Nitartha Digital Library
Tibetan
 
no previousཚད་མ་རྣམ་འགྲེལ་གྱི་རྣམ་བཤད་རིགས་པའི་འདོད་འཇོ། next

ཚད་མ་རྣམ་འགྲེལ་གྱི་རྣམ་བཤད་རིགས་པའི་འདོད་འཇོ།

ཚད་མ་རྣམ་འགྲེལ་གྱི་རྣམ་བཤད་རིགས་པའི་འདོད་འཇོ་ཞེས་བྱ་བ་བཞུགས་པའི་དབུ་ཕྱོགས་སོ། །

ན་མོ་གུ་རུ་ཝེ། ཚད་མ་རྣམ་འགྲེལ་གྱི་རྣམ་བཤད་རིགས་པའི་འདོད་འཇོ་ཞེས་བྱ་བ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཚོགས་གཉིས་ཆུ་གཏེར་འཇིང་ལས་ལེགས་འཁྲུངས་ཤིང་། །རྣམ་དག་ཕྲིན་ལས་བསྡུ་བཞིའི་བང་རིམ་ཅན། །གདུལ་བྱ་གླིང་བཞིའི་དབུས་ན་ལྷམ་མེ་བ། །སྟོན་པ་མཚུངས་མེད་དེ་ལ་ཕྱག་འཚལ་ལོ། །དེ་ཡི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི། །དགོངས་དོན་འབྱེད་ལ་གཞན་དྲིང་མི་འཇོག་ཅིང་། །རིགས་པའི་ང་རོས་ཕས་རྒོལ་ཀླད་འགེམས་པའི། །རིགས་སྨྲ་རིགས་པའི་དབང་ཕྱུག་རྣམ་གཉིས་རྒྱལ། །ཐུབ་པའི་བསྟན་པ་ཡུན་རིང་གནས་ཕྱིར་དང་། །རང་ཉིད་ལེགས་བཤད་གོམས་པ་འཕེལ་ཕྱིར་དང་། བདག་དང་སྐལ་བ་མཉམ་པ་གཞན་ལ་ཡང་། །ཕན་འདོད་བློ་ཡིས་རིགས་པའི་འདོད་འཇོ་བྱ། །བསྟན་བཅོས་ཀྱི་འབྲེལ་བ་ནི་ཅི། དགོས་པ་ཅིའི་ཕྱིར་བརྩམས། བརྗོད་པར་བྱ་བ་ནི་གང་ཞེ་ན། འགྲོ་བ་རྣམས་ལ་གཅིག་ཏུ་ཕན་པ་ནི་ཐུབ་པའི་བསྟན་པ་ཡིན་ལ། དེ་ལ་ལོག་པར་སྨྲ་བ་ཚར་གཅོད་པའི་ཕྱིར་དང་། དེ་གསལ་བར་བྱ་བའི་ཕྱིར་དང་། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མའི་མཚན་ཉིད་སྟོན་པའི་བསྟན་བཅོས་ཀུན་ལས་བཏུས་པ་མཛད་ཅིང་། དེ་ལ་ཡང་མ་རྟོགས་པ་དང་ལོག་པར་རྟོག་པ་དུ་མ་བྱུང་བས་དེ་བསལ་བའི་ཕྱིར་དུ་སློབ་དཔོན་ཆོས་ཀྱི་གྲགས་པས་དེའི་གཞུང་གི་རྗེས་སུ་འབྲང་བའི་བསྟན་བཅོས་རབ་ཏུ་བྱེད་པ་སྡེ་བདུན་མཛད་དེ་དེ་ལ་སློབ་དཔོན་གྱི་སློབ་མ་དག་གིས་དེའི་གཞུང་ཚིག་བརླིང་བ་ཇི་ལྟ་བ་བཞིན་མ་རྟོགས་པ་དག་རྗེས་སུ་བཟུང་བའི་ཕྱིར་ཀུན་ལས་བཏུས་ཀྱི་ཚིག་གི་ཆ་འགྲེལ་པ་ཚད་མ་རྣམ་འགྲེལ་དང་། རང་གཞན་གྱི་པཎྜི་ཏ་ཁ་ཅིག་ཕྱོགས་ཀྱི་གླང་པོས་རྟོག་གེ་མི་ཤེས་ལོག་པར་རྟོག་པ་བསལ་བའི་ཕྱིར་ཀུན་ལས་བཏུས་ཀྱི་དོན་རིགས་པས་གཏན་ལ་ཕབས་ཏེེ་དེའི་གཞུང་འཛུགས་པར་བྱེད་པ་རྣམ་ངེས་དང་། གཞུང་རྒྱས་པ་དེ་དག་གི་དོན་ཚིག་ཉུང་ངུས་བདེ་བླག་ཏུ་རྟོགས་པར་འདོད་པ་དག་གི་ཕྱིར་དགག་སྒྲུབ་ཀྱི་སྤྲོས་པ་རྒྱས་པར་དོར་ནས་ཚད་མའི་མཚན་ཉིད་དཀྱུས་མ་ཙམ་སྟོན་པ་རིགས་པའི་ཐིགས་པ་དང་། གཙོ་བོར་གྱུར་པའི་གཞུང་དེ་དག་གི་རང་དོན་ལེའུའི་སྐབས་སུ་རྟོགས་དཀའ་བ་གཏན་ཚིགས་ཀྱི་མཚན་ཉིད་བྱེ་བྲག་ཏུ་གཏན་ལ་འབེབས་པ་གཏན་ཚིགས་ཐིགས་པ་དང་། རྟགས་ཆོས་ཀྱི་འབྲེལ་བ་བྱེ་བྲག་ཏུ་གཏན་ལ་འབེབས་པ་འབྲེལ་བ་བརྟག་པ་དང་། དེ་དག་གི་གཞན་དོན་གྱི་སྐབས་ལས་འཕྲོས་ནས། རྒོལ་ཕྱིར་རྒོལ་རྩོད་པའི་ཚུལ་རྒྱས་པར་སྟོན་པ་རྩོད་པའི་རིགས་པ་དང་། མངོན་སུམ་གྱི་སྐབས་སུ་མཐར་ཐུག་རྣམ་རིག་ཙམ་དུ་གཏན་ལ་ཕབ་པ་ལས་སྒྲུབ་པ་དགོད་པའི་ཡུལ་བདག་གཞན་གྱི་རྒྱུད་ལ་ཡོད་པར་ཇི་ལྟར་རྟོགས་ཞེས་རྩོད་པ་སྤང་བའི་ཕྱིར་རྒྱུད་གཞན་གྲུབ་པ་རྣམས་མཛད་དོ་ཞེས་བྱ་བ་ནི་བསྟན་བཅོས་ཀྱི་འབྲེལ་བའོ། །

གདུལ་བྱ་རྣམས་ཀྱིས་ཐ་སྙད་པའི་ཚད་མ་རྣམ་པ་གཉིས་ཀྱི་མཚན་ཉིད་བདེ་བླག་ཏུ་རྟོགས་ཏེ། དེ་དག་གི་དངོས་པོའི་གནས་ལུགས་མི་རྟག་སྟོང་པ་བདག་མེད་སོགས་ལེགས་པར་བརྟགས་ཏེ། ཚུལ་བཞིན་དུ་བསྒོམས་པས་དྲི་མ་མཐའ་དག་དང་བྲལ་བའི་དོན་དམ་པའི་ཚད་མ་མངོན་དུ་གྱུར་པ་ཞེས་བྱ་བ་ནི་བསྟན་བཅོས་རྩོམ་པའི་དགོས་པའོ། །འཆད་པར་འགྱུར་བའི་བསྟན་བཅོས་མཐའ་དག་གི་དོན་ནི་བརྗོད་པར་བྱ་བ་ཡིན་ཏེ། དེ་ལ་འགྱུར་བྱེད་པའི་ལོ་ཙྪ་བ་རྣམས་ཀྱིས། རྒྱ་གར་སྐད་དུ། པྲ་མ་ཎ་བཱར་ཏི་ཀ་ཀཱ་རི་ཀཱ་ཞེས་པ། བོད་སྐད་དུ་བསྒྱུར་ན། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ཞེས་བསྟན་བཅོས་ཀྱི་མཚན་དང་། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་ཕྱག་མཆོད་དང་བཅས་པ་ཐོག་མར་བཀོད་པ་ནི་གོ་སླ་བས་ཞིབ་ཏུ་བཤད་མི་དགོས་ལ། གལ་ཏེ་ཤེས་པར་འདོད་ན་ཡང་རྣམ་བཤད་གཞན་དུ་རྟོགས་པར་བྱའོ། །

དེ་ལ་འདིར་གང་བཤད་པར་བྱ་བའི་གཞུང་ནི། སློབ་དཔོན་གྱིས་བསྟན་བཅོས་རྩོམ་པར་བཞེད་ནས། ཐོག་མར་སློབ་དཔོན་རང་དམ་པའི་སྤྱོད་པ་དང་མཐུན་པར་བསྟན་པར་བྱ་བའི་ཕྱིར་དུ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་གྱི་ཆེ་བ་བརྗོད་པ་སྔོན་དུ་བཏང་ནས་ཕྱག་གི་མཆོད་པ་བརྗོད་པ་ནི། ཕྱག་འཚལ་ལོ་ཞེས་ཁྱད་པར་གྱི་གཞིར་དྲང་ངོ་། །ཡུལ་གང་ལ་ན། ཀུན་ཏུ་བཟང་པོའི་མིང་ཅན་གྱི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་དེ་ལའོ། །འོ་ན་དེ་ལ་ཡོན་ཏན་གྱི་ཚོགས་ནི་ཅི་ཞིག་མངའ་ཞིང་། རྒྱུ་མཚན་གང་གིས་ན་ཕྱག་འཚལ་ཞེ་ན། གང་ལ་ཡོད་ན་ལུས་ཅན་འཁོར་བར་འཆིང་བའི་རྒྱུ་དངོས་པོར་མངོན་པར་ཞེན་པའི་རྟོག་པའི་དྲ་བ་མཐའ་དག་གཉེན་པོ་མི་རྟོག་པའི་ཡེ་ཤེས་ཀྱིས་རྣམ་པར་བསལ་ཞིང་བག་ཆགས་དང་བཅས་པ་སྤངས་པ་སྤངས་པའི་ཡོན་ཏན་དང་། ཕྱི་རོལ་པ་དང་ཉན་རང་སོགས་ཀྱིས་མ་རྟོགས་པའི་གཉིས་མེད་ཀྱི་དེ་ཁོ་ནའི་ཟབ་མོའི་དོན་མངོན་སུམ་དུ་རྟོགས་ཅིང་ཐུགས་སུ་ཆུད་པའི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། རྒྱ་ཆེ་བ་ཤེས་བྱ་ཇི་སྙེད་པའི་རྣམ་པ་མ་ལུས་པ་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་ལྟར་མངོན་སུམ་དུ་གཟིགས་པ་ཇི་སྙེད་པའི་ཡེ་ཤེས་ཏེ། རང་དོན་སྤངས་རྟོགས་ཀྱི་སྐུ་མངའ་བ་ཡིན་ཞིང་། མུན་པ་སེལ་བའི་འོད་ཟེར་དང་ཆོས་མཐུན་པས་མི་ཤེས་པའི་མུན་པ་སེལ་བའི་དམ་པའི་ཆོས་ཀྱི་འོད་ཟེར་དག་འཁོར་བ་ཇི་སྲིད་པར་གདུལ་བྱའི་སྐལ་པ་དང་འཚམས་པར་ཀུན་ནས་སམ་ཐམས་ཅད་དུ་འཕྲོ་ཞིང་ཁྱབ་པར་མཛད་པའི་གཞན་དོན་ཕྲིན་ལས་ཀྱི་ཡོན་ཏན་ཏེ། དོན་གཉིས་ཕུན་སུམ་ཚོགས་པ་མངའ་ཞིང་དེའི་རྒྱུ་མཚན་གྱིས་སོ། །འོ་ན་ཕྱག་འཚལ་བས་ཅི་ཞིག་བྱ་ཞེ་ན། ཀུན་བཏུས་སོགས་ཀྱི་རྣམ་བཤད་རྣམ་འགྲེལ་འདི་བརྩམས་པ་ལ་དགའ་བ་སྐྱེས་སོ་ཞེས་བརྩམ་པར་དམ་བཅའ་བ་དང་འབྲེལ་ལོ། །

འོ་ན་གཞན་དོན་དུ་རྩོམ་མམ་རང་དོན་དུ་རྩོམ་ཞེ་ན། ཕུགས་སུ་གཞན་དོན་དུའང་འགྱུར་གྱི་འཕྲལ་དུ་རང་དོན་དུ་རྩོམ་ཞེས་སྟོན་པ་ནི། ཆོས་གྲགས་ཁོ་བོའི་སེམས་ནི་དུས་ཡུན་རིང་མོ་ཞིག་ཏུ་ཀུན་བཏུས་སོགས་ཀྱི་ལེགས་བཤད་ལ་གོམས་པ་ལྷུར་ལེན་ནམ་རྒྱ་ཆེར་བསྐྱེད་ཅིང་འཕེལ་བར་བྱ་བའི་ཕྱིར་དུ་རྩོམ་མོ། །འོ་ན་གཞན་དོན་དུ་མི་རྩོམ་པ་ཅི་ཞེ་ན། ཆོས་གྲགས་བདག་ལ་རྣམ་འགྲེལ་འདིས་ནི་སྐྱེ་བོ་གཞན་ལ་ཕན་པ་ཡིན་ནོ་ཞེས་བསམ་པའང་མེད་དེ། དེའི་རྒྱུ་མཚན་ནི། ཕྱི་ནང་གི་སྐྱེ་བོ་ཕལ་ཆེར་རམ་མང་པོ་དག་ནི་བསྟན་བཅོས་ཕལ་པའམ་ངན་པའི་ཉེས་བཤད་ལ་ཆགས་ཤིང་ཀུན་བཏུས་སོགས་ཀྱི་ལེགས་བཤད་རྣམས་དོན་དུ་མི་གཉེར་ཏེ། མི་གཉེར་བའི་རྒྱུ་མཚན་ཡང་ལེགས་བཤད་དང་ཉེས་བཤད་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་རྩལ་མེད་པས་ན་ལེགས་བཤད་ལ་ཉེས་བཤད་དུ་བཟུང་ཞིང་། ཉེས་བཤད་ལའང་ལེགས་བཤད་དུ་བཟུང་བའི་རྒྱུ་མཚན་གྱིས་མི་གཉེར་ལ། དེ་ཁོ་ནར་མ་ཟད་བསྟན་བཅོས་ངན་པའི་དབང་གིས་རྩོམ་པ་པོ་ལ་ཕྲག་དོག་གི་དྲི་མ་དག་གིས་ཞེ་སྡང་བར་ཡོངས་སུ་གྱུར་པའི་རྒྱུ་མཚན་དེས་ན་གཞན་ལ་ཕན་པའང་དཀའོ་ཞེས་པས། དེ་རྣམས་ཀྱིས་མཆོད་བརྗོད་དང་བརྩམ་པར་དམ་བཅའ་བརྗོད་ནས་བསྟན་བཅོས་དངོས་ནི། སློབ་དཔོན་གྱིས་བསྟན་བཅོས་འཆད་པའི་རྒྱུ་ནི་རང་དོན་རྗེས་དཔག་སྟེ། དེ་ལའང་ལོག་པར་རྟོག་པས་ལོག་རྟོག་དེ་བསལ་བའི་ཕྱིར་དུ་རང་དོན་རྗེས་དཔག་དང་པོར་འཆད་དོ། །


no previousཚད་མ་རྣམ་འགྲེལ་གྱི་རྣམ་བཤད་རིགས་པའི་འདོད་འཇོ། next