Nitartha Digital Library
Tibetan
 
previousརྣམ་རིག་གྲུབ་པའི་རྒྱན།next

རྣམ་རིག་གྲུབ་པའི་རྒྱན།

རྣམ་རིག་གྲུབ་པའི་རྒྱན་ཞེས་བྱ་བ་བཞུགས་སོ། །

ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །དམ་པའི་སྤྱོད་པ་དང་མཐུན་པར་བསྟན་པའི་ཕྱིར་བསྟན་བཅོས་རྩོམ་པའི་བྱ་བ་ལ་འཇུག་པའི་ཐོག་མར་རང་གི་སྟོན་པའི་ཆེ་བའི་ཡོན་ཏན་ཐུན་མོང་མ་ཡིན་པ་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱི་ཕྱག་འཚལ་བ། རང་བཞིན་གྱིས་དག་དྲི་མ་མེད། །ཆགས་བྲལ་ཐོགས་མེད་མཁྱེན་པ་རྒྱས། །རྩོལ་མེད་ཕྲིན་ལས་བཟང་པོ་ཅན། །ཐུབ་པ་དེ་ལ་མགོས་ཕྱག་འཚལ། །ཞེས་སྨོས་སོ། །ཚིགས་སུ་བཅད་པ་འདིས་ནི་སྤངས་པ་དང་རྟོགས་པ་དང་ཕྲིན་ལས་ཀྱི་ཁྱད་པར་གསུམ་གྱི་སྒོ་ནས་བཅོམ་ལྡན་འདས་ལ་ཤིན་ཏུ་དང་བས་ཡན་ལག་གི་དམ་པ་མགོ་བོས་འདུད་པའི་ཚུལ་བསྟན་ཏོ། །བཅོམ་ལྡན་འདས་དེ་ཡོན་ཏན་གྱི་ཁྱད་པར་ཅི་འདྲ་བ་དང་ལྡན་པ་ཞིག །གང་གིས་ན་དེ་ལ་ཕྱག་འཚལ་བར་བྱེད་ཅེ་ན། རང་དོན་སྤངས་པ་དང་རྟོགས་པའི་ཡོན་ཏན་དང་། གཞན་དོན་ཕྲིན་ལས་ཀྱི་ཡོན་ཏན་ཕུལ་དུ་བྱུང་བ་དང་ལྡན་པ་ཞིག་སྟེ། གང་ཞིག་དོན་གཉིས་ཀྱི་ཡོན་ཏན་དང་ལྡན་པ་དེས་ནི་རང་གིས་བརྙེས་པའི་གོ་འཕང་མཆོག་ལ་གཞན་དག་ཀྱང་འགོད་པར་ནུས་པས་དེའི་ཕྱིར་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་སྟོན་པ་ལ་བདག་ཅག་ཕྱག་འཚལ་བར་བྱེད་དོ། །དེ་ལ་སྤངས་པའི་ཁྱད་པར་ནི་རྣམ་པ་གཉིས་ཏེ། རང་བཞིན་གྱིས་རྣམ་པར་དག་པ་དང་། དྲི་མ་མེད་པའི་རྣམ་པར་དག་པའོ། །དང་པོ་ནི། སེམས་རང་བཞིན་གྱིས་འོད་གསལ་བ་སྟེ། གདོད་མ་ནས་དྲི་མའི་ངོ་བོར་མ་གྲུབ་པར་ཤིན་ཏུ་གསལ་བའི་རང་བཞིན་དུ་གནས་པའི་ཕྱིར་རོ། །

གཉིས་པ་ནི་དེ་ཉིད་འདོད་ཆགས་ལ་སོགས་པ་གཞན་གྱི་རྐྱེན་གྱིས་ཀུན་ནས་ཉོན་མོངས་པར་མ་བྱས་པ་སྟེ། གཉེན་པོ་ཡེ་ཤེས་ཀྱིས་སྒྲིབ་པ་གཉིས་ཀྱི་བག་ཆགས་དྲུངས་ནས་ཕྱུང་བའི་ཕྱིར་རོ། །དེ་ཡང་ཁྱད་པར་གསུམ་དང་ལྡན་ཏེ། འདི་ལྟར། ལེགས་པར་སྤངས་པ་དང་། སླར་མི་ལྡོག་པར་སྤངས་པ་དང་། མ་ལུས་པར་སྤངས་པའོ། །དང་པོ་ནི་སྤངས་པ་གང་གིས་ཡང་སྲིད་པའི་སྡུག་བསྔལ་གྱི་རྟེན་མི་བྱེད་པའི་ཕྱིར་ཏེ། ཡང་སྲིད་པའི་གཉེན་པོ་བདག་མེད་མ ཐོང་བས་བསྒྲུབས་པའི་ཕྱིར་རོ། །འདིས་ནི་ཕྱི་རོལ་པའི་སྤངས་པ་ལས་ཁྱད་པར་དུ་འཕགས་པར་བསྟན་ཏེ། དེ་དག་གི་སྤངས་པ་ནི་ཁམས་གོང་མར་སྐྱེ་བའི་རྒྱུ་ཞི་རགས་ཀྱི་རྣམ་པ་ཅན་གྱི་འཇིག་རྟེན་པའི་ལམ་གྱིས་སྒྲུབ་པའི་ཕྱིར་རོ། །གཉིས་པ་སླར་མི་ལྡོག་པར་སྤངས་པ་ནི་སྤངས་ཟིན་གྱི་སྐྱོན་རྣམས་སླར་རྒྱུད་ལ་འབྱུང་བའི་མཐུ་མེད་པའི་ཕྱིར་ཏེ། ཉེས་པའི་རྩ་བ་བདག་ཏུ་ལྟ་བ་དྲུངས་ནས་ཕྱུང་བའི་ཕྱིར་རོ། །འདིས་ནི་སློབ་པ་རྣམས་ཀྱི་སྤངས་པ་ལས་ཁྱད་པར་དུ་འཕགས་པར་བསྟན་ཏེ། ཕྱིར་འོང་དང་ཕྱིར་མི་འོང་དག་ནི་བདག་ལྟ་མ་ལུས་པར་མ་སྤངས་པས་སྤངས་ཟིན་པའི་ཉོན་མོངས་པ་སླར་ཡང་རྒྱུད་ལ་སྐྱེས་ཏེ་རང་གི་འབྲས་བུ་ལས་ཉམས་པ་སྲིད་པའི་ཕྱིར་རོ། །གསུམ་པ་མ་ལུས་པར་སྤངས་པ་ནི་སྒོ་གསུམ་གྱི་གནས་ངན་ལེན་མ་ལུས་པར་སྤངས་པའི་ཕྱིར་རམ། སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་པའི་ཕྱིར་རོ། །འདིས་ནི་མི་སློབ་པ་དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱི་སྤངས་པ་ལས་ཁྱད་པར་ཞུགས་པར་བསྟན་ཏེ། དེ་དག་ནི་སྒོ་གསུམ་གྱི་གནས་ངན་ལེན་དང་ལྡན་ཞིང་ཤེས་བྱའི་སྒྲིབ་པ་དང་བཅས་པའི་ཕྱིར་རོ། །མཁྱེན་པའི་ཁྱད་པར་ཡང་གཉིས་ཏེ། ཆགས་པ་མེད་པ་དང་ཐོགས་པ་མེད་པའོ། །དེ་ལ་ཆགས་པ་མེད་པ་ནི་ཆོས་ཉིད་ཇི་ལྟ་བ་མངོན་སུམ་དུ་རྟོགས་པས་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །ཐོགས་པ་མེད་པ་ནི། ཆོས་ཅན་ཇི་སྙེད་པ་མངོན་སུམ་དུ་རྟོགས་པས་ཤེས་བྱའི་སྒྲིབ་པ་དང་བྲལ་བའི་ཕྱིར་རོ། །ཡང་ན་བཞེད་པ་ཙམ་གྱིས་མཁྱེན་པའི་ཕྱིར་ཆགས་པ་མེད་པ་ཡིན་ལ། ཡེ་ཤེས་ཤེས་བྱ་ཐམས་ཅད་ལ་འཇུག་པའི་ཕྱིར་ཐོགས་པ་མེད་པ་ཡིན་ནོ། །དེ་ལྟ་བུའི་མཁྱེན་པ་དེ་ཡང་ཁྱད་པར་གསུམ་དང་ལྡན་ཏེ། འདི་ལྟར་དེ་ཁོ་ན་ཉིད་མཁྱེན་པ་དང་། བརྟན་པ་མཁྱེན་པ་དང་། མ་ལུས་པར་མཁྱེན་པའོ། །དེ་ལ་དེ་ཁོ་ན་ཉིད་མཁྱེན་པ་ནི། འདིས་རྟོགས་པའི་བདག་མེད་པ་རྣམ་པ་གཉིས་ལ་ཚད་མས་གནོད་པ་མེད་པའི་ཕྱིར་རོ། །འདིས་ནི་ཕྱི་རོལ་པ་ལས་ལྷག་པར་བསྟན་ཏེ། དེ་དག་ལ་ནི་དེ་ཁོ་ན་ཉིད་རྟོགས་པའི་ནུས་པ་མེད་པའི་ཕྱིར་རོ། །བརྟན་པ་མཁྱེན་པ་ནི་དེ་ཁོ་ན་ཉིད་མཁྱེན་པའི་རྟོགས་པ་ནམ་ཡང་གཡོ་བ་མེད་པས་ཐར་ལམ་ལས་བརྩམས་ཏེ་བསྟན་པའི་གསུང་རྣམས་ལ་སྔ་ཕྱི་འགལ་བ་སོགས་ཀྱི་ཉེས་པ་མེད་པའི་ཕྱིར་རོ། །འདིས་ནི་སློབ་པ་རྣམས་ལས་ལྷག་པར་བསྟན་ཏེ། དེ་དག་ནི་སྤང་བྱའི་ལྷག་མ་དང་བཅས་པས་རྟོགས་པ་བརྟན་པ་མེད་པའི་ཕྱིར་རོ། །མ་ལུས་པ་མཁྱེན་པ་ནི་གདུལ་བྱ་རྣམས་ལ་སྐལ་པ་དང་འཚམ་པར་ཐར་པ་དང་ཐམས་ཅད་མཁྱེན་པའི་ཐབས་ཆ་ཚང་ཞིང་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་རོ། །འདིས་ནི་མི་སློབ་པ་དག་ལས་ལྷག་པར་བསྟན་ཏེ། དེ་དག་ནི་རང་གིས་ཇི་ལྟར་རྟོགས་པ་ལྟར་གྱི་དོན་གཞན་ལ་འཆད་པ་ལ་ཡང་བློ་མི་གསལ་བ་ཉིད་ཀྱི་ཕྱིར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ཆ་ཚང་ཞིང་ཕྱིན་ཅི་མ་ལོག་པར་སྟོན་པར་ནུས་པ་མེད་པའི་ཕྱིར་རོ། །ཕྲིན་ལས་ཀྱི་ཁྱད་པར་ལ་ཡང་གཉིས་ཏེ། རྒྱུན་མི་ཆད་པ་དང་ལྷུན་གྱིས་གྲུབ་པའོ། །དེ་དག་ཀྱང་རྩོལ་བ་མེད་ཅེས་པའི་སྒྲས་བསྟན་ཏེ། འབད་རྩོལ་ལ་མི་ལྟོས་པའི་བྱ་བ་རྣམས་ནི་བློའི་གཡོ་བ་སྔོན་དུ་གཏོང་བ་ལ་མི་ལྟོས་པའི་ཕྱིར་ནོར་བུའི་འོད་དམ་ཆུ་བོའི་རྒྱུན་བཞིན་དུ་རྒྱུན་མི་འཆད་པར་འབྱུང་བའི་ཕྱིར་རོ། །རྒྱུད་མི་འཆད་པ་ནི་འཁོར་བ་ཇི་སྲིད་པར་འཇུག་པས་ཕྱི་མའི་མཐའ་མི་མངོན་པའི་ཕྱིར་དང་། ལ་ལར་མེ་བཞིན་མྱ་ངན་འདའ། །ལ་ལར་རྫོགས་པར་བྱང་ཆུབ་སྟོན། །ནམ་ཡང་མེད་པ་མ་ཡིན་ཏེ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །ཞེས་པའི་ཚུལ་གྱིས་གདུལ་བྱའི་དོན་ལ་སྐད་ཅིག་ཀྱང་གཡེལ་བ་མེད་པའི་ཕྱིར་རོ། །ལྷུན་གྱིས་གྲུབ་པ་ནི། གང་ལ་གང་གིས་གང་གི་ཚེ། ཇི་ལྟར་འདུལ་བ་དེ་ལ་དེ་དང་སྔོན་གྱི་སྨོན་ལམ་གྱི་དབང་གིས་བློ་སྔོན་དུ་གཏོང་བའི་གཡོ་བ་མེད་པར་རང་གི་ངང་གིས་འཇུག་པའི་ཕྱིར་རོ། །འབད་རྩོལ་ལ་མི་ལྟོས་ཤིང་རྒྱུན་མི་འཆད་པར་འཇུག་པའི་སེམས་ལྡན་གྱི་བྱ་བ་འགའ་ཡང་འཇིག་རྟེན་ན་མ་མཐོང་བས་ཐུབ་པའི་ཕྲིན་ལས་ཇི་སྐད་བཤད་པའི་ཁྱད་པར་དང་ལྡན་པ་ནི་བྱ་བ་ཐམས་ཅད་ལས་ཕུལ་དུ་བྱུང་བའི་ཕྱིར་ཕྲིན་ལས་བཟང་པོ་ཞེས་སྨོས་སོ། །སྤངས་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པ་དེ་གང་ཞེ་ན། ཐུབ་པ་ཞེས་སྨྲོས་ཏེ། སྒོ་གསུམ་མི་མཐུན་པའི་ཕྱོགས་ལས་ཡང་དག་པར་བསྡམས་པའི་ཕྱིར་ཐུབ་པའོ། །དེ་ལྟར་བཅོམ་ལྡན་འདས་ལ་ཕྱག་འཚལ་བ་ལས་ནི་བསྟན་བཅོས་རྩོམ་མོ་ཞེས་དམ་བཅས་པ་ཡིན་ནོ། །དེ་ལ་འདི་སྐད་ཅེས་དགོས་པ་ཅིའི་ཕྱིར་བརྗོད་བྱ་ཅི་ལས་འདི་བརྩམས་ཞེ་ན། རྣམ་པར་རིག་པ་ཙམ་གྱི་ཚུལ་ལས་བརྩམས་ཏེ་དབུ་མའི་ལམ་ལ་མཁས་པར་བྱ་བའི་ཕྱིར་རོ། །དེ་ལ་མཁས་པ་ལས་ཀྱང་འཁོར་བའི་འབྲོག་དགོན་པ་ཉམ་ང་བ་ལས་བརྒལ་ཏེ་ཐར་པ་བླ་ན་མེད་པའི་གྲོང་ཁྱེར་དུ་བདེ་བླག་ཏུ་འགྲོ་བར་འགྱུར་རོ། །དེ་ལྟར་ན་རྟག་ཆད་སྤངས་པ་དབུ་མའི་ལམ་ནི་ཐར་པ་འདོད་པ་རྣམས་ཀྱིས་འདོད་པར་བྱ་བ་དམ་པ་སྟེ། དེའི་ཕྱིར་འདི་བརྩམ་མོ། །དབུ་མའི་ལམ་ཞེས་བྱ་བ་འདི་ནི་གང་ཞིག །ཅིའི་ཕྱིར་དབུ་མའི་ལམ་ཞེས་བྱ་ཞེ་ན། དེའི་ཕྱིར། བདག་དང་ཆོས་སུ་བཏགས་པ་མེད། །ཡང་དག་མ་ཡིན་ཀུན་རྟོག་ཡོད། །རྟག་དང་ཆད་པ་སྤངས་པ་ཡི། །རྣམ་རིག་ཚུལ་འདི་དབུ་མའི་ལམ། །ཞེས་སྨོས་ཏེ། ཚིགས་སུ་བཅད་པ་འདིས་ནི་སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་མཐའ་གཉིས་སྤངས་ནས། རྣམ་པར་རིག་པ་ཙམ་ཉིད་དབུ་མའི་ལམ་དུ་འཐད་པར་མདོར་བསྡུས་ཏེ་བསྟན་པ་ཡིན་ནོ། །དེ་ལ་སྒྲོ་འདོགས་པའི་མཐའ་ནི་གང་། སྐུར་བ་འདེབས་པའི་མཐའ་ནི་གང་ཞེ་ན། ཆོས་འདི་ལས་ཕྱི་རོལ་ཏུ་གྱུར་པ་རྣམས་ནི་ཕུང་པོ་དང་གཅིག་དང་ཐ་དད་པའི་བདག་ཏུ་མངོན་པར་ཞེན་ཅིང་། ཆོས་འདི་པ་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་དག་ནི་གཟུང་བ་དང་འཛིན་པའི་རང་བཞིན་ཆོས་སུ་མངོན་པར་ཞེན་པར་བྱེད་དེ། དེ་དག་ནི་སྒྲོ་འདོགས་པའི་མཐར་ལྷུང་བ་ཡིན་ནོ། །དེ་སྤངས་པའི་ཕྱིར། བདག་དང་ཆོས་སུ་བརྟགས་པ་མེད། །ཅེས་སྨྲོས་ཏེ། ཟ་བ་པོར་མངོན་པར་ཞེན་པ་ནི་བདག་ཏུ་བརྟགས་པའོ། །གཟུང་བ་དང་། འཛིན་པ་དང་། རྟག་པ་དང་། མི་རྟག་པར་མངོན་པར་ཞེན་པ་ནི་ཆོས་སུ་བརྟགས་པའོ། །དེ་དག་ནི་ཀུན་ཏུ་རྟོག་པ་ཙམ་དུ་ཟད་ཀྱི། ཇི་ལྟར་བརྟགས་པ་ལྟར་མ་གྲུབ་པའི་ཕྱིར་རོ། །ངོ་བོ་ཉིད་མེད་པར་སྨྲ་བ་ཁ་ཅིག་ནི། རྣམ་པར་ཤེས་པ་ཡང་ཀུན་རྫོབ་ཙམ་དུ་ཟད་ཀྱི། ཡང་དག་པར་མ་གྲུབ་པར་སྨྲ་སྟེ། དེ་དག་ནི་སྐུར་པར་འདེབས་པའི་ཐར་ལྷུང་བར་རྟོགས་སོ། །དེ་སྤང་བའི་ཕྱིར། ཡང་དག་མ་ཡིན་ཀུན་རྟོག་ཡོད། །ཅེས་སྨྲོས་ཏེ། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཞེས་བྱ་སྟེ། བག་ཆགས་ཀྱི་དབང་གིས་རང་བཞིན་ཇི་ལྟ་བ་བཞིན་མ་ཡིན་པར་སྣང་བའི་ཕྱིར་རོ། །འདི་དག་ནི་རང་རིག་པའི་མངོན་སུམ་གྱིས་ཉམས་སུ་མྱོང་བའི་ཕྱིར་ཡང་དག་པར་རྫས་སུ་ཡོད་པ་ཁོ་ན་ཡིན་ནོ། །དེ་ལྟར་ན་ཡུལ་ཡང་དབང་པོའི་མངོན་སུམ་གྱིས་གྲུབ་པའི་ཕྱིར་གཟུང་འཛིན་ཡང་ཡོད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། གཟུགས་སོགས་ཡུལ་དུ་སྣང་བ་རྣམས་ནི་རྨི་ལམ་གྱི་ཤེས་པ་བཞིན་དུ་འཁྲུལ་པའི་ཕྱིར་རོ། །རང་རིག་པ་མ་འཁྲུལ་བར་གང་གིས་བསྒྲུབ་པར་ནུས། ཡུལ་དང་ཡུལ་ཅན་ཐ་དད་པ་ལ་ཕན་ཚུན་འཁྲུལ་པར་རིགས་ན། རང་རིག་པ་ལ་ནི་ཡུལ་དང་ཡུལ་ཅན་ཐ་དད་པ་མེད་ན་ཅི་ཞིག་འདི་ལ་འཁྲུལ། རང་ཉིད་རང་ལ་འཁྲུལ་པ་ནི་རིགས་པ་མ་ཡིན་ཏེ། རང་གི་བདག་ཉིད་སྤངས་ནས་གནས་པ་ནི་འགའ་ཡང་མེད་དོ། །སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་སྤངས་པའི་དོན་དེ་ཡང་གང་ཞེ་ན། རྟག་དང་ཆད་པ་སྤངས་པ་ཡི། །རྣམ་རིག་ཚུལ་འདི་དབུ་མའི་ལམ། །ཞེས་སྨོས་ཏེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་འདི་ནི་བྱིས་པས་ཇི་ལྟར་ཀུན་བཏགས་པ་ལྟར་གྱི་བདག་དང་ཆོས་སུ་མ་གྲུབ་པའི་ཕྱིར་རྟག་པའི་མཐའ་དང་བྲལ་བ་ཡིན་ལ། ཉམས་སུ་མྱོང་བའི་ངོ་བོར་ནམ་ཡང་མེད་པ་མ་ཡིན་པས་ཆད་པའི་མཐའ་སྤངས་པ་ཡིན་ཏེ། དེ་ལྟར་ན་འདི་ནི་དབུ་མའི་ལམ་ཡིན་ནོ། །དེ་ལྟར་མདོར་བསྡུས་ཏེ་བསྟན་པ་དེ་ཉིད་རྒྱས་པར་བྱ་སྟེ། དེ་ལ་རེ་ཞིག་བདག་ཏུ་སྒྲོ་འདོགས་པའི་མཐའ་སྤང་བའི་ཕྱིར། ཕུང་པོ་བདག་མིན་བདག་གི་མིན། །དེ་ལ་ཕུང་མེད་ཕུང་རྣམས་ལའང་། །བདག་གནས་མ་ཡིན་དེ་ཡི་ཕྱིར། །བདག་དང་བདག་གི་རྣམ་རྟོག་གསོག །ཅེས་སྨོས་སོ། །བདག་ཏུ་ལྟ་བ་གང་ཇི་སྙེད་པ་དེ་ཐམས་ཅད་ནི་ཉེར་ལེན་གྱི་ཕུང་པོ་ལ་མཐའ་བཞིའི་ཚུལ་དུ་རྣམ་པར་རྟོག་པར་བྱེད་དེ། འདི་ལྟར་ཕུང་པོ་བདག་གོ་ཞེའམ་བདག་གིའོ་ཞེའམ། བདག་ཕུང་པོ་དང་ལྡན་ཞེའམ། ཕུང་པོ་རྣམས་ལ་བདག་གནས་ཞེས་པའི་ཚུལ་གྱིས་སོ། །དེ་ཡང་ཕུང་པོ་ལྔའི་བྱེ་བྲག་གིས་འཇིག་ཚོགས་ལ་ལྟ་བའི་མཐའ་ཉི་ཤུར་འགྱུར་ཏེ། གཟུགས་བདག་ཡིན་པ་དང་། གཟུགས་བདག་གི་ཡིན་པ་དང་། བདག་གཟུགས་དང་ལྡན་པ་དང་། གཟུགས་ལ་བདག་གནས་སོ་ཞེས་བྱ་བ་ནས་རྣམ་པར་ཤེས་པའི་བར་ལ་དེ་ལྟར་སྦྱར་བའི་ཚུལ་གྱིས་སོ། །དེའི་ཕྱིར་མདོ་ལས། འཇིག་ཚོགས་སུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། ཞེས་གསུངས་པ་ཡིན་ནོ། །དེ་ལ་རེ་ཞིག་ཕུང་པོ་ནི་བདག་མ་ཡིན་ཏེ། དེ་དག་དང་མཚན་ཉིད་མི་མཐུན་པའི་ཕྱིར་རོ། །འདི་ལྟར་ཕུང་པོ་རྣམས་ནི་རྣམ་པར་འཇིག་པ་དང་དུ་མའི་རང་བཞིན་ཅན་དུ་རྟོག་ལ། བདག་ནི་རྟག་པ་དང་གཅིག་པུའི་རང་བཞིན་ཅན་དུ་མངོན་པར་ཞེན་པའི་ཕྱིར་རོ། །མཚན་ཉིད་མི་མཐུན་པ་དག་ཀྱང་གཅིག་པ་ཉིད་དུ་རིགས་པ་མ་ཡིན་ཏེ། ཕན་ཚུན་འགལ་བའི་ཕྱིར་རོ། །དེའི་ཕྱིར་ཕུང་པོ་དང་གཅིག་པའི་བདག་མེད་དོ། །ཕུང་པོ་རྣམས་ནི་བདག་གི་འདོད་རྒུར་དབང་བསྒྱུར་བར་བྱ་བའི་བདག་གི་བ་ཡང་མ་ཡིན་ཏེ། བདག་མི་འདོད་བཞིན་དུ་ཡང་ཕུང་པོ་རྣམས་གཞན་དུ་འགྱུར་བ་དང་འཇིག་པ་ལ་སོགས་པར་འགྱུར་བའི་ཕྱིར་རོ། །གང་ཞིག་གང་གིས་བྱིན་གྱིས་རློབ་པ་པོ་ཡིན་པ་དེ་ནི་དེ་ལ་འདོད་རྒུར་སྤྱོད་དེ། དཔེར་ན་རྫ་མཁན་གྱིས་རྫ་བུམ་ལ་བྱ་བ་བཞིན་ནོ། །ཕུང་པོ་ནི་བདག་གི་འདོད་པའི་རྗེས་སུ་མི་བྱེད་པའི་ཕྱིར་བདག་གིས་བྱིན་གྱིས་བརླབ་པར་བྱ་བ་མ་ཡིན་ནོ། །བདག་ལ་ཕུང་པོ་རྣམས་ལྡན་པར་ཡང་མི་རིགས་ཏེ། བདག་རྟག་པ་ལ་བརྟེན་པའི་ཕུང་པོ་ནི་ནམ་ཡང་མི་འཇིག་པར་ཐལ་བའི་ཕྱིར་དང་། ལྷ་སྦྱིན་དང་རྒྱན་བཞིན་དུ་བདག་དང་ཕུང་པོ་ཐ་དད་དུ་དམིགས་པར་རིགས་ན་མ་དམིགས་པའི་ཡང་ཕྱིར་རོ། །ཕུང་པོ་རྣམས་ལ་བདག་གནས་པ་ཡང་མ་ཡིན་ཏེ། ཕུང་པོ་མི་རྟག་པ་ལ་བརྟེན་པའི་བདག་ཀྱང་མི་རྟག་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་ཕུང་པོ་ལས་དོན་གཞན་པའི་བདག་ཀྱང་མེད་དོ། །བརྗོད་དུ་མེད་པར་སྨྲ་བའི་གང་ཟག་ནི་གྱི་ནར་ཟད་དེ། དངོས་པོ་ལ་གཅིག་དང་ཐ་དད་ལས་གཞན་པའི་རྣམ་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་བདག་དང་བདག་གིར་འཛིན་པ་ནི་རྣམ་པར་རྟོག་པ་ཙམ་དུ་ཟད་དོ། །དེ་ལྟར་བདག་ཏུ་སྒྲོ་འདོགས་པ་བསལ་ཏེ་གང་ཟག་གི་བདག་མེད་པ་བསྟན་ནས། ཆོས་སུ་སྒྲོ་འདོགས་པའི་མཐའ་སྤངས་ནས་ཆོས་ལ་བདག་མེད་པ་བསྟན་པར་འདོད་ནས། རེ་ཞིག་གཟུང་བ་དང་འཛིན་པ་སྤྱིར་དགག་པ་བསྟན་པ་ནི། རགས་དང་ཕྲ་བའི་རྡུལ་མེད་ཕྱིར། །ཤེས་པ་ལས་གཞན་ཡུལ་ཡོད་མིན། །ཡུལ་མེད་ཕྱིར་ན་ཡུལ་ཅན་མེད། །དེ་ཕྱིར་གཟུང་དང་འཛིན་པ་བྲལ། །ཞེས་སྨོས་སོ། །ཕྱི་རོལ་ཏུ་དོན་དུ་སྨྲ་བ་རྣམས་ཀྱི་དོན་གྱི་རྣམ་པར་རྟོག་པ་ནི་གཉིས་ཏེ། རགས་པ་དང་། ཕྲ་བའོ། །དེ་ལ་རེ་ཞིག་རགས་པ་ནི་རྫས་སུ་ཡོད་པ་ནི་མ་ཡིན་ཏེ། ཆ་ཤས་ཀྱིས་རྣམ་པར་ཕྱེ་བ་ན་རགས་པའི་བློ་འདོར་བའི་ཕྱིར་རོ། །འདི་ལྟར་གང་ཕྱོགས་ཀྱི་ཆ་དང་བཅས་པ་མ་ཡིན་པ་དེ་ལ་ནི་རགས་པའི་བློ་འཇུག་པ་མ་ཡིན་ཏེ་རྡུལ་ཕྲན་བཞིན། ཕྱོགས་ཀྱི་ཆ་དང་བཅས་པ་དེ་ནི་ཤར་ལ་སོགས་པའི་དབྱེ་བས་ཆ་དུ་མར་རྣམ་པར་དབྱེར་རུང་བ་ཡིན་ནོ། །དེའི་ཕྱིར་རགས་པའི་རྟོག་པ་ནི་རྫུན་པ་ཉིད་དོ། །རྡུལ་ཕྲ་རབ་ཀྱི་ཕྱོགས་ཀྱང་རིགས་པ་མ་ཡིན་ཏེ། ཆ་དང་བཅས་པའམ་ཆ་མེད་པ་གཉིས་ཀ་ལྟར་ཡང་རྡུལ་ཕྲ་རབ་ཏུ་མི་རུང་བའི་ཕྱིར་རོ། །འདི་ལྟར་ཆ་དང་བཅས་པ་ཡིན་ན་ཆ་གཞན་དང་གཞན་དུ་རྣམ་པར་དབྱེར་ནུས་པའི་ཕྱིར་རྡུལ་ཕྲ་རབ་ཏུ་རིགས་པ་མ་ཡིན་ཏེ། གཟུགས་ཀྱི་ཆུང་བའི་མཐར་ཐུག་པ་ནི་རྡུལ་ཕྲན་དུ་ཁས་ལེན་པའི་ཕྱིར་རོ། །ཆ་མེད་པ་ཡིན་ན་ཡང་རྣམ་ཤེས་བཞིན་དུ་ཡུལ་ན་མི་གནས་པའི་ཕྱིར་ཇི་ལྟར་ན་རྡུལ་ཕྲ་རབ་ཡིན། གཞན་ཡང་། རྡུལ་ཕྲ་རབ་ཆ་མེད་པར་སྨྲ་བའི་ཕྱོགས་ནི་ཉེས་པ་དུ་མ་དང་བཅས་པར་མཐོང་སྟེ། འདི་ལྟར་རྡུལ་རྣམས་ཕྲད་ནས་རྣམ་ཤེས་བསྐྱེད་པ་ལ་སོགས་པའི་བྱ་བ་བྱེད་དམ། འོན་ཏེ་མ་ཕྲད་པར་སྒྲུབ་པར་བྱེད། དང་པོ་ལྟར་ན་ཆ་ཤས་ཀྱིས་ཕྲད་ན་ཆ་དང་བཅས་པར་འགྱུར་ལ་བདག་ཉིད་ཀུན་གྱིས་ཕྲད་ན་རྡུལ་ཇི་སྙེད་ཅིག་ཀྱང་རྡུལ་ཕྲན་དང་པོ་ལས་བོངས་ཚོད་རྒྱས་པར་མི་འགྱུར་བའི་ཕྱིར་རྡུལ་ཕྲན་དང་པོས་མངོན་པར་འདོད་པའི་དོན་སྒྲུབ་པར་མི་ནུས་པ་བཞིན་དུ་རྡུལ་དུ་མ་ཚོགས་ཀྱང་མི་འགྲུབ་སྟེ། ཚོགས་པ་དང་མ་ཚོགས་པའི་རྡུལ་བོངས་ཚོད་མཚུངས་པའི་ཕྱིར་རོ། །ཅི་སྟེ་རྡུལ་ཕྲན་རྣམས་གཞན་དང་ཕྲད་པ་ན་རྡུལ་ཕྲན་ཇི་སྙེད་དང་ཕྲད་པ་དེ་སྙེད་ཀྱི་བོངས་ཚོད་གོང་ནས་གོང་དུ་རྒྱས་པར་འགྱུར་བའི་ཕྱིར་ཉེས་པ་མེད་དོ་ཞེ་ན། འདི་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར། རྡུལ་ཕྲན་གཞན་དང་ཕྲད་པའི་ཚེ་དང་པོའི་རྡུལ་དེ་ཉིད་བོངས་ཚོད་རྒྱས་པར་འགྱུར་རམ། འོན་ཏེ་སྔ་མ་ལས་བོངས་ཚོད་ཁྱད་པར་དུ་གྱུར་པའི་ཆོས་གཞན་ཞིག་སྐྱེ་བརྟག །གཉིས་ཀ་ལྟར་ཡང་དེ་དག་ལ་གོ་ས་གནོན་པའི་མཐུ་མེད་ན་རྡུལ་ཕྲན་ལས་གོང་དུ་བོངས་ཚོད་རྒྱས་པར་མི་རིགས་ལ། གོ་ས་གནོན་ན་ཆར་དབྱེ་ནུས་པའི་ཕྱིར་ཁང་བཟང་ལ་སོགས་པ་བཞིན་དུ་རྫས་སུ་ཡོད་པ་མ་ཡིན་ནོ། །ཅི་སྟེ་མ་ཕྲད་པར་གནས་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན། དེ་ལྟ་ན་གཟུགས་ཅན་རྣམས་ཕན་ཚུན་གཅིག་ལ་གཅིག་ཐོགས་པ་མེད་པར་འཇུག་པར་འགྱུར་ཏེ། རྡུལ་ཕྲན་རིགས་མཐུན་རྣམས་ཀྱི་བར་ན་རྡུལ་གཞན་ཤོང་བའི་གོ་ས་ཡོད་པའི་ཕྱིར་རོ། །ཅི་སྟེ་རྡུལ་རྣམས་ཕན་ཚུན་མ་ཕྲད་ཀྱང་འདབ་འབྱོར་དུ་གནས་པའི་ཕྱིར་རྡུལ་གཞན་གྱི་གོ་ས་མེད་དོ་ཞེ་ན། འདབ་འབྱོར་ཞེས་པ་འདི་ཅི་ཞིག་ཡིན། རྡུལ་གཞན་གྱི་གོ་མི་རྙེད་པའོ་ཞེ་ན། དེ་ཉིད་ཅི། ཕན་ཚུན་ཆ་ཤས་ཀྱིས་ཕྲད་པའི་ཕྱིར་རམ་ཆོས་གཞན་གྱིས་སྦྲེལ་བའི་ཕྱིར་གོ་ས་མི་རྙེད་པ་ཡིན་བརྟག་གྲང་། ཕྱོགས་དང་པོ་ནི་ཁས་མི་ལེན་ནོ། །གཉིས་པ་ལྟར་ན་གང་གིས་རྡུལ་གཉིས་སྦྲེལ་བར་བྱེད་པའི་འབྲེལ་བ་དེ་ཡང་རྡུལ་དུ་གྲུབ་པའམ་འོན་ཏེ་ལུས་ཅན་མ་ཡིན་པ་ཡིན། དང་པོ་ལྟར་ན་འབྲེལ་བ་དེ་ཉིད་ཀྱིས་འབྲེལ་བ་ཅན་དག་དང་ཕྲད་པ་དང་མ་ཕྲད་པ་བརྟགས་ན་ཉེས་པ་མཚུངས་པའི་ཕྱིར་རིགས་པ་མ་ཡིན་ནོ། །ཅེ་སྟེ་འབྲེལ་བ་དེ་ལུས་ཅན་མ་ཡིན་པའི་ཕྱིར་ཕྲད་པ་དང་མ་ཕྲད་པའི་བརྟག་པ་མེད་དོ་ཞེ་ན། དེ་ལྟར་ན་འབྲེལ་བ་ཅན་གཉིས་ཀྱི་བར་ན་དེ་ཡོད་པའི་ཕྱིར་རྡུལ་ཕྲན་གཞན་གྱི་གོ་མི་རྙེད་དོ་ཞེས་ཇི་ལྟར་བརྗོད་པ་རིགས། ལུས་ཅན་མ་ཡིན་པ་ནི་ཡུལ་ལ་མི་གནས་པའི་ཕྱིར་གོ་འགོག་པར་བྱེད་པ་མ་ཡིན་ནོ། །དེས་ན་འདབ་འབྱོར་དུ་གནས་པ་ཞེས་བྱ་བ་ནི་རིགས་པ་མ་ཡིན་ནོ། །

དེ་ལྟར་ན་མ་ཕྲད་པར་གནས་པ་ལ་རག་གོ་ཞེ་ན། འདི་ལ་ཉེས་པ་སྔར་བརྗོད་ཟིན་ཏོ། །གཞན་ཡང་ཕྱོགས་འདི་ལ་ནི་མ་ཚོགས་པའི་རྡུལ་གཞན་དང་ཚོགས་པའི་གནས་སྐབས་ཀྱི་རྡུལ་གཉིས་ཀ་ཡང་རིགས་མཐུན་པའི་རྡུལ་གཞན་དང་མ་ཕྲད་པར་མཚུངས་པའི་ཕྱིར་འབྲས་བུ་བྱེད་པ་དང་མི་བྱེད་པའི་ཁྱད་པར་ཡང་མི་རིགས་པར་འགྱུར་རོ། །ཅི་སྟེ་རྡུལ་གཞན་རུང་བའི་ཡུལ་ན་གནས་པ་དང་མི་གནས་པའི་ཕྱིར་མཚུངས་པ་མ་ཡིན་ནོ་ཞེ་ན། རུང་བའི་ཡུལ་ན་གནས་པ་ཞེས་བྱ་བ་འདི་ཅི། ཕན་ཚུན་ནུས་པ་འཇུག་ཏུ་རུང་བའོ་ཞེ་ན། ཚོགས་པའི་གནས་སྐབས་ན་རྡུལ་རྣམས་ཕན་ཚུན་ནུས་པ་འཇུག་པར་གང་ལས་ཤེས། རྣམ་པར་ཤེས་པ་ལ་སོགས་པའི་འབྲས་བུ་མཐོང་བའི་ཕྱིར་ཏེ། ཟླ་མེད་པའི་རྡུལ་ཕྲན་ཁ་ཡར་བ་ལས་འབྲས་བུ་དེ་འདྲ་བ་མ་མཐོང་བའི་ཕྱིར་རོ་ཞེ་ན། རྣམ་པར་ཤེས་པ་སྐྱེ་བའི་ཕྱིར་རྡུལ་ཕྲན་ཕན་ཚུན་ལྟོས་པ་ལས་ཡིན་ནོ་ཞེས་བྱ་བ་འདི་ལ་ཤེས་བྱེད་ཅི་ཞིག་ཡོད། རྣམ་པར་ཤེས་པ་ནི་དབང་པོ་དང་ཡུལ་ལ་བརྟེན་ནས་འབྱུང་བའི་ཕྱིར་དང་། དེ་དག་ཀྱང་རྡུལ་ཕྲ་རབ་བསགས་པའི་རང་བཞིན་ཡིན་ཏེ། སྐྱེ་མཆེད་བཅུ་ནི་རྡུལ་ཕྲ་རབ་བསགས་པའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་རིགས་པ་མ་ཡིན་ཏེ། དོན་མེད་ཀྱང་རྣམ་པར་རིག་པ་ཙམ་གྱི་ཚུལ་ལའང་དབང་པོ་དང་ཡུལ་གྱི་ཐ་སྙད་རྣམ་པར་འཇོག་པར་མི་འགལ་བའི་ཕྱིར་རོ། །དེ་ལྟར་ཡང་། ནང་གི་ཤེས་བྱའི་ངོ་བོ་ནི། །ཕྱི་རོལ་ལྟར་སྣང་གང་ཡིན་པ། །དོན་ཡིན་རྣམ་ཤེས་ངོ་བོའི་ཕྱིར། །དེ་རྐྱེན་ཉིད་ཀྱང་ཡིན་ཕྱིར་རོ། །ཞེས་དང་། ལྷན་ཅིག་བྱེད་དབང་ནུས་པ་ཡི། །ངོ་བོ་གང་ཡིན་དབང་པོའང་ཡིན། །དེའང་རྣམ་རིག་ལ་མི་འགལ། །ཞེས་གང་གསུངས་པ་ལྟར་རོ། །ཀུན་བརྟགས་པའི་དབང་པོ་དང་ཡུལ་རྣམས་ནི་ཐ་སྙད་དུ་གཟུགས་འདུས་པ་ལ་གནས་པ་ཡིན་ལ། གཟུགས་འདུས་པ་དག་ཀྱང་ཐ་སྙད་དུ་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་རྫས་ཀྱི་རྡུལ་དུ་མ་བསགས་པའི་རང་བཞིན་ཡིན་པའི་ཕྱིར་མདོ་ལས་སྐྱེ་མཆེད་བཅུ་ནི་རྡུལ་རབ་བསགས་པའོ་ཞེས་གསུངས་པར་ཟད་ཀྱི། རྡུལ་ཕྲན་རྫས་གྲུབ་ཀྱི་དབང་པོ་བྱས་པ་མ་ཡིན་ཏེ། རིགས་པས་གནོད་པའི་ཕྱིར་རོ། །དེ་ལྟར་ན་རགས་པ་དང་ཕྲ་བའི་དོན་མེད་པའི་ཕྱིར་ཤེས་པ་ལས་གཞན་པའི་ཡུལ་མེད་ལ། ཡུལ་མེད་པའི་ཕྱིར་དེ་འཛིན་པའི་ཡུལ་ཅན་ཡང་ཡོད་པ་མ་ཡིན་ཏེ། དེ་དག་ནི་ཕན་ཚུན་ལྟོས་ཏེ་རྣམ་པར་འཇོག་པའི་ཕྱིར་རོ། །དེའི་ཕྱིར་གཟུང་བ་དང་འཛིན་པའི་ཐ་སྙད་ཀྱང་རྣམ་པར་རྟོག་པ་ཙམ་དུ་ཟད་དོ། །ཅི་སྟེ་ཕྱིའི་གཟུང་བ་དང་འཛིན་པ་མེད་མོད། ནང་ཤེས་པའི་རང་བཞིན་གྱི་གཟུང་འཛིན་ཅིའི་ཕྱིར་མེད་ཅེ་ན། གཟུང་བ་དེ་འཛིན་པ་ལས་གཞན་ཡིན་ན་ནི་ཕྱིའི་དོན་དུ་འགྱུར་གྱི་ཤེས་པ་མ་ཡིན་ལ། གཞན་མ་ཡིན་ན་ཤེས་པ་གཅིག་ཉིད་ལ་གཟུང་འཛིན་དུ་ཉེ་བར་བཏགས་པ་ཙམ་དུ་འགྱུར་རོ། །ཅི་སྟེ་གཟུང་བ་ཡང་ཤེས་པ་གཞན་ཡིན་ལ་འཛིན་པ་ཡང་ཤེས་པ་གཞན་ཡིན་ནོ་ཞེ་ན། དེ་ལྟར་ཤེས་པའི་རང་བཞིན་གྱི་གཟུང་བ་འདི་གཅིག་གམ་འོན་ཏེ་དུ་མར་གྲུབ། དང་པོ་མི་རིགས་ཏེ། ཤར་ལ་སོགས་པའི་ཆ་དང་བཅས་པ་སྣང་བའི་ཕྱིར་དུ་མར་རྣམ་པར་དབྱེར་རུང་བའི་ཕྱིར་རོ། །དུ་མར་གནས་ན་ཡང་ཤེས་པའི་ཕྲ་རབ་རྣམས་ཕྲད་པར་གནས་སམ་འོན་ཏེ་མ་ཕྲད་པར་གནས་ཞེས་བརྟགས་ན་དོན་སྨྲ་བ་ལ་བཀོད་པའི་ཉེས་པ་རྣམས་མཚུངས་པར་འགྱུར་བའི་ཕྱིར་མི་རིགས་སོ། །དེ་བས་ན་སྔོ་སེར་སོགས་གཟུང་བར་སྣང་བ་ནི་རིགས་པས་དཔྱད་ན་ཤེས་པ་ལས་གཞན་དུ་མི་འཐད་པའི་ཕྱིར་དོན་དམ་པར་ཤེས་པར་འཐད་ཀྱི། རང་འཛིན་བྱེད་ལ་སྣང་བ་ལྟར་དུ་ནང་ཤེས་པ་དང་ཕྱིའི་དོན་དུ་གང་ཡང་མ་གྲུབ་སྟེ། སྒྱུ་མ་ལ་སོགས་པ་བཞིན་དུ་མེད་བཞིན་དུ་བློ་འཁྲུལ་པ་ལ་སྣང་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཤེས་པའི་གཟུང་འཛིན་ཡང་དཔྱད་བཟོད་པ་མ་ཡིན་ནོ། །དེ་ལྟར་གཟུང་འཛིན་དུ་སྨྲ་བ་ལ་སྤྱིར་དགག་པ་སྨྲས་ནས། དེའི་འོག་ཏུ་བྱེ་བྲག་སྨྲ་བ་གང་དག་ཤེས་པ་དང་དུས་མཉམ་པའི་དོན་གཟུང་བར་སྨྲ་བ་དང་། མདོ་སྡེ་པ་གང་དག་ཤེས་པའི་སྔ་ལོགས་ཀྱི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་གཟུང་བར་སྨྲ་བ་དགག་པར་བྱའོ། །དེ་ལ་རེ་ཞིག་ཕྱོགས་དང་པོ་ལ་དགག་པ་བསྟན་པའི་ཕྱིར། གསལ་དང་ལྷན་ཅིག་མྱོང་བའི་ཕྱིར། །སྣང་བ་དོན་མིན་ཞེས་སྨོས་སོ། །གང་ཞིག་གསལ་བར་ཉམས་སུ་མྱོང་བ་དེ་ནི་ཤེས་པ་ལས་གཞན་མ་ཡིན་ཏེ། དཔེར་ན་བདེ་བ་ལ་སོགས་པ་བཞིན་ནོ། །སྔོ་སེར་ལ་སོགས་པ་དག་ཀྱང་གསལ་བར་ཉམས་སུ་མྱོང་བ་ཡིན་ནོ། །སྒྲོན་མ་དང་སྣང་བ་ལ་སོགས་པས་མ་ངེས་པ་ཡང་མ་ཡིན་ཏེ། དེ་དག་ཀྱང་བསྒྲུབ་པར་བྱ་བ་དང་མཚུངས་པའི་ཕྱིར་རོ། །བཟློག་ན་གནོད་པ་ཅན་གྱི་མཚན་མ་མེད་པའི་ཕྱིར། མ་ངེས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། བེམས་པོ་རྣམས་རང་གི་ཡུལ་ཅན་གྱི་ཤེས་པས་གསལ་དགོས་པ་ནི་འདིའི་གནོད་པ་ཅན་གྱི་ཚད་མ་ཡིན་པའི་ཕྱིར་རོ། །འདི་ལྟར། གང་གསལ་བའི་བདག་ཉིད་ཡིན་པ་དེ་ནི་གཞན་གྱིས་གསལ་བ་ལ་མི་ལྟོས་ཏེ་སྒྲོན་མ་བཞིན་ནོ། །བེམས་པོར་གྱུར་པའི་ཆོས་རྣམས་ནི་ཡུལ་ཅན་གྱིས་གསལ་བ་ལ་ལྟོས་པའི་ཕྱིར་གསལ་བའི་བདག་ཉིད་མ་ཡིན་ནོ། །སྒྲོན་མ་གསལ་བའི་བདག་ཉིད་ཡིན་ཡང་ཡུལ་ཅན་གྱིས་གསལ་བ་ལ་ལྟོས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། སྒྲོན་མ་ལ་ནི་རང་གསལ་བྱེད་ཤེས་པའི་བདག་ཉིད་དུ་སྒྲུབ་པའི་ཕྱིར་རོ། །སྔོ་སེར་ལ་སོགས་པ་གསལ་བའི་བདག་ཉིད་ཡིན་པའི་ཕྱིར་གཞན་གྱིས་གསལ་བ་ལ་མི་ལྟོས་ན། འོ་ན་ནི་མུན་ཁུང་གི་གཟུགས་རྣམས་རང་གསལ་བའི་ཕྱིར་སྒྲོན་མ་སོགས་ཀྱི་གསལ་བྱེད་ལ་མི་ལྟོས་པར་འགྱུར་རོ་ཞེ་ན། མུན་ཁུང་ན་སྒྲོན་མ་གསལ་བ་ལ་ལྟོས་པའི་གཟུགས་ཡོད་པར་གང་གིས་ཤེས། ཅི་སྟེ་སྒྲོན་མ་བཏེགས་པ་ན་བུམ་པ་ལ་སོགས་པའི་གཟུགས་གཞན་དམིགས་པའི་ཕྱིར་རོ་ཞེ་ན། སྒྲོན་མ་དང་བཅས་པའི་གནས་སྐབས་ཀྱི་གཟུགས་ཤིན་ཏུ་གསལ་བ་ཉིད་སྔར་མུན་པའི་གནས་སྐབས་ན་ཡང་ཡོད་དོ་ཞེས་སྨྲ་བ་ནི་ཤིན་ཏུ་མི་རིགས་པར་སྨྲ་བ་ཡིན་ཏེ། ཤིན་ཏུ་འགལ་བའི་ཕྱིར་རོ། །དེ་ཉིད་ཡོད་དོ་ཞེས་སུས་སྨྲས། འོན་ཀྱང་དེའི་རིགས་རྒྱུན་ཡོད་པ་ཡིན་ནོ་ཞེ་ན། དེའི་རིགས་རྒྱུན་དུ་འདོད་པའི་མུན་པའི་གནས་སྐབས་ཀྱི་གཟུགས་རྣམས་ནི་མུན་པའི་ངོ་བོར་སྣང་བའི་ཕྱིར་སྒྲོན་མ་ལ་ལྟོས་པ་མ་ཡིན་ལ། སྒྲོན་མ་དང་བཅས་པའི་གཟུགས་ནི་སྔར་མུན་པའི་ཚེ་མེད་པས་དེའི་ཕྱིར་སྒྲོན་མ་ལ་ལྟོས་པའི་གཟུགས་འགའ་ཡང་མེད་དོ། །གཞན་ཡང་། གང་ཞིག་གང་དང་ལྷན་ཅིག་དམིགས་པར་ངེས་པ་དེ་ནི་དེ་དང་གཞན་མ་ཡིན་ཏེ། དཔེར་ན་རྨི་ལམ་དང་དེའི་ཤེས་པ་བཞིན། སྔོན་པོ་ལ་སོགས་པ་དང་དེ་འཛིན་པའི་ཤེས་པ་རྣམས་ཀྱང་ལྷན་ཅིག་ཏུ་དམིགས་པར་ངེས་པ་ཡིན་ནོ། །འདི་མ་གྲུབ་པ་མ་ཡིན་ཏེ། སྔོན་པོར་སྣང་བ་མ་དམིགས་པར་ཡང་སྔོན་པོ་དམིགས་པ་མ་ཡིན་ཏེ། སྔོན་པོ་དམིགས་པ་ནི་སྔོན་པོར་སྣང་བ་ལ་མི་འཁྲུལ་བའི་ཕྱིར་ཏེ། དེ་མི་སྣང་བར་ཡང་དེ་དམིགས་པ་མི་རུང་བའི་ཕྱིར་རོ། །རང་ཉིད་མི་སྣང་ཡང་རྣམ་པ་སྣང་བའི་སྒོ་ནས་དམིགས་པར་འཇོག་གོ་ཞེ་ན། དེ་ནི་གཞན་དག་མི་འདོད་ཅིང་། འདོད་ཀྱང་གནོད་བྱེད་འཆད་པར་འགྱུར་རོ། །དུ་བ་མཐོང་བའི་ཚེ་མེ་མི་སྣང་ཡང་དེ་ཡོད་པར་རྟོགས་པ་མ་ཡིན་ནམ་ཞེ་ན། དེའི་ཚེ་ཡུལ་དེར་མེ་ཡོད་པར་ཞེན་པ་ཙམ་ཡིན་གྱི་མེ་ཡོད་པ་ནི་མ་ཡིན་ནོ། །འོ་ན་ཇི་ལྟར་དུ་བ་ཡོད་ཅེ་ན། དུ་བ་ནི་ཕྱི་རོལ་གྱི་མེ་ལས་སྐྱེ་བ་མ་ཡིན་གྱི་མེར་སྣང་བའི་བག་ཆགས་ནུས་པ་མཐུ་ཅན་དུ་ཡོད་པའི་ཀུན་གཞི་ལས་སྐྱེ་བ་ཡིན་ལ། དེ་ཡང་དུ་བར་སྣང་བའི་གང་ཟག་ལ་དེའི་ཚེ་ཡོད་པ་འགལ་བ་མེད་དོ། །

དེ་ལྟར་ན་དུ་བ་མེ་ལ་འཁྲུལ་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དུ་བར་སྣང་བ་ནི་མེར་སྣང་གི་བག་ཆགས་གསལ་བར་སད་པ་ཅན་གྱི་སེམས་རྒྱུད་ལ་འབྱུང་བས་གདོན་མི་ཟ་བར་དུར་སྣང་ཅན་ལ་མེར་སྣང་འབྱུང་བར་འགྱུར་བའི་ཕྱིར་རོ། །དུ་བ་མཐོང་བའི་ཚེ་ཡུལ་དེར་གང་ཟག་གཞན་གྱིས་མེ་མཐོང་བ་མ་ཡིན་ནམ་ཞེ་ན། མཐོང་དུ་ཆུག་མོད་ཉེས་པ་ཅི་ཡང་མེད་དེ། དེ་ཡང་གང་གིས་མཐོང་བ་དེའི་བློའི་བདག་ཉིད་ཡིན་པའི་ཕྱིར་ཏེ། རང་ལ་དུ་བར་སྣང་བ་ནི་གང་ཟག་གཞན་གྱི་མེར་སྣང་བ་ལས་སྐྱེ་བ་མ་ཡིན་ཏེ། དེ་དག་མེད་པར་ཡང་འབྱུང་བས་འཁྲུལ་པའི་ཕྱིར་རོ། །སྔོན་པོ་མེད་པར་ཡང་དེའི་ཡུལ་ཅན་གྱི་བློ་དམིགས་པ་མ་ཡིན་ཏེ། སྔོན་པོ་མ་དམིགས་ན་འདི་ནི་སྔོན་པོའི་ཡུལ་ཅན་ནོ་ཞེས་ཇི་ལྟར་ཤེས་ཏེ། ཁྱད་པར་མ་བཟུང་བར་ཁྱད་པར་གྱི་གཞིའི་བློ་མི་རིགས་པའི་ཕྱིར་རོ། །གལ་ཏེ་རྟོག་བཅས་ཀྱི་བློས་སྔོན་པོས་ཁྱད་པར་དུ་མ་བྱས་པར་མི་འཛིན་ཡང་རྟོག་མེད་ཀྱིས་ཡན་གར་བར་མྱོང་བའི་ཕྱིར་ཞེ་ན། རྟོག་མེད་གང་གིས་མྱོང་། རང་རིག་པའམ་འོན་ཏེ་དབང་པོས་ཤེས་པས་ཡིན། རང་རིག་པ་ནི་མི་འདོད་དོ། །འདོད་ན་ཡང་སྔོན་པོའི་རྣམ་ལྡན་དུ་མ་མྱོང་བའི་ཕྱིར་ཕྱིས་འཛིན་རྣམ་འབའ་ཞིག་པར་དྲན་པར་འགྱུར་ལ། དེ་ལྟར་ན་སྔོ་སེར་མཐོང་བ་སོ་སོར་དྲན་པར་མི་འགྱུར་ཏེ། འཛིན་པའི་རྣམ་པ་ལ་བྱེ་བྲག་མེད་པའི་ཕྱིར་རོ། །འོན་ཏེ་དབང་ཤེས་ཀྱིས་སོ་ཞེ་ན། སྔོ་འཛིན་རང་ཉིད་ཀྱིས་སམ། འོན་ཏེ་དཀར་པོ་སོགས་འཛིན་པ་གཞན་གྱིས་དམིགས། དང་པོ་མ་ཡིན་ཏེ། སྔོན་འཛིན་གྱིས་ནི་སྔོན་པོ་འབའ་ཞིག་འཛིན་གྱི་སྔོན་པོ་དང་བྲལ་བའི་ཆོས་རང་ངམ་གཞན་ཅི་ཡང་མ་དམིགས་སོ། །གཉིས་པ་ཡང་མི་རིགས་ཏེ་དབང་པོའི་ཤེས་པ་རྣམས་ཕྱིའི་སྐྱེ་མཆེད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་ཕན་ཚུན་དམིགས་པ་མ་ཡིན་ནོ། །དེ་ལྟར་ན་རྩ་བའི་སྦྱོར་བ་མ་གྲུབ་པ་མ་ཡིན་ནོ། །མ་ངེས་པ་ཡང་མ་ཡིན་ཏེ། སྔོ་སེར་དོན་ལ་སོགས་པ་དོན་གཞན་པ་དག་ལ་ནི་ལྷན་ཅིག་དམིགས་པར་མ་ངེས་པའི་ཕྱིར་རོ། །ཡུལ་དང་ཡུལ་ཅན་དག་ལ་རྒྱུ་དང་འབྲས་བུའི་འབྲེལ་བ་གྲུབ་པའི་ཕྱིར་ལྷན་ཅིག་དམིགས་པར་ངེས་པ་ཡིན་ནོ་ཞེ་ན། ཡུལ་དང་ཡུལ་ཅན་དུས་མཉམ་པ་དག་ལ་རྒྱུ་འབྲས་ཀྱི་འབྲེལ་བ་མ་གྲུབ་པའི་ཕྱིར་མི་རིགས་སོ། །གྲུབ་དུ་ཆུག་ནའང་མ་ངེས་པ་ཡིན་ཏེ། རྫ་མཁན་དང་བུམ་པ་དག་ལ་ཡང་ལྷན་ཅིག་དམིགས་པར་མ་ངེས་པའི་ཕྱིར་རོ། །གཞན་གྱི་འཛིན་པ་མ་དམིགས་ཀྱང་དེའི་གཟུང་བ་དམིགས་པ་ཡིན་ཏེ། གང་ཟག་དུ་མས་སྔོན་པོ་ལ་སོགས་པའི་ཡུལ་གཅིག་ཐུན་མོང་དུ་འཛིན་པའི་ཕྱིར་སྔོན་པོ་དང་དེའི་བློ་དང་ལྷན་ཅིག་དམིགས་པར་མ་ངེས་སོ་ཞེ་ན། དོན་གཅིག་ཐུན་མོང་དུ་མཐོང་བ་ནི་མེད་དེ། ཡུལ་གཅིག་ཉིད་འདོད་པ་དང་མི་འདོད་པ་ལ་སོགས་པའི་རྣམ་པ་སོ་སོར་སྣང་བའི་ཕྱིར་རོ། །འོན་ཀྱང་བག་ཆགས་མཐུན་པར་སད་པ་ལས་བློའི་རྣམ་པ་འདྲ་བར་འབྱུང་བ་ལ་རྣམ་པར་རྟོག་པས་ཡུལ་གཅིག་ཏུ་ཞེན་པ་ཙམ་དུ་ཟད་དེ། རབ་རིབ་ཅན་དུ་མས་ནམ་མཁར་ཟླ་བ་གཉིས་སྣང་བ་བཞིན་ནོ། །དེའི་ཕྱིར་སྔོན་པོ་ལ་སོགས་པ་དང་དེའི་བློ་དག་གཞན་མ་ཡིན་ནོ། །གལ་ཏེ་ཁོ་བོ་ཅག་ལྟར་ན་བློའི་སྣང་བ་དོན་ཡིན་ནོ་ཞེས་མི་སྨྲ་ཡི། འོན་ཀྱང་གང་ལས་རྣམ་པར་ཤེས་པ་དོན་གྱི་རྣམ་པར་འབྱུང་བའི་རྒྱུ་དོན་ཡོད་པ་ཡིན་ནོ་ཞེ་ན། དོན་རྒྱུ་མིན། འདྲ་བ་མེད་ཕྱིར་མ་མཐོང་ཕྱིར། དོན་ནི་ཤེས་པ་ལ་རྣམ་པ་འཇོག་པར་བྱེད་པའི་རྒྱུ་ཡིན་ནོ་ཞེས་པ་ཡང་མོས་པ་ཙམ་དུ་ཟད་དེ། ཤེས་པ་དོན་དང་འདྲ་བ་མེད་པའི་ཕྱིར་རོ། །དེ་ལ་རེ་ཞིག་རགས་པ་ནི་རྫས་སུ་མེད་པ་ཉིད་ཀྱིས་རྣམ་པའི་རྒྱུར་ཁས་མི་ལེན་ནོ། །རྡུལ་ཕྲ་རབ་དག་ལ་ནི་ཆ་མེད་པའི་ཕྱིར་ཇི་ལྟར་ན་ཆ་དང་བཅས་པའི་རྣམ་པ་བསྐྱེད་པར་བྱེད། ཅི་སྟེ་བསགས་པ་དག་གིས་སྐྱེད་པར་བྱེད་དོ་ཞེ་ན། བསགས་པ་དུ་མ་ཡིན་པའི་ཕྱིར་ཤེས་པའི་རྣམ་པ་ཡང་དུ་མར་འགྱུར་ཏེ། རྒྱ་ཐ་དད་པའི་འབུར་བཞིན་ནོ། །ཤེས་པའི་རྣམ་པ་དུ་མ་ཡིན་ཡང་བློས་མ་ངེས་པར་ཟད་དེ། སྐད་ཅིག་མ་ཡིན་ཡང་མ་ངེས་པ་བཞིན་ནོ་ཞེ་ན། དེ་ལྟ་ན་སྐད་ཅིག་མ་གཅིག་ལ་རིགས་མཐུན་པའི་རྣམ་ཤེས་རྫས་དུ་མ་སྐྱེ་བར་འགྱུར་ན་དེ་ཡང་རིགས་པ་མ་ཡིན་ཏེ། སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་རེ་རེ་བའོ་ཞེས་གསུངས་པའི་ཕྱིར་རོ། །ཅི་སྟེ་བསགས་པ་རྣམས་དུ་མ་ཡིན་ན་ཡང་རྣམ་པ་གཅིག་སྐྱེད་པར་བྱེད་དོ་ཞེ་ན། འོ་ན་ནི་དོན་དང་ཤེས་པ་འདྲ་བ་མ་ཡིན་ཏེ། གཅིག་དང་དུ་མ་འགལ་བའི་ཕྱིར་རོ། །ཅི་སྟེ་དོན་སྔོན་པོའམ་སེར་པོར་ཡོད་ན་ཤེས་པ་ཡང་དེ་དང་སྣང་བའི་ཕྱིར་ཤེས་པ་དོན་དང་འདྲ་བ་ཞེས་བརྗོད་པར་ཟད་ཀྱི་ཆ་ཐམས་ཅད་ནས་འདྲ་བའི་ཕྱིར་ནི་མ་ཡིན་ནོ་ཞེ་ན། འདི་ཡང་མི་རིགས་ཏེ། སྔོན་སེར་ལ་སོགས་པ་དོན་འགའ་ཞིག་མཐོང་ན་དེའི་ཚེ་ཤེས་པ་དོན་དང་འདྲའོ་ཞེས་ངེས་པར་རིགས་ན་ཁྱེད་ཀྱི་ཕྱོགས་ལ་རྣམ་པ་ལས་མ་གཏོགས་པའི་དོན་འགའ་ཡང་མཐོང་བ་མེད་ན་ཇི་ལྟར་ཤེས་པ་དོན་དང་འདྲ་བར་ངེས་པར་འགྱུར། དེ་ལྟར་ན་དོན་མ་གྲུབ་པར་འདྲ་བ་མི་འགྲུབ་ལ། འདྲ་བ་མ་གྲུབ་པར་དོན་མི་འགྲུབ་ན། ད་ནི་གང་ཞིག་གང་གིས་སྒྲུབ་པར་བྱེད། གཞན་ཡང་དོན་དང་འདྲ་བའི་སྒོ་ནས་ཤེས་པས་དོན་མྱོང་བར་འཇོག་པར་མི་རིགས་ཏེ། འདི་ལྟར། ཧ་ཅང་ཐལ་ཕྱིར་འགལ་བའི་ཕྱིར། །འདྲ་བས་མྱོང་ཞེས་རིགས་མ་ཡིན། །དོན་དང་ཆ་འགའ་ཞིག་གིས་མཚུངས་པས་སམ། འོན་ཏེ་བདག་ཉིད་ཐམས་ཅད་ཀྱིས་མཚུངས་པའི་ཕྱིར་མྱོང་བ་ཡིན། དང་པོ་ལྟར་ན་འགའ་ཞིག་འགའ་ཞིག་དང་ཆ་འགའ་ཞིག་གིས་མི་མཚུངས་པ་འགའ་ཡང་མེད་པའི་ཕྱིར་ཤེས་པ་ཐམས་ཅད་ཀྱིས་དོན་ཐམས་ཅད་མྱོང་བར་འགྱུར་རོ། །བདག་ཉིད་ཀྱིས་མཚུངས་པ་ཡིན་ན་ནི། རྣམ་པར་དབྱེ་བ་མེད་པའི་ཕྱིར་ཤེས་པ་ཡང་དོན་ཉིད་དུ་འགྱུར་རོ། །འདྲ་བའམ་མི་འདྲ་བའི་དཔྱད་པ་ཞིབ་མོ་འདིས་ཅི་ཞིག་བྱ། དབང་པོ་དང་ཡིད་ལ་བྱེད་པ་ཉེར་བར་གནས་པ་ན་ཡང་རེས་འགའ་རྣམ་པར་ཤེས་པ་མི་སྐྱེ་བར་མཐོང་བའི་ཕྱིར་ཤེས་པའི་རྒྱུ་གཞན་ཡོད་པར་གྲུབ་ལ་དེ་ཉིད་ཡིན་ནོ་ཞེ་ན། རྣམ་ཤེས་རེས་འགའ་སྐྱེ་བ་ནི། །དེ་མ་ཐག་ལས་ཡིན་ཕྱིར་འཁྲུལ། །དབང་པོ་དང་ཡིད་ལ་བྱེད་པ་ཉེ་བར་གནས་པ་ན་ཡང་རྣམ་པར་ཤེས་པ་རེས་འགའ་མི་སྐྱེ་བ་ཡོད་མོད་ཀྱི་འོན་ཀྱང་དེ་དག་ནི་ཕྱིའི་དོན་ལ་རག་ལས་པའི་དབང་གིས་མ་ཡིན་གྱི། བག་ཆགས་སད་བྱེད་དེ་མ་ཐག་རྐྱེན་ནུས་པ་མཐུ་ཅན་ཉེ་བར་མི་གནས་པའི་ཕྱིར་ཡིན་ནོ། །འདི་ལྟར་ཤེས་པ་ཐམས་ཅད་ཀྱི་བག་ཆགས་སད་པའི་རྒྱུར་འགྱུར་བ་མ་ཡིན་གྱི། འགའ་ཞིག་འགའ་ཞིག་གི་བག་ཆགས་སད་བྱེད་ཡིན་པ་དེས་ན་དོན་མེད་པར་ཡང་རྣམ་པར་ཤེས་པ་རེས་འགའ་སྐྱེ་བ་ཡིན་ནོ། །རྣམ་ཤེས་རེས་འགའ་སྐྱེ་བ་བག་ཆགས་སད་པ་དང་མ་སད་པ་ལས་ཡིན་ནོ་ཞེས་བྱ་བ་འདི་གང་ལས་ཤེས་ཤེ་ན། བག་ཆགས་ལས་གཞན་པ་རྣམ་པར་ཤེས་པའི་རྒྱུར་མི་འཐད་པའི་ཕྱིར་ཏེ། ཕྱི་རོལ་ནི་རིགས་པའི་རྣམ་པ་གང་གིས་ཀྱང་བསྒྲུབ་པར་མི་ནུས་པའི་ཕྱིར་རོ། །བག་ཆགས་ཀྱང་སྒྲུབ་པར་དཀའ་འོ་ཞེ་ན། མ་ཡིན་ཏེ། བག་ཆགས་ཞེས་བྱ་བ་གཞན་ཅུང་ཟད་ཀྱང་ཁས་མི་ལེན་གྱི། ཤེས་པ་སྔ་མས་ཤེས་པ་ཕྱི་མ་སྐྱེད་པའི་ནུས་པ་ལ་བྱ་ལ། དེ་ཡང་མེད་པ་མ་ཡིན་ཏེ། ཤེས་པ་སྔ་མ་ནུས་པ་ཅན་ལས་ཤེས་པ་ཕྱི་མ་སྐྱེ་བར་སྐྱེ་བོ་ཀུན་གྱི་མྱོང་བས་གྲུབ་པའི་ཕྱིར་རོ། །རིགས་པའི་རྣམ་པ་དུ་མས་ཡུལ་འགོག་པར་བྱེད་ན། རྣམ་པར་ཤེས་པ་ཡང་ཁས་བླང་བར་མི་བྱ་སྟེ། ཤེས་པ་ནི་ཡུལ་རིག་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཡུལ་མི་རིག་པ་ཡང་ཤེས་པར་རིགས་པ་མ་ཡིན་ཏེ། ཤེས་པའི་ཆོས་མེད་པའི་ཕྱིར་རོ་ཞེ་ན། རྣམ་ཤེས་དམིགས་པ་དང་བྲལ་བ། །སྒྱུ་མ་སོགས་ལ་གསལ་བར་མཐོང་། །སྒྱུ་མ་དང་རྨི་ལམ་ལ་སོགས་པའི་རྣམ་པར་ཤེས་པ་དག་ལ་ཡུལ་མེད་པར་འཇིག་རྟེན་ཐམས་ཅད་ལ་གྲགས་པ་མ་ཡིན་ནམ། ཇི་ལྟར་ན་རྣམ་པར་ཤེས་པ་ཡུལ་རིག་པས་རབ་ཏུ་ཕྱེ་བ་ཡིན། སྒྱུ་མ་ལ་སོགས་པའི་ཤེས་པ་ནི་འཁྲུལ་པའི་ཕྱིར་ཡུལ་མེད་པར་རིགས་ན། མི་བསླུ་བའི་ཤེས་པ་དག་ལ་ཇི་ལྟར་ཡུལ་མེད་པར་འགྱུར་ཞེ་ན། སྒྱུ་མ་ལ་སོགས་པ་དང་སྔོན་པོ་ལ་སོགས་པའི་ཤེས་པ་ནི་ཡུལ་ཡོད་པ་དང་མེད་པའི་དབང་གིས་འཁྲུལ་པ་དང་མ་འཁྲུལ་བར་འགྱུར་བ་མ་ཡིན་གྱི། ནང་གི་རྐྱེན་བག་ཆགས་བརྟན་པ་དང་མི་བརྟན་པ་ལས་འཁྲུལ་པ་དང་མ་འཁྲུལ་བར་བྱིས་པ་དག་གིས་ཉེ་བར་བཏགས་པར་ཟད་ཀྱི། ཡང་དག་པར་ན་དེ་དག་ལ་འཁྲུལ་པ་དང་མ་འཁྲུལ་བའི་རྣམ་དབྱེ་རིགས་པ་མ་ཡིན་ཏེ། མཆོག་མཐོང་བ་མ་ཡིན་པ་ཐམས་ཅད་འཁྲུལ་པའི་ཕྱིར་རོ། །ཅི་སྟེ་ཡུལ་མེད་ན་ཤེས་པའི་རྣམ་པ་ཁ་དོག་དང་དབྱིབས་ལ་སོགས་པ་བཀྲ་བར་སྣང་བ་འདི་གང་གིས་བྱས་ཤེ་ན། རང་ཉིད་གཅིག་པུ་ཕྱི་རོལ་དུ། །ཆད་ལྟར་སྣང་བ་བག་ཆགས་རྐྱེན། །ཤེས་པ་རང་ཉིད་ལ་ལིང་པོ་གཅིག་ཏུ་རྒྱང་ཆད་པ་ལྟར་སྣང་བ་གང་ཡིན་པ་དེ་ནི་ཐོག་མ་མེད་པ་ནས་གཟུང་བ་དང་འཛིན་པ་ཐ་དད་དུ་མངོན་པར་ཞེན་པ་གོམས་པའི་བག་ཆགས་ཀྱི་དབང་གིས་ཡིན་གྱི་ཕྱི་རོལ་གྱིས་བྱས་པ་ནི་མ་ཡིན་ནོ། །དེའི་ཕྱིར་ལང་ཀར་གཤེགས་པ་ལས། དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་། །ཞེས་གང་གསུངས་པ་ཡིན་ནོ། །གལ་ཏེ་འདི་ཐམས་ཅད་གཟུང་བ་དང་འཛིན་པས་དབེན་པ་ཡིན་ན། ཅིའི་ཕྱིར་དེ་བཞིན་གཤེགས་པས་གདུལ་བྱ་རྣམས་ལ་ཕྱི་དང་ནང་གི་སྐྱེ་མཆེད་རྣམས་རྣམ་པར་བཞག །ཆོས་ཉིད་ཇི་ལྟ་བ་བཞིན་དུ་སྟོན་པར་རིགས་སོ་ཞེ་ན། ཕྱི་དང་ནང་གི་སྐྱེ་མཆེད་རྣམས། །བྱིས་རྣམས་སྐྲག་པ་སྤང་ཕྱིར་ཡིན། །ཐུབ་པས་གང་དུ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དང་། གཟུགས་ལ་སོགས་པ་ཕྱིའི་སྐྱེ་མཆེད་གསུངས་པ་གང་ཡིན་པ་དེ་ནི་རེ་ཞིག་དེ་ཁོ་ན་ཉིད་བསྟན་པའི་སྣོད་དུ་མ་གྱུར་པ་དག་ལ་རིམ་གྱིས་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ལ་དྲང་བར་བཞེད་ནས་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་བསྟན་པ་ཡིན་ཏེ། དེའི་ཕྱིར་བསྟན་པ་དེ་ནི་འབྲས་བུ་མེད་པ་ཡང་མ་ཡིན་ལ། དེ་ཁོ་ན་ཉིད་རྣམ་པར་བཞག་པ་ཡང་མ་ཡིན་ནོ། །འདི་ཇི་ལྟར་ཤེས་པར་བྱ་ཞེ་ན། གཟུང་དང་འཛིན་པ་དང་བྲལ་བ། །བློ་སྦྱངས་རྣམས་ལ་གཞན་དུ་གསུངས། །སྐལ་པ་དུ་མར་ཡང་དག་པའི་དོན་ལ་བློ་སྦྱངས་ཤིང་རྒྱུད་དེ་ཁོ་ན་ཉིད་ཀྱི་སྣོད་དུ་རུང་བར་སྨིན་པར་བྱས་པའི་གདུལ་བྱ་དབང་པོ་མཆོག་ཏུ་གྱུར་པ་རྣམས་ལ་དུས་གཞན་གྱི་ཚེ་གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས་པ་གཟུང་བ་དང་འཛིན་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དེ་ཁོ་ན་ཉིད་གསུངས་པའི་ཕྱིར་བསྟན་པ་སྔ་མ་དེ་ཁོ་ན་ཉིད་རྣམ་པར་བཞག་པ་མ་ཡིན་པར་ཁོང་དུ་ཆུད་དོ། །ཅི་སྟེ་གཟུང་བ་དང་འཛིན་པ་མེད་པ་ཆོས་ཀྱི་དེ་ཁོ་ན་ཉིད་ཡིན་ལ་རག་མོད། གཟུང་འཛིན་གྱི་ཐ་སྙད་མཁས་པ་ནས་བྱིས་པའི་བར་གྱི་འཇིག་རྟེན་ཀུན་ལ་གྲགས་པ་དང་འགལ་བ་ཇི་ལྟར་སྤང་ཞེ་ན། མ་རིག་གིས་སླད་འཇིག་རྟེན་གྱིས། །གཟུང་དང་འཛིན་པའི་ཐ་སྙད་ཀྱིས། །རིགས་པས་གྲུབ་པའི་དེ་ཉིད་ལ། །གནོད་པ་སྨྲ་བ་བབ་ཅོལ་ཡིན། །གཟུང་འཛིན་དུ་སྨྲ་བ་ལ་རིགས་པའི་རྡོ་རྗེའི་ཐོག་ཡང་དང་ཡང་དུ་བབས་ཀྱང་མ་རིག་པའི་གོ་ཆ་ཆེས་ཤིན་ཏུ་འཐུག་པའི་ཕྱིར་ཇི་སྙམ་དུ་མི་སེམས་ཤིང་རིགས་པས་གྲུབ་པའི་གཉིས་མེད་ཀྱི་དེ་ཁོ་ན་ཉིད་ཁས་ལེན་པ་ལ་བྱིས་པ་རྡོལ་ཐབས་སུ་སྨྲ་བ་ལྟ་བུའི་འཇིག་རྟེན་འཁྲུལ་པའི་ཐ་སྙད་ཀྱིས་གནོད་པས་འཇིགས་པ་ཁྱོད་ནི་མཁས་པས་གཞད་གད་དུ་བྱ་བར་འོས་པ་ཞིག་གོ །རྣམ་པ་གཅིག་ཏུ་ན་གཉིས་མེད་དུ་སྨྲ་བ་དག་གིས་འཇིག་རྟེན་གྱི་ཐ་སྙད་ལ་གནོད་པ་བྱས་པ་ཡང་མེད་དེ། འདི་ལྟར་། ཡུལ་སོགས་ཐ་སྙད་འཇིག་རྟེན་ན། །གྲགས་པ་བཞིན་དུ་རྣམ་པར་འཇོག །དེ་ཉིད་ཡང་དག་ཏུ་སྨྲ་བ། །བཟློག་པར་ཟད་ཀྱི་ཀུན་རྫོབ་མིན། །མིག་གིས་གཟུགས་མཐོང་བ་དང་རྣ་བས་སྒྲ་ཐོས་པ་ལ་སོགས་པ་ཡུལ་དང་ཡུལ་ཅན་གྱི་ཐ་སྙད་རྣམས་ནི་འཇིག་རྟེན་པ་དག་ལ་ཇི་ལྟར་གྲགས་པ་བཞིན་དུ་རྣམ་པར་འཇོག་པའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་ལ་ནམ་ཡང་བསྐུར་པར་འདེབས་པ་མ་ཡིན་ནོ། །འོ་ན་ཇི་ལྟར་གཟུང་འཛིན་མེད་པར་སྨྲ་བ་ལ་གུས་པར་བྱེད་ཅེ་ན། རིགས་པའི་སྟོབས་མི་བཟོད་པའི་ཕྱིར་གཟུང་འཛིན་གྱི་ཐ་སྙད་དེ་ཁོ་ན་ཉིད་དུ་གྲུབ་པ་བཀག་ནས་གཉིས་མེད་དུ་སྨྲ་བ་ལ་བརྟེན་པར་བྱེད་དོ། །གཞན་དག་གིས་རྣམ་རིག་ཏུ་སྨྲ་བ་ལ་མི་འཐད་པར་རྒོལ་བ་ནི། ཆོས་མཐུན་པ་ཉིད་མཐོང་བ་ལ། །འཁྲུལ་སྐྱེ་མིག་རྒྱུའི་ཆུ་བཞིན་ནོ། །དོན་གྱི་དངོས་པོ་འགའ་མེད་ན། །རྣམ་རིག་སྨྲ་ལ་དེ་ཇི་ལྟར། །འདི་ན་འགའ་ཞིག་འཁྲུལ་པ་སྐྱེ་བ་དེ་དག་ནི་བདེན་རྫུན་ཆོས་མཐུན་པར་མཐོང་བ་ལ་ལྟོས་ཏེ་སྔར་ཆུ་དང་སྦྲུལ་བདེན་པ་མཐོང་བ་ལས་དུས་གཞན་གྱི་ཚེ་དེ་དག་དང་ཆོས་མཐུན་པའི་མིག་རྒྱུ་དང་ཐག་པའི་གཟུགས་མཐོང་བ་ལས་ཆུ་དང་སྦྲུལ་དུ་མངོན་པར་ཞེན་པ་སྐྱེ་བ་བཞིན་རྣམ་རིག་ཏུ་སྨྲ་བའི་ཕྱོགས་ལ་གཟུང་འཛིན་གྱི་དངོས་པོ་བདེན་པ་འགའ་ཡང་ཉམས་སུ་མྱོང་བ་མེད་ན་ཇི་ལྟར་གཟུང་འཛིན་དུ་མངོན་པར་ཞེན་པའི་འཁྲུལ་པ་སྐྱེ་བར་འགྱུར་ཞེ་ན། འཁྲུལ་པ་ཐམས་ཅད་བདེན་རྫུན་ཆོས་མཐུན་པ་ལ་ལྟོས་པ་མ་ཡིན་ཏེ། རྨི་ལམ་དང་སྒྱུ་མ་དང་རབ་རིབ་ཅན་ལ་སོགས་པའི་ཤེས་པ་བཞིན་ནོ། །དེའི་ཕྱིར། རབ་རིབ་ཅན་བཞིན་རང་རྒྱུ་ལས། །ལོག་པར་སྐྱེ་ལ་འགལ་བ་ཅི། །ཐོག་མ་མེད་པ་ནས་གོམས་པའི་གཟུང་འཛིན་དུ་མངོན་པར་ཞེན་པའི་བག་ཆགས་ལས་རང་བཞིན་གྱིས་གཟུང་འཛིན་དུ་མངོན་པར་ཞེན་པའི་ཕྱིན་ཅི་ལོག་ཏུ་སྐྱེ་བ་ལ་མི་འཐད་པ་ཅི་ཡང་མེད་དོ། །དཔེར་ན་བདག་གི་དངོས་པོ་འགའ་ཡང་མཐོང་བ་མེད་མོད་ཀྱི། འོན་ཀྱང་གོམས་པའི་དབང་གིས་ཕུང་པོ་ལ་ངའོ་སྙམ་པའི་བློ་ངང་གིས་སྐྱེ་བ་བཞིན་ནོ། །

དེ་ལྟར་ན་གཟུང་འཛིན་དུ་མངོན་པར་ཞེན་པའི་འཁྲུལ་པ་འདི་གཟུང་བ་དང་འཛིན་པ་མེད་པར་སྒྲུབ་པས་བཟློག་པར་མི་ནུས་ཏེ། རང་རྒྱུ་ལས་དེ་ལྟར་སྐྱེ་བའི་ཕྱིར་དཔེར་ན་དབང་པོ་རབ་རིབ་ཀྱིས་བསླད་པ་ལས་སྐྱེས་པའི་ཟླ་གཉིས་སྣང་བ་ལ་སོགས་པའི་ཤེས་པ་ནི་ཇི་སྲིད་དབང་པོའི་འགྱུར་བ་མ་ལོག་པ་དེ་སྲིད་དུ་ཟླ་གཉིས་མེད་པར་བསྒྲུབས་ཤིང་ངེས་ཀྱང་མི་ལྡོག་པ་བཞིན་ནོ། །དེའི་ཕྱིར་གཟུང་འཛིན་དུ་མངོན་པར་ཞེན་པ་བཟློག་པའི་ཕྱིར་རིགས་པ་སྨྲ་བ་རྣམས་ནི་རང་ཉིད་རྟོག་གེ་ལ་མཁས་པར་སྟོན་པ་ཙམ་དུ་ཟད་ཀྱི་འབྲས་བུ་ཡོད་པ་མ་ཡིན་ནོ་ཞེ་ན། རྩོད་ལ་ཆགས་པའི་མཁས་པ་རྣམས། །དེ་ཉིད་རྣམ་པར་གཅོད་པ་མིན། །ཟབ་མོ་རྟོག་གེའི་ཡུལ་མིན་ཡང་། །ལོག་པའི་རྣམ་རྟོག་སྤང་ཕྱིར་ཡིན། །འབྲས་བུ་མེད་ན་རྟོག་ལྡན་སུ་ཞིག་དེ་ཁོ་ན་ཉིད་རྣམ་པར་དཔྱོད་པ་ལ་ངལ་བར་བྱེད། གཞན་ཟིལ་གྱིས་གནོན་པའི་ཕྱིར་རམ་རང་ཉིད་མཁས་པར་སྟོན་པའི་དགོས་པ་ཙམ་ལ་རེ་བ་ནི་དམ་པའི་སྤྱོད་ཡུལ་མ་ཡིན་ནོ། །དེའི་ཕྱིར་དེ་ཁོ་ན་ཉིད་རྣམ་པ་ཀུན་ཏུ་རྟོག་གེའི་སྤྱོད་ཡུལ་མ་ཡིན་ཡང་ཡང་དག་པའི་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་ལ་སྒྲོ་འདོགས་མ་ཆོད་པར་ནི་ཚུལ་བཞིན་དུ་སྒྲུབ་པར་ནུས་པ་མ་ཡིན་ལ། མ་བསྒྲུབས་པར་ཡང་དག་པ་མངོན་དུ་འགྱུར་བ་མ་ཡིན་ནོ། །དེ་བས་ན་མཁས་པ་རྣམས་ཀྱིས་རིགས་པའི་ཚོགས་དུ་མས་བསྟན་བཅོས་སུ་དེ་ཁོ་ན་ཉིད་རྣམ་པར་དཔྱོད་པ་ནི། མཐའ་གཞན་དུ་སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་ལོག་པར་རྟོག་པ་སྤང་བའི་ཕྱིར་ཡིན་པས་འབྲས་བུ་མེད་པ་མ་ཡིན་ནོ། །དེ་ལྟར་སྒྲོ་འདོགས་པའི་མཐའ་སྤངས་ནས། སྐུར་པ་འདེབས་པའི་མཐའ་སྤང་བར་བྱ་བའི་ཕྱིར། གཞན་གྱི་ཕྱོགས་སྔ་མ་བརྗོད་པ། །རྟེན་འབྲེལ་ཡིན་ཕྱིར་སྒྱུ་མ་བཞིན། །རྣམ་ཤེས་དམ་པའི་དོན་དུ་མེད། །གང་རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཡིན་པ་དེ་ནི་དོན་དམ་པར་མ་གྲུབ་སྟེ། དཔེར་ན་སྒྱུ་མ་ལ་སོགས་པ་བཞིན། རྣམ་པར་ཤེས་པ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ནོ། །དེའི་ཕྱིར་རྣམ་པར་ཤེས་པ་སྨྲ་བ་ནི་མི་རིགས་སོ་ཞེས་ཟེར་རོ། །འདི་ལ་བརྗོད་པར་བྱ་སྟེ། གང་རྐྱེན་གྱི་བྱ་བ་མི་འཇུག་པ་དེ་ནི་རྟེན་ཅིང་འབྲེལ་འབྱུང་མ་ཡིན་ཏེ། རྒྱུ་དང་རྐྱེན་སོ་སོ་ལ་ལྟོས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒྲའི་དོན་ཡིན་ནོ། །དངོས་པོར་མེད་པ་ཡང་རྐྱེན་གྱི་བྱ་བ་འཇུག་པ་མ་ཡིན་ཏེ། ནམ་མཁའ་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་ན་རྟེན་འབྲེལ་ཡིན་པའི་ཕྱིར་ཤེས་པ་དོན་ལ་མེད་པར་སྨྲ་བ་ནི་མི་རིགས་ཏེ་འགལ་བའི་ཕྱིར་རོ། །སྒྱུ་མ་བཞིན་ཞེས་པའི་དཔེའི་དོན་གང་ཡིན། ཤེས་པ་ལ་རྟ་གླང་སོགས་པར་སྣང་བའམ་འོན་ཏེ་སྣང་བ་ལྟར་ཕྱི་རོལ་དོན་དུ་ཞེན་པ་ཉིད་ཡིན། དང་པོ་ལྟར་ན། སྣང་བ་དེ་ནི་ཤེས་པ་འཁྲུལ་པའི་བདག་ཉིད་དུ་གྲུབ་པའི་ཕྱིར་དཔེ་བསྒྲུབ་བྱའི་ཆོས་ཀྱིས་སྟོང་པ་ཡིན་ནོ། །གཉིས་པ་ལྟར་ན། དེ་ནི་རྣམ་པར་རྟོག་པས་ཀུན་བརྟགས་པ་ཙམ་ཡིན་གྱི། རྒྱུ་དང་རྐྱེན་ལ་རག་མ་ལས་པའི་ཕྱིར་རྟགས་དཔེ་ལ་རྗེས་འགྲོ་མེད་པ་ཡིན་ནོ། །གཞན་ཡང་། སྔགས་དང་རྫས་སོགས་བྲལ་བ་ཡི། །སྒྱུ་མ་འཇིག་རྟེན་ན་ཡོད་མིན། །ཐམས་ཅད་རྫུན་པར་སྨྲ་བ་ཡིས། །བརྟགས་པའི་རྟེན་འགའ་ཡོད་པར་རིགས། །སྤྲུལ་གཞིའི་རྫས་དང་སྤྲུལ་བྱེད་ཀྱི་སྔགས་དང་སོགས་པ་མེད་པར་ནི་སྒྱུ་མ་འགའ་ཡང་མཐོང་བ་མེད་དོ། །དེའི་ཕྱིར་སྒྱུ་མ་བཞིན་ཐམས་ཅད་རྫུན་པར་སྨྲ་བ་ཁྱོད་ཀྱིས་ཀྱང་སྒྱུ་མའི་སྤྲུལ་གཞི་ལྟ་བུ་གང་ལ་བརྟེན་ནས་འདི་དག་ཉེ་བར་རྟགས་པའི་རྟེན་རྣམ་པར་ཤེས་པའམ་དེ་ལས་གཞན་ཅུང་ཟད་ཞིག་ཁས་ལེན་པར་བྱེད་དགོས་སོ། །ཡང་ན་ནམ་མཁའི་མེ་ཏོག་ལྟར། །ཀུན་རྫོབ་ལ་ཡང་སྐུར་བར་གྱི། །ཅི་སྟེ་བརྟགས་པའི་རྟེན་ཁས་མི་ལེན་ན་ནི་རྒྱུ་མེད་པའི་ཕྱིར་བརྟེན་པ་ཙམ་དུ་སྨྲ་བ་ཡང་མི་རིགས་པས་དེའི་ཕྱིར་འདི་ཐམས་ཅད་ཀུན་རྫོབ་ཙམ་ཏུ་སྨྲ་བའི་ཐ་སྙད་འདི་ཡང་ཐོང་ལ་ནམ་མཁའི་མེ་ཏོག་ལྟར་འདི་ཀུན་མེད་དོ། །ཞེས་དྲང་པོའི་ཚུལ་དུ་སྨྲ་བར་གྱིས་ཤིག །ངན་གཡོའི་ཐ་སྙད་ལ་བརྟེན་པས་ཅི་ཞིག་བྱ། བརྟག་པའི་རྟེན་འགའ་ཞིག་འདོད་པར་བྱ་དགོས་ཀྱང་བླའི། རྣམ་པར་ཤེས་པ་ཙམ་དུ་སྨྲ་བས་ཅི་ཞིག་བྱ་ཞེ་ན། དེ་འདོད་ན་ནི་དེ་ཡི་གཞིར། །རྣམ་རིག་ཅིའི་ཕྱིར་ཁས་མི་ལེན། །བརྟགས་པ་ཙམ་དུ་སྨྲ་བ་ཡིས་ནི་དེའི་རྟེན་འགའ་ཞིག་འདོད་པར་བྱེད་ན་མི་འདོད་བཞིན་དུ་ཡང་རྣམ་པར་ཤེས་པ་ཁས་བླང་བར་བྱ་དགོས་ཏེ། ཀུན་རྫོབ་པའི་ཆོས་རྣམས་ཀྱི་རྒྱུར་རུང་བ་གཞན་མེད་པའི་ཕྱིར་རོ། །འདི་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། གཙོ་བོ་རྡུལ་དང་དབང་ཕྱུག་སོགས། །ཀུན་རྫོབ་པ་ཡི་རྒྱུར་མི་རིགས། །ངོ་བོ་ཉིད་དང་རྒྱུ་མེད་དུ། །སྨྲ་བའང་ཡང་དག་མིན་གཟིགས་ནས། །འདི་ཀུན་རྣམ་རིག་ཙམ་ཉིད་ཅེས། །དེ་ཉིད་གཟིགས་པས་གསུངས་པ་ཡིན། །གཙོ་བོ་དང་རྡུལ་ཕྲན་དང་དབང་ཕྱུག་དང་སྐྱེ་རྒུའི་བདག་པོ་དང་སྲེད་མེད་ཀྱི་བུ་ལ་སོགས་པ་མི་མཐུན་པ་རྒྱུར་སྨྲ་བ་དང་། གདོད་མ་ནས་ངོ་བོ་ཉིད་ཀྱིས་གནས་པ་དང་རྒྱུ་མེད་པར་གློ་བུར་དུ་སྨྲ་བ་དག་ནི་གནས་ལུགས་ལས་ཤིན་ཏུ་གོལ་བར་གཟིགས་ཤིང་། རྣམ་པར་ཤེས་པ་ཉིད་བག་ཆགས་ཀྱི་དབང་གིས་ལུས་དང་ལོངས་སྤྱོད་དང་གནས་ཀྱི་རྣམ་པར་སྣང་བ་ལ་བྱིས་པ་རྣམས་ཀྱིས་དེའི་གནས་ལུགས་ཇི་ལྟ་བ་བཞིན་དུ་མི་ཤེས་པར་བདག་དང་ཆོས་སུ་སྒྲོ་བཏགས་ནས་གནས་མ་ཡིན་པར་སྲིད་པའི་སྡུག་བསྔལ་ཉམས་སུ་མྱོང་བར་གཟིགས་ཏེ། བཅོམ་ལྡན་འདས་ཀྱིས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་པ་ལ་སོགས་པ་རྣམ་པར་ཤེས་པ་ཉིད་ཆོས་ཀུན་གྱི་གནས་དང་གཞི་དང་རྟེན་དང་རྒྱུར་གསུངས་པ་ཡིན་ནོ། །དེའི་ཕྱིར་རྣམ་པར་རིག་པ་ཙམ་དུ་སྨྲ་བ་ནི་དབུ་མའི་ལམ་རྨ་མེད་པ་ཡིན་ནོ། །གལ་ཏེ་འདི་ཀུན་རྣམ་པར་རིག་པ་ཙམ་དུ་གྲུབ་ན་ཅིའི་ཕྱིར་དེ་བཞིན་གཤེགས་པས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་ཤེ་ན། ངོ་བོ་ཉིད་མེད་སོགས་བསྟན་པ། །དགོངས་ཏེ་གསུངས་པའང་ཀུན་མཁྱེན་གྱིས། །གསུངས་སོ་ཞེས་བྱ་བར་སྦྱར་རོ། །འང་ཞེས་པ་རྣམ་རིག་ཙམ་དུ་གསུངས་པར་མ་ཟད་ཅེས་པའོ། །འདི་ལ་དགོངས་པ་གང་ཞེ་ན། ཆོས་ཐམས་ཅད་ནི་ཀུན་བཏགས་པ་དང་གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་སྟེ་གསུམ་པོ་འདི་ཙམ་དུ་ཟད་ལ། དེ་དག་ཀྱང་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གྱིས་ངོ་བོ་ཉིད་མེད་པའི་ཕྱིར་ཏེ། འདི་ལྟར་ཀུན་བཏགས་པ་ནི་རྣམ་པར་རྟོག་པས་བཏགས་པ་ཙམ་དུ་ཟད་ཀྱི་རང་གི་ངོ་བོ་ཉིད་མེད་པའི་ཕྱིར་མཚན་ཉིད་ངོ་བོ་ཉིད་མེད་པ་ཡིན་ནོ། །གཞན་གྱི་དབང་ནི་རྣམ་པར་རིག་པ་ཙམ་དུ་གྲུབ་པའི་ཕྱིར་མཚན་ཉིད་ངོ་བོ་ཉིད་མེད་པ་མ་ཡིན་ལ། འོན་ཀྱང་རང་གི་ངོ་བོ་ཉིད་ཀྱིས་མི་སྐྱེ་ཡི། རྐྱེན་གཞན་ལ་རག་ལས་པའི་ཕྱིར་སྐྱེ་བ་ངོ་བོ་ཉིད་མེད་པ་ཡིན་ནོ། །ཡོངས་སུ་གྲུབ་པ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་རམ་ཆོས་རྣམས་ཀྱི་བདག་མེད་པའི་རང་བཞིན་ཡིན་པའི་ཕྱིར་ངོ་བོ་ཉིད་མེད་པ་ཡང་ཡིན་ལ། རྣམ་པར་དག་པའི་དམིགས་པ་ཡིན་པའི་ཕྱིར་དོན་དམ་པ་ཡང་ཡིན་ནོ། །དེའི་ཕྱིར་དོན་དམ་པ་ངོ་བོ་ཉིད་མེད་པ་ཞེས་བྱའོ། །དེ་ལྟར་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པའི་ཕྱིར་རྣམ་རིག་ཏུ་སྨྲ་བ་ལ་གནོད་པ་ཅི་ཡང་མེད་དོ། །དེ་ལྟར་ཡང་འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ལས། དོན་དམ་ཡང་དག་འཕགས། ངས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་རྣམ་པ་གསུམ་པོ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང་། དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏེ། ཞེས་སོགས་རྒྱས་པར་གསུངས་སོ། །དེའི་ཕྱིར་ངོ་བོ་ཉིད་མེད་པར་སྟོན་པའི་མདོ་སྡེ་དག་ནི་སྒྲ་ཇི་བཞིན་མ་ཡིན་ནོ་སྟེ། འདི་ལྟར་དོན་སྒྲ་ཇི་བཞིན་ཡོངས་རྟོག་ན། །མ་རུངས་ལྟ་བའི་སྦྲུལ་གྱིས་ཟིན། །ཇི་སྐད་དུ། དགོངས་པ་ངེས་པར་འགྲེལ་བ་ལས། ཅི་སྟེ་སེམས་ཅན་དེ་དག་ལ་སེམས་ཅན་གང་དག་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོའི་བར་དུ་ཡང་དག་པར་འགྲུབ་པ་མ་ཡིན་ཡང་དྲང་པོ་དང་དྲང་པོའི་རང་བཞིན་ཅན་མ་ཡིན་ལ་རྟོག་པ་དང་སེལ་བར་ནུས་ལ། རང་གི་ལྟ་བ་མཆོག་ཏུ་འཛིན་པར་གནས་པ་དེ་དག་གིས་ནི་ཆོས་དེ་ཐོས་ནས་ང་ཡིས་དགོངས་ཏེ་བཤད་པ་ཟབ་མོ་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་ཏེ། ཆོས་དེ་ལ་མོས་ཀྱང་ཆོས་འདི་དག་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཁོ་ན་ཡིན་ནོ། །ཆོས་འདི་དག་ཐམས་ཅད་ནི་མ་སྐྱེས་པ་ཁོ་ནའོ། །མ་འགགས་པ་ཁོ་ནའོ། །གཟོད་མ་ནས་ཞི་བ་ཁོ་ནའོ། །རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཁོ་ནའོ། །ཞེས་ཆོས་ཀྱི་དོན་ལ་སྒྲ་ཇི་བཞིན་པ་ཁོ་ནར་མངོན་པར་ཞེན་པར་བྱེད་དེ། དེ་དག་གཞི་དེས་ཆོས་ཐམས་ཅད་ལ་མེད་པར་ལྟ་བ་དང་། མཚན་ཉིད་མེད་པར་ལྟ་བ་ཐོབ་པར་འགྱུར་ཏེ། མེད་པར་ལྟ་བ་དང་མཚན་ཉིད་མེད་པར་ལྟ་བ་ཐོབ་ནས་ཀྱང་ཐམས་ཅད་ལ་མཚན་ཉིད་ཐམས་ཅད་ཀྱི་སྐུར་བ་འདེབས་ཏེ། ཞེས་སོགས་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་དེ་དག་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པར་བྱ་བ་མ་ཡིན་ན་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། དེ་ཕྱིར་དགོངས་དང་ལྡེམ་དགོངས་ཀྱིས། །ཐུབ་པའི་དགོངས་པ་ཡོངས་བཟུང་བྱ། །དགོངས་པ་ནི་བཞི་སྟེ། དུས་གཞན་ལ་དགོངས་པ་དང་། དོན་གཞན་ལ་དགོངས་པ་དང ། མཉམ་པ་ཉིད་ལ་དགོངས་པ་དང་། གང་ཟག་གི་བསམ་པ་ལ་དགོངས་པའོ། །ལྡེམ་པོར་དགོངས་པ་ཡང་བཞི་སྟེ། གཞུག་པ་ལ་ལྡེམ་པོར་དགོངས་པ་དང་། མཚན་ཉིད་ལ་ལྡེམ་པོར་དགོངས་པ་དང་། གཉེན་པོ་ལ་ལྡེམ་པོར་དགོངས་པ་དང་། བསྒྱུར་བ་ལ་ལྡེམ་པོར་དགོངས་པའོ། །དྲང་དོན་གྱི་མདོ་སྡེ་ཐམས་ཅད་ནི་འདི་ཙམ་དུ་ཟད་པས་དེའི་ཕྱིར་འདི་དག་གང་རུང་གི་སྒོ་ནས་དགོངས་པ་བཙལ་བར་བྱའི། དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པས་ནི་མ་ཡིན་ནོ། །ཡང་ན་དགོངས་པ་ངེས་པར་འགྲེལ་བ་ལ་སོགས་པ་ངེས་པའི་དོན་གྱི་མདོ་སྡེ་དག་གི་རྗེས་སུ་འབྲངས་ནས་དྲང་དོན་གྱི་མདོ་སྡེ་དག་གི་དགོངས་པ་བཙལ་བར་བྱ་སྟེ། མདོ་དེ་ཉིད་ལས། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་བཅའ་སྒ་ནི་ཕྱེ་མའི་སྨན་སྦྱོར་བ་དང་། བཅུད་ཀྱིས་ལེན་སྦྱོར་བ་ཐམས་ཅད་དུ་བཙལ་བར་བགྱི་བ་ལགས་སོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མ་མཆིས་པ་ལས་བརྩམས། དེ་བཞིན་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་བཅོམ་ལྡན་འདས་ཀྱིས་ངེས་པའི་དོན་བསྟན་པ་འདི་ཡང་དྲང་བའི་དོན་གྱི་མདོ་སྡེ་ཐམས་ཅད་དུ་བཙལ་བར་བགྱི་བ་ལགས་སོ། །ཞེས་གསུངས་པའི་ཕྱིར་ཏེ། གལ་ཏེ་རྣམ་པར་རིག་པ་ཙམ་གྱི་དོན་ཡང་དག་པར་གྲུབ་ན་འདོད་ཆགས་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་ལྡོག་པར་མི་འགྱུར་ཏེ། དེ་དག་ཀྱང་རྣམ་པར་རིག་པ་ཙམ་གྱི་ངོ་བོ་ཉིད་ཀྱིས་ཡང་དག་པར་གྲུབ་པའི་ཕྱིར་རོ། །ཡང་དག་པར་གྲུབ་པ་ནི་མི་མཐུན་པའི་ཕྱོགས་ཀྱིས་གཞོམ་པར་མི་ནུས་པ་མ་ཡིན་ནོ་ཞེ་ན། རང་བཞིན་དང་གློ་བུར་གྱི་རྣམ་པར་དབྱེ་བ་བསྟན་པའི་ཕྱིར་སྨྲས་པ། སེམས་འདི་གཉིས་མེད་རང་བཞིན་དུ། །གནས་ཕྱིར་རང་བཞིན་འོད་གསལ་ཏེ། །བག་ཆགས་དབང་གིས་གཉིས་སྣང་དུ། །སྐྱེ་ཕྱིར་དྲི་མ་གློ་བུར་བ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་དང་གཉིས་སུ་སྣང་བ་དག་ནི་སེམས་ཀྱི་རང་བཞིན་ལ་རྗེས་སུ་ཞུགས་པ་མ་ཡིན་ཏེ། རྐྱེན་གྱི་དབང་ལས་གློ་བུར་དུ་རྗེས་སུ་འབྲེལ་བའི་ཕྱིར་རོ། །འདི་ལྟར་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ནི་གློ་བུར་བ་ཡིན་ཏེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པའི་རྐྱེན་ཉེ་བ་དེའི་ཚེ་སེམས་ལ་རྗེས་སུ་འབྲེལ་བར་དམིགས་ཀྱི་སེམས་ཀྱི་གནས་སྐབས་ཐམས་ཅད་དུ་རྗེས་སུ་མི་འབྲང་བའི་ཕྱིར་རོ། །གང་ཞིག་གང་གི་རང་བཞིན་ཡིན་པ་དེ་ནི་དེ་ལ་འཁྲུལ་པ་མ་ཡིན་ཏེ། མེའི་ཚ་བའམ་ཆུའི་གཤེར་བ་བཞིན་ནོ། །གཉིས་སྣང་དང་བྲལ་བའི་སེམས་མ་དམིགས་པའི་ཕྱིར་གཉིས་སུ་སྣང་བ་ནི་སེམས་ཀུན་གྱི་རང་བཞིན་ལ་རྗེས་སུ་ཞུགས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། སེམས་ནི་བག་ཆགས་ཀྱི་དབང་གིས་གཉིས་སུ་སྣང་བར་སྐྱེས་པའི་ཕྱིར་རོ། །དཔེར་ན་ཤེལ་རང་བཞིན་གྱིས་དྭངས་པ་ཚོན་གྱི་དབང་གིས་སྣ་ཚོགས་སུ་སྣང་བ་བཞིན་ནོ། །དེའི་ཕྱིར་སེམས་འདི་ནི་རང་བཞིན་གྱིས་འོད་གསལ་བ་གཉིས་སུ་མེད་པའི་ངོ་བོར་གནས་པ་ཡིན་ཏེ། བག་ཆགས་དང་བྲལ་ན་གཉིས་མེད་དུ་སྐྱེ་བའི་ཕྱིར་ཏེ། གཉིས་སྣང་དུ་སྐྱེ་བའི་རྒྱུ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་ད་ལྟར་གྱི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་འདི་ལ་ཆོས་གཉིས་ཉེ་བར་དམིགས་ཏེ་འདི་ལྟར་གཉིས་སུ་སྣང་བ་དང་། མྱོང་རིག་གསལ་བའི་ངོ་བོར་གྱུར་པའོ། །དང་པོ་ནི་བག་ཆགས་ཀྱི་ལྷན་ཅིག་བྱེད་པའི་རྐྱེན་ལས་བྱུང་བ་ཡིན་པས་གློ་བུར་བ་ཉིད་ཀྱིས་འབྲལ་དུ་རུང་ལ། གཉིས་པ་ནི་རང་གི་ཉེ་བར་ལེན་པའི་ནུས་པ་ལས་བྱུང་བས་རང་གི་རང་བཞིན་ལ་རྗེས་སུ་ཞུགས་པའི་ཕྱིར་ནམ་ཡང་ལྡོག་པར་མི་འགྱུར་རོ། །དེ་ལྟར་ན་གཉེན་པོ་གོམས་པ་ལས་ནི་གོམས་མཁན་གྱི་སེམས་རྒྱུད་ལ་གཉིས་སྣང་ལ་སོགས་པའི་དྲི་མ་རྣམས་ནི་རིམ་གྱིས་ལྡོག་པར་འགྱུར་ལ། མྱོང་རིག་གསལ་བའི་ངོ་བོ་ཙམ་ལ་ནི་འཕེལ་འགྲིབ་ཅི་ཡང་མི་བྱེད་མོད། འོན་ཀྱང་གཉིས་སྣང་གི་བག་ཆགས་མ་ལུས་པ་སྤངས་པ་ན་སེམས་ཀྱི་རྒྱུན་ཕྱི་མ་གཉིས་སྣང་ལ་སོགས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་རང་བཞིན་སྟོན་ཀའི་ནམ་མཁའ་དྭངས་པ་ལྟ་བུའི་སེམས་ཀྱི་རང་བཞིན་དེ་ཉིད་རྣལ་འབྱོར་པའི་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་མངོན་དུ་བྱེད་པར་འགྱུར་ལ། དེའི་ཚེ་གནས་མ་ལུས་པར་གྱུར་པ་དང་། ཆོས་ཀྱི་སྐུ་མངོན་སུམ་དུ་བྱས་པ་ལ་སོགས་པའི་ཐ་སྙད་ཐོབ་པ་ཡིན་ནོ། །དོན་དེ་དག་ཉེ་བར་བསྡུ་བའི་ཕྱིར། གསེར་དང་ཆུ་ཡི་དྲི་མ་བཞིན། །གློ་བུར་ནམ་ཞིག་ལྡོག་པར་འགྱུར། །རང་བཞིན་དབྱེ་བ་མེད་པའི་ཕྱིར། །ནམ་ཡང་ལྡོག་པར་མི་རིགས་སོ། །དེ་ཕྱིར་ལམ་གྱིས་དྲི་མ་སྦྱོང་། །འོད་གསལ་བ་ལ་འཕེལ་འགྲིབ་མེད། །ངང་པས་ཆུ་ལ་འོ་མ་བཞིན། །རང་བཞིན་དྲི་མ་འབྱེད་ལ་མཁས། །ཞེས་ཚིགས་སུ་བཅད་པ་གཉིས་སྨོས་སོ། །རྣམ་རིག་སྨྲ་བ་ལ་བདེན་པ་གཉིས་ཀྱི་དབྱེ་བ་ཇི་ལྟར་འཐད་སྙམ་ན། ཀུན་རྫོབ་དང་ནི་དམ་པའི་དོན། །རྣམ་རིག་སྨྲ་ལ་རིགས་པ་སྟེ། །འདི་ལྟར་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་སྣང་བ་ལ་གང་ཟག་དང་ཆོས་སུ་བཏགས་པ་ནི་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པ་དང་། ཀུན་ནས་ཉོན་མོངས་པའི་དམིགས་པ་ཡིན་པའི་ཕྱིར་ཀུན་རྫོབ་ཅེས་བྱ་ལ། ཇི་ལྟར་བརྟགས་པ་ལྟར་གྱིས་སྟོང་པའི་སྟོང་པ་ཉིད་ནི་རྣམ་པར་དག་པའི་དམིགས་པ་ཡིན་པའི་ཕྱིར་དོན་དམ་པ་ཞེས་བྱའོ། །རྣམ་རིག་ཏུ་སྨྲ་བ་ལ་བདེན་པ་གཉིས་ཀྱི་དབྱེ་བ་འཐད་པ་འབའ་ཞིག་ཏུ་མ་ཟད་ཀྱི་རང་བཞིན་གསུམ་གྱི་དབྱེ་བ་ཡང་རིགས་པ་ཁོ་ན་སྟེ། དེའི་ཕྱིར། བརྟགས་པ་དང་ནི་གཞན་དབང་དང་།།ཡོངས་སུ་གྲུབ་པ་ཉིད་ཀྱང་ངོ་། །ཞེས་སྨོས་སོ། །ད་ནི་རྣམ་པར་རིག་པ་ཙམ་གྱི་ཚུལ་ལ་འཁོར་བ་དང་མྱ་ངན་ལས་འདས་པའི་རྣམ་པར་དབྱེ་བ་བསྟན་པའི་ཕྱིར། འདོད་ཆགས་ལ་སོགས་དྲི་བཅས་སེམས། །འཁོར་བཉིད་དུ་འདོགས་པ་སྟེ། །རྣམ་ཤེས་དྲི་མ་དང་བྲལ་བ། །རྣམ་གྲོལ་རྒྱལ་བའི་སྐུ་ཞེས་བརྗོད། །ཅེས་སྨོས་སོ། །འདི་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ཞེས་བྱ་བ་གཞན་ཅི་ཡང་མེད་ཀྱི། འོན་ཀྱང་རྣམ་པར་ཤེས་པ་ཉིད་བག་ཆགས་ཀྱི་དབང་གིས་ཕྱི་དང་ནང་གི་དངོས་པོར་སྣང་བ་ན་ཀུན་ཏུ་རྟོག་པས་བདག་དང་ཆོས་སུ་མངོན་པར་ཞེན་ནས་འདོད་ཆགས་ལ་སོགས་པས་སེམས་ཀུན་ནས་ཉོན་མོངས་པ་ཅན་དུ་བྱས་པའི་གནས་སྐབས་དེ་ཉིད་ལ་ནི་འཁོར་བ་པའི་སེམས་ཅན་ཞེས་ཐ་སྙད་དུ་གདགས་སོ། །གང་གི་ཚེ་གང་ཟག་གི་བདག་མེད་པའི་ལམ་བསྒོམས་ཏེ། བདག་དང་བདག་གིར་འཛིན་པའི་འཆིང་བ་ལས་གྲོལ་ཏེ་ཉོན་མོངས་པའི་འཆིང་བ་ཐམས་ཅད་དང་བྲལ་ན་ཡང་སྲིད་པར་ཉིང་མཚམས་སྦྱོར་བའི་ནུས་པ་དང་བྲལ་བའི་སེམས་དེ་ཉིད་ལ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བའི་སྐུ་ཞེས་ཀྱང་བྱ། ཐར་པ་བླ་ན་མེད་པ་བསིལ་བའི་དངོས་པོ་ཞེས་ཀྱང་བྱའོ། །གང་གི་ཚེ་བདག་མེད་པ་གཉིས་ཀ་བསྒོམས་པས་གོམས་པ་མཐར་ཕྱིན་པ་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ལ་ཉལ་དང་བཅས་པ་སྤངས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་མཚན་མ་ཐམས་ཅད་དང་བྲལ་ནས་སེམས་ཀྱི་གཉུག་མའི་ངོ་བོ་རང་བཞིན་གྱིས་འོད་གསལ་བ་ཙམ་སོ་སོར་རང་རིག་པའི་ཚུལ་གྱིས་མངོན་སུམ་དུ་བྱས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ཞེས་བྱའོ། །དེ་ཉིད་ཤེས་རབ་ཡེ་ཤེས་དང་། །རྣམ་གྲོལ་ཆོས་ཀྱི་སྐུ་ཡིན་ཏེ། །ནོར་བུ་རིན་ཆེན་འོད་དང་མདོག །དབྱིབས་བཞིན་དབྱེ་བ་མེད་ཕྱིར་རོ། །སྒྲིབ་པ་ཐམས་ཅད་བྲལ་བའི་སེམས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་ཇི་ལྟ་བ་མཁྱེན་པའི་ཤེས་རབ་དང་། ཇི་སྙེད་མཁྱེན་པའི་ཡེ་ཤེས་དང་སྒྲིབ་པ་ཀུན་སྤངས་པའི་རྣམ་པར་གྲོལ་བ་ཡང་ཡིན་ཏེ། དཔེར་ན་ནོར་བུ་རིན་པོ་ཆེའི་ཁ་དོག་དང་དབྱིབས་དང་འོད་རྣམས་རྣམ་པར་དབྱེ་བ་མེད་པ་ལྟར། ཟག་པ་མེད་པའི་དབྱིངས་ན་ཡང་ཐམས་ཅད་མཁྱེན་པའི་ཡོན་ཏན་ཀུན་རྣམ་པར་དབྱེ་བ་མེད་ཅིང་རོ་གཅིག་པ་ཡིན་ནོ། །རྣམ་དཔྱོད་ཡངས་པའི་གྲུ་ཆེན་ལ་བརྟེན་ནས། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོའི་མཐར་སོན་ཏེ། །ལེགས་བཤད་ཡིད་བཞིན་ནོར་བུ་མང་བླངས་ནས། །སྐལ་བཟང་དགའ་བ་སྐྱེད་ཕྱིར་རྒྱན་འདི་བྱས། །འདིར་འབད་དགེ་བས་མཐའ་ཡས་སེམས་ཅན་ཀུན། །སྣ་ཚོགས་ལྟ་བའི་ཐིབས་པོ་ལས་གྲོལ་ཞིང་། །ཐུབ་པས་བསྔགས་པའི་ལམ་ལ་རབ་ཞུགས་ཏེ། །སྲིད་དང་ཞི་བའི་མཐའ་ལས་གྲོལ་བར་ཤོག །རྣམ་རིག་གྲུབ་པའི་རྒྱན་ཞེས་བྱ་བ་ཆོས་སྨྲ་བའི་བཙུན་པ་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བའོ། །དགེའོ།། །།


previousརྣམ་རིག་གྲུབ་པའི་རྒྱན།next