Nitartha Digital Library
Tibetan
 
previousརྣམ་པར་འབྱེད་པའི་རབ་ཏུ་བྱེད་པ་ལུང་རིགས་གྲུབ་པའི་རྒྱན། no next

རྣམ་པར་འབྱེད་པའི་རབ་ཏུ་བྱེད་པ་ལུང་རིགས་གྲུབ་པའི་རྒྱན།

ཐེག་གསུམ་འཕགས་པའི་རྟོགས་པ་རྣམ་པར་འབྱེད་པའི་རབ་ཏུ་བྱེད་པ་ལུང་རིགས་གསལ་བཀོད་ཅེས་བྱ་བ་བཞུགས་སོ། །

ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཡིད་སྲུབས་དགའ་བྱེད་གསེར་གྱི་མངལ་ལྡན་དང་། །འཕྲོག་བྱེད་མིག་སྟོང་ལྡན་པའི་ཅོད་པན་གྱི། །འོད་ཀྱིས་གང་གི་ཞབས་རྡུལ་གསལ་བྱས་པ། །སྲིད་གསུམ་བླ་མ་ཤཱཀྱའི་རྒྱལ་པོར་འདུད། །ཐེག་གསུམ་འཕགས་པའི་རྟོགས་པའི་བྱེ་བྲག་རྣམས། །ཀུན་མཁྱེན་ལས་གཞན་སུ་ཡིས་དཔག་པར་ནུས། །འོན་ཀྱང་ཤིང་རྟ་ཆེ་རྣམས་བཞེད་པའི་ཚུལ། །དགོངས་པ་ཚུལ་བཞིན་བདག་གིས་རྣམ་པར་དབྱེ། །འདིར་འཕགས་པ་གསུམ་གྱི་རྟོགས་པའི་བྱེ་བྲག་ལ། ཉན་ཐོས་སྡེ་པ་དག་གི་འདོད་པ་དང་། ཐེག་པ་ཆེན་པོའི་སློབ་དཔོན་དག་གི་བཞེད་པ་གཉིས་མཐོང་སྟེ། དེ་ལ་བྱེ་བྲག་སྨྲ་བ་དང་། མདོ་སྡེ་པ་དག་ནི། ཐེག་པ་གསུམ་གྱི་འཕགས་པ་རྣམས་ཀྱི་ལྟ་བའི་རྟོགས་པ་ལ་ཁྱད་པར་མེད་པར་འདོད་དེ། ཐམས་ཅད་ཀྱང་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་གི་རང་བཞིན་གྱིས་གང་ཟག་གི་བདག་མེད་ཙམ་རྟོགས་པས་ཉོན་སྒྲིབ་གྲོལ་ཏེ་རང་རང་གི་བྱང་ཆུབ་ཐོབ་པའི་ཕྱིར་དང་། ཆོས་ཀྱི་བདག་མེད་ཁས་མི་ལེན་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་། ཆོས་རང་བཞིན་མེད་པར་སྟོན་པའི་མདོ་རྣམས་བཀའ་ཡིན་པར་མི་འདོད་ཅིང་། ཉན་ཐོས་ཀྱི་སྡེ་སྣོད་ལས་ཆོས་ཀྱི་བདག་མེད་བསྟན་པར་ཁས་མི་ལེན་པའི་ཕྱིར་རོ། །ཇི་སྙེད་པའི་རྟོགས་པ་ལ་ནི་ཁྱད་པར་ཡོད་དེ། མཛོད་དུ། དགྲ་བཅོམ་བསེ་རུ་སྟོན་རྣམས་ཀྱིས། །སྟོང་གཉིས་གསུམ་དང་གྲངས་མེད་མཐོང་། །ཞེས། ཉན་རང་སངས་རྒྱས་གསུམ་གྱི་ལྷའི་མིག་གིས་གོ་རིམ་བཞིན། སྟོང་གཉིས་དང་། སྟོང་གསུམ་དང་། སྟོང་གསུམ་གྲངས་མེད་ཀྱི་གཟུགས་མཐོང་བ་དང་། ཉན་ཐོས་མཐོང་བའི་སྐད་ཅིག་གཉིས། །བསེ་རུ་ལྟ་བུས་གསུམ་རིག་པ། །སངས་རྒྱས་སྦྱོར་བ་མེད་པས་ཀུན། །ཞེས་དེ་གསུམ་གྱི་གཞན་སེམས་ཤེས་པས་ཀྱང་མཐོང་ལམ་གྱི་སྐད་ཅིག་གཉིས་དང་གསུམ་དང་། ཀུན་རིག་པའི་ཕྱིར་རོ། །དེ་དག་གི་ལྟར་ན་ཐེག་པ་གསུམ་ཇི་ལྟར་དབྱེ་ཞེ་ན། དེ་ནི་སེམས་བསྐྱེད་དང་། སྨིན་བྱེད་ཚོགས་སྒྲུབ་ཚུལ་དང་། གྲོལ་བྱེད་མངོན་རྟོགས་སྐྱེ་ཚུལ་གྱིས་དབྱེ་སྟེ། དང་པོ་ནི་འདུལ་བ་ལུང་དུ། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ཁ་ཅིག་གིས་ནི་རང་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་སོ། །གཉིས་པ་ནི་ཉན་ཐོས་རྣམས་ནི་བརྩོན་འགྲུས་དྲག་ན་ཚེ་གཅིག་གིས་ཀྱང་ཚོགས་ལམ་རྫོགས་ཏེ། མྱུར་བ་སྲིད་པ་གསུམ་གྱིས་ཐར། །ཞེས་སོ། །ཚེ་དང་པོ་ལ་ཚོགས་གསོག །གཉིས་པ་ལ་སྦྱོར་ལམ་སྐྱེ། གསུམ་པ་ལ་འཕགས་ལམ་བསྐྱེད་ནས་གྲོལ་བ་ཐོབ་པར་བཤད་པའི་ཕྱིར་རོ། །བསེ་རུ་ལྟ་བུའི་རང་རྒྱལ་རྣམས་ནི་བསྐལ་པ་བརྒྱའི་བར་དུ་རྒྱུས་སྨིན་བྱེད་ཀྱི་ཚོགས་གསོག་སྟེ། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་བཤད་པས་སོ། །བྱང་སེམས་རྣམས་ནི་བསྐལ་པ་གྲངས་མེད་གསུམ་དུ་བསོད་ནམས་ཀྱི་ཚོགས་ཀྱིས་རྒྱུད་སྨིན་པར་བྱེད་དེ། དེ་གྲངས་མེད་གསུམ་ལ་སངས་རྒྱས་ཞེས་བཤད་པས་སོ། །གསུམ་པ་ནི། ཉན་ཐོས་རྣམས་ཀྱིས་སྦྱོར་མཐོང་སྒོམ་གསུམ་ཆེས་མྱུར་ན་ཚེ་གཅིག་གམ། གཉིས་ལ་རྫོགས་སྲིད་ཀྱང་སྟན་ཐོག་གཅིག་ལ་རྫོགས་པ་མི་སྲིད་ལ། བསེ་རུ་ལྟ་བུ་དང་སངས་རྒྱས་ཀྱིས་ནི་མངོན་པར་རྟོགས་པ་ཀུན་སྟན་ཐོག་གཅིག་ལ་བསྐྱེད་པར་བྱེད་དེ། སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐར་རྟེན་གཅིག་ལ་ཀུན། །ཞེས་བཤད་པས་སོ། །སྤངས་པའི་ཁྱད་པར་ཡང་གསུམ་ཀས་ཉོན་སྒྲིབ་མ་ལུས་པ་སྤངས་པར་ཁྱད་པར་མེད་ཀྱང་། ཉན་རང་རྣམས་ཀྱི་སྒོ་གསུམ་གྱི་གནས་ངན་ལེན་ཕྲ་མོ་མ་སྤངས་ལ། སངས་རྒྱས་ཀྱིས་ཀུན་སྤངས་པ་དང་། ཉན་ཐོས་ཤེས་རབ་ཀྱིས་རྣམ་གྲོལ་མ་གཏོགས་པས་སྙོམས་འཇུག་གི་སྒྲིབ་པ་ཡང་མ་སྤངས་ལ། ཉན་རང་དག་གིས་ཡུལ་དུས་བསྐལ་བ་དང་། རང་བཞིན་གྱིས་ཆ་ཕྲ་བའི་གནས་རྣམས་ལ། ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་འདུན་པ་ལ་འདོད་ཆགས་དང་བྲལ་བའི་ཚུལ་གྱིས་སྤངས་ཀྱང་། ཀུན་རྫོབ་ཏུ་མི་འབྱུང་བའི་ཚུལ་གྱིས་མ་སྤངས་ལ། སངས་རྒྱས་ཀྱིས་ཡུལ་དུས་དངོས་ཀུན་ལ་མི་ཤེས་པའི་མུན་པ་གཏན་མི་སྐྱེ་བའི་ཚུལ་གྱིས་སྤངས་སོ། །རྟོགས་པ་ལ་ཁྱད་པར་མེད་ན་སྤངས་པ་ལ་ཁྱད་པར་ཡོད་པ་མི་རིགས་སོ་ཞེ་ན། རང་བཞིན་གྱིས་དབང་པོ་རྣོ་བ་དང་རྟུལ་བའི་བྱེ་བྲག་དང་། ཤེས་བྱའི་གནས་ལ་ཡུན་རིང་དུ་བློ་སྦྱངས་པ་དང་མ་སྦྱངས་པའི་ཁྱད་པར་ལས་འགྱུར་ཏེ། རྣམ་འགྲེལ་དུ། རྣམ་པ་དུ་མར་ཐབས་མང་པོ། །ཡུན་རིང་དུས་སུ་གོམས་པ་ལས། །དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །ཞེས་དང་། གོམས་ཕྱིར་མ་ལུས་སྤངས་པ་ཉིད། །ཅེས་གསུངས་པ་ལྟར་རོ། །སྔར་དྲངས་པའི་མཛོད་ཀྱི་ལུང་དེ་དག་ནི་བཀག་པ་མེད་པའི་ཕྱིར་དང་། རིགས་པ་མི་འཐད་པ་མེད་པའི་ཕྱིར་མདོ་སྡེ་པ་དག་གིས་ཀྱང་ཁས་ལེན་ནོ། །

ཐེག་ཆེན་གྱི་སློབ་དཔོན་དག་གིས་བཞེད་པ་ལ། བྱམས་ཆོས་ཀྱི་རྗེས་སུ་འབྲང་བ་ཐོགས་མེད་སྐུ་མཆེད་དང་། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་གཉིས་ཏེ། དེ་ལ་སྔ་མ་དག་ནི་རྒྱུ་གཉིས་ཀྱིས་ཉན་རང་དག་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་འདོད་དེ། འདི་ལྟར། བློ་མི་གསལ་བ་དང་། དོན་དུ་མི་གཉེར་བའི་རྒྱུ་མཚན་གཉིས་ཀྱིས་སོ། །ཉན་རང་དག་ནི་རང་དང་སྤྱིའི་མཚན་ཉིད་ཀྱི་ཤེས་བྱ་རགས་པ་དག་ལ་བློ་སྦྱོང་གི་ཕྲ་བ་དག་ལ་མ་ཡིན་ཏེ། དེ་དག་ནི་བློ་ཞན་པ་ཉིད་ཀྱིས་རང་དང་སྤྱིའི་མཚན་ཉིད་ཀྱི་ཤེས་བྱ་ཕྲ་མོ་ཤེས་པར་མི་ནུས་པའི་ཕྱིར་དང་། དེ་དག་ནི་རྣམ་གྲོལ་ཙམ་དོན་དུ་གཉེར་གྱི་ཤེས་བྱ་རྒྱ་ཆེན་པོ་ཤེས་པ་ལྷུར་མི་ལེན་པས་ཤེས་བྱའི་གནས་ཕྲ་མོ་ལ་བློ་མི་སྦྱོང་བའི་ཕྱིར་རོ། །དེ་ལ་རང་གི་མཚན་ཉིད་རགས་པ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་སོ། །ཕྲ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པའོ། །དང་པོའི་རང་བཞིན་ཇི་ལྟ་བ་བཞིན་དུ་ཐོས་བསམ་གྱིས་གཏན་ལ་ཕབ་པ་ལས་ནི་གང་ཟག་གི་བདག་མེད་པ་རྟོགས་པ་འབྱུང་ཞིང་། ཕྱིན་ཅི་ལོག་ཏུ་རྨོངས་པ་ལས་ནི་གང་ཟག་གི་བདག་ཏུ་སྒྲོ་འདོགས་པ་འབྱུང་ངོ་། །གཉིས་པའི་རང་བཞིན་ལ་རྨོངས་པ་ལས་ནི། དབང་ཕྱུག་དང་གཙོ་བོ་བྱེད་པ་པོར་སེམས་པ་སོགས་ཆོས་སུ་ལྟ་བ་ཀུན་བཏགས་པ་དང་། གཟུང་འཛིན་དུ་མངོན་པར་ཞེན་པ་སོགས་ཆོས་སུ་ལྟ་བ་ལྷན་སྐྱེས་རྣམས་འབྱུང་ལ། དེའི་རང་བཞིན་ཕྱི་ཅི་མ་ལོག་པར་རྟོགས་པ་ལས་ཆོས་ཀྱི་བདག་མེད་རྟོགས་པ་འབྱུང་སྟེ། དེ་ནི་ཤེས་བྱ་ངོ་བོ་ཉིད་གསུམ་གྱི་གནས་ཡིན་པའི་ཕྱིར་དང་། ངོ་བོ་ཉིད་མེད་པ་གསུམ་ཡང་ཆོས་ཀྱི་བདག་མེད་ཡིན་པའི་ཕྱིར་རོ། །སྤྱིའི་མཚན་ཉིད་རགས་པ་ནི་གང་ཟག་གི་བདག་མེད་པ་ཡིན་ལ། ཕྲ་བ་ནི་ཆོས་ཀྱི་བདག་མེད་དོ། །ཉན་རང་དག་གིས་རྣམ་གྲོལ་ཙམ་དོན་དུ་གཉེར་བས་རང་དང་སྤྱིའི་མཚན་ཉིད་རགས་པ་ཙམ་ལ་བློ་སྦྱོང་ལ། དེ་ཙམ་གྱིས་ཀྱང་རང་གི་འདོད་དོན་མྱང་འདས་ཐོབ་བོ། །གཞན་ཡང་ཉན་ཐོས་ཀྱི་སྡེ་སྣོད་དག་ལས་ནི་ཆོས་ཀྱི་བདག་མེད་མ་བསྟན་པའི་ཕྱིར་དང་། ཐེག་པ་ཆེན་པོའི་སྡེ་སྣོད་དག་ལས་ཆོས་ཀྱི་བདག་མེད་བསྟན་ཀྱང་ཉན་རང་དག་དེ་ལ་བློ་མི་སྦྱོང་སྟེ། རྒྱན་དུ། ཆེར་འོས་སེམས་བསྐྱེད་སྤངས་པའི་སྐྱེ་བོ་དག། གཞན་དོན་སེམས་དང་དེ་ཡི་ཐབས་རྙེད་དང་། །དགོངས་ཆེན་དོན་དང་དེ་ཉིད་མཆོག་མཐོང་བའི། །བདེ་བ་དེ་སྤངས་ཞི་བར་འགྲོ་བར་འགྱུར། །ཞེས་གསུངས་པས། དེ་དག་ནི་གཞན་ལ་ཕན་འདོད་ཀྱི་བསམ་པ་མེད་པས་ཐེག་ཆེན་གྱི་མདོ་སྡེ་དག་གི་དགོངས་པ་ཐོས་བསམ་གྱིས་རྟོགས་པ་དང་། སྒོམ་བྱུང་གིས་མངོན་དུ་འགྱུར་བ་མེད་པར་བཤད་པའི་ཕྱིར་རོ། །བདག་མེད་པ་རྣམ་པ་གཉིས་ཐོག་མར་ཐོས་བསམ་གྱིས་གཏན་ལ་མ་ཕབ་པར་ཕྱིས་སྒོམ་བྱུང་གི་མངོན་དུ་འགྱུར་བ་ནི་མེད་དེ། ཐོས་པའི་དོན་ཚུལ་བཞིན་དུ་རིགས་པས་དཔྱད་པ་ལས་བསམ་བྱུང་གི་ཤེས་རབ་སྐྱེ་ལ། བསམ་པའི་དོན་རྩེ་གཅིག་ཏུ་བསྒོམ་པ་ལས་བསྒོམ་བྱ་མངོན་སུམ་དུ་འགྱུར་བའི་ཡང་དག་པའི་ཡེ་ཤེས་སྐྱེ་བའི་ཕྱིར་རོ། །དེ་སྐད་དུ་ཡང་རྒྱན་ལས། འདི་ན་དང་པོ་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང ། །ཚུལ་བཞིན་ཡིད་ལ་བྱེད་པ་ལས་ཀྱང་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང་། །ཞེས་གསུངས་སོ། །གཞན་ཡང་དགོངས་འགྲེལ་དུ། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་འགྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་ཀུན་གཞིའི་རྣམ་ཤེས་ཉན་རང་གི་རིགས་ཅན་རྣམས་ལ་མཚན་ཉིད་ཇི་ལྟ་བ་བཞིན་མ་བསྟན་པར་བཤད་ཅིང་། ཀུན་གཞིའི་རྣམ་ཤེས་མ་རྟོགས་པར་ཡང་ཤེས་བྱ་ངོ་བོ་ཉིད་གསུམ་གྱི་མཚན་ཉིད་མི་རྟོགས་ལ། དེ་མ་རྟོགས་པར་ཡང་ཆོས་ཀྱི་བདག་མེད་མི་རྟོགས་པའི་ཕྱིར་ཡང་ཉན་རང་དག་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པ་ཡིན་ནོ། །མངོན་པར་རྟོགས་པའི་རྒྱན་ལས་གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་རང་རྒྱལ་ལ་གཟུང་བ་རང་བཞིན་མེད་པར་རྟོགས་པ་ཡོད་པར་བཤད་ཅིང་། མངོན་པ་ཀུན་ལས་བཏུས་སུ། རང་རྒྱལ་རྣམས་ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པར་བཤད་ཅིང་། དེ་ལས་ཀྱང་གཟུང་བ་རང་བཞིན་མེད་པ་མ་བསྟན་ལ། ཆེར་འོས་སེམས་བསྐྱེད་སྤངས་པའི་སྐྱེ་བོ་དག །ཅེས་པའི་ལུང་ལས་ནི། ཐེག་ཆེན་གྱི་སྡེ་སྣོད་ལ་ཡང་བློ་མི་སྦྱོང་བས་གཟུང་མེད་རྟོགས་པའི་རྒྱུ་ཅི་ཡིན་དཔྱད་དགོས་པས་མཁས་པ་དག་གིས་རྣམ་པར་དཔྱོད་ཅིག །སྔོན་ཆད་ཐེ་ཚོམ་ཙམ་ཡང་མ་ཞུགས་པར་སྣང་སྟེ། ཁོ་བོས་ནི་དོན་འདི་ཤིན་ཏུ་དཀའ་བར་རྟོགས་སོ། །གལ་ཏེ་ཉན་རང་དག་ཐེག་པ་ཆེན་པོའི་སྡེ་སྣོད་ལ་མི་དམིགས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་ཐེག་པ་ཆེན་པོའི་མདོ་སྡེ་དག་ལས། ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ་དགེ་སློང་འདི་སྙེད་ཅིག་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །འདི་སྙེད་ཅིག་གིས་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་དྲི་མ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་ཐོབ་ཅེས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་དོན་བསྟན་པ་ལས། ཉན་རང་དག་ལ་མངོན་པར་རྟོགས་པ་སྐྱེ་བར་བཤད་པ་ཅི་ཞེ་ན། ཉན་རང་གི་རིགས་ཅན་གྱི་གང་ཟག་ནི་གཉིས་ཏེ། རྒྱུད་མ་སྨིན་པ་དང་སྨིན་པའོ། །དང་པོ་དག་གིས་སྟོན་པ་ལས་ཆོས་ཐོས་ཙམ་གྱིས་མངོན་པར་རྟོགས་པ་སྐྱེ་བར་མི་འགྱུར་གྱི། དང་པོར་ལུང་ནོད་པ་དང་ཁ་འདོན་བྱེད་པ་སོགས་ཀྱིས་ལུང་གི་ཆོས་ཐོས་པས་ཀུན་ཆུབ་པར་བྱེད། དེའི་འོག་ཏུ་རིགས་པ་རྣམ་པ་བཞི་ལ་བརྟེན་ནས་ཐོས་པའི་དོན་ལ་ཚུལ་བཞིན་དུ་རྣམ་པར་དཔྱད་པས་བསམ་བྱུང་གི་ཤེས་རབ་བསྐྱེད་པར་བྱེད་དོ། །དེའི་འོག་ཏུ་བསམས་པའི་དོན་དེ་ཉིད་སྦྱོར་བ་གཉིས་ལྡན་གྱི་སྒོ་ནས་གོམས་པར་བྱས་པས་ཡང་དག་པའི་དོན་ཇི་ལྟ་བ་བཞིན་མངོན་དུ་བྱེད་པའི་སྒོམ་བྱུང་གི་ཡེ་ཤེས་སྐྱེས་ནས་རྣམ་གྲོལ་ཐོབ་པ་ཡིན་ལ། དེ་ལྟ་བུའི་གང་ཟག་ནི་ཉན་ཐོས་ཀྱི་སྡེ་སྣོད་ཁོ་ན་ལ་དམིགས་ནས་ཐོས་པ་སོགས་བྱེད་པས། དེའི་དབང་དུ་བྱས་ནས་ཉན་རང་གི་སྒྲུབ་པའི་དམིགས་པ་ཉན་ཐོས་ཀྱི་སྡེ་སྣོད་ཡིན་པར་བཤད་དོ། །རྒྱུད་སྨིན་པ་དག་ནི་སྐྱེ་བ་གཞན་དུ་ཐོས་བསམ་སྒོམ་གསུམ་གྱིས་གོམས་པར་བྱས་པས་རྒྱུད་ཤིན་ཏུ་སྨིན་པའི་ཕྱིར་ཚེ་འདིར་གཞན་ལ་ཆོས་ཀྱི་དེ་ཁོ་ན་ཉིད་སྟོན་པའི་ལུང་ཐོས་པ་ཙམ་གྱི་རྐྱེན་ལས་མངོན་པར་རྟོགས་པ་སྐྱེས་ཤིང་གྲོལ་བ་ཐོབ་སྟེ། དེ་ཡང་ཁ་ཅིག་ནི་ངོ་བོ་ཉིད་མེད་པར་སྟོན་པའི་ལུང་ཐོས་པའི་རྐྱེན་ལས། ཁ་ཅིག་ནི་བདེན་བཞི་མི་རྟག་སོགས་སུ་སྟོན་པའི་ལུང་ཐོས་པའི་རྐྱེན་ལས་རྣམ་གྲོལ་ཐོབ་པ་འགྱུར་རོ། །དེའི་ཕྱིར་ཐེག་པ་ཆེ་ཆུང་གི་མདོ་སྡེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ན་དགེ་སློང་མང་པོས་གྲོལ་བ་ཐོབ་པར་བཤད་དོ། །ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་པའི་ལུང་ལས་ཉན་ཐོས་དག་ལ་རྟོགས་པ་སྐྱེ་ན་དེ་དག་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་འགལ་ལོ་ཞེ་ན། ངོ་བོ་ཉིད་མེད་པར་བསྟན་པའི་མདོའི་དགོངས་པ་ནི་གཉིས་ཏེ། གང་ཟག་གི་བདག་གི་ངོ་བོ་ཉིད་མེད་པ་དང་། ཆོས་ཀྱི་བདག་གི་ངོ་བོ་ཉིད་མེད་པའོ། །དང་པོ་ནི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་རྐྱེན་གཞན་ལ་རག་ལས་པས་རང་གི་བདག་ཉིད་ཀྱིས་མི་འབྱུང་བ་དང་། སྐད་ཅིག་གིས་འཇིག་པས་ངོ་བོ་ཉིད་ལ་མི་གནས་པ་དང་། བྱིས་པ་རྣམས་ཀྱིས་བདག་དང་སེམས་ཅན་སོགས་ཀྱི་ངོ་བོར་ཇི་ལྟར་བཟུང་བ་བཞིན་དུ་མ་གྲུབ་པའོ། །གཉིས་པ་ནི། ཀུན་བཏགས་བཏགས་པ་ཙམ་དུ་ཟད་པས་རང་གི་མཚན་ཉིད་ཀྱི་ངོ་བོ་ཉིད་མེད་པ་དང་། གཞན་དབང་རྐྱེན་གཞན་ལ་རག་ལས་པས་སྐྱེ་བ་ངོ་བོ་ཉིད་མེད་པ་དང་། ཡོངས་གྲུབ་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས་དོན་དམ་ངོ་བོ་ཉིད་མེད་པ་ཡིན་ཏེ། མངོན་པ་ཀུན་ལས་བཏུས་ལས། ཤིན་ཏུ་རྒྱས་པ་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཞེས་གསུངས་པ་ལ་དགོངས་པ་གང་ཞེ་ན། བདག་ཉིད་ཀྱིས་མི་འབྱུང་བ་དང་། རང་གི་བདག་ཉིད་དུ་མེད་པ་དང་། རང་གི་ངོ་བོ་ཉིད་ལ་མི་གནས་པ་དང་། བྱིས་པས་བཟུང་བ་བཞིན་དུ་མཚན་ཉིད་མེད་པའི་ཕྱིར་རོ། །ཡང་ཀུན་བཏགས་པའི་ངོ་བོ་ཉིད་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་དང་། གཞན་གྱི་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད་པ་དང་། ཡོངས་སུ་གྲུབ་པ་ལ་དོན་དམ་པ་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཞེས་བཤད་དོ། །དེ་ལ་ཉན་ཐོས་ཀྱི་རིགས་ཅན་རྒྱུད་སྨིན་པ་དག་གིས་ནི་སྔོན་གང་ཟག་གི་བདག་མེད་པ་ཙམ་ལ་གོམས་པར་བྱས་པའི་ཕྱིར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་པ་ན། ངོ་བོ་ཉིད་མེད་པ་དང་པོ་རྟོགས་ཀྱི། བློ་ཞན་པའི་ཕྱིར་དང་གོམས་པར་མ་བྱས་པའི་ཕྱིར་གཉིས་པ་ནི་མ་ཡིན་ནོ། །དེའི་ཕྱིར་ངོ་བོ་ཉིད་མེད་པར་བསྟན་པ་དག་ལས་ཀྱང་ཉན་ཐོས་དག་ལ་རྟོགས་པ་སྐྱེ་བ་མི་འགལ་བར་བལྟའོ། །དེ་ལྟར་ན་ཐོགས་མེད་སྐུ་མཆེད་ལ་སོགས་པ་བྱམས་ཆོས་རྗེས་འབྲང་དང་བཅས་པ་དག་ནི་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མི་བཞེད་ལ། རྒྱུ་མཚན་ཡང་ཁོ་བོས་གོང་དུ་བསྙད་པ་རྣམས་དཔྱིས་ཕྱིན་ཞིང་འཁྲུལ་པ་མེད་པ་ཡིན་ནོ། །

ཀླུ་སྒྲུབ་ཡབ་སྲས་ཀྱི་རྗེས་སུ་འབྲང་བ་དག་ལ་ལེགས་ལྡན་འབྱེད་ཡེ་ཤེས་སྙིང་པོ་ཞི་བ་འཚོ་དཔོན་སློབ་དང་བཅས་པ་རྣམས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་བཞེད་པར་མངོན་ཡང་། སློབ་དཔོན་དེ་དག་གིས་ཀླུ་སྒྲུབ་ཀྱི་དགོངས་པ་ཇི་ལྟ་བ་བཞིན་མ་རྟོགས་པར། དཔལ་ལྡན་ཟླ་བ་གྲགས་པའི་གཞུང་ལས་བཤད་པས་འཕགས་པའི་དགོངས་པ་མ་ཡིན་ནོ། །དེས་ན་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་ལ་འཕགས་པ་གསུམ་གྱི་མཉམ་གཞག་གི་རྟོགས་པ་ལ་བྱེ་བྲག་མེད་དེ། ཐམས་ཅད་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཕྱིར་རོ། །དེ་སྐད་དུ་ཡང་དབུ་མ་བསྟོད་པར། མཚན་མ་མེད་པར་མ་རྟོགས་པར། ཁྱོད་ཀྱིས་ཐར་པ་མེད་པར་གསུངས། །ཞེས་དང་། ཉན་ཐོས་རྣམས་དང་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱིས་ངེས་བསྟེན་པའི། །ཐར་ལམ་ཁྱོད་ཉིད་གཅིག་པུ་སྟེ། །གཞན་ཞེས་བགྱི་བ་མ་མཆིས་ངེས། །ཞེས་གསུངས་སོ། །ཉན་རང་རྣམས་ཀྱིས་ཆོས་རང་བཞིན་མེད་པར་རྟོགས་སོ་ཞེས་བྱ་བ་འདི་ཡང་། རིགས་པ་དང་ལུང་གིས་ཤེས་པར་བྱ་སྟེ། དེ་ལ་རིགས་པ་ནི་གལ་ཏེ་དེ་དག་གིས་ཕུང་པོ་རང་བཞིན་མེད་པར་མ་རྟོགས་ན་བདག་ཏུ་འཁྲུལ་པའི་གཞི་མ་སྤངས་པར་འགྱུར་ཏེ། ཇི་སྐད་དུ། དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་བདག་གམ་བདག་གིར་ཡང་དག་པར་རྗེས་སུ་ལྟ་བ་འདི་དག་ནི་ཉེ་བར་ལེན་པའི་ཕུང་པོ་འདི་དག་ཁོ་ན་ལའོ་ཞེས་གསུངས་པས། ཕུང་པོ་ཉིད་བདག་གི་འཁྲུལ་གཞི་ཡིན་པའི་ཕྱིར་རོ། །དེས་ན་ཕུང་པོར་མངོན་པར་ཞེན་པ་ཡོད་ན་བདག་ཏུ་འཛིན་པ་ངང་གིས་སྐྱེ་བར་འགྱུར་བས་ལས་དང་ཉོན་མོངས་པ་ཀུན་ཏུ་འབྱུང་བར་འགྱུར་ལ། དེའི་ཕྱིར་འཁོར་བ་ལས་གྲོལ་བར་མི་འགྱུར་རོ། །དེ་སྐད་དུ་ཡང་རིན་པོ་ཆེའི་ཕྲེང་བར། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་པ་ལས་ཡང་ལས་ཏེ། །ལས་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་གསུངས་སོ། །གལ་ཏེ་བདག་ཏུ་འཛིན་པ་ཕུང་པོར་འཛིན་པ་ཙམ་ལས་སྐྱེ་བ་མ་ཡིན་གྱི། བདེ་བ་དང་རྟག་པ་སོགས་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པ་ཡོད་ན་སྐྱེ་བ་ཡིན་ལ། ཉན་རང་དག་གིས་ཕུང་པོ་མི་རྟག་པ་སོགས་སུ་བསྒོམས་པས་བདག་ཏུ་འཛིན་པ་དེའི་རྒྱུ་ཅན་གྱི་ལས་དང་ཉོན་མོངས་པ་དག་ཀྱང་སྤངས་ནས་གྲོལ་བར་འགྱུར་རོ་ཞེ་ན། ཕུང་པོ་མི་རྟག་པ་ལ་སོགས་པ་རྟོགས་པས་ནི། བདག་ཏུ་འཛིན་པ་ལ་སོགས་པ་ཉོན་མོངས་པའི་བག་ལ་ཉལ་དྲུངས་ནས་འབྱིན་ནུས་པ་མ་ཡིན་ཏེ། གཉིས་ཀའང་ཕུང་པོའི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་གོལ་བའི་ལོག་ཤེས་སུ་མཚུངས་པའི་ཕྱིར་རོ། །དཔེར་ན་འདོད་ཆགས་དང་ཁོང་ཁྲོ་ཕན་ཚུན་འཛིན་སྟངས་འགལ་ཡང་། ཕན་ཚུན་དྲུངས་ནས་འབྱིན་བྱེད་མ་ཡིན་པ་བཞིན་ནོ། །འདི་ལྟར་ཕུང་པོའི་རང་བཞིན་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་རྣམས་ཀྱིས་ཇི་ལྟར་ཞེན་པར་མ་གྲུབ་པ་ལྟར་གྱི་རྟག་བདེ་དང་སྡུག་མི་སྡུག་སོགས་ཀྱི་ངོ་བོར་མ་གྲུབ་པར་ལྟར། མི་རྟག་པ་སོགས་ཀྱི་རང་བཞིན་དུ་ཡང་མ་གྲུབ་སྟེ། རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །གཞན་ཡང་ཕུ ང་པོ་མི་རྟག་པ་སོགས་སུ་འཛིན་པ་ནི་ཕུང་པོའི་གནས་ལུགས་མ་རྟོགས་པ་ཡིན་ལ། གནས་ལུགས་མ་རྟོགས་པར་ཡང་སྒྲིབ་པ་འཇོམས་པ་མ་ཡིན་ཏེ། དབུ་མ་འཇུག་པ་ལས། གང་ཕྱིར་འདི་ན་དེ་ཉིད་ཤེས་ལས་དྲི་མ་མཐའ་དག་སེལ་བ་ནི། །ལྷུན་ལེན་གཞན་མེད། ཅེས་གསུངས་པ་ལྟར་རོ། །གལ་ཏེ་ཀུན་རྫོབ་ཏུ་ཕུང་པོ་མི་རྟག་པ་དང་། སྡུག་བསྔལ་ལ་སོགས་པར་གནས་པའི་ཕྱིར་དེ་ལྟར་རྟོགས་པའི་ཕྱིན་ཅི་མ་ལོག་པ་དང་། རྟག་སོགས་སུ་འཛིན་པ་ཕྱིན་ཅི་ལོག་པ་ཡིན་པ་སྤང་གཉེན་དུ་རུང་ངོ་ཞེ་ན། གལ་ཏེ་ཉན་རང་གི་ཕུང་པོ་འདི་དག་ཀུན་རྫོབ་ཙམ་ཏུ་མི་རྟག་པའོ་སྙམ་དུ་རྟོགས་ན། དེས་གཟུགས་ལ་སོགས་པའི་ཕུང་པོ་རྣམས་དོན་དམ་པར་རང་བཞིན་མེད་པར་རྟོགས་དགོས་ཏེ། གཞན་དུ་ན་དེ་དག་ཀུན་རྫོབ་པར་རྟོགས་པ་འགལ་བའི་ཕྱིར་རོ། །གལ་ཏེ་ཕུང་པོ་འདི་དངོས་པོ་མི་རྟག་པའོ་སྙམ་དུ་རྟོག་ན། ཀུན་རྫོབ་ཏུ་ཕུང་པོ་རྟག་སོགས་སུ་མི་གནས་པ་ལྟར། མི་རྟག་པ་སོགས་སུ་ཡང་དོན་ལ་མི་གནས་པས་སྤང་གཉེན་དུ་མི་རུང་བའི་ཐལ་བ་སོ་ན་འདུག་གོ །འོ་ན་མདོ་སྡེ་དག་ལས། དགེ་སློང་གཟུགས་རྟག་པའམ་མི་རྟག་པ་ཡིན། བཙུན་པ་མི་རྟག་པ་ལགས་སོ། །གང་མི་རྟག་པ་དེ་བདེ་བའམ་སྡུག་བསྔལ་བ་ཡིན། བཙུན་པ་སྡུག་བསྔལ་བ་ཡིན་ནོ། །གང་མི་རྟག་པ་སྡུག་བསྔལ་བ་རྣམ་པར་འགྱུར་བའི་ཆོས་ཅན་དེ་ལ་འདི་ནི་ངའོ་འདི་ནི་ང་ཡིའོ། །འདི་ནི་ངའི་བདག་གོ་ཞེས་ལྟར་རུང་ངམ། བཙུན་པ་དེ་ནི་མ་ལགས་ཏེ་ཞེས་གསུངས་པ་ལས་ལྔ་སྡེ་བཟང་པོ་ལ་འཕགས་པའི་ཡེ་ཤེས་སྐྱེས་པར་བཤད་པ་ཅི་ཞེ་ན། འདི་དང་གཞན་ཡང་གང་དུ་སྐྱེ་བ་དང་འཇིག་པའི་རྣམ་པར་ཆོས་བསྟན་པའི་མདོ་སྡེ་དག་ལས། གདུལ་བྱ་གང་དག་རྒྱུད་མ་སྨིན་པ་དེ་དག་གིས་ནི་གཟུགས་སོགས་དོན་ལ་སྐྱེ་བ་དང་འཇིག་པའི་རང་བཞིན་ཅན་དུ་རྟོགས་ནས་རྟག་སོགས་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པ་སྤོང་ཞིང་རྒྱུད་སྨིན་པའི་བྱ་བ་ཙམ་བྱེད་དེ། རིགས་པ་དྲུག་ཅུ་པ་ལས། སྐྱེ་བ་དང་ནི་འཇིག་པ་དག །དགོས་པའི་དོན་དུ་བསྟན་པའོ། །སྐྱེ་བ་ཤེས་པས་འཇིག་པ་ཤེས། །འཇིག་པ་ཤེས་པས་མི་རྟག་ཤེས། །མི་རྟག་ཉིད་ལ་འཇུག་ཤེས་པས། །ཆོས་ཀྱི་ཚུལ་ཡང་རྟོགས་པར་འགྱུར། །ཞེས་གང་གསུངས་པ་ཡིན་ནོ། །སྔོན་སྟོང་པ་ཉིད་གོམས་པའི་བག་ཆགས་ཡོངས་སུ་སྨིན་པ་དག་གིས་ནི། སྐྱེ་འཇིག་གི་རྣམ་པར་ཆོས་སྟོན་པ་ལས་ཀྱང་རང་བཞིན་མེད་པའི་དོན་རྟོགས་ཏེ། སྐྱེ་བ་དང་འཇིག་པ་དག་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་རང་བཞིན་མེད་པ་ཁོ་ན་ལ་རུང་གི རང་བཞིན་གཞན་དུ་འགྱུར་བ་མི་འཐད་པའི་ཕྱིར་རང་བཞིན་དང་བཅས་པ་ལ་ནི་མ་ཡིན་ནོ། །དེ་སྐད་དུ་དབུ་མ་རྩ་བར། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མ་ཡིན། ཞེས་དང་། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གང་གསུངས་པ་ཡིན་ནོ། །ཅི་སྟེ་ཉན་རང་དག་ནི་ཐེག་པ་དམན་པའི་སྡེ་སྣོད་ལ་དམིགས་ནས་ཐོས་བསམ་བྱེད་ཅིང་། དེ་ལས་ཀྱང་ཆོས་རང་བཞིན་མེད་པར་མ་བསྟན་པའི་ཕྱིར་ཇི་ལྟར་ཉན་རང་དག་གིས་ཆོས་རང་བཞིན་མེད་པར་རྟོགས་ཞེ་ན། མ་ཡིན་ཏེ། ཉན་ཐོས་ཀྱི་སྡེ་སྣོད་ལས་ཀྱང་རང་བཞིན་མེད་པའི་དོན་བསྟན་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། ཁ་ཅིག་ལས་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་སོགས་དང་། གཟུགས་རྟག་པའམ་མི་རྟག་པ་ཡིན། བཙུན་པ་མི་རྟག་པ་ལགས་སོ། །ཞེས་པ་ལ་སོགས་པས་དངོས་སུ་སྐྱེ་བ་དང་འཇིག་པ་ལ་སོགས་པ་ཀུན་རྫོབ་ཀྱི་རྣམ་པ་གསལ་བར་མཛད་ནས་ཤུགས་ལ་རང་བཞིན་མེད་པའི་དོན་བསྟན་ཏེ། དབུ་མ་རྩ་བར། བཅོམ་ལྡན་འདས་ཀྱིས་ཆོས་གང་ཞིག །སླུ་བ་དེ་ནི་རྫུན་ཞེས་གསུངས། །འདུ་བྱེད་ཐམས་ཅད་སླུ་བའི་ཆོས། །དེས་ན་དེ་དག་རྫུན་པ་ཡིན། །བཅོམ་ལྡན་འདས་ཀྱིས་དེ་གསུངས་པ། །སྟོང་ཉིད་ཡོངས་སུ་བསྒྲགས་པ་ཡིན། །ཞེས་གསུངས་སོ། ཁ་ཅིག་ལས་ནི་དངོས་སུ་རང་བཞིན་མེད་པའི་དོན་གསུངས་ཏེ། ཇི་སྐད་དུ། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀ་ཏ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང་། །མེད་པ་གཉིས་ཀའང་དགག་པར་མཛད། །ཅེས་དང་། ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །གཞན་གྱི་ཟད་པ་སྟོང་པ་ཉིད། །ཟད་དང་མི་སྐྱེ་ཤེས་པ་ནི། །གཅིག་པས་དེ་ཕྱིར་བཟོད་པར་གྱིས། །ཞེས་གསུངས་སོ། །དེ་དག་ནི་ཉན་རང་གིས་ཆོས་རང་བཞིན་མེད་པར་རྟོགས་པའི་ཉན་ཐོས་ཀྱི་སྡེ་སྣོད་ཀྱི་ལུང་དུ་ཡང་འགྱུར་རོ། །ཐེག་ཆེན་གྱི་ལུང་གི་ཁུངས་ཀྱང་ཡོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །རང་སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་སོགས་གསུངས་ཤིང་། འཕགས་པ་བསྡུས་པ་ལས་ཀྱང་། གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང་། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ། །བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་ནུས་ཏེ། །དཔེར་ན་ཚུ་རོལ་ཕ་རོལ་འགྲོ་ངོགས་མི་མཐོང་བཞིན། །ཞེས་གསུངས་པ་དང་། འཕགས་པ་ས་བཅུ་པ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་རྒྱལ་པོའི་རིགས་སུ་སྐྱེས་པའི་རྒྱལ་པོའི་བུ་རྒྱལ་པོའི་མཚན་དང་ལྡན་པ་ནི་སྐྱེས་པ་ཙམ་གྱིས་རྒྱལ་པོའི་བྱིན་གྱིས་བློན་པོའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་གྱི། རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །ནམ་དེ་ནར་སོན་པར་གྱུར་པ་དེའི་ཚེ་རང་གི་བློའི་སྟོབས་སྐྱེས་པས་བློན་པོའི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ལྷག་པའི་བསམ་པའི་ཆེ་བ་ཉིད་ཀྱིས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་གྱི་རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ། །ཞེས་གསུངས་སོ། །ལུང་འདིས་ནི་ཉན་རང་རྣམས་ལ་ཡང་ཆོས་རང་བཞིན་མེད་པར་རྟོགས་པ་ཡོད་པར་གསལ་པོར་བསྟན་ཏེ། དེ་ལྟ་མ་ཡིན་ན། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་བློའི་སྟོབས་ཀྱིས་ཀྱང་ཉན་རང་དག་ཟིལ་གྱིས་གནོན་པར་འགྱུར་ཏེ། དེ་དག་ལ་ཆོས་རང་བཞིན་མེད་པར་རྟོགས་པ་མེད་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་ལ་ཡོད་པའི་ཕྱིར་རོ། །ཉན་རང་དག་གིས་ཆོས་ཀྱི་བདག་མེད་རྟོགས་ཀྱང་ཤེས་སྒྲིབ་ཟད་པར་སྤོང་བ་མ་ཡིན་ཏེ། དང་པོར་ཐོས་བསམ་གྱིས་རྒྱས་པར་གཏན་ལ་མ་ཕབ་པའི་ཕྱིར་དང་། དེའི་འོག་ཏུ་སྒོམ་བྱུང་གིས་ཡུན་རིང་དུ་གོམས་པར་མ་བྱས་པའི་ཕྱིར་རོ། །ཤེས་སྒྲིབ་གཏན་མི་སྤོང་བ་ཡང་མ་ཡིན་ཏེ། ཉོན་སྒྲིབ་ཀྱི་རྩ་བར་གྱུར་པའི་ཕུང་པོ་ལ་མངོན་པར་ཞེན་པ་སྤངས་པའི་ཕྱིར་རོ། །ཉན་ཐོས་ཀྱི་སྡེ་སྣོད་ལས་ཀྱང་ཆོས་ཀྱི་བདག་མེད་བསྟན་ན། ཐེག་པ་ཆེན་པོ་དང་ཁྱད་པར་ཅི་ཡོད་ཅེ་ན། ཐེག་པ་ཆེན་པོར་ནི་ཆོས་ཀྱི་བདག་མེད་རྒྱས་པར་བསྟན་པ་དང་། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་དང་། ཕ་རོལ་ཏུ་ཕྱིན་པ་དང་། སྨོན་ལམ་དང་ཡོངས་སུ་བསྔོ་བ་ལ་སོགས་པ་ཐབས་ཁྱད་པར་ཅན་བསྟན་པས་ཀྱང་ཉན་ཐོས་ཀྱི་ཐེག་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེ་སྐད་དུ་ཡང་། རིན་པོ་ཆེའི་ཕྲེང་བར། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །བྱང་ཆུབ་སྤྱོད་ལ་གནས་པའི་དོན། །མདོ་སྡེ་ལས་ནི་བཀའ་མ་བསྩལ། །ཐེག་པ་ཆེ་ལས་བཀའ་བསྩལ་པ། །དེ་ཕྱིར་མཁས་པ་རྣམས་ཀྱིས་བཟུང་། །ཞེས་གསུངས་སོ། །དེ་བས་ན་ཆོས་རང་བཞིན་མེད་པ་རྟོགས་པའི་ཤེས་རབ་དེ་ཉིད་ཐབས་སྙིང་རྗེ་ཆེན་པོ་དང་བྲལ་བས་ནི་ཉན་རང་གི་བྱང་ཆུབ་ཏུ་བགྲོད་པར་བྱེད་ལ། སྙིང་རྗེ་ཆེན་པོས་ཟིན་པ་ལས་ནི་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བགྲོད་པར་བྱེད་དེ། དེའི་ཕྱིར་ཆོས་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཉིད་ཐེག་པ་གསུམ་གྱི་འཕགས་པའི་གང་ཟག་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཡིན་ཞིང་། ཐེག་པ་ཆེ་ཆུང་གི་ཁྱད་པར་ནི་སེམས་བསྐྱེད་ལ་སོགས་པ་ཐབས་ཀྱིས་ཟིན་པ་དང་མ་ཟིན་པ་ལས་རྣམ་པར་དབྱེའོ། །འཕགས་པ་ཀུན་གྱིས་ཕྱོགས་ཐམས་ཅད་དང་བྲལ་བ་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་དབུ་མའི་ལམ་རྟོགས་པའི་ཕྱིར་དབུ་མ་པར་ཡང་ཁྱད་པར་མེད་དེ། ཇི་སྐད་དུ་ཡང་། རིགས་པ་དྲུག་ཅུ་པ་ལས། གང་བློ་ཡོད་དང་མེད་པ་ལས། །རྣམ་པར་འདས་ནས་མི་གནས་པ། །དེ་དག་གིས་ནི་རྐྱེན་གྱི་དོན། །ཟབ་མོ་དམིགས་མེད་རྣམ་པར་བསྒོམ། །ཞེས་དང་། རྩོད་མེད་ཕྱེ་བའི་བདག་ཉིད་ཅན། །དེ་དག་ལ་ནི་ཕྱོགས་ཉིད་མེད། །གང་རྣམས་ལ་ནི་ཕྱོགས་མེད་པ། །དེ་ལ་གཞན་ཕྱོགས་ག་ལ་ཡོད། །ཅེས་གསུངས་སོ། །གལ་ཏེ་ཉན་རང་དག་དབུ་མ་པ་མ་ཡིན་ན། རྟག་ཆད་གང་རུང་གི་མཐར་ལྷུང་བར་འགྱུར་ན། དེ་ཡང་རིགས་པ་མ་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཁོ་ན་ཉིད་མ་རྟོགས་པར་ཐལ་བའི་ཕྱིར་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཁོ་ན་ཉིད་རྟོགས་ན་ཡང་དབུ་མའི་དེ་ཁོ་ཉིད་མ་རྟོགས་པ་འགལ་ཏེ། རྟེན་འབྲེལ་གྱི་དོན་ཉིད་དབུ་མའི་ལམ་ཡིན་པའི་ཕྱིར་ཏེ། དེ་སྐད་དུ་ཡང་སྟོང་ཉིད་བདུན་ཅུ་པ་ལས། གང་གིས་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པར། །གསུང་པ་མཚུངས་པ་མེད་པ་ཡི། །སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་དང་། དབུ་མ་རྩ་བར། གང་ལ་བརྟེན་ནས་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཏེ། །དེ་ཕྱིར་ཆད་མིན་རྟག་པ་མིན། །ཞེས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་སོ། །གཞན་ཡང་དབུ་མ་རྩ་བར། སངས་རྒྱས་འཇིག་རྟེན་མགོན་རྣམས་ཀྱིས། །བསྟན་པ་བདུད་རྩིར་གྱུར་པ་དེ། །དོན་གཅིག་མ་ཡིན་ཐ་དད་མིན། །རྟག་པ་མ་ཡིན་ཆད་པ་མིན། །ཞེས་དང་། གང་དང་བདག་དང་དངོས་རྣམས་ལ། །དེ་བཅས་ཉིད་དང་ཐ་དད་པར། །སྟོན་པ་དེ་དག་བསྟན་དོན་ལ། །མཁས་སོ་སྙམ་དུ་མི་སེམས་སོ། །ཞེས་གསུངས་པ་དང་། རིན་པོ་ཆེའི་ཕྲེང་བར་ཡང་། འཇིག་རྟེན་གྲངས་ཅན་འུག་ཕྲུག་པ། །གོས་མེད་བཅས་སོགས་གལ་ཏེ་ཞིག །ཡོད་མེད་འདས་པ་སྨྲ་ན་དྲིས། །དེ་ཕྱིར་སངས་རྒྱས་རྣམས་ཀྱི་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བྱ་བ། །ཆོས་ཀྱི་ཞུགས་པ་ཡིན་ཞེས་གྱིས། །ཞེས་སོགས་ཀྱིས་སངས་རྒྱས་ཀྱི་དགོངས་པ་རྟག་ཆད་སྤངས་པ་དབུ་མའི་ལམ་དུ་བསྟན་པས། བསྟན་པ་ལ་ལེགས་པར་ཞུགས་པའི་འཕགས་པ་ཀུན་ཀྱང་དབུ་མའི་ལམ་ལ་གནས་པར་ཆེས་གསལ་པོར་བསྟན་པ་ཡིན་ཏེ། གཞན་དུ་ན་བསྟན་པ་ལ་ལེགས་པར་ཞུགས་པ་མ་ཡིན་པར་ཐལ་བའི་ཕྱིར་རོ། །དེ་བས་ནདབུ་མ་པ་དང་། ཐེག་པ་ཆེན་པོ་པ་དོན་གཅིག་ཏུ་བསམས་ནས་ཉན་རང་གི་ཆོས་རང་བཞིན་མེད་པར་རྟོགས་ཀྱང་དབུ་མ་པ་མ་ཡིན་ནོ་ཞེས་སྨྲ་བ་ནི། རི་བོང་གི་ཅལ་བཞིན་དུ་སྒྲ་ཙམ་གྱི་རྗེས་སུ་འབྲང་བར་ཟད་དོ། །དབུ་མའི་ལུགས་སུ་མ་ཟད་གྲུབ་མཐའ་སྨྲ་བ་འོག་མ་དག་གི་ལུགས་ལ་ཡང་། ཐེག་པ་གསུམ་གྱི་འཕགས་པ་ཐམས་ཅད་རང་རང་གི་ལུགས་ཀྱི་རྟག་ཆད་སྤངས་པ་དབུ་མའི་ལམ་ལ་གནས་པར་འདོད་དེ། སངས་རྒྱས་ཀྱི་བསྟན་པ་རྟག་ཆད་སྤངས་པ་དབུ་མའི་ལམ་སྟོན་པས་གཞན་ལས་ཁྱད་པར་དུ་འཕགས་པའི་ཕྱིར་དང་། རང་རང་གི་གྲུབ་མཐའ་ཡང་སངས་རྒྱས་ཀྱི་བསྟན་པ་ཕྱིན་ཅི་མ་ལོག་པར་ཁས་འཆེ་བའི་ཕྱིར་དང་། འཕགས་པ་ཀུན་ཀྱང་བསྟན་པ་ལ་ལེགས་པར་ཞུགས་པར་འདོད་པའི་ཕྱིར་རོ། །

གྲུབ་མཐའ་སྨྲ་བ་རྣམས་ཀྱིས་རྟག་ཆད་སྤོང་ཚུལ་ཇི་ལྟ་བུ་ཞེ་ན། ཆོས་ལ་རྟག་ཆད་སྤོང་ཚུལ་དང་། གང་ཟག་ལ་རྟག་ཆད་སྤོང་ཚུལ་གཉིས་ཡོད་ལ། དང་པོ་ལ་ཡང་རྒྱུ་འབྲས་སྤྱི་དང་། ལས་འབྲས་ཀྱི་འབྲེལ་བ་ལ་རྟག་ཆད་སྤོང་ཚུལ་གཉིས་སོ། །དེ་ལ་སྡེ་པ་གཉིས་པོ་དག་ཕྱི་ནང་གི་དངོས་པོ་རྣམས་སྐད་ཅིག་གིས་འཇིག་པའི་ཕྱིར་དང་། རྒྱུ་དང་རྗེས་སུ་མཐུན་པའི་འབྲས་བུ་འབྱུང་བའི་ཕྱིར་གོ་རིམ་བཞིན་དུ་རྟག་ཆད་ཀྱི་མཐར་མི་ལྷུང་བར་འདོད་དེ། འདི་ནི་རྒྱུ་འབྲས་སྤྱི་ལ་རྟག་ཆད་སྤོང་ཚུལ་ལོ། །དགེ་སྡིག་གི་ལས་རྣམས་བྱས་མ་ཐག་རང་གི་ངོ་བོ་འཇིག་པས་རྟག་པ་མ་ཡིན་ལ། བྱེ་བྲག་ཏུ་སྨྲ་བ་རྣམས་དེའི་རྒྱུན་རྗེས་སུ་འབྲེལ་བས་རྣམ་སྨིན་ཆུད་མི་ཟ་བས་ཆད་པའི་མཐར་མ་ལྷུང་བར་འདོད་ཅིང་། མདོ་སྡེ་པ་དག་རང་དང་རྗེས་སུ་མཐུན་པའི་འབྲས་བུ་སྐྱེད་པའི་ས་བོན་ཅན་གྱི་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་སྐྱེས་ཤིང་། དེས་མ་འོངས་པ་ན་རྣམ་སྨིན་འབྱིན་པས་ཆད་པའི་མཐར་མ་ལྷུང་བར་འདོད་དེ། དེ་ནི་ལས་འབྲས་ཀྱི་འབྲེལ་བ་ལ་རྟག་ཆད་སྤོང་ཚུལ་ལོ། །གཉིས་ཀ་ལ་ཡང་འཇིག་ལྟའི་ཡུལ་གྱི་བདག་རང་བཞིན་མེད་པའི་ཕྱིར་རྟག་པ་དང་མི་རྟག་པ་གང་དུ་ཡང་མ་གྲུབ་པར་འདོད་པས་གང་ཟག་གི་ཡུལ་ལ་རྟག་ཆད་ཀྱི་མཐའ་སྤོང་ཞིང་། མཐའ་བྲལ་གྱི་དོན་དེ་དག་ཀུན་ཀྱང་ཐེག་པ་གསུམ་གྱི་འཕགས་པ་ཐམས་ཅད་ཀྱིས་རྟོགས་པར་འདོད་དོ། །རྣམ་རིག་པ་དག་གཟུང་འཛིན་དུ་ཀུན་བཏགས་པའི་ཀུན་བཏགས་ངོ་བོ་ཉིད་ཀྱིས་མ་གྲུབ་པའི་ཕྱིར་རྟག་པའི་མཐར་མ་ལྷུང་ལ། གཞན་དབང་ཡང་དག་པ་མ་ཡིན་པའི་ཀུན་རྟོག་དོན་དམ་པར་རྫས་སུ་ཡོད་པས་ཆད་པའི་མཐར་མ་ལྷུང་སྟེ། འདི་ནི་རྒྱུ་འབྲས་སྤྱི་ལ་རྟག་ཆད་སྤོང་ཚུལ་ལོ། །དེ་སྐད་དུ་ཡང་དབུས་མཐར། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་འདི་ལ་ཡོད། །དེ་ལ་ཡང་ནི་འདི་ཡོད་དོ། །ཡོད་པས་མེད་པས་ཡོད་པས་ན། །འདི་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་སོ། །ལས་བྱས་མ་ཐག་ཏུ་འཇིག་པའི་ཕྱིར་རྟག་པ་མ་ཡིན་ལ། རང་འགགས་པ་དང་དུས་མཉམ་དུ་རྗེས་སུ་མཐུན་པའི་འབྲས་བུ་བསྐྱེད་པའི་ས་བོན་ཀུན་གཞི་ལ་བཞག་པས་དེ་ལས་ཕྱིས་རྐྱེན་ཇི་ལྟ་བ་བཞིན་དུ་འབྲས་བུ་འབྱུང་བས་ཆད་པ་མ་ཡིན་ཏེ། འདི་ནི་ལས་འབྲས་ཀྱི་འབྲེལ་བ་ལ་རྟག་ཆད་སྤོང་ཚུལ་ལོ། །ཕུང་པོ་རྣམས་ལ་གཞན་གྱིས་ཀུན་བཏགས་པའི་བདག་གི་མཚན་ཉིད་དང་བྲལ་བའི་ཕྱིར་རྟག་པ་མ་ཡིན་ལ། ཕུང་པོ་ཆོས་ཙམ་དུ་ཡོད་པའི་ཕྱིར་ཆད་པ་མ་ཡིན་ཏེ། འདི་ནི་གང་ཟག་ལ་རྟག་ཆད་སྤོང་བའི་ཚུལ་ལོ། །དེ་ལ་བྱང་སེམས་འཕགས་པ་རྣམས་ཀྱིས་མཐའ་བྲལ་གྱིས་ཐམས་ཅད་རྟོགས་ལ། ཉན་རང་འཕགས་པ་རྣམས་ཀྱིས་གང་ཟག་གི་ཡུལ་ལ་རྟག་ཆད་ཀྱི་མཐའ་དང་བྲལ་བར་རྟོགས་སོ། །དབུ་མ་པ་ནི་རྒྱུ་དང་འབྲས་བུ་གཅིག་ཡིན་ན་འབྲས་བུའི་དུས་ན་རྒྱུ་མ་འགགས་པས་རྟག་པར་འགྱུར་ལ། གཞན་ཡིན་ན་འབྲས་བུ་དོན་གཞན་ཡོད་ན་རྒྱུན་ཆད་པའི་ཉེས་པ་སྤོང་མི་ནུས་ཏེ། དཔེར་ན་བ་གླང་ཡོད་པས་རྟ་མ་ཤི་བར་མི་འགྱུར་བ་བཞིན་ནོ། །དེས་ན་འབྲས་བུའི་དུས་ན་རྒྱུ་ཆད་པར་འགྱུར་ན། རྒྱུ་དང་འབྲས་བུ་དེ་ཉིད་དང་གཞན་དུ་མེད་པས་རྟག་པ་དང་ཆད་པའི་མཐར་མ་ལྷུང་སྟེ། དེ་སྐད་དུ་ཡང་། གང་ལ་བརྟེན་ནས་གང་བྱུང་བ། །ཞེས་སོགས་སྔར་དྲངས་པ་ལྟར་རོ། །འདི་ནི་ཐ་སྙད་དུ་རྟག་ཆད་སྤོང་ཚུལ་ལོ། །གལ་ཏེ་དངོས་པོ་རྣམས་ལ་རང་བཞིན་ཅུང་ཟད་ཅིག་ཡོད་ན་རྣམ་པ་གཞན་མི་འཐད་པའི་ཕྱིར་རྟག་པའམ་མི་རྟག་པར་འགྱུར་ན། ཡང་དག་པར་ན་དངོས་པོ་རྣམས་ལ་རང་བཞིན་ཅུང་ཟད་ཀྱང་མེད་པའི་ཕྱིར་རྟག་མི་རྟག་གང་དུ་ཡང་དཔྱད་དུ་མེད་དེ། ཇི་སྐད་དུ། ཡང་ན་དངོས་པོ་ཐམས་ཅད་དག །སྟོང་ཕྱིར་རྟག་ལ་སོགས་ལྟ་བ། །གང་དང་གང་དུ་གང་ལས་ནི། །ཅི་ལས་ཀུན་ཏུ་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །འདི་ནི་དོན་དམ་པར་རྟག་ཆད་སྤོང་ཚུལ་ཏེ། དེ་དག་ནི་རྒྱུ་འབྲས་སྤྱི་ལ་རྟག་ཆད་སྤོང་ཚུལ་ལོ། །

གལ་ཏེ་ལས་ལ་རང་བཞིན་ཡོད། །རྟག་པར་འགྱུར་བར་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར། ལས་ལ་རང་བཞིན་ཡོད་ན་རྟག་པར་འགྱུར་ཡང་རང་བཞིན་མེད་པའི་ཕྱིར་རྟག་པ་མ་ཡིན་ལ། རང་བཞིན་མེད་པས་མ་སྐྱེས་ལ། མ་སྐྱེས་པའི་ཕྱིར་འགག་པར་མི་འགྱུར་ཏེ། འགག་པ་ནི་སྐྱེ་བ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །མ་འགགས་པའི་ལས་ལས་ཀྱང་འབྲས་བུ་འབྱུང་བ་མི་འགལ་བས་ལས་ཀྱི་འབྲས་བུ་ཆུད་ཟོས་པའམ་ཆད་པའི་མཐར་ལྷུང་བ་མ་ཡིན་ཏེ། ཇི་སྐད་དུ། གང་ཕྱིར་ལས་ནི་སྐྱེ་བ་མེད། །འདི་ལྟར་རང་བཞིན་མེད་དེའི་ཕྱིར། །གང་ཕྱིར་དེ་ནི་མ་འགགས་པ། །དེ་ཕྱིར་ཅུང་ཟད་མི་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །དེ་ནི་ལས་འབྲས་ཀྱི་འབྲེལ་བ་ལ་རྟག་ཆད་སྤོང་ཚུལ་ལོ། །རང་གཞན་གྱི་སྡེ་པ་དག་གིས་ཀུན་བཏགས་པའི་ཕུང་པོ་དང་གཅིག་དང་ཐ་དད་པའི་མཚན་ཉིད་ཅན་གྱི་བདག་ཐ་སྙད་དུ་ཡང་མ་གྲུབ་པས་རྟག་པའི་མཐར་མ་ལྷུང་ལ། ཕུང་པོ་ལ་བརྟེན་ནས་བཏགས་པའི་གང་ཟག་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་འདི་པ་ཙམ་གྱི་ངོ་བོ་ཤིང་རྟ་དང་བུམ་པ་ལ་སོགས་པ་བཞིན་དུ་ཐ་སྙད་ཀྱི་ཡན་ལག་ཏུ་གྱུར་པ་ཡོད་པས་ཆད་པའི་མཐར་མ་ལྷུང་སྟེ། འདི་ནི་གང་ཟག་གི་ཡུལ་ལ་རྟག་ཆད་ཀྱི་མཐའ་སྤོང་ཚུལ་ལོ། །མཐའ་བྲལ་གྱི་དོན་དེ་ཐམས་ཅད་ཀྱང་ཐེག་པ་གསུམ་གྱི་འཕགས་པ་ཐམས་ཅད་ཀྱིས་རྟོགས་པ་ཡིན་ནོ། །དེ་ལྟར་ན་ཇི་སྐད་བཤད་པའི་ཚུལ་དེས་གྲུབ་མཐའ་སྨྲ་བ་བཞི་ཀ་ཡང་རང་གི་ལྟ་བ་ཀུན་རྟག་ཆད་སྤངས་པ་དབུ་མའི་ལམ་དུ་འདོད་ཀྱང་། དངོས་པོར་སྨྲ་བ་རྣམས་ཡང་དག་པར་ན་རྟག་ཆད་ཀྱི་མཐར་ལྷུང་བ་ཡིན་ཏེ། དངོས་པོ་རང་བཞིན་དང་བཅས་པ་ཡིན་ན། རྟག་པའམ་མི་རྟག་པ་ལས་རྣམ་པ་གཞན་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་དབུ་མ་རྩ་བར། དངོས་པོ་ཁས་ལེན་ཡོད་ན་ནི། །རྟག་དང་མི་རྟག་ལྟ་བ་ནི། །ཐལ་བར་འགྱུར་ཏེ་དངོས་དེ་ནི། །རྟག་དང་མི་རྟག་འགྱུར་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །དེ་བས་ན་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་ཕྱིན་ཅི་མ་ལོག་པའི་རྗེས་སུ་འབྲང་བའི་སྐྱེས་བུ་དམ་པ་རྣམས་ཁོ་ན་དེ་བཞིན་གཤེགས་པ་རྣམས་ཀྱི་བགྲོད་པ་གཅིག་པའི་ལམ་ཐུགས་ཀྱི་སྙིང་པོ་མཐའ་བྲལ་དབུ་མའི་ལམ་ལ་ཡང་དག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བར་ཁོ་བོས་ཡང་དག་པའི་ལུང་རིགས་ཀྱི་སྒོ་ནས་རྣམ་རྟོག་ཡིད་ཆེས་ཤིང་གཏིང་ཚུགས་པའི་ཚུལ་གྱིས་རྟོགས་སོ། །དེ་སྐད་དུ་དབུ་མ་འཇུག་པར། འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །བདེན་གཉིས་ཉམས་ལས་ཐར་པ་འགྲུབ་ཡོད་མིན། །ཞེས་གང་གསུངས་པ་ཡིན་ནོ། །ཐེག་པ་གསུམ་གྱི་རྟོགས་པའི་བྱེ་བྲག་ལ། །དེང་སང་འདི་ན་མཁས་པར་རློམ་གཞན་རྣམས། །རེག་བྱའི་ཡུལ་ལ་མིག་གིས་ཇི་བཞིན་དུ། །རྣམ་པར་འཐོར་པའི་ཚུལ་དུ་མཐོང་ནས་ནི། །ཤིང་རྟ་ཆེ་རྣམས་ཇི་ལྟར་བཞེད་པའི་ཚུལ། །ལུང་དང་རིགས་པས་མ་ནོར་གསལ་བར་བཀོད། །དེ་ལས་བྱུང་བའི་དགེ་བས་འགྲོ་བ་ཡིས། །བླ་མེད་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོ། །ཐེག་པ་གསུམ་གྱི་འཕགས་པའི་རྟོགས་པ་རྣམ་པར་འབྱེད་པའི་རབ་ཏུ་བྱེད་པ་འདི་ནི་བསྟན་པ་རིན་པོ་ཆེའི་བདག་རྐྱེན་དམ་པ་འཇམ་དབྱངས་ནམ་མཁའ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་གསུང་གིས་བསྐུལ་ནས་ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་སྦྱར་བའོ།། །།མངྒ་ལཾ།། །།


previousརྣམ་པར་འབྱེད་པའི་རབ་ཏུ་བྱེད་པ་ལུང་རིགས་གྲུབ་པའི་རྒྱན། no next