གོ་རིམ་ངེས་པ་ཡིན་ཞེ་ན། མངོན་པར་རྟོགས་པའི་རིམ་པ་དང་མཐུན་པར་རྣམ་པར་བཞག་སྟེ། ཇི་སྐད་དུ། བདེན་པ་ཇི་ལྟར་མངོན་རྟོགས་རིམ། །ཞེས་པ་ལྟར་རོ། །དེ་ཡང་འདི་ལྟར། དཔེར་ན། སྨན་པས་ནད་གསོ་བ་ན། ཐོག་མར་ནད་ཀྱི་རང་བཞིན་ཤེས་པར་བྱ་བ་ཡིན་ཏེ། དེའི་འོག་ཏུ་ནད་ཀྱི་རྒྱུ་བརྟགས་ནས་དེ་སྤང་བར་བྱ་བ་ཡིན་ནོ། །དེ་ནས་ནད་དང་བྲལ་བའི་བདེ་བར་གནས་པ་ནི་ཐོབ་པར་བྱ་བ་ཡིན་ནོ། །དེའི་ཐབས་སུ་སྨན་ནི་བསྟེན་པར་བྱ་བ་ཡིན་པ་ལྟར། ཐར་པ་འདོད་པ་རྣམས་ཀྱིས་ཀྱང་སྡུག་བསྔལ་གྱི་བདེན་པ་ནི་ཤེས་པར་བྱ་བ་ཡིན་ཞིང་། དེའི་རྒྱུ་ཀུན་འབྱུང་གི་བདེན་བ་ནི་སྤང་བར་བྱ་བ་དང་། སྡུག་བསྔལ་འགོག་པ་ནི་ཐོབ་པར་བྱ་བ་དང་། དེའི་ཐབས་ལམ་ནི་བསྟེན་པར་བྱ་བ་ཡིན་ནོ། །དེའི་ཕྱིར་ཐོག་མར་བདེན་པ་བཞི་པོ་ཇི་སྐད་བཤད་པའི་ཚུལ་དུ་ཤེས་བྱ་ལ་སོགས་པར་ཐོས་བསམ་གྱིས་ཡོངས་སུ་དཔྱོད་ལ། དེའི་འོག་ཏུ་བསྒོམས་པས་ཉམས་སུ་བླངས་པས་ཐོས་བསམ་གྱིས་རྣམ་པར་དཔྱོད་པ་རིམ་པ་ཇི་ལྟ་བ་བཞིན་དུ་མངོན་པར་རྟོགས་པ་སྐྱེ་བར་འགྱུར་རོ། །གཉིས་པ་ལ་བཞི་ལས་དང་པོ་སྡུག་བསྔལ་གྱི་བདེན་པ་ལ་མཚན་གཞི་དང་། མཚན་ཉིད་གཉིས་ཀྱི་དང་པོ་ནི། སྡུག་བསྔལ་གྱི་བདེན་པ་ནི་མདོར་བསྡུ་ན། སྡུག་བསྔལ་གསུམ་དང་ཕྱེ་ན་སྡུག་བསྔལ་རྣམ་པ་བརྒྱད་ཡིན་ནོ། །དེ་ལ་སྡུག་བསྔལ་གསུམ་ནི་སྡུག་བསྔལ་གྱི་ནི་སྡུག་བསྔལ་དང་ཞེས་སོགས་ཏེ། དང་པོ་སྡུག་བསྔལ་གྱི་སྡུག་བསྔལ་ནི་འཁོར་བའི་གདུང་བ་སྟེ། ཚོར་བ་སྡུག་བསྔལ་གནས་དང་བཅས་པ་ཐམས་ཅད་དེ། རང་གི་མཚན་ཉིད་ཀྱིས་བསྡུས་པའི་ཕྱིར་རོ། །གཉིས་པ་འགྱུར་བའི་སྡུག་བསྔལ་ནི་ཟག་བཅས་ཀྱི་ཚོར་བ་བདེ་བ་གནས་དང་བཅས་པ་ཐམས་ཅད་དེ། ཉམས་ན་གདུང་བ་བསྐྱེད་པའི་ཕྱིར་རོ། །གསུམ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི་འདུས་བྱས་ཐམས་ཅད་དོ། །ཞེས་པ་རྩིངས་ཏེ་ཟག་མེད་འདུས་བྱས་རྣམས་འདུ་བྱེད་ཀྱི་སྡུག་བསྔལ་དུ་མི་རིགས་པའི་ཕྱིར་རོ། །ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་གནས་དང་བཅས་པ་སྟེ། སྡུག་བསྔལ་གཞན་གཉིས་ཀྱི་ས་བོན་དང་ལྡན་པས་བཏང་སྙོམས་འཁོར་མོ་ཡུག་ཏུ་མི་གནས་པའི་ཕྱིར་དང་། གཅིག་ཏུ་གྲུབ་པ་དང་བདེ་བ་མ་ཡིན་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་དག་སངས་རྒྱས་ཀྱི་གཟུགས་སྐུ་ཡང་ཟག་བཅས་འདུ་བྱེད་ཀྱི་ཕུང་པོ་འདུས་པས་སྡུག་བསྔལ་གྱི་བདེན་པ་ཡིན་ལ། དེ་མཚུངས་ལྡན་གྱི་ཟག་བཅས་མ་ཡིན་ཡང་དམིགས་པའི་སྒོ་ནས་ཟག་པ་རྒྱས་པར་འགྱུར་བ་ཡིན་པས་ཟག་བཅས་ཡིན་ཏེ་ཞེས་འདོད་ལ། ཐེག་ཆེན་ལ་གཟུགས་སྐུ་གཉིས་ཡེ་ཤེས་ཀྱི་བདག་པོའི་རྐྱེན་ལས་བྱུང་བའི་གདུལ་བྱའི་དག་སྣང་ཡིན་པའི་ཕྱིར་དང་། བསོད་ནམས་ཀྱི་རྣམ་སྨིན་གྱི་འབྲས་བུ་ཡིན་པའི་ཕྱིར་ཟག་མེད་དུ་འདོད་དོ། །སྣོད་བཅུད་ཀུན་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་ཏེ། ཟག་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །ཡང་ཕྲད་པའི་སྡུག་བསྔལ་བ་ནི་དགྲ་ལ་སོགས་པ་ཡིད་དུ་མི་འོང་བའི་ཡུལ་དང་ཕྲད་པའོ། །བྲལ་བའི་སྡུག་བསྔལ་བ་ནི་བུ་སྡུག་པ་དང་བྲལ་བ་སོགས་ཡིད་དུ་འོང་བའི་ཡུལ་དང་བྲལ་བའོ། །འགྱུར་བའི་སྡུག་བསྔལ་བ་ནི་སྔར་བཞིན་ཏེ། ཕྱུག་པོ་དབུལ་པོར་འགྱུར་བ་ལ་སོགས་པའོ། །རེ་བ་འབྲས་བུ་མེད་པའི་སྡུག་བསྔལ་བ་ནི། འདོད་བྱའི་དངོས་པོ་བཙལ་ཏེ་མ་རྙེད་པའོ། །སྐྱེ་བའི་སྡུག་བསྔལ་བ་ནི། མངལ་དུ་དོག་པ་ལ་སོགས་སྡུག་བསྔལ་འབྱུང་བའི་ཕྱིར་རོ། །རྒ་བ་སྡུག་བསྔལ་བ་ནི། ན་ཚོད་འགྱུར་བས་སྡུག་བསྔལ་བསྐྱེད་པའི་ཕྱིར་རོ། །ན་བ་སྡུག་བསྔལ་བ་ནི་ཁམས་མ་སྙོམས་པས་སྡུག་བསྔལ་བའི་ཕྱིར་རོ། །འཆི་བ་སྡུག་བསྔལ་བ་ནི་སྲོག་འགྱུར་བས་སྡུག་བསྔལ་བའི་ཕྱིར་རོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་ནི། གནས་ངན་ལེན་སྡུག་བསྔལ་བའི་ཕྱིར་རོ། །དེ་དག་ནི་སྡུག་བསྔལ་རྣམ་པ་བརྒྱད་ཅེས་བྱའོ། །དེ་ལ་ཕྲད་པ་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་སྡུག་བསྔལ་བ་རྣམས་ནི་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་བསྡུས་སོ། །བྲལ་བ་དང་རེ་བ་འབྲས་བུ་མེད་པ་སྡུག་བསྔལ་བ་རྣམས་ནི་འགྱུར་བའི་སྡུག་བསྔལ་གྱིས་བསྡུས་སོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་བསྡུས་སོ། །གཉིས་པ་ནི། སྡུག་བསྔལ་གྱི་བདེན་པ་ལ་བྱིས་པ་རྣམས་ཕྱིན་ཅི་ལོག་བཞིར་མངོན་པར་ཞེན་པས་དེའི་གཉེན་པོར་མཚན་ཉིད་བཞི་སྟེ། རྟག་པའི་གཉེན་པོར་སྡིག་པ་དང་། བདེ་བ་དང་གཙང་བར་འཛིན་པའི་གཉེན་པོར་སྡུག་བསྔལ་བ་དང་། བདག་ཏུ་འཛིན་པ་ནི་གཉིས་ཏེ། ཕུང་པོའི་ངོ་བོ་ལ་བདག་ཏུ་འཛིན་པ་དང་། དོན་གཞན་པའི་བདག་ཏུ་འཛིན་པའོ། །དེ་ལ་དང་པོའི་གཉེན་པོར་བདག་མེད་པ་དང་། གཉིས་པའི་གཉེན་པོར་སྟོང་པའོ། །དེ་ལ་སྐད་ཅིག་པར་མི་སྡོད་ཅིང་རྒྱུན་གྱིས་འགྱུར་བའི་ཕྱིར་མི་རྟག་པའོ། །ལུས་སེམས་ཡོངས་སུ་གདུང་བའི་ཕྱིར་སྡུག་བསྔལ་ལོ། །རིགས་པས་དཔྱད་ན་ཕུང་པོ་ལས་དོན་གཞན་པའི་བྱེད་པ་པོ་དང་། ཟ་བ་པོའི་བདག་མེད་པའི་ཕྱིར་ཐམས་ཅད་སྟོང་པའོ། །མི་རྟག་པ་དང་། དུ་མའི་ཕྱིར་ཕུང་པོ་རྣམས་རྟག་པ་དང་གཅིག་པུའི་བདག་ཏུ་མེད་པའོ། །གཉིས་པ་ཀུན་འབྱུང་ལ། མཚན་གཞི་དང་། མཚན་ཉིད་གཉིས་ཀྱི། དང་པོ་ལ་མདོར་བསྟན་པ་ནི། ཀུན་འབྱུང་ནི་འཁོར་བའི་རྒྱུ་ཡིན་ཏེ། འཁོར་བའི་སྡུག་བསྔལ་ཀུན་འབྱུང་བའི་ཕྱིར་ཀུན་འབྱུང་ཞེས་བྱའོ། །དབྱེ་ན་ཟག་བཅས་ཀྱི་ལས་དང་ཉོན་མོངས་པ་གཉིས་སོ། །གཉིས་པ་རྒྱས་བཤད་ལ་གཉིས་ཀྱི། དང་པོ། ལས་ཀྱི་ཟག་བཅས་དགེ་བ་དང་མི་དགེ་བ་རྣམ་པ་གཉིས་ཏེ། སྔར་ལེའུ་གསུམ་པར་རྒྱས་པར་བཤད་ཟིན་ཏོ། །གཉིས་པ་ཉོན་མོངས་པའི་ཀུན་འབྱུང་རྒྱས་པར་བཤད་པ་ལ་གཉིས་ཀྱི་སྤྱིར་བཤད་པ་ནི། ཉོན་མོངས་པ་དེ་དག་ལ་རྩ་བའི་དབྱེ་བ་འདོད་ཆགས་ནས་ལྟ་བའི་བར་དྲུག་སྟེ། བཟའ་བྱ་བདེ་སྡུག་བཏང་སྙོམས་གསུམ་ལ་ལོག་པར་ཞུགས་པས་གོ་རིམ་བཞིན་དུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་ཡིན་ལ། ཟ་བ་པོ་སེམས་ཅན་ལ་ལོག་པར་ཞུགས་པ་ང་རྒྱལ་དང་། ཕྱིན་ཅི་མ་ལོག་པར་ངེས་པ་ལ་ལོག་པར་གྲུབ་པ་ལྟ་བ་དང་། ཐེ་ཚོམ་སྟེ། ལོག་པར་ངེས་པ་དང་མ་ངེས་པའི་དབང་དུ་བྱས་ནས། དེའི་ཕྱིར་ཉོན་མོངས་དྲུག་ཡིན་ནོ། །དེ་ལ་ཉོན་མོངས་པ་རྣམས་ཀྱི་ཕྲ་རྒྱས་ཏེ་བག་ལ་ཉལ་གཉེན་པོས་མ་སྤངས་པ་རྒྱུའི་རྐྱེན་དང་། སྡུག་མི་སྡུག་སོགས་ཀྱི་ཡུལ་ཉེ་བ་དམིགས་པའི་རྐྱེན་དང་། གཙང་བདེ་སོགས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་བདག་པོའི་རྐྱེན་ཏེ། དེ་དག་ནི་ཉོན་མོངས་རྣམས་སྐྱེ་བའི་རྒྱུ་ཚང་བ་ཡིན་ནོ། །ཉོན་མོངས་པ་དྲུག་པོ་དེ་དག་ལས་ལྟ་བ་ལ་ལྔར་དབྱེ་བས་ཉོན་མོངས་པ་བཅུར་འགྱུར་རོ། །ལྟ་བ་ལ་དབྱེ་ན། ང་རྒྱལ་ལ་ཡང་བདུན་དུ་དབྱེ་བར་རིགས་སོ་ཞེ་ན། ལྟ་བ་དག་ནི་ཉེས་དམིགས་ཆེ་བའི་ཕྱིར་ལྔར་ཕྱེ་སྟེ། འབད་སྟེ་སྤང་བར་བྱ་བའི་ཕྱིར་དུའོ། །ཉོན་མོངས་པ་འདི་དག་ཁམས་གང་ན་དུ་ཞིག་ཡོད་ཅེ་ན། ཁོང་ཁྲོ་ནི་འདོད་ཁམས་ཁོ་ན་ན་ཡོད་ཀྱི་ཁམས་གོང་མ་ན་མེད་དེ། ཀུན་ནས་མནར་སེམས་ཀྱི་དམིགས་པ་དགུ་མེད་པའི་ཕྱིར་རོ། །ཀུན་ནས་མནར་སེམས་ཀྱི་དམིགས་པ་དགུ་ནི། འདིས་བདག་ལ་གནོད་པ་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ། །བདག་གི་དགྲ་ལ་ཕན་བཏགས་སོ། །འདོག་གོ །འདོགས་པར་འགྱུར་རོ། །བདག་གི་གཉེན་ལ་གནོད་པ་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ་ཞེས་པའོ། །གཉིས་པ་སོ་སོར་བཤད་པ་ལ་གསུམ་གྱི་དང་པོ། མཐོང་སྤང་བཤད་པ་ནི། འདོད་པའི་ཁམས་ན་བདེན་པ་བཞི་པོ་མཐོང་བ་ཙམ་གྱིས་སྤང་བར་བྱ་བའི་ཉོན་མོངས་པ་བཅུ་ཕྲག་བཞི་སྟེ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་བཅུ་དང་། དེ་བཞིན་དུ་ལམ་མཐོང་བས་སྤང་བར་བྱ་བ་བཅུའི་བར་རོ། །ཁམས་གོང་མ་གཉིས་ན་བདེན་པ་བཞི་པོ་རེ་རེ་ལ་ཁོང་ཁྲོ་བོར་བས་དགུ་དགུ་སྟེ། དགུ་ཕྲག་བཞི་ཡིན་ལ། བསྡོམས་པས་སུམ་ཅུ་རྩ་དྲུག་པ་ཕྲག་གཉིས་སོ། །ཀུན་བསྡོམས་ན་ཁམས་གསུམ་ན་མཐོང་སྤང་གི་ཉོན་མོངས་བརྒྱ་རྩ་བཅུ་གཉིས་ཡོད་དོ། །དེ་ལ་འཇིག་ལྟ་དང་མཐར་ལྟ་ཀུན་བཏགས་ཀྱི་ཆ་དང་། ལྟ་བ་ཕྱི་མ་གསུམ་པོ་རིལ་དང་། ཐེ་ཚོམ་དང་། ལྟ་བ་དེ་དག་ལ་ལོག་པར་ཞུགས་པའི་འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་རྣམས་མཐོང་སྤང་ཡིན་ནོ། །གཉིས་པ་སྒོམ་སྤང་བཤད་པ་ནི། ཡུལ་ལ་ལོག་པར་ཞུགས་པའི་འདོད་ཆགས་ལ་སོགས་པ་བཞི་དང་། ལྷན་ཅིག་སྐྱེས་པའི་འཇིག་ལྟ་དང་མཐར་ལྟ་དང་། འདོད་པ་ན་སྒོམ་སྤང་གི་ཉོན་མོངས་པ་དྲུག་ཡོད་ལ། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མ་གཏོགས་པ་ལྔ་ལྔ་སྟེ། མདོར་བསྡུ་ན་ཁམས་གསུམ་ན་སྒོམ་སྤང་གི་ཉོན་མོངས་པ་བཅུ་དྲུག་ཡིན་ལ། དེ་དག་ཀྱང་ས་དང་རྣམ་པས་ཕྱེ་ན། ས་དགུ་པོ་རེ་རེ་ཡང་ཆེ་འབྲིང་ཆུང་ངུའི་དབྱེ་བས་དགུ་དགུར་འགྱུར་བས་བཞི་བརྒྱ་བཅུ་བཞི་ཡོད་དོ། །གསུམ་པ་ཐུན་མོང་བ་ངོས་བཟུང་བ་སྤོང་ཚུལ་ནི། དེ་ལ་མཐོང་སྤང་རྣམས་ནི་བཤེན་གཉེན་ངན་པ་ལ་ཆོས་ལོག་ཉན་པ་ལ་སོགས་པ་ལས་བྱུང་བས་ཀུན་བཏགས་ཞེས་བྱ་སྟེ། དཔེར་ན་མུ་སྟེགས་པའི་བདག་དང་གཙོ་བོ་སོགས་སུ་སྒྲོ་འདོགས་པ་ལྟ་བུའོ། །མཐོང་སྤང་རྣམས་ནི་སྤང་སླ་བས་ས་དང་རྣམ་པའི་བྱེ་བྲག་སྒོམ་སྤང་གི་ཉོན་མོངས་པ་རྣམས་ཐོག་མ་མེད་པ་ནས་གོམས་པའི་དབང་གིས་སེམས་ཅན་ཀུན་ལ་རྗེས་སུ་ཞུགས་པས་ལྷན་ཅིག་སྐྱེས་པ་ཞེས་བྱ་སྟེ། དཔེར་ན་དུད་འགྲོ་ཡན་ཆད་ལ་ཕུང་པོ་ལ་ངའོ་སྙམ་པའི་བློ་རྗེས་སུ་འབྲེལ་བ་ལྟ་བུའོ། །མཐོང་སྤང་རྣམས་ནི་སྤང་སླ་བས་ས་དང་རྣམ་པའི་བྱེ་བྲག་ལ་མ་ལྟོས་པར་བདེན་པའི་ཆོས་ཉིད་མཐོང་བ་ཙམ་གྱིས་སྤོང་བས་ཅིག་ཅར་སྤོང་ཞེས་བྱ་སྟེ། སྡུག་བསྔལ་གྱི་བདེན་པའི་དེ་ཁོ་ན་ཉིད་མཐོང་ན་ཁམས་གསུམ་གྱི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་མ་ལུས་པ་ཅིག་ཅར་སྤོང་བ་ལྟ་བུའོ། །སྒོམ་སྤང་གི་ཉོན་མོངས་རྣམས་ནི་ཐོག་མ་མེད་པ་ནས་རྗེས་སུ་ཞུགས་པས་སྤང་དཀའ་བའི་ཕྱིར། ས་དང་རྣམ་པའི་བྱེ་བྲག་གིས་རིམ་གྱིས་སྤོང་བར་འགྱུར་རོ། །

གཉིས་པ་མཚན་ཉིད་ནི། ཇི་སྐད་བཤད་པའི་ཀུན་འབྱུང་དེའི་མཚན་ཉིད་ནི་བཞི་སྟེ། རྒྱུ་དང་ཀུན་འབྱུང་བ་དང་རབ་ཏུ་སྐྱེ་བ་དང་རྐྱེན་གྱི་རྣམ་པའོ། །དེ་ལ་ལས་དང་ཉོན་མོངས་པ་དེ་དག་ཀྱང་སྲིད་པའི་བག་ཆགས་འཇོག་བྱེད་ཡིན་པའི་ཕྱིར་རྒྱུ་ཞེས་བྱའོ། །སྡུག་བསྔལ་རྫས་རིགས་སྣ་ཚོགས་པ་བསྐྱེད་པའི་ཕྱིར་ཀུན་འབྱུང་བ་ཞེས་བྱའོ། །འགྲོ་བ་རྣམས་ཀྱི་ཡུལ་དང་དུས་དང་རྣམ་པ་ཐ་དད་པ་བསྐྱེད་པའི་ཕྱིར་རབ་སྐྱེ་ཞེས་བྱའོ། །ལུས་སྔར་བླངས་ཟིན་འདོར་བ་དང་མ་བླངས་པ་ལེན་པར་བྱེད་པའི་ཕྱིར་རྐྱེན་ཞེས་བྱའོ། །གསུམ་པ་འགོག་པའི་བདེན་པ་ལ། མཚན་གཞི་དང་། མཚན་ཉིད་གཉིས་ཀྱི་དང་པོ་ལ་གཉིས་ཀྱི་ངོ་བོ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒོམ་བྱུང་གི་ཤེས་རབ་ཀྱིས་མཐོང་སྒོམ་གྱི་སྤང་བྱའི་ཉོན་མོངས་པའི་བག་ཆགས་སྤངས་པའི་སོ་སོར་བརྟགས་འགོག་ནི་འགོག་པའི་བདེན་པ་ཡིན་ནོ། །ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་སྤང་བྱ་གློ་བུར་གྱི་དྲི་མ་དང་བྲལ་བ་ཡང་འགོག་པའི་བདེན་པ་ཡིན་ནོ། །གཉིས་པ་དབྱེ་བ་ལ། ཐེག་པ་ཆུང་ངུ་དང་ཐེག་ཆེན་གྱི་མྱང་འདས་གཉིས་ལས། དང་པོ་ལ་ཡང་། ལྷག་བཅས་དང་ལྷག་མེད་གཉིས་ཀྱི་དང་པོ་ནི། ཆོམ་རྐུན་བསད་དེ་གྲོང་མ་བཤིག་པ་ལྟར། དགྲ་བཅོམ་པ་ཐ་མའི་ཉོན་མོངས་པ་མ་ལུས་པ་སླར་མི་འབྱུང་བའི་ཚུལ་གྱིས་སྤང་ཀྱང་། ཟག་བཅས་ཀྱི་ཕུང་པོ་མ་འགགས་པའི་སོ་སོར་བརྟགས་འགོག་ཕུང་པོ་ལྷག་མ་དང་བཅས་པ་དང་ཆོམ་རྐུན་བསད་པའི་འོག་ཏུ་གྲོང་ཡང་རང་གི་ངང་གིས་ཞིག་པ་ལྟར་ཚེའི་འདུ་བྱེད་བཏང་བས་སེམས་རྒྱུན་ཆད་དེ། ཟག་བཅས་ཀྱི་ཕུང་པོ་མ་ལུས་པ་འགགས་པའི་སོ་སོར་བརྟགས་འགོག་ཕུང་པོ་ལྷག་མེད་ཀྱི་མྱང་འདས་སོ། །དེ་སྐད་དུ་ཡང་། མདོ་ལས། མ་ཞུམ་པའི་ལུས་ཀྱིས་སུ། །ཚོར་བ་དང་དུ་ལེན་པས་ན། །དེའི་སེམས་ནི་རྣམ་པར་གྲོལ། །མར་མེ་ཤི་བར་གྱུར་པ་བཞིན། །ཞེས་པ་ལྷག་བཅས་དང་། གང་ན་ལུས་ཞིག་ཚོར་བ་འགགས། །འདུ་ཤེས་ཉེ་བར་ཞི་གྱུར་ཅིང་། །རྣམ་པར་ཤེས་པ་ནུབ་གྱུར་པ། །འདི་འདྲ་འདི་ནི་སྡུག་བསྔལ་མཐའ། །ཞེས་པས་ལྷག་མེད་ཀྱི་མྱང་འདས་སོ། །ཐེག་པ་ཆེན་པོ་ལྷག་བཅས་ཀྱི་མྱང་འདས་ནི། གཟུགས་སྐུ་རྣམ་པ་གཉིས་ཡིན་ལ། ལྷག་མེད་ཀྱི་མྱང་འདས་ནི། ཤེས་རབ་ཀྱིས་ཉོན་མོངས་པ་སྤངས་པས་སྲིད་པ་འཁོར་བའི་མཐའ་ལ་མི་གནས་ཤིང་། སྙིང་རྗེས་གཞན་དོན་རྒྱུན་མི་ཆད་པས་ཞི་བ་མྱང་འདས་ཀྱི་མཐའ་ལ་མི་གནས་པའི་སངས་རྒྱས་ཀྱི་ཆོས་སྐུ་ཡིན་ཏེ། དེ་སྐད་དུ་ཡང་། སྐུ་གསུམ་གྲུབ་པར། ཕུང་པོར་བཅས་པའི་མྱ་ངན་འདས། །གཟུགས་སྐུ་གཉིས་ལ་རྗོད་པ་ཡིན། །ཕུང་པོ་ཀུན་དང་བྲལ་བའི་ཕྱིར། །ཆོས་ཀྱི་སྐུ་ལ་ཕུང་པོ་མེད། །ཅེས་བཤད་དོ། །མཚན་ཉིད་ནི། ཇི་སྐད་བཤད་པའི་འགོག་བདེན་དེའི་མཚན་ཉིད་ནི་འགོག་པ། ཞི་བ། གྱ་ནོམ། ངེས་འབྱུང་སྟེ་རྣམ་པ་བཞིའོ། །དེ་དག་ནི་གོ་རིམ་བཞིན་དུ། ཉོན་མོངས་པ་མ་ལུས་པ་འགག་པས་འགོག་པ། སྡུག་བསྔལ་གྱི་མེ་རབ་ཏུ་ཞི་བས་ཞི་བ། ཉོན་མོངས་པ་སྤངས་པས་གཙང་ཞིང་། སྡུག་བསྔལ་བསྲབས་པས་བདེ་བས་ན། ཐར་པ་འདོད་པ་རྣམས་ཀྱི་འདོད་བྱ་དམ་པ་ཡིན་པས་གྱ་ནོམ་པ། གཏན་དུ་ཕན་པའི་གཞིར་གྱུར་པས་ངེས་པར་འབྱུང་བའོ། །བཞི་པ་ལམ་བདེན་བཤད་པ་ལ་བཞི། མཚན་གཞི་དང་། མཚན་ཉིད། ལམ་སྤྱིའི་སྔོན་དུ་འགྲོ་བ་དང་། བྱེ་བྲག་རྒྱས་པར་བཤད་པའོ། །དང་པོ་ནི། རྒྱུད་སྨིན་པར་བྱེད་པའི་གཉེན་པོ་ཚོགས་ཀྱི་ལམ་དང་། ཉེ་བར་སྤོང་བའི་གཉེན་པོ་སྦྱོར་བའི་ལམ་དང་། ཕྱོགས་གཅིག་སྤོང་བའི་གཉེན་པོ་མཐོང་བའི་ལམ་དང་། མཐའ་དག་སྤོང་བའི་གཉེན་པོ་སྒོམ་པའི་ལམ་དང་། སྤངས་པ་ཡོངས་སུ་རྫོགས་པ་མི་སློབ་པའི་ལམ་དེ་ལྔ་ཡིན་ལ། ཉོན་མོངས་པ་ཟད་པ་ལ་ཟད་པར་ཤེས་པ་དང་། སྡུག་བསྔལ་མི་སྐྱེ་བ་ལ་མི་སྐྱེ་བར་ཤེས་པའི་ཟད་མི་སྐྱེ་ཤེས་པ་གཉིས་ཀྱང་མི་སློབ་ལམ་གྱི་ཁྱད་པར་རོ། །དེ་ལ་ཚོགས་སྦྱོར་གཉིས་དང་སྒོམ་ལམ་ཟག་བཅས་ནི་ལམ་ཡིན་གྱི། ལམ་བདེན་མ་ཡིན་ཏེ། ཟག་བཅས་ཡིན་པའི་ཕྱིར་རོ། །མཐོང་ལམ་དང་སྒོམ་ལམ་ཟག་མེད་མི་སློབ་པའི་ལམ་ནི། ལམ་གྱི་བདེན་པའོ། །གཉིས་པ་མཚན་ཉིད་ནི། ལམ། རིགས་པ། སྒྲུབ་པ། ངེས་འབྱིན་བཞིའོ། །དེ་དག་ཀྱང་གོ་རིམ་བཞིན་དུ། ཐར་པའི་གྲོང་དུ་རིམ་གྱིས་བགྲོད་པར་བྱེད་པའི་ཕྱིར་ལམ་མོ། །ཉོན་མོངས་པ་སྤོང་བའི་གཉེན་པོ་ཡིན་པའི་ཕྱིར་རིགས་པའོ། །སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་ཕྱིར་སྒྲུབ་པའོ། །སྲིད་པ་ལས་གཏན་དུ་སྒྲོལ་ཞིང་རྟག་པའི་གནས་སུ་གདོན་མི་ཟ་བར་འབྱིན་པར་བྱེད་པས་ངེས་འབྱིན་ནོ། །

གསུམ་པ་ལམ་སྤྱིའི་སྔོན་འགྲོ་ལ་ལྔ་སྟེ། ཤེས་རབ་གསུམ་བསྐྱེད་པ། ལུས་སེམས་དབེན་པར་གནས་པ། འཇིག་རྟེན་གྱི་ཆོས་བརྒྱད་འདོར་བ། སྦྱངས་པའི་ཡོན་ཏན་བཅུ་གཉིས་བསྟེན་པ། ལོག་འཚོ་ལྔ་སྤོང་བའོ། །དང་པོ་ནི། ཚོགས་ལམ་གྱི་གནས་སྐབས་སུ། དྲན་པ་ཉེར་བཞག་བཞི། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ་ལམ་གྱི་ངོ་བོ་བཞི་གསུམ་བཅུ་གཉིས་བསྒོམ་མོ། །ཚུལ་ཇི་ལྟར་སྒོམ་ཞེ་ན། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་པ་ལྟར། སོ་སོར་ཐར་པ་རིགས་བདུན་གྱི་ཚུལ་ཁྲིམས་ལ་གནས་ནས། སྒོ་གསུམ་གྱི་ཉེས་སྤྱོད་མཐའ་དག་ལས་ལྡོག་པར་བྱ་ཞིང་། དེའི་འོག་ཏུ་བདེན་པ་མངོན་པར་རྟོགས་པ་དང་རྗེས་སུ་མཐུན་པའི་གསུང་རབ་མཉན་པའི་སྒོ་ནས་ཐོས་པ་བྱ་ཞིང་། ཐོས་པའི་དོན་རིགས་པས་རྣམ་པར་དཔྱད་དེ། ཚུལ་བཞིན་དུ་སེམས་པའི་བསམ་བྱུང་གི་ཤེས་རབ་དང་ལྡན་པའི་སྒོ་ནས་བསམ་པའི་དོན་རྩེ་གཅིག་ཏུ་ཡིད་ལ་བྱེད་པའི་སྒོམ་པ་ལ་སྦྱོར་བའི་ཚུལ་གྱིས་སོ། །ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དེ་དག་ཀྱང་གང་ཞེ་ན། ཐོས་པའི་ཤེས་རབ་ནི་མིང་འབའ་ཞིག་གི་ཡུལ་ཅན་དང་། བསམ་པའི་ཤེས་རབ་ནི་མིང་དོན་གཉིས་ཀའི་ཡུལ་ཅན་དང་། སྒོམ་བྱུང་གི་ཤེས་རབ་ནི་དོན་འབའ་ཞིག་གི་ཡུལ་ཅན་ཡིན་ནོ། །ཞེས་བྱེ་བྲག་སྨྲ་བ་དག་འདོད། དེ་ལྟར་ན། ཤེས་རབ་གཅིག་གིས་མིང་དོན་གཉིས་ཀ་ལ་དམིགས་པ་མི་སྲིད་པས། མིང་ལ་དམིགས་པའི་ཆ་ཐོས་བྱུང་དང་། དོན་ལ་དམིགས་པའི་ཆ་སྒོམ་བྱུང་དུ་འགྱུར་བས་མིང་དོན་གཉིས་ཀ་ལ་དམིགས་པའི་བསམ་བྱུང་མི་སྲིད་པར་འགྱུར་རོ། །ཞེས་སློབ་དཔོན་དབྱིག་གཉེན་གསུངས། དེ་བས་ན་ཡིད་ཆེས་པའི་ལུང་མཉན་པ་ལས་བྱུང་བ་ཐོས་པ། ཐོས་པའི་དོན་རིགས་པས་གཏན་ལ་དབབ་པ་ལས་བྱུང་བ་བསམ་བྱུང་། བསམས་པའི་དོན་རྩེ་གཅིག་ཏུ་བསྒོམ་པ་ལས་བྱུང་བ་སྒོམ་བྱུང་དུ་རིགས་ལ་དེ་དག་ཀྱང་གོ་རིམ་བཞིན་དུ། སྒྲ་ཙམ་ལ་བརྟེན་ནས་དོན་ལ་ངེས་པ་རྙེད་པ་དང་། གཏན་ཚིགས་ལ་བརྟེན་པ་དང་། སྒྲ་རྟོག་ལ་མ་ལྟོས་པར་བསྒོམས་པའི་སྟོབས་ཀྱིས་དོན་ལ་ངེས་པ་རྙེད་པའི་ཤེས་རབ་ཡིན་ནོ། །གཉིས་པ་ནི། ཐོས་བསམ་སྒོམ་པའི་ཤེས་རབ་དེ་དག་རྟེན་གང་ལ་གནས་ནས་བསྐྱེད་པར་བྱ་ཞེ་ན། ལུས་ཁྱིམ་པ་དང་རབ་ཏུ་བྱུང་བ་སོགས་དང་། སྨོས་འདྲིས་བྱེད་པའི་འདུ་འཛི་ལས་ཐག་བསྲིང་ཞིང་སེམས་ཚུལ་མིན་ཡིད་བྱེད་སོགས་ཀྱི་རྣམ་གཡེང་ལས་ཐག་བསྲིངས་པ་དག་ལ་རྣལ་འབྱོར་དེ་དག་སྐྱེ་བར་འགྱུར་གྱི། ཆོས་གོས་དང་བསོད་སྙོམས་ངན་ངོན་ཙམ་གྱིས་ཆོག་མི་ཤེས་པ་དང་། དེ་དག་བཟང་པོ་དང་། མང་པོ་འདོད་པའི་འདོད་ཆེན་པ་དག་ལ། ཐོས་བསམ་སྒོམ་གསུམ་གྱི་ལམ་གྱི་རྣལ་འབྱོར་དེ་དག་སྐྱེ་བ་མེད་དོ། །གསུམ་པ་ནི། འཇིག་རྟེན་གྱི་ཆོས་བརྒྱད་ལ་གནས་པ་ལ་ནི། འཕགས་པའི་ལམ་སྐྱེ་བ་མེད་པས། འཕགས་ལམ་སྐྱེ་བ་དང་མཐུན་པར་བྱ་བའི་ཕྱིར། འཇིག་རྟེན་གྱི་ཆོས་བརྒྱད་སྤང་བར་བྱའོ་ཞེས་སྟོན་པའི་ལོངས་སྤྱོད་རྙེད་པ་ལ་ཡིད་བདེ་བ་དང་། མ་རྙེད་པ་ལ་ཡིད་མི་བདེ་བ་དང་། སིམ་པ་མྱོང་བའི་བདེ་བ་དང་། གདུང་བ་མྱོང་བའི་མི་བདེ་བ་དང་། མངོན་སུམ་དུ་སྙན་པ་དང་མི་སྙན་པ་བརྗོད་པ་དང་། ངོར་བསྟོད་པ་དང་ལྐོག་ཏུ་སྨད་པ་རྣམས་ལ་ཡིད་བདེ་བ་དང་མི་བདེ་བ་དག་ནི་འཇིག་རྟེན་གྱི་ཆོས་བརྒྱད་ཅེས་བྱ་སྟེ། དེ་དག་མགོ་སྙོམས་པའི་སྒོ་ནས་དོར་བར་བྱ་སྟེ། བཤེས་སྤྲིང་དུ། འཇིག་རྟེན་མཁྱེན་པས་རྙེད་དང་མི་རྙེད་དང་། །བདེ་དང་མི་བདེ་སྙན་དང་མི་སྙན་དང་། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པས་མགོ་སྙོམས་མཛོད། །ཅེས་གསུངས་སོ། །བཞི་པ་ནི། དེ་ལྟར་འགལ་རྐྱེན་འཇིག་རྟེན་གྱི་ཆོས་བརྒྱད་སྤངས་ནས། མཐུན་རྐྱེན་སྦྱང་བའི་ཡོན་ཏན་བཅུ་གཉིས་ལ་བསླབ་དགོས་པར་བསྟན་པ་ནི། ཟས་ལ་ཆགས་པའི་གཉེན་པོར་ཉིན་ཞག་ཕྲུགས་གཅིག་གི་ཟས་ཙམ་ལས་ལྷག་པ་བདག་གིར་མི་བྱེད་པ་བསོད་སྙོམས་པ་དང་། ཟས་བརྩམས་པའི་སྟན་དེ་ལས་མ་ལངས་བར་དུ་ཅི་ཙམ་འདོད་པ་ཟ་ཞིང་སྟན་ལ་ལངས་ནས་མི་ཟ་བ་སྟན་གཅིག་པ་དང་། དང་པོར་ཅི་ཙམ་འདོད་པའི་ཟས་ལ་བྱིན་ལེན་བྱས་པ་དེ་ཉིད་ཟ་བའི། ཕྱིས་བྱིན་ལེན་སློབ་པ་བྱུང་ཡང་མི་ཟ་བའི་ཟས་ཕྱིས་མི་ལེན་པ་དང་གསུམ་མོ། །གོས་ལ་ཆགས་པའི་གཉེན་པོར་བླ་གོས་ཐང་གོས་སྣམ་སྦྱར་ཏེ་ཆོས་གོས་གསུམ་མ་གཏོགས་པ་གོས་ལྷག་པོ་རུང་བ་བྱས་པའི་སྒོ་ནས་མི་འཆང་བ་ཆོས་གོས་གསུམ་པ་དང་། ཆོས་གོས་ཐམས་ཅད་བལ་རྩུབ་པོ་འབའ་ཞིག་ལས་བྱས་པ་འཆང་བ་ཕྱིང་བ་པ་དང་། དུས་ཚིགས་སུ་མ་དཔྱད་པའི་གོས་གསར་པ་མི་འཆང་བས་དུས་ཚིགས་སུ་སྤྱད་པའི་ངན་ངོན་ཙམདང་། གཞན་གྱིས་དོར་བའི་ངན་པ་དག་ལ་ཆོས་གོས་བྱས་ཏེ་འཆང་བ་ཕྱག་དར་ཁྲོད་པ་དང་གསུམ་མོ། །

གནས་ལ་ཆགས་པའི་གཉེན་པོར་གྲོང་ནས་རྒྱང་གྲགས་གཅིག་འཕགས་པར་སྤྱིལ་པོ་བྱས་ཏེ་གནས་ཀྱི། གྲོང་དང་གཙུག་ལག་ཁང་གཞན་དུ་མི་གནས་པས་དགོན་པ་བ་དང་། དུར་ཁྲོད་དུ་གནས་ཤིང་དུར་ཁྲོད་ཀྱི་རོ་གོས་དང་རོ་ལ་བསྔོས་པའི་ཟས་ཙམ་གྱིས་འཚོ་བ་དུར་ཁྲོད་པ་དང་། དགོན་པའི་ཤིང་ལྗོན་པའི་དྲུང་ན་གནས་པ་ཤིང་དྲུང་པ་དང་། དགོན་པའི་བླ་གབ་མེད་པའི་སྤྱིལ་པོར་གནས་པ་བླ་གབ་མེད་པ་དང་བཞིའོ། །གནས་མལ་ལ་ཆགས་པའི་གཉེན་པོར་གནས་མལ་ཡང་ཡང་མི་འཆོས་པ་གཞི་ཇི་བཞིན་པ་དང་། མཚན་ཐོག་ཐག་ཏུ་ཙོག་པུའི་སྤྱོད་ལམ་གྱིས་འདའ་བ་ཙོག་པུ་པ་གཉིས་སོ། །ལྔ་པ་ནི། མདོ་ལས། རྟག་ཏུ་ལྟ་བ་སྣ་ཚོགས་པའི། ཁྱིམ་པའི་ལྟ་བ་སྦྱང་བ་དཀའ། །འཚོ་བ་གཞན་ལ་རག་ལས་པའི། །དགེ་སྦྱོང་གི་ནི་འཚོ་བ་དཀའ། །ཞེས་པ་ལྟར། རབ་ཏུ་བྱུང་བ་རྣམས་ལ་ལོག་འཚོ་ལྔ་འབྱུང་ཉེ་བས། ལོག་འཚོ་ལྔ་སྤང་བར་བསྟན་པ་ནི། ཁ་གསག་རྙེད་དང་བཀུར་སྟིའི་ཕྱིར། །ཚིག་འཇམ་སྔོན་དུ་སྨྲ་བའོ། །ཞེས་པའི་ཁ་གསག་དང་། གཞོགས་སློང་དེ་ནི་ཐོབ་བྱའི་ཕྱིར། །གཞན་གྱི་རྫས་ལ་བསྔགས་བྱེད་པའོ། །ཞེས་པའི་གཞོགས་སློང་དང་། ཐབས་ཀྱི་འཇལ་བ་རྙེད་པའི་ཕྱིར། །མངོན་སུམ་གཞན་ལ་སྨོད་བྱེད་པའོ། །ཞེས་པའི་ཐབས་འཇལ་དང་། རྙེད་པས་རྙེད་པ་རྣམ་འདོད་པས། །སྔར་ཐོབ་པ་ལ་བསྔགས་བྱེད་པའོ། །ཞེས་པའི་བརྙེས་པས་རྙེད་པ་ཚོལ་བ་དང་། ཚུལ་འཆོས་རྙེད་དང་བཀུར་སྟིའི་ཕྱིར། །དབང་པོ་སྡོམ་པར་བྱེད་པའོ། །ཞེས་པའི་ཚུལ་འཆོས་དང་སོགས་པས་ཞིང་ལས་ཚོང་ལས་དང་། ཆོས་བཙོངས་པའི་འཚོ་བ་སྦྱོར་བ་རྣམས་སོ། །ལོག་འཚོ་ཡིན་པས་སྤང་བར་བྱའོ། །བཞི་པ་བྱེ་བྲག་རྒྱས་པར་བསྟན་པ་ལ་གཉིས་ཏེ། ལམ་ལྔ་སོ་སོའི་བསྒོམ་ཚུལ་དང་། སྒོམ་མཁན་གང་ཟག་གི་རྒྱུད་ལ་མངོན་རྟོགས་སྐྱེ་ཚུལ་ལོ། །དང་པོ་ལ་ལྔ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་པའི་ལམ་མོ། །དང་པོ་ལ། ཚོགས་ལམ་ཕལ་པ་ནི། སོ་སོ་སྐྱེ་བོའི་ཚུལ་ཁྲིམས་དང་། དབང་པོའི་སྒོ་སྡོམ་པ་དང་། ཟས་ཀྱི་ཚོད་ཤེས་པ་དང་། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང་། ཤེས་བཞིན་དུ་གནས་པ་ལ་སོགས་པ་ཡིན་ལ། ཚོགས་ལམ་ཁྱད་པར་ཅན་ལ་གསུམ་སྟེ། ཆུང་ངུར་དྲན་པ་ཉེར་བཞག་བཞི། འབྲིང་དུ་ཡང་དག་སྤོང་བ་བཞི། ཆེན་པོར་རྫུ་འཕྲུལ་རྐང་པ་བཞིའོ། །དང་པོ་ལ་དམིགས་པ། རྣམ་པ། ངོ་བོ། དགོས་པ། གནས་སྐབས་གང་དུ་སྒོམ་པ་དང་ལྔའོ། །དང་པོ་ནི། ལུས་དང་ཚོར་བ་སེམས་དང་ཆོས། རྣམས་ལ་དམིགས་ནས་བསྒོམ་མོ། །ཅིའི་ཕྱིར་འདི་དག་གི་དམིགས་པར་བཞག་ཅེ་ན། ཤེས་པ་ཕྱིན་ཅི་ལོག་གི་བློ་ཅན་ལུས་ལ་བདག་གི་གནས་ཀྱི་དངོས་པོ་དང་། ཚོར་བ་ལ་ནི་བདག་གི་ལོངས་སྤྱོད་ཀྱི་གཞི་དང་། སེམས་ལ་བདག་གི་དངོས་པོ་དང་། ཆོས་ལ་བདག་གི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་གཞིར་རྟོག་པ་དེ་ལས་ལོག་པའི་ཕྱིར་རོ། །

དེ་ལ་ལུས་ནི་གསུམ་སྟེ། ནང་དང་། ཕྱི་དང་། གཉིས་ཀའི་ལུས་སོ། །དང་པོ་ནི། མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཟུགས་ཅན་རྣམས་སོ། །གཉིས་པ་ནི། གཟུགས་སོགས་ཕྱིའི་སྐྱེ་མཆེད་གཟུགས་ཅན་རྣམས་སོ། །གསུམ་པ་ནི་རང་གི་དབང་པོའི་རྟེན་དང་། གཞན་གྱི་དབང་པོ་གཟུགས་ཅན་རྣམས་ཏེ། རྒྱུ་དང་སྐྱེ་མཆེད་ཀྱིས་གཉིས་ཀར་འགྱུར་བའི་ཕྱིར་རོ། །ཚོར་བ་ལ་སོགས་པ་གསུམ་པོ་ལ་ཡང་དེ་བཞིན་དུ་གསུམ་གསུམ་སྟེ། རྟེན་དང་དམིགས་ཡུལ་གྱི་སྒོ་ནས་ཅི་རིགས་པར་ཤེས་པར་བྱའོ། །ཆོས་ནི་ཚོར་བ་མ་གཏོགས་པའི་སེམས་བྱུང་རྣམས་དང་ལྡན་མིན་འདུ་བྱེད། ཆོས་དབྱིངས་སྐྱེ་མཆེད་པའི་གཟུགས་འདུས་མ་བྱས་དང་བཅས་པའོ། །གཉིས་པ་ནི། རང་གི་མཚན་ཉིད་ལུས་ལ་སོགས་པ་རང་རང་གི་ངོ་བོ་འབྱུང་བ་དང་འབྱུང་བ་ལས་གྱུར་པ་སོགས་དང་། སྤྱིའི་མཚན་ཉིད་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ལ་སོགས་པ་རྣམས་སོ། །ཡང་ན་ལུས་མི་གཙང་བ་དང་། ཚོར་བ་སྡུག་བསྔལ་བ་དང་། སེམས་མི་རྟག་པ་དང་། ཆོས་བདག་མེད་པའི་རྣམས་སོ། །གསུམ་པ་ནི། ལུས་ལ་སོགས་པ་ལ་རང་སྤྱིའི་མཚན་ཉིད་སོ་སོར་རྟོག་པར་བྱེད་པའི་ཤེས་རབ་དང་དེའི་དམིགས་རྣམ་མ་བརྗེད་པའི་དྲན་པས་རྟོག་པར་བྱེད་དེ། དེ་ལྟར་ན་ཤེས་རབ་ཀྱིས་རང་སྤྱིའི་མཚན་ཉིད་ལ་བལྟས་ནས་དྲན་པས་དམིགས་པ་དེ་ཉིད་ལ་ཡང་དང་ཡང་དུ་གཏོད་པར་བྱེད་པས་དེའི་ཕྱིར་དྲན་པ་ཉེར་བཞག་ཞེས་བྱའོ། །བཞི་པ་ནི། བདེན་པ་བཞི་ལ་འཇུག་པར་བྱ་བའི་ཕྱིར་ཏེ། འདི་ལྟར་ལུས་དྲན་པ་ཉེ་བར་བཞག་པ་ནི། སྡུག་བསྔལ་གྱི་བདེན་པ་ལ་འཇུག་སྟེ། དེ་ལ་ལུས་འདུ་བྱེད་ཀྱི་སྡུག་བསྔལ་གནས་ངན་ལེན་གྱི་རབ་ཏུ་ཕྱེ་བ་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར་རོ། །ཚོར་བ་དྲན་པ་ཉེ་བར་བཞག་པ་ནི། ཀུན་འབྱུང་གི་བདེན་པ་ལ་འཇུག་པར་འགྱུར་ཏེ། དེ་ལ་ཀུན་འབྱུང་གི་གཙོ་བོ་སྲེད་པ་བདེ་བ་ལ་སོགས་པ་གསུམ་གྱི་རྒྱུ་ཅན་དུ་རྟོགས་ནས་དེ་སྤོང་བར་འདོད་པའི་ཕྱིར་རོ། །སེམས་དྲན་པ་ཉེ་བར་བཞག་པ་ནི། འགོག་པའི་བདེན་པ་ལ་འཇུག་སྟེ། དེ་ལས་བདག་དང་བྲལ་བའི་རྣམ་ཤེས་སྐད་ཅིག་གིས་འཇིག་པར་བརྟགས་པས་མྱ་ངན་ལས་འདས་པ་ན་བདག་ཆད་ཀྱི་དོགས་པའི་འཇིགས་པ་མེད་པས་འགོག་པ་མངོན་དུ་བྱ་བར་འདོད་པའི་ཕྱིར་རོ། །ཆོས་དྲན་པ་ཉེ་བར་བཞག་པ་ནི། ལམ་གྱི་བདེན་པ་ལ་འཇུག་སྟེ། དེ་ལ་ཆགས་སོགས་ཉོན་མོངས་པའི་ཆོས་རྣམས་སྤང་བྱ་དང་། དད་སོགས་རྣམ་བྱང་གི་ཆོས་རྣམས་བསྟེན་བྱ་ཉིད་དུ་བརྟགས་ནས་ལམ་བསྒོམ་པར་འདོད་པའི་ཕྱིར་རོ། །དོན་དེ་ཉིད་དབུས་མཐར། གནས་ངན་ལེན་ཕྱིར་སྲེད་རྒྱུའི་ཕྱིར། །གཞིའི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱའི་ཕྱིར། །དྲན་པ་ཉེ་བར་བཞག་པ་བསྒོམ། །ཞེས་གསུངས་པ་ཡིན་ནོ། །ལྔ་པ་ནི། ཚོགས་ལམ་དུ་ཐོས་པ་དང་བསམ་པ་མཐར་ཕྱིན་ནས་མི་སྡུག་པ་དང་། དབུགས་འབྱུང་རྔུབ་རྗེས་སུ་དྲན་པ་བསྒོམས་པས་ཞི་གནས་ཀྱི་ལམ་གྱིས་སེམས་ལས་སུ་རུང་བར་བྱས་ནས། ལྷག་མཐོང་གི་ལམ་བསྐྱེད་པའི་ཕྱིར་དུ་བསྒོམ་མོ། །གཉིས་པ་ལ་ཡང་། དམིགས་པ་དང་སྒོམ་ཚུལ་དང་། ངོ་བོ་དང་། སྒོམ་པའི་འབྲས་བུ། ས་མཚམས་ཏེ་ལྔ་ལས། དང་པོ་ནི། སྤང་བྱ་ཀུན་ནས་ཉོན་མོངས་ཀྱི་ཕྱོགས་དང་། བླང་བྱ་རྣམ་བྱང་གི་ཕྱོགས་སྐྱེས་པ་དང་། མ་སྐྱེས་པ་སྐྱེད་པ་རྣམས་སོ། །གཉིས་པ་ནི། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་དང་། མ་སྐྱེས་པ་རྣམས་མི་སྐྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གོང་ནས་གོང་དུ་སྤེལ་བ་དང་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་དུ་འདུན་པ་བསྐྱེད། བརྩོན་འགྲུས་བརྩོམ། སེམས་རབ་ཏུ་འཛིན། རབ་ཏུ་འཇོག་པར་བྱེད་པའོ། །གསུམ་པ་ནི། ཡང་དག་སྤོང་བ་བཞི་ནི། སྤང་བྱ་ཉམས་པ་དང་། གཉེན་པོ་འཕེལ་བའི་བྱ་བ་བྱེད་པའི་བརྩོན་འགྲུས་ཀྱི་ངོ་བོ་ཡིན་ནོ། །བཞི་པ་ནི། སྤང་བྱ་མ་ལུས་པ་ཉམས་ཤིང་། གཉེན་པོ་མ་ལུས་པ་འཐོབ་པའོ། །ལྔ་པ་ནི། འདི་ཚོགས་ལམ་འབྲིང་དུ་བསྒོམ་སྟེ། དྲན་པ་ཉེར་བཞག་གི་དངོས་པོ་ཚུལ་བཞིན་བརྟགས་ཏེ་བསྒོམ་པ་ན། སྤང་གཉེན་གྱི་སྐྱོན་ཡོན་མཐོང་ནས་དེ་དག་ལ་བླང་དོར་རྩོམ་པའི་བརྩོན་འགྲུས་འབྱུང་བའི་ཕྱིར་རོ། །

ཅིའི་ཕྱིར་ཡང་དག་སྤོང་བ་ཞེས་བྱ་ཞེ་ན། འདིས་མི་མཐུན་ཕྱོགས་སྤོང་བའི་ཕྱིར་དེ་སྐད་ཅེས་བྱའོ། །གསུམ་པ་ལ་ཡང་དམིགས་ཡུལ་དང་། བསྒོམ་ཚུལ་དང་། ངོ་བོ་དང་བསྒོམས་པའི་འབྲས་བུ་དང་། ས་མཚམས་ཏེ་ལྔའོ། །དང་པོ་ནི། ཏིང་ངེ་འཛིན་གྱིས་གྲུབ་པའི་བྱ་བ་སྤྲུལ་པ་དང་བསྒྱུར་བ་ལ་སོགས་པའོ། །གཉིས་པ་ནི། དབུས་མཐར། ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །བསྟེན་པའི་རྒྱུ་ལས་བྱུང་བ་ཡིན། །ཞེས་པ་ལྟར། སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པར་སྒོམ་སྟེ། བརྒྱད་ནི། འདུན་པ། རྩོལ་བ། དད་པ། ཤིན་སྦྱངས། དྲན་པ། ཤེས་བཞིན། སེམས་པ། བཏང་སྙོམས་སོ། །དེ་ཡང་མི་མཐུན་ཕྱོགས་ལྔ་ཡོད་དེ། དབུས་མཐར། ལེ་ལོ་དང་ནི་གདམས་ངག་དག། བརྗེད་དང་བྱིང་དང་རྒོད་པ་དང་། །འདུ་མི་བྱེད་དང་འདུ་བྱེད་སྟེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་པ་ལྟར། ཐོག་མར་སྒོམ་པ་ལ་མི་སྦྱོར་བའི་ལེ་ལོ་སྟེ། དེའི་གཉེན་པོར་དོན་དུ་གཉེར་བའི་འདུན་པ་དང་། མངོན་པར་ཡིད་ཆེས་པའི་དད་པ་དང་། གོམས་པ་ལ་སྦྱོར་བའི་རྩོལ་བ་དང་། ལུས་སེམས་ལས་སུ་རུང་བའི་ཤིན་སྦྱངས་བཞི་བསྒོམ་སྟེ། གཉེན་པོ་དངོས་ནི་རྩོལ་བའོ། །དེའི་གནས་ནི་འདུན་པའོ། །དེའི་རྒྱུ་ནི་དད་པའོ། །རྩོལ་བའི་འབྲས་བུ་ནི་སེམས་ལས་སུ་རུང་བའི་ཤིན་སྦྱངས་སོ། །སྦྱོར་བ་ལ་ཞུགས་པ་ན་གདམས་ངག་བརྗེད་པ་ཉིད་ཉེས་པ་ཡིན་ཏེ། དེའི་གཉེན་པོར་གདམས་ངག་ཡིད་ཀྱིས་མ་བརྗེད་པའི་དྲན་པའོ། །དངོས་གཞི་ལ་ཞུགས་པ་ན་བྱིང་རྒོད་ཉེས་པ་ཡིན་ཏེ། དེའི་གཉེན་པོར་དེ་དག་བྱ་ར་བྱེད་པའི་ཤེས་བཞིན་ནོ། །བྱིང་རྒོད་བྱུང་ན་བྱིང་རྒོད་ལ་འདུ་མི་བྱེད་པ་ཉིད་ཉེས་པ་ཡིན་ཏེ། དེའི་གཉེན་པོར་བྱིང་རྒོད་ཀྱི་གཉེན་པོ་ལ་སེམས་མངོན་པར་འདུ་བྱེད་པའི་སེམས་པའོ། །བྱིང་རྒོད་ཀྱིས་མི་མཉམ་པ་མེད་པར་ལྷུན་གྲུབ་ཏུ་འཇུག་པ་ན་སེམས་མངོན་པར་འདུ་བྱེད་པ་ཉེས་པ་ཡིན་ལ། དེའི་གཉེན་པོར་རྩོལ་མེད་དུ་ལྷོད་མེད་འཇོག་པའི་བཏང་སྙོམས་སོ། །དེ་སྐད་དུ་ཡང་། དབུས་མཐར། དམིགས་པ་བརྗེད་པར་མ་གྱུར་དང་། །བྱིང་དང་རྒོད་པ་རྟོག་པ་དང་། །དེ་སྤོང་མངོན་པར་འདུ་བྱེད་དང་། །ཞི་ཚེ་རྣལ་དུ་འཇོག་པའོ། །ཞེས་སོ། །གསུམ་པ་ནི། སྤྱིའི་ངོ་བོ་ཏིང་ངེ་འཛིན་ཡིན་ལ། དེ་ལ་གྲོགས་ཀྱི་སྒོ་ནས་བཞི་སྟེ། འདུན་པའི་ཏིང་ངེ་འཛིན་གུས་པས་སྦྱོར་བ་ལ་བརྟེན་ནས། སེམས་རྩེ་གཅིག་པ་ཉིད་ལ་རེག་པ་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ནི་རྒྱུན་དུ་སྦྱོར་བ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ཉིད་ལ་རེག་པ་དང་། སེམས་པའི་ཏིང་ངེ་འཛིན་སྔོན་གོམས་པས་ས་བོན་བཏབ་པ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ཉིད་ལ་རེག་པ་དང་། སྤྱོད་པའི་ཏིང་ངེ་འཛིན་གཞན་གྱིས་བསྟན་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་རྒྱུ་ལས་སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །བཞི་པ་ནི། རྫུ་འཕྲུལ་ལ་སོགས་གང་དང་གང་མངོན་དུ་བྱ་བར་འདོད་པ་དང་། དེ་ལ་ཡིད་གཏད་པས་མངོན་དུ་འགྱུར་བའོ། །ལྔ་པ་ནི། ཚོགས་ལམ་ཆེན་པོའི་གནས་སྐབས་ན་བསྒོམ་མོ། །ཅིའི་ཕྱིར་ཏིང་ངེ་འཛིན་ལ་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་ཞེ་ན། དེ་ནི་ཡོན་ཏན་ཐམས་ཅད་འབྱོར་པའི་རྟེན་ཡིན་པའི་ཕྱིར། དེ་སྐད་ཅེས་བྱའོ། །གཉིས་པ་ལ་གཉིས་ཏེ། དང་པོ་དྲོད་རྩེར་དབང་པོ་ལྔ་བསྒོམ་པ་ནི། འདི་ལ་ཡང་ལྔ་ལས། དམིགས་ཡུལ་ནི་བདེན་པ་བཞི་སྟེ། འཕགས་ལམ་གྱི་སྦྱོར་བས་བསྡུས་པས་བདེན་པའི་རྣམ་པ་ཅན་དུ་གྱུར་པའི་ཕྱིར་རོ། །སྒོམ་ཚུལ་ནི། དད་པས་བདེན་པ་རྣམས་ཤེས་བྱ་དང་སྤང་བྱ་སོགས་སུ་ཡིད་ཆེས་པའི་ཚུལ་གྱིས་དང་། བརྩོན་འགྲུས་ཀྱིས་བདེན་པའི་དེ་ཁོ་ན་ཉིད་མྱུར་དུ་རྟོགས་པར་བྱ་བའི་ཕྱིར་སྤྲོ་བའི་ཚུལ་གྱིས་དང་། དྲན་པས་བདེན་པའི་དེ་ཁོ་ན་ཉིད་རྟོགས་པའི་དམིགས་རྣམ་མ་བརྗེད་པའི་ཚུལ་གྱིས་དང་། ཏིང་ངེ་འཛིན་གྱིས་སེམས་རྩེ་གཅིག་པའི་ཚུལ་གྱིས་དང་། ཤེས་རབ་ཀྱིས་བདེན་པའི་རྣམ་པ་སོ་སོར་འབྱེད་པའི་ཚུལ་གྱིས་བསྒོམ་མོ། །ངོ་བོ་ནི། དད་པ། བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན། ཤེས་རབ་ཀྱི་དབང་པོ་སྟེ་ལྔའོ། །དབྱེ་བ། དགེ་བ་ཀུན་ལ་དད་སོགས་དབང་པོ་ལྔ་ཡོད་དོ། །འབྲས་བུ་ནི། མཐོང་ལམ་མྱུར་དུ་ཐོབ་པ་དང་། སྒོམ་ལམ་གཞི་འགྲུབ་པའོ། །

གཉིས་པ་བཟོད་མཆོག་ཏུ་སྟོབས་ལྔ་བསྒོམ་ཚུལ་ནི། འདིའི་དམིགས་པ་དང་བསྒོམ་ཚུལ་སྔ་མ་དང་འདྲ་ཞིང་། ངོ་བོ་ནི། དད་སོགས་ལྔ་པོ་དེ་དག་སྟོབས་འཕེལ་ཏེ། མ་དད་པ་སོགས་མི་མཐུན་ཕྱོགས་དང་མ་འདྲེས་པར་གཉེན་པོ་འབའ་ཞིག་འབྱུང་བ་ནི། སྟོབས་ལྔ་ཞེས་བྱའོ། །འབྲས་བུ་ནི། བཟོད་མཆོག་དང་། མཐོང་ལམ་འགྲུབ་པའོ། །ས་མཚམས་ནི་བཟོད་པ་དང་། ཆོས་མཆོག་རབ་ཏུ་བསྒོམ་སྟེ། དབུས་མཐར། དབང་པོ་རྣམས་དང་སྟོབས་རྣམས་དང་། །ངེས་འབྱེད་ཆ་མཐུན་གཉིས་གཉིས་སོ། །ཞེས་སོ། །གསུམ་པ་མཐོང་ལམ་ནི། བྱང་ཆུབ་ཡན་ལག་བདུན་གྱི་རང་བཞིན་ཏེ། འདིའི་དམིགས་ཡུལ་ནི། འཕགས་པའི་བདེན་པ་བཞིའི་དེ་ཁོ་ན་ཉིད་དོ། །བསྒོམ་ཚུལ་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གིས། སྡུག་བསྔལ་ལ་དམིགས་ནས་དེས་དབེན་པ་ཚོལ། ཀུན་འབྱུང་ལ་དམིགས་ནས་དེ་ལ་འདོད་ཆགས་དང་བྲལ་བ་ཚོལ། སྡུག་བསྔལ་འགོག་པ་ལ་དམིགས་ནས་དེས་མངོན་དུ་བྱེད་པ་ཚོལ། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ལ་དམིགས་ནས་དེས་བསྒོམ་པ་ཚོལ་བ་སྟེ། ལྷག་མ་དྲུག་གི་སྒོམ་ཚུལ་ཡང་དེ་དང་འདྲའོ། །ངོ་བོ་ནི། མཐོང་ལམ་གྱི་དམིགས་པ་མ་བརྗེད་པའི་དྲན་པ་དང་། ཆོས་ཀྱི་དེ་ཁོ་ན་ཉིད་རྣམ་པར་འབྱེད་པའི་ཤེས་རབ་དང་། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་དང་། ལུས་སེམས་ལ་ཕན་འདོགས་པའི་ཟག་མེད་ཀྱི་དགའ་བ་དང་། ལུས་སེམས་ལས་སུ་རུང་བའི་ཤིན་ཏུ་སྦྱངས་པ་དང་། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དང་། བྱིང་རྒོད་ཀྱིས་མི་མཉམ་པ་མེད་པར་འཇུག་པའི་བཏང་སྙོམས་རྣམས་སོ། །ཡན་ལག་ཏུ་འགྱུར་ཚུལ་ནི། དྲན་པ་ནི་གནས་ཀྱི་ཡན་ལག་སྟེ། དེའི་སྟོབས་ཀྱིས་ཡན་ལག་རྣམས་དམིགས་པ་ལས་མི་གཡེང་བར་བྱེད་པའི་ཕྱིར་རོ། །ཆོས་རབ་ཏུ་རྣམ་འབྱེད་ནི་རང་བཞིན་གྱི་ཡན་ལག་སྟེ། མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །ཤིན་ཏུ་སྦྱངས་པ་ལ་སོགས་པ་གསུམ་ནི་ཉོན་མོངས་མེད་པའི་ཡན་ལག་སྟེ། གང་གིས་ཉོན་མོངས་མེད་པར་བྱེད་པ་ཤིན་ཏུ་སྦྱངས་པ་དང་། གང་ཉོན་མོངས་པ་མེད་པ་ཏིང་ངེ་འཛིན་དང་། ཉོན་མོངས་པ་མེད་པའི་ངོ་བོ་གང་ཡིན་པ་བཏང་སྙོམས་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་། དབུས་མཐར། རང་བཞིན་ཡན་ལག་གནས་ཡན་ལག །གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག །ཅེས་གསུངས་སོ། །བཞི་པ་སྒོམ་ལམ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་རང་བཞིན་དུ་བསྒོམ་སྟེ། འདི་ལ་ཡང་དམིགས་ཡུལ་དང་། བསྒོམ་ཚུལ་ནི་སྔ་མ་དང་འདྲ་སྟེ། ཞིང་། ངོ་བོ་ནི། མཐོང་ལམ་མཉམ་གཞག་ཏུ་རྟོགས་པའི་མཚན་ཉིད་རྗེས་ཐོབ་ཏུ་ཡོངས་སུ་གཅོད་པར་བྱེད་པ་ཡང་དག་པའི་ལྟ་བ་དང་། རང་གིས་རྟོགས་པ་ལྟར་གཞན་ལ་སྟོན་པར་བྱེད་པའི་ངག་ཀུན་ནས་སློང་བ་ཡང་དག་པའི་རྟོག་པ་དང་། དེས་ཀུན་ནས་བསླངས་ཏེ་རང་གིས་ཇི་ལྟར་རྟོགས་པ་ལྟར་གཞན་ལ་སྟོན་པར་བྱེད་པ་ངག་གི་ལས་རྣམ་པར་དག་པའི་ངག་དང་། སྲོག་གཅོད་སོགས་ལུས་ཀྱི་ལས་རྣམ་པར་དག་པ་ཡང་དག་པའི་ལས་ཀྱི་མཐའ་དང་། ཁ་གསག་དང་ཚུལ་འཆོས་སོགས་ལུས་ངག་གི་ལས་རྣམ་པར་དག་པ་ཡང་དག་པའི་འཚོ་བ་དང་། སྒོམ་སྤང་མ་ལུས་པ་སྤོང་བའི་ཕྱིར་ཏེ། དེའི་གཉེན་པོ་ལ་ཡང་དག་པའི་རྩོལ་བ་དང་། ཞི་གནས་དང་། རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་རྒྱུ་མཚན་མ་བརྗེད་པའི་ཡང་དག་པའི་དྲན་པ་དང་། མངོན་ཤེས་ལ་སོགས་ཡོན་ཏན་ཁྱད་པར་ཅན་གྱི་སྒྲིབ་པ་སེལ་བའི་ཆེད་དུ་སྒོམ་པ་ཡང་དག་པའི་ཏིང་ངེ་འཛིན་ཆགས་པའི་ལམ་ཡན་ལག་རྣམས་སོ། །འདི་ཐམས་ཅད་མཐོང་ལམ་མཉམ་གཞག་ཏུ་ནུས་པའི་སྒོ་ནས་ཐོབ་པས། མཐོང་ལམ་ནས་ཡོད་པར་བཞག་ལ། སྒོམ་ལ་མངོན་དུ་བྱེད་པས་ངོ་བོ་སྒོམ་ལམ་དུ་བཞག་གོ ། འབྲས་བུ་ནི་སྒོམ་སྤང་སྤོང་བའོ། །བརྒྱད་པོ་འདི་དག་ཀྱང་ཡན་ལག་བཞིར་འགྱུར་ཏེ། འདི་ལྟར་ཡང་དག་པའི་ལྟ་བ་ནི། ཡོངས་སུ་གཅོད་པའི་ཡན་ལག་ཡིན་ཏེ། མཉམ་གཞག་ཏུ་རྟོགས་པ་ལྟར་འདིའོ་ཞེས་དཔྱོད་པར་བྱེད་པའོ། །རྟོག་པ་ནི་གོ་བར་བྱེད་པའི་ཡན་ལག་སྟེ། རང་གིས་རྟོགས་པ་ལྟར་རྣམ་པར་འཇོག་པའི་ངག་ཀུན་ནས་སློང་བའི་ཕྱིར་རོ། །ངག་དང་ལས་ཀྱི་མཐའ་དང་འཚོ་བ་རྣམས་ནི་ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ། གོ་རིམ་བཞིན་དུ་ལྟ་བ་དང་། ཚུལ་ཁྲིམས་དང་། འཚོ་བ་རྣམ་དག་ཏུ་ཡིད་ཆེས་པར་བྱེད་པས་སོ། །རྩོལ་བ་དང་དྲན་པ་དང་ཏིང་ངེ་འཛིན་གསུམ་ནི་མི་མཐུན་ཕྱོགས་ཀྱི་གཉེན་པོའི་ཡན་ལག་སྟེ། གོ་རིམ་བཞིན་དུ་སྒོམ་སྤང་གི་ཉོན་མོངས་པ་དང་། བྱིང་རྒོད་ཉེ་བའི་ཉོན་མོངས་པ་དང་། མངོན་ཤེས་སོགས་ཡོན་ཏན་ཁྱད་པར་ཅན་སྒྲུབ་པའི་མི་མཐུན་ཕྱོགས་ཀྱི་གཉེན་པོ་བྱེད་པས་སོ། །དེ་སྐད་དུ་ཡང་། ཡོངས་སུ་གཅོད་དང་གོ་བྱེད་དང་། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། །ལམ་གྱི་ཡན་ལག་དེ་བརྒྱད་དེ། །ལྟ་དང་ཚུལ་ཁྲིམས་ཡོ་བྱད་བསྙུངས། །གཞན་ལ་རྣམ་པར་རིག་བྱེད་འདོད། །ཉོན་མོངས་ཉེ་བའི་ཉོན་མོངས་དབང་། །མི་མཐུན་ཕྱོགས་ཀྱི་གཉེན་པོའོ། །ཞེས་སོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི། དྲན་པ་ཉེར་བཞག་ནས། འཕགས་ལམ་ཡན་ལག་བརྒྱད་ཀྱི་བར་སྡེ་ཚན་བདུན་པོ་རྣམས་གོ་རིམ་བཞིན་དུ་དྲན་པ་ཉེ་བཞག་ཚོགས་ལམ་དང་། ཡང་དག་སྤོང་བ་དང་། རྫུ་འཕྲུལ་རྐང་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་རྣམས་དྲོད་སོགས་སྦྱོར་ལམ་རྣམ་པ་བཞི་དང་། བྱང་ཆུབ་ཡན་ལག་བདུན་ནི་སྒོམ་ལམ་བྱང་ཆུབ་དང་ཉེ་བའི་ཕྱིར་སྒོམ་ལམ་དང་། འཕགས་ལམ་ཡན་ལག་བརྒྱད་ཀྱི་བར་ནི་མཐོང་བའི་ལམ་སྟེ། མཐོང་ལམ་ནི་ཆོས་ཀྱི་འཁོར་ལོ་ཡིན་ལ། འཕགས་ལམ་ཡན་ལག་བརྒྱད་ཀྱང་མྱུར་བར་འགྲོ་བ་ལ་སོགས་པའི་སྒོ་ནས། འཁོར་ལོ་རིན་པོ་ཆེ་དང་ཆོས་མཐུན་པའི་ཕྱིར་ཞེས་ཟེར་ཏེ། དེ་སྐད་དུ་ཡང་། མཛོད་ལས། མྱུར་བར་འགྲོ་སོགས་རྩིབ་སོགས་ཕྱིར། །ཞེས་དང་། སྡེ་ཚན་བདུན་ནི་གོ་རིམ་བཞིན། །ལས་ནི་དང་པོ་པ་དག་དང་། །ངེས་འབྱེད་ཆ་མཐུན་རྣམས་དང་ནི། །སྒོམ་དང་མཐོང་ལ་རབ་ཏུ་ཕྱེ་ཞེས་སོ། །ལྔ་པ་མི་སློབ་པའི་ལམ་ནི། སྡུག་བསྔལ་ཤེས། ཀུན་འབྱུང་སྤངས། འགོག་པ་མངོན་དུ་བྱས། ལམ་བསྒོམ་མོ་ཞེས་པའི་ཤེས་པ་ཟག་པ་མེད་པ་དང་། སྡུག་བསྔལ་ཤེས། ད་ཤེས་པར་བྱ་བར་མེད་དོ་ཞེས་པ་ནས། ལམ་སྒོམ། ད་བསྒོམ་པར་བྱ་བར་མེད་དོ། །ཞེས་པའི་ཤེས་པ་ཟག་པ་མེད་པ་དག །གོ་རིམ་བཞིན་དུ་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་ཡིན་ལ། དེ་དག་གིས་མི་སློབ་པའི་ལམ་མཐར་ཕྱིན་ཏེ། ལམ་གྱི་བྱ་བ་ཡོངས་སུ་རྫོགས་པའི་ཕྱིར་རོ། །

གཉིས་པ་སྒོམ་མཁན་གྱི་རྒྱུད་ལ་མངོན་རྟོགས་སྐྱེ་ཚུལ་ལ་གསུམ། མཐོང་ལམ་མན་ཆད་སྤྱིའི་སྐྱེ་ཚུལ་མདོར་བསྟན་པ་དང་། ཉན་རང་སོ་སོའི་ལམ་གྱི་སྐྱེ་ཚུལ་གྱིས་རྒྱས་པར་བཤད་པ་དང་། ཐུན་མོང་དུ་སྙོམས་འཇུག་གཉིས་ཀྱི་སྐྱེ་ཚུལ་གྱིས་མཇུག་བསྡུ་བའོ། །དང་པོ་ནི་ཚོགས་ལམ་དང་། སྦྱོར་ལམ་ནི་བདེན་པ་མངོན་སུམ་དུ་མ་མཐོང་ཡང་བདེན་པའི་ཆོས་ཉིད་སྤྱིའི་ཚུལ་དུ་སྒོམ་པ་ཡིན་ཏེ། ཚོགས་ལམ་དུ་ཐོས་བསམ་གཙོ་ཆེ་བས་སྒྲོ་བཏགས་ལ་བརྟེན་པའི་ཕྱིར་དང་། སྦྱོར་ལམ་སྒོམ་བྱུང་ཡིན་ཡང་། རྟོག་པ་དང་བཅས་པ་ཉིད་ཀྱིས་ཡུལ་ལ་སྤྱིའི་ཚུལ་གྱིས་འཇུག་པའི་ཕྱིར་རོ། །ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་ནི། ཆོས་ཉིད་སྤྲོས་བྲལ་མངོན་སུམ་དུ་མཐོང་བའི་ཡེ་ཤེས་ཡིན་ལ། དེ་དག་ཀྱང་ཡུལ་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞིས། རེ་རེ་ལ་ཡང་ཆོས་བཟོད་ཆོས་ཤེས། རྗེས་བཟོད་རྗེས་ཤེས་བཞི་བཞི་སྟེ། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཏུ་སྐྱེའོ། །དེ་ལ་ཆོས་བཟོད་བཞི་ནི་འདོད་ཁམས་ཀྱི་མཐོང་སྤང་སྤོང་བའི་བར་ཆད་མེད་པའི་ལམ་ཡིན་ལ། ཆོས་ཤེས་བཞི་ནི་དེའི་རྣམ་གྲོོལ་མངོན་དུ་བྱེད་པའི་རྣམ་གྲོལ་ཡིན་ནོ། །རྗེས་བཟོད་བཞི་ནི་ཁམས་གོང་གཉིས་ཀྱི་མཐོང་སྤང་སྤོང་བའི་བར་ཆད་མེད་ལམ་ཡིན་ལ། རྗེས་ཤེས་བཞི་ནི་དེའི་རྣམ་གྲོལ་མངོན་དུ་བྱེད་པའི་རྣམ་གྲོལ་ལམ་ཡིན་ནོ། །དེའི་ཕྱིར་མཛོད་ལས་བཟོད་དང་ཤེས་པ་གོ་རིམ་བཞིན། །བར་ཆད་མེད་དང་རྣམ་གྲོོལ་ལམ། །ཞེས་བཤད་དོ། །ཀུན་ལས་བཏུས་ལྟར་ན། སྡུག་བསྔལ་ལ་ཆོས་བཟོད་ནི། སྡུག་བསྔལ་གྱི་བདེན་པའི་ཆོས་ཉིད་མངོན་སུམ་དུ་མཐོང་བས་ཁམས་གསུམ་གྱི་སྡུག་བསྔལ་མཐོང་སྤངས་མ་ལུས་པ་སྤོང་བའི་བར་ཆད་མེད་པའི་ལམ་གྱིས་བསྡུས་པའི་ཟག་པ་མེད་པའི་ཡེ་ཤེས་སོ། །ཆོས་ཤེས་པ་ནི་ཆོས་བཟོད་དང་དམིགས་རྣམ་ཐ་མི་དད་པ་ཅན་སྡུག་བསྔལ་མཐོང་སྤང་སྤངས་པའི་རྣམ་གྲོལ་མངོན་དུ་བྱེད་པ་རྣམ་གྲོལ་ལམ་གྱི་ངོ་བོར་གྱུར་པའི་ཟག་པ་མེད་པའི་ཡེ་ཤེས་སོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། བཟོད་ཤེས་སྔ་མ་གཉིས་པོ་དེ་ཉིད་འཕགས་པའི་ཆོས་རྣམས་ཀྱི་རྒྱུའོ་ཞེས་ཡོངས་སུ་གཅོད་པར་བྱེད་པའི་ཟག་པ་མེད་པའི་ཡེ་ཤེས་སོ། །རྗེས་སུ་ཤེས་པ་ནི་རྗེས་བཟོད་དེ་ཉིད་ཡོངས་སུ་གཅོད་པར་བྱེད་པའི་ཟག་པ་མེད་པའི་ཡེ་ཤེས་སོ། །འདི་གཉིས་ནི་ཁྱད་པར་གྱི་ངོ་བོ་ཉིད་དོ། །དེ་བཞིན་དུ་བདེན་པ་ལྷག་མ་རྣམས་ཀྱི་སྐད་ཅིག་མ་རྣམས་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ། །དེ་ལ་ཆོས་བཟོད་ཆོས་ཤེས་ནི། བདེན་པའི་ཆོས་ཉིད་རྟོགས་པས་གཟུང་བ་རྟོགས་ལ། རྗེས་བཟོད་རྗེས་ཤེས་ཀྱིས་ནི་ཡང་དག་པའི་ཡེ་ཤེས་རྟོགས་པས་འཛིན་པ་རྟོགས་སོ་ཞེས་བྱའོ། །དེའི་ཕྱིར་ཀུན་བཏུས་ཀྱི་འགྲེལ་པར། མཐོང་ལམ་གྱི་ཡུལ་ནི་གཉིས་ཏེ། དེ་བཞིན་ཉིད་ཡང་དག་པའི་ཡེ་ཤེས་སོ་ཞེས་བཤད་དོ། །དེ་ལ་སྐད་ཅིག་གི་ཚད་ནི། དུས་ཅི་ཙམ་གྱིས་སྡུག་བསྔལ་ལ་སོགས་པའི་བདེན་པ་རྣམས་ལ་སྒྲོ་འདོགས་སེལ་བའི་ཤེས་པ་འབྱུང་བའི་དུས་དེ་ཙམ་ལ་བྱའི། དུས་མཐའི་སྐད་ཅིག་མ་ནི་མ་ཡིན་ནོ། །རྩ་བར། རྗེས་ཐོབ་འཕགས་པའི་བདེན་བཞི་ལ། །ཤེས་བཟོད་སྐད་ཅིག་བཅུ་དྲུག་སྐྱེ། །ཞེས་པ་ནོར་པ་སྟེ། མངོན་པ་གོང་འོག་གང་གི་ལུགས་ལ་ཡང་སྐད་ཅིག་བཅུ་དྲུག་མཉམ་གཞག་ལ་འཇོག་པའི་ཕྱིར་དང་། རིགས་པ་དྲུག་ཅུ་པར། གལ་ཏེ་ཆོས་ཤེས་མཇུག་ཐོགས་སུ། །འདི་ལ་བྱེ་བྲག་ཡོད་གྱུར་ན། །ཤིན་ཏུ་ཕྲ་བའི་དངོས་ལའང་། །གང་གིས་སྐྱེ་བར་རྣམ་བརྟགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་སྐྱེས་པའི་དོན་མ་མཐོང་། །ཞེས་པའི་འགྲེལ་པར། ཟླ་བ་གྲགས་པས་མཐོང་ལམ་སྐད་ཅིག་མ་གཅིག་ཏུ་བཤད་ཅིང་། སེང་གེ་བཟང་པོས་ཀྱང་། མཐོང་ལམ་མཉམ་གཞག་དེ་ཉིད། རྗེས་ཐོབ་ངེས་པ་མི་འདྲ་བ་བཅུ་དྲུག་འདྲེན་པའི་ཆ་ནས་སྐད་ཅིག་བཅུ་དྲུག་དུ་བཞག་པར་བཤད་པའི་ཕྱིར་རོ། །གཉིས་པ་ཉན་རང་སོ་སོའི་ལམ་གྱི་སྐྱེ་ཚུལ་གྱིས་རྒྱས་པར་བཤད་པ་ལ། ཉན་ཐོས་ཀྱི་མངོན་རྟོགས་དང་། རང་སངས་རྒྱས་ཀྱི་མངོན་རྟོགས་གཉིས་ཀྱི། དང་པོ་ལ་གསུམ། ཞུགས་འབྲས་ཀྱི་གང་ཟག་ཟུང་བཞིའི་རྣམ་གཞག །མྱུར་བ་ཚེ་གསུམ་གྱིས་གྲོལ་ཚུལ། ཉན་རང་གི་མངོན་རྟོགས་ས་བརྒྱད་དང་སྦྱར་བའོ། །དང་པོ་ལ། གང་ལ་གནས་པའི་འབྲས་བུ། དེ་ལ་གནས་པའི་གང་ཟག་གི་རྣམ་གཞག་གཉིས་ཀྱི། དང་པོ་ལ་འབྲས་བུའི་ངོ་བོ། གྲངས་དང་གོ་རིམ་ངེས་པ། ཐོབ་བྱེད་ཀྱི་རྒྱུ། ཁམས་གང་དུ་གང་ཐོབ་པ་དང་ལྔའི། དང་པོ་ནི། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་སྟེ། དེ་ཉིད་འབྲས་བུའི་མཆོག་ཡིན་པའི་ཕྱིར་རོ། །དེ་ཡང་སྤངས་པ་དང་རྟོགས་པ་གཉིས་ཀྱི་རང་བཞིན་ནོ། །དེ་དག་རེ་རེ་ལ་ཡང་བརྒྱད་ཅུ་རྩ་དགུ་རྩ་དགུ་སྟེ། འདོད་པའི་མཐོང་སྤང་རིས་བཞི་དང་། ཁམས་གོང་མ་གཉིས་ཀྱི་མཐོང་སྤང་རིས་བཞི་སྟེ། བརྒྱད་སྤངས་པའི་བྲལ་བ་བརྒྱད། དེ་སྙེད་ཀྱི་རྣམ་རོལ་དང་། ས་དགུ་པོ་རེ་རེ་ལ་ཡང་སྒོམ་སྤང་ཆེ་འབྲིང་དགུ་དགུ་སྤངས་པའི་བྲལ་འབྲས་བརྒྱད་ཅུ་རྩ་གཅིག་དང་། དེ་སྙེད་ཀྱི་རྣམ་གྲོལ་རྣམས་སོ། །དེ་དག་ལ་དགེ་སྦྱོང་གི་ཚུལ་ནི་ཟག་མེད་ཀྱིས་བསྡུས་པའི་བར་ཆད་མེད་པའི་ལམ་སྟེ། འདིས་ཉོན་མོངས་པ་སྤངས་ནས་དོན་དམ་པའི་དགེ་སྦྱོང་དུ་བྱེད་པའི་ཕྱིར་ན་དགེ་སྦྱོང་གི་ཚུལ་ཞེས་བྱའོ། །དེ་ལྟར་ཡང་མདོ་ལས། སྡིག་པ་མི་དགེ་བའི་ཆོས་ཞེས་བྱ་བ་ནས། རྒྱས་པར་རྒ་ཤིར་འགྱུར་བའི་བར་རྣམ་པ་དུ་མ་ཞི་བར་བྱས་པ་ཡིན་པས་དེའི་ཕྱིར་དགེ་སྦྱོང་ཞེས་གསུངས་པའི་ཕྱིར་རོ། །སྤངས་པ་རྣམས་ནི་དེའི་བྲལ་བའི་འབྲས་བུ་ཡིན་ལ། རྣམ་གྲོལ་ནི་རྒྱུ་མཐུན་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་དག་ལ་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཡིན་ཞེས་བྱའོ། དེ་ལྟར་ཡང་མཛོད་དུ། དགེ་སྦྱོང་ཚུལ་ནི་དྲི་མེད་ལམ། །འབྲས་བུ་འདུས་བྱས་འདུས་མ་བྱས། །དེ་དག་བརྒྱད་ཅུ་རྩ་དགུའོ། །གྲོལ་ལམ་ཟད་པ་རྣམས་དང་བཅས། །ཞེས་སོ། །དེ་དག་གནས་སྐབས་ཀྱི་བྱེ་བྲག་ལས་རྒྱུན་དུ་ཞུགས་པ་ལ་སོགས་པའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞིར་མདོ་ལས་གསུངས་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བརྒྱད་ཅུ་རྩ་དགུ་ཡིན་ན། ཅིའི་ཕྱིར་འབྲས་བུ་བཞིར་བཞག་ཅེ་ན། མཛོད་དུ། འབྲས་བུ་བཞི་རྣམ་བཞག་པ་ནི། །རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། །འབྲས་ལ་སྔོན་ལམ་བཏང་བ་དང་། །གཞན་ཐོབ་པ་དང་ཟད་སྡོམ་དང་། །ཤེས་པ་བརྒྱད་ཚང་ཐོབ་པ་དང་། །རྣམ་པ་བཅུ་དྲུག་ཐོབ་པའོ། །ཞེས་གནས་སྐབས་གང་དུ་རྒྱུ་ལྔ་པོ་སྲིད་པ་དེ་ཉིད་འབྲས་བུར་རྣམ་པར་བཞག་སྟེ། འདི་ལྟར། ཞུགས་པའི་ལམ་སྔོན་དུ་བཏང་བ་དང་། འབྲས་བུའི་ལམ་ཐོབ་པ་དང་། སྤངས་པ་ཀུན་གྱི་ཐོབ་པ་གཅིག་པ་རྙེད་པ་དང་། ཆོས་དང་རྗེས་སུ་ཤེས་པ་བརྒྱད་ཅིག་ཅར་ཐོབ་པ་དང་། མི་རྟག་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་ཐོབ་པས་སོ། །ཞེས་བཤད་དོ། །ཡང་ན་འདི་ལྟར་བཤད་པར་བྱ་སྟེ། འདི་ལྟར་སྤང་བྱ་ནི་གསུམ་སྟེ། ཐར་པ་ལ་འཇུག་པའི་གེགས་སུ་གྱུར་པ་ཀུན་སྦྱོར་གསུམ་དང་། འགྲོ་བ་ཐ་མ་དང་ཁམས་ཐ་མ་ལ་འདས་པའི་གེགས་སུ་གྱུར་པའི་ཐ་མའི་ཆ་མཐུན་ལྔ། ཁམས་གོང་མ་ལས་འདས་པའི་གེགས་སུ་གྱུར་པ་གོང་མའི་ཆ་མཐུན་ལྔའོ། །དེ་དག་ནི་གོ་རིམ་བཞིན་དུ། ཐར་པ་འདོད་པ་རྣམས་ཀྱིས་སྤང་བྱ་རགས་པ་དང་། ཕྲ་བ་དང་། ཤིན་ཏུ་ཕྲ་བ་རྣམས་ཡིན་ལ། དེ་དག་སྤངས་པ་ཡང་དོན་དུ་གཉེར་བྱའི་འབྲས་བུ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་རྣམས་ཡིན་ནོ། །དེ་ལ་དང་པོ་སྤངས་པས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་རྣམ་པར་བཞག་སྟེ། མདོ་ལས། གང་ཟག་འདི་ནི་ཀུན་ཏུ་སྦྱོར་བ་གསུམ་སྤངས་པས་རྒྱུན་དུ་ཞུགས་པའོ་ཞེས་སོ། །ཐ་མའི་ཆ་མཐུན་ལྔ་སྲབ་པར་བྱས་པ་དང་། མ་ལུས་པ་སྤངས་པ་ནི་གོ་རིམ་བཞིན་དུ། ཕྱིར་འོང་དང་། ཕྱིར་མི་འོང་གི་འབྲས་བུར་རྣམ་པར་བཞག་སྟེ། མདོ་ལས། ལན་ཅིག་ཕྱིར་འོང་གི་འབྲས་བུ་གང་ཞེ་ན། ཀུན་ཏུ་སྦྱོར་བ་གསུམ་སྤངས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གསུམ་རྣམས་སྲབ་པ་གང་ཡིན་པ་དེ་ཡིན་ནོ། །ཕྱིར་མི་འོང་བའི་འབྲས་བུ་གང་ཞེ་ན། ཀུན་ཏུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པ་གང་ཡིན་པ་དེ་ཡིན་ནོ། །ཞེས་གསུངས་སོ། །ཅིའི་ཕྱིར་འདོད་པའི་སྒོམ་སྤང་སྤངས་པ་ལ་འབྲས་བུ་བར་པ་གཉིས་བཞག་ཅེ་ན། འདོད་པའི་སྒོམ་སྤང་གི་ཉོན་མོངས་པ་ནི་ཆེས་རགས་པ་དང་། རིམ་གྱིས་སྤོང་བའི་ཕྱིར། འདོད་པའི་ཉོན་མོངས་པ་ཕལ་ཆེར་ཟད་པ་ན་ཕྱིར་འོང་དང་། མ་ལུས་པ་ཟད་པ་ན་ཕྱིར་མི་འོང་གི་འབྲས་བུར་རྣམ་པར་བཞག་སྟེ། འདོད་པའི་ཉེས་དམིགས་བསྟན་པའི་ཕྱིར་དང་དེ་ལས་མྱུར་དུ་འདའ་བར་བསྟན་པའི་ཕྱིར་རོ། །གསུམ་པ་སྤངས་པ་ནི་དགྲ་བཅོམ་པའི་འབྲས་བུར་རྣམ་པར་བཞག་སྟེ། མདོ་ལས། གོང་མ་དང་མཐུན་པ་ལྔ་སྤངས་པས་ནི་དགྲ་བཅོམ་པའི་འབྲས་བུའོ། །ཞེས་སོ། །མདོར་བསྡུས་ན། སྤང་བྱ་ལ་མཐོང་སྤང་དང་སྒོམ་སྤང་གཉིས་སུ་ངེས་པས་མཐོང་སྤང་སྤངས་པའི་དབང་དུ་བྱས་ན། རྒྱུན་ཞུགས་ཀྱི་འབྲས་བུར་བཞག་གོ །སྒོམ་སྤང་ལ་ཡང་འདོད་པ་དང་། ཁམས་གོང་གི་སས་བསྡུས་པ་གཉིས་ཡིན་ལ། འདོད་པའི་སྒོམ་སྤང་ལ་རགས་པ་དང་། ཕྲ་བ་གཉིས་ཀྱིས་དེ་དག་སྤངས་པའི་དབང་དུ་བྱས་ནས་གོ་རིམ་བཞིན་དུ། འབྲས་བུ་བར་པ་གཉིས་བཞག་ལ། ཁམས་གོང་གི་སྒོམ་སྤང་སྤངས་པ་ལ་དགྲ་བཅོམ་པའི་འབྲས་བུར་བཞག་སྟེ། དེ་ལྟར་ན་སྤང་བྱའི་དབང་གིས་འབྲས་བུ་བཞིར་གྲངས་ངེས་པ་ཡིན་ནོ། །གསུམ་པ་ནི། འབྲས་བུ་བཞི་པོ་སྔ་མ་སྔ་མ་རྣམས་ཕྱི་མ་ཕྱི་མའི་རྒྱུ་ཡིན་པས་དོན་གྱི་གོ་རིམ་ཡིན་ནོ། །བཞི་པ་ལ། ས་གང་ལ་བརྟེན་ནས་ཐོབ་པ་ནི། འབྲས་བུ་དང་པོ་དང་གཉིས་པ་ནི། དང་པོ་ཉེར་སྡོགས་མི་ལྕོགས་མེད་པ་ལ་བརྟེན་ཏེ། འདོད་པའི་ཉོན་མོངས་པ་མ་སྤངས་པའི་ཕྱིར་རོ། །འབྲས་བུ་གསུམ་པ་ནི་གལ་ཏེ་རིམ་གྱིས་ཐོབ་ན་མི་ལྕོགས་མེད་པ་ལ་བརྟེན་ལ། འདོད་ཆགས་དང་བྲལ་བ་ཞིག་གིས་ཐོབ་ན། བསམ་གཏན་གྱི་དངོས་གཞི་གང་རུང་ལ་བརྟེན་ནོ། །གཟུགས་མེད་ལ་ནི་མི་བརྟེན་ཏེ། དེ་ནི་འདོད་པའི་ཉོན་མོངས་པའི་གཉེན་པོར་མི་རུང་བའི་ཕྱིར་དང་། ཕྱིར་མི་འོང་ཡང་འདོད་པའི་ཉོན་མོངས་པ་སྤངས་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །འབྲས་བུ་བཞི་པ་ནི་བསམ་གཏན་ས་དྲུག །གཟུགས་མེད་དང་པོ་གསུམ་རྣམས་ལ་བརྟེན་ཏེ། གལ་ཏེ་ཁམས་འོག་མ་གཉིས་སུ་ཐོབ་པར་བྱེད་ན། བསམ་གཏན་ས་དྲུག་ལ་བརྟེན་ལ། གཟུགས་མེད་དུ་ཐོབ་ན་གཟུགས་མེད་དང་པོ་གསུམ་གང་རུང་ལ་བརྟེན་ནས་འཐོབ་པའི་ཕྱིར་རོ། །མཐོང་སྒོམ་གང་གིས་ཐོབ་པ་ནི། འབྲས་བུ་དང་པོ་མཐོང་ལམ་ཁོ་ནས་ཐོབ་སྟེ། དེ་ནི་མཐོང་སྤང་སྤངས་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །བར་པ་གཉིས་ནི། གལ་ཏེ་རིམ་གྱིས་ཐོབ་ན་སྒོམ་ལམ་གྱིས་ཐོབ་ལ། ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་དང་། འདོད་པ་ལས་འདོད་ཆགས་དང་བྲལ་བས་ཐོབ་ན་མཐོང་ལམ་གྱིས་ཐོབ་བོ། །ཐ་མ་ནི་སྒོམ་ལམ་ཁོ་ནས་ཐོབ་སྟེ། དེ་ནི་ཁམས་གོང་གི་སྒོམ་སྤང་སྤངས་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གང་གིས་ཐོབ་པ་ནི། འབྲས་བུ་དང་པོ་དང་ཐ་མ་གཉིས་ནི་འདས་ལམ་ཁོ་ནས་ཐོབ་སྟེ། མཐོང་སྤང་དང་སྲིད་རྩེའི་ཉོན་མོངས་པ་འཇིག་རྟེན་པའི་ལམ་གྱིས་སྤོང་བར་མི་ནུས་པའི་ཕྱིར་རོ། །འབྲས་བུ་བར་པ་གཉིས་མཐོང་ལམ་གྱིས་ཐོབ་པ་ནི། འདས་ལམ་གྱིས་ཐོབ་ལ། སྒོམ་ལམ་གྱིས་ཐོབ་པ་ནི། གལ་ཏེ་གང་ཟག་དེ་ཞི་གནས་སྤྱོད་པ་ཞིག་ཡིན་ན། འཇིག་རྟེན་པའི་ལམ་གྱིས་ཐོབ་ལ། གལ་ཏེ་ལྷག་མཐོང་སྤྱོད་པ་ཞིག་ཡིན་ན། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་བོ། །འབྲས་བུ་གང་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་པ་ལས་ནི་ཉམས་པ་མི་སྲིད། འདས་ལམ་ནི་སྤང་བྱའི་ས་བོན་དྲུངས་འབྱིན་བྱེད་ཡིན་པས་སོ། །འཇིག་རྟེན་པའི་ལམ་གྱིས་ཐོབ་པ་དག་ལ་ནི་ཉམས་པ་སྲིད་དོ། །དེས་ན་འབྲས་བུ་དང་པོ་དང་ཐ་མ་གཉིས་ལས་ཉམས་པ་མི་སྲིད་ཅིང་། བར་པ་དག་ལས་ཉམས་པ་ཡང་སྲིད་དོ། །ལྔ་པ་ནི་མཛོད་དུ། འདོད་པར་གསུམ་ཐོབ་ཐ་མ་ནི། །གསུམ་དུའོ་གོང་ན་མཐོང་ལམ་མེད། །མི་སྐྱེ་ལུང་ལས་འདིར་རྩོམ་ཞིང་། །དེ་མཐར་ཕྱིན་ཞེས་འབྱུང་ཕྱིར་རོ། །ཞེས་པས་དང་པོ་གསུམ་ནི་འདོད་པའི་རྟེན་ཁོ་ན་ལ་ཐོབ་ཅིང། རྒྱུན་ཞུགས་དང་ཕྱིར་འོང་ནི་འདོད་པ་ལ་འདོད་ཆགས་དང་མ་བྲལ་བའི་ཕྱིར་དང་། ཕྱིར་མི་འོང་ཡང་རིམ་གྱིས་པ་ནི་དང་པོའི་ཉེར་སྡོགས་ལ་བརྟེན་ནས་ཐོབ་པའི་ཕྱིར་དང་། ཐོད་རྒལ་བ་ནི་མཐོང་ལམ་ལ་བརྟེན་ནས་ཐོབ་ལ། ཁམས་གོང་གི་རྟེན་ལ་མཐོང་ལམ་མེད་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡ ང་ཁམས་གོང་མའི་རྟེན་ལ་སྐྱོ་བ་མེད་པའི་ཕྱིར་དང་། སྐྱོ་བ་དང་བྲལ་བས་ཁམས་གསུམ་ལ་ངེས་པར་འབྱུང་བར་བྱ་བའི་ཕྱིར་དུ་འཕགས་ལམ་ལ་རྩོམ་པ་མེད་པའི་ཕྱིར་རོ། །ལུང་ལས་ཀྱང་བར་དོར་མྱ་ངན་ལས་འདའ་བ་སོགས་ལྔ་པོ་འདིར་རྩོམ་ཞིང་དེར་མཐར་ཕྱིན་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །བཞི་པ་ནི། ཁམས་གསུམ་ཀའི་རྟེན་ལ་ཐོབ་བོ། །

གཉིས་པ་དེ་ལ་གནས་པའི་གང་ཟག་གི་རྣམ་གཞག་ལ་བཞི། རྒྱུན་ཞུགས་ཞུགས་འབྲས་ལན་ཅིག་ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་ཞུགས་འབྲས་རྣམས་སོ། །དང་པོ་ལ་ཞུགས་པ་དང་གནས་པ་གཉིས་ཀྱི། དང་པོ་ནི། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་དེ་ལས་སྐད་ཅིག་མ་དང་པོ་བཅོ་ལྔ་ནི་བདེན་པའི་དེ་ཁོ་ན་ཉིད་སྔར་མ་མཐོང་བ་གསར་དུ་མཐོང་བའི་ཕྱིར། མཐོང་བའི་ལམ་ཞེས་བྱ་སྟེ། དེ་ལ་གནས་པ་སྔར་འདོད་པའི་སྒོམ་སྤང་གཏན་མ་སྤངས་པའམ། ལྔ་པ་མན་ཆད་སྤངས་པ་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ཡིན་ཏེ། འབྲས་བུ་དང་པོ་ཐོབ་ཕྱིར་དུ་ལམ་ལ་བརྩོན་བཞིན་པ་ཡིན་པའི་ཕྱིར་རོ། །དེ་ལ་དབྱེ་ན་དབང་རྟུལ་དད་པའི་རྗེས་འབྲང་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་གཉིས་སོ། །གཉིས་པ་འབྲས་གནས་ནི་ཞུགས་པ་དེ་ཉིད་སྐད་ཅིག་མ་བཅུ་དྲུག་པ་ལམ་ལ་རྗེས་ཤེས་ཀྱི་ཚེ། རྒྱུན་ཞུགས་འབྲས་གནས་ཡིན་ཏེ། ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་གནས་པའི་ཕྱིར་རོ། །ཀུན་སྦྱོར་གསུམ་ནི་འཇིག་ལྟ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་མཆོག་འཛིན་དང་། ཐེ་ཚོམ་མོ། །ཅིའི་ཕྱིར་འདི་དག་སྤངས་པས་རྒྱུན་དུ་ཞུག་པར་བཞག་ཅེ་ན། གསུམ་པོ་འདི་ནི་རྒྱུན་ཞུགས་ཀྱི་སྤང་བྱའི་གཙོ་བོ་ཡིན་པའི་ཕྱིར་ཏེ། མྱ་ངན་ལས་འདས་པའི་ལམ་ལ་འཇུག་པའི་གེགས་ཀྱི་གཙོ་བོ་ཡིན་པས་སོ། །འདི་ལྟར་འཇིག་ལྟས་ཕུང་པོ་ལ་བདག་ཏུ་བཟུང་ནས་འཁོར་བ་ལ་མངོན་པར་དགའ་བས་སྡུག་བསྔལ་ལས་མི་ཐར་བའི་རྒྱུ་བྱེད་ཅིང་། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱིས་ལམ་ངན་པ་ལ་མངོན་པར་ཞེན་པས་ཀྱང་ལོག་པར་ངེས་པར་འབྱུང་བའི་རྒྱུ་བྱེད་ལ། ཐེ་ཚོམ་གྱིས་ལམ་བཟང་པོ་ལ་སོམ་ཉི་ཟ་བས་ཡང་དག་པར་ངེས་པར་འབྱུང་བ་མ་ཡིན་པའི་རྒྱུ་བྱེད་པའི་ཕྱིར་ཏེ། དཔེར་ན་འགྲོ་བར་མི་འདོད་པ་དང་། འདོད་ཀྱང་ལམ་ལོག་པ་ལ་བརྟེན་པ་དང་། ཡང་དག་པའི་ལམ་ལ་ཐེ་ཚོམ་ཟ་བ་ནི། འགྲོ་བྱའི་ཡུལ་དུ་ཕྱིན་པར་བྱེད་པའི་གེགས་ཡིན་པ་བཞིན་ནོ། །དེ་སྐད་དུ་ཡང་། འགྲོ་མི་འདོད་དང་ལམ་ནོར་དང་། །ལམ་ལ་ཐེ་ཚོམ་ཅི་སྙེད་གཅིག །ཐར་པ་བགྲོད་ལ་གེགས་བྱེད་པ། །དེའི་ཕྱིར་ན་གསུམ་བསྟན་ཏེ། །ཞེས་སོ། །ཅིའི་ཕྱིར་རྒྱུན་ཞུགས་ཞུགས་པ་ཞེས་བྱ་ཞེ་ན། ཐར་པའི་གེགས་དང་བྲལ་བས་མྱ་ངན་ལས་འདས་པའི་རྒྱུན་ལ་ཞུགས་པའི་ཕྱིར་རོ། །དབྱེ་ན། དབང་པོས་ཕྱེ་བ་དད་མོས་དང་། མཐོང་ཐོབ་གཉིས་ཏེ། དང་པོ་ནི། སྔར་གྱི་དད་པའི་རྗེས་འབྲང་དེ་ཉིད་འབྲས་བུ་ལ་གནས་པའི་དུས་སུ། དད་པ་ལྷག་པ་ཉིད་ཀྱིས་ལྷག་པར་མོས་པས་རབ་ཏུ་ཕྱེ་བའི་ཕྱིར་དད་མོས་ཞེས་བྱའོ། །གཉིས་པ་ནི། སྔར་གྱི་ཆོས་ཀྱི་རྗེས་འབྲང་དེ་ཉིད་འབྲས་བུའི་དུས་སུ་ཤེས་རབ་ལྷག་པ་ཉིད་ཀྱིས་མཐོང་བས་རབ་ཏུ་ཕྱེ་བའི་ཕྱིར་མཐོང་ཐོབ་ཞེས་བྱའོ། །སྦྱོར་བས་ཕྱེ་བ་འབྲས་གནས་ཙམ་པོ་དང་ཁྱད་པར་ཅན་གཉིས་སོ། །དང་པོ་ནི། འབྲས་བུ་ལ་གནས་པ་དེ་ཉིད་ཁྱད་པར་ཅན་གྱི་འབྲས་བུའི་དོན་དུ་ལམ་ལ་མི་བརྩོན་པ། གཉིས་པ་ནི་དེ་ལས་བཟློག་པའོ། །དབང་པོ་དང་སྦྱོར་བས་ཕྱེ་བ་འདི་གཉིས་ནི། འབྲས་བུ་བར་པ་གཉིས་ལའང་འདི་ཁོ་ན་བཞིན་དུ་ལྟ་བར་བྱའོ། །དབང་པོ་རྣོ་རྟུལ་དེ་དག་ཏུ། །དད་དང་ཆོས་ཀྱི་རྗེས་འབྲང་བ། །ཞེས་པའི་རྒྱུན་ཞུགས་ཞུགས་པའི་སྐབས་སུ་འགྲེལ་གྱིས། འབྲས་གནས་ཀྱི་སྐབས་སུ་འགྲེལ་པ་མེད་དོ། །རྒྱུན་ཞུགས་ལ་སྐྱེ་བའི་ཁྱད་པར་གྱིས་ཕྱེ་ན། རེ་ལྟར་ཐོགས་ན་ལན་བདུན་པ་དང་རིགས་ནས་རིགས་སུ་སྐྱེ་བ་གཉིས་སོ། །དང་པོ་ནི། སྤྱིར་ཁམས་གསུམ་ན་སྒོམ་སྤང་དུ་ཡོད་ཅེ་ན། འདོད་པ་དང་། བསམ་གཏན་བཞི་དང་། གཟུགས་མེད་བཞི་སྟེ་ས་དགུ་པོ་རེ་རེ་ལའང་སྒོམ་སྤང་གི་ཉོན་མོངས་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་གསུམ་དུ་དབྱེ་ཞིང་། དེ་རེ་རེ་ལ་ཡང་ཆུང་འབྲིང་གསུམ་གསུམ་དུ་ཕྱེ་བས་དགུ་དགུ་ཡོད་ལ། དེ་དག་རྣམས་ལ་སྲིད་རྩེ་མ་གཏོགས་པ་འཇིག་རྟེན་པའི་ལམ་གྱིས་སྤོང་ཞིང་། སྲིད་རྩེ་ནི་འཇིག་རྟེན་ལས་འདས་པའི་ལམ་ཁོ་ནས་སྤོང་ལ། དེ་ལས་རེ་ལྟར་ཐོགས་ན་སྲིད་པ་བདུན་པ་ནི། ཁྱད་པར་གསུམ་དང་ལྡན་ཏེ། འབྲས་བུའི་ཁྱད་པར་འབྲས་བུ་ཙམ་ལ་གནས་པ། སྤངས་པའི་ཁྱད་པར་འདོད་པའི་སྒོམ་སྤང་གཏན་མ་སྤངས་པ། སྐྱེ་བའི་ཁྱད་པར་འདོད་པའི་ལྷའམ་མིར་སྐྱེ་བ་བདུན་བླངས་ནས། བདུན་པ་ལ་སྡུག་བསྔལ་གྱི་ཐ་མ་མངོན་དུ་བྱེད་པའོ། །གཉིས་པ་རིགས་ནས་རིགས་སུ་སྐྱེ་བ་ལ་ཡང་ཁྱད་པར་གསུམ་སྟེ། སྤངས་པའི་ཁྱད་པར་འདོད་པའི་སྒོམ་སྤང་རྣམ་པ་གསུམ་མམ་བཞི་ལས་གྲོལ་ཞིང་། ལྔ་པ་མ་སྤངས་པ་གཉེན་པོའི་ཁྱད་པར་སྤངས་པ་དེ་དག་གི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པའོ། །སྐྱེ་བའི་ཁྱད་པར་འདོད་པའི་ལྷའམ་མིར་རིགས་མཐུན་གཉིས་སམ་གསུམ་བླངས་ནས་མྱ་ངན་ལས་འདའ་བའོ། །ཟུང་གཉིས་པ་ཕྱིར་འོང་གི་སྐོར་ལ་ཞུགས་གནས་གཉིས་ཀྱི། དང་པོ་ནི། རྒྱུན་ཞུགས་དེ་ཉིད་འདོད་པའི་སྒོམ་སྤང་རྣམ་པ་ལྔ་སྤངས་ཤིང་། དྲུག་པ་སྤོང་བ་ལ་བརྩོན་པ་ན། མཐར་གྱིས་པའི་ཕྱིར་འོང་ཞུགས་པ་ཞེས་བྱ་ལ། མཐོང་ལམ་གྱིས་སྔར་འདོད་པའི་ཉོན་མོངས་དྲུག་པ་སྤངས་ཤིང་། དགུ་པ་མ་སྤངས་པ། ད་ལྟ་མཐོང་ལམ་སྐད་ཅིག་དང་པོ་བཅོ་ལྔ་གང་རུང་ལ་གནས་པ་ནི། ཐོད་རྒལ་བའི་ཕྱིར་འོང་ཞུགས་པའོ། །གཉིས་པ་འབྲས་གནས་ལ་ཙམ་པོ་དང་། ཁྱད་པར་ཅན་གཉིས་ཀྱི་དང་པོ་ནི། མཐར་གྱིས་པའི་ཕྱིར་འོང་ཞུགས་པ་དེ་ཉིད་ཉོན་མོངས་པ་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པ་ན་མཐར་གྱིས་པའི་ཕྱིར་འོང་ཡིན་ལ། ཐོད་རྒལ་བའི་ཕྱིར་འོང་ཞུགས་པ་དེ་ཉིད། མཐོང་ལམ་སྐད་ཅིག་མ་བཅུ་དྲུག་ལ་གནས་པ་ན། ཐོད་རྒལ་བའི་ཕྱིར་འོང་འབྲས་གནས་ཞེས་བྱའོ། །ཕྱིར་འོང་འབྲས་གནས་ཁྱད་པར་ཅན་ཚེ་གཅིག་བར་ཆད་གཅིག་པ་ནི། ཁྱད་པར་གསུམ་དང་ལྡན་ཏེ། སྤངས་པའི་ཁྱད་པར་འདོད་པའི་ཉེས་ཆ་བདུན་ནམ་བརྒྱད་ཟད། དགུ་པ་མ་སྤངས་པ། གཉེན་པོའི་ཁྱད་པར་དེ་དག་གི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པའོ། །སྐྱེ་བའི་ཁྱད་པར་འདོད་པར་སྐྱེ་བ་གཅིག་བླངས་ནས་མྱ་ངན་ལས་འདའ་བའོ། །ཟུང་གསུམ་པ་ཕྱིར་མི་འོང་ལ་ཞུགས་གནས་གཉིས་ཀྱི་དང་པོ་ནི། མཐར་གྱིས་པའི་ཕྱིར་འོང་འབྲས་གནས་དེ་ཉིད། འདོད་པའི་ཉོན་མོངས་བརྒྱད་པ་སྤངས་དགུ་པ་སྤོང་བའི་སྦྱོར་བ་ལ་བརྩོན་པ་ན། མཐར་གྱིས་པའི་ཕྱིར་མི་འོང་ཞུགས་པ་ཡིན་ལ། མཐོང་ལམ་གྱི་སྔར་འདོད་པའི་ཉོན་མོངས་དགུ་པ་སྤངས། ད་ལྟར་མཐོང་ལམ་སྐད་ཅིག་དང་པོ་བཅོ་ལྔ་གང་རུང་ལ་གནས་པ་ན། ཐོད་རྒལ་བའི་ཕྱིར་མི་འོང་ཞུགས་པ་ཡིན་ནོ། །ཕྱིར་མི་འོང་འབྲས་གནས་ལ་གཉིས་ཀྱི་མཚན་ཉིད་ནི། ཕྱིར་མི་འོང་དེ་ཉིད་འདོད་པའི་ཉེས་ཆ་དགུ་པ་ཟད་པ་ན། མཐར་གྱིས་པའི་ཕྱིར་མི་འོང་ཡིན་ལ། ཐོད་རྒལ་བའི་ཕྱིར་མི་འོང་ཞུགས་པ་དེ་ཉིད། སྐད་ཅིག་བཅུ་དྲུག་པ་ལ་གནས་པ་ན། ཐོད་རྒལ་བའི་ཕྱིར་མི་འོང་འབྲས་གནས་ཡིན་ནོ། །ཕྱིར་མི་འོང་སྤྱིའི་མཚན་ཉིད་ནི། ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་གནས་པའོ། །ཐ་མའི་ཆ་མཐུན་ལྔ་ནི་ཀུན་སྦྱོར་གསུམ་དང་། འདོད་པ་ལ་འདུན་པ་དང་། གནོད་སེམས་སོ། །དང་པོ་གསུམ་ནི། འགྲོ་བ་ཐ་མ་སོ་སྐྱེའི་རྒྱུ་ཡིན་པའི་ཕྱིར་དང་། ཐ་མ་གཉིས་ནི་ཁམས་ཐ་མ་འདོད་ཁམས་ཀྱི་རྒྱུ་ཡིན་པས་དེའི་ཕྱིར་ཐ་མའི་ཆ་དང་མཐུན་པ་ཞེས་བྱའོ། །ཅིའི་ཕྱིར་ཕྱིར་མི་འོང་ཞེས་བྱ་ཞེ་ན། འདོད་པར་སླར་མི་སྐྱེ་བའི་ཕྱིར་རམ། སྐྱེ་བའི་སྐྱེ་མཆེད་དེར་སྐྱེ་བ་གཉིས་པ་མི་ལེན་པའི་ཕྱིར་རོ། །གཉིས་པ་དབྱེ་བ་ལ། འབྲས་བུ་ཐོབ་ཚུལ་གྱིས་ཕྱེ་ན། མཐར་གྱིས་པ་དང་། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གཉིས། འཕགས་ཆོས་རྟེན་ཚུལ་གྱིས་ཕྱེ་ན། འདོད་པར་ཚེ་ཡོངས་སུ་གྱུར་པ་དང་། མ་གྱུར་པའི་ཕྱིར་མི་འོང་གཉིས། དང་པོ་ནི། འདོད་པར་འཕགས་ལམ་སྐྱེ་བ་རྒྱུད་མར་བསྟེན་ནས་ཕྱིར་མི་འོང་ཐོབ་པ་སྟེ། དེ་ནི་སྐྱོ་བ་ཤས་ཆེ་བའི་ཕྱིར་ཕྱིར་མི་འོང་ཐོབ་པའི་ཚེ་དེ་ཉིད་ལ་མྱ་ངན་ལས་འདས་ཏེ། མཛོད་དུ། འདོད་པར་ཚེ་ཡོངས་གྱུར་པའི་འཕགས། ཁམས་གཞན་དུ་ནི་འགྲོ་བ་མེད། །ཅེས་སོ། །འདི་མཐོང་ཆོས་ཞི་དང་མི་འདྲ་སྟེ། འཕགས་ལམ་ཐོབ་པའི་ཚེ་དེ་ལས་མྱང་འདས་མངོན་དུ་མ་བྱས་པའི་ཕྱིར་རོ། །གཉིས་པ་ནི། འཕགས་ལམ་ཐོབ་པའི་ཚེ་དེ་ཉིད་ལ་ཕྱིར་མི་འོང་ཐོབ་པ་སྟེ། དེ་ལ་བཞི། གཟུགས་སུ་ཉེར་འགྲོ། གཟུགས་མེད་དུ་ཉེར་འགྲོ། མཐོང་ཆོས་ཞི། ལུས་མངོན་བྱེད་རྣམས་སོ། །དང་པོ་ལ་མཚན་ཉིད་དང་། དབྱེ་བ་གཉིས་ཀྱི། དང་པོ་ནི། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་ཞིག །གཟུགས་ཀྱི་སྐྱེ་སྲིད་དམ་བར་སྲིད་དུ་ཉིང་མཚམས་སྦྱོར་བ། གཉིས་པ་ལ་ལྔའི། དང་པོ་བར་མ་དོར་མྱ་ངན་ལས་འདའ་བ་ནི། གཟུགས་སུ་སྐྱེ་བའི་ཀུན་སྦྱོར་སྤངས་ལ། མངོན་པར་འགྲུབ་པའི་ཀུན་སྦྱོར་མ་སྤངས་པས། གཟུགས་ཀྱི་བར་སྲིད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའོ། །དེ་ཡང་རྣམ་པ་གསུམ་སྟེ། དཔེར་ན་ཞོགས་པའི་མེ་སྟག་ཡར་མ་ཐག་འཆི་བ་ལྟར། བར་སྲིད་གྲུབ་མ་ཐག་མྱ་ངན་ལས་འདའ་བ་དང་། ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་བཞིན་པ་ན་འཆི་བ་ལྟར། བར་སྲིད་ཀྱི་ཚེ་དཀྱིལ་དུ་མྱ་ངན་ལས་འདའ་བ་དང་། ཚ་ཚ་ཡར་བས་ས་ལ་མ་ལྟུང་ཙམ་ན་འཆི་བ་ལྟར། བར་སྲིད་ཀྱི་ཚེ་མཇུག་ཏུ་མྱ་ངན་ལས་འདའོ། །འདི་དག་ནི་ལྷག་མེད་དུ་མྱ་ངན་ལས་འདའ་བ་ཡིན་ཏེ། བར་སྲིད་ནི་སྐྱེ་སྲིད་ཚོལ་བའི་ངང་ཚུལ་ཅན་ཡིན་པས་སྐྱེ་སྲིད་ལ་འདུན་པ་དང་བྲལ་ན་འཆི་བར་འགྱུར་ལ། དགྲ་བཅོམ་པ་ཐོབ་པ་སྐྱེ་སྲིད་ལ་འདུན་པ་དང་ལུས་འགག་པར་འགྱུར་བའི་ཕྱིར་རོ། །ཡང་ན་བར་སྲིད་ནི་དུས་ཐུང་ངུར་གནས་པས་མྱུར་བར་ལྷག་མེད་དུ་འཇུག་པའི་ཕྱིར། ལྷག་མེད་དུ་འདའ་བ་ཞེས་བྱའོ། །གཟུགས་སུ་ཉེར་འགྲོ་རྣམས་ཀྱི་ནང་ནས། འདི་དག་མངོན་གྲུབ་ཀྱི་ལས་ཅན་དབང་པོ་རྣོ་བ་ཉོན་མོངས་པ་ཆུང་ངུ་ཅན་ཡིན་ནོ། །

གཉིས་པ་སྐྱེས་ནས་འདའ་བ་ནི། སྐྱེ་བ་དག་མངོན་གྲུབ་ཀྱི་ཀུན་སྦྱོར་གཉིས་ཀ་མ་སྤངས་པས་གཟུགས་ཀྱི་སྐྱེ་སྲིད་གྲུབ་ཙམ་ན་ལམ་མངོན་དུ་བྱས་ཏེ་མྱང་འདས་ཐོབ་པའོ། །གསུམ་པ་འདུ་བྱེད་དང་བཅས་པ་ནི། གཞན་སྔ་མ་དང་འདྲ་ཞིང་། འབད་རྩོལ་གྱིས་ལམ་མངོན་དུ་བྱས་ནས་མྱ་ངན་ལས་འདའ་བའོ། །བཞི་པ་མངོན་པར་འདུ་བྱེད་མེད་པ་ནི། གོམས་པའི་དབང་གིས་འབད་པ་མེད་པར་ལམ་མངོན་དུ་བྱས་ནས་མྱང་འདས་ཐོབ་པའོ། །འདི་གསུམ་ནི་སྐྱེས་ནས་མྱོང་འགྱུར་གྱི་ལས་ཅན་དང་། དབང་པོ་དང་ཉོན་མོངས་པ་འབྲིང་དུ་གནས་པའོ། །འདི་དག་ནི་ཉོན་མོངས་པ་སྤངས་པ་ན། ལྷག་བཅས་སུ་འདི་ཇི་སྲིད་ཚེའི་འཕེན་པ་མ་ཟད་པ་དེ་སྲིད་དུ་མི་འཆི་བའི་ཕྱིར་ལྷག་མེད་དུ་མ་ཡིན་ནོ། །ལྔ་པ་གོང་དུ་འཕོ་བ་ལ། རྒྱུ་སྤེལ་སྒོམ་གྱི་ཁྱད་པར། འབྲས་བུ་གང་དུ་ཐོབ་དཔྱད་པ་གཉིས་ལས། དང་པོ་ནི། ཕྱིར་མི་འོང་གང་གཟུགས་སུ་སྐྱེ་བ་རྒྱུད་ནས་འོག་མིན་ནམ། སྲིད་རྩེའི་རྟེན་ལ་མྱ་ངན་ལས་འདས་པར་རུང་བ་ནི། གོང་དུ་འཕོ་བ་ཞེས་བྱ་བ་ནི། དེ་ལ་གོང་ནི་འོག་མིན་དང་སྲིད་རྩེ་སྟེ། གོ་རིམ་བཞིན་དུ་གཟུགས་ཅན་དང་། སྲིད་པའི་ཡོངས་མཐའ་ཡིན་པས་སོ། །འཕོ་བ་ནི་དེར་སྐྱེ་བ་བརྒྱུད་ནས་འགྲོ་བའོ། །དེ་ལ་རྒྱུ་ཟག་བཅས་ཟག་མེད་ནི། བསམ་གཏན་སྤེལ་ནས་བསྒོམས་པས་འོག་མིན་དུ་འགྲོ་བ་ཡིན་ལ། སྤེལ་སྒོམ་དེ་ཡང་ཅི་ལྟ་བུ་ཞེ་ན། འདི་ལ་ལྔ་སྟེ། གང་ཟག་གང་གིས་དགོས་པ་ཅིའི་དོན་དུ། སེམས་གང་ལ་བརྟེན་ནས། ཚུལ་ཇི་ལྟར་བསྒོམ་པ་ལས་འབྲས་བུ་ལྔ་འགྲུབ་པའོ། །དང་པོ་ནི། ཕྱིར་མི་འོང་། ལུས་མངོན་བྱེད་དང་། དགྲ་བཅོམ་པ་གཉིས་གའི་ཆ་ལས་རྣམ་གྲོལ་གྱིས་བསྒོམ་མོ། །གཉིས་པ་ནི། དབང་པོ་རྟུལ་པོ་རྣམས་རོ་མྱང་གི་སྒྲིབ་པ་ཐག་བསྲིང་བར་བྱ་བའི་ཕྱིར་དང་། རྣོན་པོ་རྣམས་མཐོང་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་དང་། ཕྱིར་མི་འོང་གནས་གཙང་མར་བྱ་བའི་ཕྱིར་ཡང་སྒོམ་པར་བྱེད་ལ། དགྲ་བཅོམ་པ་སྐྱེ་བའི་ཕྱིར་མི་སྒོམས་སོ། །ཇི་སྐད་དུ་ཡང་། སྐྱེ་དང་གནས་པར་བྱ་ཕྱིར་དང་། །ཉོན་མོངས་པས་ནི་འཇིགས་ཕྱིར་དང་། །ཞེས་སོ། །གསུམ་པ་ནི། དང་པོར་བསམ་གཏན་བཞི་པའི་སེམས་ལ་བརྟེན་ནས་སྒོམ་སྟེ། དེ་ནི་སེམས་ལས་སུ་རུང་བའི་མཆོག་ཉིད་ཀྱིས་སླ་བའི་ཕྱིར་རོ། །ཕྱིས་ནི་བསམ་གཏན་དང་གཟུགས་མེད་གཞན་དང་ཡང་སྤེལ་ལོ། །དང་པོར་བཞི་པ་སྤེལ་བར་བྱེད། །ཅེས་སོ། །བཞི་པ་ནི། ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་། ཤིན་ཏུ་ཆེན་པོ་དང་། ཆེས་ཤིན་ཏུ་ཆེན་པོ་རྣམ་པ་ལྔར་སྒོམ་སྟེ། དེ་ལ་དང་པོ་ཆུང་ངུ་སྒོམ་པ་ནི། བསམ་གཏན་བཞི་པ་ཟག་མེད་ལ་སྙོམས་པར་འཇུག །དེའི་འོག་ཏུ་ཟག་བཅས་ལ། དེའི་འོག་ཏུ་ཟག་མེད་དེ་གསུམ་སྤེལ་ལོ། །ཚུལ་དེ་དྲུག་དང་། དགུ་དང་། བཅུ་གཉིས་དང་། བཅོ་ལྔ་སྤེལ་བ་ནི་འབྲིང་ལ་སོགས་པར་ཤེས་པར་བྱའོ། །བྱེ་བྲག་ཏུ་སྨྲ་བ་དག་ཟག་བཅས་དང་ཟག་མེད་སྐད་ཅིག་རེ་རེ་སྤེལ་ནུས་པ་ན་གྲུབ་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་སངས་རྒྱས་ལས་གཞན་པས་མི་ནུས་པའི་ཕྱིར་ཟག་བཅས་དང་ཟག་མེད་ཀྱི་སེམས་རྒྱུན་ལྡན་ལ་འདོད་རྒུར་སྙོམས་པར་འཇུག་ནུས་པས་ན་འགྲུབ་པ་ཡིན་ནོ། །དེ་ཡང་སྦྱོར་བ་གཅིག་གིས་ཟག་བཅས་ཟག་མེད་ཀྱི་སེམས་གསུམ་མངོན་དུ་བྱེད་ནུས་པ་ན་ཆུང་ངུ་གྲུབ་ལ། སྦྱོར་བ་གཅིག་གིས་སེམས་བཅོ་ལྔ་མངོན་དུ་བྱེད་ནུས་པ་ན་ཆེས་ཤིན་ཏུ་ཆེན་པོ་འགྲུབ་པ་ཡིན་ནོ། །ཞེས་སོགས་ཤེས་པར་བྱའོ། །ལྔ་པ་ནི། རྒྱུ་ཆུང་ངུ་ཡོངས་སུ་བསྒོམ་པ་ལ་སོགས་པ་ལྔ་པོ་དེ་དག་ལས་གོ་རིམ་བཞིན་དུ་འབྲས་བུ་མི་ཆེ་བ་ནས་འོག་མིན་གྱི་བར་གྱི་གནས་གཙང་མའི་སྐྱེ་བ་ལྔ་འགྲུབ་སྟེ། ཇི་སྐད་དུ། དེ་ནི་རྣམ་པ་ལྔའི་ཕྱིར། །གནས་གཙང་སྐྱེ་བ་ལྔ་ཁོ་ན། །ཞེས་སོ། །གཉིས་པ་འབྲས་བུ་གང་དུ་ཐོབ་དཔྱད་པ་ལ། མདོར་བསྟན་རྒྱས་བཤད་གཉིས་ཀྱི། དང་པོ་ནི། གོང་འཕོ་དེ་ཡང་རྒྱུའི་སྒོ་ནས་འོག་མིན་གྱི་མཐར་ཐུག་འགྲོ་དང་། སྲིད་རྩེའི་མཐར་ཐུག་འགྲོ་གཉིས་ཏེ། གང་ཟག་ལྷག་མཐོང་སྤྱོད་པ་དེ་ནི་ཟག་བཅས་ཟག་མེད་ཀྱི་བསམ་གཏན་སྤེལ་མར་སྒོམ་པས་འོག་མིན་དུ་འགྲོ་ལ། ཞི་གནས་སྤྱོད་པ་དེ་ནི་ཇི་ལྟར་རྒྱུད་ལ་སྐྱེས་པའི་བསམ་གཏན་གྱི་རོ་མྱངས་པས་ཚངས་ཆེན་དང་གནས་གཙང་མ་མ་གཏོགས་པར་གཟུགས་གཟུགས་མེད་ཀྱི་གནས་གཞན་རིམ་གྱིས་བརྒྱུད་དེ། སྲིད་རྩེར་འགྲོ་བར་བྱེད་དོ། །འདི་དག་ནི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཅན་དང་། དབང་པོ་རྟུལ་པོ་དང་ཉོན་མོངས་པ་ཆེན་པོ་ཅན་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། འོག་མིན་འགྲོ་དང་། སྲིད་རྩེའི་མཐར་ཐུག་འགྲོ་གཉིས་ཀྱི། དང་པོ་ལ་གསུམ་སྟེ། འཕར་བ་ནི་འདིར་བསམ་གཏན་བཞི་པ་སྤེལ་མར་བསྒོམས་པ་དང་པོའི་རོ་མྱངས་པས། གཉིས་པ་ཡན་ལས་ཉམས་ཏེ་ཕྱི་མ་ལ་ཚངས་རིས་སུ་སྐྱེས་ནས། དེར་སྔོན་གོམས་པའི་སྟོབས་ཀྱིས་བཞི་པ་སྤེལ་མར་བསྒོམས་པས། དེའི་འོག་ཏུ་འོག་མིན་དུ་སྐྱེས་ཏེ་མྱ་ངན་ལས་འདའ་བའོ། །གཉིས་པ་ཕྱེད་དུ་འཕར་བ་ནི། གཞན་སྔ་མ་དང་འདྲ་ཞིང་། ཚངས་རིས་ནས། གནས་གཙང་མ་འོག་མ་གསུམ་གང་རུང་དུ་སྐྱེས་ནས། དེའི་རྗེས་སུ་འོག་མིན་དུ་ཞུགས་ནས་མྱ་ངན་ལས་འདའ་བའོ། །གསུམ་པ་གནས་ཐམས་ཅད་དུ་འཆི་འཕོ་བ་ནི། སྤེལ་སྒོམ་ལས་ཉམས་པས་ཚངས་ཆེན་མ་གཏོགས་པ་གཟུགས་ཀྱི་གནས་གཞན་ཐམས་ཅད་རིམ་གྱིས་བརྒྱུད་དེ་མཐར་འོག་མིན་དུ་མྱ་ངན་ལས་འདའ་བའོ། །ཚངས་ཆེན་ནི་ལྟ་བའི་གནས་དང་གཙོ་བོ་གཅིག་ཏུ་ཟད་པས་དེར་འཕགས་པ་མི་སྐྱེ་ལ། སྲིད་རྩེའི་མཐར་ཐུག་འགྲོ་ནི་རྒྱུ་བསམ་གཏན་སྤེལ་མར་མ་བསྒོམས་པས་གནས་གཙང་མ་རྣམས་སུ་མི་འགྲོའོ། །གཉིས་པ་གཟུགས་མེད་ཉེར་འགྲོ་ནི་གཟུགས་ལ་འདོད་ཆགས་དང་བྲལ་བའི་འདོད་པའི་རྟེན་གྱི་ཕྱིར་མི་འོང་གང་ཞིག་གཟུགས་མེད་པར་སྐྱེས་ནས་མྱ་ངན་ལས་འདའ་བའོ། །དེ་ལ་དབྱེ་ན་གཟུགས་མེད་ལ་བར་སྲིད་མེད་པའི་ཕྱིར་བར་དོར་འདའ་བ་མ་གཏོགས་སྐྱེས་ནས་འདའ་བ་སོགས་རྣམ་པ་བཞིའོ། །འདིའི་གོང་འཕོ་ལ་འཕར་བ་གསུམ་གྱི་དབྱེ་བ་མེད་དེ། འདི་ཞི་གནས་སྤྱོད་པ་ཡིན་པས་འཕར་བ་སོགས་བྱེད་མི་ནུས་པས་སོ། །གསུམ་པ་མཐོང་ཆོས་ཞི་ནི། འཕགས་ལམ་སྐྱེས་པའི་ཚེ་དེ་ཉིད་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར་མི་འོང་ངོ་། །བཞི་པ་ལུས་མངོན་བྱེད་ནི། སློབ་པ་རྣམ་ཐར་བརྒྱ་དང་ལྡན་པའོ། །ཟུང་བཞི་པ་དགྲ་བཅོམ་གྱི་སྐོར་ལ་ཞུགས་གནས་ངོས་བཟུང་བ་དང་། ལམ་གང་གིས་གང་ལ་ཆགས་བྲལ་ཐོབ་པ་གཉིས་ཀྱི། དང་པོ་ལ། ཞུགས་འབྲས་གཉིས་ཀྱི་དང་པོ་ནི། སྲིད་རྩེའི་ཉེས་ཆ་བརྒྱད་ཟད་ཅིང་། དགུ་པ་སྤོང་བའི་བར་ཆད་མེད་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཞུགས་པ་ནི་དགྲ་བཅོམ་ཞུགས་པའོ། །གཉིས་པ་འབྲས་གནས་ནི། སྲིད་རྩེའི་དགུ་པ་སྤངས་པའི་རྣམ་གྲོལ་སྐྱེས་པ་དེའི་ཚེ་ཟད་པ་དང་མི་སྐྱེ་བ་ཤེས་པ་སྐྱེས་པ་ན། བསླབ་བྱ་མཐར་ཕྱིན་པས་མི་སློབ་པ་དང་། ཁམས་གསུམ་གྱིས་མཆོད་པར་འོས་པས་དགྲ་བཅོམ་པ་ཐོབ་བོ་ཞེས་བྱའོ། །གཉིས་པ་གང་གིས་ས་གང་ལ་ཆགས་བྲལ་ཐོབ་ཚུལ་ནི། འཇིག་རྟེན་ལས་འདས་པའི་ལམ་གྱིས་སྲིད་རྩེ་ལ་ཆགས་བྲལ་ཐོབ་ཀྱི། འཇིག་རྟེན་པའི་ལམ་གྱིས་མ་ཡིན་ཏེ། སྲིད་རྩེའི་གོང་ན་ས་གཞན་མེད་པའི་ཕྱིར། སྲིད་རྩེ་ལས་གཞན་པའི་འོག་ས་བརྒྱད་ལ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀས་ཆགས་བྲལ་ཐོབ་སྟེ། བསམ་གཏན་དང་པོའི་ཉེར་སྡོགས་ཟག་བཅས་དང་ཟག་མེད་གཉིས་ཀས་འདོད་པ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་དང་། བསམ་གཏན་དང་པོ་ཡན་ཆད་ཀྱི་ཉོན་མོངས་པ་རྣམས་ནི། གོང་སའི་ཉེར་སྡོགས་ཀྱིས་སྤང་བ་ན། འཇིག་རྟེན་པའི་ལམ་གྱིས་ཆགས་བྲལ་ཐོབ་ལ། འོག་ས་དང་རང་སའི་ཟག་མེད་ཀྱི་སྤོང་བ་ན། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཆགས་བྲལ་ཐོབ་པ་ཡིན་པས་སོ། །གཉིས་པ་མྱུར་བ་ཚེ་གསུམ་གྱིས་གྲོལ་ཚུལ་ནི། ཉན་ཐོས་རྣམས་ནི་ལམ་མྱུར་ན་སྲིད་པ་གསུམ་གྱིས་ཐར་པ་འཐོབ་སྟེ། ཚེ་དང་པོ་ལ་ཐར་པ་ཆ་མཐུན་གྱི་དགེ་རྩ་གཉིས་པ་ལ་ངེས་འབྱེད་ཆ་མཐུན་གྱི་དགེ་རྩ་བསྐྱེད། གསུམ་པ་ལ་མཐོང་ལམ་ཡན་ཆད་ཀྱི་འཕགས་ལམ་རྫོགས་པར་མཛོད་ནས་བཤད་པས་སོ། །གསུམ་པ་གནས་སྐབས་བཞི་ས་བརྒྱད་དང་སྦྱར་བ་ནི། ཉན་ཐོས་ཀྱི་ས་བརྒྱད་ལ་དཀར་པོ་རྣམ་པར་མཐོང་བའི་ས་ནི་ཚོགས་ལམ་སྟེ། ཐར་པ་ཆ་མཐུན་གྱི་དགེ་བ་ཡིན་པའི་ཕྱིར་རོ། །རིགས་ཀྱི་ས་ནི་སྦྱོར་ལམ་བཟོད་ཆེན་དང་། ཆོས་མཆོག་སྟེ། དེ་དག་ཐོབ་ནས་ཐེག་པ་གཞན་དུ་མི་ལྡོག་གི བཟོད་འབྲིང་མན་ཆད་དུ་རང་རྒྱལ་དུ་ལྡོག་སྲིད་ཅིང་། དྲོད་རྩེ་གཉིས་སུ་ཐེག་ཆེན་དུ་ཡང་ལྡོག་སྲིད་དེ། མཛོད་དུ། གཉིས་སློབ་རིགས་ལས་ལོག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང་། །ཞེས་བཤད་དོ། །བརྒྱད་པ་ནི་རྒྱུན་ཞུགས་ཞུགས་པ་སྟེ། དགྲ་བཅོམ་ནས་བགྲངས་པའི་ཟུང་བཞི་པའི་བརྒྱད་པ་ཡིན་པས་སོ། །མཐོང་བའི་ས་ནི། རྒྱུན་ཞུགས་ཀྱི་འབྲས་བུ་སྟེ། བདེན་པའི་དེ་ཁོ་ན་ཉིད་མཐོང་བ་ཡོངས་སུ་རྫོགས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ཡིན་པས་སོ། །སྲབས་པའི་ས་ནི་ཕྱིར་འོང་གི་འབྲས་བུ་སྟེ། ཕལ་ཆེར་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་འབྲས་བུ་ཡིན་པས་སོ། །འདོད་ཆགས་དང་བྲལ་བའི་ས་ནི་ཕྱིར་མི་འོང་གི་འབྲས་བུ་སྟེ། འདོད་པ་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་འབྲས་བུ་ཡིན་པས་སོ། །བྱས་པ་རྟོགས་པའི་ས་ནི་དགྲ་བཅོམ་པའི་འབྲས་བུ་སྟེ། བསླབ་པ་གསུམ་གྱི་བྱ་བ་ཡོངས་སུ་རྫོགས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཉན་ཐོས་ཀྱི་ས་ནི་ཕྱིར་འོང་ཞུགས་པ་ལ་སོགས་པ་ཞུགས་པ་ལྷག་མ་གསུམ་སྟེ། ཉན་ཐོས་ཀྱི་མངོན་རྟོགས་གཞན་ལ་མིང་གཞན་གྱིས་བསྟན་པས་སྤྱི་མིང་བྱེ་བྲག་ལ་གོ་བར་འགྱུར་བའི་ཕྱིར་དང་ཉན་ཐོས་ཀྱི་མངོན་རྟོགས་ཀྱི་ནང་ཚན་ཡིན་པས་སོ། །

གཉིས་པ་རང་རྒྱལ་གྱི་མངོན་པར་རྟོགས་པའི་ཚུལ་ལ་སྤྱི་དང་ཡན་ལག་གི་དོན་གཉིས་ཀྱི། དང་པོ་ལ། རིགས་དང་། ལམ་དང་། ཡང་དག་པར་གྲུབ་པ་དང་། ཚོགས་དང་། གནས་དང་། རྒྱུ་བ་དང་། སྒྲ་བཤད་པའོ། །དང་པོ་ནི། རང་སངས་རྒྱས་ཀྱི་རིགས་ནི་ཁྱད་པར་གསུམ་དང་ལྡན་ཏེ། དང་པོ་ནི། རང་བཞིན་གྱིས་ཉོན་མོངས་པ་ཤས་ཆུང་བས་སེམས་འདུ་འཛི་ལ་མི་དགའ་ཞིང་གཅིག་པུ་ལ་དགའ་བའོ། །གཉིས་པ་ནི། སྙིང་རྗེ་ཤས་ཆུང་བས་ཆོས་སྟོན་པ་སོགས་སེམས་ཅན་གྱི་དོན་ལ་མི་འཇུག་གི་སྙིང་ལས་ཆུང་ངུར་གནས་སོ། །གསུམ་པ་ནི། དབང་པོ་འབྲིང་དུ་གྱུར་ཅིང་། ང་རྒྱལ་སྤྱོད་པས་སློབ་དཔོན་མེད་ཅིང་འགྲན་ཟླ་མེད་པར་བྱང་ཆུབ་པར་འདོད་པའོ། །གཉིས་པ་ལམ་སློབ་ཚུལ་ལ་ཡང་གསུམ་ལས། དང་པོ་ནི། རང་རྒྱལ་གྱི་རིགས་ལ་གནས་པ་ཁ་ཅིག །བསྐལ་པ་བརྒྱར་སངས་རྒྱས་འབྱུང་བ་མཉེས་པར་བྱེད་ཅིང་། རང་བྱང་ཆུབ་ཏུ་རྒྱུད་སྨིན་པར་བྱས་ནས་ཕྱིས་རང་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་དངོས་པོ་དྲུག་ལ་མཁས་པར་བྱེད་དོ། །གཉིས་པ་ནི། དུས་ངེས་པ་མེད་པར་སངས་རྒྱས་འབྱུང་བ་མཉེས་པར་བྱེད་ཅིང་། སྐྱེས་བུ་དམ་པ་ལ་བསྟེན་ནས། དམ་པའི་ཆོས་ཉན། ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་ནས་སློབ་དཔོན་གྱི་དྲུང་དུ་ངེས་འབྱེད་ཆ་མཐུན་བསྐྱེད་ཅིང་། ཚེ་དེ་ལ་ཆོས་མངོན་པར་རྟོགས་པ་དང་། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་མི་ནུས་པས། ཕྱི་མ་ལ་དེ་དག་ཐོབ་པར་བྱ་བའི་ཕྱིར་དངོས་པོ་དྲུག་ལ་མཁས་པར་བྱེད་པའོ། །གསུམ་པ་ནི། གཞན་སྔ་མ་དང་འདྲ་བ་ལས། སློབ་དཔོན་གྱི་དྲུང་དུ་ཆོས་མངོན་པར་རྟོགས་ཤིང་། འབྲས་བུ་དང་པོ་གཉིས་གང་རུང་བ་མངོན་དུ་བྱེད་ལ་འབྲས་བུ་ཕྱི་མ་གཉིས་མངོན་དུ་བྱེད་མི་ནུས་པས་ཕྱི་མ་ལ་མངོན་དུ་བྱ་བའི་ཕྱིར་དངོས་པོ་དྲུག་ལ་མཁས་པར་བྱེད་པའོ། །གསུམ་པ་ཡང་དག་པར་གྲུབ་པ་ནི། ལམ་དང་པོ་ལ་བསེ་རུ་ལྟ་བུའི་རང་རྒྱལ་བར་འགྱུར་རོ། །གཉིས་པ་དང་གསུམ་པ་ལས་ནི། ཚོགས་ན་སྤྱོད་པའི་རང་རྒྱལ་བར་འགྱུར་རོ། །བཞི་པ་ཚོགས་ཀྱི་ཁྱད་པར་ནི། བསེ་རུ་བསྐལ་པ་བརྒྱར་ཚོགས་བསོག་པར་བྱེད་ཅིང་། ཚོགས་ན་སྤྱོད་པ་དག་ལ་ནི། ཚོགས་ཀྱི་དུས་ངེས་པ་མེད་དེ། ཉན་ཐོས་འགའ་ཞིག་གིས་འདིར་འགྱུར་བར་སྲིད་པའི་ཕྱིར་རོ། །ཁ་ཅིག་གསུམ་གའང་བསྐལ་པ་བརྒྱར་ཚོགས་བསོག་པར་འདྲ་ཞེས་པ་མི་འཐད་དེ། རྒྱུ་མཚུངས་པར་འབྲས་བུ་བཟང་ངན་མི་རིགས་པའི་ཕྱིར་རོ། །ཡང་ཁ་ཅིག་ཚོགས་སྤྱོད་གཉིས་ལ་ཡང་ཚོགས་སོག་པའི་ཁྱད་པར་དབང་པོ་རྣོ་རྟུལ་གྱི་ཁྱད་པར་ཡོད་ཅེས་པ་ཡང་མི་རིགས་ཏེ། ཤེས་བྱེད་མེད་པས་སོ། །ལྔ་པ་གནས་པ་ནི། ཀུན་ཀྱང་ཐུགས་ཆོས་ཟབ་མོ་ལ་མོས་པ་དང་། རྟེལ་འབྲེལ་ཟབ་མོ་ལ་སོ་སོར་རྟོག་པ་ལྷུར་བྱེད་པ་དང་། རྣམ་ཐར་སྒོ་གསུམ་ཡིད་ལ་བྱེད་ཅིང་གནས་སོ། །ལུས་ནི། བསེ་རུ་ལྟ་བུ་ཟླ་མེད་པ་གཅིག་པུར་གནས་ཤིང་། གཞན་རྣམས་ནི་ཚོགས་དང་ལྷན་ཅིག་གནས་སོ། །དྲུག་པ་རྒྱུ་བ་ནི། དེ་ཀུན་ཀྱང་གྲོང་ཁྱེར་གྲོང་རྡལ་གང་དུ་བརྟེན་ཅིང་གནས་ཀྱང་རུང་སྟེ། ལུས་ཤིན་ཏུ་བསྲུང་བ། དབང་པོ་ཤིན་ཏུ་བསྡོམས་པ། གྲོང་ལ་སོགས་པར་བསོད་སྙོམས་ལ་འཇུག་སྟེ། ཕ་རོལ་དམན་པ་རྣམས་ལ་སྙིང་བརྩེ་བར་བྱེད་པ་ན་ཡང་ལུས་ཀྱིས་ཆོས་སྟོན་ཅིང་། ངག་གིས་མ་ཡིན་པ་དང་། ཞེ་འགྲས་པ་བཟློག་པའི་ཕྱིར་རྫུ་འཕྲུལ་དུ་མ་སྟོན་པ་མཛད་དོ། །བདུན་པ་སྤྱིའི་སྒྲ་བཤད་ནི། ལུང་མེད་པར་བདག་ཉིད་གཅིག་པུའི་ཕྱིར་སངས་རྒྱས་པས་ན་རང་སངས་རྒྱས་སོ། །བྱེ་བྲག་གི་སྒྲ་བཤད་པ་ནི། བསེ་རུ་ལྟར་ཁྱིམ་པ་དང་། རབ་ཏུ་བྱུང་བའི་ཕྱོགས་གཞན་དང་ལྷན་ཅིག་ཏུ་མི་འདྲེ་བས་ན་བསེ་རུ་ལྟ་བུའོ། །རང་རྒྱལ་གཞན་དང་ལྷན་ཅིག་ཏུ་གནས་པས་ན་ཚོགས་ན་སྤྱོད་པ་ཞེས་བྱའོ། །གཉིས་པ་ཡན་ལག་གི་དོན་ལ། མདོར་བསྟན་རྒྱས་བཤད་གཉིས་ཀྱི་དང་པོ་ནི། རང་སངས་རྒྱས་ཀྱི་ས་ནི་རང་རྒྱལ་གྱི་མངོན་རྟོགས་དེ་ཉིད་ཡིན་ཏེ། ཐེག་པ་བར་པའི་མངོན་རྟོགས་ཡིན་པས་སོ། །གཉིས་པ་ལ་བཞི་སྟེ། དང་པོ་ཚོགས་ལམ་སྒྲུབ་པའི་དུས་ནི། བསེ་རུ་ལྟ་བུའི་རང་སངས་རྒྱས་ནི། བསྐལ་པ་བརྒྱའི་བར་དུ་རྒྱུད་སྨིན་པའི་ཕྱིར་ཚོགས་ལམ་སྒྲུབ་སྟེ། མཛོད་དུ། བསེ་རུ་བསྐལ་པ་བརྒྱའི་རྒྱུས། །ཞེས་སོ། །གཉིས་པ་མངོན་རྟོགས་བསྒོམ་ཚུལ་ནི། སྲིད་པ་ཐ་མའི་ཚེ་རྟེན་འབྲེལ་ལུགས་འབྱུང་ལུགས་ཟློག་བསྒོམས་པས་བདེན་བཞིའི་དེ་ཁོ་ན་ཉིད་རྟོགས་ནས་འབྲས་བུ་ཐོབ་པར་འགྱུར་རོ། །ཇི་ལྟར་རྟེན་འབྲེལ་བསྒོམས་པས་བདེན་བཞི་རྟོགས་པར་འགྱུར་ཞེ་ན། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་པ་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་པའི་བར་རྟེན་འབྲེལ་ལུགས་འབྱུང་བསྒོམ་པ་ལས་སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་གི་བདེན་པ་རྟོགས་པར་འགྱུར་ཏེ། ལས་ཉོན་གྱི་རང་བཞིན་གྱིས་མ་རིག་པ་དང་འདུ་བྱེད་གཉིས་སྲིད་པའི་རྩ་བར་རྟོགས་ནས། ཀུན་འབྱུང་ཉེས་དམིགས་ཀྱི་སྒོ་ནས་སྤང་བྱར་ཤེས་པར་འགྱུར་ཞིང་། སྐྱེ་བ་དང་རྒ་ཤི་དག་ལས་ཉོན་མོངས་ཀྱི་འབྲས་བུ་མཐར་ཐུག་པར་རྟོགས་པ་ན། སྡུག་བདེན་མཚན་ཉིད་ཀྱི་སྒོ་ནས་ཤེས་བྱར་རྟོགས་པར་འགྱུར་བའི་ཕྱིར་རོ། །གང་འགགས་པས་རྒ་ཤི་འགག །སྐྱེ་བ་འགགས་པས་རྒ་ཤི་འགག །གང་འགགས་པས་འདུ་བྱེད་འགག །མ་རིག་པ་འགགས་པས་འདུ་བྱེད་འགག །ཅེས་སོགས་རྟེན་འབྲེལ་དེ་ཉིད་ལུགས་བཟློག་དུ་བསྒོམ་པ་ལས་འགོག་པ་དང་ལམ་གྱི་བདེན་པ་རྟོགས་པར་འགྱུར་ཏེ། རྟེན་འབྲེལ་བཅུ་གཉིས་འགགས་པའི་འགོག་པ་དངོས་སུ་བསྟན་ཅིང་། དེ་ཐོབ་བྱེད་ཀྱི་ཐབས་མ་རིག་པའི་གཉེན་པོ་ལམ་བདེན་བསྟེན་བྱར་ཤུགས་ལ་རྟོགས་པར་འགྱུར་བའི་ཕྱིར་རོ། །གསུམ་པ་འབྲས་བུ་ཐོབ་ཚུལ་ནི། བསམ་གཏན་དང་པོའི་སེམས་ཐོབ་ནས། །ལམ་བཞི་སྟན་ཐོབ་གཅིག་ལ་བསྒྲུབ། །ཅེས་པ་ནོར་པ་སྟེ། མཛོད་དུ། སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་བརྟེན་གཅིག་ལ་ཀུན། །ཞེས་པས། སངས་རྒྱས་དང་བསེ་རུ་ལྟ་བུའི་རང་རྒྱལ་རྣམས་བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་ནས། སྦྱོར་ལམ་ནས་ཟད་མི་སྐྱེ་ཤེས་པའི་བར་ལམ་ཐམས་ཅད་སྟན་ཐོག་གཅིག་ལ་བསྐྱེད་པར་བཤད་པའི་ཕྱིར་རོ། །དེ་བས་ན་བཞི་པའི་རབ་མཐའ་ལ་བརྟེན་ནས། ལམ་བཞི་སྟན་ཐོག་གཅིག་ལ་བསྒྲུབ་ཅེས་བསྒྱུར་ན་ལེགས་སོ། །བཞི་པ་འབྲས་བུའི་དབྱེ་བ་ནི། གྲོགས་གཞན་དང་ལྷན་ཅིག་གནས་པ་ཚོགས་ན་སྤྱོད་པ་དང་། གྲོགས་མེད་པ་གཅིག་པུར་གནས་པ་བསེ་རུ་ལྟ་བུའི་རང་སངས་རྒྱས་སོ། །གཉིས་ཀའང་ཚོགས་ལམ་སྒྲུབ་པའི་དུས་སུ་སློབ་དཔོན་ལ་བརྟེན་ཏོ། །གསུམ་པ་སྙོམས་འཇུག་གཉིས་ཀྱི་སྐྱེ་ཚུལ་ལ་གཉིས་ཀྱི། དང་པོ་འདུ་ཤེས་མེད་པའི་སྙོམས་འཇུག་སྐྱེ་ཚུལ་ནི། རྟེན་གྱི་གང་ཟག་བསམ་གཏན་བཞི་པའི་སེམས་ཐོབ་པའི་སོ་སོ་སྐྱེ་བོ་ལོག་པས་ཚངས་པར་སྤྱོད་པ་ཚོལ་བ་རྣམས་འདི་ལ་སྙོམས་པར་འཇུག་སྟེ། ཡིད་ལ་བྱེད་པ་ནི། འདུ་ཤེས་མེད་པའི་སེམས་ལ་ཐར་པ་དང་། འདུ་ཤེས་མེད་པའི་སྙོམས་འཇུག་ལ་ཐར་ལམ་དུ་འདུ་ཤེས་ནས། འཁོར་བ་ལས་ངེས་པར་འབྱུང་བའི་བསམ་པས་ཚོགས་དྲུག་གི་འདུ་ཤེས་འཁོར་དང་བཅས་པ་འགོག་པའོ། །དང་པོ་མ་ཐོབ་པ་ཐོབ་པར་བྱེད་པ་འདོད་པར་སྙོམས་པར་འཇུག་པར་བྱེད་ཅིང་། ཐོབ་ཟིན་གོམས་པར་བྱེད་པ་གཟུགས་ཀྱི་ཁམས་སུ་ཡང་མངོན་དུ་བྱེད་དོ། །ཞེས་འདོད་པར་སྣང་། གཉིས་པ་འགོག་པའི་སྙོམས་འཇུག་སྐྱེ་ཚུལ་ལ། གང་ཟག་ནི་སྲིད་རྩེའི་སེམས་ཐོབ་པའི་འཕགས་པ་གསུམ་འགོག་པ་ལ་སྙོམས་པར་འཇུག་སྟེ། འདི་ལྟར། ཐེག་ཆེན་པ་ནི་ས་དྲུག་པ་ལ་གནས་པའི་འཕགས་པ་འགོག་པ་ལ་སྙོམས་པར་འཇུག་སྟེ། དབུ་མ་འཇུག་པར། མངོན་དུ་གྱུར་པ་མཉམ་གཞག་སེམས་གནས་ཏེ། །རྫོགས་པའི་བྱང་ཆུབ་ཆོས་ལ་མངོན་ཕྱོགས་ཞིང་། །རྐྱེན་ཉིད་འདི་པའི་དེ་ཉིད་མཐོང་བ་དེ། །ཤེས་རབ་གནས་པ་འགོག་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །ཐེག་པ་དམན་པ་ནི། ཕྱིར་མི་འོང་ལུས་མངོན་བྱེད། དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་རྣམས་འགོག་པ་ལ་སྙོམས་པར་འཇུག་གོ །གང་ཟག་དེ་དག་ཚུལ་ཇི་ལྟར་སྙོམས་པར་འཇུག་ཅེ་ན། དགག་གཞི་ཀུན་གཞིའི་སྟེང་དུ་དགག་བྱ་རྣམ་ཤེས་ཚོགས་དྲུག་དང་ཉོན་ཡིད་དེ་ཚོགས་བདུན་འཁོར་དང་བཅས་པ་འགོག་ཅིང་། ཡིད་བྱེད་ནི། འཕགས་པ་རྣམས་ཚོར་འདུ་རགས་པས་སྐྱོ་བ་ན། ཞི་བ་མྱང་འདས་འདྲ་བའི་འགག་པ་མངོན་དུ་བྱའོ་སྙམ་པས། འདི་ལ་འཇུག་པས་ཞི་བར་གནས་པ་ཡི་ཡིད་ལ་བྱེད་པས་སྙོམས་པར་འཇུག་གོ །འབྲས་བུ་ནི་འདུ་ཤེས་དང་ཚོར་བ་རགས་པ་འགོག་པའོ། །ངོ་བོ་ནི། ཀུན་གཞི་ལ་ཚོགས་བདུན་འཁོར་བཅས་བཀག་པའི་ལྡན་མིན་འདུ་བྱེད་དོ། །སྐྱེ་བ་ནི། དང་པོ་མ་ཐོབ་པ་ཐོབ་པར་བྱེད་པ་མིའི་ནང་དུ་སྙོམས་པར་འཇུག་ཅིང་། ཐོབ་ཟིན་གོམས་པར་བྱེད་པ་གཟུགས་ཀྱི་ཁམས་སུ་ཡང་མངོན་དུ་བྱེད་དོ། །གཟུགས་མེད་ཁམས་སུ་ནི་འདི་མངོན་དུ་བྱེད་པ་མེད་དེ། ཚོར་འདུ་རགས་པས་སྐྱོ་བ་རྣམས་འདི་ལ་མངོན་པར་འཇུག་པ་ཡིན་ལ། གཟུགས་མེད་པ་རྣམས་ནི་ཞི་བའི་རྣམ་པར་ཐར་པ་ལ་གནས་པས་འདི་ལ་གནས་པའི་འབད་རྩོལ་མི་བྱེད་པའི་ཕྱིར་རོ། །གཉིས་པ་ལམ་དེ་སྒྲུབ་བྱེད་དབང་པོའི་རིམ་པ་ལ། མདོར་བསྟན། རྒྱས་བཤད་གཉིས་ཀྱི་དང་པོ་ལ། མིག་སོགས་ཀུན་ནས་ཉོན་མོངས་ཀྱི་དབང་པོ་བཅུ་བཞི་དང་། དད་སོགས་རྣམ་བྱང་གི་དབང་པོ་བརྒྱད་དེ། དབང་པོ་ཉི་ཤུ་རྩ་གཉིས་ཀྱི། དང་པོ་བཅུ་བཞིས་ཀུན་ནས་ཉོན་མོངས་ཀྱི་ཕྱོགས་ལ་དབང་བྱེད་ལ། ཐ་མ་བརྒྱད་ཀྱིས་རྣམ་བྱང་གི་ཕྱོགས་ལ་དབང་བྱེད་དེ། འདི་ལྟར། ཟ་བ་པོ་སེམས་ཅན་གྱི་དངོས་པོ་ཡོངས་སུ་བསྟན་པ་ལ་དབང་བྱེད་པའི་དོན་གྱིས་མིག་སོགས་དབང་པོ་དྲུག་རྣམ་པར་བཞག་སྟེ། ནང་གི་སྐྱེ་མཆེད་དྲུག་པོ་ཉིད་ལ་སེམས་ཅན་གྱི་དངོས་པོར་ཐ་སྙད་འདོགས་པའི་ཕྱིར་རོ། །སེམས་ཅན་གྱི་དངོས་པོ་མ་སྐྱེས་པ་བསྐྱེད་པ་ལ་དབང་བྱེད་པའི་དོན་གྱིས། ཕོ་མོའི་དབང་པོ་གཉིས་རྣམ་པར་བཞག་སྟེ། དེ་གཉིས་ཀྱི་དབང་གིས་མངལ་དུ་སྐྱེ་བ་ལེན་པའི་ཕྱིར་རོ། །སེམས་ཅན་གྱི་དངོས་པོ་སྐྱེས་ཟིན་རྒྱུན་གནས་པ་དང་། རྒྱུན་གནས་པ་འཆི་འཕོ་བ་ལ་དབང་བྱེད་པའི་དོན་གྱིས་སྲོག་གི་དབང་པོ་བཞག་སྟེ། དེ་ཡོད་པ་དང་མེད་པ་ལས། འཚོ་བ་དང་། འཆི་བའི་ཐ་སྙད་འདོགས་པའི་ཕྱིར་རོ། །དེ་རྣམས་ཟ་བ་པོ་སེམས་ཅན་གྱི་དངོས་པོའི་དབང་དུ་བྱས་ཏེ་རྣམ་པར་བཞག་ལ། བཟའ་བྱ་ཡུལ་ལ་དབང་བྱེད་པའི་དོན་གྱིས་ཚོར་བའི་དབང་པོ་ལྔ་རྣམ་པར་བཞག་གོ །ཅིའི་ཕྱིར་ཐ་མ་བརྒྱད་རྣམ་བྱང་གི་ཕྱོགས་ལ་དབང་བྱེད་པ་ཡིན་ཞེ་ན། རྣམ་བྱང་གི་རྟེན་མངོན་མཐོ་ལ་དབང་བྱེད་པའི་ཐབས་ཀྱི་དབང་དུ་བྱས་ཏེ། དད་སོགས་དབང་པོ་ལྔར་བཞག་ལ་རྣམ་བྱང་གི་རང་བཞིན་ངེས་ལེགས་ལ་དབང་བྱེད་པའི་དོན་གྱི་མི་ཤེས་པ་ཀུན་ཤེས་པར་བྱེད་པ་སོགས་རྣམ་པར་བཞག་གོ། ཡང་ན་རྣམ་བྱང་གི་གཉིས་ཏེ། འཇིག་རྟེན་པའི་ལམ་དང་། འཇིག་རྟེན་ལས་འདས་པའི་ལམ་མོ། །དད་སོགས་ལྔ་ནི། འཇིག་རྟེན་པའི་ལམ་སྒྲུབ་པ་ལ་དབང་བྱེད་ལ། མི་ཤེས་པ་ཀུན་ཤེས་པ་སོགས་གསུམ་ནི། འཇིག་རྟེན་ལས་འདས་པའི་ལམ་སྒྲུབ་པ་ལ་དབང་བྱེད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། མིང་གི་རྐང་གྲངས་བསྟན་པ་དང་། སོ་སོའི་བྱེད་ལས་བསྟན་པ་དང་། ས་གར་ཡོད་དཔྱད་པའོ། །དང་པོ་ནི། མིག་ནས་ཡིད་ཀྱི་བར་དབང་པོ་དྲུག་དང་ཕོ་དབང་མོ་དབང་སྲོག་གི་དབང་པོ་དང་ཚོར་བའི་དབང་པོ་ལྔ་ནི། ལུས་ཀྱི་ཚོར་བ་བདེ་བ་དང་། སྡུག་བསྔལ་དང་། སེམས་ཀྱི་ཚོར་བ་ཡིད་བདེ་བ་དང་། མི་བདེ་བ་དང་། ལུས་སེམས་ཀྱི་ཚོར་བ་བཏང་སྙོམས་གཉིས་པོ་གཅིག་ཏུ་བྱས་པ་རྣམས་སོ། །དེ་དག་ནི་ཀུན་ནས་ཉོན་མོངས་ཀྱི་དབང་པོ་བཅུ་བཞིའོ། །མངོན་པར་ཡིད་ཆེས་པའི་དད་པ་དང་། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་དང་། དམིགས་པ་མ་བརྗེད་པའི་དྲན་པ་དང་། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་སྟེ། དགེ་བའི་དབང་པོ་ལྔའོ། །མཐོང་ལམ་གྱི་སྐབས་ཀྱི་ཡིད་མི་བདེ་མ་གཏོགས་པའི་ཚོར་བ་བཞི་དང་། དད་སོགས་དབང་པོ་ལྔ་སྟེ་དགུ་ནི། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོའོ། །སྒོམ་ལམ་གྱི་སྐབས་ཀྱི་དབང་པོ་དགུ་པོ་དེ་དག་ནི། ཀུན་ཤེས་པའི་དབང་པོ་ཞེས་བྱ་ལ། དབང་པོ་དགུ་པོ་དེ་དག་ལ་མི་སློབ་ལམ་གྱི་སྐབས་སུ་ཀུན་ཤེས་ལྡན་གྱི་དབང་པོ་ཞེས་བྱ་སྟེ། དེ་དག་ནི་ཟག་མེད་ཀྱི་དབང་པོ་གསུམ་མོ། །གཉིས་པ་ནི། ཉི་ཤུ་རྩ་གཉིས་པོ་དེ་དག་དབང་བྱེད་པས་ན་དབང་པོ་སྟེ། གང་ཞིག་གང་ལ་དབང་བྱེད་ཞེ་ན། མིག་ལ་སོགས་པ་དབང་པོ་གཟུགས་ཅན་ལྔ་ནི། གཟུགས་ནས་རེག་བྱའི་བར་རང་རང་གི་དོན་དམིགས་པ་ལ་དབང་བྱེད་པའི་ཕྱིར་དང་། ཡིད་ནི་དོན་ཐམས་ཅད་དམིགས་པ་ལ་དབང་བྱེད་པའི་ཕྱིར་རོ། །མིག་སོགས་དྲུག་དབང་པོ་ཡིན་ནོ། །ཕོ་མོའི་དབང་པོ་གཉིས་ནི། སྐྱེས་པ་དང་བུད་མེད་སོགས་སེམས་ཅན་གྱི་བྱེ་བྲག་རྣམ་པར་འབྱེད་པ་ལ་དབང་བྱེད་པས་དབང་པོ་ཡིན་ནོ། །སྲོག་ནི་རིས་མཐུན་གནས་པ་ལ་དབང་བྱེད་པས་དབང་པོ་ཡིན་ལ། སྲོག་དེ་ནི་ཚེ་ཞེས་བྱ་ལ། དེ་ཡང་ཁམས་འོག་མ་རྣམས་སུ་དྲོད་ཀྱི་རྟེན་དང་། གཟུགས་མེད་དུ་རྣམ་ཤེས་ཀྱི་རྟེན་དུ་གྱུར་པའི་ལྡན་མིན་འདུ་བྱེད་གང་ཡིན་པའོ། །ཆགས་སོགས་ཀུན་ནས་ཉོན་མོངས་པ་ལ་དབང་བྱེད་པ་ནི་ཚོར་བའི་དབང་པོ་ལྔ་ཡིན་ཏེ་བདེ་བ་དང་ཡིད་བདེ་བ་ལ་ཆགས་པ་དང་། སྡུག་བསྔལ་དང་ཡིད་མི་བདེ་བ་ལ་སྡང་བ་དང་། གཏི་མུག་ལས་བཏང་སྙོམས་འཕེལ་བར་འགྱུར་བའི་ཕྱིར་རོ། །འཇིག་རྟེན་པའི་རྣམ་བྱང་ལ་དབང་བྱེད་པ་ནི་དད་སོགས་ལྔའོ། །ཀུན་ཤེས་པར་བྱེད་པས་ནི་མཐོང་བའི་ལམ་ལ་དབང་བྱེད་དེ། བདེན་པ་མངོན་པར་མ་རྟོགས་པ་རྟོགས་པར་བྱེད་པའི་ཕྱིར་རོ། །ཀུན་ཤེས་པ་ནི་སྒོམ་པའི་ལམ་ལ་དབང་བྱེད་དེ། བདེན་པ་མཐོང་ཟིན་གོམས་པར་བྱེད་པའི་ཕྱིར་རོ། །ཀུན་ཤེས་ལྡན་པས་ནི་མི་སློབ་ལམ་ལ་དབང་བྱེད་སྟེ། ལྷག་བཅས་ཀྱི་སྐབས་སུ་མཐོང་ཆོས་ལ་བདེར་གནས་དང་། ལྷག་མེད་ལ་འཇུག་པ་ལ་དབང་བྱེད་པའི་ཕྱིར་རོ། །གསུམ་པ་ནི། རྟེན་འདོད་པའི་ཁམས་པ་ལ་སྲིད་པ་ལ་དབང་པོ་ཐམས་ཅད་ཡོད་ལ། སས་བསྡུས་པའི་ཚུལ་གྱི་ཟག་མེད་གསུམ་མ་གཏོགས་པ་ཐམས་ཅད་ཡོད་དོ། །ཕོ་མོའི་དབང་པོ་དང་སྡུག་བསྔལ་ཡིད་མི་བདེ་མ་གཏོགས་པ་ལྷག་མ་རྣམས་བསམ་གཏན་འོག་མ་གཉིས་ན་ཡོད་ལ། འཁྲིག་པ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་ཕོ་མོའི་དབང་པོ་མེད་ཅིང་། མི་དགེ་བ་མེད་པས་སྡུག་བསྔལ་དང་ཡིད་མི་བདེ་རྣམ་སྨིན་གྱི་མེད་ལ། ལུས་སེམས་ལ་གནོད་པ་བྱར་མེད་པས་དེ་དག་རྒྱུ་མཐུན་གྱི་ཀྱང་མེད་དོ། །ཡིད་བདེ་མ་གཏོགས་པ་ལྷག་མ་བཅུ་བདུན་བསམ་གཏན་གསུམ་པ་ན་ཡོད་ལ། དགའ་བ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་ཡིད་བདེ་མེད་དོ། །བདེ་བ་མ་གཏོགས་པ་བསམ་གཏན་བཞི་པ་ན་ལྷག་མ་བཅུ་དྲུག་དང་ལྡན་ལ། བསམ་གཏན་གྱི་སྐྱོན་བརྒྱད་ལས་གྲོལ་བའི་ཕྱིར་བདེ་བ་མེད་དེ། མཛོད་དུ། སྐྱོན་བརྒྱད་ལས་ནི་གྲོལ་བའི་ཕྱིར། །བཞི་པ་གཡོ་བ་མེད་པ་ཡིན། །ཅེས་དང་། སྐྱོན་བརྒྱད་ནི། རྟོག་དང་དཔྱོད་པ་དབུགས་དག་དང་། །བདེ་བ་ལ་སོགས་བཞི་ཡིན་ནོ། །ཞེས་བཤད་དོ། །དད་སོགས་ལྔ་ཟག་མེད་གསུམ་སྟེ། དགེ་བ་བརྒྱད་བཏང་སྙོམས་སྲོག་ཡིད་དང་བཅུ་གཅིག་ལྡན་པའི་ཚུལ་གྱིས་གཟུགས་མེད་ཀུན་ན་ཡོད་ལ། སྲིད་རྩེར་ཟག་མེད་གསུམ་པ་ཡིས་བསྡུས་པའི་ཚུལ་གྱིས་མེད་དེ། དེ་ལ་ཟག་མེད་མི་བརྟེན་པའི་ཕྱིར་རོ། །དེ་སྐད་དུ་ཡང་། མཛོད་ལས། འདོད་པ་ཁམས་དང་སྲིད་རྩེ་ན། །བྱང་ཆུབ་ལམ་གྱི་ཡན་ལག་སྤངས། །ཞེས་སོ། །ལུང་ཀུན་ལས་བཏུས་པ་ལས་ལེའུ་ལྔ་པའི་རྣམ་བཤད་དོ། །

ལེའུ་དྲུག་པ།

སྤྱི་དོན་གཉིས་པ། ཐེག་པ་གོང་མ་ཐུན་མོང་མ་ཡིན་པའི་ལམ་ལ་གསུམ་སྟེ། ལམ་སྤྱིའི་སྔོན་དུ་འགྲོ་བ། ལམ་གྱི་རང་བཞིན་ངེས་པར་བྱ་བ། ལམ་གྱི་ཡན་ལག་གཞན་དོན་བྱ་བའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། མཐུན་རྐྱེན་དགེ་བའི་བཤེས་གཉེན་བསྟེན་པ། དེ་ལ་ཆོས་བཤད་ཉན་བྱ་བ་ཆོས་དང་མཐུན་པའི་ཀུན་སྤྱོད་བཅུ་སྐྱོང་ཚུལ། དང་པོ་ལ་གཉིས་ཏེ། སློབ་དཔོན་བསྟེན་དགོས་པའི་རྒྱུ་མཚན། བསྟེན་བྱའི་སློབ་དཔོན་ངོས་གཟུང་བའོ། །དང་པོ་ནི། འཕགས་ལམ་བསྐྱེད་པ་ལ་སྐྱེས་བུ་དམ་པ་བསྟེན་པ་གཙོ་བོ་ཡིན་པར་བསྟན་པའི་ཕྱིར་ཏེ། བཤེས་སྤྲིང་དུ། དགེ་བའི་བཤེས་གཉེན་བསྟེན་པ་ཞེས་སོགས་གསུངས་ཏེ། དོན་ནི། ལམ་སྒྲུབ་པའི་ཐོག་མར་སྐྱེས་བུ་དམ་པ་ལ་བསྟེན་པར་བགྱི་སྟེ། དགེ་བའི་བཤེས་གཉེན་བསྟེན་པ་ནི་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པའི་རྒྱུ་ཡིན་པར་ཐུབ་པས་གསུངས་པའོ། །ཇི་སྐད་དུ། མདོ་ལས་ཀུན་དགའ་བོ་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་ནི་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་སྐྱེ་བའི་ཆོས་ཅན་རྣམས་དགེ་བའི་བཤེས་གཉེན་ལ་བརྟེན་ནས་སྐྱེ་བ་ལས་ཡོངས་སུ་གྲོལ་ལོ་ཞེས་འབྱུང་ངོ་། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར། རྟག་པར་སྐྱེས་བུ་དམ་པ་བསྟེན་པར་བགྱི་སྟེ། རྒྱལ་བ་ལ་བརྟེན་ནས་སེམས་ཅན་རབ་ཏུ་མང་པོས་ཞི་བ་ཐོབ་པ་བཞིན་ནོ། །དེ་ལ་ཚངས་པར་སྤྱོད་པ་ནི། འདིར་ཐར་པའི་ལམ་སྟེ། སྲིད་པའི་ཉེས་པ་མ་ལུས་པ་ཚངས་པ་མྱ་ངན་ལས་འདས་པའི་དོན་དུ་སྤོང་བའི་ཕྱིར་རོ། །གཉིས་པ་ནི། སྐྱེས་བུ་དམ་པའི་མཚན་ཉིད་ཅི་ཞེ་ན། བཤེས་གཉེན་གང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་ལྡན་པས། དུལ་བ། སེམས་ཀྱི་བསླབ་པ་དང་ལྡན་པས་ཞི་བ། ཤེས་རབ་ཀྱི་བསླབ་པ་དང་ལྡན་པས་ཉེ་བར་ཞི་བ། སློབ་མ་ལས་ལུང་རྟོགས་ཀྱི་ཡོན་ཏན་ལྷག་པ། གཞན་དོན་གྱི་བྱ་བ་ལ་སྤྲོ་བས་བརྩོན་པ། སྡེ་སྣོད་གསུམ་གྱི་ལུང་གིས་ཕྱུག་པ། གནས་ལུགས་ཀྱི་དེ་ཁོ་ན་ཉིད་རབ་ཏུ་རྟོགས་ཤིང་རྟོགས་པ་ལྟར་གཞན་ལ་སྨྲ་ཞིང་བརྡ་སྤྲོད་པ་ལ་མཁས་པ། ཟང་ཟིང་ལ་མི་ལྟ་ཞིང་སློབ་མ་ལ་བརྩེ་བའི་བདག་ཉིད་ཅན། གདམས་པ་དང་རྗེས་སུ་གདམས་པ་སྨྲ་བ་ལ་སྐྱོ་བ་སྤངས་པ་ལ་བརྟེན་པར་བྱ་ཞེས་རྒྱན་ལས་གསུངས་སོ། །གཉིས་པ་ལ་གསུམ། ཆོས་དེ་ཇི་ལྟར་བཤད་ཚུལ། བཤད་བྱ་ཆོས་ཀྱི་རང་བཞིན། འཆད་བྱེད་སྡེ་སྣོད་ཀྱི་དབྱེ་བ་བསྟན་པའོ། །དང་པོ་ལ་གསུམ། སློབ་མའི་བློ་བཅོས་ཚུལ། དབང་པོ་རྣོ་རྟུལ་རྗེས་སུ་བཟུང་ཚུལ། མན་ངག་ཉིད་རྒྱས་པར་བཤད་ཚུལ་ལོ། །དང་པོ་ནི། གཞན་ཡང་སློབ་དཔོན་གྱིས་དམ་པའི་ཆོས་འཆད་པ་ན། སློབ་མ་འགའ་ཞིག་བདག་ལྟ་བུས་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པར་ག་ལ་ནུས་སྙམ་དུ་སེམས་ཞུམ་པ་ལ། ཞུམ་བཅས་རྩོལ་བ་དོར་བ་ལ། །ཕོངས་ལས་ཐར་པ་ཡོད་དམ་ཅི ། །ཞེས་སོགས་ཞུམ་པའི་ཉེས་དམིགས་དང་། གང་ཕྱིར་སེམས་ཅན་མིར་གྱུར་པ། །ཚད་མེད་སྐད་ཅིག་རེ་རེ་ལ། །རྫོགས་པའི་བྱང་ཆུབ་ཐོབ་དེའི་ཕྱིར། །ཞུམ་པ་དང་དུ་བླང་མི་བྱ། །ཞེས་སོགས་ཀྱིས་སེམས་གཟེངས་བསྟོད་པ་དང་། འགའ་ཞིག་འདོད་དོན་གྱི་ཕྱིར་ལ་འཕྲོ་ཞིང་རྒོད་པ་ལ། དགེ་བ་ལ་བཀོལ་དུ་མི་རུང་བ་ལ་འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་བསྟན་པ་དང་། འགའ་ཞིག་སེམས་ནང་དུ་བྱིང་ཞིང་རྨུགས་པ་རྣམས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་ཐར་བཤད་པ་སོགས་ངོ་མཚར་བའི་གཏམ་བཤད་ནས་ཉན་དུ་གཞུག་གོ །གཉིས་པ་ནི། བློ་ཅན་ཟབ་མོའི་སྣོད་དུ་རུང་བ་རྣམས་ལ་ཟབ་པ་སྟོང་པ་ཉིད་རྒྱ་ཆེ་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་ཐབས་བཤད་ཅིང་། བློ་ཆུང་བ་ཟབ་མོའི་སྣོད་དུ་མི་རུང་བ་རྣམས་ལ། རྗོད་བྱེད་བཟུང་བདེ་བ་ཚིག་མདོར་བསྡུས་པ་དང་། བརྗོད་བྱ་གོ་སླ་བ་དང་དགེ་བ་བཅུ་དང་། མི་དགེ་བ་བཅུ་ལ་སོགས་པ་མངོན་མཐོའི་ཆོས་ཙམ་བཤད་དོ། །གསུམ་པ་ནི། མདོ་དང་བསྟན་བཅོས་རྣམས་རྒྱས་པར་འཆད་པར་འདོད་ན། བཤད་ཐབས་ཀྱི་མན་ངག་ལྔའི་སྒོ་ནས་བཤད་དོ། །ཐོག་མར་གཞུང་ལ་རྟོགས་ལྡན་འཇུག་པའི་ཡན་ལག །གཞུང་ལ་ཐོས་བསམ་བྱས་པའི་གནས་སྐབས་དང་མཐར་ཐུག་གི་དགོས་པ་བསྟན་ནོ། །དེའི་འོག་ཏུ་དགོས་པ་དེ་རྟོགས་པའི་ཐབས་སུ་གཞུང་གོང་འོག་གི་བརྗོད་བྱ་སྤྱིའི་ཚུལ་གྱིས་སྟོན་ལ་བསྡུས་པའི་དོན་བསྟན་ནོ། །དེའི་འོག་ཏུ་བསྡུས་དོན་བདེ་བླག་ཏུ་རྟོགས་པའི་མན་ངག་གཞུང་གི་ཚིག་རེ་རེ་ནས་འགྲེལ་པའི་ཚིག་དོན་བསྟན་ནོ། །དེའི་ཚིག་སྔ་ཕྱིའི་གོ་རིམ་མི་འགལ་བར་བྱ་བའི་ཕྱིར། སྔ་ཕྱི་འབྲེལ་བར་བྱ་བའི་ཕྱིར་མཚམས་སྦྱོར་བསྟན་པ་དང་། ཚིག་དང་དོན་རིགས་པ་དང་མི་རིགས་པ་རྒལ་བར་བྱ་བའི་ཕྱིར་རྒལ་ལན་གྱིས་གཏན་ལ་ཕབ་སྟེ་བསྙད་པར་བྱའོ། །གཉིས་པ་བཤད་བྱ་ཆོས་ཀྱི་རང་བཞིན་ལ་གཉིས་ཀྱི། དང་པོ་མཐའ་དྲུག་གཏན་ལ་དབབ་པ་ནི། བཤད་བྱའི་མདོ་ལ་སོགས་པ་དེ་ལའང་དྲང་དོན་ངེས་དོན་གཉིས། སྒྲ་ཇི་བཞིན་དང་། ཇི་བཞིན་མ་ཡིན་པ་གཉིས། དགོངས་དགོངས་མིན་གཉིས་ཏེ། མཐའ་དྲུག་ཡོད་ཅེས་འཆད་པར་སྣང་སྟེ། རྣལ་འབྱོར་ཆེན་པོ་རྩ་བའི་རྒྱུད་འབའ་ཞིག་ལས་མཐའ་དྲུག་ཡོད་ཀྱི། མདོ་བསྟན་བཅོས་དང་། རྒྱུད་སྡེ་འོག་མ་རྣམས་ལ་མཐའ་དྲུག་གི་བཤད་པ་མེད་པས་འབྲེལ་བ་མེད་དོ། །དེས་ན་འཕགས་པ་ཀླུ་སྒྲུབ། མདོ་ལ་དྲང་དོན་དང་ངེས་དོན་གཉིས་སུ་འབྱེད་དེ། དབུ་མ་རྩ་བར། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡན་ལག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་གསུངས་ཤིང་། དེ་སྐྱེ་བ་དང་འགག་པ་ལ་སོགས་ཀུན་རྫོབ་ཀྱི་བདེན་པ་གཙོར་བོ་སྟོན་པ་དྲང་བའི་དོན་དང་། ངེས་པའི་དོན་གཉིས། སྐྱེ་མེད་སྟོང་ཉིད་སོགས་དོན་དམ་སྟོན་པ་ངེས་པའི་དོན་དུ་བཞེད་དེ། ཏིང་ངེ་འཛིན་རྒྱལ་པོ་ལས། སྟོན་པ་བདེ་བར་གཤེགས་པས་བསྟན་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལ་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་གསུངས་སོ། །ཐུན་མོང་དུ་དགོངས་པ་བཞི་གཏན་ལ་དབབ་པ་ནི། མཉམ་པ་ཉིད་ལ་དགོངས་པ་ནི། ཐུབ་པས་སངས་རྒྱས་རྣམ་པར་གཟིགས་ཀྱི་བསྔགས་པ་བརྗོད་ནས་ང་ཉིད་དེའི་ཚེ་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་གསུངས་པ་ལྟ་བུ་སྟེ། དགོངས་གཞི་ནི་ཆོས་ཀྱི་སྐུ་མཉམ་པའོ། །དགོས་པ་ནི་ཐུབ་པ་ལ་བརྙས་པ་སྤོང་བར་འགྱུར་བའོ། །དོན་གཞན་ལ་དགོངས་པ་ནི། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་། མ་སྐྱེས་པར་གསུངས་པ་སྔར་ལྟར་རོ། །དུས་གཞན་ལ་དགོངས་པ་ནི། གང་དག་བདེ་བ་ཅན་དུ་སྨོན་ལམ་འདེབས་པ་དེ་དག་དེར་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །དགོངས་གཞི་དུས་རིང་པོ་ན་དེ་ལྟར་འགྱུར་བའོ། །དགོས་པ་ལེ་ལོའི་གཉེན་པོར་འགྱུར་བའོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི། འགའ་ཞིག་ཏུ་སྦྱིན་པར་བསྔགས་ཤིང་འགའ་ཞིག་ཏུ་སྨད་པའོ། །དགོངས་གཞི་ནི་དགེ་བ་མི་བྱེད་པ་ལ་ལྟོས་ཏེ་སྦྱིན་པ་མཆོག་ཡིན་ལ། ཚུལ་ཁྲིམས་ལ་སོགས་པ་ལ་ལྟོས་ནས་དམན་པའོ། །དགོས་པ་ནི། ཁ་ཅིག་སྦྱིན་པ་ལ་འཇུག་པ་དང་། དེས་ཆོག་པར་འཛིན་པ་རྣམས་གོང་མ་ལ་སྦྱོར་བའོ། །ལྡེམ་དགོངས་བཞི་ནི། གཞུག་པ་དང་། མཚན་ཉིད་དང་། གཉེན་པོ་དང་། བསྒྱུར་བ་ལ་ལྡེམ་པོར་དགོངས་པའོ། །གཞུག་པ་ལྡེམ་པོར་དགོངས་པ་ནི། ཉན་ཐོས་ལ་སོགས་ཐེག་ཆེན་ལ་གཞུག་པའི་གཟུགས་ཕྱི་རོལ་གྱི་དོན་ཡོད་པར་གསུངས་པ་སྟེ། དགོངས་གཞི་བཟུང་བྱར་སྣང་བ་ཙམ་ལ་དགོངས་ལ། སྒྲ་ཇི་བཞིན་པར་གོ་ཡང་། དེ་དག་གི་བློ་དང་མཐུན་པའི་སྒོ་ནས། རིམ་གྱིས་ཐེག་ཆེན་ལ་འཇུག་པའི་དགོས་པ་ཡོད། མཚན་ཉིད་ལྡེམ་པོར་དགོངས་པ་ནི། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་སོགས་པར་བསྟན་པའོ། །དགོངས་གཞི་ནི་ཀུན་བཏགས་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་དང་། གཞན་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད་པ་དང་། ཡོངས་གྲུབ་ལ་དོན་དམ་པ་ངོ་བོ་ཉིད་མེད་པའོ། །དགོས་པ་བདེན་ཞེན་ལྡོག་པའོ། །གཉེན་པོ་ལྡེམ་པོར་དགོངས་པ་ནི། སྒྲིབ་པ་བརྒྱད་ཀྱི་ཉེས་པ་འདུལ་བའི་ཕྱིར་ཐེག་ཆེན་བསྟན་པ་སྟེ། སྒྲིབ་པ་བརྒྱད་ནི། སངས་རྒྱས་ཆོས་ལ་བརྙས་པ་དང་། །ལེ་ལོ་ཅུང་ཟད་ཆོག་འཛིན་དང་། །འདོད་ཆགས་ང་རྒྱལ་སྤྱོད་པ་དང་། །འགྱོད་དང་མ་ངེས་ལྡོག་པ་ནི། །སེམས་ཅན་རྣམས་ཀྱི་སྒྲིབ་རྣམས་ཏེ། །དེའི་གཉེན་པོར་ཐེག་མཆོག་བསྟན། །ཅེས་པའོ། །དེ་ལ་སངས་རྒྱས་རྣམ་གཟིགས་ཀྱི་སྔགས་པ་གསུངས་པ་ན། འཁོར་འགའ་ཞིག་བདག་གི་སྟོན་པ་དེ་བས་དམན་ནམ་སྙམ་དུ་སངས་རྒྱས་ལ་བརྙས་པའི་གཉེན་པོར། མཉམ་པ་ཉིད་གསུམ་ལ་དགོངས་ནས་དེའི་ཚེ་དེའི་དུས་ན་ང་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏེ་ཞེས་གསུངས་པས་ཏེ། མཉམ་པ་ཉིད་གསུམ་ནི། མཛོད་དུ། སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པ། །མཉམ་པ་ཉིད་དེ་སྐུ་ཚེ་དང་། །རིགས་ཏེ་སྐུ་བོངས་ཚད་ཀྱིས་མིན། །ཞེས་སོ། །ཡང་འགའ་ཞིག་འདི་ནི་ཆད་པ་སྟོན་པའོ། །ཞེས་ཐེག་ཆེན་གྱི་ཆོས་ལ་བརྙས་པའི་གཉེན་པོར་རྟོགས་པའི་ཆོས་ལ་དགོངས་ནས་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་ན་ཐེག་ཆེན་གྱི་ཆོས་ཐོབ་པར་འགྱུར་ཅེས་པའོ། །ལེ་ལོ་ཅན་དག་ལ་དུས་གཞན་དུ་སྐྱེ་བ་ལ་དགོངས་ནས། བདེ་བ་ཅན་དུ་སྨོན་ལམ་འདེབས་པ་དེ་དག་དེར་སྐྱེ་བར་འགྱུར་རོ་ཞེས་པའོ། །དགེ་བ་ཅུང་ཟད་ཀྱི་ཆོག་པ་འཛིན་པའི་གཉེར་པོར་སྦྱིན་པ་ལ་སྨད་ནས་ཚུལ་ཁྲིམས་བསྔགས་པ་ལྟ་བུ་གང་ཟག་གི་བསམ་པ་ལ་དགོངས་པའོ། །འཁོར་བའི་ཕུན་ཚོགས་ལ་ཆགས་པའི་གཉེན་པོར་སངས་རྒྱས་ཀྱི་ཞིང་གི་འབྱོར་པ་ལ་བསྔགས་པ་ལྟ་བུ་དང་། རང་གི་ལུས་དང་སྟོབས་ཀྱིས་ང་རྒྱལ་བ་ལ་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལྟ་བུ་དང་། མ་སྐྱེས་དགྲ་ལྟ་བུས་གནོད་པ་བྱས་པས་འགྱོད་པའི་གཉེན་པོར། སངས་རྒྱས་དང་བྱང་སེམས་ལ་གནོད་པ་བྱས་པ་ཡང་མཐོ་རིས་སུ་འགྲོའོ་ཞེས་གསུངས་པ་ལྟ་བུ་དང་། མ་ངེས་པའི་རིགས་ཅན་ཐེག་ཆེན་ལས་ལྡོག་པའི་གཉེན་པོར། མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་པ་དང་། ཉན་ཐོས་ལུང་བསྟན་པ་ལ་སོགས་པ་ལྟ་བུའོ། །བསྒྱུར་བ་ལྡེམ་པོར་དགོངས་པ་ནི། རབ་ཏུ་གྲགས་པའི་ཡི་གེ་ངན་པ་རྣམས་མ་གྲགས་པའི་དོན་ཟབ་མོ་སྟོན་བྱེད་དུ་བསྒྱུར་བ་སྟེ། ཇི་སྐད་དུ། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ཤིན་ཏུ་གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་འཐོབ་པར་འགྱུར། །ཞེས་པ་ལྟ་བུ་སྟེ། དོན་ནི། སྙིང་པོ་ནི་རྣམ་གཡེང་ཡིན་ལ། དེ་མེད་པ་ནི་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ནོ། །རྟག་སོགས་ལ་ཕྱིན་ཅི་ལོག་པ་ནི་མི་རྟག་པ་སོགས་ཡིན་ལ། དེ་ལ་གནས་པས་ལྷག་མཐོང་བསྟན་ནོ། །ཡུན་རིང་པོར་གཞན་དོན་གྱི་དཀའ་སྤྱད་ཀྱིས་ཉོན་མོངས་པས་རབ་ཏུ་ཉོན་མོངས་ཅེས་པས་སྙིང་རྗེ་བསྟན་ཏེ། དེ་ལྟར་ཏིང་ངེ་འཛིན་དང་ཤེས་རབ་བསྒོམ་ཞིང་སྙིང་རྗེས་གཞན་དོན་ལ་འབད་པས་བྱང་ཆུབ་འཐོབ་བོ། །ཞེས་པའོ། །ལྡེམ་དགོངས་བཞི་པོ་དེ་དག་ཀྱང་། རྒྱན་ལས། ཉན་ཐོས་དང་ནི་ངོ་བོ་ཉིད། །དེ་བཞིན་ཉེས་པ་འདུལ་བ་དང་། །བརྗོད་པ་ཟབ་པ་ཉིད་ལ་ནི། །ལྡེམ་པོར་དགོངས་པ་དེ་རྣམས་བཞི། །ཞེས་བཤད་པ་ལྟར་རོ། །དགོངས་ལྡེམ་དགོངས་ཀྱི་ཁྱད་པར་ནི། དགོངས་གཞི་གཙོ་བོར་སྟོན་པ་དགོངས་པ། དགོས་པ་གཙོ་བོར་སྟོན་པ་ལྡེམ་དགོངས་སོ། །གསུམ་པ་ལ་ལྔ། དང་པོ་བཀའ་དང་བསྟན་བཅོས་ངོས་བཟུང་བ་ནི། བརྗོད་བྱེད་བཀའ་དང་བསྟན་བཅོས་གཉིས་ཞེས་པ་ལ། བཀའི་མཚན་ཉིད་ནི། བདག་རྐྱེན་སངས་རྒྱས་ལས་དངོས་སུ་བྱུང་ཞིང་། བརྗོད་བྱ་བདེན་གཉིས་སྟོན་ལ། བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་སྤོང་བར་བྱེད་པ་སྟེ། རྒྱུད་བླ་མ་ལས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང་། །ཞི་བའི་ཕན་ཡོན་སྟོན་པར་བྱེད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། །ཞེས་སོ། །བསྟན་བཅོས་ནི། རྩོམ་པ་པོ་རྣམ་གཡེང་མེད་པའི་ཡིད་ཅན་གྱིས། བཀའི་དོན་བཤད་ནས། ཐར་པའི་ལམ་སྟོན་པ་སྟེ། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་གསུང་བཞིན་སྤྱི་བོས་བླངས། །ཞེས་སོ། །གཉིས་པ་སྡེ་སྣོད་གསུམ་ངོས་བཟུང་བ་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པ་འདུལ་བ། སེམས་ཀྱི་བསླབ་པ་སྟོན་པ་མདོ་སྡེ། ཤེས་རབ་ཀྱི་བསླབ་པ་སྟོན་པ་མངོན་པ་སྟེ་སྡེ་སྣོད་གསུམ་མོ། །དེ་ལ་ཚུལ་ཁྲིམས་ཀྱིས་མ་སྨིན་པ་སྨིན་པར་བྱེད་ལ། སེམས་དང་ཤེས་རབ་ཀྱིས་གོ་རིམ་བཞིན་དུ། སྤང་བྱ་མགོ་གནོན་པ་དང་། ས་བོན་དྲུངས་ནས་འབྱིན་པར་བྱེད་པས། བརྗོད་བྱ་བསླབ་པ་གསུམ་དུ་ངེས་ལ། དེའི་རྗོད་བྱེད་སྡེ་སྣོད་གསུམ་དུ་ངེས་པ་ཡིན་ནོ། །

གསུམ་པ་རྒྱུད་སྡེ་བཞི་ངོས་བཟུང་བ་ནི། བྱ་བ། སྤྱོད་པ། རྣལ་འབྱོར། རྣལ་འབྱོར་ཆེན་པོ་སྟེ། རྒྱུད་སྡེ་བཞིའོ། །དེ་ཡང་གདུལ་བྱ་དབང་པོ་དམན་པ་དང་། འབྲིང་དང་། མཆོག་དང་། ཆེས་མཆོག་ཏུ་གྱུར་པ་བཞིའི་དབང་དུ་བྱས་པ་སྟེ། རྡོ་རྗེ་གུར་ལས། དབང་པོ་དམན་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །དབང་པོ་མཆོག་ལ་རྣལ་འབྱོར་ཏེ། །རྣལ་འབྱོར་བླ་མེད་དེ་ལྟག་ལ། །ཞེས་སོ། །བཞི་པ་གསུང་རབ་ཡན་ལག་བཅུ་གཉིས་ངོས་བཟུང་བ་ནི། མདོའི་སྡེ་ནས་གཏན་ལ་ཕབ་པའི་སྡེའི་བར་རྣམས་སོ། །ལྔ་པ་དེ་དག་སྡེ་སྣོད་གང་གིས་ཕྱོགས་སུ་གཏོགས་པ་ནི། དང་པོ་ལྔ་ནི་ཉན་ཐོས་ཀྱི་སྡེ་སྣོད་ཡིན་ཏེ། ཉན་ཐོས་ལ་ཡང་ཡོད་པའི་ཕྱིར་དང་། ཐེག་ཆེན་ལ་དེ་ལྔའི་མཚན་ཉིད་ཅན་ཡོད་པ་ནི། ཤིིན་ཏུ་རྒྱས་པ་དང་། རྨད་དུ་བྱུང་བའི་སྡེ་སྣོད་དུ་འདུས་པའི་ཕྱིར་རོ། །ཤིན་ཏུ་རྒྱས་པ་རྨད་དུ་བྱུང་བའི་སྡེ་སྣོད་གཉིས་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་དེ། བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམས་བསམ་གྱིས་མི་ཁྱབ་ཅིང་། རྒྱ་ཆེ་བ་སྟོན་པའི་ཕྱིར་རོ། །གཏན་ལ་ཕབ་པའི་སྡེ་སྣོད་ནི། ཐེག་པ་ཆེ་ཆུང་གཉིས་ཀའི་མངོན་པའི་སྡེ་སྣོད་དེ། གཉིས་ཀའི་ཤེས་བྱ་ཐུན་མོང་དུ་གཏན་ལ་འབེབས་པའི་ཕྱིར་རོ། །གླེང་གཞི་སོགས་གཞན་བཞི་ནི། ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པས་འདུལ་བའི་སྡེ་སྣོད་ཡིན་ལ། དེ་ཡང་གླེང་གཞི་གཙོ་བོ་དང་གཞན་གསུམ་འཁོར་ཡིན་ནོ། །གསུམ་པ་ཆོས་དང་མཐུན་པའི་ཀུན་སྤྱོད་བཅུ་བསྐྱང་ཚུལ་ནི། སྡེ་སྣོད་གསུམ་པོ་དེ་དག་ཡི་གེ་འབྲི་བ་དང་། དེ་དག་ལ་སྤོས་དང་མེ་ཏོག་གིས་མཆོད་པ་དང་། བྲིས་པའི་གླེགས་བམ་གཞན་ལ་སྦྱིན་པ་དང་། གཞན་འཆད་པ་ལ་ཉན་པ་དང་། རང་ཀློག་ཅིང་འཛིན་པ་དང་། ཚུལ་བཞིན་ལེན་པ་དང་། གཞན་ལ་ཕྱིན་ཅི་མ་ལོག་པར་འཆད་པ་དང་། བཟུང་ཟིན་ཁ་ཏོན་བྱང་བར་བྱེད་པ་དང་། ཐོས་པའི་དོན་ཚུལ་བཞིན་དུ་སེམས་པ་དང་། བསམ་པའི་དོན་རྩེ་གཅིག་ཏུ་སྒོམ་པ་སྟེ། སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་དབུས་མཐའ་ལས་གསུངས་སོ། །

གཉིས་པ་ལམ་གྱི་རང་བཞིན་ངེས་པར་བྱ་བ་ལ་བཞི་སྟེ། འཇུག་ཡུལ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ། བདེན་གཉིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། དེའི་བསླབ་བྱ་ཉམས་སུ་བླང་ཚུལ། ཉམས་མྱོང་མངོན་པར་རྟོགས་པའི་རིམ་པའོ། །དང་པོ་ལ་དྲུག་ལས། དང་པོར་སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན་ནི། སྡོམ་པ་གང་ལེན་ཡང་། དང་པོར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་ཏེ། གསུམ་ལ་སྐྱབས་སུ་འགྲོ་བ་ནི། བསྙེན་གནས་དང་དགེ་བསྙེན་ཕ་མ་གཉིས་དང་། དགེ་ཚུལ་ཕ་མ་གཉིས་དང་། དགེ་སློབ་མ་དང་། དགེ་སློང་ཕ་མ་གཉིས་ཏེ། སྡོམ་པ་བརྒྱད་ཀྱི་རྩ་བ་ཡིན་པས་སོ། །དེ་སྐད་དུ་ཡང་མཛོད་ལས། སྡོམ་པ་ཀུན་ལས་ཡོད་མོད་ཀྱིས། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་སོ། །སྐྱབས་སུ་སོང་བའི་ཕན་ཡོན་ནི། སངས་རྒྱས་ཀྱི་མཐུས་ལོང་བས་མིག་དང་། འོན་པས་རྣ་བ་དང་། སེམས་འཁྲུགས་པ་རྣམས་ཀྱིས་དྲན་པ་ཐོབ་པ་ལ་སོགས་པ་འཚེ་བ་ཐམས་ཅད་ལས་སྐྱོབ་པ་དང་། འོད་ཟེར་བཀྱེ་བས་ངན་སོང་དུ་སྐྱེས་པ་རྣམས་ངན་སོང་ལས་ཐར་ཞིང་། ཕྱིས་དེར་མི་འགྲོ་བར་མཛད་པས་ངན་སོང་ལས་སྐྱོབ་པ་དང་། བདེ་འགྲོ་དང་ཐར་པའི་ལམ་ཕྱིན་ཅི་མ་ལོག་པ་བསྟན་པས་བདེ་འགྲོ་དང་ཐར་པའི་ཐབས་མ་ཡིན་པ། མུ་སྟེགས་བྱེད་ཀྱི་ལྟ་སྤྱོད་ངན་པ་ལས་སྐྱོབ་པ་དང་། འཇིག་ཚོགས་ནི་ཉེར་ལེན་གྱི་ཕུང་པོ་ཡིན་ལ། དེ་ལ་བདག་གམ་བདག་གིར་ལྟ་བ་ནི། འཇིག་ཚོགས་ལ་ལྟ་བ་ཞེས་བྱ་སྟེ། ཉན་རང་གི་མྱང་འདས་ལ་བཀོད་ནས། འཇིག་ཚོགས་དང་དེར་ལྟ་བ་ལས་སྐྱོབ་པ་དང་། མ་ངེས་པའི་རིགས་ཅན་ཐེག་ཆེན་དུ་ངེས་པ་ལ་བཀོད་ནས་ཐེག་པ་དམན་པ་ལས་སྐྱོབ་པར་མཛད་དེ། དེའི་ཕྱིར་ན་སངས་རྒྱས་དེ་རྣམས་སྐྱབས་ཀྱི་དམ་པ་ཡིན་ནོ། །སྐྱབས་སུ་མ་སོང་བའི་ཉེས་དམིགས་ནི། མདོ་རྒྱལ་མཚན་དམ་པ་ལས། འཇིགས་པས་ཉེན་པའི་མི་དག་ནི། །ཞེས་གསུངས་སོ། །འཇིག་རྟེན་པའི་སྐྱབས་དེ་དག་ལ་བརྟེན་ནས་འཁོར་བའི་འཇིགས་པ་ཆེན་པོ་ལས་མི་གྲོལ་ལོ་ཞེས་སོ། །སྐྱབས་ཚུལ་གྱི་ཁྱད་པར་ནི། གང་ལ་སྐྱབས་སུ་འགྲོ་བའི་ཡུལ། ཇི་སྲིད་དུ་སྐྱབས་སུ་འགྲོ་བའི་དུས། གང་གི་ཆེད་དུ་སྐྱབས་སུ་འགྲོ་བའི་ཁྱད་པར་གྱིས་ཐེག་པ་ཆེ་ཆུང་གི་སྐྱབས་འགྲོ་རྣམ་པར་དབྱེ་སྟེ། ཉན་ཐོས་རྣམས་ནི་ཡུལ་སྤྲུལ་སྐུའི་སངས་རྒྱས་དང་། ཐེག་ཆུང་གི་ཆོས་དང་། ཐེག་ཆུང་གི་དགེ་འདུན་ལ། དུས་ཇི་སྲིད་འཚོའི་བར་དུ། ཆེད་དུ་བྱ་བ་རང་གཅིག་པུ་མྱང་འདས་ཐོབ་པའི་ཕྱིར་དུ། ངོ་བོ་དཀོན་མཆོག་ལ་བརྟེན་ནས་ཁས་ལེན་པ་ཡིན་ནོ། །ཐེག་ཆེན་པའི་ཡུལ་འོག་ནས་འཆད་པའི་སངས་རྒྱས་ལ་སོགས་པ་དཀོན་མཆོག་གསུམ་ལ། རྒྱུ་སྙིང་རྗེ་ལ་བརྟེན་ནས་ཆེད་དུ་བྱ་བ་སེམས་ཅན་གྱི་དོན་ལ། དུས་བྱང་ཆུབ་སྙིང་པོའི་བར་དུ། ངོ་བོ་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་ཐར་བར་བྱ་བའི་ཕྱིར། དཀོན་མཆོག་ལ་བརྟེན་པར་དམ་བཅའ་བ་ཡིན་ནོ། །སྐྱབས་ཡུལ་གྱི་རང་བཞིན་ལ་གསུམ། སངས་རྒྱས་དཀོན་མཆོག །ཆོས་དཀོན་མཆོག །དགེ་འདུན་དཀོན་མཆོག །དང་པོ་ལ་བཞི། གནས་སྐབས་ཀྱི་ཆ ོས་དང་དགེ་འདུན། མཐར་ཐུག་གི་སྐྱབས་གནས་སངས་རྒྱས་ཆོས་སྐུ་ཡིན་པ། སྐུ་གཉིས་གདུལ་བྱའི་སྣང་དམིགས་སུ་བྱུང་བ། ཆོས་སྐུ་དང་གཟུགས་སྐུའི་རང་བཞིན་ཁྱད་པར་དུ་བཞག་པའོ། །དང་པོ་ནི། ལུང་རྟོགས་ཀྱི་ཆོས་གཉིས་དང་། ཐེག་པ་གསུམ་གྱི་འཕགས་པའི་ཚོགས་རྣམས་ནི་གཏན་གྱི་སྐྱབས་གནས་མ་ཡིན་ཏེ། འདི་ལྟར་ཆོས་ནི་ལུང་དང་རྟོགས་པའི་ཆོས་གཉིས་ཀྱི། ལུང་གི་ཆོས་ནི་མངོན་པར་རྟོགས་པས་མཐར་ཐུག་པར་གཟིངས་ལྟར་སྤང་བར་བྱ་བ་ཡིན་པའི་ཕྱིར་དང་། རྟོགས་པའི་ཆོས་ལ་རྒྱུ་ལམ་གྱི་བདེན་པ་ནི་འདུས་བྱས། བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར་དང་། འབྲས་བུ་འགོག་པའི་བདེན་པ་ནི། ཉན་ཐོས་ཀྱི་ལུགས་ལ་མར་མེ་ཤི་བ་ལྟར་མེད་པའི་ཕྱིར་དང་། མེད་པ་ཡང་སྐྱབས་ཉིད་དུ་འོས་པ་མ་ཡིན་པའི་ཕྱིར་རོ། །དགེ་འདུན་ནི་དགྲ་བཅོམ་པ་རྣམས་ཀྱང་འདུ་བྱེད་ཀྱི་མཚན་མ་ལ་གཤེར་མ་རལ་གྲི་འདེབས་པ་ལྟར་འཇིགས་པ་དང་བཅས་པས་སངས་རྒྱས་ལ་སྐྱབས་སུ་འགྲོ་ཞིང་། སློབ་པ་བྱ་བ་དང་བཅས་པ་ཡིན་ལ། སྐྱབས་ནི་སྐྱབས་གཞན་ཚོལ་བ་མ་ཡིན་པའི་ཕྱིར་དང་། གཉིས་པ་ནི། དོན་དམ་པའི་སྐྱབས་གནས་སངས་རྒྱས་ཁོ་ན་ཡིན་ཏེ། དེ་ཐོབ་ནས་གོ་འཕང་གཞན་དོན་དུ་གཉེར་བ་མེད་པའི་ཕྱིར་དང་། ཆོས་དང་དགེ་འདུན་ཡང་དེའི་མཐར་ཐུག་ཕྱིར་ཏེ། འདི་ལྟར་སྐྱོབ་པ་ནི་ཆོས་ཀྱི་སྐུ་ཅན་ཡིན་པས་ཆོས་དཀོན་མཆོག་ཀྱང་དེ་ཡིན་ལ། ཐེག་པ་གསུམ་གྱི་ཚོགས་ཀྱང་དེ་ཐོབ་པ་སྤངས་རྟོགས་མཐར་ཐུག་པའི་ཕྱིར། དགེ་འདུན་དཀོན་མཆོག་ཀྱང་དེ་ཡིན་པའི་ཕྱིར་རོ། །གསུམ་པ་ནི་བྱེ་བྲག་སྨྲ་བ་ན་རེ། སངས་རྒྱས་ཀྱི་གཟུགས་སྐུ་གཉིས་ནི་སྡུག་བསྔལ་བདེན་པ་ཡིན་པས་ཟག་བཅས་ཡིན་ལ། དེ་ཡང་སེམས་སེམས་བྱུང་མ་ཡིན་པས་མཚུངས་ལྡན་གྱི་ཟག་བཅས་མ་ཡིན་ཡང་། དམིགས་པའི་སྒོ་ནས་ཟག་པ་རྒྱས་པར་འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །ཐེག་ཆེན་པ་ལྟར་ན་གཟུགས་སྐུ་གཉིས་ཀྱང་ཟག་མེད་ཡིན་ནོ། །བཞི་པ་ནི། ཆོས་དབྱིངས་དྲི་བྲལ་དང་། ཇི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་དབྱེར་མེད་འབྲལ་དུ་མི་རུང་བ་དེ་ཉིད་ཆོས་ཀྱི་སྐུ་ཡིན་ནོ། །དོན་གཉིས་ཕུན་སུམ་ཚོགས་པ་སྐུ་གསུམ་གྱི་བདག་ཉིད་ཅན་ནི། སངས་རྒྱས་དཀོན་མཆོག་ཡིན་ནོ། །དེ་ཡང་ཡོན་ཏན་བརྒྱད་དང་ལྡན་ཏེ། འདུས་མ་བྱས་པ་ནི་སྐྱེ་འཇིག་གནས་གསུམ་དང་བྲལ་བའི་ཕྱིར་རོ། །ལྷུན་གྱིས་གྲུབ་པ་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་ཆོས་སྐུའི་རང་བཞིན་ཡིན་པས་སོ། །གཞན་གྱི་རྐྱེན་གྱིས་མི་རྟོགས་པ་ནི་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་རྟོགས་བྱ་ཡིན་པས་སོ། །དེ་གསུམ་ནི་རང་དོན་ནོ། །གསུམ་པོ་དེ་ཉིད་རང་བྱུང་གི་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པ་ནི་མཁྱེན་པའོ། །རང་གིས་མཁྱེན་པ་ལྟར་གཞན་མ་རྟོགས་པ་རྣམས་ལ་སྟོན་པ་ནི་བརྩེ་བའོ། །མཁྱེན་བརྩེ་དེ་གཉིས་ཀྱིས་གཞན་གྱི་སྡུག་བསྔལ་རྒྱུ་དང་བཅས་པ་འཇོམས་པ་ནི། ནུས་པ་སྟེ། གསུམ་པོ་དེ་ནི་གཞན་དོན་ནོ། །ཡང་བསམ་མེད་གཉིས་མེད་རྟོག་མེད་དེ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱི། །གང་ཞིག་གང་གི་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་པ་ལྟར། ཡོན་ཏན་བརྒྱད་དང་ལྡན་པའི་རྣམ་བྱང་གི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་ནི་ཆོས་དཀོན་མཆོག་དེ་ལ་བསམ་མེད། གཉིས་མེད། རྟོག་མེད་གསུམ་ནི། གང་ཟག་གི་ཆགས་པ་དང་བྲལ་བ་འགོག་པའི་བདེན་པ་སྟེ་མུ་བཞིར་རྟོག་གེས་བརྟགས་པར་མི་ནུས་པའི་ཕྱིར་དང་། ལས་དང་ཉོན་མོངས་པ་གཉིས་མེད་པའི་ཕྱིར་དང་། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་མེད་པའི་ཕྱིར་རོ། །དག་གསལ་གཉེན་པོའི་ཕྱོགས་གསུམ་ནི། གང་གིས་ཆགས་པ་དང་བྲལ་བ་ལམ་གྱི་བདེན་པ་སྟེ། མི་མཐུན་ཕྱོགས་དང་བྲལ་བས་རྣམ་པར་དག་པ་དང་། ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱའི་དེ་ཁོ་ན་ཉིད་གསལ་བར་བྱེད་པ་དང་། གནས་ལུགས་མཐོང་བའི་གེགས་ཀྱི་མུན་པའི་གཉེན་པོ་བྱེད་པས་སོ། །ཡང་དགེ་འདུན། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་པ་ལྟར། སེམས་རང་བཞིན་གྱིས་འོད་གསལ་བར་རྟོགས་པས་ཇི་ལྟ་བ་མཁྱེན་པ་དང་། སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་མཐོང་བ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དང་ལྡན་པ་བྱང་སེམས་འཕགས་པ་སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ཏེ། དེ་དག་ནི་ཐེག་ཆེན་གྱི་དབང་དུ་བྱས་པས་སོ། །གཉིས་པ་ཆོས་དཀོན་མཆོག་ལ་བཞི། བསྟན་པ་དང་བསྟན་འཛིན་གཉིས་སུ་དབྱེ་བ། ཁྱད་པར་དུ་ལུང་ཆོས་སྤོབས་པ་བཞི་ལྡན་དུ་བཤད་པ། སྒྲ་དོན་འབྲེལ་བ་ལུང་ཆོས་སུ་སྒྲུབ་པ། ལམ་འགོག་འབྲེལ་བ་རྟོགས་ཆོས་སུ་བསྟན་པའོ། །དང་པོ་ནི། དམ་ཆོས་རྣམ་པ་གཉིས། ལུང་གི་ཆོས་སྡེ་སྣོད་གསུམ་དང་རྟོགས་པའི་ཆོས་འགོག་ལམ་གཉིས། དེ་ལ་ལུང་གི་ཆོས་འཛིན་པར་བྱེད་པ་ནི། སྡེ་སྣོད་གསུམ་སྨྲ་བར་བྱེད་པ་ཡིན་ལ། རྟོགས་པའི་ཆོས་འཛིན་པ་ནི་བསླབ་པ་རིན་པོ་ཆེ་གསུམ་སྒྲུབ་པར་བྱེད་པ་ཡིན་ནོ། །གཉིས་པ་ནི། ལུང་གང་ཞིག་བརྗོད་བྱ་བདེན་པ་གཉིས་ཀྱི་དོན་དང་ལྡན་ཞིང་། བརྗོད་བྱེད་ཀྱི་ཆོས་མིང་ཚིག་ཡི་གེའི་ཚོགས་རྣམ་པར་དག་པ་དང་འབྲེལ་ལ་བྱེད་ལས་ཁམས་གསུམ་གྱི་ཀུན་ནས་ཉོན་མོངས་པ་སྤོང་བར་བྱེད་པའི་གསུང་གང་ཞི་བ་མྱང་འདས་ཀྱི་ཕན་ཡོན་སྟོན་པ་དེ་ནི་དྲང་སྲོང་སངས་རྒྱས་ཀྱི་གསུང་ཡིན་ལ། དེ་ལས་བཟློག་སྟེ་མཚན་ཉིད་དེ་དང་མི་ལྡན་པ་ནི་སངས་རྒྱས་ཀྱི་གསུང་ལས་གཞན་ཡིན་ནོ། །གསུམ་པ་ནི། དོན་གྱི་ངོ་བོ་ཙམ་སྟོན་པ་མིང་། ཁྱད་པར་སྟོན་པ་ཚིག །ཨཱ་ལི་ཀཱ་ལི་སོགས་ཡི་གེའི་རྣམ་པ་སྒྲ་སྤྱིར་སྣང་བ་ནི་བརྗོད་བྱེད་ཀྱི་ཆོས་ཡིན་ལ། མི་རྟག་སྡུག་བསྔལ་སོགས་དོན་སྤྱིར་སྣང་བ་བརྗོད་བྱ་ཡིན་ཞིང་། བརྗོད་བྱེད་སྒྲ་དང་བརྗོད་བྱ་དོན་འབྲེལ་ཞིང་མི་བསླུ་བ་ནི། ཚད་མར་གྱུར་པའི་ལུང་ཡིན་ལ། དེ་དག་འབྲེལ་བ་མེད་པའི་ཚིག་ཙམ་ནི། ལུང་མ་བསྟན་ཏེ་ཚིག་ལྟར་སྣང་ཡིན་ནོ། །བཞི་པ་ནི། དྲན་པ་ཉེར་བཞག་སོགས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སློབ་པ་དང་མི་སློབ་པས་བསྡུས་པ་ནི་རྟོགས་པའི་ཆོས་ཡིན་ནོ། །གསུམ་པ་དགེ་འདུན་དཀོན་མཆོག་ནི། ཐེག་པ་ཆེ་ཆུང་གི་ཆོས་ལས་ཇི་ལྟར་གསུངས་པ་བཞིན་དུ། བསླབ་པ་གསུམ་ལ་བསླབས་པས། ལམ་ལྔ་བསྒྲོད་དེ་རྟོགས་པ་སྐྱེ་བའི་འཕགས་པ་རྣམས་ནི། དགེ་འདུན་དཀོན་མཆོག་ཡིན་ཏེ། ཤེས་ནས་དད་པ་ཐོབ་པས་སྐྱབས་གནས་ལ་མི་ཕྱེད་པའི་ཕྱིར་རོ། །སྐྱབས་འགྲོའི་བསླབ་བྱ་ནི། དུས་ཐམས་ཅད་དུ་དཀོན་མཆོག་གསུམ་ལ་བློ་གཏོད་ཅིང་། དཀོན་མཆོག་མཆོད་པ་ལ་བརྩོན་པར་བྱ་བ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས་ལྷ་གཞན་ལ་སྟོན་པར་མི་བཟུང་། དམ་པའི་ཆོས་མ་ཡིན་པ་ལ་ལམ་དུ་མི་བྱ། དགེ་འདུན་མ་ཡིན་པ་ལ་གྲོགས་སུ་མི་བཟུང་སྟེ། མདོ་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །ཞེས་སོགས་གསུངས་པ་བཞིན་ནོ། །གཉིས་པ་སེམས་བསྐྱེད་ལ། སྤྱི་དང་། ཡན་ལག་གི་དོན་གཉིས་ཀྱི། དང་པོ་ལ། སེམས་བསྐྱེད་ཀྱི་རྟེན་དང་། རང་བཞིན་གཉིས་ཀྱི་དང་པོ་ནི། སྨོན་པའི་སེམས་ནི་ཐེག་ཆེན་ལ་མོས་ཤིང་སངས་རྒྱས་ཐོབ་པར་འདོད་པ་ཅན་གྱི་ལྷ་དང་ཀླུ་སོགས་དག་ལ་ཡང་སྐྱེ་སྟེ། སེམས་འཆད་པ་ན་ལྷའི་བུ་རྣམས་ཀྱིས་སེམས་བསྐྱེད་པ་དང་། རྒྱ་མཚོས་ཞུས་པ་ལས། ཀླུ་ཉི་ཁྲི་ཆིག་སྟོང་གིས་སེམས་བསྐྱེད་པ་སོགས་བཤད་པས་སོ། །བྱང་ས་ལྟར་ན། འཇུག་པ་སེམས་བསྐྱེད་ཀྱི་རྟེན་དུ་སོ་ཐར་གྱི་སྡོམ་པ་དགོས་པས། མི་ལས་གཞན་པ་ལ་མི་སྐྱེ་བར་མངོན་ནོ། །གཉིས་པ་ལས་རྒྱུ་འབྲས་ངོ་བོ་གསུམ་གྱི་དང་པོ་ནི། རྒྱུ་རིགས་དང་རྐྱེན་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། སངས་རྒྱས་ལ་དམིགས་པའི་དད་པ་རྣམས་ཡིན་ལ། མདོ་སྡེ་རྒྱན་དུ། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་བྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་ཀྱང་གསུངས་སོ། །གཉིས་པ་གནས་སྐབས་ཀྱི་འབྲས་བུ། སྤྱོད་འཇུག་ཏུ། འདི་ནི་དེ་བཞིན་གཤེགས་པ་མཉེས་བྱེད་ཡིན། །རང་དོན་ཡང་དག་སྒྲུབ་པ་ཡང་འདི་ཉིད་དོ། །འཇིགས་དང་སྡུག་བསྔལ་སེལ་བ་ཡང་འདི་ཉིད་དེ། །དེ་བས་བདག་གིས་རྟག་ཏུ་འདི་ཉིད་བྱ། །ཞེས་སོ། །མཐར་ཐུག་གི་འབྲས་བུ་སངས་རྒྱས་ཐོབ་པ་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ་སྙིང་རྗེའི་རྩ་བ་ཅན། ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ། །ཞེས་གསུངས་ཤིང་། སེམས་འགྲེལ་ལས་ཀྱང་། བྱང་ཆུབ་སེམས་ནི་མ་སྐྱེས་པར། །སངས་རྒྱས་ནམ་ཡང་མི་འཐོབ་ཅིང་། །འཁོར་བར་བདག་གཞན་དོན་སྒྲུབ་པའི། །ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །ངོ་བོ་ལ། མཚན་ཉིད། མཚན་གཞི། དབྱེ་བ། སྨོན་འཇུག་གི་ཁྱད་པར་དང་བཞིའི་དང་པོ་ནི། གཞུང་ནས་འབྱུང་བ་ལྟར་ཡིན་ལ། གཉིས་པ་ནི། འབྲས་བུ་བྱང་ཆུབ་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་གྱི་གཙོ་བོ་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ཡིན་ཏེ། ཉི་སྣང་དུ། སེམས་བསྐྱེད་པ་ཞེས་བྱ་བ་ལ། སེམས་ནི་རྣམ་པར་ཤེས་པ་སྟེ་རྣམ་པར་རིག་པའོ། །རྣམ་པར་ཤེས་པ་གང་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དཀར་པོའི་ཆོས་ཐམས་ཅད་ལ་དམིགས་པ་ནི་དེ་ལ་སྲིད་པའི་ཕྱིར་རོ། །ཞེས་སོ། །གསུམ་པ་ནི། ངོ་བོས་དབྱེ་ན་སྨོན་འཇུག་གཉིས། རྒྱུའི་སྒོ་ནས་བརྡ་དང་ཆོས་ཉིད་ཀྱིས་ཐོབ་པ་གཉིས། གྲོགས་ཀྱི་སྒོ་ནས་ཉི་ཤུ་རྩ་གཉིས། ས་མཚམས་ཀྱི་སྒོ་ནས་བཞི་སྟེ། རྒྱན་ལས་སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་གསུངས་པ་ལྟར་རོ། །བཞི་པ་ནི། བྱང་ཆུབ་དོན་གཉེར་གཙོ་བོར་གྱུར་པ་སྨོན་པ་དང་། སྡོམ་པ་བླངས་ནས་སྦྱིན་སོགས་ལམ་ལ་འཇུག་པ་འཇུག་པའི་སེམས་བསྐྱེད་དུ་ཁ་ཅིག་འདོད། བྱང་ཆུབ་དོན་གཉེར་གྱི་བློ་དེ་ཉིད་སྦྱིན་སོགས་སྒྲུབ་པའི་གྲོགས་ཀྱིས་མ་ཟིན་པ་སྨོན་པ་དང་། ཟིན་པ་འཇུག་པ་སེམས་བསྐྱེད་དུ་ཤེར་འབྱུང་བློ་གྲོས་ཀྱིས་བཤད་ཅིང་། སེང་གེ་བཟང་པོའི་དགོངས་པར་མངོན། གཉིས་པ་ཡན་ལག་གི་དོན་ལ་བདུན། སེམས་བསྐྱེད་ཀྱི་ངོ་བོ། ཀུན་རྫོབ་འཇུག་པའི་ཁྱད་པར། དོན་དམ་རྟོག་མེད་ཀྱི་རང་བཞིན། ས་ལམ་དང་སྦྱར་བའི་མིང་དོན་གྱི་རྣམ་དབྱེ། བྱང་སེམས་གཉིས་ག་ལ་སྐྱེ་བའི་ཚུལ། དཔེས་མཚོན་པའི་དབྱེ་བ་ཉི་ཤུ་རྩ་གཉིས། བྱང་སེམས་སྐྱེ་བའི་ཕན་ཡོན། དང་པོ་ནི། ཆེད་དུ་བྱ་བ་གཞན་གྱི་དོན་གྱི་ཕྱིར་དུ་འབྲས་བུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་དང་མཚུངས་ལྡན་གྱི་སེམས་སོ། །གཉིས་པ་ནི། ཡིད་ཀྱིས་སྨོན་ཞིང་ཞེས་སོགས་ཏེ་གོ་སླ། སྨོན་འཇུག་གི་ཁྱད་པར་ནི། དཔེར་ན། ཡུལ་འགའ་ཞིག་ཏུ་འགྲོ་བར་འདོད་པ་ལྟར། གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བསམ་པ་ནི་སྨོན་པ་ཡིན་པ་དང་། འགྲོ་བ་ལྟར་སངས་རྒྱས་ཐོབ་བྱེད་ཀྱི་ལམ་ལ་ཞུགས་ཤིང་ལམ་དེ་སྒྲུབ་པར་འདོད་པ་ནི་འཇུག་པ་ཡིན་ནོ། །ཞེས་པའོ། །དེ་བཞིན་དུ་བདག་གཞན་གྱི་དོན་སྒྲུབ་པར་འདོད་པའི་མཁས་པས་དཔེ་གཉིས་ཀྱི་བྱེ་བྲག་ཇི་ལྟ་བ་ནི་ཤེས་པ་བཞིན་དུ། དོན་འདི་གཉིས་ཀྱི་བྱེ་བྲག་རིམ་པ་བཞིན་དུ་ཤེས་པར་བྱའོ། །གསུམ་པ་ནི་ལུང་གི་ཁྱད་པར་རྫོགས་པའི་སངས་རྒྱས་སྤྲུལ་པའི་སྐུ་ལ་རབ་ཏུ་བསྙེན་བཀུར་བྱས་ནས་ཆོས་ཐོས་པ་དང་། སྒྲུབ་པའི་ཁྱད་པར་བསྐལ་པ་གྲངས་མེད་པ་གཅིག་ཏུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རབ་ཏུ་བསགས་པ་ལ། རྟོགས་པའི་ཁྱད་པར་ཆོས་ཐམས་ཅད་ལ་གཟུང་འཛིན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པའི་ཕྱིར་སེམས་བསྐྱེད་དེ་ནི་དོན་དམ་པའི་སེམས་བསྐྱེད་དུ་འདོད་དོ། །བཞི་པ་ནི། སེམས་བསྐྱེད་དེ་ནི་ས་རྣམས་ལ་ལྡན་ཚུལ་གྱིས་དབྱེ་ན། རྣམ་པ་བཞི་སྟེ། སྦྱོར་ལམ་མན་ཆད་དུ་བདག་གཞན་མཉམ་པ་དང་། དེ་ཁོ་ན་མངོན་སུམ་དུ་མ་རྟོགས་ཤིང་། དེ་དག་དོན་སྤྱིའི་རྣམ་པ་མོས་ཡུལ་དུ་བྱེད་པས་མོས་པ་ལས་བྱུང་བའི་སེམས་བསྐྱེད་དང་ས་དང་པོ་ནས་བདུན་པའི་བར་ན་བདག་གཞན་མཉམ་པར་རྟོགས་པ་ལྷག་པའི་བསམ་པ་རྣམ་པར་དག་པ། དག་པ་ས་གསུམ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་འབད་རྩོལ་མེད་པ་རྣམ་པར་སྨིན་པའི་སེམས་བསྐྱེད་ཡོད་དེ། དེ་ནི་སྔ་མ་གཉིས་ལས་གཞན་པའི་སེམས་བསྐྱེད་ཡིན་པར་འདོད་ལ། དེ་བཞིན་དུ་སངས་རྒྱས་ཀྱི་ས་ན་སྒྲིབ་པ་གཉིས་སྤངས་པས་སྒྲིབ་པ་སྤང་པའི་སེམས་བསྐྱེད་ཡོད་དོ། །ལྔ་པ་ནི། སྨོན་འཇུག་གི་སེམས་བསྐྱེད་དེ་ཡང་། སྟོབས་ལྔ་ལས་འབྱུང་སྟེ་གྲོགས་དགེ་བའི་བཤེས་གཉེན་དང་འགྲོགས་པའི་སྟོབས་དང་། རྒྱུ་ཐེག་ཆེན་གྱི་རིགས་སད་པའི་སྟོབས་དང་། དགེ་བའི་རྩ་བའི་སྟོབས་དང་། ཐེག་ཆེན་གྱི་ཆོས་ཐོས་པའི་སྟོབས་དང་། སྦྱིན་སོགས་དགེ་བ་གོམས་པའི་སྟོབས་ལས་འབྱུང་སྟེ། དེ་ཡང་གྲོགས་ཀྱི་སྟོབས་ལས་བྱུང་བ་ནི་མི་བརྟན་པ་དང་། གཞན་བཞི་ནི་བརྟན་པར་འབྱུང་ལ། དེ་དག་ནི་གཞན་གྱིས་བསྟན་པ་བརྡ་བྱུང་གི་སེམས་བསྐྱེད་དུ་བཤད་དོ། །དྲུག་པ་ནི། དཔེའི་སྒོ་ནས་སེམས་བསྐྱེད་ཉེར་གཉིས་ཀྱི་དབྱེ་བ་རྒྱན་ལས་གསུངས་ཏེ། དེ་ལ་དང་པོ་འདུན་ལྡན་སེམས་བསྐྱེད་ས་དང་འདྲ་སྟེ། ལས་དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་དཀར་པོའི་ཆོས་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་རོ། །གཉིས་པ་བསམ་ལྡན་ནི། གསེར་དང་འདྲ་སྟེ། ཕན་བདེ་སྒྲུབ་པའི་བྱང་ཆུབ་ཀྱི་སེམས་ནི་ལྷག་བསམ་གཞན་དུ་མི་འགྱུར་བའི་ཕྱིར་རོ། །གསུམ་པ་ལྷག་པའི་བསམ་ལྡན་ནི། ཟླ་བ་ཚེས་པ་དང་འདྲ་སྟེ། དགེ་བའི་ཆོས་གོང་ནས་གོང་དུ་འཕེལ་བར་འགྱུར་བའི་ཕྱིར་རོ། །བཞི་པ་སྦྱོར་ལྡན་ནི་མེ་དང་འདྲ་སྟེ། སྒྲིབ་གཉིས་ཀྱི་བུད་ཤིང་སྲེག་པའི་ཕྱིར་རོ། །ལྔ་པ་སྦྱིན་ལྡན་ནི་གཏེར་ཆེན་པོ་དང་འདྲ་སྟེ། ལོངས་སྤྱོད་ཀྱིས་གདུལ་བྱ་རྣམས་ཚིམ་པར་བྱེད་ཅིང་མི་ཟད་པའི་ཕྱིར་རོ། །དྲུག་པ་ཚུལ་ཁྲིམས་ལྡན་ནི་རིན་པོ་ཆེའི་འབྱུང་གནས་དང་འདྲ་སྟེ། ཡོན་ཏན་རིན་པོ་ཆེ་ཐམས་ཅད་དེ་ལས་འབྱུང་བའི་ཕྱིར་རོ། །བདུན་པ་བཟོད་ལྡན་ནི་རྒྱ་མཚོ་དང་འདྲ་སྟེ། ལུས་སེམས་ཀྱི་སྡུག་བསྔལ་གྱིས་མི་འཁྲུགས་པའི་ཕྱིར་རོ། །བརྒྱད་པ་བརྩོན་འགྲུས་ལྡན་ནི་རྡོ་རྗེ་དང་འདྲ་སྟེ། ལེ་ལོས་བྱང་ཆུབ་ཀྱི་སེམས་མི་ཤིགས་ཤིང་བརྟན་པའི་ཕྱིར་རོ། །དགུ་པ་བསམ་གཏན་ལྡན་ནི་རི་རབ་དང་འདྲ་སྟེ། དམིགས་པའི་རྣམ་པར་གཡེང་བས་མི་སྒུལ་བའི་ཕྱིར་རོ། །བཅུ་པ་ཤེས་རབ་ལྡན་ནི་སྨན་ཆེན་པོ་དང་འདྲ་སྟེ། སྒྲིབ་གཉིས་ཀྱི་ནད་སེལ་བར་བྱེད་པའི་ཕྱིར་རོ། །བཅུ་གཅིག་པ་ཐབས་མཁས་དང་ལྡན་པ་ནི། གདུལ་བྱ་རྗེས་སུ་འཛིན་པའི་བཤེས་གཉེན་དང་འདྲ་སྟེ། གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་མི་གཏོང་བའི་ཕྱིར་རོ། །བཅུ་གཉིས་པ་སྨོན་ལམ་ལྡན་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་སྟེ་སེམས་ཅན་གྱི་དོན་དུ་ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པའི་ཕྱིར་རོ། །བཅུ་གསུམ་པ་སྟོབས་ལྡན་ནི་ཉི་མ་ལྟ་བུ་སྟེ། གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །བཅུ་བཞི་པ་ཡེ་ཤེས་ལྡན་ནི་དྲི་ཟའི་གླུ་དབྱངས་བཞིན་ཏེ། གདུལ་བྱ་འདུལ་བའི་ཆོས་སྟོན་པའི་ཕྱིར་རོ། །བཅོ་ལྔ་པ་མངོན་ཤེས་དྲུག་ལྡན་ནི་རྒྱལ་པོ་ཆེན་པོ་བཞིན་ཏེ། མངོན་ཤེས་དྲུག་གི་སྒོ་ནས་གཞན་དོན་སྒྲུབ་པའི་མཐུ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །བཅུ་དྲུག་པ་ཚོགས་གཉིས་ལྡན་ནི་ནོར་གྱིས་གང་བའི་བང་མཛོད་བཞིན་ཏེ། ཕྱིན་དྲུག་གིས་བསྡུས་པའི་ཚོགས་གཉིས་ཀྱིས་ཡོངས་སུ་གང་བའི་ཕྱིར་རོ། །བཅུ་བདུན་པ་བྱང་ཆུབ་ཕྱོགས་མཐུན་ལྡན་ནི། ལམ་པོ་ཆེ་བཞིན་ཏེ། དུས་གསུམ་གྱི་འཕགས་པ་ཐམས་ཅད་གཤེགས་ཤིང་གཤེགས་པར་འགྱུར་བའི་ཕྱིར་རོ། །བཅོ་བརྒྱད་པ་ཐབས་ཤེས་ལྡན་ནི། བཞོན་པ་བཟང་པོ་དང་འདྲ་སྟེ། འཁོར་འདས་ཀྱི་མཐའ་གཉིས་སུ་མི་ལྟུང་བར་མི་གནས་པའི་མྱང་འདས་སུ་བདེ་བླག་ཏུ་འགྲོ་བའི་ཕྱིར་རོ། །བཅུ་དགུ་པ་གཟུངས་སྤོབས་ལྡན་ནི། བཀོད་མའི་ཆུ་དང་འདྲ་སྟེ། ཐོས་པའི་ཆོས་རྣམས་མི་ཟད་ཅིང་འབྱིན་པར་བྱེད་པའི་ཕྱིར་རོ། །ཉི་ཤུ་པ་ཆོས་ཀྱི་དགའ་སྟོན་ལྡན་ནི། ལྷའི་རྔ་བོ་ཆེ་སྒྲ་རྙན་ལྟ་བུ་སྟེ། ཐོས་འདོད་ཀྱི་གདུལ་བྱ་ལ་ཆོས་ཀྱི་སྡོམ་བཞིའི་སྙན་པ་སྒྲོགས་པའི་ཕྱིར་རོ། །ཉེར་གཅིག་པ་བགྲོད་པ་གཅིག་པུའི་ལམ་དང་ལྡན་པ་ནི། ཆུ་བོའི་རྒྱུན་དང་འདྲ་སྟེ། གཞན་གྱི་དོན་བྱ་བ་ལ་ཐ་མི་དད་པར་ངང་གིས་འཇུག་པའི་ཕྱིར་རོ། །ཉེར་གཉིས་པ་ཆོས་ཀྱི་སྐུ་ལྡན་ནི། སྤྲིན་ཆེན་པོ་དང་འདྲ་སྟེ། མཛད་པ་བཅུ་གཉིས་ཀྱི་སྒོ་ནས་སྤྲུལ་པ་བསྟན་པས་ཆོས་ཀྱི་ཆར་འབེབས་པའི་ཕྱིར་རོ། །

བདུན་པ་བྱང་སེམས་བསྐྱེད་པའི་ཕན་ཡོན་ལ་ལྔ། མིང་དོན་འཕོས་པ། ཕན་འདོགས་ཆེ་བ། འབྲས་བུ་མི་ཟད་པ། རྣམ་སྨིན་སྡུག་བསྔལ་སེལ་བ། རྒྱུ་སྡིག་པ་འཇོམས་པའོ། །དང་པོ་ནི། འཁོར་བའི་བཙོན་རར་ལས་དང་ཉོན་མོངས་པའི་འཆིང་བས་བསྡམས་པའི་སྟོབས་ཀྱིས་སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་ཀྱང་བྱང་ཆུབ་ཀྱི་སེམས་བསྐྱེད་པར་གྱུར་ན་སྐད་ཅིག་གི་དེ་ཕྱིན་ཆད་མིང་བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་པར་བྱ་ཞིང་། དོན་ནི་འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱའི་གནས་སུ་འགྱུར་རོ། །གཉིས་པ་ནི་བྱང་ཆུབ་ཀྱི་སེམས་འདི་ནི་བདེ་བར་གཤེགས་པ་མཉེས་པར་བྱེད་པའི་མཆོད་པའི་ཚོགས་མཆོག་ཀྱང་འདི་ཡིན་ལ། སེམས་ཅན་སྨིན་པར་བྱེད་པའི་མཆོག་ཀྱང་འདི་ཡིན་ཞིང་རང་གི་དགོས་དོན་ཡང་དག་པར་སྒྲུབ་པའང་འདི་ཡིན་ནོ། །གསུམ་པ་ནི་དགེ་བ་གཞན་བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་པ་ཀུན་ཆུ་ཤིང་བཞིན་དུ་འབྲས་བུ་བསྐྱེད་ནས་རང་ཟད་པར་འགྱུར་བ་ཉིད་ཡིན་ལ། བྱང་ཆུབ་ཀྱི་སེམས་ཀྱི་ལྗོན་ཤིང་ནི་རྟག་པར་ཡང་འབྲས་བུ་འབྱིན་པས་ཡང་མི་ཟད་ཅིང་སླར་འཕེལ་བར་འགྱུར་ཏེ། དཀོན་མཆོག་ཟ་མ་ཏོག་ལས། འཇམ་དཔལ་འདི་ལྟ་སྟེ། ཤིང་ལྗོན་པ་སྣ་ཚོགས་པ་ནི་ཁམས་བཞིས་བཟུང་ནས་རྣམ་པར་འཕེལ་ལོ། །འཇམ་དཔལ་དེ་བཞིན་དུ་དགེ་བའི་རྩ་བ་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་བཟུང་། ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་ན་རྣམ་པར་འཕེལ་ལོ། །ཞེས་གསུངས་སོ། །བཞི་པ་སྐྱེལ་མའི་དཔེས། སྡིག་པའི་འབྲས་བུ་ལས་སྐྱབས་པར་བསྟན་པ་ནི། དཀོན་མཆོག་གསུམ་ལ་གནོད་པ་ལ་སོགས་པ་སྡིག་པ་ཤིན་ཏུ་མི་བཟད་པ་བྱས་ན་ཡང་། སྐྱེལ་མ་དཔའ་བོ་ལ་བརྟེན་ནས་དགྲའི་འཇིགས་པ་ཆེན་པོ་ལས་སྒྲོལ་བ་ལྟར། གང་ལ་བརྟེན་ནས་སྡིག་པ་ཆེན་པོ་དེའི་རྣམ་སྨིན་ལས་ཡུད་ཙམ་གྱིས་བསྒྲོལ་བར་འགྱུར་བའི་བྱང་ཆུབ་ཀྱི་སེམས་དེ་ལ་བག་ཡོད་པ་རྣམས་ཀྱིས་ཅིས་མི་བརྟེན་ཏེ་བརྟེན་པར་རིགས་ཏེ། བློ་གྲོས་མི་ཟད་པས་བསྟན་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་དཔའ་བོ་ལ་བརྟེན་པ་ནི། དགྲ་བོ་ཐམས་ཅད་ཀྱིས་མི་འཇིགས་པའོ། །དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྐྱེས་བུ་དཔའ་བོ་ལ་ཡང་དག་པར་བརྟེན་པའི་བྱང་ཆུབ་སེམས་དཔའ་ནི། ཉེས་པར་སྤྱོད་པའི་དགྲ་ཐམས་ཅད་ཀྱིས་མི་འཇིགས་སོ། །ཞེས་གསུངས་སོ། །ལྔ་པ་མེའི་དཔེས་སྡིག་པ་རྩ་བ་ནས་བཅོམ་པ་ནི། དུས་མཐའ་སྟེ། བསྐལ་པ་འཇིག་པའི་མེས་བསམ་གཏན་དང་པོ་མན་ཆད་ཀྱི་སྣོད་མ་ལུས་པ་སྲེག་པ་བཞིན་དུ། བྱང་ཆུབ་ཀྱི་སེམས་དེས་ནི་མཚམས་མེད་པ་ལྔ་ལ་སོགས་པའི་སྡིག་པ་ཆེན་པོ་རྣམས་སྐད་ཅིག་གཅིག་གིས་ངེས་པར་བསྲེག་པ་སྟེ། རྩ་བ་ནས་འཇོམས་པར་བྱེད་དེ། སྡོང་པོ་བཀོད་པ་ལས། ཉེས་པ་བྱས་པ་ཐམས་ཅད་བསྲེག་པས་བསྐལ་པའི་མེ་ལྟ་བུའོ། །ཞེས་གསུངས་སོ། །གསུམ་པ། བསླབ་བྱ་ཉམས་སུ་བླང་ཚུལ་ལ་གཉིས་ཏེ། འགལ་རྐྱེན་སྤང་བ་དང་མཐུན་རྐྱེན་སྒྲུབ་པའོ། །དང་པོ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་ནས་བླ་མ་དང་། མཆོད་འོས་བསླུ་བ་སོགས་ནག་པོའི་ཆོས་བཞི་སྤང་ཞིང་དཀར་པོའི་ཆོས་བཞི་ལ་བསླབ་པའོ། །ནག་པོའི་ཆོས་བཞི་ནི། འོད་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། མཁན་པོ་དང་། སློབ་དཔོན་དང་། བླ་མ་དང་། སྦྱིན་གནས་བསླུ་བ་དང་། གཞན་འགྱོད་པ་མེད་པ་འགྱོད་པ་ཉེ་བར་སྒྲུབ་པ་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམ་ཅན་རྣམས་ལ་བསྔགས་པ་མ་ཡིན་པ་དང་། མི་སྙན་པ་དང་། བརྗོད་པ་མ་ཡིན་པའི་སྒྲས་ཚིགས་སུ་བཅད་པ་འབྱིན་པ་དང་། སྒྱུ་དང་གཡོས་གཞན་ལ་ཉེ་བར་སྤྱོས་ཀྱི། ལྷག་པའི་བསམ་པ་མ་ཡིན་པའོ། །ཞེས་འབྱུང་ངོ་། །དཀར་པོའི་ཆོས་བཞི་ནི། འོད་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྐྱེ་བ་ཐམས་ཅད་དུ་སྐྱེས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་བརྗེད་པར་མི་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སྲོག་གི་ཕྱིར་རམ་ཐ་ན་བཞད་བགད་ཀྱི་ཕྱིར་ཡང་རྫུན་ཚིག་མི་སྨྲ་བ་དང་། སྒྱུ་དང་གཡོ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དྲུང་ན་ལྷག་པའི་བསམ་པས་གནས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་། དེ་དག་གི་བསྔགས་པ་ཕྱོགས་བཞིར་བརྗོད་པ་དང་། ཉི་ཚེ་བའི་ཐེག་པ་མི་འདོད་པའི་ཕྱིར། སེམས་ཅན་གང་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ་སྟེ། འོད་སྲུང་བཞི་པོ་དེ་དག་གོ །ཞེས་འབྱུང་ངོ་། །གཉིས་པ་མཐུན་རྐྱེན་སྒྲུབ་པ་ལ། ཕར་ཕྱིན་དྲུག་སྤྱད་པ་དང་། ཞི་ལྷག་གི་ཏིང་ངེ་འཛིན་བསྒོམ་ཚུལ་གཉིས་ཀྱི་དང་པོ་ལ་བདུན། ཕར་ཕྱིན་དྲུག་གི་མཚན་ཉིད། གནས་སྐབས་དང་མཐར་ཐུག་གི་འབྲས་བུ། སྐྱེ་ཚུལ། གོ་རིམ། དབྱེ་བསྡུ། དག་ཚུལ། ཉམས་ལེན། སྒྲ་དོན་ནོ། །དང་པོ་ནི། ཕྱི་ནང་གི་བདག་པོ་གཏོང་བའི་སྦྱིན་པ་དང་། བཅས་པ་དང་རང་བཞིན་གྱི་ཉེས་པ་སྡོམ་པ་སྡོམ་པའི་ཚུལ་ཁྲིམས་དང་། ལུས་སེམས་ཀྱི་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས། དམིགས་པ་ལ་སེམས་ཀུན་ཏུ་གནས་པའི་བསམ་གཏན་དང་། ཆོས་རྣམས་ཀུན་གྱི་རང་སྤྱིའི་མཚན་ཉིད་རྣམ་པར་འབྱེད་པའི་ཤེས་རབ་སྟེ། ཕར་ཕྱིན་དྲུག་ལ་ཚུལ་བཞིན་དུ་བསླབ་བོ། །གཉིས་པ་ནི། སྦྱིན་པས་ནི་ཕྱི་མར་ལོངས་སྤྱོད་ཆེན་པོ་ཐོབ་ཅིང་། ཚུལ་ཁྲིམས་ཀྱིས་ལྷ་མིའི་བདེ་བ་དང་། བཟོད་པས་གཟུགས་བཟང་པོ་དང་། བརྩོན་འགྲུས་ཀྱིས་གཟི་བརྗིད་དང་། བསམ་གཏན་གྱིས་ཉོན་མོངས་པ་ཉེ་བར་ཞི་བ་དང་། ཤེས་རབ་ཀྱིས་སྒྲིབ་གཉིས་ལས་རྣམ་པར་གྲོལ་བ་དང་། བརྩེ་བས་ནི་རང་གཞན་གྱི་དོན་ཀུན་འགྲུབ་པ་ཐོབ་བོ། །གསུམ་པ་ནི། ཕར་ཕྱིན་དེ་དག་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་སྐྱེ་སྟེ། སྦྱིན་པས་ལུས་དང་ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ལེན་ནོ། །ཚུལ་ཁྲིམས་དང་ལྡན་ན་དགེ་སྦྱོང་གི་ཆོས་བཞིས་གནོད་པ་ལ་བཟོད་པར་འགྱུར་རོ། །དཀའ་སྤྱད་བཟོད་པ་དང་ལྡན་ན་གཞན་དོན་དུ་བརྩོན་འགྲུས་བརྩོམ་མོ། །བརྩོན་འགྲུས་བརྩམས་པ་ལས་ཏིང་ངེ་འཛིན་སྐྱེའོ། །ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཤེས་རབ་སྐྱེ་བའི་ཕྱིར་རོ། །ཇི་སྐད་དུ། ཚུལ་ཁྲིམས་ཀྱི་གཏམ་ལས། རྒྱ་མཚོ་དང་ནི་གླང་རྗེས་ཀྱི། ཁྱད་པར་དག་ནི་གང་ཡིན་པ། །སྦྱིན་པ་དང་ནི་ཚུལ་ཁྲིམས་ཀྱི། ཁྱད་པར་དག་ནི་དེ་ཡིན་ནོ། །ཞེས་གསུངས་པའི་ཚུལ་གྱིས། སྦྱིན་སོགས་སྔ་མ་རྣམས་དམན་ཞིང་། ཕྱི་མ་མཆོག་ཏུ་གནས་པའི་ཕྱིར་ཡང་གོ་རིམ་ངེས་སོ། །བཞི་པ་ནི། སྦྱིན་པ་ལ་དབྱེ་ན། ཟས་གོས་སོགས་གཏོང་བ་ཟང་ཟིང་གི་སྦྱིན་པ་དང་། གཞན་འཇིག་པ་ལས་སྐྱོབ་པ་མི་འཇིགས་པའི་སྦྱིན་པ་དང་། ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྟོན་པ་ཆོས་ཀྱི་སྦྱིན་པ་དང་གསུམ་མོ། །ཚུལ་ཁྲིམས་ལ་དབྱེ་ན། སོ་ཐར་རིགས་བདུན་གྱིས་བསྡུས་པ་སྡོམ་པའི་ཚུལ་ཁྲིམས། ཕར་ཕྱིན་དྲུག་གིས་བསྡུས་པ་དགེ་བ་ཆོས་བསྡུད་པའི་ཚུལ་ཁྲིམས། བསྡུ་བ་བཞིས་གཞན་ལ་ཕན་འདོགས་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཏེ་གསུམ་མོ། །བཟོད་པ་ལ་དབྱེ་ན། ལུས་སེམས་ལ་གནོད་པ་དང་དུ་ལེན་པ་སྡུག་བསྔལ་དང་ལེན་གྱི་བཟོད་པ། བདག་མེད་གཉིས་ལ་ཤེས་རབ་གསུམ་གྱིས་སོ་སོར་རྟོག་པ་ཆོས་ལ་སེམས་པའི་བཟོད་པ། དཀའ་སྤྱད་ལ་མི་སྐྱོ་བ་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་སྟེ་གསུམ་མོ། །བརྩོན་འགྲུས་ལ་དབྱེ་ན། བསྒྲུབ་བྱ་རྒྱ་ཆེན་པོ་ལ་སེམས་མི་འགོང་བ་གོ་ཆའི་བརྩོན་འགྲུས། གོ་གྱོན་པ་ལྟར་སྦྱོར་བ་ལ་བརྩོན་པ་སྦྱོར་བའི་བརྩོན་འགྲུས། སེམས་ཅན་གྱི་དོན་བྱེད་པ་ལ་སྤྲོ་བ་སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་གསུམ་མོ། །བསམ་གཏན་ལ་དབྱེ་ན། ལུས་སེམས་ལ་ཤིན་སྦྱངས་ཀྱི་བདེ་བ་བསྐྱེད་པ་མཐོང་ཆོས་ལ་བདེ་བར་གནས་ཀྱི་བསམ་གཏན་དང་། གནས་སྐབས་དང་མཐར་ཐུག་ཏུ་གཞན་ལ་ཕན་པའི་ཐབས་ཤེས་པ་སེམས་ཅན་དོན་བྱེད་ཀྱི་མངོན་ཤེས་དྲུག་སྒྲུབ་པ་ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན་དང་། མངོན་ཤེས་དྲུག་གི་སྒོ་ནས་གཞན་ལ་ཕན་འདོགས་པ་སེམས་ཅན་དོན་བྱེད་ཀྱི་བསམ་གཏན་གསུམ་མོ། །ཤེས་རབ་ལ་དབྱེ་ན། ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་ཤེས་པ་ཀུན་རྫོབ་ཤེས་པ་དང་། བདེན་གཉིས་ཀྱི་གནས་ལུགས་ཤེས་པ་དོན་དམ་ཤེས་པ་དང་། གནས་སྐབས་དང་མཐར་ཐུག་ཏུ་གཞན་ལ་ཕན་པའི་ཐབས་ཤེས་པ་སེམས་ཅན་དོན་བྱེད་ཀྱི་ཤེས་རབ་སྟེ་གསུམ་མོ། །དྲུག་པོ་དེ་དག་བསྡུ་ན། དང་པོ་ལྔ་བསོད་ནམས་ཀྱི་ཚོགས་དང་། དྲུག་པ་ཡེ་ཤེས་ཀྱི་ཚོགས་ཡིན་ཟེར་ཡང་། དང་པོ་གསུམ་བསོད་ནམས་ཀྱི་ཚོགས་དང་། ཐ་མ་གཉིས་ཡེ་ཤེས་ཀྱི་ཚོགས་དང་། བརྩོན་འགྲུས་གཉིས་ཀའི་ཚོགས་ཡིན་ནོ། །ལྔ་པ་ནི། སྦྱིན་པ་སོགས་དྲུག་པོ་གང་ལ་ཡང་སྒྱུ་མ་ལྟ་བུའི་ངང་ནས། སྦྱིན་བྱ་སྦྱིན་བྱེད་སྦྱིན་པ་ལ་སོགས་པ་འཁོར་གསུམ་དུ་འཛིན་པ་མེད་པ་ནི། འཁོར་བའི་ཕ་རོལ་མི་གནས་པའི་མྱང་འདས་སུ་ཕྱིན་པར་བྱེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དང་ཞེས་བྱའོ། །དྲུག་པ་ནི། སྦྱིན་སོགས་རེ་རེ་ལ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་ཚང་བར་ཉམས་སུ་ལེན་པ་ནི་སྐྱེས་བུ་དམ་པ་ཡིན་ནོ། །དེ་ཡང་ཟང་ཟིང་གི་སྦྱིན་པ་གཏོང་བ་ན། དེ་ཉིད་ཀྱི་ངོ་བོ་སྦྱིན་པ། ཉན་རང་གི་ཡིད་བྱེད་སྤོང་བ་ཚུལ་ཁྲིམས། རྣམ་མཁྱེན་ལ་མོས་ཤིང་ཕོངས་པ་སོགས་ཀྱིས་མི་འཇིགས་པ་བཟོད་པ། སྦྱིན་པ་ལ་སྤྲོ་བ་བརྩོན་འགྲུས། ཐེག་པ་གཞན་དང་མ་འདྲེས་པ་རྩེ་གཅིག་པའི་སེམས་ཀྱིས་རྣམ་མཁྱེན་དུ་བསྔོ་བ་བསམ་གཏན། སྦྱིན་བྱ་སྦྱིན་བྱེད་སོགས་མི་དམིགས་པ་ཤེས་རབ་སྟེ། སྦྱིན་པ་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་ཚུལ་ལོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ། །བདུན་པ་ནི། རང་གཞན་གྱི་དབུལ་བ་འདོར་བར་བྱེད་པའི་ཕྱིར་སྦྱིན་པ། ཉོན་མོངས་པའི་ཚ་གདུང་བསིལ་བ་ཐོབ་པའི་ཕྱིར་ཚུལ་ཁྲིམས། ཁོང་ཁྲོའི་གནོད་པ་བཟོད་པས་ན་བཟོད་པ། ཡོན་ཏན་མཆོག་ལ་སྦྱོར་བས་ན་བརྩོན་འགྲུས། དམིགས་པ་ལ་ཡིད་འཛིན་པས་ན་བསམ་གཏན། དོན་དམ་ཤེས་པའི་ཕྱིར་ཤེས་རབ་བོ། །གཉིས་པ་ཞི་ལྷག་སྒོམ་ཚུལ་ལ་ལྔ། ཞི་ལྷག་བསྒོམ་དགོས་པའི་རྒྱུ་མཚན། འགལ་རྐྱེན་སྤང་བ། མཐུན་རྐྱེན་སྒྲུབ་པ། ཞི་ལྷག་གི་ངོ་བོ་ངོས་བཟུང་བ། གྲོགས་ཤེས་རབ་གསུམ་བསྐྱེད་པར་གདམས་པའོ། །དང་པོ་ནི། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བས་མྱང་འདས་ཐོབ་ཀྱིས་གཞན་དུ་མ་ཡིན་ཏེ་དེ་ལྟར་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལེགས་པར་ཤེས་པའི་ཤེས་རབ་མེད་པར་བསམ་གཏན་ཡོད་པ་མ་ཡིན་ཏེ། ཤེས་རབ་ཀྱིས་ཤེས་བྱའི་གནས་ལ་ཐེ་ཚོམ་མེད་པར་སྒྲོ་འདོགས་ཆོད་པས་ན། དམིགས་པ་ལ་བདེ་བར་མཉམ་པར་འཇོག་པའི་ཕྱིར་རོ། །བསམ་གཏན་མེད་པར་ཡང་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པའི་ཤེས་རབ་མེད་དེ། སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཞེས་གསུངས་པའི་ཕྱིར་རོ། །རྣལ་འབྱོར་པ་གང་ལའང་དམིགས་པ་ལ་རྩེ་གཅིག་པའི་བསམ་གཏན་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཤེས་རབ་དེ་གཉིས་ཀ་ཡོད་པ་དེས་སྲིད་པའི་རྒྱ་མཚོ་གནག་རྗེས་ཀྱི་ཆུ་ལྟ་བུ་འཚལ་བར་བགྱི་སྟེ། མྱུར་དུ་སྐམ་པའམ་རྒལ་བར་ནུས་པའི་ཕྱིར་རོ། །ཤེས་རབ་ནི་འདིར་གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པ་ལ་འདོད་དེ། གཞན་གྱིས་སྲིད་པའི་རྩ་བ་གཅོད་མི་ནུས་པའི་ཕྱིར་རོ། །བསམ་གཏན་མེད་པའི་ཤེས་རབ་ནི། མི་བརྟན་པའི་ཕྱིར་ཉོན་མོངས་པ་དྲུངས་འབྱིན་མི་ནུས་ལ་ཤེས་རབ་མེད་པར་ཡང་བསམ་གཏན་གྱིས་ཉོན་མོངས་པ་མངོན་འགྱུར་མགོ་གནོན་པ་ཙམ་བྱེད་ཀྱིས་ས་བོན་དྲུངས་འབྱིན་པར་མི་ནུས་པས་དེའི་ཕྱིར་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་གྱིས་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ནོ། །དེ་དག་ལ་ཡང་ལྷག་མཐོང་གཙོ་ཆེའི་ཞི་གནས་མི་གཙོ་སྟེ། ཇི་སྐད་དུ། བསྟན་ཆོས་བྱེད་པ་གང་དག་གིས། ཁྱོད་ཀྱི་བསྟན་ལ་མི་ཕྱོགས་པའི། །སྐྱེ་བོ་མ་རིག་གིས་ལྡོོངས་པའི། །སྲིད་རྩེའི་བར་དུ་སོང་ནས་ནི། །སྡུག་བསྔལ་ཡང་བྱུང་སྲིད་པ་སྒྲུབ། །ཅེས་དང་། ཁྱོད་ཀྱི་བསྟན་པའི་རྗེས་འབྲང་བ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང་། །བདུད་ཀྱི་མིག་རས་བཙའ་བཞིན་དུ། །སྲིད་པ་རྣམས་ནི་ཟློག་པར་བགྱི། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་ཐར་པ་འདོད་པ་རྣམས་ཀྱི་སེམས་ལས་སུ་རུང་བའི་ཞི་གནས་ཙམ་ཐོག་མར་བསྒྲུབས་ནས་དེའི་འོག་ཏུ་དྲན་པ་ཉེ་བར་བཞག་པ་ནས་གཟུང་སྟེ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་བདག་མེད་པ་རྣམ་པ་གཉིས་བསྒོམ་པའི་རྣལ་འབྱོར་ལ་བརྩོན་པར་བྱའོ། །སོ་སོར་རྟོག་པའི་ཤེས་རབ་དང་བྲལ་བའི་སེམས་གནས་པ་ཙམ་བསྒོམས་པས་ནི། འཇིག་རྟེན་ཆགས་བྲལ་ཡང་མི་འཐོབ་ན། ཐར་པ་ལྟ་ཅི་སྨོས། གཉིས་པ་ནི། ཞི་གནས་དང་བྲལ་བའི་ལྷ་མཐོང་གིས་ནི་མར་མེ་རླུང་གིས་བསྐྱོད་པ་ལྟར། ཉོན་མོངས་པ་སྤང་བར་མི་ནུས་པས་ཞི་གནས་དང་ལྡན་པའི་ལྷ་མཐོང་གིས་ཉོན་མོངས་པ་འཇོམས་པར་ཤེས་པར་བྱ་སྟེ། དེའི་ཕྱིར་ཐོག་མར་སེམས་རྩེ་གཅིག་པའི་ཞི་གནས་བཙལ་བར་བྱ་ལ། དེ་ཡང་འཇིག་རྟེན་ཆགས་པ་མེད་ལ་མངོན་པར་དགའ་བས་འགྲུབ་ཀྱི་གཞན་གྱིས་མ་ཡིན་ནོ། །དེའི་ཕྱིར་ཞི་ལྷག་གི་རྣལ་འབྱོར་བསྐྱེད་པར་འདོད་པས། ལུས་འདུ་འཛི་དང་སེམས་རྣམ་གཡེང་ཀུན་ལས་ཐག་བསྲིང་བར་བྱའོ། །གསུམ་པ་ནི། ཆོས་དང་བསོད་སྙོམས་བཟང་པོ་དང་མང་པོ་ལ་འདོད་པ་མེད་པས་འདོད་པ་ཆུང་ཞིང་། ངན་ངོན་ཙམ་གྱིས་ཆོག་ཤེས་ན་དབེན་པ་བསྟེན་པའི་ཡོན་ཏན་ཞི་ལྷག་གི་ཏིང་ངེ་འཛིན་འབྱུང་བར་འགྱུར་རོ། །བཞི་པ་ནི། ཞི་ལྷག་དེ་དག་གི་ངོ་བོ་གང་ཡིན་ཞེ་ན། རྒྱན་དུ། ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང་། །དོན་རབ་རྣམ་པར་དབྱེ་བའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན། །ཅེས་པ་ལྟར། སྤྲོས་བཅས་ཀྱི་དམིགས་པ་ཐམས་ཅད་ཡོངས་སུ་སྤངས་ནས་སེམས་ཀྱི་ཆོས་ཉིད་ལ་རྩེ་གཅིག་ཏུ་ཡང་དག་པར་འཇོག་པ་ནི་ཞི་གནས་ཡིན་ལ། ལྷག་མཐོང་ནི་བདེན་གཉིས་ཀྱི་དོན་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱི་རྣམ་པར་དཔྱོད་པ་སྟེ། དེ་ཡང་། གཅིག་དང་དུ་བྲལ་སོགས་ཀྱི་རིགས་པས་རྣམ་པར་བརྟག་པ་ན་ཕྱི་ནང་གི་དངོས་པོ་ཀུན། སྟོང་ཉིད་སྤྲོས་བྲལ་དུ་བརྟག་པའི་ཤེས་རབ་བོ། །ལྔ་པ་ལ་ལྔ་སྟེ། ཤེས་རབ་གསུམ་གྱི་བྱེད་ལས། ཐུན་མོང་གི་སྒོམ་པ་དམན་ཚུལ། ཁྱད་པར་དུ་སྟོང་ཉིད་མཆོག་ཚུལ། ཤེས་རབ་མ་བསྒོམས་པའི་ཉེས་པ། ཤེས་རབ་བསྐྱེད་པའི་ལེགས་པའོ། །དང་པོ་ནི། ཐོས་པའི་ཤེས་རབ་ཀྱི་བླང་དོར་གྱི་མཚན་ཉིད་དཔྱད་པས་ཉོན་མོངས་པ་རགས་པའི་མགོ་མནོན་པར་བྱེད་ལ། བསམ་བྱུང་གིས་དངོས་པོའི་དེ་ཁོ་ན་ཉིད་ལ་ཡང་དང་ཡང་དུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་རྣམ་པར་དཔྱད་པས་ཉོན་མོངས་པ་རགས་པའི་མགོ་མནོན་པར་བྱེད་ལ། བསམ་པའི་དོན་རྩེ་གཅིག་པའི་སེམས་ཀྱིས་གོམས་པར་བྱས་པས། གོམས་པ་རབ་ཀྱི་མཐར་ཕྱིན་པ་ན། དེ་ཁོ་ན་ཉིད་མངོན་དུ་གྱུར་པའི་སྒོམ་བྱུང་གི་ཤེས་རབ་ཀྱིས་ཉོན་མོངས་པ་དྲུངས་ནས་འབྱིན་པར་བྱེད་དོ། །གཉིས་པ་ནི། བྱམས་པ་དང་མི་སྡུག་པ་སོགས་བསྒོམས་པས་ཀྱང་ཉོན་མོངས་པ་འཇོམས་ནུས་པ་མ་ཡིན་ནམ་ཞེ་ན། བྱམས་པ་དང་། མི་སྡུག་པ་ལ་སོགས་པ་ནི་བདག་འཛིན་ལས་བྱུང་བའི་ཆགས་སོགས་ཀྱི་བག་ཆགས་ཤིན་ཏུ་ཚར་གཅོད་པ་མ་ཡིན་ཏེ། ཆགས་སོགས་ཀྱི་རྩ་བ་བདག་ཏུ་རྨོངས་པ་དང་འགལ་བ་མེད་པའི་ཕྱིར་རོ། །གང་རྒྱུ་ལ་མི་གནོད་པ་དེས་ནི་འབྲས་བུ་ལ་མི་གནོད་དེ། མངར་བ་དང་སྣུམ་པའི་རྫས་ཀྱིས་བད་ཀན་གྱི་ནད་ལ་མི་གནོད་པ་བཞིན་ནོ། །གསུམ་པ་ནི། སྟོང་ཉིད་རྟོགས་པའི་ལྟ་བ་དང་། ཉེས་པའི་རྩ་བ་བདག་འཛིན་དེ་འགལ་བའི་ཕྱིར་རོ། །བདག་འཛིན་དེའི་རང་བཞིན་ཏེ་འབྲས་བུ་ཆགས་སོགས་ཉེས་པ་ཀུན་དང་འགལ་བར་རབ་ཏུ་སྒྲུབ་པ་ཡིན་ནོ། །བཞི་པ་ནི། ཐོས་བསམ་གྱི་ཤེས་རབ་ཙམ་གྱིས་ཉོན་མོངས་པ་སྤོང་ནུས་སམ་ཞེ་ན། ཐོས་བསམ་གྱི་ཤེས་རབ་མཆོག་དུ་བཟུང་ནས་མ་བསྒོམས་ན། དེ་ཁོ་ན་ཉིད་མངོན་དུ་མི་འགྱུར་བས་ཐོས་བསམ་དེའང་མཐར་ཐེ་ཚོམ་ཉིད་དུ་ལྟུང་ཟེར་ཡང་། ཐོས་བསམ་གྱིས་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་གཏན་ལ་མི་ཕེབས་ཅེས་པའོ། །ལྔ་པ་ནི། འོ་ན་སྒོམ་པ་ཉིད་མཆོག་ཡིན་གྱི། ཐོས་བསམ་གྱི་ཤེས་རབ་ཀྱི་ཅི་བྱ་ཞེ་ན། གནས་ལུགས་ལ་སྒྲོ་འདོགས་ཆོད་པའི་ཐོས་བསམ་གྱི་ཤེས་རབ་མེད་པར། ཏིང་ངེ་འཛིན་མཐར་ཕྱིན་ཡང་། བསམ་གཏན་དང་གཟུགས་མེད་ཀྱི་སེམས་ཙམ་ཐོབ་ཀྱི་རྣམ་པར་གྲོལ་བ་ཐོབ་པ་མེད་དོ། །དེ་བས་ན་གནས་ལུགས་རྟོགས་པའི་ཤེས་རབ་དང་། རྩེ་གཅིག་པའི་བསམ་གཏན་ཟུང་དུ་འབྲེལ་བ་ནི་ལམ་ལྔ་བསྒྲོད་པའི་ཐེམ་སྐས་ཡིན་ལ། རྫོགས་པའི་སངས་རྒྱས་ཀྱི་ཆོས་སྐུ་ཡང་དངོས་པོའི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཐོས་བསམ་སྒོམ་པའི་ཤེས་རབ་གོམས་པ་མཐར་ཕྱིན་པའི་འབྲས་བུ་མདོ་རྒྱུད་ཀུན་ལས་གསུངས་སོ། །དེ་བས་ན་ཐོས་བསམ་སྒོམ་གསུམ་གྱི་ཟུང་དུ་འབྲེལ་དགོས་ཏེ། མངོན་པ་ཀུན་བཏུས་ལས། ཐོས་པ་དང་བསམ་པ་ལ་མ་བརྟེན་པར། སྒོམ་པའི་སྦྱོར་བ་འབའ་ཞིག་གིས་ཀྱང་ཆོས་ལ་གནས་པ་མ་ཡིན་ལ། སྒོམ་པ་ལ་མ་བརྟེན་པར་ཐོས་པ་དང་བསམ་པའི་སྦྱོར་བ་འབའ་ཞིག་གིས་ཀྱང་ཆོས་ལ་གནས་པ་མ་ཡིན་གྱི། གཉིས་ཀ་ལ་བརྟེན་ཅིང་གཉིས་ཀ་ལ་གནས་ན་ཆོས་ལ་གནས་པ་ཞེས་བྱའོ། །ཞེས་གསུངས་སོ། །བཞི་པ་ཉམས་མྱོང་མངོན་པར་རྟོགས་པའི་རིམ་པ་ལ་ལྔ་སྟེ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་པའི་ལམ་མོ། །དང་པོ་ནི། ཚོགས་ལམ་བཞི་གསུམ་བཅུ་གཉིས་པོ་དག་གི ཆུང་ངུར་དྲན་པ་ཉེ་བར་བཞག་པ་བཞི་ཤེས་རབ་དང་། ཆེན་པོ་རྫུ་འཕྲུལ་རྐང་བཞི་ཏིང་ངེ་འཛིན་རྣམས་ཀྱི་མཐར་ཕྱིན་པར་བྱེད་དོ། །གཉིས་པ་ནི། གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་ཆུང་ངུ་ཐོབ་པ་དྲོད། འབྲིང་དུ་ཐོབ་པ་རྩེ་མོ། ཆེན་པོར་ཐོབ་པ་བཟོད་པ། འཛིན་པ་རང་བཞིན་མེད་པ་ལ་གསལ་སྣང་ཐོབ་པ་ཆོས་མཆོག་སྟེ། སྦྱོར་ལམ་ལ་ངེས་འབྱེད་ཆ་མཐུན་བཞི། ཆོས་དབྱིངས་མངོན་དུ་མ་གྱུར་ཀྱང་། གཟུང་འཛིན་གཉིས་མེད་ཀྱི་ཆོས་ཉིད་ལ་རིམ་གྱིས་གསལ་སྣང་སྐྱེ་བར་བཤད་དོ། །དེ་ཡང་དྲོད་རྩེ་གཉིས་ཀྱི་གནས་སྐབས་སུ། མ་དད་པ་སོགས་ཀྱི་གཉེན་པོར་དབང་པོ་ལྔ་བསྒོམ། བཟོད་མཆོག་གི་གནས་སྐབས་སུ་སྟོབས་ལྔ་བསྒོམས་པས། ཆོས་ཉིད་ལ་གསལ་སྣང་རིམ་གྱིས་ཐོབ་སྟེ། མཐར་མཐོང་ལམ་དུ་བདེན་པའི་ཆོས་ཉིད་མངོན་དུ་འགྱུར་རོ། །གསུམ་པ་མཐོང་ལམ་ལ་གསུམ། དཔེ་ཡིས་མཚོན་པའི་མཉམ་རྗེས་སྐྱེ་ཚུལ་ཡན་ལག་བདུན་སྒོམ་པ། མཐར་ཕྱིན་ཚུལ། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་ཚུལ་ལོ། །དང་པོ་ནི། ཇི་ལྟར་གཟུགས་ལ་དམུས་ལོང་བཞིན་དུ་བྱིས་པས་བདག་གཉིས་ཀྱིས་སྟོང་པའི་ཆོས་ཉིད་དེ་སྔོན་མཐོང་མ་མྱོང་ཞིང་། བཙས་མ་ཐག་གི་བུ་ཆུང་གིས་ཉི་མའི་དཀྱིལ་འཁོར་ཅུང་ཟད་མཐོང་ཡང་ཡོངས་སུ་རྫོགས་པར་མི་མཐོང་བ་བཞིན། ཐེག་དམན་འཕགས་པས་ཀྱང་གང་ཟག་གི་བདག་གིས་སྟོང་པའི་ཆོས་ཉིད་མཐོང་ཡང་། བདག་གཉིས་ཀྱིས་སྟོང་པའི་ཆོས་ཉིད་རྫོགས་པར་མ་མཐོང་ཞིང་། ཐེག་ཆེན་མཐོང་ལམ་མཉམ་གཞག་ཏུ་བདག་གཉིས་ཀྱིས་སྟོང་པའི་ཆོས་ཉིད་སྤྲོས་བྲལ་མངོན་དུ་མཐོང་ཞིང་། རྗེས་ཐོབ་ཏུ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་དུ་སྐྱེ་ཞེས་འདོད་པར་སྣང་། གཉིས་པ་ནི། ཆོས་རབ་ཏུ་རྣམ་འབྱེད་སོགས་བྱང་ཆུབ་ཡན་ལག་བདུན་མཐོང་བའི་ལམ་དུ་མཐར་ཕྱིན་ཚུལ་སྔར་བཤད་ཟིན་ཏོ། །གསུམ་པ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་ཚུལ་གོ་སླའོ། །གོང་མ་རྣམས་ལ་བཅུ་འགྱུར་བཤད། །ཅེས་པ་ནོར་བའོ། །ས་བརྒྱད་པ་ཡན་ཆད་ཀྱི་ཡོན་ཏན་གྲངས་ཀྱིས་བརྗོད་པར་མི་ནུས་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་རྡུལ་ཕྲ་རབ་ཀྱི་རྡུལ་གྱི་གྲངས་ཀྱིས་སྒྲེས་ནས་བཤད་པའི་ཕྱིར་རོ། །ཤེས་པར་འདོད་ན་དབུ་མ་འཇུག་པར་བལྟ་བར་བྱའོ། །བཞི་པ་སྒོམ་ལམ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། མཐོང་ལམ་དུ་མཐོང་ཟིན་པའི་ཆོས་ཉིད་གོམས་པར་བྱེད་པའི་ཕྱིར་སྒོམ་པའི་ལམ་མོ། །

གཉིས་པ་ལ་གཉིས། ས་བཅུའི་རྣམ་གཞག་བསྟན་པ་འཕགས་ལམ་གྱི་སྒོམ་པ་རྫོགས་ཚུལ། དང་པོ་ལ་གསུམ། ས་བཅུ་ངོས་གཟུང་བ། ཕར་ཕྱིན་བཅུ་དང་སྦྱར་བ། སོ་སོའི་སྤངས་རྟོགས་ཡོན་ཏན་རྣམས་བསྟན་པའོ། །དང་པོ་ནི། རྒྱན་དུ། བྱང་ཆུབ་དང་ནི་ཉེ་བ་དང་། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་བ། །དེ་ཕྱིར་རབ་དགའ་ཞེས་བྱའོ། །ཞེས་པ་ལྟར་སྔོན་མ་མཐོང་བའི་ཆོས་ཉིད་མཐོང་བ་བྱང་ཆུབ་དང་ཉེ་བ་དང་། སེམས་ཅན་གྱི་དོན་འགྲུབ་པར་མཐོང་བའི་ཕྱིར་ན་ས་དང་པོ་རབ་ཏུ་དགའ་བ་དང་། འཆལ་ཚུལ་རྩོལ་བ་དྲི་བྲལ་ཕྱིར། །དྲི་མ་མེད་པའི་སར་འདོད་དོ། །ཞེས་པ་ལྟར་ཚུལ་ཁྲིམས་ཀྱི་ཕར་ཕྱིན་རྫོགས་པས། འཆལ་ཚུལ་གྱི་དྲི་མ་མེད་པའི་ཕྱིར་ས་གཉིས་པ་དྲི་མ་མེད་པ་དང་། ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པའོ། །ཞེས་པ་ལྟར། ཏིང་ངེ་འཛིན་གྱིས་མཐུས་རང་གཞན་ལ་འོད་བྱེད་པའི་ཕྱིར་འོད་བྱེད་པ་དང་། འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་ཕྱིར་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་སྲེག་པས་འོད་འཕྲོ་ཅན། །ཞེས་པ་ལྟར། སྒྲིབ་གཉིས་ཀྱི་བུད་ཤིང་སྲེག་པའི་མེ་འབར་བའི་ཕྱིར་ས་བཞི་པ་འོད་འཕྲོ་པ་ཞེས་བྱའོ། །སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང་། །རང་གི་སེམས་ཀྱང་སྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བྱའོ། །ཞེས་པ་ལྟར། སེམས་ཅན་སྨིན་པར་བྱེད་ཅིང་དེའི་ལོག་སྒྲུབ་ཀྱིས་རང་གི་སེམས་ཉོན་མོངས་པར་མི་བྱེད་པས་ཤིན་ཏུ་བྱ་དཀའ་བ་ལས་རྒྱལ་བའི་ཕྱིར། ས་ལྔ་པ་སྦྱང་དཀའ་བ་དང་། ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདི་མངོན་དུ་གྱུར་པས་ན། །མངོན་དུ་གྱུར་པའི་ས་ཞེས་བཤད། །ཅེས་པ་ལྟར། འཁོར་འདས་གཉིས་ཀྱི་སྐྱོན་ཡོན་མངོན་དུ་མཐོང་ནས་ཤེས་རབ་ཀྱིས་འཁོར་བའི་མཐའ་ལ་མི་གནས་ཤིང་། སྙིང་རྗེས་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པས་ན་ས་དྲུག་པ་མངོན་དུ་གྱུར་པ་དང་། བགྲོད་གཅིག་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །ཞེས་པ་ལྟར་བགྲོད་པ་གཅིག་པའི་ལམ་ས་བརྒྱད་པ་དང་འབྲེལ་བས་འཁོར་འདས་ཀྱི་གཡང་ས་ལས་རིང་དུ་སོང་བའི་ཕྱིར་ས་བདུན་པ་རིང་དུ་སོང་བ་དང་། འདུ་ཤེས་གཉིས་ཀྱིས་མི་གཡོ་བའི་ཕྱིར། །མི་གཡོ་བའི་སར་འདོད་དོ། །ཞེས་པ་ལྟར། མཚན་བཅས་དང་མཚན་མེད་ལ་བརྩོན་པའི་འདུ་ཤེས་གཉིས་ཀྱིས་མི་གཡོ་བའི་ཕྱིར། ས་བརྒྱད་པ་མི་གཡོ་བ་དང་། སོ་སོ་ཡང་དག་རིག་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་ཡིན། །ཅེས་པ་ལྟར། སོ་སོ་ཡང་དག་པར་རིག་པའི་བློ་གྲོས་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར། ས་དགུ་པ་ལེགས་པའི་བློ་གྲོས་དང་། སྤྲིན་བཞིན་གཉིས་ཀྱི་ནམ་མཁའི་ཆོས། ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་པ་ལྟར། གདུལ་བྱ་རྣམས་ལ་ཆོས་ཀྱི་ཆར་འབེབས་པའི་ཕྱིར། ས་བཅུ་པ་ཆོས་ཀྱི་སྤྲིན་དང་། ས་བཅུ་པོ་དེ་དག་ལ་ས་དང་པོ་རབ་ཏུ་དགའ་བའི་མཐོང་བའི་ལམ་ཡིན་ལ། ས་གཞན་ལྷག་མ་སྒོམ་པའི་ལམ་དུ་འགྱུར་རོ། །གཉིས་པ་ནི། ས་བཅུ་པོ་དེ་དག་གི་རང་བཞིན་ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་པ་ཡིན་ཏེ། ས་དང་པོ་སྦྱིན་པའི་ཕར་ཕྱིན་གྱིས་རྫོགས་པ་ནས་བཅུ་པ་ཡེ་ཤེས་ཀྱི་ཕར་ཕྱིན་གྱིས་རྫོགས་པའི་བར་ཅི་རིགས་པ་ཤེས་པར་བྱའོ། །གསུམ་པ་ནི། ས་བཅུ་རྣམས་ཀྱི་སྤངས་པ་དང་རྟོགས་པ་དང་། ཡོན་ཏན་རྣམས་ནི་རྒྱ་ཆེར་གསེར་འོད་དམ་པ་ལས་གསུངས་པས་དེར་བལྟ་བར་བྱ་ཞིང ། ཡོངས་སྦྱོང་གི་ཁྱད་པར་རྣམས་ནི་མངོན་རྟོགས་རྒྱན་ལས་གསུངས་པས་དེར་བལྟ་བར་བྱ་སྟེ། འདིར་ནི་ཡི་གེ་མང་དོགས་པས་མ་བྲིས་སོ། །གཉིས་པ་འཕགས་ལམ་ལ་གཉིས། འཕགས་ལམ་ངོས་བཟུང་བ་དང་། ལམ་གྱི་བྱེད་ལས་བསྟན་པའོ། །དང་པོ་ནི། ཡང་དག་པའི་ལྟ་བ་ལ་སོགས་པ་འཕགས་ལམ་བརྒྱད་ཀྱི་སྒོམ་ལམ་གྱི་ཡན་ལག་རྫོགས་ཚུལ་ནི་སྔར་བཤད་ཟིན་ཏོ། །གཉིས་པ་ནི། ཡང་དག་པའི་ལྟ་བ་ནི་མཉམ་གཞག་ཏུ་རང་གི་རྟོགས་པ་ལྟར། རྗེས་ཐོབ་ཏུ་ཡོངས་སུ་གཅོད་པའི་ཡན་ལག་གོ །རྟོགས་པ་ནི་རང་གི་རྟོགས་པ་ལྟར་གཞན་ལ་སྟོན་པའི་ངག་ཀུན་ནས་སློང་བས་གཞན་གོ་བར་བྱེད་པའི་ཡན་ལག་གོ །ཡང་དག་པའི་ངག་དང་། ལས་དང་། འཚོ་བ་རྣམས་ནི་གོ་རིམ་བཞིན་དུ། རང་ལ་གཞན་ལྟ་བ་དང་། ཚུལ་ཁྲིམས་དང་། འཚོ་བ་རྣམ་པར་དག་པར་ཡིད་ཆེས་པར་བྱེད་པའི་ཡན་ལག་གོ །རྩོལ་བ་ནི། སྒོམ་སྤང་གི་ཉོན་མོངས་པ་སྤོང་བའི་ཡན་ལག །དྲན་པ་ནི་བྱིང་རྒོད་སྤོང་བའི་ཡན་ལག །ཏིང་ངེ་འཛིན་ནི་ཡོན་ཏན་ཁྱད་པར་ཅན་བསྒྲུབ་པར་གེགས་བྱེད་པའི་སྙོམས་འཇུག་གི་སྒྲིབ་པ་སྤོང་བའི་ཡན་ལག་གོ །ལྔ་པ་མི་སློབ་པའི་ལམ་ལ་གཉིས་ཏེ། རྣམ་གྲོལ་གྱི་ཕུང་པོ་ལྔ། མཐར་ཕྱིན་ལམ་གྱི་ངོ་བོ་བསྟན་པའོ། །དང་པོ་ནི། མི་སློབ་པའི་གནས་སྐབས་ཀྱི་ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་གསུམ་ནི་ཟག་པ་མེད་པའི་ཚུལ་ཁྲིམས་ཀྱི་ཕུང་པོའོ། །དྲན་པ་དང་ཏིང་ངེ་འཛིན་གྱི་ཕུང་པོའོ། །ལྟ་བ། རྟོག་པ། རྩོལ་བ་གསུམ་ནི་ཤེས་རབ་ཀྱི་ཕུང་པོའོ། །ཉོན་མོངས་པ་སྤངས་པའི་རྣམ་གྲོལ་འདུས་བྱས་ནི། རྣམ་གྲོལ་གྱི་ཕུང་པོའོ། །ཟད་མི་ཤེས་པའི་རང་བཞིན་གྱི་ཡང་དག་པའི་ཤེས་པ་ནི། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། །དེ་དག་ནི་རྣམ་བྱང་ཟག་མེད་ཀྱི་ཕུང་པོ་ལྔའོ། །གཉིས་པ་ནི། ཟག་མེད་ཀྱི་ཕུང་པོ་དང་པོ་གསུམ་ནི་འཕགས་ལམ་ཡན་ལག་བརྒྱད་ཀྱི་རང་བཞིན་ཡིན་ལ། ཕྱི་མ་གཉིས་ནི་མི་སློབ་པའི་ལམ་ཡིན་ནོ་ཞེས་ཟེར་བར་སྣང་། དྲི་མ་གདོད་མ་ནས་ཟད་པ་ལ་ཟད་པ་དང་། གདོད་མ་ནས་མི་སྐྱེ་བ་ལ་མི་སྐྱེ་བར་ཤེས་པའི་ཡེ་ཤེས་མཐར་ཐུག་པ་ནི། ཐེག་ཆེན་གྱི་བྱང་ཆུབ་ཆེན་པོ་ཡིན་ལ། རྒྱུ་ཀུན་འབྱུང་ཟད་པ་ལ་ཟད་པ་དང་། འབྲས་བུ་སྡུག་བསྔལ་མི་སྐྱེ་བ་ལ་མི་སྐྱེ་བར་ཤེས་པ་ནི་ཉན་ཐོས་ཀྱི་བྱང་ཆུབ་ཡིན་ནོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་སྲིད་རྩེའི་ཉོན་མོངས་པ་དགུ་པ་སྤོང་བའི་སྦྱོར་བ་དང་བར་ཆད་མེད་ལམ་གྱི་བསྡུས་པ་སྒོམ་ལམ་ཁོ་ན་ཡིན་གྱི། མི་སློབ་པའི་ལམ་ཡིན་ཅེས་པ་ནོར་བའོ། །གསུམ་པ་ལམ་གྱི་ཡན་ལག་གཞན་དོན་བྱེད་ཚུལ་ལ། མདོར་བསྟན། རྒྱས་བཤད་གཉིས་ཀྱི་དང་པོ་ནི། ཇི་སྐད་དུ། སྦྱིན་པའི་གཡབ་མོས་ལེགས་བོས་ཏེ། །སྙན་པ་སྨྲ་བའི་གཏམ་བྱས་ཤིང་། །དོན་སྤྱོད་པའི་བག་ཕབ་སྟེ། །དོན་མཐུན་གྲོས་ཆེན་ངེས་པར་གདབ། །ཅེས་པ་ལྟར། གཞན་གྱི་དོན་བྱེད་པ་བསྡུ་བ་བཞིའི་སྒོ་ནས་བྱ་སྟེ། དེ་ལ་ཟང་ཟིང་གི་སྦྱིན་པ་གཏོང་བས་མ་བསྡུས་པ་སྡུད་པར་བྱེད། ཕ་རོལ་ཏུ་ཕྱིན་པ་དྲུག་གི་གཏམ་སྙན་པར་སྨྲས་པས་མ་སྨིན་པ་སྨིན་པར་བྱེད། གཞན་ལ་བསྟན་པ་ལྟར་རང་ཕྱིན་དྲུག་ཉམས་སུ་ལེན་པའི་དོན་སྤྱོད། རང་དང་མཐུན་པར་གཞན་ཕྱིན་དྲུག་ལ་དགོད་པའི་དོན་མཐུན་གྱིས་མ་གྲོལ་བ་གྲོལ་བར་བྱེད་དོ། །

གཉིས་པ་ལ་བཞི་སྟེ། སྦྱིན་པ་དང་། སྙན་སྨྲ་དང་། དོན་སྤྱོད་པ་དང་། དོན་མཐུན་སྒྲུབ་པས་བསྡུའོ། །དང་པོ་ལ་གཉིས་ཀྱི་དང་པོ། མ་དག་པ་སྤང་ཞིང་དག་པ་སྤྱིར་བསྟན་པ་ནི། སྦྱིན་པས་གདུལ་བྱ་བསྡུད་པ་ན། དྲང་སྲོང་རྒྱས་པའི་མདོ་ལས་གསུངས་པའི་མ་དག་པའི་སྦྱིན་པ་སུམ་ཅུ་རྩ་གཉིས་སྤངས་ཏེ། དེ་ལས་བཟློག་པ་དག་པའི་སྦྱིན་པ་བཏང་སྟེ་བསྡུ་བར་བྱའོ། །གཉིས་པ་ལ། ཞིང་དངོས་པོ་བསམ་པ་གསུམ་གྱིས་མ་དག་པ་བྱེ་བྲག་ཏུ་བཤད་པ་ནི། ཞིང་མ་དག་པ་ནི། མེ་དང་ཆུ་ཞེས་སོགས་སོ། །དངོས་པོ་མ་དག་པ་ནི། དུག་དང་མཚོན་ཞེས་སོགས་སོ། །ཀུན་སློང་གི་བསམ་པ་མ་དག་པ་ནི། ལང་ཚོ་རྒྱགས་ཚེ་ཞེས་སོགས་ཏེ། མ་དག་པའི་སྦྱིན་པ་སུམ་ཅུ་རྩ་གཉིས་པོ་འདི་དག །དྲང་སྲོང་རྒྱས་པའི་མདོ་ལས་རྒྱས་པར་གསུངས་པས་དེ་ཉིད་དུ་བལྟ་བར་བྱའོ། །གཉིས་པ་སྙན་པར་སྨྲ་བས་བསྡུ་བ་ལ་གསུམ། འཆད་ཡུལ་བརྟག་པ། བཤད་ཚུལ་གྱི་ཁྱད་པར། འཆད་བྱེད་ཀྱི་ཀུན་སྤྱོད། དང་པོ་ནི། སྙན་པར་སྨྲ་བ་ཞེས་སོགས་སོ། །གཉིས་པ་ནི། དམན་ལ་ཞེས་སོགས་གཞན་རྣམས་གོ་སླ་ཞིང་། མདོ་དང་སྔགས་ཀྱི་བཀྲི་མི་བྱ་ཞེས་པ། མདོ་ནི་རིག་བྱེད་ཆེན་པོ་བཞི་ལ་སོགས་པ་ཀླགས་པ་ཙམ་གྱིས་ཐར་པ་མཐོ་རིས་ཐོབ་པར་འདོད་པ་དང་། སྔགས་ནི་རིག་བྱེད་ཀྱི་སྔགས་བཟླས་པས་སྡིག་པ་འདག་པ་སོགས་ཏེ། གདུལ་བྱ་དེ་ལྟ་བུའི་ལམ་ལོག་པ་ལ་བཀྲི་བར་མི་བྱ་ཞེས་པའི་དོན་ནོ། །གསུམ་པ་ནི། སྤྱོད་པ་ཡོངས་སུ་དོར་མི་བྱ་ཞེས་པ་ལུས་ངག་གི་ཀུན་སྤྱོད་མཛེས་པས་ཆོས་བཤད་ཞེས་པའོ། །གསུམ་པ་དོན་སྤྱོད་པ་ལ་མདོར་བསྟན། རྒྱས་བཤད་གཉིས་ཀྱི་དང་པོ་དོན་སྤྱོད་པ་ནི་གདུལ་བྱ་སོ་ཐར་དང་། བྱང་སེམས་དང་། གསང་སྔགས་གསུམ་ལ་དགོད་པའོ། །གཉིས་པ་ལ་གསུམ་སྟེ། ཐུན་མོང་སོ་ཐར་གྱི་སྡོམ་པ་དང་། ཁྱད་པར་བྱང་སེམས་ཀྱི་སེམས་བསྐྱེད། ཟབ་མོ་སྔགས་ཀྱི་དམ་ཚིག་སྦྱིན་པའོ། །དང་པོ་ལ་ལྔ། སོ་སོར་ཐར་པ་རིགས་བདུན་གྱི་སྡོམ་པའི་ཁྱད་པར་བསྙེན་པ་རྫོགས་མ་རྫོགས་དང་། དགེ་ཚུལ་གྱི་ཁྱད་པར། བསྙེན་པ་རྫོགས་པའི་ཚུལ་བཅུ། སྡེ་པ་བཞི་ལས་གྱེས་པ་བཅོ་བརྒྱད། དེ་དག་རྒྱལ་བའི་ཕྲིན་ལས་ཡིན་ཚུལ་ལོ། །དང་པོ་ལ་བཞི། དགེ་བསྙེན་ཕ་མ་དུས་མཚམས་ཀྱི་བསྙེན་གནས། དགེ་ཚུལ་ཕ་མ། དགེ་སློང་ཕ་མའི་སྡོམ་པའོ། །དང་པོ་ནི། སོ་སོར་ཐར་པའི་སྡོམ་པ་རིགས་བདུན་ཏེ། དགེ་བསྙེན་ཕ་མ། དགེ་ཚུལ་ཕ་མ། དགེ་སློང་ཕ་མ། བསྙེན་གནས་དང་བདུན་ནོ། །མཛོད་དུ། སོ་སོར་ཐར་ཅེས་བྱ་རྣམ་བརྒྱད། །ཅེས་པར་དགེ་སློབ་མ་དང་བརྒྱད་དུ་བཤད་དོ། །དེ་ལ། སྲོག་གཅོད་ནས་ཆང་གི་བར་ལྔ་ཇི་སྲིད་འཚོའི་བར་དུ་སྤང་བ་ནི་དགེ་བསྙེན་གྱི་སྡོམ་པ་སྟེ། དེ་ཉིད་སྐྱེས་པའི་རྒྱུད་ལ་ཡོད་པ་དགེ་བསྙེན་ཕ་དང་། བུད་མེད་ཀྱི་རྒྱུད་ལ་ཡོད་པ་དགེ་བསྙེན་མའི་སྡོམ་པའོ། །དགེ་བསྙེན་གྱི་སྡོམ་པ་དེ་ཡང་ཡན་ལག་གསུམ་གྱིས་བསྡུས་ཏེ། གཞན་ལ་གནོད་པའི་དངོས་པོ་སྤོང་བ་ཡང་དག་པར་བླངས་པའི་ཡན་ལག་དང་། ཡང་དག་པར་བླང་པ་ལས་ཉམས་པ་ཕྱིས་བཅོས་པའི་ཡན་ལག་དང་། ཡང་དག་པར་བླངས་པ་ལས་མི་ཉམས་པའི་ཡན་ལག་གོ །དེ་ལ་སྲོག་དང་ལོངས་སྤྱོད་ཆུང་མ་ལ་གནོད་པ་སྤོང་བ་ནི་ཡན་ལག་དང་པོའོ། །རྫུན་དུ་སྨྲ་བ་སྤང་བ་ནི་ཡན་ལག་གཉིས་པའོ། །ཆང་དང་བཅོས་པའི་ཆང་དང་བག་མེད་པའི་གནས་སྤོང་བ་ནི་ཡན་ལག་གསུམ་པའོ། །གཉིས་པ་ནི། སྲོག་གཅོད་ནས་ཕྱི་དྲོའི་ཁ་ཟས་ཀྱི་བར་སྤང་བྱ་བརྒྱད་པོ་ཉིན་ཞག་གཅིག་གི་བར་དུ་སྤོང་བ་ནི་བསྙེན་གནས་ཡིན་ལ། གཞན་རྣམས་གོ་སླ་ཞིང་། ཁྲི་སྟན་ཆེན་པོ་ནི། གསེར་དངུལ་ལ་སོགས་རིན་པོ་ཆེ་ལས་བྱས་པའོ། །མཐོན་པོ་ནི་ཁྲུ་གང་ལས་ལྷག་པའོ། །བསྙེན་གནས་ཀྱི་སྡོམ་པ་དེ་ཡང་ཡན་ལག་ལྔ་ཡིས་བསྡུས་ཏེ། འདི་ལྟར། གཞན་ལ་གནོད་པ་སྤོང་བ་ཡང་དག་པར་ལེན་པའི་ཡན་ལག་དང་། བདག་དང་གཞན་ལ་གནོད་པ་སྤོང་བ་ཡང་དག་པར་ལེན་པའི་ཡན་ལག་དང་། ཡང་དག་པར་བླངས་པ་ལས་ཉམས་པ་ཕྱིས་གསོ་བའི་ཡན་ལག་དང་། ཡང་དག་པར་བླངས་པ་ལས་མི་ཉམས་པར་བྱ་བའི་ཕྱིར་དྲན་པ་ཉེ་བར་འཇོག་པའི་ཡན་ལག་དང་། དྲན་པ་རྨོངས་པར་མི་འགྱུར་བའི་ཡན་ལག་གོ །དེ་ལ་གཞན་གྱི་སྲོག་དང་ལོངས་སྤྱོད་ལ་གནོད་པ་སྤོང་བ་ནི་ཡན་ལག་དང་པོའོ། །མི་ཚངས་པར་སྤྱོད་པ་སྤོང་བ་ནི་ཡན་ལག་གཉིས་པའོ། །དེ་སྤངས་པ་ནི་རང་གི་ཆུང་མ་མི་བསྟེན་པས་བདག་ལ་གནོད་པར་མི་འགྱུར་ཞིང་། གཞན་གྱི་ཆུང་མ་མི་བསྟེན་པས་གཞན་ལ་གནོད་པར་མི་འགྱུར་བའི་ཕྱིར་རོ། །རྫུན་དུ་སྨྲ་བ་སྤོང་བ་ནི་ཡན་ལག་གསུམ་པ་ཡིན་ནོ། །ཆང་དང་བཅོས་པའི་ཆང་དང་སྦྱར་བའི་ཆང་དང་བག་མེད་པའི་གནས་སྤོང་བ་མ་གཏོགས་པ་དེ་ལས་གཞན་པའི་གནས་གསུམ་པོ་སྤོང་བ་ནི་ཡན་ལག་བཞི་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། དེ་དུས་རྟག་ཏུ་གར་དང་གླུ་དང་། རོལ་མོའི་སྒྲ་དང་སྤོས་དང་མེ་ཏོག་གི་ཕྲེང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཟས་ལ་བརྟེན་པ་དག་གིས་བདག་ཉིད་དབེན་པར་ཡུད་ཙམ་ཡུད་ཙམ་ལ་མཐོང་བ་ན། བདག་ནི་གསོ་སྦྱོང་གིས་གསོ་སྦྱོང་བྱས་པ་ཡིན་ནོ་སྙམ་དུ་དུས་རྟག་ཏུ་དྲན་པ་ཉེ་བར་གནས་པར་འགྱུར་བའི་ཕྱིར་རོ། །ཆང་ལ་སོགས་པ་སྤོང་བ་ནི་ཡན་ལག་ལྔ་པ་ཡིན་ཏེ། འདི་ལྟར་བདག་ནི་དྲན་པ་ཉེ་བར་གནས་པ་ཡིན་ནོ་སྙམ་དུ་སེམས་ཀྱང་། ཡན་ལག་དེས་ནི་ཆང་གིས་མྱོས་པས་མྱོས་ཤིང་རྨོངས་ཏེ་དབང་མེད་པར་འཇུག་པའི་ཕྱིར་རོ། །གསུམ་པ་ནི། བསྙེན་གནས་ཀྱི་ཡན་ལག་བརྒྱད་ལ། གར་སོགས་ཕྲེང་སོགས་སྤོང་བ་ཡན་ལག་གཉིས་སུ་བྱས་ཤིང་གསེར་དངུལ་ལེན་པ་སྤོང་བ་བསྣན་པས། སྤང་བྱ་བཅུ་ཇི་སྲིད་འཚོའི་བར་དུ་སྤོང་བ་དགེ་ཚུལ་ཕ་མའི་སྡོམ་པ་ཡིན་ནོ། །ཅིའི་ཕྱིར་བསྙེན་གནས་པའི་སྡོམ་པ་ལས་དགེ་ཚུལ་གྱི་སྡོམ་པ་ལ་གསེར་དངུལ་ལེན་པ་སྤོང་བར་མཛད་ཅེ་ན། དགེ་ཚུལ་ནི་རབ་ཏུ་བྱུང་བའི་ཕྱོགས་ལ་གནས་པས་རབ་ཏུ་བྱུང་བ་ལ་ནི་གནས་གཉིས་མི་མཛེས་ཤིང་། ཚུལ་དང་མི་མཐུན་པ་ཡིན་ཏེ། འདི་ལྟར་འདོད་པ་བསོད་ཉམས་ཀྱི་མཐར་ལྟུང་བ་རྩེད་མོའི་དགའ་བ་དང་། ཆ་སྒེག་ཇི་ལྟར་འདོད་པ་བཞིན་དུ་སྤྱོད་པ་ལ་བརྩོན་པ་དང་། སོག་འཇོག་གི་ལོངས་སྤྱོད་པའོ། །དེ་ལ་ཚུལ་མི་མཐུན་པའི་གནས་དང་པོ་སྤང་བའི་ཕྱིར་དུ་གླུ་གར་དང་རོལ་མོའི་སྒྲ་ལ་སོགས་པ་ནས་དུས་མ་ཡིན་པའི་ཁ་ཟས་ཀྱི་བར་དུ་སྤོང་བ་བཅས་ལ། གནས་གཉིས་པ་སྤང་བའི་ཕྱིར་དུ་གསེར་དངུལ་ལེན་པ་སྤོང་བ་བཅས་ཏེ། གསེར་དངུལ་ནི་སོག་འཇོག་ཐམས་ཅད་ཀྱི་རྩ་བ་དང་གཙོ་བོ་ཡིན་པའི་ཕྱིར་རོ། ཁྱིམ་པའི་ཕྱོགས་ལ་ནི་སོག་འཇོག་དེ་ཙམ་དུ་ཉེས་པ་མི་ཆེ་ཞིང་། ཚུལ་དང་མི་མཐུན་པ་ཡང་མེད་པས། དེའི་ཕྱིར་བསྙེན་གནས་ཀྱི་ཡན་ལག་ཏུ་གསེར་དངུལ་ལེན་པ་སྤོང་བ་མ་བཅས་སོ། །ཅིའི་ཕྱིར་གླུ་གར་རོལ་མོའི་སྒྲ་སྤོས་མེ་ཏོག་གི་ཕྲེང་བ་བྱུག་པ་རྣམས་བསྙེན་གནས་ལ་ཡན་ལག་གཅིག་ཏུ་བཅས་ལ། དགེ་ཚུལ་ལ་ཡན་ལག་གཉིས་སུ་བཅས་ཅེ་ན། ཁྱིམ་པ་ལ་ཅི་ནས་ཀྱང་དེ་ལ་འགལ་ན་ཉེས་པ་གཅིག་བཤགས་པར་ཟད་ཀྱི། གཉིས་མི་དགོས་པར་བྱ་བའི་ཕྱིར་ཡང་བར་མཛད་ནས་བསླབ་པ་གཅིག་ཏུ་བསྡུས་ལ། རབ་ཏུ་བྱུང་བའི་ཚུལ་དང་མི་མཐུན་པས་དེ་དང་འགལ་ན་ཉེས་པ་གཉིས་བཤགས་དགོས་ཤིང་། གཅིག་མ་ཡིན་པར་བྱ་བའི་ཕྱིར་ལྕི་བར་མཛད་ནས་ཡན་ལག་གཉིས་སུ་བཅས་སོ། །དགེ་སློབ་མའི་སྡོམ་པ་ནི། བུད་མེད་ཉོན་མོངས་པ་མང་བས་རིམ་གྱིས་དགེ་སློང་མ་བྱ་བའི་ཆེད་དུ། དགེ་ཚུལ་མའི་སྤང་བྱའི་སྟེང་དུ། གཅིག་པུ་ལམ་དུ་མི་འགྲོ་ཞིང་། །ཆུ་བོའི་ཕ་རོལ་རྐྱལ་མི་བྱ། །སྐྱེས་པ་ལ་ཡང་རེག་པ་དང་། །དེ་དང་ལྷན་ཅིག་འདུག་མི་བྱ། ཁ་ན་མ་ཐོ་མི་བཅབ་ཅིང་། །བསྙེན་དུ་འགྱུར་བར་མི་བྱ་སྟེ། །འདི་རྣམས་དགེ་སློབ་མ་རྣམས་ཀྱི། །ཆོས་དྲུག་ཞེས་ནི་རབ་ཏུ་བརྗོད། །ས་ལེ་སྦྲམ་ནི་ལེན་པ་དང་། །གསང་བའི་གནས་ཀྱི་སྤུ་འབྲེག་དང་། །ས་རྣམས་རྐོ་བར་བྱེད་པ་དང་། །རྩ་སྔོན་ལ་སོགས་བཅད་མི་བྱ། །བྱིན་ལེན་མ་བྱས་ཟ་བ་དང་། །སོག་འཇོག་བྱས་པ་ཟ་བ་ལས། །རབ་བཟློག་ཅེས་བྱ་དེ་བཞིན་གཞན། །རྗེས་མཐུན་ཆོས་ནི་དྲུག་ཏུ་བརྗོད། །ཞེས་མེ་ཏོག་ཕྲེང་རྒྱུད་དུ་བཤད་པ་ལྟར། རྩ་བའི་ཆོས་དྲུག་དང་རྗེས་མཐུན་གྱི་ཆོས་དྲུག་ལ་སློབ་བོ། །བཞི་པ་དགེ་སློང་གི་སྡོམ་པ་ནི། ཕམ་པ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོ་སོར་བཤགས་པ་བཞི། ཉེས་བྱས་བརྒྱ་རྩ་བཅུ་གཉིས་ཏེ། སྤང་བྱ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སྤོང་བའོ། །དགེ་སློང་མའི་སྡོམ་པ་ནི། ལྟུང་བ་སྡེ་ལྔ་ལ་སུམ་བརྒྱ་དྲུག་ཅུ་རྩ་བཞིར་ཕྱེ་བ་རྣམས་སྤོང་བ་བུད་མེད་ཀྱི་རྟེན་ལ་སྐྱེ་བའོ། །དགེ་སློང་གི་སྡོམ་པ་ནི་ཡན་ལག་བཞི་དང་ལྡན་པ་ཡིན་ཏེ། འདི་ལྟར་བསྙེན་པ་རྫོགས་པའི་ཡན་ལག་དང་། དེ་དང་མཐུན་པ་ཆོས་ཀྱི་བསླབ་པའི་གཞི་ཡང་དག་པར་བླངས་པའི་ཡང་དག་དང་། གཞན་གྱི་སེམས་རྗེས་སུ་སྲུང་བའི་ཡན་ལག་དང་། བསླབ་པའི་ཚོགས་ཡང་དག་པར་བླངས་པ་རྗེས་སུ་སྲུང་བའི་ཡན་ལག་གོ །དེ་ལ་གསོལ་བ་དང་གཞིའི་ལས་བྱ་བ་དང་། ཇི་ལྟར་བསླབ་པའི་གཞི་ཆེ་ལོངས་པ་ནི་ཡན་ལག་དང་པོ་ཡིན་ནོ། །དེའི་འོག་ཏུ་སོ་སོར་ཐར་པའི་འདུལ་བ་ལ་དགེ་སློང་གི་ཚུལ་ཁྲིམས་ཀྱི་རྗེས་སུ་མཐུན་པ་དང་། དེ་དང་ལྡན་པའི་བསླབ་པའི་གཞི་ཐམས་ཅད་ལ་བསྡམས་ཤིང་སྤྱོད་པ་ནི་ཡན་ལག་གཉིས་པ་ཡིན་ནོ། །ཡན་ལག་དེ་གཉིས་དང་ལྡན་པའི་ཆོ་ག་དང་། སྤྱོད་ཡུལ་ཕུན་སུམ་ཚོགས་པ་ནི་གསུམ་པ་ཡིན་ནོ། །དེ་ལ་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བ་དང་། ཉེས་པ་མི་འབྱུང་བར་བྱ་བ་དང་། ཉེས་པ་བྱུང་བ་ལ་བསླང་པའི་ཕྱིར། བསླབ་པའི་གཞི་ཡང་དག་པར་བླངས་པ་སྟེ། སློབ་པ་ནི་ཡན་ལག་བཞི་པ་ཡིན་ནོ། །གཉིས་པ་ཕམ་པ་མ་བྱུང་བ་བསྙེན་པ་རྫོག་པའི་དགེ་སློང་དང་། ཕམ་པ་འཆབ་མེད་བྱུང་ནས་བསླབ་པ་སྦྱིན་ནས་བསྙེན་པར་མ་རྫོགས་པའི་དགེ་སློང་ཞེས་བྱ་སྟེ། དེ་དང་ལྷན་ཅིག་ནུབ་གསུམ་ལྷག་པ་ཉལ་ན། དགེ་སློང་རང་བཞིན་དུ་གནས་པ་ལ་བསྙེན་པ་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བ་སྐྱེད་པ་སོགས། བསྙེན་པ་མ་རྫོགས་པའི་བྱ་བ་འགའ་ཞིག་བྱེད་པའི་ཕྱིར་རོ། །དེ་ལ་སོ་སོར་ཐར་པ་རིགས་བརྒྱད་པོ་དེ་དག་གི་དང་པོ་གསུམ་ནི་ཁྱིམ་པའི་སྡོམ་པ་ཡིན་ལ། ཕྱི་མ་རྣམས་ནི་རབ་ཏུ་བྱུང་བའི་སྡོམ་པ་ཡིན་ཞིང་། བྱེ་བྲག་ཏུ་སྨྲ་བ་དེ་ཐམས་ཅད་ཀྱང་གཞན་ཁོ་ན་ལས་ལེན་པར་འདོད་ལ། འཕགས་པ་ཐོགས་མེད་ཀྱིས་བསྡུ་བར། ཁྱིམ་པའི་སྡོམ་པ་གསུམ་ནི་གཞན་ལས་ཀྱང་ལེན་ལ་རང་གིས་ཀྱང་བླང་དུ་རུང་ཞིང་། རབ་ཏུ་བྱུང་བའི་སྡོམ་པ་ནི་གཞན་ཁོ་ན་ལས་ལེན་གྱི་རང་གིས་མ་ཡིན་ཏེ། གལ་ཏེ་དེ་དག་རང་ཉིད་ཀྱིས་བླང་དུ་རུང་ན། གང་དག་རབ་ཏུ་བྱུང་བར་མི་འོས་པ་དག་ཀྱང་། རང་ཉིད་ལ་རག་ལས་པའི་རབ་ཏུ་བྱུང་བར་འགྱུར་ཞིང་དེ་དག་གི་བསྟན་པ་མི་བརྟན་ཞིང་། དམ་པའི་ཆོས་འདུལ་བ་ཡང་མེད་པར་འགྱུར་བའི་ཕྱིར་ཞེས་བཤད་དོ། །གསུམ་པ་ནི། ལུང་བཞིས་བསྙེན་པ་རྫོགས་པའི་ཚུལ་བཅུ་བཤད་དེ། རང་བྱུང་གི་བསྙེན་པར་རྫོགས་པ་སངས་རྒྱས་དང་། མཁན་སློབ་མེད་པར་བསྙེན་པ་རྫོགས་པ་རང་སངས་རྒྱས་དང་། མཐོང་ལམ་སྐྱེས་ཏེ་ངེས་པ་ལ་འཇུག་པས་བསྙེན་པར་རྫོགས་པ་ཀོའུ་ཌི་ནྱ་ལ་སོགས་པ་ལྔ་སྡེ་བཟང་པོ་དང་། བདེ་བར་གཤེགས་པས་ཚུར་ཤོག་བཀའ་བསྩལ་པས་སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང་། མདོ་ལས། དབང་པོ་རབ་ཞིར་གནས་གྱུར་ཏེ། །བདེ་གཤེགས་དགོངས་པ་ལུང་བཟང་གནས་པར་འགྱུར། །ཞེས་པ་ལྟར། ཚུར་ཤོག་གིས་བསྙེན་པ་རྫོགས་པ་གྲགས་པ་ལ་སོགས་པ་སྲིད་པ་ཐ་མ་པ་དང་། འོད་སྲུང་ཆེན་པོ་མཐུ་ཆེ་བས་ལྷ་གང་ལ་ཕྱག་བྱས་པ་དེ་འགས་པ་ལ། སྟོན་པ་ལ་ཕྱག་འཚལ་བས་མ་འགས་པ་མཐོང་ནས་འདི་ཉིད་བདག་གི་སྟོན་པར་བཟུང་སྙམ་ཏེ། དེ་བཞིན་གཤེགས་པ་ནི་བདག་གི་སྟོན་པའོ། །བདག་ནི་དེ་བཞིན་གཤེགས་པའི་སློབ་མའོ། །ཞེས་སོ། །སྟོན་པར་ཁས་བླངས་པས་བསྙེན་པར་རྫོགས་པ་འོད་སྲུང་ཆེན་པོ་དང་། དེ་བཞིན་གཤེགས་པས་དྲིས་པ་ལ་ཚུལ་བཞིན་ལན་བཏབ་པས་མཉེས་ཏེ་བསྙེན་པར་རྫོགས་པ་ལེགས་སྦྱིན་དང་། གཉིས་ཀའི་དགེ་འདུན་ལ་བསྙེན་པར་རྫོགས་པར་བྱ་བ་དང་། གཉིས་ཀའི་དགེ་འདུན་ལ་གསོ་སྦྱོང་བྱ་བ་དང་། གཉིས་ཀའི་དགེ་འདུན་ལ་གནས་གསུམ་གྱི་དགག་དབྱེ་བྱ་བ་དང་། ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་གི་དགེ་འདུན་ལ་གདམས་པ་དང་། རྗེས་སུ་གདམས་པ་ནོད་པ་དང་། དགེ་སློང་མས་དགེ་སློང་ལ་ཇི་ལྟར་ཡང་སྤྱོ་བར་མི་བྱ་བ་དང ། དགེ་སློང་མ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་། དགེ་སློང་གསར་བུ་ལ་ཕྱག་བྱ་བ་སྟེ། ལྕི་བའི་ཆོས་བརྒྱད་ཁས་བླངས་པས་བསྙེན་པར་རྫོགས་པ་སྐྱེ་རྒུའི་བདག་མོ་དང་། ཆོས་སྦྱིན་མ་ཁྱིམ་ནས་བྱུང་བའི་སྐལ་བ་མེད་ཅིང་། རབ་ཏུ་བྱུང་བར་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ་ན། དེ་རབ་ཏུ་བྱུང་བའི་སྐལ་བ་དང་ལྡན་པར་མཁྱེན་ནས་བཅོམ་ལྡན་འདས་ཀྱི་བཀའ་གནང་ནས་རབ་བྱུང་བསྙེན་རྫོགས་ཀྱི་ཆོ་ག་འཕྲིན་དུ་བསྐུར་ཏེ། ཕོ་ཉས་བསྙེན་པར་རྫོགས་པ་ཆོས་སྦྱིན་མ་དང་། ཤར་དུ་ལི་ཁ་ར་ཤིང་འཕེལ། ལྷོར་ཆུ་ཀླུང་འདམ་བུ་ཅན། ནུབ་ཏུ་བྲམ་ཟེའི་གྲོང་ཀ་བ་དང་ཉེ་བའི་ཀ་བ། བྱང་དུ་ཨུ་ཤི་རིའི་རི་སྟེ། དེ་དག་གི་ནང་ནི་ཡུལ་དབུས་དང་། ཕྱི་རོལ་ནི་མཐའ་ཁོབ་ཡིན་པས། མཐའ་ཁོབ་ཏུ་ནི་དགེ་སློང་གཞན་མེད་ན་འདུལ་བ་འཛིན་པ་དང་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས་པར་རུང་ལ། ཡུལ་དབུས་སུ་མེད་ན་བཅུའི་ཚོགས་ཀྱིས་བསྙེན་པར་རྫོགས་སུ་རུང་ངོ་། །བཟང་སྡེའི་ཚོགས་དྲུག་ཅུ་ནི་སྐྱབས་སུ་འགྲོ་བ་ལན་གསུམ་བཟླས་པས་བསྙེན་པར་རྫོགས་པའོ། །བཞི་པ་ལ་ལྔ། རྩ་བའི་སྡེ་པ་བཞི་ངོས་བཟུང་བ། མང་པོས་བཀུར་བ་ལ་གསུམ། གནས་བརྟན་པ་ལ་གསུམ། ཕལ་ཆེན་པ་ལ་ལྔ། ཡོད་སྨྲ་བ་ལ་བདུན་དུ་གྱེས་ཚུལ་ལོ། །མང་པོས་བཀུར་བ་ཞེས་སོགས་ཏེ། སྡེ་པ་བཞི་ལ་སྡོམ་པ་གཏོང་ཐོབ་དང་། འདུལ་བ་མི་འདྲ་བ་སོ་སོ་ཡོད་ཅེས་ཆོས་རྗེ་ས་པཎ་གསུངས་ཀྱང་། དེ་དག་གིས་སྡོམ་པ་གཏོང་ཐོབ་ཀྱི་ཁྱད་པར་རྒྱ་གཞུང་ཁུངས་མ་ནས་བཤད་པ་མ་མཐོང་བས་ཤེས་དཀའ་བར་སྣང་། གཉིས་པ་ནི། ཆོས་མཆོག་པ་དང་ཞེས་སོགས་སོ། །གསུམ་པ་ནི། རྒྱལ་བྱེད་ཚལ་གནས་ཞེས་སོགས་སོ། །བཞི་པ་ནི། ཤར་རི་ཞེས་སོགས་སོ། །ལྔ་པ་ནི་འོད་སྲུང་སོགས་སོ། །གཞུང་དུ་བྱས་པའི་རྩ་བའི་སྡེ་པ་བཞི་པོའི་གྱེས་ཚུལ་འདི་དག་བཙུན་པ་དབྱིག་བཤེས་དང་། དུལ་བ་ལྷའི་སྡེ་པ་ཐ་དད་ཀླག་པའི་འཁོར་ལོ་ནས་འབྱུང་བ་ལྟར་བཤད་པར་སྣང་། རྟོག་གེ་འབར་བར་ལུགས་གསུམ་འབྱུང་སྟེ། དང་པོ་ནི། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་དྲུག་ལོན་པ་ན། གྲོང་ཁྱེར་མེ་ཏོག་གི་རྒྱལ་པོ་ཞེས་བྱ་བར། རྒྱལ་པོ་དྷརྨ་ཨ་ཤོ་ཀ་ཞེས་བྱ་བས་རྒྱལ་སྲིད་བྱེད་པའི་ཚེ། རྩོད་པའི་ཆོས་འགའ་ཞིག་བྱུང་བའི་དབང་གིས་དགེ་འདུན་གྱི་དབྱེན་ཆེན་པོར་གྱུར་ཏོ། །དེས་རེ་ཤིག་སྡེ་གཉིས་སུ་ཆད་ནས་གནས་ཏེ། དགེ་འདུན་ཕལ་ཆེན་པ་དང་། གནས་བརྟན་པའོ། །དེ་ལ་དགེ་འདུན་ཕལ་ཆེན་པའི་སྡེ་པ་ཡང་རིམ་གྱིས་བྱེ་བར་གྱུར་པ་ན། རྣམ་པ་བརྒྱད་དུ་གནས་ཏེ། འདི་ལྟ་སྟེ། དགེ་འདུན་ཕལ་ཆེར་པའི་སྡེ་པ་དང་ཐ་སྙད་གཅིག་པ་དང་། འཇིག་རྟེན་ལས་འདས་པར་སྨྲ་བ་དང་། མང་དུ་ཐོས་པ་དང་། རྟག་པར་སྨྲ་བ་དང་། མཆོད་རྟེན་པ་དང་། ཤར་གྱི་རི་བོ་པ་དང་། ནུབ་ཀྱི་རི་བོ་པ་རྣམས་སོ། །གནས་བརྟན་པ་ཡང་རིམ་གྱིས་བྱེ་བར་གྱུར་ནས་རྣམ་པ་བཅུར་གནས་ཏེ། འདི་ལྟ་སྟེ། གནས་བརྟན་པ་དང་། ཐམས་ཅད་ཡོད་པར་སྨྲ་བ་དང་། གནས་མའི་བུ་པ་དང་། ཆོས་མཆོག་པ་དང་། བཟང་པོའི་ལམ་པ་དང་། ཀུན་གྱིས་བཀུར་བ་དང་། མང་སྟོན་པ་དང་། ཆོས་སྦས་པ་དང་། ཆར་བཟང་འབེབ་པ་དང་། བླ་མ་པ་ཞེས་བྱ་བ་རྣམས་སོ། །དེ་ལ་གནས་བརྟན་པའི་མིང་གཉིས་པ་ནི། གངས་རི་པ་ཞེས་ཀྱང་བྱའོ། །ཡོད་སྨྲ་བའི་མིང་གཞན་ཡང་རྣམ་པར་ཕྱེ་སྟེ་སྨྲ་བ་དང་། རྒྱུར་སྨྲ་བ་དང་། ཁ་ཅིག་མུ་རྒྱུས་ཏ་ཀ་པ་ཞེས་ཀྱང་ཟེར་རོ། །ཀུན་གྱི་བཀུར་བའི་མིང་གཞན་ནི། ཨ་སན་ཏ་ཀ་ལ་དང་། ཀུ་རུ་ཀུ་ལ་བ་ཞེས་ཀྱང་ཟེར་རོ། །ཆར་བཟང་འབེབས་པའི་མིང་གཉིས་པ་འོད་སྲུང་པ་ཞེས་ཀྱང་ཟེར་རོ། །བླ་མ་པ་ལ་ཡང་། ཁ་ཅིག་འཕོ་བར་སྨྲ་བ་ཞེས་ཀྱང་ཟེར་རོ། །ལུགས་གཉིས་པ་ནི་དབྱེ་བའི་དུས་དང་། གནས་དང་། རྒྱུ་མཚན་སྔ་མ་དང་འདྲ་བ་ལ། རྩ་བའི་དབྱེ་བ་རྣམ་པ་གསུམ་སྟེ། འདི་ལྟར། གནས་བརྟན་པ་དང་། དགེ་འདུན་ཕལ་ཆེན་པ་དང་། རྣམ་པར་ཕྱེ་སྟེ་སྨྲ་བའོ། །གནས་བརྟན་པ་ལ་གཉིས་ཏེ། ཐམས་ཅད་ཡོད་པར་སྨྲ་བ་དང་། གནས་མའི་སྡེ་པའོ། །ཡོད་སྨྲ་བ་ཡང་གཉིས་ཏེ། དེ་ཉིད་དང་མདོ་སྡེ་སྨྲ་བའོ། །གནས་མའི་བུ་པ་ཡང་བཞི་སྟེ། མང་པོས་བཀུར་བ་དང་། ཆོས་མཆོག་པ་དང་། བཟང་པོའི་ལམ་པ་དང་། གྲོང་ཁྱེར་དྲུག་པ་རྣམས་སོ། །དེ་ལྟར་གནས་བརྟན་པ་ནི་དྲུག་ཏུ་གནས་སོ། །དགེ་འདུན་ཕལ་ཆེན་པ་ཡང་རྣམ་པ་བརྒྱད་དེ། འདི་ལྟར། དེ་ཉིད་དང་། ཤར་གྱི་རི་བོ་པ་དང་། ནུབ་ཀྱི་རི་བོ་པ་དང་། རྒྱལ་པོའི་རི་པ་དང་། གངས་རི་པ་དང་། དོན་གྲུབ་པ་དང་། མཆོད་རྟེན་པ་དང་། བ་ལང་གནས་པ་ཞེས་བྱ་བ་རྣམས་སོ། །རྣམ་པར་ཕྱེ་སྟེ་སྨྲ་བ་ཡང་བཞི་སྟེ། ས་སྟོན་པ་དང་། འོད་སྲུང་པ་དང་། ཆོས་སྦས་པ་དང་། གོས་དམར་བ་ཞེས་བྱ་བ་རྣམས་སོ། །ལུགས་གསུམ་པ་ནི། བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་སུམ་ཅུ་རྩ་བདུན་ལོན་པ་ན། རྒྱལ་པོ་དགའ་བོ་དང་། པད་མ་ཆེན་པོ་བྱ་བས། གྲོང་ཁྱེར་པ་ཏ་ལ་པུ་ཏྲའི་ནང་དུ་སྡུད་པར་བྱེད་པ་ལ་སོགས་པ་འཕགས་པ་ཕལ་ཆེ་བ་ནི་ཡང་སྲིད་ལེན་པ་མེད་པར་བསིལ་བའི་དངོས་པོ་ཐོབ་པར་གྱུར་པ་ན། འཕགས་པ་འོད་སྲུང་ཆེན་པོ་དང་། འཕགས་པ་སྤུ་ཆེན་པོ་དང་། གཏོང་བ་ཆེན་པོ་དང་། བླ་མ་པ་དང་། ར་བ་ཏ་ལ་སོགས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་དགྲ་བཅོམ་པའི་དགེ་འདུན་དེ་ལྟར་བཞུགས་པ་ན། བདུད་སྡིག་ཅན་བཟང་པོ་ཐམས་ཅད་ཀྱིས་མི་ཐུབ་པའི་ཕྱོགས་སུ་གྱུར་པ་དགེ་སློང་གི་ཆ་བྱད་འཛིན་པས་རྫུ་འཕྲུལ་སྣ་ཚོགས་བསྟན་ཏེ། གཞི་ལྔས་དགེ་འདུན་གྱི་དབྱེན་ཆེན་པོ་བསྐྱེད་དེ། གནས་བརྟན་ཀླུ་ཞེས་པ་དང་། ཡིད་བརྟན་པ་ཞེས་བྱ་བའི་མང་དུ་ཐོས་པ་དག་གིས་གཞི་ལྔ་བསྔགས་པར་བྱེད་དོ། །གཞི་ལྔ་ནི། རྗེས་སུ་སྟོན་པར་བྱེད་ཅིང་དེས་གཞན་ལ་ལན་བཏབ་པ་དང་། མི་ཤེས་པ་དང་། ཡིད་གཉིས་དང་། ཡོངས་སུ་བརྟག་པ་དང་། བདག་ཉིད་གསོད་པར་བྱེད་པ་ནི་ལམ་ཡིན་ཏེ། འདི་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་ནོ། །ཞེས་ཟེར་རོ། །དེ་ནས་དགེ་འདུན་སྡེ་གཉིས་སུ་ཆད་ནས་གནས་ཏེ། གནས་བརྟན་པ་དང་། ཕལ་ཆེན་སྡེ་པའོ། །དེ་ལྟར་ལོ་དྲུག་ཅུ་རྩ་གསུམ་བར་དུ་དགེ་འདུན་བྱེ་ནས་འཁྲུག་ལོང་གི་གནས་སོ། །དེ་ནས་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་གཉིས་འདས་པ་ན། གནས་བརྟན་གནས་མའི་བུས་བསྟན་པ་ཡང་དག་པར་བསྡུས་སོ། །དེས་ཡང་དག་པར་བསྡུས་པའི་རྗེས་ལ། དགེ་འདུན་ཕལ་ཆེན་པ་ནི། རྣམ་པ་དྲུག་ཏུ་གྱེས་ལ། གནས་བརྟན་པ་ནི་རྣམ་པ་བཅུ་གཉིས་སུ་གྱེས་ཏེ་གནས་པར་བཤད་དོ། །སློབ་དཔོན་ཤཱཀྱ་འོད་ནི། གཞི་ཐམས་ཅད་ཡོད་པར་སྨྲ་བ་ཉིད་ལས་གཞན་བཅུ་བདུན་གྱེས་པར་བཞེད་དོ། །རྒྱའི་མཁན་པོས་དགོངས་འགྲེལ་གྱི་འགྲེལ་པར། ཐམས་ཅད་ཡོད་པར་སྨྲ་བ་དང་། ཕལ་ཆེན་པ་གཉིས་ལ་རེ་རེ་ཞིང་བཅུ་བཅུ་གྱེས་པར་སྡེ་པ་ཉི་ཤུར་བཤད་དོ། །ལྔ་པ་ནི། སངས་རྒྱས་ཉན་ཐོས་ཚུལ་བཟུང་ནས། །འགྲོ་བའི་དོན་ཆེན་མཛད་པར་འགྱུར། །ཅེས་སོ། །

སྡེ་པ་བཅོ་བརྒྱད་སངས་རྒྱས་ཀྱི་སྤྲུལ་པར་འདོད་པར་སྣང་སྟེ། ཕོ་ཚོད་ཙམ་དུ་ཟད་ཀྱི་ཤེས་བྱེད་ཀྱི་ལུང་རིགས་ཅི་ཡང་མེད་དེ། སྡེ་པའི་གྲུབ་མཐའ་འཛིན་པ་ཐམས་ཅད་དངོས་པོར་སྨྲ་བའི་སོ་སྐྱེ་ཡིན་པའི་ཕྱིར་རོ། ཁྱད་པར་སེམས་བསྐྱེད་སྦྱིན་པ་ལ་བཞི། སྡོམ་གསུམ་མཚུངས་ལྡན་གྱི་ཁྱད་པར་འཕགས་ཚུལ། སེམས་བསྐྱེད་ཀྱི་རྩ་བ་ཀུན་སློང་སྙིང་རྗེ་ངོས་བཟུང་བ། བསླབ་བྱ་ཕར་ཕྱིན་དྲུག་ཉམས་སུ་བླང་བ། ཕྱི་ནང་གི་ཆོས་ལ་བདེན་ཞེན་སྤང་བའོ། །དང་པོ། བྱང་ཆུབ་ཀྱི་སེམས་དང་མཚུངས་པར་ལྡན་པའི་སོ་ཐར་ལ་སོགས་པའི་སྡོམ་པ་ཀུན་ནི་སྲིད་ཞིའི་མཐའ་ལ་རབ་ཏུ་མི་གནས་པའི་མྱང་འདས་ཐོབ་པའི་རྒྱུ་ཐུན་མོང་མ་ཡིན་པ་ཡིན་ཏེ། ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པའི་དགེ་བ་ཀུན་མི་གནས་པའི་མྱང་འདས་ཐོབ་པའི་ཕྱིར་དུ་སྒྲུབ་པའི་ཕྱིར་རོ། །གཉིས་པ་ནི། དེའི་རྩ་བ་སྙིང་རྗེར་འདོད། །རྟག་ཏུ་སེམས་ཅན་ཕན་པར་སེམས། །ཞེས་པ་ལྟར། ཐེག་ཆེན་སེམས་བསྐྱེད་ཀྱི་རྩ་བ་སྙིང་རྗེ་ཆེན་པོ་ཡིན་ཏེ། འགྲོ་བ་མགོན་མེད་པ་སྡུག་བསྔལ་རྒྱ་མཚོར་བྱིང་བ་མཐོང་ནས། དེ་དག་བསྒྲལ་བའི་དོན་དུ་བྱང་ཆུབ་འཐོབ་འདོད་ཀྱི་བློ་སྐྱེ་བའི་ཕྱིར་རོ། །གསུམ་པ་ནི། ཐེག་ཆེན་སེམས་བསྐྱེད་དེའི་བསླབ་བྱ་ཕར་ཕྱིན་དྲུག་ཡིན་ཏེ། ཕྱིན་དྲུག་གིས་ཚོགས་གཉིས་བསྡུས་པའི་ཕྱིར་དང་། ཚོགས་གཉིས་ཀྱིས་བྱང་སེམས་ཀྱི་ལམ་ཐམས་ཅད་བསྡུས་པའི་ཕྱིར་རོ། །བཞི་པ་ནི། བྱང་སེམས་ཕྱིན་དྲུག་ལ་སྤྱོད་པ་ན་ནང་ཕུང་པོ་ལ་བདག་དང་བདག་གིར་ལོངས་སྤྱོད་ཟས་གོས་སོགས་ལ་བདག་གི་བ་དང་དངོས་པོར་མཚན་མར་འཛིན་པའི་འཛིན་པ་ཐམས་ཅད་ཡོངས་སུ་དོར་དགོས་ཏེ། གཉིས་འཛིན་གྱིས་བཅིངས་པའི་དགེ་བས་བྱང་ཆུབ་མི་འཐོབ་པའི་ཕྱིར་རོ། །

གསུམ་པ་ཟབ་ལམ་སྔགས་ཀྱི་དག་ཚིག་སྦྱིན་པ་ལ་བཞི་སྟེ། སྨིན་བྱེད་ཀྱི་དབང་བསྐུར་སྦྱིན་པ། གྲོལ་བྱེད་ཀྱི་ལམ་ལ་བསླབ་ཚུལ། བློ་དམན་སྣོད་མིན་གྱི་སྤྱོད་ཡུལ་མ་ཡིན་པ། དབང་རབ་སྐལ་ལྡན་གྱི་ཉམས་ལེན་དུ་བསྟན་པའོ། །དང་པོ་ནི། འདུས་པ་ལ་སོགས་པ་རྒྱུད་སྡེ་རྣམ་དག་ནས་བྱུང་བའི་དཀྱིལ་འཁོར་དུ་བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། ཚིག་དབང་བཞི་པ་སྟེ། སྨིན་བྱེད་དབང་བཞིའི་ཆུའོ་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་ལ་མ་ནུབ་ཅིང་། གྲོལ་བྱེད་རིམ་པ་གཉིས་ཀྱི་རྣལ་འབྱོར་བསྒོམ་པ་ནི་མཆོག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང་། ཐུན་མོང་བ་ཕྲིན་ལས་བཞི་དང་། གྲུབ་པ་བརྒྱད་ལ་སོགས་པའི་དངོས་གྲུབ་འགྲུབ་པའི་རྒྱུ་ཡིན་ནོ། །གཉིས་པ་ནི་ཇི་སྐད་དུ། རྡོ་རྗེ་ཅན་གྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པ་ཡི་ནི་རིམ་པ་དང་། །དེ་བཞིན་རྫོགསཔའི་རིམ་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །རྣལ་འབྱོར་པས་མཉམ་གཞག་ཏུ་ཐུན་མོང་གི་བསྙེན་པ་བསྐྱེད་པའི་རིམ་པ་དང་། མཆོག་གི་བསྙེན་པ་རྫོགས་པའི་རིམ་པ་ལ་གནས་ཤིང་། རྗེས་ཐོབ་ཐུན་མཚམས་ཀྱི་བྱ་བ་སྔགས་བཟླས་པ་དང་། དཀྱིལ་འཁོར་མཆོད་པ་དང་། སྦྱིན་སྲེག་དང་། གཏོར་མ་སོགས་ཉམས་སུ་བླངས་པས། དབང་པོ་རབ་ཚེ་འདི་ཉིད། འབྲིང་བར་དོ་དང་། ཐ་མ་སྐྱེ་བ་བདུན་ནམ་བཅུ་དྲུག་ན་མི་གནས་པའི་མྱ་ངན་ལས་འདས་པ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་བོ་ཞེས་རྒྱུད་སྡེ་དག་ལས་གསུངས་སོ། །གསུམ་པ་ནི། དེ་ལྟ་བུའི་རྡོ་རྗེ་ཐེག་པའི་ལམ་ནི་ཉན་ཐོས་ཀྱི་རིགས་ཅན་དབང་པོ་རྟུལ་པོ་དག་གི་སྤྱོད་ཡུལ་མ་ཡིན་ནོ། །བཞི་པ་ནི། རྡོ་རྗེ་ཐེག་པ་ནི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཡིན་ཞེས་ཟེར་བར་སྣང་། སྔགས་དང་ཕ་རོལ་ཏུ་ཕྱིན་པ་དོན་གཅིག་གམ་མི་གཅིག །གཅིག་ན་གདུལ་བྱ་དབང་པོ་རྣོ་རྟུལ་གྱི་དབང་དུ་བྱས་པ་མི་རིགས། མི་གཅིག་ན་སྔགས་ཀྱི་ཐེག་པ་ཐབས་ལམ་མ་ཡིན་པར་འགྱུར་ཏེ། ཕར་ཕྱིན་ཐེག་པ་ལས་ལམ་གཞན་ཡིན་པའི་ཕྱིར་རོ། །དཔེར་ན་མུ་སྟེགས་བྱེད་ཀྱི་ལམ་བཞིན་ནོ་སྙམ་ན་སྔགས་དང་ཕར་ཕྱིན་ཐེག་པ་གཉིས་ག་ཡང་། གཏན་ལ་དབབ་བྱའི་གཞི་སྤྲོས་བྲལ་སྟོང་པ་ཉིད་ཀྱང་དོན་གཅིག །ཉམས་སུ་བླང་བྱའི་ལམ་མཉམ་གཞག་མི་རྟོག་པའི་ཡེ་ཤེས་ཀྱང་དོན་གཅིག །ཐོབ་བྱའི་འབྲས་བུ་མི་གནས་པའི་མྱང་འདས་ཀྱང་དོན་གཅིག་པའི་ཕྱིར། སྔགས་ཀྱི་ཐེག་པ་ནི་ལམ་གཞན་མ་ཡིན་ནོ། །དེ་ལྟར་ནའང་། ཁྱད་པར་བཞིས་སྔགས་ཀྱི་ཐེག་པ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཁྱད་པར་འཕགས་ཏེ། འདི་ལྟར། དེ་ཁོ་ན་ཉིད་རྟོགས་པའི་ཐབས་ལ་མ་རྨོངས་པ་དང་། རང་གཞན་གྱི་དོན་སྒྲུབ་པའི་ཐབས་མང་བ་དང་། དཀའ་བ་མེད་པར་བདེ་བས་བྱང་ཆུབ་སྒྲུབ་པ་དང་། རྟེན་གྱི་གང་ཟག་དབང་པོ་ཤིན་ཏུ་རྣོན་པོའི་དབང་དུ་བྱས་པའི་ཕྱིར་རོ། །དང་པོ་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ནི། བསྐལ་པ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས་མཐོང་ལམ་དུ་དེ་ཁོ་ན་ཉིད་མཐོང་བ་ཡིན་ལ། རྡོ་རྗེ་ཐེག་པར་ནི་དབང་བསྐུར་བའི་ཚེ། ཡེ་ཤེས་ཕབ་པའི་མྱོང་བ་དེ་ཉིད་བླ་མས་ངོ་སྤྲད་དེ། དེའི་རྒྱུན་ནང་ལུས་ལ་གནད་དུ་བསྣུན་ཏེ་བསྐྱངས་པ་ལས། ཚེ་འདི་ཉིད་ལ་དེ་ཁོ་ན་ཉིད་མཐོང་བར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། རྡོ་རྗེ་ཐེག་པར་ནི་ཕྲིན་ལས་བཞི་དང་། གྲུབ་པ་བརྒྱད་ལ་སོགས་པ་ཐབས་མང་བའི་སྒོ་ནས་ཚེགས་མེད་པར་ཚེ་འདི་ཉིད་ལ་རང་གཞན་གྱི་དོན་སྒྲུབ་ནུས་ལ། ཕ་རོལ་ཏུ་ཕྱིན་པར་ནི་དེ་ལྟ་བུའི་ཐབས་མེད་པའི་ཕྱིར་རོ། །གསུམ་པ་ནི། རྡོ་རྗེ་ཐེག་པར་དཀའ་ཐུབ་དཀའ་སྤྱད་ལ་ལྟོས་པ་མེད་པར་རང་བཞིན་ཤེས་པའི་སྒོ་ནས་འདོད་ཡོན་ལ་ཅི་དགར་སྤྱོད་ཅིང་བདེ་བར་བྱང་ཆུབ་སྒྲུབ་པ་ཡིན་པ། ཕར་ཕྱིན་ཐེག་པར་ནི། མགོ་སྦྱིན་པ་སོགས་དང་སྦྱངས་པའི་ཡོན་ཏན་བཅུ་གཉིས་སོགས་དཀའ་བས་བྱང་ཆུབ་སྒྲུབ་པ་ཡིན་པའི་ཕྱིར་རོ། །བཞི་པ་ནི། ཕར་ཕྱིན་ཐེག་པའི་གདུལ་བྱ་ནི། ཇི་སྲིད་དེ་ཁོ་ན་ཉིད་མ་རྟོགས་བར་དུ། འདོད་ཡོན་ཅི་དགར་བསྟེན་ན་དེའི་རྐྱེན་གྱིས་ཉོན་མོངས་པ་འཕེལ་ཏེ་རྒྱུད་འཇོམས་པས། དབང་པོ་རྟུལ་བ་ཡིན་ལ། སྔགས་ཀྱི་ཐེག་པའི་གདུལ་བྱ་རྣམས་ནི། ལས་དང་པོ་པ་རྣམས་ཀྱི་རང་བཞིན་ཤེས་པའི་སྒོ་ནས་འདོད་ཡོན་ལ་ཅི་དགར་སྤྱད་ཀྱང་གྲོལ་བའི་རྒྱུར་འགྱུར་གྱི། འཆིང་བའི་རྒྱུར་མི་འགྱུར་བའི་ཕྱིར་རོ། །དབང་པོ་ཤིན་ཏུ་རྣོན་པོ་ཡིན་ནོ། །བཞི་པ་དོན་མཐུན་སྒྲུབ་པས་བསྡུས་པ་ལ་བཞི། ལས་རྒྱུ་འབྲས་བསམ་པ། བླང་དོར་ལ་བརྩོན་པ། འདོད་ཡོན་ལ་ཆོག་ཤེས་པ། ལམ་གྱི་མཐུན་རྐྱེན་དབེན་པ་བསྟེན་པའོ། །དང་པོ་ནི། དགེ་བ་བཅུ་ཞེས་སོགས་སོ། །གཉིས་པ་ནི། སྡོམ་པ་གསུམ་གྱི་ཞེས་སོགས་སོ། །གསུམ་པ་ནི། གཟུགས་སྒྲ་དྲི་རོ་ཞེས་སོགས་སོ། །བཞི་པ་ནི། ལུས་དང་སེམས་ཀྱི་ཞེས་སོགས་སོ། །དེ་དག་ནི་ཤིན་ཏུ་གོ་སླ་བའི་ཕྱིར་མ་བཀྲོལ་ལོ། །ལུང་ཀུན་ལས་བཏུས་པ་ལས་ལེའུ་དྲུག་པའི་རྣམ་བཤད་དོ། །

ལེའུ་བདུན་པ།

སྤྱི་དོན་གསུམ་པ་ཐོབ་བྱའི་འབྲས་བུ་ལ་གཉིས་ཏེ། སྤྱི་དང་ཡན་ལག་གི་དོན། དང་པོ་ལ་གསུམ། སྐུ་དང་། ཡེ་ཤེས་དང་། ཕྲིན་ལས་གསུམ་མོ། །དང་པོ་ལ་དབྱེ་བ་དང་། ཕྱེ་བ་སོ་སོའི་ངོ་བོ་གཉིས་ཀྱི། དང་པོ་གཉིས་དང་། གསུམ་དང་། བཞིར་དབྱེ་བ་གསུམ་གྱི་དང་པོ་ནི། རང་དོན་ཆོས་ཀྱི་སྐུ་དང་གཞན་དོན་གཟུགས་ཀྱི་སྐུ་གཉིས་སུ་འདུ་སྟེ། རིན་ཆེན་ཕྲེང་བར། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་དེ་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་དང་། རིགས་པ་དྲུག་ཅུ་པར། དགེ་བ་འདིའི་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་འཐོབ་པ་ཤོག །ཅེས་གསུངས་པ་ལྟར་རོ། །གཉིས་པ་ནི། གཟུགས་སྐུ་ལ་ལོངས་སྐུ་དང་སྤྲུལ་སྐུ་གཉིས་སུ་ཕྱེ་བས་གསུམ་སྟེ། རྒྱན་ལས། སྐུ་གསུམ་དག་གི་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་པར་བྱ། །སྐུ་གསུམ་དག་གི་རང་གཞན་གྱི། །དོན་ནི་རྟེན་དང་བཅས་པར་བསྟན། །ཅེས་གསུངས་ཤིང་། དེ་དང་མཐུན་པར་རྒྱུད་བླར་ཡང་། དེ་དབྱེ་ཟབ་དང་རྒྱ་ཆེ་དང་། །བདག་ཉིད་ཆེན་པོའི་ཡོན་ཏན་གྱི། །ཆོས་ཀྱི་རབ་ཕྱེའི་རང་བཞིན་ལ། །སོགས་པའི་སྐུ་གསུམ་དག་གིས་འཇུག །ཅེས་གསུངས་པ་ལྟར་རོ། །གསུམ་པ་ནི། དོན་གསང་རྣམ་པར་བཤད་པ་ལས། ལོངས་སྐུ་ལ་སངས་རྒྱས་ནང་ཁོ་ནས་ཐུན་མོང་མིན་པར་ལོངས་སྤྱོད་པ་དང་། ས་བཅུ་པའི་བྱང་སེམས་དང་། ཐུན་མོང་དུ་ཐེག་ཆེན་གྱི་ཆོས་ལ་ལོངས་སྤྱོད་པ་གཉིས་སུ་ཕྱེ་ནས་བཞིར་བཤད་དེ། དང་པོ་ནི། སངས་རྒྱས་པའི་ཟག་པ་མེད་པའི་ཡེ་ཤེས་སོ། །གཉིས་པ་ནི། འོག་མིན་གྱི་གཟུགས་ཀྱི་སྐུའོ། །ཡང་དབུ་མ་འཇུག་པར། རྒྱུ་མཐུན་པའི་སྐུ་ཞེས་བྱ་བ་གཟུགས་སྐུའི་བ་སྤུའི་ཁུང་བུ་རེ་རེས་སྤྲུལ་པ་རྣམ་པ་སྣ་ཚོགས་པ་སྟོན་པའི་རང་བཞིན་ཅན་དང་བཞིར་བཤད་དོ། །གཉིས་པ་ལ། བཞིའི་དང་པོ། ངོ་བོ་ཉིད་ཀྱི་སྐུ་ནི་ཁྱད་པར་གསུམ་དང་ལྡན་ཏེ། འདི་ལྟར། ལྡན་པའི་ཁྱད་པར་སྟོབས་དང་མི་འཇིགས་པ་ལ་སོགས་པ་གནས་འགྱུར་མཐར་ཕྱིན་པའི་ཟག་མེད་ཀྱི་ཡོན་ཏན་ཀུན་དང་ལྡན་པའོ། །བྲལ་བའི་ཁྱད་པར་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་སྤངས་པའོ། །རང་བཞིན་གྱི་ཁྱད་པར་གདོད་མ་ནས་སྐྱེ་བ་མེད་ཅིང་འདུས་བྱས་ཀྱི་མཚན་ཉིད་ཐམས་ཅད་དང་བྲལ་བའོ། །རྒྱུད་བླར། དེ་ལ་སངས་རྒྱས་རྣམས་ཀྱིས་ནི། །ངོ་བོ་ཉིད་སྐུ་མཚན་ཉིད་ལྔ། །མདོར་ན་ཡོན་ཏན་ལྔ་དང་ནི། །ལྡན་པ་ཉིད་དུ་རིག་པར་བྱ། །ཞེས་གསུངས་པ་ཡང་ཅི་རིགས་པར་འདིར་འདུས་སོ། །གཉིས་པ་ཆོས་ཀྱི་སྐུ་ནི། གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་སངས་རྒྱས་པས་བསྡུས་པ་སྟེ། དེ་ཡང་ནུས་པའི་ཁྱད་པར་སྐུ་གཉིས་དང་། ཕྲིན་ལས་ཀྱི་བདག་པོའི་རྐྱེན་བྱེད་པ་རྟོགས་པའི་ཁྱད་པར་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ་དང་། སྤངས་པའི་ཁྱད་པར་མི་མཐུན་པའི་ཕྱོགས་མཐའ་དག་དང་བྲལ་བའོ། །གསུམ་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི། མཐར་ཕྱིན་པའི་བྱང་སེམས་ཁོ་ན་ལ་མཚན་དཔེས་བརྒྱན་པའི་སྐུར་སྣང་བ་སྟེ། དེ་ཡང་ཁྱད་པར་ལྔ་དང་ལྡན་ཏེ། སྐུ་སྟོན་པ་དང་། གསུང་བརྗོད་པ་དང་། ཐུགས་མཛད་པ་རྒྱུན་མི་འཆད་པ་དང་། དེ་དག་ལ་མངོན་པར་འདུ་མི་བྱེད་པ་དང་། གདུལ་བྱ་ལ་རྣམ་པ་དུ་མར་སྟོན་ཀྱང་དེར་མེད་པའོ། །དེ་སྐད་དུ་ཡང་། རྒྱུད་བླར། བརྗོད་སྟོན་མཛད་རྒྱུན་མི་འཆད་དང་། །མངོན་པར་འདུ་བྱེད་མེད་པ་དང་། །དེའི་ངོ་བོ་མི་སྟོན་ལ། །འདིར་ནི་སྣ་ཚོགས་རྣམ་ལྔར་བརྗོད། །ཅེས་གསུངས་སོ། །བཞི་པ་སྤྲུལ་པའི་སྐུ་ནི། ཐེག་པ་གསུམ་ཀའི་གདུལ་བྱ་ལ་མཚན་དཔེས་སྤྲས་པའི་སྐུར་སྣང་ཞིང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་སྒྲུབ་སྟེ། དེ་ཡང་ཐོག་མར་གདུལ་བྱ་སྲིད་པ་ལ་སྐྱོ་བ་བསྐྱེད་ནས་མྱ་ངན་ལས་འདས་པའི་ལམ་དུ་འཇུག་པར་བྱེད། བར་དུ་ཞི་བ་ལ་མངོན་པར་དགའ་བ་བཟློག་ནས། ཐེག་ཆེན་ལ་བཀོད་ནས་རྒྱུད་སྨིན་པར་བྱེད། མཐར་བྱང་ཆུབ་མཆོག་ཏུ་ལུང་བསྟན་ནས་རྣམ་གྲོལ་ཐོབ་པའི་ཕྲིན་ལས་སྒྲུབ་པར་བྱེད་པའོ། །དེ་སྐད་དུ་ཡང་། རྒྱུད་བླ་མར། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང་། །རབ་ཏུ་སྨིན་དང་ལུང་སྟོན་རྒྱུའི་གཟུགས། །གང་ཡིན་དེ་ཡང་འདིར་ནི་རྟག་གནས་ཏེ། །ནམ་མཁའི་ཁམས་སུ་གཟུགས་ཀྱི་ཁམས་བཞིན་ནོ། །ཞེས་གསུངས་སོ། །གཉིས་པ་ཡེ་ཤེས་ཀྱི་རྣམ་གཞག་ལ་གཉིས། བཞིར་དབྱེ་བ་དང་། གཉིས་སུ་བསྡུ་བ་དངོས་སོ། །དང་པོ་ནི། གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་དེ་ཉིད་ལྡོག་པའི་སྒོ་ནས་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་བཞིར་དབྱེའོ། །དང་པོ་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་སྣང་བ་སྒྱུ་མ་ལྟ་བུ་ཉིད་ཀྱི་ཆོས་ཅན་མཐའ་དག་ལ་རིས་སུ་མ་ཆད་པ་དམིགས་པའི་ལྡོག་པ་ནས་བཞག་གོ །གཉིས་པ་ནི། དེ་སྣང་བ་སྒྱུ་མ་ལྟ་བུ་དེ་ལ་གང་ཟག་དང་། ཆོས་ཀྱི་མཚན་མ་གང་དུ་ཡང་མི་རྟོག་པས་བདག་གཞན་སོ་སོར་མི་འབྱེད་པའི་ལྡོག་པ་ནས་བཞག་གོ །གསུམ་པ་ནི། དེས་སྒྱུ་མ་ལྟ་བུའི་སྣང་བ་དེ་ཉིད་ཀྱི་ནང་གསེས་ཀྱི་དབྱེ་བ་རྣམས་པད་མའི་འདབ་མ་ལྟར་མ་འདྲེས་པར་རྟོགས་པའི་ལྡོག་པ་ནས་བཞག་གོ །བཞི་པ་ནི། དེས་གཟུགས་སོགས་སྒོ་ལྔའི་སྣང་བ་ལ་ཡོད་པ་སྒྱུར་མེད་པ། སྤྲུལ་པ་སོགས་དགའ་རྒུར་དབང་བྱེད་པའི་ལྡོག་པ་ནས་བཞག་གོ །དེ་ལ་རྣམ་ཤེས་ཚོགས་བརྒྱད་དུ་ཁས་ལེན་པའི་སེམས་ཙམ་པ་ལྟར་ན། ཀུན་གཞི་དང་། ཉོན་ཡིད་དང་། ཡིད་ཤེས་དང་། དབང་ཤེས་གནས་གྱུར་པ་ལས་གོ་རིམ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པར་འཇོག་ཅིང་། ཇི་ལྟར་སོ་སོར་སྐྱེ་བོའི་དུས་ན་ཀུན་གཞི་དང་འཇུག་ཤེས་ཐ་དད་པ་ལྟར། སངས་རྒྱས་པའི་དུས་ན་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་དང་། ཡེ་ཤེས་གཞན་གསུམ་རྣམས་རྫས་ཐ་དད་པར་བཞེད་ཀྱང་། འདིར་ཀུན་གཞི་དང་། ཉོན་ཡིད་ཁས་མི་ལེན་པའི་ཕྱིར་དེ་གནས་འགྱུར་བའི་མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་མི་བཞེད་པས། ཡེ་ཤེས་བཞི་པོ་ལྡོག་པའི་སྒོ་ནས་འབྱེད་པ་འཐད་པ་ཡིན་ནོ། །གཉིས་པ་ནི། ཡེ་ཤེས་བཞི་པོ་དེ་དག་ཀྱང་ཡུལ་གྱི་སྒོ་ནས་ཇི་ལྟ་བ་དང་། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་སུ་ངེས་ཏེ། དེ་དག་གིས་ཡོངས་སུ་བཅད་པར་བྱ་བ་ཆོས་ཅན་ཇི་སྙེད་པ་དང་། ཆོས་ཉིད་ཇི་ལྟ་བ་གཉིས་སུ་ངེས་པའོ། །དེ་དག་ཀྱང་ལྡོག་པའི་སྒོ་ནས་ཡིན་གྱི་རྫས་སུ་མ་ཡིན་ཏེ། སངས་རྒྱས་ཀྱི་ས་ན་མཉམ་རྗེས་ཐ་དད་པ་མེད་པའི་ཕྱིར་ཏེ། རྟག་ཏུ་མཉམ་པར་མ་བཞག་པའི་ཐུགས་མི་མངའ་བའི་ཕྱིར་རོ། །ཇི་ལྟ་ཡུལ་ཅན་ཡེ་ཤེས་གཉིས་མི་འགལ་བར་འགྱུར་རམ་ཞེ་ན། རྫས་ཀྱི་དབང་དུ་བྱས་ན་འདོད་པ་ཁོ་ན་སྟེ། བདེན་པ་གཉིས་ངོ་བོ་དབྱེར་མེད་པའི་ཕྱིར་རོ། །ལྡོག་པ་ལ་བསམས་ནས་ཡེ་ཤེས་གཉིས་མེད་ཀྱང་། མཚན་ཉིད་ཐ་དད་པ་ཁོ་ན་ཡིན་ཏེ། རྟེན་འབྲེལ་སྒྱུ་མ་ལྟ་བུའི་སྣང་བའི་ཆ་མ་འདྲེས་པར་ཡོངས་སུ་གཅོད་པའི་ལྡོག་པ་ནས། ཇི་སྙེད་པ་མཁྱེན་པ་དང་། སྟོང་ཉིད་སྤྲོས་བྲལ་ཡོངས་སུ་གཅོད་པའི་ལྡོག་པ་ནས་ཇི་ལྟ་བ་མཁྱེན་པར་རྣམ་པར་བཞག་པའོ། །དེ་ལྟར་ན་སློབ་ལམ་གྱི་ཡེ་ཤེས་གཅིག་ཀྱང་ལྡོག་པའི་སྒོ་ནས་ཡེ་ཤེས་གཉིས་སུ་ཅིའི་ཕྱིར་མི་བཞག་ཅེ་ན། སློབ་ལམ་གྱི་སྐབས་སུ་ནི། བློ་གཅིག་གིས་བདེན་པ་གཉིས་ཀའི་རང་བཞིན་ཡོངས་སུ་བཅད་པར་མི་ནུས་ཏེ། བདེན་གཉིས་ཐ་དད་དུ་འཛིན་པའི་དྲི་མ་དང་མ་བྲལ་བའི་ཕྱིར་རོ། །དེས་ན་མཉམ་གཞག་གི་ཆོས་ཅན་སྒྱུ་མ་ལྟ་བུ་ལ་དམིགས་སུ་ཟིན་ཀྱང་དེ་དག་གི་རང་བཞིན་མ་འདྲེས་པར་ཡོངས་སུ་གཅོད་པར་མི་ནུས་ཏེ། གཞན་དུ་ན་ས་དང་པོའི་ཡེ་ཤེས་ཀྱི་ཆོས་ཅན་མཐའ་དག་ལ་དམིགས་པའི་ཕྱིར་རོ། །ཤེས་བྱ་མཐའ་དག་མཁྱེན་པར་ཐལ་བའི་ཕྱིར་རོ། །རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ཆོས་ཉིད་ཇི་ལྟ་བ་ཡོངས་སུ་གཅོད་པར་མི་ནུས་ཏེ། རྣམ་པར་རྟོག་པའི་དྲི་མ་དང་བཅས་པའི་ཕྱིར་རོ། །དེས་ན་སློབ་ལམ་དུ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་ཐ་དད་པ་ཁོ་ན་ཡིན་ནོ། །སངས་རྒྱས་པ་ན་བདེན་གཉིས་ཐ་དད་དུ་འཛིན་པའི་དྲི་མ་མེད་པའི་ཕྱིར་རོ། །གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་བདེན་པ་གཉིས་ཀའི་རྣམ་པ་ཡོངས་སུ་གཅོད་པར་ནུས་པ་ཡིན་ནོ། །གསུམ་པ་ཕྲིན་ལས་ནི། བྱ་བ་ལས་ལ་ཡོད་པ་དང་། བྱེད་པ་པོ་ལ་ཡོད་པ་གཉིས་ཀྱི་དང་པོ་ནི། ཆོས་སྐུ་གདུལ་བྱའི་རྒྱུད་ལ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་དགེ་ལེགས་སྒྲུབ་པ་སྟེ། དེ་ཡང་ལམ་གྱི་རྟེན་ལ་དགོད་པ་དང་། ལམ་ལ་དགོད་པ་སོགས་ཉེར་བདུན་ནོ། །གཉིས་པ་ནི་ལས་དེ་དག་སྒྲུབ་པའི་ནུས་པ་སྟེ། དེ་ཡང་ནུས་པ་ལས་གཞན་མ་ཡིན་པའི་ཕྱིར་ཆོས་སྐུའི་བདག་ཉིད་དོ། །གཉིས་པ་ཡན་ལག་གི་དོན་ལ། རྟེན་སྐུ་བཞི། བརྟེན་པ་ཡེ་ཤེས་ལྔ། ཁྱད་པར་ཡོན་ཏན་གྱི་ཚོགས། ཐུགས་རྗེའི་ཕྲིན་ལས་འཇུག་ཚུལ་ལོ། །དང་པོ་ལ་བཞི། ངོ་བོ་ཉིད་སྐུ། ཆོས་ཀྱི་སྐུ། ལོངས་སྤྱོད་རྫོགས་པའི་སྐུ། སྤྲུལ་པའི་སྐུའོ། །དང་པོ་ནི། སྒོ་གསུམ་གྱི་མི་མཐུན་པའི་ཕྱོགས་ལས་བསྡམས་པས། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ནི་ཁྱད་པར་གསུམ་དང་ལྡན་ཏེ། འདི་ལྟར་ལྡན་པའི་ཁྱད་པར་གནས་གྱུར་མཐར་ཕྱིན་པའི་ཡོན་ཏན་སོགས་ཟག་པ་མེད་པའི་ཆོས་གང་དག་ཐོབ་པར་འགྱུར་བ། བྲལ་བའི་ཁྱད་པར་སྒྲིབ་གཉིས་ཀྱི་བག་ཆགས་རྣམ་པ་ཀུན་ཏུ་རྣམ་པར་དག་པ་རང་བཞིན་གྱི་ཁྱད་པར་ཟག་པ་མེད་པའི་ཆོས་དེ་དག་གི་རང་བཞིན་གདོད་མ་ནས་སྐྱེ་བ་མེད་པའི་མཚན་ཉིད་ཅན་ནོ། །དེ་ལ་དང་པོས་ནི་ཉན་རང་གི་མྱང་འདས་ལས་ཁྱད་པར་དུ་བྱེད་དོ། །གཉིས་པས་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ལས་སོ། །གསུམ་པས་ཆོས་ཅན་གྱི་སྐུ་ལྷག་མ་གསུམ་ལས་ཁྱད་པར་དུ་བྱེད་དོ། །

གཉིས་པ་ཆོས་སྐུ་ལ་བཞི་སྟེ། མཚན་ཉིད་ངོས་བཟུང་བ། རྣམ་སྨིན་གྱི་ཕུང་པོ་དང་བྲལ་ཚུལ། གནས་གྱུར་གྱི་ཡེ་ཤེས་བརྙེས་ཚུལ། མཚན་དོན་གྱི་རྣམ་གྲངས་བསྟན་པའོ། །དང་པོ་ནི། སེམས་དང་སེམས་ལས་བྱུང་བ་ཀུན། སངས་རྒྱས་ཀྱི་སར་ཟག་པ་མེད་པའི་གནས་གྱུར་པ། གཉིས་སུ་མེད་པའི་ཡེ་ཤེས་སྡེ་ཚན་ཉེར་གཅིག་ནི། རྟོགས་པ་ཆོས་སྐུ་ཡི་མཚན་ཉིད་དོ། །དེ་དག་ནི་བྱང་ཆུབ་ཀྱི་ཕྱོགས་མཐུན་ཆེ་དང་། ཞེས་སོགས་མངོན་རྟོགས་རྒྱན་ལས་གསུངས་སོ། །གཉིས་པ་ནི། ཕུང་པོ་བཅས་སོགས་ཞེས་སོགས་ནི་སྔར་བཤད་ཟིན་ཏོ། །གསུམ་པ་ནི། རྟོགས་པ་ཡེ་ཤེས་ཆོས་སྐུ་དེ་ནི། འཛིན་པའི་སེམས་མེད་ཅིང་། གཟུང་བའི་སེམས་མ་དམིགས་པ་འཇིག་རྟེན་ལས་འདས་པ་གཉིས་སུ་མེད་པའི་ཡེ་ཤེས་ཞེས་ཀྱང་བྱ། གནས་ཀུན་གཞི་ལ་སོགས་པའི་སེམས་རྒྱུད་ཟག་བཅས་ལས་གཞན་ཟག་མེད་དུ་གྱུར་པ་སྟེ། སྒྲིབ་གཉིས་ཀྱི་གནས་ངན་ལེན་མ་ལུས་པ་སྤངས་པའི་ཕྱིར་རོ། །བཞི་པ་ནི། ཆོས་སྐུ་དེ་ཉིད་ཟག་པའི་སྒོ་དྲུག་དང་མ་འབྲེལ་བས་ཟག་པ་མེད་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱི་རྒྱུར་གྱུར་པ་ཆོས་ཀྱི་དབྱིངས་དང་། ཏོག་གེའི་ཡུལ་མ་ཡིན་པས་བསམ་གྱིས་མི་ཁྱབ་པ་དང་། རྣམ་པར་དཀར་བས་དགེ་བ་དང་མི་འགྱུར་བས་བརྟན་པ་དང་། སྡུག་བསྔལ་མེད་པས་བདེ་བ་དང་། སྒྲིབ་གཉིས་སྤངས་པས་རྣམ་པར་གྲོལ་བ་དང་། ཐུབ་པ་ཆེན་པོ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཞེས་ཀྱང་བྱའོ། །གསུམ་པ་ལོངས་སྐུ་ལ་བཞི་སྟེ། ངོ་བོ་ངོས་གཟུང་བ། མཚན་བཟང་སུམ་ཅུ་རྩ་གཉིས། མཛེས་བྱེད་དཔེ་བྱད་བརྒྱད་ཅུ། སྐུ་སོགས་ངེས་པ་ལྔ་ལྡན་དུ་བཞག་པའོ། །དང་པོ་ནི། འཆད་པར་འགྱུར་བའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུའི་བདག་ཉིད་ཀྱི་སྐུ་འདི་ནི་ཐུབ་པ་རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུར་བཞེད་དོ། །འཁོར་བ་ཇི་སྲིད་མ་སྟོང་ཀྱི་བར་དུ། མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པར་བྱེད་པའི་ཕྱིར་རོ། །གཉིས་པ་ནི། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་གང་ཞེ་ན། ཕྱག་ཞབས་གཉིས་ཀའི་མཐིལ་ལ་རྩིབས་སྟོང་དང་ལྡན་ཞིང་མུ་ཁྱུད་ལྟེ་བ་དང་བཅས་པ། རྣམ་པ་ཐམས་ཅད་གསལ་བར་རྫོགས་པའི་འཁོར་ལོས་མཚན་པ་དང་། ཞབས་ཀྱི་མཐིལ་དུ་རུས་སྦལ་གྱི་ལྟོ་བ་ལྟར་མཉམ་པར་གནས་པ་དང་། ཕྱག་དང་ཞབས་ཀྱི་སོར་མོ་ངང་པའི་རྒྱལ་པོ་ལྟར་རིན་པོ་ཆེའི་དྲ་བས་འབྲེལ་བ་དང་། ཕྱག་དང་ཞབས་ཀྱི་པགས་པ་གཞོན་ཞིང་འཇམ་ཤ་ཆགས་པ་དང་། ཕྱག་དང་ཞབས་ཀྱི་བོལ་བཞི་དང་ཕྲག་པ་གཉིས་དང་། ལྟག་པ་སྟེ། སྐུའི་གནས་བདུན་པོ་ཤ་རྒྱས་པའི་མཐོ་བ་དང་། ཕྱག་ཞབས་ཀྱི་སོར་མོ་རིང་བ་དང་། རྟིང་པ་ཞབས་ཀྱི་ཆ་བཞི་ཕྱིར་འཕགས་པས་རྟིང་པ་ཡངས་པ་དང་། སྐུ་ཐ་མལ་པ་ལས་སུམ་འགྱུར་གྱིས་ཆེ་བ་དང་། ཡ་ཡོ་མེད་པས་དྲང་བ་དང་། ཞབས་ཀྱི་ལོང་བུ་མི་མངོན་པ་དང་། བ་སྤུའི་རྩེ་མོ་རྣམས་གྱེན་དུ་ཕྱོགས་ཞིང་གཡས་སུ་འཁྱིལ་བ་དང་། ཕྱག་མ་བཏུད་པར་པུས་མོའི་ལྷང་ངར་སླེབ་པས་རིང་ཞིང་མཛེས་པ་དང་། པགས་པ་ཤིན་ཏུ་དྭངས་པས་ལེགས་པར་སྦྱངས་བའི་གསེར་གྱི་མདོག་དང་འདྲ་བ་དང་། པགས་པ་དག་ཅིང་སྲབ་པ་གསེར་དངུལ་སྦྱངས་པ་བཞིན་འཇམ་ཞིང་སྙོམ་པ་དང་། མདོམ་ཀྱི་ལྦ་བ་གླང་པོ་ཆེའམ་རྟ་ཅང་ཤེས་ལྟར་སྦུབས་སུ་ནུབ་པ་དང་། སྤུ་ནི་བུག་ག་གཅིག་ནས་གཉིས་མེད་པར་རེ་རེ་ནས་སྐྱེས་ཤིང་། དེའང་གཡས་ཕྱོགས་སུ་འཁྱིལ་བ་དང་། སྐུ་སྟོད་སེང་གེ་འདྲ་བར་རྒྱས་ཤིང་འཕེལ་ཁ་ཆེ་བ་དང་། ཞལ་གྱི་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོ་འཐེན་ན་ཁྲུ་གང་ཡོད་པ་ཉི་མ་བས་ལྷག་པའི་འོད་ལྡན་ཞིང་གཡས་ཕྱོགས་སུ་འཁྱིལ་བ་དང་། དཔུང་མགོ་ལེགས་པར་ཟླུམ་ཞིང་ཕྲག་པའི་ལྷུན་མཛེས་པ་དང་། ཐལ་གོང་གི་བར་ཤས་མ་ཁེངས་པ་མེད་པར་ཤིན་ཏུ་རྒྱས་པ་དང་། རོ་མི་ཞིམ་པ་ཡིད་དུ་མི་འོང་བ་གསོལ་ན་ཡང་རོ་བྲོ་བའི་མཆོག་དུ་སྣང་བ་དང་། སྐུ་ནྱ་གྲོ་ཏའི་ལྗོན་ཤིང་རྒྱས་པ་ལྟར་སྐུའི་ཁྱོན་དང་འདོམ་ཀྱི་ཚད་མཉམ་པས་ཆུ་ཞིང་གབ་པ་དང་། དབུའི་གཙུག་ཏོར་ཀུན་ནས་ཟླུམ་ཞིང་མཉམ་པ་དང་། ལྗགས་རིང་ཞིང་མཛེས་པས་ཞལ་གྱི་དཀྱིལ་འཁོར་ཁེབས་པ་དང་། གསུང་ཚངས་པའི་དབྱངས་ལྟར་སྙན་ཞིང་རྒྱང་རིང་དུ་གྲགས་པ་དང་། འགྲམ་པ་མེ་ལོང་གི་དཀྱིལ་འཁོར་ལྟར་ཟླུམ་ཞིང་རྒྱས་ལ་ལྟ་ན་སྡུག་ཅིང་སེང་གེའི་འགྲམ་པ་འདྲ་བ་དང་། ཚེམས་ཐམས་ཅད་ཁ་དོག་དཀར་བ་དང་། མཐོ་དམན་མེད་པའི་ཚད་མཉམ་པ་དང་། བར་མཚམས་མེད་པའི་ཐགས་བཟང་བ། གྲངས་ནི་སྟེང་དང་འོག་ཏུ་ཉི་ཤུ་ཉི་ཤུ་ཡོད་པས་བཞི་བཅུ་དང་། སྤྱན་ནི་མཐོན་འཐིང་ཨུཏྤལ་སྔོན་པོ་འདྲ་བ་དང་། འོག་གི་ཕྱོགས་རྣམས་མ་འདྲེས་ཞིང་གཞོལ་བས་སྤྱན་གྱི་རྫི་མ་བ་མཆོག་གི་ལྟ་བུའོ། །གོང་དུ་བཤད་པའི་སུམ་ཅུ་རྩ་གཉིས་པོ་འདི་དག་ནི་སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པའི་མཚན་ཉིད་དོ། །གསུམ་པ་ནི། དཔེ་བྱད་རྣམས་ནི་མཚན་གྱི་འཁོར་ཡིན་ལ། དེའང་། ཐུབ་པའི་སེན་མོ་ཟངས་མདོག་དང་། །ཞེས་གསུངས་སོ། །མངོན་པར་རྟོགས་པའི་རྒྱན་དང་། ཤེར་ཕྱིན་གྱི་མདོ་ལས་ཇི་ལྟར་གསུངས་པ་རྣམས་ཏེ། འདོད་ན་དེ་དག་ཏུ་བལྟ་བར་བྱའོ། །བཞི་པ་ནི། སྐུ་ངེས་པ་མཚན་དཔེ་དང་ལྡན་པ། གནས་ངེས་པ་འོག་མིན་སྟུག་པོ་བཀོད་པ། དུས་ངེས་པ་འཁོར་བ་ཇི་སྲིད་བར་དུ་བཞུགས་པ། འཁོར་ངེས་པ་ས་བཅུ་ལ་གནས་པའི་བྱང་སེམས། ཆོས་ངེས་པ་ཐེག་པ་ཆེན་པོ་སྟེ། ངེས་པ་ལྔ་དང་ལྡན་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །བཞི་པ་སྤྲུལ་སྐུ་ལ་གསུམ། སྐུ་སོགས་མ་ངེས་པའི་ཚུལ། དེའི་ངོ་བོ་ངོས་བཟུང་བ། ཁྱད་པར་དུ་སྟོན་པ་ཉིད་བཤད་པའོ། །དང་པོ་ནི། ཇི་སྐད་དུ་བཤད་པའི་ངེས་པ་ལྔ་ལྡན་ལས་ལྡོག་སྟེ་མ་ངེས་པ་ལྔ་དང་ལྡན་པ་ནི། སྤྲུལ་པའི་སྐུ་ཡིན་ནོ། །དེ་ལ་སྐུ་མ་ངེས་པ་ནི། བརྒྱ་བྱིན་དང་ཚངས་པ་སོགས་ཀྱི་གཟུགས་སུ་ཡང་སྟོན་པའི་ཕྱིར་རོ། །གནས་མ་ངེས་པ་ནི། དག་པ་དང་མ་དག་པའི་ཞིང་སྣ་ཚོགས་སུ་བཞུགས་པའི་ཕྱིར་རོ། །དུས་མ་ངེས་པ་ནི། གདུལ་བྱའི་སྣང་བ་དང་མཐུན་པར་ལོ་བརྒྱ་དང་བརྒྱད་ཁྲི་ལ་སོགས་པར་ཅི་རིགས་སུ་བཞུགས་པའི་ཕྱིར་རོ། །འཁོར་མ་ངེས་པ་ནི། ཐེག་པ་གསུམ་གྱི་སོ་སོ་སྐྱེ་བོ་དང་འཕགས་པ་ཅི་རིགས་སུ་ཡོད་པའི་ཕྱིར་རོ། །ཆོས་མ་ངེས་པ་ནི། ཐེག་པ་གསུམ་མམ་གཅིག་ལ་སོགས་པ་ཅི་རིགས་སུ་སྟོན་པའི་ཕྱིར་རོ། །གཉིས་པ་ནི། གཟུགས་སྐུ་གང་གིས་སྲིད་པ་དང་ནམ་མཁའ་ཇི་སྲིད་བར་གདུལ་བྱའི་འགྲོ་བ་ལ་འཕྲལ་དང་ཡུན་དུ་ཕན་པ་སྣ་ཚོགས་པ་དག་མཉམ་དུ་མཛད་པའི་སྐུ་དེ་ནི་ཐུབ་པའི་སྤྲུལ་སྐུ་སྟེ། དེ་ནི་མཛད་པ་ལྟར་རྒྱུན་མི་འཆད་པའོ། །གསུམ་པ་ལ་གསུམ། སྟོན་པ་ཉིད་སྤྲུལ་སྐུར་བཞག་པ། མཛད་པ་བཅུ་གཉིས་མཛད་ཚུལ། གནས་དུས་གང་དུ་ཇི་ལྟར་བཞུགས་ཚུལ་ལོ། །དང་པོ་ནི། ཟས་གཙང་གི་སྲས་པོ་ཤཱཀྱ་ཐུབ་པས་མཛད་པ་བཅུ་གཉིས་མཐར་ཕྱིན་ཅིང་། འགྲོ་བ་རྣམས་ལ་ཆོས་སྟོན་པ། འདི་ཡང་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ཡིན་ནོ། །གཉིས་པ་ནི། མཛད་པ་བཅུ་གཉིས་གང་ཞེ་ན། ཐུབ་པ་འདི་ཉིད་ཀྱི་མཛད་པ་ལ་མཚོན་ན། འོག་མིན་དུ་མངོན་པར་བྱང་ཆུབ་སྟེ། འཛམ་བུ་གླིང་བྱེ་བ་ཕྲག་བརྒྱར། སྤྲུལ་པ་བྱེ་བ་ཕྲག་བརྒྱ་སྟོན་པའི་དང་པོར་འོག་མིན་ནས་བྱོན་ཏེ། དགའ་ལྡན་གྱི་གནས་སུ་དམ་པ་ཏོག་དཀར་པོར་སྐྱེ་བ་ནི་མངོན་པར་སྐྱེ་བ་དང་། འདི་ཁ་ཅིག་མཛད་པ་བཅུ་གཉིས་ཀྱི་གྲངས་ལས་མི་བགྲང་བ་དང་། ཁ་ཅིག་དགའ་ལྡན་ནས་འཕོ་བ་ཞེས་ཕྱི་མ་དང་གཅིག་ཏུ་བྱེད་པ་ནི་མི་འཐད་དེ། འདི་དང་ཐེག་བསྡུས་དང་། མདོ་སྡེ་རྒྱན་གྱི་འགྲེལ་པ་དང་། འགྲེལ་པ་དོན་གསལ་དང ། དབུས་མཐའི་འགྲེལ་བཤད་སོགས་དུ་མ་ནས་དགའ་ལྡན་ན་གནས་པ་གཅིག་ཏུ་བགྲངས་པའི་ཕྱིར་རོ། །དེ་ནས་གླང་པོ་ཆེའི་གཟུགས་ཀྱིས་འཛམ་གླིང་དུ་འཕོ་བ་དང་། ཡུམ་ལྷ་མོ་སྒྱུ་འཕྲུལ་གྱི་ལྷུམས་སུ་འཇུག་པ་སྟེ་མཛད་པ་བཅུ་གཉིས་སུ་བསྡུས་ན། འདི་གཉིས་འཕོས་ནས་ལྷུམས་སུ་འཇུག་དང་ཞེས་གཅིག་ཏུ་བསྡུ་དགོས་པར་སྣང་ངོ་། །ལུམ་བིའི་ཚལ་དུ་གློ་གཡས་པ་ནས་བལྟམས་པ་དང་། ཡི་གེ་དང་། འཕོང་དང་། གྱད་ཀྱི་འཛིན་སྟངས་སོགས་བཟོ་དང་སྒྱུ་རྩལ་གྱི་གནས་ལ་མཁས་པར་སྟོན་པ་དང་། ས་མཚོ་མ་དང་གྲགས་འཛིན་མ་ལ་སོགས་པའི་བཙུན་མོའི་འཁོར་གྱིས་དགའ་བར་རོལ་བ་དང་། ཁབ་ཀྱི་གནས་ནས་ངེས་པར་རབ་ཏུ་འབྱུང་བ་དང་། ཆུ་བོ་ནེ་ར་ཛ་ནའི་འགྲམ་དུ་དཀའ་བ་ལོ་དྲུག་སྤྱད་པ་དང་། བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེ་གདན་དུ་སངས་རྒྱ་བའི་ཚུལ་བསྟན་པའི་ཕྱིར་གཤེགས་པ་དང་། བྱང་ཆུབ་ཀྱི་ཤིང་དྲུང་དུ་རྩ་བཏིངས་པའི་གདན་ལ་བཞུགས་ནས་བྱམས་པའི་ཏིང་ངེ་འཛིན་གྱིས་སྲོོད་ལ་བདུད་ཀྱི་སྡེ་མ་ལུས་པ་འཇོམས་པ་དང་། ཐོ་རངས་རབ་མཐའི་བསམ་གཏན་བཞི་པ་ལ་བརྟེན་ཏེ་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཝཱ་རཱ་ན་སཱིར་ལྔ་སྡེ་ལ་སོགས་པ་ལ་དགེ་སློང་དག་མཐའ་གཉིས་པོ་འདི་དག་ནི་རབ་ཏུ་བྱུང་བས་འཇུག་པར་བྱ་བ་མ་ཡིན་པ་སྟེ། འདོད་པ་བསོད་ཉམས་ལ་སྦྱོར་བའི་མཐའ་དང་། ངལ་ཞིང་དུབ་པར་གྱུར་པའི་མཐའ་སྟེ། མཐའ་འདི་དག་སྤངས་ནས་དབུ་མའི་ལམ་ཉིད་ཀྱིས་ཆོས་སྟོན་ཏེ། ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་བཞི་པོ་འདི་དག་ནི་འཕགས་པའི་བདེན་པ་དག་སྟེ། སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ། །ཞེས་སོགས་བདེན་བཞི་ལན་གསུམ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་ཆོས་ཀྱི་འཁོར་ལོ་དང་། རྒྱལ་པོའི་ཁབ་ལ་སོགས་པར་ཐེག་པ་ཆེན་པོའི་འཁོར་རྣམས་ལ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལས་བརྩམས་ཏེ། སྟོང་པ་ཉིད་སྨོན་པའི་རྣམ་པས་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་དང་། ཡུལ་སྣ་ཚོགས་སུ་རིགས་སྣ་ཚོགས་པའི་འཁོར་རྣམས་ལ་མཚན་ཉིད་གསུམ་ལ་སོགས་པའི་སྒོ་ནས་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་དུ་བསྐོར་བ་དང་། གྱད་ཀྱི་ཡུལ་རྩ་མཆོག་གི་གྲོང་གི་ཤིང་སཱ་ལ་ཟུང་གི་དྲུང་དུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པར་གཤེགས་པར་མཛད་པ་རྣམས་ཐུབ་པའི་མཛད་པ་བཅུ་གཉིས་ཡིན་ནོ། །གསུམ་པ་ནི། ཆོས་འཁོར་གནས་དང་ཡངས་པ་ཅན། །ཞེས་སོགས་ཉན་ཐོས་ཀྱི་ལུང་ལས་འབྱུང་སྟེ་གོ་སླ་བར་ཟད་དོ། །གཉིས་པ་བརྟེན་པ་ཡེ་ཤེས་ལ་གཉིས། གནས་འགྱུར་གྱི་ཡེ་ཤེས་ལྔ་བཤད་པ། ཡེ་ཤེས་བཞིའི་རང་བཞིན་བསྟན་པའོ། །དང་པོ་ནི། ཀུན་གཞིའི་རྣམ་ཤེས་ཟག་མེད་དུ་གནས་གྱུར་པ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ནོ། །དེ་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་ཡང་ཁ་ཅིག་འདོད་དོ། །ཉོན་མོངས་ཅན་གྱི་ཡིད་ཟག་མེད་དུ་གནས་གྱུར་པ་ནི། མཉམ་ཉིད་ཡེ་ཤེས་སུ་འདོད་དོ། །ཡིད་ཀྱི་རྣམ་ཤེས་ཟག་མེད་དུ་གནས་གྱུར་པ་ནི། སོ་སོར་རྟོག་པའི་ཡེ་ཤེས་སོ། །སྒོ་ལྔའི་རྣམ་ཤེས་ཟག་མེད་དུ་གནས་གྱུར་པ་ནི། དོན་ཀུན་གྲུབ་པའི་ཡེ་ཤེས་སུ་འདོད་དོ། །གཉིས་པ་མེ་ལོང་ལྟ་བུའི་ཡེ་ཤེས་ནི། ངོ་བོའི་སྒོ་ནས་མཚོན་ན། ང་ཡིར་འཛིན་པ་མེད་ཅིང་། ཡུལ་གྱི་སྒོ་ནས་ཡུལ་ཕྱོགས་དང་དུས་ལ་སོགས་པ་རིས་སུ་མ་ཆད་པ་ལ་དམིགས་པའོ། །དུས་ནི་རྟག་ཏུ་ལྡན་ཞིང་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས། ཤེས་བྱ་ཀུན་ལ་མ་རྨོངས་ལ། ཤེས་བྱའི་གཟུགས་སྣང་ཡང་། འདི་ནི་སྔོན་པོའོ། །འདི་ནི་སེར་པོའོ་ཞེས་སོགས་དམིགས་རྣམ་བྱེ་བྲག་ཏུ་མི་གཅོད་པས་རྟག་ཏུ་ཤེས་བྱ་དེ་དག་ལ་མངོན་དུ་ཕྱོགས་པ་མ་ཡིན་པའོ། །མཉམ་ཉིད་ཡེ་ཤེས་ནི་སེམས་ཅན་ཐམས་ཅད་ལ་བདག་གཞན་མཉམ་པ་ཉིད་དུ་བསྒོམས་པས། སྒོམ་པ་དེ་གོམས་ནས་དག་པའི་རྒྱུ་ལས་བྱུང་བ། སྲིད་ཞིའི་མཐའ་ལ་མི་གནས་པ་ཞི་བ་ལ་བཞུགས་པ་ནི་མཉམ་ཉིད་ཡེ་ཤེས་ཡིན་པར་འདོད་དོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ནི། ཤེས་བྱ་ཀུན་ལ་རྟག་ཏུ་མི་ཐོགས་པ་སྟེ་འབད་མེད་དུས་གཅིག་ལ་གསལ་པོར་མཁྱེན་ཅིང་། ཏིང་ངེ་འཛིན་གཟུངས་མང་པོ་འབྱུང་བས་ན་དེ་རྣམས་ཀྱི་གཏེར་དང་འདྲ་བའོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི། འཇིག་རྟེན་གྱི་ཁམས་རྣམས་ཀུན་ཏུ་སྐུ་སྣ་ཚོགས་སྟོན་ལ། གྲངས་ལ་སོགས་པ་དཔག་ཏུ་མེད་ཅིང་། བློས་བསམ་གྱིས་མི་ཁྱབ་པའི་སྤྲུལ་པ་མང་པོས། སེམས་ཅན་ཀུན་གྱི་དོན་སྒྲུབ་པར་བྱེད་དོ། །གསུམ་པ་དེ་དག་གི་ཡན་ལག་ཡོན་ཏན་གྱི་ཚོགས་ལ་གཉིས་ཏེ། རྣམ་གྲངས་ཀྱི་སྒོ་ནས་རྒྱས་པར་བཤད་པ་དང་། བསྟོད་པའི་སྒོ་ནས་བསྡུས་ཏེ་བསྟན་པའོ། །དང་པོ་ལ་སྡེ་ཚན་བཅུ་དགུ་སྟེ། སྟོབས་བཅུ། མི་འཇིགས་པ་བཞི། སོ་སོ་ཡང་དག་པར་རིག་པ་བཞི། མ་འདྲེས་པའི་ཆོས་བཅོ་བརྒྱད། དབང་བཅུ། ཡོངས་སུ་དག་པ་བཞི། དྲན་པ་ཉེ་བར་བཞག་པ་གསུམ། ཉོན་མོངས་མེད་པ། དགོངས་མ་ཐག་ཏུ་མཁྱེན་པ། གཞན་དོན་མ་བསྙེལ་བ། བག་ཆགས་བཅོམ་པ། ཐུགས་རྗེ་ཆེན་པོ། སྤྱན་ལྔ། མངོན་ཤེས་དྲུག །རྣམ་ཐར་བརྒྱད། སྙོམས་འཇུག་དགུ ཟད་པར་བཅུ། ཟིལ་གནོན་བརྒྱད། དེ་དག་ཐུན་མོང་དང་ཁྱད་པར་དུ་བཞག་པའོ། །དང་པོ་ནི། སྦྱིན་པ་ལ་ལོངས་སྤྱོད་འབྱུང་བ་གནས། སེར་སྣ་ལ་དེ་འབྱུང་བ་མ་ཡིན་པ་སོགས་ཀུན་བྱང་གིས་བསྡུས་པའི་རྒྱུ་འབྲས་ཀྱི་གནས་དང་གནས་མ་ཡིན་པ་ཡུལ་ལ་ཆགས་ཐོགས་མེད་པ་མཁྱེན་པའི་སྟོབས་དང་པོའོ། །དགེ་སྡིག་གི་ལས་ཀྱི་རྣམ་པར་སྨིན་པའི་ངོ་བོ་དང་རབ་དབྱེ་རྒྱ་ཆེན་པོ་ལ་ཆགས་ཐོགས་མེད་པའི་མཁྱེན་པ་གཉིས་པའོ། །སངས་རྒྱས་ཉན་ཐོས་དང་རང་རྒྱལ་སོགས་ཀྱི་བྱང་ཆུབ་དོན་དུ་གཉེར་བའི་མོས་པའི་འདོད་པ་སྣ་ཚོགས་ལ་ཆགས་ཐོགས་མེད་པའི་མཁྱེན་པ་གསུམ་པའོ། །གདུལ་བྱའི་འཇིག་རྟེན་རྣམས་ཀྱི་ཁམས་ཏེ་རིགས་སྣ་ཚོགས་ལ་ངེས་པ་དང་མ་ངེས་པའི་ཡུལ་ལ་ཆགས་ཐོགས་མེད་པའི་མཁྱེན་པ་ནི་བཞི་པའོ། །གདུལ་བྱ་རྣམས་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་དབང་པོ་མཆོག་རྣོན་པོ་དང་། མཆོག་མ་ཡིན་པ་རྟུལ་པོ་དང་། འབྲིང་པོ་རྣམས་ཀྱི་རྣམ་དབྱེ་ལ་ཆགས་ཐོགས་མེད་པའི་མཁྱེན་པ་ནི་ལྔ་པའོ། །མངོན་མཐོ་དང་ངེས་ལེགས་ཐམས་ཅད་དུ་འགྲོ་བའི་ལམ་ཐེག་པ་གསུམ་དང་། བསོད་ནམས་དང་མི་གཡོ་བའི་ལས་དང་། དེ་ལས་བཟློག་པའི་ཆགས་ཐོགས་མེད་པའི་མཁྱེན་པ་ནི་དྲུག་པའོ། །བསམ་གཏན་དང་རྣམ་ཐར་སྙོམས་འཇུག་སོགས་ཀྱི་ཀུན་ནས་ཉོན་མོངས་པའི་རོ་མྱང་དང་ཉེས་དམིགས་སོགས་དང་། རྣམ་བྱང་དེ་མི་དམིགས་ཤིང་ངེས་པར་འབྱུང་བ་ལ་ཆགས་ཐོགས་མེད་པའི་མཁྱེན་པ་ནི་བདུན་པའོ། །རང་དང་གཞན་གྱི་འདས་པའི་གནས་སྐབས་སྔོན་གྱི་གནས་ཚེ་རབས་སྔ་མ་དུ་མ་རྗེས་སུ་དྲན་པ་ལ་ཆགས་ཐོགས་མེད་པའི་མཁྱེན་པ་ནི་བརྒྱད་པའོ། །འགྲོ་བ་མཐའ་དག་གི་ད་ལྟ་ནས་མ་འོངས་པར་འཇུག་པའི་འཆི་འཕོ་དང་སྐྱེ་བའི་གནས་སྐབས་ཐམས་ཅད་ལ་ཆགས་ཐོགས་མེད་པའི་མཁྱེན་པ་ནི་དགུ་པའོ། །ཉན་རང་རྣམས་སྒྲིབ་པ་ཕྱོགས་གཅིག་གི་དག་པ་དང་། སངས་རྒྱས་མཐའ་དག་གི་དག་པའི་ཟག་པ་ཟད་པ་ལ་ཆགས་ཐོགས་མེད་པའི་མཁྱེན་པ་ནི་སྟོབས་ནི་རྣམ་པ་བཅུ་པའོ། །འདི་རྣམས་མི་མཐུན་ཕྱོགས་ཀྱིས་མི་རྫི་བའི་ཕྱིར་སྟོབས་ཞེས་བྱའོ། །གཉིས་པ་ནི། རང་དོན་གྱི་དབང་དུ་བྱས་པ་གཉིས་དང་། གཞན་དོན་གྱི་དབང་དུ་བྱས་པ་གཉིས་སོ། །དང་པོ་ནི། སྤངས་པ་དང་རྟོགས་པ་ཕུན་ཚོགས་ཀྱི་རབ་ཏུ་ཕྱེ་བས་དེ་ལ་རྟོགས་པ་ཕུན་སུམ་ཚོགས་པ་ལ། མི་འཇིགས་པའི་རྣམ་པ་ནི། འཁོར་གྱི་དབུས་སུ་ང་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་བདག་ཉིད་ཀྱི་ཞལ་གྱིས་མཆེས་པ་ལ་ཆོས་མཐུན་གྱི་རྒོལ་བ་པོ་མེད་པ་དང་། སྤངས་པ་ཕུན་སུམ་ཚོགས་པ་ལ་མི་འཇིགས་པ་ནི་ང་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་སོ་ཞེས་བདག་ཉིད་ཟག་པ་མ་ལུས་པ་ཟད་པ་ཉིད་དུ་ཞལ་གྱིས་བཞེས་པ་ལ་ཆོས་མཐུན་གྱི་རྒོལ་བ་པོ་མེད་པ་སྟེ། རང་དོན་ནོ། །གཞན་གྱི་དོན་ཡང་བར་ཆད་ཀྱི་ཆོས་དེའི་གཉེན་པོ་ངེས་པར་འབྱུང་བའི་ལམ་སྟོན་པས་རབ་ཏུ་ཕྱེ་བས་དེ་ལ་བར་ཆད་ཀྱི་ཆོས་སྟོན་པ་ལ་མི་འཇིགས་པའི་རྣམ་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཐེག་པ་གསུམ་གྱིས་ལམ་ལ་བར་ཆད་བྱེད་པ་ཉིད་དུ་རང་གི་ཉན་ཐོས་རྣམས་ལ་བརྗོད་ཅིང་བསྟན་པ་ལ་ཆོས་མཐུན་གྱི་རྒོལ་བ་པོ་མེད་པ་དང་། ངེས་འབྱུང་གི་ལམ་སྟོན་པ་ལ་མི་འཇིགས་པའི་རྣམ་པ་ཐམས་ཅད་ནི་ཤེས་པ་ཉིད་དང་། ལམ་ཤེས་པ་ཉིད་ལ་སོགས་པའི་ལམ་བྱང་ཆུབ་གསུམ་དུ་ངེས་པར་འབྱུང་བ་ཉིད་དུ་རབ་ཏུ་བསྟན་པ་ལ། ཆོས་མཐུན་གྱི་རྒོལ་བ་པོ་མེད་པ་སྟེ། གཞན་དོན་ནོ། །འདི་དག་ནི་གཞུམ་པ་མེད་པར་བྱེད་པའི་ཕྱིར་མི་འཇིགས་པའོ། །གསུམ་པ་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་ཆོས་རྣམས་ཀྱི་མིང་གི་རྣམ་གྲངས་དུ་མ་དང་། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་དང་། ཡུལ་གྱི་མིའི་སྐད་སོ་སོ་ཇི་སྙེད་པ་དང་། ཆོས་རྣམས་ཀྱི་ངོ་བོ་དང་། རྣམ་པའི་རབ་དབྱེ་མཐའ་ཡས་པའི་ཡུལ་ལ་ཆགས་ཐོགས་མེད་པར་འཇུག་པའི་ཏིང་ངེ་འཛིན་དང་ཤེས་རབ་ནི་གོ་རིམ་བཞིན་དུ། ཆོས་སོ་སོ་ཡང་དག་པར་རིག་པ་ལ་སོགས་པ་བཞི་ཡིན་ནོ། །བཞི་པ་ནི། སྤྱོད་པས་བསྡུས་པ་དྲུག །རྟོགས་པས་བསྡུས་པ་དྲུག །ཕྲིན་ལས་ཀྱིས་བསྡུས་པ་གསུམ། ཡེ་ཤེས་ཀྱིས་བསྡུས་པ་གསུམ་གྱི་དང་པོ་ནི། དེ་བཞིན་གཤེགས་པ་གླང་པོ་ཆེ་གཏུམ་པོ་དང་འགྲོགས་པ་སོགས་སྐུའི་འཁྲུལ་པ་དང་། ནགས་སྟུག་པོར་ཅ་ཅོ་དང་རྟ་སྐད་འབྱིན་པ་སོགས་གསུང་ལ་ཅ་ཅོ་དང་། བརྗེད་ནས་བྱ་བ་ཤོར་བ་དང་། དུས་ལས་ཡོལ་བ་ལ་སོགས་པ་དྲན་པ་ཉམས་པ་དང་། སྤྱོད་ལམ་ཐམས་ཅད་དུ་ཐུགས་མཉམ་པར་མ་བཞག་པ་དང་། འཁོར་འདས་བླང་དོར་ཐ་དད་ཀྱི་འདུ་ཤེས་དང་། གདུལ་བྱའི་རྒྱུད་ལ་ཕྲིན་ལས་འཇུག་ཏུ་རུང་མི་རུང་གི་ཡུལ་དུས་སོགས་སོ་སོར་མ་བརྟགས་པར་དེ་ཡལ་བར་དོར་བའི་བཏང་སྙོམས་མི་མངའ་བའི་རྣམ་པ་སྟེ་དྲུག་ནི་སྒོ་གསུམ་གྱི་གནས་ངན་ལེན་མ་ལུས་པ་སྤངས་པའི་ཡོན་ཏན་ཡིན་པས་ཉན་རང་དགྲ་བཅོམ་དག་ལས་ཁྱད་པར་དུ་འཕགས་པར་བྱེད་པའི་ཆོས་ཏེ། ཉན་རང་དག་ལ་ནི་དེ་དག་ལས་བཟློག་པའི་སྒོ་གསུམ་གྱི་གནས་ངན་ལེན་ཅི་རིགས་པ་ཡོད་པའི་ཕྱིར་རོ། །གཉིས་པ་ནི། དུས་ཐམས་ཅད་དུ་སེམས་ཅན་གྱི་དོན་མཛད་པའི་འདུན་པ་ཉམས་པ་མི་མངའ་བ་དང་། འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་མཛད་པ་ལ་གདུལ་བྱ་གང་ན་ཡོད་པའི་གནས་སུ་གཤེགས་པའི་བརྩོན་འགྲུས་ཉམས་པ་མི་མངའ་བ་དང་། སེམས་ཅན་འདུལ་བའི་ཐབས་ནམ་ཡང་མ་བརྗེད་པར་དྲན་པ་ཉམས་པ་མི་མངའ་བ་དང་། ཆོས་རྣམས་ཀྱི་དེ་བཞིན་ཉིད་ལ་མཉམ་པར་འཇོག་པའི་ཏིང་ངེ་འཛིན་ཉམས་པ་མི་མངའ་བ་དང་། སེམས་ཅན་གྱི་བསམ་པ་དང་སྤྱོད་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པའི་མཁྱེན་པ་མི་ཟད་པའི་ཤེས་རབ་ཉམས་པ་མི་མངའ་བ་དང་། འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་མཛད་པ་ལ་མི་ཟད་པའི་རྣམ་པར་གྲོལ་བ་ཉམས་པ་མི་མངའ་བ་སྟེ་དྲུག་ནི། ཉན་རང་རྣམས་ལས་རྟོགས་པ་ཁྱད་པར་འཕགས་པའི་ཆོས་ཏེ་ཉན་རང་རྣམས་ལ་ནི་དྲུག་པོ་དེ་དག་མ་ཐོབ་པ་ཉམས་པ་དང་ལྡན་པའི་ཕྱིར་རོ། །གསུམ་པ་ནི། སྤྱོད་ལམ་བཞིས་གདུལ་བྱ་འདུལ་བ་སྐུའི་ཕྲིན་ལས་དང་། ཆོས་དང་ལྡན་པ་དང་དོན་དང་ལྡན་པའི་གཏམ་མཛད་པ་གསུང་གི་ཕྲིན་ལས་དང་། བྱམས་པ་དང་སྙིང་རྗེ་སོགས་ཐུགས་ཀྱི་ཕྲིན་ལས་ཡེ་ཤེས་ཀྱིས་ཀུན་ནས་བསླངས་པའི་ཡེ་ཤེས་སྔོན་དུ་འགྲོ་ཞིང་། ཡེ་ཤེས་དང་ལྷན་ཅིག་ཏུ་རྒྱུ་བས་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་རྣམ་པ་གསུམ་ནི། ཉན་རང་ལས་ཕྲིན་ལས་ཁྱད་པར་དུ་བྱེད་པའི་ཆོས་ཏེ། དེ་དག་གི་སྒོ་གསུམ་གྱི་ལས་ནི་ལུང་མ་བསྟན་གྱི་རྒྱུ་ལས་བྱུང་བ་ཡང་ཡོད་པས་སོ། །བཞི་པ་ནི། འདས་པ་ལ་སོགས་དུས་གསུམ་གྱི་ཆོས་རྣམས་ལ་འདོད་པ་ཙམ་གྱིས་ཤེས་པས་མ་ཆགས་པ་རྣམ་པ་ཐམས་ཅད་ཤེས་པས་མ་ཐོགས་པའི་ཡེ་ཤེས་ཀྱིས་རྣམ་པ་གསུམ་སྟེ། དེ་དག་གི་ནི་ཉན་རང་ལས་ཡེ་ཤེས་ཁྱད་པར་དུ་བྱེད་པའི་ཆོས་ཏེ། དེ་དག་ལ་འདོད་པ་ཙམ་ལ་རྣམ་པ་ཐམས་ཅད་ཤེས་པ་མེད་པའི་ཕྱིར་རོ། །ལྔ་པ་ནི། ཇི་ལྟར་འདོད་པ་བཞིན་དུ་ཚེ་འདོར་བ་ལ་སོགས་དབང་བ་ཚེ་དང་། ཅི་ལྟར་འདོད་པར་ཏིང་ངེ་འཛིན་ལ་འཇུག་པ་སེམས་དང་། ཇི་ལྟར་འདོད་པ་ལྟར་ཡོ་བྱད་ཉེ་བར་གནས་པར་བྱེད་པ་ཡོ་བྱད་ལ་དབང་བ་སྟེ། དེ་སྦྱིན་པའི་འབྲས་བུའོ། །ཇི་ལྟར་འདོད་པ་བཞིན་དུ་སྒོ་གསུམ་གྱི་ལས་སྒྲུབ་པ་ལས་དང་། སེམས་ཅན་གྱི་དོན་དུ་ཇི་ལྟར་འདོད་པར་ལུས་ལེན་པ་སྐྱེ་བ་ལ་དབང་བ་གཉིས་ནི་ཚུལ་ཁྲིམས་ཀྱི་འབྲས་བུའོ། །ས་ལ་སོགས་པར་གསེར་ལ་སོགས་པ་ཇི་ལྟར་འདོད་པ་བཞིན་དུ་བསྒྱུར་བ་མོས་པ་ལ་དབང་བ་ནི་བཟོད་པའི་འབྲས་བུའོ། །ཇི་ལྟར་མོས་པ་བཞིན་དུ་སྒྲུབ་པ་སྨོན་ལམ་ལ་དབང་བ་ནི་བརྩོན་འགྲུས་ཀྱི་འབྲས་བུའོ། །མངོན་ཤེས་ཀྱིས་བསྡུས་པའི་རྫུ་འཕྲུལ་ལ་དབང་བ་ནི་བསམ་གཏན་གྱི་འབྲས་བུའོ། །ཇི་ལྟར་འདོད་པ་བཞིན་དུ་ཡེ་ཤེས་མངོན་དུ་བྱེད་པ་ཡེ་ཤེས་ལ་དབང་བ་དང་། གསུང་རབ་ཡན་ལག་བཅུ་གཉིས་ཇི་ལྟར་འདོད་པ་བཞིན་དུ་སྟོན་ནུས་པ་ནི་ཆོས་ལ་དབང་བ་སྟེ། དེ་གཉིས་ནི་ཤེར་ཕྱིན་གྱི་འབྲས་བུའོ། །དྲུག་པ་ནི། བསམ་གཏན་ལ་བརྟེན་ནས་ལུས་འདོར་ལེན་ལ་དབང་ཐོབ་པ་རྟེན་དང་། སྤྲུལ་བསྒྱུར་ལ་དབང་ཐོབ་པ་དམིགས་པ་དང་། སྐད་ཅིག་རེ་རེ་ལ་ཏིང་ངེ་འཛིན་གྲངས་མེད་པ་ལ་འཇུག་པ་ལ་ཐུགས་དང་། གཟུངས་ཀྱི་སྒོ་དཔག་ཏུ་མེད་པ་ལ་དབང་འབྱོར་བ་ཡེ་ཤེས་ཡོངས་སུ་དག་པ་ཞེས་བྱ་བ་བཞིའོ། །བདུན་པ་ནི། ཆོས་སྟོན་པ་ན་འཁོར་ཁ་ཅིག་ཉན་འདོད་ཅིང་རྣ་བ་གཏོད་ཅིང་སེམས་ཉེ་བར་འཇོག་ལ་ཁ་ཅིག་དེ་ལས་བཟློག་སྟེ། ཉན་པར་མི་འདོད་པ་དང་། ཁ་ཅིག་ཉན་ཁ་ཅིག་མི་ཉན་པ་གཉིས་ག་དག་ལ་གོ་རིམ་བཞིན་དུ། ཐུགས་དགྱེས་པས་རྗེས་སུ་ཆགས་པ་དང་། མི་དགྱེས་པས་ཁོང་ཁྲོ་བ་དང་། དགྱེས་མི་དགྱེས་གཉིས་དབེན་པ་ཁོ་ནར་བཏང་སྙོམས་སུ་དྲན་པ་དང་ལྡན་པར་གནས་སོ་ཞེས་བྱའོ། །བརྒྱད་པ་ནི། ཉན་རང་སོགས་ནི་བསོད་སྙོམས་སོགས་ལ་རྒྱུ་བའི་སྔོན་རོལ་དུ། མངོན་ཤེས་ཀྱིས་འགའ་ཞིག་བདག་ལ་དམིགས་ནས་ཉོན་མོངས་སྐྱེ་བར་མི་འགྱུར་རམ། ཞེས་བརྟགས་ནས་སྐྱེ་བར་ཤེས་ན། བདག་ལ་དམིགས་ནས་འགའ་ཡང་ཉོན་མོངས་སྐྱེ་བར་མ་གྱུར་ཅིག་སྙམ་པས་བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་ནས་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ལ། དེའི་སྟོབས་ཀྱིས་བདག་ལངས་ནས་རྒྱུ་བ་ན་འགའ་ཞིག་གི་རྒྱུད་ལ་ཡང་བདག་ལ་དམིགས་པའི་ཉོན་མོངས་པ་མི་སྐྱེ་བ་ཙམ་བྱེད་ལ། སངས་རྒྱས་ཀྱི་ཉོན་མོངས་པ་མེད་པ་ནི། གང་གི་རྒྱུད་ལ་དམིགས་པའི་ཉོན་མོངས་པ་སྐྱེ་བའི་སེམས་ཅན་དེའི་ཉོན་མོངས་པ་དྲུངས་འབྱིན་པའི་ཕྲིན་ལས་མཛད་པས་སྔ་མ་ལས་ཁྱད་པར་དུ་འཕགས་སོ། །དགུ་པ་ནི། སངས་རྒྱས་ཀྱི་སྨོན་མཁྱེན་ནི་ཉན་རང་ལས་ཁྱད་པར་ལྔས་ཁྱད་པར་དུ་འཕགས་ཏེ། འབད་རྩོལ་གྱི་མཚན་མ་མེད་པས་ལྷུན་གྱིས་གྲུབ་པ་དང་། དངོས་པོ་ལ་མ་ཞེན་པས་ཆགས་པ་སྤངས་པ་དང་། སྒྲིབ་པ་སྤངས་པས་ཡུལ་ཀུན་ལ་ཐོགས་པ་མེད་པ་དང་། འཁོར་བ་ཇི་སྲིད་པར་རྟག་ཏུ་གནས་པ་དང་། སོ་སོ་ཡང་དག་རིག་པའི་སྒོ་ནས་གདུལ་བྱ་འདྲི་བ་ཀུན་ལ་ལན་འདེབས་པའོ། །བཅུ་པ་ནི། རྒྱ་མཚོ་ཆུ་སྲིན་གནས་ཀྱི་བརླབས། །དུས་ལས་ཡོལ་བར་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལའང་། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་པ་ལྟར་སེམས་ཅན་གྱི་དོན་ལ་བསྙེལ་བ་མི་མངའ་བ་དང་། བཅུ་གཅིག་པ་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ལ་ཉལ་གྱི་ངོ་བོའི་ས་བོན་སྤངས་པས། ཉོན་མོངས་པ་དང་བཅས་པ་ལྟ་བུའི་ཀུན་ཏུ་སྤྱོད་པ་མི་མངའ་བའོ། །བཅུ་གཉིས་པ་ནི། འགྲོ་བ་ཀུན་ལ་དམིགས་ནས། ཉིན་མཚན་ལན་དྲུག་ཏུ་གཟིགས་པ་ནི་ཐུགས་རྗེ་ཆེན་པོའོ། །བཅུ་གསུམ་པ་ལས་ཤའི་སྤྱན་ནི། དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་ཆད་ཀྱི་གཟུགས་ཀྱི་ཡུལ་ཅན་ནོ། །ལྷའི་སྤྱན་ནི། མཆོད་རྟེན་ལ་མར་མེ་ཕུལ་བ་སོགས་ཀྱི་རྣམ་སྨིན་ལས་བྱུང་བ། སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང་སྐྱེ་བའི་ཡུལ་ཅན་ནོ། །ཤེས་རབ་ཀྱི་སྤྱན་ནི། ཆོས་ཐམས་ཅད་ལ་གང་ཟག་དང་ཆོས་ཀྱི་མཚན་མར་མི་རྟོག་པའི་ཡུལ་ཅན་ནོ། །ཆོས་ཀྱི་སྤྱན་ནི། བརྒྱད་པ་དང་རྒྱུན་དུ་ཞུགས་པ་ལ་སོགས་པ་འཕགས་པའི་གང་ཟག་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཡུལ་ཅན་ནོ། །སངས་རྒྱས་ཀྱི་སྤྱན་ནི། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡུལ་ཅན་ནོ། །དེ་ལ་ཤའི་སྤྱན་ནི་ཚོགས་ལམ་དང་། ལྷའི་སྤྱན་སྦྱོར་ལམ་དང་། ཤེས་རབ་ཀྱི་སྤྱན་མཐོང་ལམ་མཉམ་གཞག་དང་། ཆོས་ཀྱི་སྤྱན་དེའི་རྗེས་ཐོབ་དང་། སངས་རྒྱས་ཀྱི་སྤྱན་མཚན་ཉིད་པ་སངས་རྒྱས་ཀྱི་ས་དང་། རྗེས་མཐུན་པ་ས་བརྒྱད་པ་ནས་ཡོད་དོ། །བཅུ་བཞི་པ། རྫུ་འཕྲུལ་གྱི་མངོན་ཤེས་ནི། ས་གཡོ་བ་དང་། གཅིག་ཏུ་བསྡུས་ཤིང་མང་དུ་བསྒྱུར་བ་ལ་སོགས་པ་བྱེད་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ལྷའི་རྣ་བ་ནི་འཇིག་རྟེན་ཁམས་ཐམས་ཅད་ན་གནས་པའི་སྒྲ་ཆུང་ངུ་དང་ཆེན་པོ་སོགས་ཐོས་པ། སྒོམ་པའི་སྟོབས་ཀྱིས་བྱུང་བ་མཉམ་པར་བཞག་པའི་སས་བསྡུས་པའི་གཟུགས་ཅན་དང་བའོ། །གཞན་སེམས་ཤེས་པའི་མངོན་ཤེས་ནི། བདག་གཞན་གྱི་སེམས་འདོད་ཆགས་དང་བཅས་པ་དང་འདོད་ཆགས་དང་བྲལ་བ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །སྔོན་གནས་རྗེས་དྲན་ནི། རང་གཞན་གྱི་ཚེ་རབས་སྔ་མ་དུ་མ་རྗེས་སུ་དྲན་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ལྷའི་མིག་ནི། བསྐལ་བ་དང་མ་བསྐལ་བའི་གཟུགས་ཕྲ་རགས་ཐམས་ཅད་མཐོང་བ་སྒོམ་པ་ལས་བྱུང་བ་མཉམ་པར་བཞག་པས་བསྡུས་པའི་གཟུགས་དང་བའོ། །ཟག་པ་ཟད་པའི་མངོན་ཤེས་ནི། སྒྲིབ་གཉིས་སྤོང་བར་བྱེད་པའི་ཐབས་དང་། དེ་དག་སྤངས་པའི་རྣམ་གྲོལ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཏིང་ངེ་འཛིན་དང་ཤེས་རབ་བོ། །དེ་ལ་མངོན་ཤེས་དང་པོ་ལྔ། བསམ་གཏན་གྱི་དངོས་གཞིའི་སེམས་ཁོ་ན་ལ་བརྟེན་གྱི་གཞན་ལ་མ་ཡིན་ཏེ། ཉེར་སྡོགས་རྣམས་ནི་ཞི་གནས་ཤས་ཆུང་བའི་ཕྱིར་དང་། གཟུགས་མེད་རྣམས་ནི་ལྷག་མཐོང་ཤས་ཆུང་བའི་ཕྱིར། ཡོན་ཏན་གནས་ཁྱད་པར་ཅན་གྲུབ་པའི་རྟེན་དུ་རུང་བ་མ་ཡིན་ནོ། །ཐ་མ་ནི་བསམ་གཏན་ས་དྲུག་དང་གཟུགས་མེད་དང་པོ་གསུམ་ལ་བརྟེན་ཏེ། དེ་དག་ལ་བརྟེན་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་ཕྱིར་རོ། །བཅོ་ལྔ་པ་ནི། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་ནི། བསམ་གཏན་བཞི་པ་ལ་བརྟེན་ནས། ནང་ལྟ་བ་པོ་བདག་ལ་གཟུགས་སུ་འདུ་ཤེས་བཞག་སྟེ། ཕྱི་རོལ་གྱི་གཟུགས་ཆེ་ཆུང་བཟང་ངན་སོགས་ལ། ཆེ་བ་ལ་ཆུང་ངུར་ལྟ་བ་ལ་སོགས་གང་དང་གང་དུ་སྤྲུལ་པར་འདོད་པ་ལ་དེ་དང་དེར་མོས་པར་བྱེད་པའི་ཏིང་ངེ་འཛིན་དང་ཤེས་རབ་སྟེ། ཕྱི་རོལ་གྱི་གཟུགས་ལ་ལྟ་བའི་རྣམ་ཐར་ནི། ནང་བལྟ་བ་པོ་བདག་ལ་གཟུགས་ཅན་མ་ཡིན་པར་འདུ་ཤེས་བཞག་སྟེ་ཕྱི་རོལ་གྱི་གཟུགས་ལ་སྔ་མ་བཞིན་དུ་ལྟ་བའོ། །སྡུག་པའི་རྣམ་པར་ཐར་པ་ནི། སྡུག་མི་སྡུག་སྤྲུལ་པ་ལ་འདོད་མི་འདོད་སོགས་ཀུན་ནས་ཉོན་མོང་ཀྱི་གཉེན་པོར་བསམ་གཏན་བཞི་པ་ལ་བརྟེན་ནས། སྡུག་མི་སྡུག་སོགས་ཕན་ཚུན་ལྟོས་པའི་འདུ་ཤེས་དང་། སྡུག་མི་སྡུག་ཕན་ཚུན་རྗེས་སུ་འབྲེལ་བའི་འདུ་ཤེས་དང་། རྣམ་ཐར་ཐམས་ཅད་སྡུག་པར་རོ་གཅིག་ཏུ་མོས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ནམ་མཁའ་མཐའ་ཡས་སོགས་གཟུགས་མེད་ཀྱི་རྣམ་ཐར་བཞི་ནི་རང་སའི་ཏིང་ངེ་འཛིན་དག་པ་རོ་མྱང་གི་སྒྲིབ་པ་ལས་གྲོལ་བའི་ཕྱིར་རྣམ་ཐར་དུ་བཞག་གོ །བཅུ་དྲུག་པ་ནི། བསམ་གཏན་བཞི་ལ་སོགས་པ་སྟེ། འདི་དག་སྔ་མ་སྔ་མ་མ་ཐོབ་པར་ཕྱི་མ་ཕྱི་མ་ལ་སྙོམས་པར་འཇུག་མི་ནུས་པས། མཐར་གྱིས་སྙོམས་པར་གནས་པའི་སྙོམས་འཇུག་ཅེས་བྱའོ། །དེ་དག་གི་ངོ་བོ་ནི་བཤད་ཟིན་ཏོ། །བཅུ་བདུན་པ་ནི། འབྱུང་བ་ས་དང་། ཆུ་དང་། མེ་དང་། རླུང་བཞིའི་ཟད་པར་བཞི་ནི། བསམ་གཏན་ལ་བརྟེན་ནས་མཐའ་དག་ས་ལ་སོགས་པ་འབྱུང་བ་དང་དེ་དག་གི་ཁྱད་པ་དུ་མོས་པ་བྱས་ཏེ་བསྒོམ་པ་ལས། འབྱུང་བ་དེ་དང་དེར་སྣང་ཞིང་སྤྲུལ་པར་བྱེད་པའི་ཏིང་ངེ་འཛིན་དང་ཤེས་རབ་འབྲེལ་བའོ། །སྔོན་པོ། སེར་པོ། དམར་པོ། དཀར་པོ་བཞི་ཡང་བསམ་གཏན་ལ་བརྟེན་ནས་མཐའ་དག་སྔོན་པོ་ལ་སོགས་པ་དེ་དང་དེར་སྣང་བའི་ཏིང་ངེ་འཛིན་ཤེས་རབ་བོ། །ནམ་མཁའ་དང་རྣམ་ཤེས་ཀྱི་ཟད་པར་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་བརྟེན་ནས་མཐའ་དག་ནམ་མཁའ་དང་རྣམ་ཤེས་སུ་སྣང་བའི་ཏིང་ངེ་འཛིན་དང་ཤེས་རབ་བོ། །བཅོ་བརྒྱད་པ། བསམ་གཏན་ལ་བརྟེན་ནས་ནང་གཟུགས་མེད་པར་འདུ་ཤེས་པའི་ཕྱི་རོལ་གྱི་གཟུགས་ཆུང་ངུ་དག་ལ་དེ་ལྟར་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་བ་དེ་ནི་དང་པོའོ། །གཟུགས་ཆུང་ངུའི་གནས་སུ་ཆེན་པོ་སྦྱོར་བ་ནི་གཉིས་པའོ། །ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ལ་སྔ་མ་ལྟར་ལྟ་བ་ནི་གསུམ་པའོ། །ཆུང་ངུའི་གནས་སུ་ཆེན་པོ་སྦྱར་བ་ནི་བཞི་པའོ། །བཞི་པོ་འདི་དག་ནི་རྣམ་པར་ཐར་པ་དང་པོ་ཉིད་ཀྱི་རྒྱུ་ལས་བྱུང་བའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོའོ། ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་ལྟ་སྟེ། གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་བ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ། །དེ་བཞིན་དུ་སེར་པོ་དམར་པོ་དཀར་པོ་རྣམས་ལ་ཡང་ཅི་རིགས་སུ་སྦྱར་ཏེ་ཁ་དོག་ཟིལ་གྱིས་མནན་པའི་སྐྱེ་མཆེད་བཞི་པོ་འདི་ནི་སྡུག་པའི་རྣམ་པར་ཐར་པ་ཉིད་ལས་བྱུང་བའོ། །བཅུ་དགུ་པ་ནི། དེ་ལྟར་རྣམ་ཐར་བརྒྱད་ནས་ཟིལ་གནོན་གྱི་བར་དེ་དག་ནི། འཕགས་པ་གཞན་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཡང་། ཡོད་པས་ཐུན་མོང་གི་ཡོན་ཏན་ཡིན་ལ། སྟོབས་བཅུ་མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི། སངས་རྒྱས་ཁོ་ནའི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཡིན་ནོ། །གཉིས་པ་བསྟོད་ཚུལ་གྱིས་བསྡུ་བ་ལ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས་ཀྱི། དང་པོ་ནི། སངས་རྒྱས་ཡོན་ཏན་ཞེས་སོགས་སོ། །གཉིས་པ་ལ་གཉིས། ཐུན་མོང་བ་དང་། ཁྱད་པར་བ་གཉིས་ཀྱི། དང་པོ་ལ་བཅུ། ཚད་མེད་བཞི། རྣམ་ཐར། ཟིལ་གནོན། ཟད་པར། ཉོན་མོངས་པ་མེད་པ། བསམ་ནས་ཤེས་པ། སོ་སོ་ཡང་དག་རིག་པ། མངོན་ཤེས། མཚན་དཔེ། ཡོངས་དག་རྣམས་སོ། །དང་པོ་ནི། བརྩེ་བ་ནི་ཚད་མེད་པ་བཞིའི་སྤྱི་མིང་ཡིན་པས་དེ་དང་ལྡན་པའི་ཕྱིར་རོ། །སེམས་ཅན་རྣམས་ལ་བརྩེ་བ་ཅན་ནོ། །བརྩེ་བ་དེ་ཉིད་ལས་བདེ་བ་དང་ཕན་པའི་དགོངས་པ་གཉིས་ལས། དང་པོ་ནི། ཚད་མེད་པ་གསུམ་སྟེ། བྱམས་པས་བདེ་བ་དང་ཕྲད་པ་དང་། སྙིང་རྗེས་སྡུག་བསྔལ་དང་བྲལ་བ་དང་། དགའ་བས་བདེ་བ་དང་མི་འབྲལ་བའི་དགོངས་པ་ཅན་ནོ། །བཏང་སྙོམས་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བའི་ཀུན་ནས་ཉོན་མོངས་པ་མེད་པར་བཞེད་པའི་ཕན་པའི་དགོངས་པ་གཉིས་ཏེ། དེ་ལྟར་ཕན་བདེ་གཉིས་ཀྱི་དགོངས་པ་དང་ལྡན་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །གཉིས་པ་གསུམ་པ་བཞི་པ་རྣམས་ནི། ཐུབ་པ་བཅོམ་ལྡན་འདས་ཀྱི་རྣམ་ཐར་བརྒྱད་ནི། སྒྲིབ་པ་ཀུན་ལས་ངེས་པར་གྲོལ་བ་ཡིན་ལ། ཟིལ་གནོན་བརྒྱད་ཀྱིས་འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་ཅིང་ཟད་པར་བཅུ་ནི་སངས་རྒྱས་ཀྱི་མཁྱེན་པས་ཤེས་བྱ་ལ་ཀུན་ལ་ཁྱབ་པ་སྟེ། དེ་ལྟར་ཐུགས་སྒྲིབ་པ་གཉིས་ལས་གྲོལ་ཞེས་པའོ། །ལྔ་པ་ནི། སེམས་ཅན་ཉོན་མོངས་པ་ཅན་མ་ལུས་པ་ཐམས་ཅད་ཀྱི་ཉོན་མོངས་པའི་རིགས་མ་ལུས་པ་ཐམས་ཅད་འདུལ་ཞིང་། ཉོན་མོངས་པ་མངོན་འགྱུར་མེད་པ་རྣམས་ལ་ཡང་ཕྱིས་མི་སྐྱེ་བར་བྱ་བའི་ཕྱིར་གཉེན་པོ་བསྟན་ནས་ཉོན་མོངས་པའི་ས་བོན་འཇོམས་པར་མཛད་པ་དང་། སེམས་ཅན་ཉོན་མོངས་པ་ཅན་ལ་ལྷག་པར་བརྩེ་བའོ། །དྲུག་པ་ནི། གདུལ་བྱའི་བསམ་པ་ལ་སོགས་འགའ་ཞིག་མཁྱེན་པར་བཞེད་པ་ན། འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་མངོན་དུ་གྱུར་པ་དང་། སྒྲིབ་པ་གཉིས་དང་བྲལ་བའི་ཕྱིར་ཆགས་པ་དང་ཐོགས་པ་མི་མངའ་བ་སྟེ། རྒྱུད་བླ་མ་ལས། ཉོན་མོངས་སྤངས་ཕྱིར་ཆགས་པ་མེད། །ཤེས་བྱའི་སྒྲིབ་ཀུན་དག་པའི་ཕྱིར། །ཐམས་ཅད་དུ་ནི་ཐོགས་པ་མེད། །ཅེས་སོ། །རྟག་ཏུ་མཉམ་པར་བཞག་པ་ཉིད་དང་། འདྲི་བ་ཀུན་གྱི་ལན་ལྟོན་པའི་སྒོ་ནས་ཐེ་ཚོམ་གཅོད་པའོ། །ཉན་ཐོས་ཀྱི་སྨོན་ནས་ཤེས་པ་ནི་འཕྲལ་དུ་སྨོན་ལམ་འདེབས་ཤིང་འབད་རྩོལ་གྱི་སྒོ་ནས་སྙོམས་པར་འཇུག་པ་ལ་ལྟོས་པ་དང་། ཉི་ཚེ་ཤེས་པ་དང་། རེས་འགའ་མཉམ་པར་མ་བཞག་པ་དང་། ཐེ་ཚོམ་འགའ་ཞིག་གཅོད་མི་ནུས་པའི་ཕྱིར་རོ། །རིམ་པ་ལྟར་ལྷུན་གྱིས་གྲུབ་པ་ལ་སོགས་པ་མ་ཡིན་ནོ། །བདུན་པ་ནི། རྟེན་དང་བརྟེན་པ་ནི་ཆོས་དང་དོན་ངོ་བོ་ཡང་དག་པར་རིག་པ་སྟེ། བཤད་པར་བྱའོ། །གསུང་དང་མཁྱེན་པ་ནི་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། འཆད་བྱེད་དོ། །དེ་དག་ལ་བློས་རྟག་ཏུ་ཐོགས་པ་མི་མངའ་བའི་སྒོ་ནས་དམ་པའི་ཆོས་ལེགས་པར་སྟོན་པའོ། །བརྒྱད་པ་ནི། རྫུ་འཕྲུལ་གྱི་མངོན་པར་ཤེས་པས་གདུལ་བྱའི་དྲུང་དུ་གཤེགས་ནས་གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པས། སེམས་ཅན་གྱི་སྤྱོད་པ་མཁྱེན་པར་མཛད་དེ། ལྷའི་རྣ་བའི་མངོན་ཤེས་ཀྱིས་དེ་དག་གི་སྐད་ཀྱིས་ཆོས་སྟོན་པ་མཁྱེན་ནས། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་ཀྱིས་སྔོན་གྱི་མཐའ་ནས་འདིར་འོང་བ་དང་། ལྷའི་མིག་གིས་ཕྱི་མའི་མཐར་འགྲོ་བ་དང་། ཟག་པ་ཟད་པའི་མངོན་ཤེས་ཀྱིས་ཐེག་པ་གསུམ་གྱི་ལམ་གྱིས་ཇི་ལྟར་འཁོར་བ་ལས་ངེས་པར་འབྱུང་བའི་ཚུལ་རྣམས་མཁྱེན་ནས། དེ་དག་དང་མཐུན་པར་གདམས་ངག་ལེགས་པར་འདོམས་པར་མཛད་དོ། །དགུ་པ་ནི། ལུས་ཅན་ཀུན་གྱི་ཁྱོད་མཐོང་ན། མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པས། སྐྱེས་བུ་དམ་པ་ལགས་པར་འཚལ་ཞིང་། དེའི་ལས་མཐོང་བ་ཙམ་གྱིས་རབ་ཏུ་དང་བར་མཛད་པའོ། །བཅུ་པ་ནི། རྟེན་ཡོངས་སུ་དག་པ་ནི་ལུས་ལེན་པ་དང་། ཇི་སྲིད་བཞེད་པའི་བར་དུ་གནས་པ་དང་། དུས་ལ་བབ་པ་ན་གཏོང་བ་ལ་མངའ་བརྙེས་པའོ། །དམིགས་པ་ཡོངས་སུ་དག་པ་ནི་དམིགས་པ་མེད་པ་སྤྲུལ་པ་དང་། ཡོད་པ་བསྒྱུར་བའོ། །ཐུགས་ཡོངས་སུ་དག་པ་ནི་རྣམ་པ་ཐམས་ཅད་དུ་ཏིང་ངེ་འཛིན་ལ་མངའ་བརྙེས་པའོ། །ཤེས་རབ་ཡོངས་སུ་དག་པ་ནི་རྣམ་པ་ཐམས་ཅད་དུ་ཡེ་ཤེས་ལ་མངའ་བརྙེས་པའོ། །གཉིས་པ་ཁྱད་པར་ལ་བཅུ་སྟེ། སྟོབས་བཅུ། མི་འཇིགས་པ་བཞི། བསྲུང་བ་མེད། དྲན་པ་ཉེ་བར་བཞག་པ་གསུམ། བག་ཆགས་སྤངས་པ། བསྙེལ་བ་མེད། ཐུགས་རྗེ་ཆེན་པོ། མ་འདྲེས་ཆོས། རྣམ་མཁྱེན། ཕར་ཕྱིན་དྲུག་མཐར་སོན་པའོ། །དང་པོ་ནི། བྱེད་ལས་ཀྱི་སྒོ་ནས་བསྟན་ཏེ། གསོད་པའི་མཚན་ཉིད་ལ་སོགས་པ་བདེ་འགྲོའི་ཐབས་སུ་འདོད་པ་ནི། ཐབས་ལ་བསླུ་བའི་བདུད་ཡིན་ལ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་དགེ་བ་ནི་བདེ་འགྲོའི་གནས་ཡིན་གྱི། གསོད་པའི་མཚན་ཉིད་ལ་སོགས་པ་མི་དགེ་བ་ནི་མ་ཡིན་པར་བསྟན་པས་དེ་འཇོམས་སོ། །ཐབས་ལ་བསླུ་བའི་བདུད་ནི་སྡིག་པ་བྱས་ཤིང་དགེ་བ་མ་བྱས་ཀྱང་། དབང་ཕྱུག་ལ་སོགས་པ་མཉེས་ནས་ངན་འགྲོར་མི་ལྟུང་བར་འདོད་པ་ལ་སོགས་པ་ཡིན་ལ། ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་རང་གི་དགེ་མི་དགེའི་ལས་བྱས་པ་དེ་རང་གིས་མྱོང་བར་འགྱུར་བས། དེ་ལ་དབང་ཕྱུག་ལ་སོགས་པས་བསྐྱབ་པར་མི་ནུས་པ་བསྟན་པས་དེ་འཇོམས་སོ། །འཇིག་རྟེན་པའི་བསམ་གཏན་ཐོབ་པ་ཙམ་གྱིས་གྲོལ་བར་སྟོན་པ་ནི། དག་པ་ལ་སླུ་བའི་བདུད་ཡིན་ལ། བསན་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་ཀྱིས་འཇིག་རྟེན་པའི་བསམ་གཏན་གྱི་ཉོན་མོངས་པ་ས་བོན་རྩ་བ་ནས་སྤོང་མི་ནུས་པ་བསྟན་པས་འཇོམས་སོ། །ཐེག་ཆེན་གྱི་རིགས་ཅན་ཐེག་ཆེན་སྤངས་ནས་ཐེག་དམན་ལ་སྦྱོར་བ་ནི། ཐེག་པ་ཆེན་པོས་ངེས་པར་འབྱུང་བ་ལ་རབ་ཏུ་བསླུ་བའི་བདུད་ཡིན་ལ། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ལ་སོགས་པ་བདུན་གྱིས་ནི་དེ་འཇོམས་ཏེ། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་དད་པ་ལ་སོགས་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་མཁྱེན་ཏེ་ཆེན་པོ་ལ་འགོད་པ་དང་། མོས་པ་སྣ་ཚོགས་མཁྱེན་པས་མོས་པའི་བྱེ་བྲག་སྣ་ཚོགས་མཁྱེན་ནས་ཐེག་ཆེན་གྱི་མོས་པ་ལ་འགོད་པ་དང་། ཁམས་སྣ་ཚོགས་མཁྱེན་པས་སེམས་ཅན་གྱི་རིགས་ཀྱི་བྱེ་བྲག་ཤེས་ནས་རིགས་དང་འཚམ་པའི་ལས་ལ་འགོད་པ་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱ་བའི་ལམ་གྱིས་བྱེ་བྲག་ཐམས་ཅད་ཤེས་ནས་ཐེག་ཆེན་གྱི་ལམ་ལ་འགོད་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པས་གདུལ་བྱ་རྣམས་ཀྱི་སྔོན་གྱི་ཚེ་རབས་རྣམས་མཁྱེན་པ་དང་། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པས་མ་འོངས་པ་ན་གང་དུ་སྐྱེ་བ་མཁྱེན་པ་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་མྱ་ངན་ལས་འདས་པའི་བྱེ་བྲག་རྣམས་མཁྱེན་པ་དང་། བདུན་པོ་དེའི་སྒོ་ནས་ཐེག་ཆེན་གྱི་རིགས་ཅན་རྣམས་ཐེག་ཆེན་གྱི་ལམ་ཉིད་ལ་འགོད་པའི་ཕྱིར་རོ། །གཉིས་པ་ནི། རང་དོན་དུ་ང་ནི་སངས་རྒྱས་སོ་ཞེས་ཡེ་ཤེས་དང་། ངས་ཟག་པ་ཐམས་ཅད་སྤངས་སོ་ཞེས་སྤངས་པ་གཉིས་ཞལ་གྱིས་བཞེས་པ་དང་། གཞན་དོན་དུ་ཐེག་པ་གསུམ་གྱི་ལམ་གྱིས་འཁོར་བ་ལས་ངེས་པར་འབྱུང་ངོ་ཞེས་པ་དང་། ཉོན་མོངས་པ་རྣམས་ཀྱིས་ཐར་པའི་གེགས་བྱེད་དོ་ཞེས་སྟོན་ཅིང་ཞལ་གྱིས་བཞེད་པར་མཛད་པ་ལ། འཇིག་རྟེན་ན་ལྷའམ། བདུད་དམ། ཚངས་པའམ། བྲམ་ཟེའམ། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་སངས་རྒྱས་མ་ཡིན་ནོ། །ཞེས་བྱ་བ་ནས། ཉོན་མོངས་པས་ཐར་པའི་གེགས་མི་བྱེད་དོ། །ཞེས་པའི་བར་དུ་ཆོས་མཐུན་པར་རྒོལ་བའི་རྒྱུ་ཡང་དག་པར་རྗེས་སུ་མཐོང་ནས་བདེ་བ་དང་། མི་འཇིགས་པ་དང་། བག་ཚ་བ་མེད་པ་རྣམས་ཐོབ་ནས། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་མཆེ་ཞིང་། འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་ལ། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་བས་ན། མུ་སྟེགས་བྱེད་གཞན་གྱིས་མི་རྫི་བའོ། །གསུམ་པ་ནི། སྐུ་གསུང་ཐུགས་ཀྱི་སྤྱོད་པ་གསུམ་པོ་གཞན་གྱིས་ཤེས་ན་མ་དད་པར་འགྱུར་དུ་དོགས་ན་བསྲུང་བ་སྟེ། བཙན་དགོས་མེད་པས་འཁོར་གྱི་ནང་དུ་སེང་གེའི་བག་བརྐྱང་སྟེ་བསྲུང་བའོ། །བཞི་པ་ནི། བསྙེལ་བ་མི་མངའ་བ་ཉིད་ཀྱིས། རྟག་ཏུ་འདི་དག་གིས་ཆོས་འདི་བསྒྲུབས་ན་ལེགས་སྙམ་དུ་དགོངས་པ་ཉེ་བར་གནས་པས་ཆོས་སྟོན་པ་ན་འཁོར་ཐམས་ཅད་གུས་པས་ཉན་པ་དང་། རྣ་བླགས་པ་དང་། ཡིད་བཏུད་པ་དང་། ཀུན་ཤེས་པའི་བསམ་པ་ཉེ་བར་འཇོག་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པར་འོས་པ་ལ་རྗེས་སུ་ཆགས་པའི་ཀུན་ནས་ཉོན་མོངས་པ་དང་། འཁོར་དེ་ལས་བཟློག་པ་ལ་ཁོང་ཁྲོ་བའི་ཀུན་ནས་ཉོན་མོངས་པ་དང་། འཁོར་འདྲེས་མ་ལ་གཉིས་གར་མི་འགྱུར་བས། ཀུན་ནས་ཉོན་མོངས་པ་གཉིས་པོ་དེ་སྤངས་པའོ། །དེ་གཉིས་ཀྱི་ལས་ནི་འཁོར་སྡུད་པའོ། །ལྔ་པ་ནི། ཀུན་བྱེད་ཁྱོད་ལ་གྲོང་ལ་སོགས་པར་རྒྱུ་བ་དང་། ནང་དུ་ཏིང་ངེ་འཛིན་ལ་གནས་པ་ཀུན་ལ་ཡང་། རྟག་པར། ཀུན་ཤེས་མ་ཡིན་པའི། སྤྱོད་པ་འཁྲུལ་པ་མི་མངའ་སྟེ། དེས་ན་ཐམས་ཅད་མཁྱེན་པ་ཞེས་པའི་མཚན་དང་མཐུན་པར་སྤྱོད་ལམ་ཐམས་ཅད་ཡང་དག་དོན་དང་ལྡན་ནོ། །ཉན་ཐོས་དགྲ་བཅོམ་པ་ཉོན་མོངས་པ་ཟད་ཀྱང་བག་ཆགས་ཡང་དག་པར་མ་བཅོམ་པས་རེས་འགའ་གླང་པོ་ཆེར་འཁྲུལ་བ་དང་ལྷན་ཅིག་ཐུག་པ་ལ་སོགས་པ་ཐམས་ཅད་མཁྱེན་པ་མ་ཡིན་པའི་སྤྱོད་པ་མངའོ། །དྲུག་པ་ནི། སེམས་ཅན་ཀུན་གྱི་བྱ་བ་ལ། ཁྱོད་ནི་དུས་ལས་མི་འདའ་བ་སྟེ། གདུལ་བྱ་འདུལ་བ་ལ་བབ་ན་བཏང་སྙོམས་སུ་མི་འཇོག་པའོ། །དེའི་ལས་ནི་མཛད་པ་ཐམས་ཅད་དྲག་ཏུ་དོན་མངའ་བ་འབའ་ཞིག་མཛད་པའོ། །བདུན་པ་ནི། འཇིག་རྟེན་ཀུན་ལ་ཉིན་ལན་གསུམ་དང་མཚན་ལན་གསུམ་སྟེ་ལན་དྲུག་ཏུ་ནི་ཉམས་སུ་ནི་འཕེལ་ཞེས་སོ་སོར་གཟིགས་པ་ནི་ལས་སོ། །ལས་དེ་དང་ལྡན་པའི་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སྒོ་ནས་སེམས་ཅན་ཐམས་ཅད་ལ་ཕན་པར་དགོངས་སོ་ཞེས་སོ། །བརྒྱད་པ་ནི། སྤྱོད་པས་བསྡུས་པ་ནི། སྐུ་ལ་འཁྲུལ་པ་དང་། གསུང་ལ་ཅ་ཅོ་དང་། ཐུགས་ལ་བསྙེལ་བ་དང་། ཐུགས་མཉམ་པར་མ་བཞག་པ་དང་། འཁོར་འདས་ཐ་དད་པའི་འདུ་ཤེས་དང་། སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་སྟེ་དྲུག་གོ །རྟོགས་པས་བསྡུས་པ་ནི། འདུན་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་ལ་ཉམས་པ་མི་མངའ་བ་དྲུག་གོ །

དུས་གསུམ་ལ་ཡེ་ཤེས་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱིས་བསྡུས་པ་གསུམ་དང་། སྐུ་དང་། གསུང་དང་། ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ་ཕྲིན་ལས་ཀྱིས་བསྡུས་པ་གསུམ་སྟེ། བཅོ་བརྒྱད་དང་ལྡན་པས་ཉན་ཐོས་དང་རང་སངས་རྒྱས་ཀུན་གྱི་བླ་མར་གྱུར་པའོ། །དགུ་པ་ནི། ངོ་བོ་ཉིད་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་སྟེ་གསུམ་པོ་དང་པོས་ཟབ་མོ་དང་། ཕྱི་མ་གཉིས་ཀྱིས་རྒྱ་ཆེན་པོ་མངོན་པར་བྱང་ཆུབ་པ་བརྙེས་ཤིང་། ཤེས་བྱ་ཐམས་ཅད་མཁྱེན་པས་ཐམས་ཅད་དུ་སེམས་ཅན་རྣམས་ཀྱི་ཐེ་ཚོམ་གཅོད་པའོ། །བཅུ་པ་ནི། ལོངས་སྤྱོད་ལ་ཀུན་ཏུ་འཛིན་པ་མེད་ཅིང་ཉེས་པའི་དྲི་མ་ཕྲ་མོ་ཡང་མེད་ལ། འཇིག་རྟེན་གྱི་ཆོས་དང་། སྡུག་བསྔལ་དག་གིས་སེམས་རྟོག་པ་མེད་ཅིང་། རྟོག་པ་ཆུང་ངུ་དང་། ངན་ངོན་ཙམ་ལའང་གནས་པ་དང་། རྣམ་པར་གཡེང་བས་མི་གཡོ་ཞིང་། ཆོས་རྣམས་ཐམས་ཅད་ལ་རྣམ་པར་སྤྲོས་པའི་རྟོག་པ་མེད་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་ལ་ཕྱག་འཚལ་ལོ། །བཞི་པ། མཛད་པ་ཕྲིན་ལས་གསུམ་གྱིས་གདུལ་བྱ་རབ་འབྲིང་ཐ་མའི་དོན་མཛད་ཚུལ། ཞིང་དང་ཡུལ་ཁམས་ཐ་དད་དུ་སྣང་ཚུལ། མཛད་པའི་གཙོ་བོ་བསྟན་པ་དང་བསྟན་འཛིན་དུ་ངེས་ཚུལ་ལོ། །དང་པོ་ནི། རྒྱ་ཆེན་འོད་ཟེར་སྟོང་དང་ལྡན་པའི་ཉི་མ་ནི་འཛམ་བུའི་གླིང་འདིར་ཤར་བ་ན། ཐོག་མ་དང་བར་དང་མཐར་རིམ་གྱིས་དང་པོ་རི་བོ་མཆོག་གངས་ཅན་དང་། དེའི་འོག་ཏུ་བར་པ་རི་ནག་པོ་རྣམས་དང་། ཐ་མར་དམན་པ་ཐང་དང་བཤོང་ལ་སོགས་པར་བབས་ཤིང་། འཇིག་རྟེན་ཀུན་སྣང་བར་བྱེད་པ་དེ་བཞིན་དུ། རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཕྲིན་ལས་ཀྱི་ཉི་མའི་འོད་ཟེར་དག་ཀྱང་ཐེག་པ་གསུམ་གྱི་གདུལ་བྱའི་ཚོགས་རབ་འབྲིང་ཐ་མ་གསུམ་ལ་རིམ་གྱིས་བབ་ཅིང་མཐར་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་ཀྱི་རྒྱུད་ཀྱང་སྣང་བར་བྱེད་དོ། །གཉིས་པ་ནི། ཇི་ལྟར་མེ་ནི་བུད་ཤིང་ལ་སོགས་པ་རྒྱུ་རྐྱེན་ཚོགས་པའི་ཡུལ་གཞན་དུ་འབར་ཞིང་སྣང་ལ་དེ་ལས་གཞན་རྒྱུ་རྐྱེན་མ་འཚོགས་པའི་ཡུལ་རྣམས་སུ་ཞི་ཞིང་མི་སྣང་བར་འགྱུར་བ་ལྟར་སངས་རྒྱས་རྣམས་ཡུལ་དང་དུས་གང་དུ་སེམས་ཅན་རྣམས་ལ་སངས་རྒྱས་མཐོང་ཞིང་ཆོས་ཉན་པའི་དགེ་བའི་རྩ་བ་སྨིན་པ་དག་ལ་བཅོམ་ལྡན་འདས་སྣང་ཞིང་དེ་ལས་གཞན་དུ་མི་སྣང་བར་ཤེས་པར་བྱ་སྟེ། མངོན་རྟོགས་རྒྱན་ལས། ལྷ་ཡི་དབང་པོས་ཆར་ཕབ་ཀྱང་། །ས་བོ་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི་སྟོན་པའི་དམ་ཆོས་ཞེས་སོགས་སྔར་བཤད་ཟིན་ཏོ། །གསུམ་པ་རྗེས་མཐར་ཕྱིནཔའི་ཡན་ལག་ལ་གསུམ་སྟེ། བསྟན་བཅོས་རྩོམ་བྱེད་ཀྱི་དགོས་པ། བརྩམ་བྱ་བསྟན་བཅོས་ཀྱི་རང་བཞིན། བསྟན་བཅོས་བརྩམས་པའི་བསོད་ནམས་བསྔོ་བའོ། །དང་པོ་གཞུང་བརྒྱའི་ཞེས་སོགས་སོ། །གཉིས་པ་ནི། ཤེས་བྱའི་བློ་དང་ཞེས་སོགས་སོ། །གསུམ་པ་ནི། ཤིང་རྟ་ཆེ་རྣམས་ཞེས་སོགས་སོ། །གཞི་དང་ལམ་དང་འབྲས་བུའི་ཚུལ་སྟོན་པ། །ལུང་རྣམ་ཀུན་ལས་བཏུས་པའི་བསྟན་བཅོས་འདི། །ལེགས་པར་བཤད་པའི་དགེ་བ་གང་ཡིན་དེས། །འགྲོ་རྣམ་ཐར་པའི་ལམ་ལ་འཇུག་པར་ཤོག །བླ་མ་ཐར་སྟོན་ལོ་ཙཱ་བས་མཛད་པའི་ལུང་རྣམས་ཀུན་ལས་བཏུས་པའི་རྣམ་བཤད་དོན་གསལ་བ་འདི་ནི། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་མདོ་ཁམས་སྟོད་པ་བླ་མ་བརྩོན་འགྲུས་དཔལ་གྱིས་རིན་པོ་ཆེའི་མེ་ཏོག་དང་བཅས་ཏེ་འདུན་པ་ཆེན་པོས་བསྐུལ་བའི་ངོར། ཤཱཀྱའི་དགེ་སློང་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་སྦྱར་བའི་འཕྲོ་རྣམས། གནམ་རྩེ་ལྡིང་གི་གཙུག་ལག་ཁང་དུ་རྫོགས་པར་སྦྱར་བའོ། །འདིས་འགྲོ་བ་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །།ཤུ་བྷྃ།། །།


no previousལུང་ཀུན་ལས་བཏུས་པ།next