Nitartha Digital Library
Tibetan
 
previousརིགས་པའི་འདོད་འཇོ་ལས་ལེའུ་གཉིས་པའི་རྣམ་བཤད།next

རིགས་པའི་འདོད་འཇོ་ལས་ལེའུ་གཉིས་པའི་རྣམ་བཤད།

དེ་ལྟར་སློབ་དཔོན་གྱིས་བསྟན་བཅོས་འཆད་པའི་རྒྱུ་རང་དོན་རྗེས་དཔག་དང་པོར་བསྟན་ནས། ད་ཀུན་ལས་བཏུས་སུ། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། །ཞེས་པའི་མཆོད་བརྗོད་འཆད་པར་བཞེད་ནས་ཚད་མ་ཞེས་སོགས་གསུངས་སོ། །དེ་ལ་ཕྱག་འཚལ་ཞེས་དྲང་ངོ་། །གང་ལ་ན། བསྒོམ་པ་པོའི་སྟོབས་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པའི་མངོན་སུམ་ཚད་མར་གྱུར་པ་སྟེ་འཁྲུངས་པའི་ཐུབ་པ་བཅོམ་ལྡན་འདས་ལའོ། །རྒྱུ་གང་ལས་འཁྲུངས་ཤེ་ན། བསམ་པ་ཕུན་སུམ་ཚོགས་པ་འགྲོ་ལ་ཕན་པར་བཞེད་པའི་ཐུགས་རྗེ་ཆེན་པོ་དང་། སྦྱོར་བ་ཕུན་སུམ་ཚོགས་པ་ཐབས་བདག་མེད་མཐོང་བ་གོམས་པའི་ཡོན་ཏན་ལ་སོགས། ངོ་བོ་ཅི་འདྲ་བར་འཁྲུངས་ཤེ་ན། རང་དོན་ཕུན་ཚོགས་སྤངས་རྟོགས་ཁྱད་པར་ཅན་གྱི་བདེ་བར་གཤེགས་པ་དང་། གཞན་དོན་ཕུན་ཚོགས་འགྲོ་བ་སྡུག་བསྔལ་ལས་སྒྲོལ་བའི་སྐྱོབ་པའི་ངོ་བོར་རོ། །འོ་ན་གང་དང་ལྡན་པས་བཅོམ་ལྡན་འདས་ལ་ཚད་མར་བསྟོད་པའི་རྒྱུ་ཚད་མའི་མཚན་ཉིད་དེ་གང་ཞེ་ན། དབང་པོ་མངོན་སུམ་མཚན་གཞི། ཚད་མ་རུ་མཚོན། རང་གི་འཇུག་ཡུལ་གཞལ་བ་ལ་དང་པོར་སླུ་བ་མེད་པ་ཅན་གྱི་ཤེས་པའོ། །འོ་ན་མི་བསླུ་བ་ཅི་ལྟ་བུ་ཞེ་ན། དེ་ནི་ཆོས་ཅན། རང་གི་འཇུག་ཡུལ་གཞལ་བ་ལ་དང་པོར་མི་བསླུ་བ་ཅན་ཡིན་ཏེ། རང་གི་འཇུག་ཡུལ་དེ་རང་གིས་ཇི་ལྟར་གཞལ་བ་ལྟར་གྱི་དོན་བྱེད་ནུས་པར་དངོས་པོ་ལ་གནས་པའི་ཕྱིར། གལ་ཏེ་སྒྲ་བྱུང་ཚད་མར་མི་འགྱུར་ཏེ། མི་བསླུ་བ་མ་གྲུབ་པའི་ཕྱིར་རོ་ཞེ་ན། སྒྲ་བྱུང་དེ་རང་ཀུན་སློང་གི་བསམ་པ་ལ་ཚད་མ་མིན་ནམ། རང་གི་བརྗོད་བྱའི་དོན་ལ་ཚད་མ་མིན། དང་པོ་ལྟར་ན་ངག་སྨྲ་བའི་རྟགས་ལས་སྐྱེས་བུ་ཕ་རོལ་པོ་ལ་སེམས་ཡོད་པར་རྟོགས་པའི་སྒྲ་ལས་བྱུང་བའི་བློ་ཡང་ཆོས་ཅན། རང་གི་འཇུག་ཡུལ་ལ་མི་བསླུ་བ་ཅན་ཡིན་ཏེ། རང་གི་འཇུག་ཡུལ་དུ་མངོན་པར་འདོད་པ་སྐྱེས་བུ་ལ་བསམ་པ་ཡོད་པར་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་རོ། །དེ་ཉིད་ཀྱི་གཞུང་འཛུགས་པ་དེ། བུམ་པ་ཞེས་སོགས་གནས་སྐབས་ལྔ་བྲལ་གྱི་རྗོད་བྱེད་ཀྱི་སྒྲ་ནི་ཆོས་ཅན། རང་སྨྲ་བ་པོ་ལ་རང་གི་བྱེད་པ་བརྗོད་འདོད་འཇུག་པའི་ཡུལ་གྱི་དོན་གང་ཞིག་བློ་རྟོག་པ་ལ་རབ་གསལ་སྟེ་སྣང་བ་ཡོད་པར་སྒྲུབ་པ་དེ་ལ་ཚད་མ་སྟེ་རྟགས་ཉིད་དུ་འགྱུར་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། ཡང་དེ་ཉིད་ཆོས་ཅན། རང་གི་བརྗོད་བྱའི་དོན་བུམ་སོགས་ལས་སྐྱེས་ནས་དེ་ལ་མི་འཁྲུལ་བ་མ་ཡིན་ཏེ། དོན་བུམ་སོགས་ཀྱི་རྒྱུ་ཅན་མ་ཡིན་པའི་ཕྱིར་ཏེ། བརྗོད་འདོད་ཙམ་གྱིས་འཇུག་པའི་ཕྱིར། གལ་ཏེ་རྫས་དང་གྲངས་སོགས་འཛིན་པའི་ཀུན་རྫོབ་པའི་ཤེས་པ་ཚད་མར་གྱུར་ཏེ་རང་གི་འཇུག་ཡུལ་ལ་མི་སླུ་བའི་ཕྱིར་ཞེ་ན། དེ་འདྲའི་ཀུན་རྫོབ་པའི་ཤེས་པ་ནི་ཆོས་ཅན། རང་གི་འཇུག་ཡུལ་ལ་དང་པོར་མི་སླུ་བ་ཅན་གྱི་ཚད་མར་མི་འདོད་དེ། རང་གི་ཚད་མ་སྔ་མས་བཟུང་བའི་དོན་ལ་ཞེན་པ་འཛིན་པ་ཙམ་ཡིན་པའི་ཕྱིར། གལ་ཏེ་ཅིའི་ཕྱིར་མི་བསླུ་བ་ཅན་གྱི་ཤེས་པ་ཁོ་ན་ཚད་མ་ཡིན་ལ་དབང་སོགས་ཚད་མ་མ་ཡིན་ཞེ་ན། ཚད་མའི་ཆོད་པ་དང་མ་ཆོད་པའི་འབྲས་བུ་གཉིས་ནི་དང་པོར་མི་སླུ་བ་ཅན་གྱི་ཤེས་པ་ཁོ་ནས་བསྒྲུབ་པར་ནུས་ལ་དབང་སོགས་ཀྱིས་ནི་མ་ཡིན་ཏེ། འདི་ལྟར། དང་པོར་མི་བསླུ་བ་ཅན་གྱིས་བློ་དེ་ནི་ཆོས་ཅན། ཁྱོད་ཚད་མའི་ཆོད་པའི་འབྲས་བུ་བསྒྲུབ་ནུས་ཀྱི་ཚད་མ་ཉིད་དུ་འགྱུར་ཏེ། སྐྱེས་བུའི་བླང་བྱ་དང་དོར་བྱའི་དངོས་པོ་ལ་འཇུག་ལྡོག་བྱེད་པའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་ཏེ། སྐྱེས་བུའི་བླང་དོར་གྱི་དངོས་པོ་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་དང་། ཁྱོད་ཚད་མའི་མ་ཆོད་པའི་འབྲས་བུ་དོན་རྟོགས་བསྒྲུབ་ནུས་ཀྱི་ཚད་མར་ཡང་འགྱུར་ཏེ། རང་ལ་ཤར་པའི་དོན་གྱི་རྣམ་པ་ཐ་དད་དེ་ཡོད་ན་ཚད་མའི་ཆོད་པའི་འབྲས་བུ་དོན་རྟོགས་ཐ་དད་པ་འདི་ཡང་ཡོད་པའི་ཕྱིར་ཏེ། སྔོ་སེར་སོགས་ཡུལ་གྱི་རྣམ་པ་ཐ་དད་པས་དེ་རྟོགས་པའི་བློའི་དོན་རྟོགས་པ་ཡང་ཐ་དད་དུ་འཇོག་པའི་ཕྱིར་རོ། །གལ་ཏེ་དང་པོར་མི་བསླུ་བ་ཅན་གྱི་ཤེས་པ་དེ་ཁོ་ན་ཚད་མར་གང་གིས་ངེས་ཤེ་ན། དེ་ཁོ་ན་མ་ཡིན་ན་ཚད་མར་གང་གིས་ངེས་ཤེ་ན། དོན་ལ་མེ་ཡིན་ཞིང་རྟོག་པས་མེ་ཡིན་མིན་ཐེ་ཚོམ་ཟ་བའི་རྒྱང་རིང་པོའི་རྫས་དམར་འབར་བ་འཛིན་པའི་དབང་ཤེས་མ་འཁྲུལ་བ་ཆོས་ཅན། རང་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ལས་རང་གི་ངོ་བོ་མྱོང་བའི་ཆ་དེ་རྟོགས་པར་འགྱུར་ཏེ། དེ་ལ་དེ་ཆེས་ཆེར་གསལ་བར་སྣང་བའི་ཕྱིར། དེ་ལས་རང་གི་འཇུག་ཡུལ་ལ་མི་འཁྲུལ་བའི་ཚད་མ་ཉིད་དུ་རྟོགས་པར་འགྱུར་བ་ནི་མ་ཡིན་ཏེ། རང་ལས་ཕྱིས་འབྱུང་བའི་དོན་བྱེད་སྣང་སོགས་དང་འཇུག་ཡུལ་གྱི་ཐ་སྙད་གཅིག་ཏུ་བྱས་པ་ལས་རང་གི་འཇུག་ཡུལ་ལ་མི་བསླུ་བའི་ཚད་མ་ཉིད་དུ་རྟོགས་པར་འགྱུར་བའི་ཕྱིར། དེ་ལྟ་ཡིན་ན་ཚད་མའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་སྟོན་པའི་བསྟན་བཅོས་དོན་མེད་དོ་ཞེ་ན། དེ་འདྲའི་བསྟན་བཅོས་ཆོས་ཅན། དོན་ཡོད་དེ། ཚད་མ་དང་ཚད་མིན་གྱི་མཚན་ཉིད་སོགས་ལ་རྨོངས་པ་ལོགས་བྱེད་ཡིན་པའི་ཕྱིར། གཞན་ཡང་དང་པོར་མི་བསླུ་བའི་ཤེས་པ་ཁོ་ན་ཚད་མའི་མཚན་ཉིད་ཡིན་ནམ་སྙམ་ན། མ་ཡིན་ཏེ། སྔར་མ་ཤེས་པའི་དོན་རང་མཚན་གསར་དུ་གསལ་བྱེད་ཀྱི་ཤེས་པ་ཉིད་ཀྱང་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར་རོ། །མ་ཤེས་པ་དང་དོན་དང་གསལ་བྱེད་གསུམ་གྱིས་རིམ་པ་བཞིན་དུ་ཀུན་རྫོབ་ཤེས་པ་དང་ཟླ་བ་གཉིས་སྣང་སོགས་ཚད་མ་ཡིན་པ་གཅོད་དོ། །གལ་ཏེ་མ་ཤེས་དོན་གསལ་ཚད་མའི་མཚན་ཉིད་ཡིན་ན་མངོན་སུམ་གྱིས་གཟུགས་སོགས་རང་གིས་རྟོགས་པའི་འོག་ཏུ་སྤྱི་འཛིན་པའི་རྣམ་པར་ཤེས་པ་ཡང་ཚད་མ་ཉིད་དུ་ཐོབ་པར་འགྱུར་ཏེ། སྔར་མ་ཤེས་པའི་སྤྱི་གསར་དུ་ཤེས་པའི་ཕྱིར་ཞེ་ན། མ་ཤེས་དོན་གསལ་ཆོས་ཅན། ཁྱོད་ཚད་མའི་མཚན་ཉིད་དུ་བཞག་པ་ལ་སྤྱི་འཛིན་ཤེས་པ་ཚད་མ་ཉིད་དུ་ཐལ་བའི་ཉེས་པ་མེད་དེ། རྟོགས་པ་པོས་རང་གི་མཚན་ཉིད་སྔར་མི་ཤེས་པ་གསར་དུ་ཤེས་པ་གང་ཡིན་པ་ཚད་མ་ཡིན་ནོ་ཞེས་དགོངས་པའམ་བསམས་ནས་ཁྱོད་ཚད་མའི་མཚན་ཉིད་དུ་བཞག་པའི་ཕྱིར། གལ་ཏེ་ཅིའི་ཕྱིར་རང་མཚན་ཤེས་པ་ཁོ་ན་ཚད་མའི་མཚན་ཉིད་ཡིན་ཞེ་ན། རང་གི་མཚན་ཉིད་ཆོས་ཅན། ཁྱོད་སྔར་མ་ཤེས་པ་གསར་དུ་ཤེས་པ་ཁོ་ན་ཚད་མའི་མཚན་ཉིད་དུ་བཞག་པ་ལ་རྒྱུ་མཚན་ཡོད་དེ། འབྲས་བུ་དོན་གཉེར་གྱི་རྟོགས་ལྡན་གྱི་ཁྱོད་ཡོད་མེད་དུ་དཔྱད་ནས་འཇུག་པའི་རྒྱུ་མཚན་གྱིས་དེར་བཞག་པའི་ཕྱིར་རོ། །དེས་ན་ཐུབ་པ་བཅོམ་ལྡན་འདས་ཆོས་ཅན། ཀུན་ལས་བཏུས་ཀྱི་མཆོད་བརྗོད་དུ་ཁྱོད་ལ་ཚད་མ་ཉིད་དུ་བསྟོད་པའི་རྒྱུ་མཚན་ཡོད་དེ། སྔར་བཤད་པའི་མི་སླུ་བ་དང་མ་ཤེས་དོན་གསལ་གཉིས་པོ་དེ་དང་ལྡན་པའི་ཕྱིར། མངོན་མཐོ་ངེས་ལེགས་སོགས་ལ་སྐྱེས་བུ་མི་བསླུ་ཞིང་གྲོལ་བ་དོན་གཉེར་ལ་གཞན་གྱིས་མ་ཤེས་པའི་བདེན་བཞི་ཕྱིན་ཅི་མ་ལོག་པར་གསལ་བར་སྟོན་པའི་ཕྱིར། ད་ཚད་མ་རྟག་པ་དགག་པའི་དོན་དུ་གྱུར་པ་ཞེས་པ་འཆད་པར་བཞེད་དེ། གལ་ཏེ་ཅིའི་ཕྱིར་གྱུར་པ་སྨོས་ཅེ་ན། ཀུན་བཏུས་ཀྱི་མཆོད་བརྗོད་དུ་གྱུར་པ་ཉིད་ཅེས་གསུངས་པ་ཆོས་ཅན། དོན་ཡོད་དེ། བཅོམ་ལྡན་དེ་རྒྱུ་ལས་མ་སྐྱེས་པའི་རྟག་པ་རང་བྱུང་གི་ཚད་མ་ཡིན་པ་བཟློག་ནས་དེའི་རྒྱུ་ཕུན་སུམ་ཚོགས་པ་བསྟན་པའི་དོན་དུ་ཡིན་པའི་ཕྱིར། དེའི་ཕྱིར་བཅོམ་ལྡན་འདས་ཆོས་ཅན། ཚད་མར་འཁྲུངས་པ་ཡིན་པར་རིགས་ཏེ། དེའི་སྒྲུབ་བྱེད་ཁྱད་པར་ཅན་ལ་ལྟོས་ཏེ་ནན་ཏན་རབ་ཀྱི་མཐར་ཕྱིན་པར་མཛད་པའི་ཕྱིར། གལ་ཏེ་ནམ་མཁའ་ལྟར་ཐམས་ཅད་དུ་ཁྱབ་པའི་དབང་ཕྱུག་རྟག་པ་ཡང་ཚད་མ་ཡིན་ནོ་ཞེ་ན། ཚད་མ་ཆོས་ཅན། ཁྱོད་ཡིན་པའི་རྟག་པ་ཉིད་ཡོད་པ་མིན་པར་ཐལ། ཁྱོད་ཡིན་པ་ཡུལ་དངོས་པོར་ཡོད་པ་རྟོགས་པའི་ཚད་མ་ཡིན་དགོས་པའི་ཕྱིར། ཁྱབ་སྟེ། ཡུལ་ཤེས་བྱ་དེ་མི་རྟག་པ་ཡིན་པ་ཉིད་ཀྱིས་ཡུལ་ཅན་ཤེས་པ་དེ་ནི་མི་བརྟན་པ་ཉིད་ཡིན་པའི་ཕྱིར་རོ། །

གལ་ཏེ་ཡུལ་ཤེས་བྱ་མི་རྟག་པས་ཡུལ་ཅན་ཤེས་པ་མི་རྟག་པ་ཡིན་ཀྱང་ཤེས་པ་ཅན་གྱི་དབང་ཕྱུག་རྟག་པ་ཡིན་པས་སྐྱོན་མེད་དོ་ཞེ་ན། དབང་ཕྱུག་གི་ཤེས་པ་དག་ནི་ཆོས་ཅན། དབང་ཕྱུག་རྟག་པ་ལས་སྐྱེས་པ་མི་འཐད་པར་ཐལ། ཁྱོད་སྔ་ཕྱི་རིམ་བཞིན་དུ་སྐྱེ་བ་ཅན་ཡིན་པའི་ཕྱིར། གལ་ཏེ་དབང་ཕྱུག་རྟག་ཀྱང་རྐྱེན་ལ་ལྟོས་ནས་ཤེས་པ་རིམ་ཅན་དུ་བསྐྱེད་པས་སྐྱོན་མེད་དོ་ཞེ་ན། དབང་ཕྱུག་ཆོས་ཅན། རྐྱེན་ལ་ལྟོས་ནས་ཤེས་པ་རིམ་ཅན་དུ་བསྐྱེད་པ་མི་རུང་བར་ཐལ། རྐྱེན་གྱི་རྣམ་པ་འགས་ཀྱང་ཕན་གདགས་བྱ་མིན་པའི་ཕྱིར་ཏེ། རྟག་པའི་ཕྱིར། གལ་ཏེ་དབང་ཕྱུག་མི་རྟག་པ་ཡིན་ཞིང་། རྒྱུ་ལས་མ་སྐྱེས་པའི་ངོ་བོ་ཉིད་ཀྱིས་ཚད་མར་གྲུབ་བོ་ཞེ་ན། དེ་ཆོས་ཅན། རྒྱུ་ལས་མ་སྐྱེས་པའི་ངོ་བོ་ཉིད་ཀྱིས་ཚད་མར་ཡོད་པ་མ་ཡིན་པར་ཐལ། དེར་ཡང་སྒྲུབ་བྱེད་ཀྱི་ཚད་མ་མེད་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཁྱོད་ཀྱི་ཐུབ་པ་བཅོམ་ལྡན་ཚད་མ་ཡིན་པའི་སྒྲུབ་བྱེད་ཅི་ཞེ་ན། དེའི་སྒྲུབ་བྱེད་ནི་སྒྲུབ་བྱེད་ལ་ལྟོས་ཚད་ཡིན་རིགས་ཞེས་པར་བཤད་ཟིན་ཏོ། །འོ་ན་ཁོ་བོ་ཅག་ལ་ཡང་དབང་ཕྱུག་ཚད་མ་ཡིན་པའི་སྒྲུབ་བྱེད་ཡོད་དེ། འཇིག་རྟེན་གྱི་གནས་དང་ལུས་དང་བྱེད་པ་དབང་པོ་ལ་སོགས་པ་དག་ཆོས་ཅན། ཕུལ་དུ་བྱུང་བའི་བློ་ཅན་གྱི་སྐྱེས་བུའི་བློ་སྔོན་དུ་བཏང་ནས་བྱས་པ་ཡིན་ཏེ། སྡོད་ཅིང་འཇུག་པའི་ཕྱིར་ཏེའུ་སོགས་བཞིན་ནོ། །དབྱིབས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར་གཞལ་ཡས་ཁང་སོགས་བཞིན་ནོ། །དོན་བྱེད་ནུས་པ་ལ་སོགས་པའི་ཕྱིར་དགྲ་སྟ་སོགས་བཞིན་ནོ། །ཕུལ་དུ་བྱུང་བའི་བློ་ཅན་ཡང་དབང་ཕྱུག་གོ་ཞེ་ན། འཇིག་རྟེན་གྱི་གནས་དང་ལུས་ལ་སོགས་པ་ཆོས་ཅན། ཁྱོད་སངས་རྒྱས་པའི་བློ་ངོར་སྤྱི་ཙམ་བློ་ཙམ་སྔོན་དུ་བཏང་ནས་བྱས་པར་རྟགས་ཡང་དག་གིས་བསྒྲུབ་མི་དགོས་པར་ཐལ། སངས་རྒྱས་པས་རང་རྒྱུ་སེམས་པའི་དངོས་པོ་དང་རྒྱུད་ཅི་རིགས་པའི་སྒོ་ནས་སྐྱེ་བར་འདོད་པ་གྲུབ་ཟིན་པའི་ཕྱིར་རོ། །གལ་ཏེ་སྐྱེས་བུ་རྟག་པ་ཞིག་གིས་བློ་སྔོན་དུ་བཏང་ནས་བྱས་པར་གྲུབ་པས་སྐྱོན་མེད་དོ་ཞེ་ན། འམ་གྱི་སྟེའུ་སོགས་ཆོས་ཅན། འཇིག་རྟེན་གྱི་གནས་དང་ལུས་སོགས་སྐྱེས་བུ་རྟག་པ་ཞིག་གིས་བློ་སྔོན་དུ་བཏང་ནས་བྱས་པར་སྒྲུབ་པའི་མཐུན་དཔེར་མ་གྲུབ་པར་ཐལ། མི་རྟག་པའི་སྐྱེས་བུ་དུ་མ་བྱས་པར་མཐོང་བའི་ཕྱིར། ཡང་ན་སྡོད་འཇུག་དང་དབྱིབས་སོགས་ཆོས་ཅན། འཇིག་རྟེན་གྱི་གནས་དང་ལུས་ལ་སོགས་ཕུལ་དུ་བྱུང་བའི་བློ་ཅན་གྱི་སྐྱེས་བུའི་བློ་སྔོན་དུ་བཏང་ནས་བྱས་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཁྱད་པ་ལ་དབང་ཕྱུག་ཉིད་ཀྱིས་ཐེ་ཚོམ་ཟ་ནས་མ་ངེས་པ་ཡིན་པའི་ཕྱིར། གཞན་ཡང་རང་བྱིན་གྱིས་རློབ་པའི་སྐྱེས་བུ་ཡོད་མེད་ཀྱི་རྗེས་སུ་འཇུག་ལྡོག་བྱེད་པ་ཅན་གྱི་སྡོད་འཇུག་དང་དབྱིབས་སོགས་ཅི་འདྲ་བ་དེ་ཆོས་ཅན། རང་ཕྱོགས་ཆོས་སུ་རབ་ཏུ་གྲུབ་པའི་གཞིར་ཁྱོད་ལས་རང་བྱེད་པ་པོའི་སྐྱེས་བུའི་བློ་སྔོན་དུ་བཏང་ནས་བྱས་པར་རྗེས་སུ་དཔོག་པ་གང་ཡིན་པ་དེ་ནི་རིགས་པ་ཉིད་ཡིན་ཏེ། དེ་ལ་མི་འཁྲུལ་བའི་ཕྱིར་དང་། ཡང་རི་ལ་སོགས་པའི་དབྱིབས་ལས་ཐ་དད་པའི་གཞལ་ཡས་ཁང་ལ་སོགས་པའི་དབྱིབས་ཀྱི་དངོས་པོ་ལ་རང་བྱེད་པ་པོའི་སྐྱེས་བུའི་བློ་སྔོན་དུ་བཏང་ནས་བྱས་པར་རབ་ཏུ་དབྱིབས་ཞེས་པའི་སྤྱི་ཙམ་གྲུབ་པར་མཚུངས་པས་དབྱིབས་ཙམ་དུ་ཐ་དད་མེད་པའི་ཕྱིར་ཞེས་པའི་རྟགས་དེ་ཆོས་ཅན། རང་བྱེད་པ་པོའི་སྐྱེས་བུའི་བློ་སྔོན་དུ་བཏང་ནས་བྱས་པར་རྗེས་སུ་དཔོག་པ་གང་ཡིན་པ་དེ་རིགས་པ་མ་ཡིན་པར་ཐལ། སྐྱ་བོའི་རྫས་ཀྱི་སྤྱི་ཙམ་ལས་མི་དཔོག་པ་བཞིན་དུ་ཁྱོད་དེ་ལ་ཁྱབ་པ་འཁྲུལ་པའི་ཕྱིར། གལ་ཏེ་སྐྱེས་བུས་བྱས་པའི་དབྱིབས་ཙམ་དུ་འདྲ་བས་སྐྱེས་བུས་བྱས་པར་མི་འགྲུབ་དེ་ལྟ་མིན་པར་འགྲུབ་ན། གྲོག་མཁར་ཡང་ཆོས་ཅན། རྫ་མཁན་དེས་བྱས་པར་གྲུབ་པར་འགྱུར་བར་ཐལ། རྫ་མཁན་གྱིས་རྫའི་བུམ་པ་དང་རྫ་ཕོར་ལ་སོགས་འཇིམ་པའི་རྣམ་འགྱུར་འགའ་ཞིག་བྱེད་ཅིང་དེ་དག་དང་འཇིམ་པའི་རྣམ་འགྱུར་ཙམ་དུ་འདྲ་བའི་ཕྱིར། གལ་ཏེ་དབྱིབས་ཙམ་རྟགས་སུ་བཀོད་པ་ལ་དབྱིབས་ཀྱི་ཁྱད་པར་ལ་བཏགས་ནས་སྐྱོན་བརྗོད་པ་འབྲས་མཚུངས་ཀྱི་ལྟག་ཆོད་དོ་ཞེ་ན། འབྲས་བུ་བྱས་པའི་སྤྱི་ཙམ་ཆོས་ཅན། ཁྱོད་ཀྱིས་ཀྱང་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་སུ་གྲུབ་ཅིང་བསྒྲུབ་བྱའི་ཆོས་ཀྱི་རྗེས་འགྲོའི་ཁྱབ་པ་རྣལ་མར་ངེས་པའི་ཕྱིར། དེ་ལྟར་ཡིན་པ་ལ་འབྲེལ་བ་ཅན་སྒྲ་བུམ་ཉིད་ཐ་དད་པའི་ཕྱིར་ན་སྒྲའི་བྱས་པ་བུམ་པ་ལ་རྗེས་སུ་མི་འགྲོ། བུམ་པའི་བྱས་པ་སྒྲ་ལ་རྗེས་སུ་མི་འགྲོ་བས་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་ནོ་ཞེས་བྱས་པའི་ཁྱད་པར་ལས་ཐ་དད་དུ་བརྟགས་ནས་སྐྱོན་བརྗོད་པ་ཆོས་ཅན། འབྲས་མཚུངས་ཀྱི་ལྟག་ཆོད་དུ་འདོད་དེ། སྒྲ་མི་རྟག་པར་བསྒྲུབ་ནུས་ཀྱིས་བྱས་པའི་སྤྱི་ཙམ་རྟགས་སུ་བཀོད་པ་ལ་བྱས་པའི་ཁྱད་པར་ལ་བརྟགས་ནས་སྐྱོན་བརྗོད་པའི་སུན་འབྱིན་ཡིན་པའི་ཕྱིར། སྤྱིར་འབྲས་མཚུངས་ཀྱི་ལྟག་ཆོད་ཀྱི་རང་བཞིན་དེ་ལྟར་ཡིན་པ་ལ་འདིར་སྒྲུབ་བྱེད་དུ་བཀོད་པའི་དབྱིབས་ཙམ་གྱིས་ནི་བསྒྲུབ་བྱ་སྒྲུབ་པར་ནུས་པའི་ཕྱིར་དབྱིབས་ཀྱི་ཁྱད་པར་ལ་བཏགས་ནས་སྐྱོན་བརྗོད་པའི་སུན་འབྱིན་རྣམས་ནི་འབྲས་མཚུངས་ཀྱི་ལྟག་ཆོད་མ་ཡིན་ནོ། །དབྱིབས་ཙམ་སྒྲུབ་བྱེད་དུ་མི་རུང་བའི་རྒྱུ་མཚན་ཡང་། དབྱིབས་ལྡན་རིགས་ཀྱི་ཁྱད་པར་གཞལ་ཡས་ཁང་ལ་སོགས་པའི་དབྱིབས་ལ་རང་བྱེད་པ་པོའི་སྐྱེས་བུའི་བློ་སྔོན་དུ་བཏང་ནས་བྱས་པར་གྲུབ་པ་དང་དབྱིབས་ཞེས་པའི་སྒྲའི་སྤྱི་ཙམ་འཇུག་པར་མཚུངས་པར་མཐོང་བ་ནི་ཆོས་ཅན། ཁྱོད་ལས་རི་ལ་སོགས་པའི་དབྱིབས་རང་བྱེད་པ་པོའི་སྐྱེས་བུའི་བློ་སྔོན་དུ་བཏང་ནས་བྱས་པར་སྒྲུབ་པར་བྱེད་པ་མི་རིགས་པར་ཐལ། ངག་ཕྱོགས་དང་ས་ལ་སོགས་ལ་ཆོས་ཅན། རྭ་ཅན་ཡིན་ཏེ། གོ་བོ་ཞེས་པའི་སྒྲ་ཉིད་འཇུག་པའི་ཕྱིར་ན་རྭ་ཅན་ཡིན་ཏེ་ཞེས་པ་བཞིན་དུ་དེ་ལ་ཁྱབ་པ་འཁྲུལ་པའི་ཕྱིར། ཡང་གོ་བོ་ཞེས་པའི་སྒྲ་རྣམས་ཆོས་ཅན། ཁྱོད་ཀྱིས་བརྗོད་རུང་གི་དོན་གང་ནའང་མེད་པ་མ་ཡིན་ཏེ། བརྗོད་པར་འདོད་པ་གཞན་དབང་ཙམ་གྱིས་འཇུག་པའི་ཕྱིར། དེས་ན་སྐྱེས་བུ་ཐམས་ཅད་ཀྱིས་ནི་ཆོས་ཅན། མངོན་པར་འདོད་པའི་དོན་ཐམས་ཅད་འབད་མེད་བདེ་བླག་ཏུ་འགྲུབ་པར་ཐལ། རྗོད་བྱེད་ཀྱི་སྒྲ་དེ་ཡོད་པ་ཙམ་གྱིས་ནི་བརྗོད་བྱའི་དོན་གྲུབ་པ་ཡིན་པའི་ཕྱིར། སྒྲ་ཙམ་གྱིས་དོན་མི་འགྲུབ་པར་བསྟན་པའི་རིགས་པ་འདིས་ནི་དཔྱད་པ་ཡིན་ནོ། །ཅི་ཞིག་ཅི་ལྟར་དུ་ཞེ་ན། སེར་སྐྱ་པ་དང་གཅེར་བུ་པ་ལ་སོགས་ཀྱིས་རིམ་པ་བཞིན་དུ་སངས་རྒྱས་པ་ལ་བློ་དང་བདེ་བ་ཆོས་ཅན། མི་རྟག་པ་དང་སྐྱེ་བ་ཅན་སོགས་ཡིན་པའི་ཕྱིར་ཡང་སེམས་མེད་དང་མ་ཡིན་པ་སོགས་ཡིན་ཏེ་ཞེས་པ་དང་ཤིང་ཆོས་ཅན། ཤུན་པ་བཤུས་ན་འཆི་བའི་ཕྱིར་སེམས་ལྡན་ཡིན་ནོ་ཞེས་པའི་རྟགས་དེ་གཉིས་ཆོས་ཅན། རིམ་པ་བཞིན་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། རྒོལ་བ་དེ་གཉིས་ཀྱི་ཁྱོད་གཉིས་ཀྱི་མིང་དེ་ཆོས་ཅན་གྱི་སྟེང་དུ་མཐུན་སྣང་དུ་གྲུབ་ཀྱང་དོན་མཐུན་སྣང་དུ་མ་གྲུབ་པའི་ཕྱིར་རོ་ཞེས་སོ། ཁྱབ་སྟེ་མ་གྲུབ་པའི་རྟགས་འདིའི་ཚུལ་ལམ་རང་བཞིན་འདི་ནི་རྟགས་སུ་བཟུང་བའི་དངོས་པོའི་ངོ་བོ་ཆོས་ཅན་གྱི་སྟེང་དུ་རྒོལ་བ་གཉིས་ཀས་མཐུན་སྣང་དུ་མ་གྲུབ་པ་ཡིན་པའི་ཕྱིར་རོ། །དེས་ན་བྱས་པ་ཆོས་ཅན། ཁྱོད་ཀྱི་ཁྱད་པར་བུམ་པའི་བྱས་པ་དེ་སྒྲའི་སྟེང་དུ་མ་གྲུབ་ཀྱང་ཁྱོད་སྒྲ་མི་རྟག་སྒྲུབ་ཀྱི་ཕྱོགས་ཆོས་སུ་འགྲུབ་པ་ལ་གནོད་བྱེད་མ་ཡིན་ཏེ། ཁྱོད་སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པའི་ཕྱིར་རོ། །དཔེར་ན་སྒྲའི་སྟེང་དུ་ནམ་མཁའི་ཡོན་ཏན་ལ་བརྟེན་པའི་བྱས་པ་མ་གྲུབ་པས་སྒྲའི་སྟེང་དུ་ཕྱོགས་ཆོས་མ་གྲུབ་པར་མི་འགྱུར་བ་བཞིན་ནོ། །གལ་ཏེ་གང་ལ་དོན་གྲུབ་ལ་མིང་མ་གྲུབ་པ་དེ་ལ་ཅིར་འགྱུར་ཞེ་ན། ཤེས་བྱ་ཆོས་ཅན། རྟགས་སུ་གཟུང་བྱའི་སྒྲའི་མིང་དེ་ཆོས་ཅན་གྱི་སྟེང་དུ་རྒོལ་བ་གཉིས་ཀའི་མཐུན་སྣང་དུ་མ་གྲུབ་ཀྱང་རྟགས་ཀྱི་དངོས་པོ་སྟེ་དོན་ནི་མཐུན་སྣང་དུ་གྲུབ་ན་བསྒྲུབ་བྱ་གྲུབ་པར་འགྱུར་ཏེ་དོན་ལས་དོན་གྲུབ་ཀྱི་སྒྲ་ཙམ་ལས་དོན་གྲུབ་པ་མ་ཡིན་པའི་ཕྱིར་ཏེ། དཔེར་ན་འུག་པའི་ཆ་བྱད་འཛིན་པའི་བདེ་བྱེད་ཀྱི་སློབ་མར་གྲགས་པ་གཟེག་གཟན་ནམ་འུག་ཕྲུག་པ་ལ་སངས་རྒྱས་པས་འབྱུང་བཞིའི་རྡུལ་ཕྲན་ཆོས་ཅན། མི་རྟག་སྟེ་ལུས་ཅན་ཡིན་པའི་ཕྱིར་སོགས་པས་ཐོགས་བཅས་ཡིན་པའི་ཕྱིར། བུམ་པ་བཞིན་ཞེས་སྒྲུབ་བྱེད་དུ་བཤད་པ་ན། སངས་རྒྱས་པས་ལུས་ཅན་གྱི་སྒྲའི་དོན་དུ་འདོད་པའི་འབྱུང་བཞིའི་རྡུལ་ཕྲན་ལ་སོགས་པ་རེག་བྱ་ཅན་ལ་ལུས་ཅན་གྱི་སྒྲ་བྱེ་བྲག་པ་ལ་མ་གྲུབ། བྱེ་བྲག་པས་ལུས་ཅན་གྱི་སྒྲའི་དོན་དུ་འདོད་པའི་ཐམས་ཅད་དུ་སོང་བ་མ་ཡིན་པའི་རྫས་ཀྱི་ཚད་ལ་ལུས་ཅན་གྱི་སྒྲ་སངས་རྒྱས་པ་ལ་མ་གྲུབ་ཀྱང་། མངོན་པར་འདོད་པའི་དོན་རེག་བྱ་ཅན་དེ་འབྱུང་བའི་རྡུལ་ཕྲ་རབ་དང་བུམ་པ་ལ་རྒོལ་བ་གཉིས་ཀས་མཐུན་སྣང་དུ་གྲུབ་པས་སྒྲུབ་བྱེད་དུ་མ་གྲུབ་པར་མི་འགྱུར་བ་བཞིན་ནོ། །དེས་ན་ཤེས་བྱ་ཆོས་ཅན། རྟགས་སུ་གཟུང་བྱའི་དོན་དེ་ཉིད་བསྒྲུབ་བྱའི་ཆོས་ལ་འཁྲུལ་པ་དང་ཕྱོགས་ཆོས་སུ་མ་གྲུབ་པ་ལ་སོགས་པ་ཡིན་ན་སྒྲའམ་མིང་འཁྲུལ་པ་མེད་ན་ཡང་སྒྲུབ་བྱེད་སྐྱོན་ལྡན་དུ་ཤེས་པར་བྱ་སྟེ། བསྒྲུབ་བྱའི་ཆོས་ལ་མི་འཁྲུལ་བའི་རྟགས་སུ་གཟུང་བྱའི་དངོས་པོའི་དོན་ལས་བསྒྲུབ་བྱའི་ཆོས་ཀྱི་དངོས་པོའི་དོན་གྲུབ་པ་ཡིན་གྱི་སྒྲ་ཙམ་ལས་གྲུབ་པ་མ་ཡིན་པའི་ཕྱིར་རོ། །མིང་མ་འཁྲུལ་ཡང་དོན་འཁྲུལ་ན་རྟགས་སྐྱོན་ཅན་དུ་ཤེས་པར་བྱ་སྟེ། དཔེར་ན་བ་ཁྲ་མོ་ཆོས་ཅན། རྭ་ཅན་ཡིན་ཏེ་འགྲོ་བའི་ཕྱིར་དང་། གླང་པོ་ཆེའི་ཕྲུ་གུ་ཆོས་ཅན། གླང་པོ་ཆེ་ཡིན་ཏེ། ལག་ལྡན་ཡིན་པའི་ཕྱིར་ཞེས་སྒྲུབ་བྱེད་དུ་བཀོད་པ་བཞིན་ནོ། །འགྲོ་བ་དང་ལག་ལྡན་ཞེས་པ་འདིའི་སྒྲ་ཆོས་ཅན། རྭ་ཅན་དང་གླང་པོ་ཆེ་དེ་ཁྱོད་ཀྱི་བརྗོད་བྱར་དངོས་པོའི་སྟོབས་ཀྱིས་གྲུབ་པ་མ་ཡིན་ཏེ། དེ་དེར་གྲགས་པ་ཙམ་གྱིས་གྲུབ་པ་ཡིན་པའི་ཕྱིར། སྒྲ་དེ་གཉིས་ཀྱི་བརྗོད་འདོད་ཀྱི་དོན་ཡུལ་གཞན་དུ་ཕྱིན་པ་དང་ལག་པ་དང་ལྡན་པ་ཙམ་ཆོས་ཅན། རྭ་ཅན་དང་གླང་པོ་ཆེ་ཁོ་ན་ལ་མི་འཁྲུལ་བ་མིན་ཏེ། མི་ལ་ཡང་གྲུབ་པའི་ཕྱིར། ད་ནི་དབང་ཕྱུག་སྐྱེ་ལྡན་རིལ་གྱི་རྒྱུར་འདོད་པ་འགོག་པ་ནི། དབང་ཕྱུག་གི་དངོས་པོ་དེ་ཆོས་ཅན། གང་གི་ཚེ་འབྲས་བུ་ཀུན་གྱི་རྒྱུ་མིན་པ་དེའི་ཚེ་འབྲས་བུ་བསྐྱེད་པའི་གནས་སྐབས་དེ་ལྟར་འབྲས་བུ་ཀུན་གྱི་རྒྱུ་དེ་ཉིད་ཡིན་པར་ཐལ། ཇི་ལྟར་ན་འབྲས་བུ་ཀུན་གྱི་རྒྱུ་ཡིན་ཞིང་སྔ་ཕྱིའི་ཁྱད་པར་མེད་པའི་ཕྱིར། དེ་ལྟ་མ་ཡིན་ན་འབྲས་བུ་བསྐྱེད་པའི་གནས་སྐབས་ཀྱི་དབང་ཕྱུག་དེ་ནི་ཆོས་ཅན། གང་གིས་འབྲས་བུ་ཀུན་གྱི་རྒྱུར་འདོད་ལ་རྒྱུ་མ་ཡིན་པར་མི་འདོད་སྟེ་རྒྱུ་མ་ཡིན་པར་ཐལ། འབྲས་བུ་མི་བསྐྱེད་པའི་གནས་སྐབས་དང་རང་བཞིན་ཁྱད་པར་མེད་པའི་ཕྱིར། དེ་མ་ཁྱབ་ན་སྡོང་དུམ་ཡང་ཆོས་ཅན། ཅིའི་ཕྱིར་ན་ནག་པའི་ལུས་ཀྱི་རྨ་བསྐྱེད་པ་དང་སོས་པའི་རྒྱུ་ཉིད་དུ་རྟོག་པ་མི་བྱེད་དེ་རྟོག་པར་རིགས་པར་ཐལ། འབྲས་བུ་མི་བསྐྱེད་པའི་གནས་སྐབས་དང་རང་བཞིན་ཁྱད་པར་མེད་པའི་དབང་ཕྱུག་ཡང་འབྲས་བུ་ཀུན་གྱི་རྒྱུ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། མཚོན་དང་འབྲེལ་བ་ལས་ནག་པའི་ལུས་ཀྱི་རྨ་བྱུང་བ་དེ་སྔགས་དང་སྨན་སོགས་དང་འབྲེལ་བ་ལས་དེ་འགྲུབ་པ་ཡིན་གྱི་སྡོང་དུམ་ནི་དེ་དག་གི་རྒྱུར་འབྲེལ་མེད་ཡིན་པའི་ཕྱིར་རོ། །གང་གིས་ཞེས་པའི་རྟགས་གྲུབ་སྟེ་དབང་ཕྱུག་ཆོས་ཅན། འབྲས་བུ་མི་བསྐྱེད་པའི་གནས་སྐབས་ལས་རང་བཞིན་ཁྱད་པར་ཅན་དུ་བྱེད་པར་ཡང་མི་འབྱུང་བར་ཐལ། སྔ་ཕྱིའི་རང་བཞིན་ཁྱད་པར་མེད་པའི་ཕྱིར། གཞན་ཡང་། ཁྱོད་ཀྱིས་འབྲས་བུ་ཀུན་ལ་ཕན་འདོགས་པའི་ནུས་པ་ཉིད་ཀྱང་ཚད་མས་རྟོགས་པར་དཀའ་བར་ཐལ། ཁྱོད་ཕན་འདོགས་བྱེད་དུ་ལོག་སྟོབས་ཀྱིས་འབྲས་བུ་ཀུན་ལྡོག་པ་མེད་པའི་ཕྱིར་ཏེ་རྟག་པའི་ཕྱིར་རོ། །གལ་ཏེ་དོན་གཞན་སྔ་མ་གང་དག་ཕན་འདོགས་བྱེད་དུ་ཡོད་ན་སྐྱེ་ཞིང་གང་འགྱུར་རྗེས་སུ་འགྱུར་བ་ཉིད་ཀྱི་རྒྱུ་དེ་དག་ལས་གཞན་འབྲས་བུ་ལ་ཕན་འདོགས་པའི་ནུས་པ་མ་མཐོང་བའི་དབང་ཕྱུག་ཀྱང་འབྲས་བུ་དེའི་རྒྱུར་རྟོག་པར་རིགས་པ་ཡིན་ན། མྱུ་གུ་ལ་སོགས་པའི་འབྲས་བུ་ཐམས་ཅད་ཆོས་ཅན། ཁྱོད་རྣམས་ལ་སྐྱེད་བྱེད་ཀྱི་རྒྱུ་རྣམས་ཐུག་པ་མེད་པར་འགྱུར་བར་ཐལ། འབྲས་བུ་ལ་ཕན་འདོགས་པའི་ནུས་པ་མ་མཐོང་བའི་དངོས་པོ་རྣམས་ཁྱོད་ཀྱི་རྒྱུར་རྟོག་པ་ལ་གནོད་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། གལ་ཏེ་ཞིང་དང་ཆུ་ལུད་ལ་སོགས་པ་རྣམས་མྱུ་གུ་མི་བསྐྱེད་པའི་གནས་སྐབས་དང་རང་བཞིན་ཁྱད་པར་མེད་ཀྱང་མྱུ་གུས་བསྐྱེད་པའི་རང་བཞིན་ཁྱད་པར་མེད་པའི་རྟགས་མ་ངེས་སོ་ཞེ་ན། ཞིང་ས་དང་ཆུ་ལུད་ལ་སོགས་པ་རྣམས་ཆོས་ཅན། མྱུ་གུ་མི་བསྐྱེད་པའི་གནས་སྐབས་ལས་མྱུ་གུ་བསྐྱེད་པ་ལ་ནུས་པའི་རང་བཞིན་ཡོངས་སུ་འགྱུར་ན་མྱུ་གུའི་རྒྱུ་ཡིན་ཏེ། དེ་སྟེ་ཁྱོད་ལྷག་པར་རྨོ་བ་ལ་སོགས་པའི་རྐྱེན་གྱིས་ལེགས་པར་འདུས་བྱས་པ་ན་མྱུ་གུ་སོགས་འབྲས་བུ་དེའི་ཁྱད་པར་ཡང་ལྷག་པར་བཟང་ལ་མང་བ་འབྱུང་བ་སོགས་མཐོང་བའི་ཕྱིར་རོ། །གལ་ཏེ་དཔེ་ཇི་ལྟར་ན་ཡུལ་དང་དབང་པོ་ཡིད་བྱེད་ལ་སོགས་པ་ཚོགས་པ་རེ་རེ་བ་དང་། ཚོགས་པ་དག་ཁྱད་པར་བར་མེད་ཀྱང་དབང་བློའི་རྒྱུ་ཡིན་པ་དེ་ལྟར་དུ་དབང་ཕྱུག་འདི་ཡང་འབྲས་བུ་མི་བསྐྱེད་པའི་གནས་སྐབས་དང་ཁྱད་པར་མེད་ཀྱང་འབྲས་བུའི་རྒྱུ་ཡིན་ཞེ་ན། ཡུལ་དབང་ཡིད་བྱེད་སོགས་དེ་ལའང་ཆོས་ཅན། ཁྱོད་རྣམས་ཚོགས་པ་དེ་མ་ཚོགས་པའི་ཡུལ་དབང་རེ་རེ་བ་དང་ཁྱད་པར་མེད་པ་མིན་པར་ཐལ། དེ་དང་ཁྱད་པར་ཡོད་པའི་ཕྱིར་རོ། །རྟགས་གྲུབ་སྟེ། ཁྱོད་རྣམས་ཚོགས་ཀྱང་དབང་ཤེས་བསྐྱེད་པའི་ནུས་པ་མེད་པར་འགྱུར་བར་ཐལ། ཁྱོད་རྣམས་སོ་སོ་སོ་སོར་དབང་ཤེས་བསྐྱེད་པའི་ནུས་པ་མེད་པའི་མ་ཚོགས་པ་རེ་རེ་བ་རྣམས་དང་རང་བཞིན་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟར་ཐལ་བ་ལས་འདོད་མི་ནུས་པ་དེའི་ཕྱིར་དེ་རྣམས་མ་ཚོགས་པ་དང་རེ་རེ་བ་དང་ཁྱད་པར་གྲུབ་པ་ཡིན་ནོ། །ཁྱད་པར་གྲུབ་པ་དེའི་ཕྱིར་དབང་ཤེས་ཀྱི་རྐྱེན་གསུམ་པོ་དེ་དག་ཆོས་ཅན། ཁྱོད་རྣམས་ཕན་ཚུན་ལྟོས་པ་མེད་པའི་རེ་རེ་བ་ལ་དབང་ཤེས་བསྐྱེད་པའི་ནུས་པ་མེད་ཀྱང་ཁྱོད་རྣམས་ལྷན་ཅིག་ཚོགས་ན་དབང་ཤེས་བསྐྱེད་རྒྱུ་ཡིན་ཏེ། ཁྱེད་རྣམས་སོ་སོར་རེ་རེ་བ་ལ་གང་དབང་ཤེས་བསྐྱེད་པའི་ནུས་པ་མེད་ཀྱང་ཁྱོད་རྣམས་ལྷན་ཅིག་ཚོགས་ན་རེ་རེ་བ་ལས་རང་བཞིན་ཁྱད་པར་ཅན་གྱི་ཡོན་ཏན་དབང་ཤེས་བསྐྱེད་པའི་ནུས་པ་སྲིད་པར་འགྱུར་བའི་ཕྱིར་རོ། །དབང་ཕྱུག་སོགས་རྟག་པ་རྣམས་ཆོས་ཅན། འབྲས་བུ་ཀུན་གྱི་རྒྱུ་མ་ཡིན་པར་ཐལ། འབྲས་བུ་མི་བསྐྱེད་པའི་གནས་སྐབས་དང་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་སྒྲུབ་བྱེད་ལ་ལྟོས་ཚད་ཡིན་རིགས་ཞེས་པའི་རྟགས་མ་གྲུབ་སྟེ། ཚད་མའི་སྐྱེས་བུ་ཡིན་ན་སྲིན་བུའི་གྲངས་སོགས་དབང་པོ་ལས་འདས་པའི་ལྐོག་གྱུར་གྱི་དོན་མ་ལུས་པ་ཤེས་པ་ཞིག་དགོས་པ་ཡིན་ལ་སྐྱེས་བུ་རྣམས་ཆོས་ཅན། སྲིན་བུའི་གྲངས་སོགས་མ་ལུས་པ་ཤེས་པའི་ཐབས་ལ་ནན་ཏན་བྱེད་པ་ཡོད་པ་མ་ཡིན་པ་དེའི་སྒྲུབ་བྱེད་མེད་པར་ཞེས་པ་ནི་རྒྱང་འཕེན་པ་ཁ་ཅིག་རབ་ཏུ་བརྗོད་ཏོ། །སྡུག་བསྔལ་ཞི་བའི་ཐབས་མི་ཤེས་བཞིན་དུ་སྟོན་པར་བྱེད་པ་ལ་རང་གི་མངོན་པར་འདོད་པའི་དོན་ལ་འཁྲུལ་པར་དོགས་པ་ཅན་གྱི་གྲོལ་བ་དོན་གཉེར་གྱི་རྟོགས་ལྡན་རྣམས་ཀྱིས་ཆོས་ཅན། སྲིན་བུའི་གྲངས་སོགས་མ་ལུས་པ་ཤེས་པ་སྟོན་པར་བཙལ་བྱ་ཡིན་ཏེ། སྡུག་བསྔལ་ཞི་བའི་ཐབས་མཁྱེན་པའི་སྟོན་པ་དེས་བཤད་པའི་དོན་ལ་ནན་ཏན་བྱ་བའི་ཕྱིར་དུ་རང་གིས་མངོན་པར་འདོད་པའི་དོན་ཤེས་པ་དང་ལྡན་པའི་སྐྱེས་བུ་འགའ་ཞིག་སྟོན་པར་ཚོལ་བར་བྱེད་པའི་ཕྱིར་རོ། །དེས་ན་སྡུག་བསྔལ་ཞི་བའི་ཐབས་མཁྱེན་པའི་ཡེ་ཤེས་ཅན་གྱི་སྐྱེས་བུ་སྟོན་པར་བཙལ་བར་བྱ་བ་ཡིན་པ་དེའི་ཕྱིར་གྲོལ་བ་དོན་གཉེར་གྱི་རྟོགས་ལྡན་དེ་ཆོས་ཅན། སྡུག་བསྔལ་ཞི་བའི་ཐབས་སུ་བསྟེན་བྱར་འོས་པའི་སྟོན་པ་འདི་ཡིས་རང་གི་མངོན་པར་འདོད་པའི་བསྒྲུབ་བྱ་རུ་གྱུར་པའི་སྡུག་བསྔལ་ཞི་བའི་ཐབས་མཁྱེན་པའི་ཡེ་ཤེས་མངའ་འམ་མི་མངའ་ཞེས་རྣམ་པར་དཔྱད་པར་བྱའི་སྲིན་བུའི་གྲངས་སོགས་མཁྱེན་ནམ་མི་མཁྱེན་ཞེས་དཔྱད་པར་བྱ་བ་མ་ཡིན་ཏེ། ཁྱོད་སྡུག་བསྔལ་ཞི་བའི་ཐབས་དོན་གཉེར་ཡིན་ཞིང་། དེ་ལ་སྲིན་བུའི་གྲངས་སོགས་མཁྱེན་པ་ནི་འགར་ཡང་ཉེར་མཁོ་མེད་པའི་ཕྱིར། འོ་ན་སྟོན་པ་དེ་ཡུལ་གང་ལ་ཚད་མ་ཡིན་ཞེ་ན། སྟོན་པ་བཅོམ་ལྡན་འདས་ཆོས་ཅན། སྲིན་བུའི་གྲངས་སོགས་ཐམས་ཅད་རིག་པར་མཛད་པའི་སྒོ་ནས་གྲོལ་བ་དོན་གཉེར་གྱི་ཚད་མར་འདོད་པ་མ་ཡིན་ཏེ། གང་གི་ཚེ་བླང་བྱའི་དེ་ཉིད་འགོག་བདེན་ཐབས་ལམ་བདེན་དང་བཅས་པ་དང་དོར་བྱའི་དེ་ཉིད་སྡུག་བདེན་ཐབས་ཀུན་བདེན་དང་བཅས་པ་ཕྱིན་ཅི་མ་ལོག་པར་རིག་པར་མཛད་པའི་ཡེ་ཤེས་མངའ་བའི་སྒོ་ནས་གྲོལ་བ་དོན་གཉེར་གྱིས་ཚད་མ་ཉིད་དུ་འདོད་པའི་ཕྱིར། དེས་ན་ཐག་རིང་པོ་མཐོང་ངམ་མཐོང་བ་མིན་ཡང་རུང་གྲོལ་བ་དོན་གཉེར་གྱི་སྟོན་པར་འོས་ཏེ། དེས་མངོན་པར་འདོད་པའི་དོན་བདེན་པའི་བླང་དོར་ཐབས་དང་བཅས་པ་དེ་ཉིད་ཕྱིན་ཅི་མ་ལོག་པར་མངོན་སུམ་དུ་མཐོང་ནས་གཞན་ལ་སྟོན་པའི་ཐུགས་རྗེ་ཅན་ཡིན་པའི་ཕྱིར། གལ་ཏེ་དེ་ལྟ་མ་ཡིན་པར་ཐག་རིང་པོ་མཐོང་བ་ཁོ་ན་ཚད་མ་ཡིན་ན་གྲོལ་བ་དོན་གཉེར་རྣམས་ཚུར་ཤོག་སྡུག་བསྔལ་ཞི་བའི་ཐབས་མཁྱེན་པ་དོར་ལ་བྱ་རྒོད་དང་ཕག་རྒོད་ལ་སོགས་ཐག་རིང་པོ་མཐོང་བ་རྣམས་སྟོན་པར་བསྟེན་པར་གྱིས་ཤིག་ཅེས་སྟིང་ཚིག་གོ །ད་བསམ་པ་ཕུན་ཚོགས་འགྲོ་ལ་ཕན་བཞེད་པ་ཞེས་པ་འཆད་པར་བཞེད་དེ། གལ་ཏེ་ཚད་མའི་སྐྱེས་བུ་དེའི་སྒྲུབ་བྱེད་ཅི་ཞེ་ན། འགྲོ་བ་མཐའ་དག་སྡུག་བསྔལ་ལས་སྒྲོལ་བར་འདོད་པའི་རྣམ་པ་ཅན་གྱི་ཐུགས་རྗེ་ཆེན་པོ་དེ་ཆོས་ཅན། ཚད་མའི་སྐྱེས་བུའི་སྒྲུབ་བྱེད་ཡིན་ཏེ། དེའི་རྒྱུ་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར། དེ་ཡང་རྒྱུ་གང་ལས་བྱུང་ཞེ་ན། དེ་ཆོས་ཅན། རྒྱུ་མེད་དམ་མི་མཐུན་པའི་རྒྱུ་ལས་བྱུང་བ་མ་ཡིན་ཏེ། སྐྱེ་བ་དུ་མར་སྙིང་རྗེ་ཆེན་པོ་ཡང་དང་ཡང་དུ་གོམས་པ་ལས་གྲུབ་པའི་ཕྱིར། གལ་ཏེ་རྒྱང་འཕེན་པ་ན་རེ་སྙིང་རྗེ་ལ་སོགས་པའི་བློ་ནི་ཆོས་ཅན། སྐྱེ་བ་དུ་མར་གོམས་པས་གྲུབ་པ་མེད་དེ། ལུས་ཞིག་ནས་རྒྱུན་ཆད་པའི་ཕྱིར་ཏེ། ཡོན་ཏན་དང་འབྲས་བུ་ལ་སོགས་པའི་སྒོ་ནས་ལུས་ལ་བརྟེན་པའི་ཕྱིར་ཞེ་ན། དེ་ཆོས་ཅན། ལུས་ཡན་གར་བ་ལ་བརྟེན་པའི་སྒོ་ནས་སྐྱེ་བ་དུ་མར་གོམས་པར་གྲུབ་པ་མེད་པ་མ་ཡིན་པར་ཐལ། དེ་ལ་བརྟེན་པ་ཚད་མས་བཀག་པའི་ཕྱིར་རོ། གཞན་ཡང་དབུགས་འབྱུང་རྔུབ་དང་མིག་སོགས་དབང་པོ་དང་ཡིད་བློ་དག་ནི་ཆོས་ཅན། ཐ་མལ་པ་མངལ་དུ་སྐྱེ་བ་ཡོངས་སུ་ལེན་པ་ན་རང་གི་རིགས་འདྲ་སྔ་མ་ལ་ལྟོས་པ་མེད་པར་འབྱུང་བའི་བདག་ཉིད་ཅན་གྱི་ལུས་འདི་འབའ་ཞིག་ལས་སྐྱེ་བ་མིན་པར་ཐལ། དེ་ཡིན་ན་ས་ཆུ་ལ་སོགས་པའི་འབྱུང་བ་ཡང་དབུགས་འབྱུང་རྔུབ་དང་སེམས་པ་ཅན་དུ་ཧ་ཅང་ཐལ་ཆེས་པའི་ཕྱིར། དབུགས་འབྱུང་རྔུབ་ལ་སོགས་པ་དེ་དག་སྔར་སྐྱེ་བ་ལེན་པའི་དུས་སུ་རང་གི་རིགས་འདྲ་ཕྱི་མར་མཚམས་སྦྱོར་བར་ནུས་ལྡན་དུ་མཐོང་བ་གང་ཡིན་པ་དེ་རྒྱུ་གཞན་ལྷག་པོ་ཅི་ཞིག་ཡོད་པར་འགྱུར་ཞིང་རྒྱུ་མེད་པའི་རྒྱུ་མཚན་གང་གིས་ཕྱི་ནས་ཤི་བའི་འོག་ཏུ་ཡང་རང་གི་རིགས་འདྲ་ཕྱི་མར་མཚམས་སྦྱོར་བ་མེད་གྱུར་ཏེ་མི་འགྱུར་རོ། །ཐ་མལ་འཆི་ཁའི་དབུགས་འབྱུང་རྔུབ་སོགས་ཆོས་ཅན། རང་གི་རིགས་འདྲ་ཕྱི་མ་འབྱུང་སྟེ། དེའི་རྒྱུ་ཚང་ཞིང་གེགས་མེད་པའི་ཕྱིར། གལ་ཏེ་ཧ་ཅང་ཐལ་ཕྱིར་ཞེས་པའི་སྐྱོན་མེད་དེ། ས་སོགས་འབྱུང་བའི་ཆ་འགའ་ལ་སེམས་ཅན་གྱི་ས་བོན་མེད་པས་སེམས་ཅན་རྣམས་མི་སྐྱེའོ་ཞེ་ན། ས་སོགས་འབྱུང་བའི་ཆ་ཐམས་ཅད་ཆོས་ཅན། སེམས་ཅན་གྱི་ས་བོན་གྱི་བདག་ཉིད་དུ་འགྱུར་པའི་ཕྱིར། གལ་ཏེ་ཧ་ཅང་ཐལ་ཕྱིར་ཞེས་པའི་སྐྱོན་མེད་དེ། ས་སོགས་འབྱུང་བའི་ཆ་འགའ་སེམས་ཅན་གྱི་ས་བོན་མེད་པས་སེམས་ཅན་རྣམས་མི་སྐྱེའོ་ཞེ་ན། ས་སོགས་འབྱུང་བའི་ཆ་ཐམས་ཅད་ཆོས་ཅན། སེམས་ཅན་གྱི་ས་བོན་གྱི་བདག་ཉིད་དུ་འགྱུར་བར་ཐལ། ས་སོགས་འབྱུང་བའི་ཆ་གང་དུ་དྲོད་གཤེར་རམ་རྫུས་སྐྱེས་ལ་སོགས་པའི་སྐྱེ་བོ་སྐྱེ་བར་མི་འགྱུར་བའི་ས་སོགས་འབྱུང་བའི་ཆ་དེ་འགའ་ཡང་མེད་པ་དེའི་ཕྱིར། དེའི་ཕྱིར་ཡིད་བློ་དང་དབང་སོགས་རྣམས་རང་གི་རིགས་འདྲ་སྔ་མ་ལ་ལྟོས་པ་མེད་པར་འབྱུང་བའི་བདག་ཉིད་འབའ་ཞིག་ལས་འབྱུང་བ་ཡིན་ན། ཇི་ལྟར་ས་སོགས་འབྱུང་བའི་ཆ་ཡོངས་སུ་འགྱུར་བ་བཞིན་དུ། ས་བོན་འབྱུང་བའི་ཆ་ཀུན་ཆོས་ཅན། སྲོག་ཆགས་སུ་འགྱུར་བར་ཐལ། དེར་འགྱུར་བའི་ས་སོགས་དང་འབྱུང་བར་ཁྱད་པར་མེད་པའི་ཕྱིར། གཞན་ཡང་ཡིད་བློ་དེ་ལུས་དང་གཅིག་པ་ནི་འོག་ཏུ་འགོག་ཅིང་དོན་གཞན་ཡིན་ན། དབང་པོ་མེད་པའི་ལུས་ལ་བརྟེན་ནམ་དབང་པོ་དང་བཅས་པའི་ལུས་ལ་བརྟེན། དང་པོ་ལྟར་ན་ཤི་བའི་ལུས་དང་སྐྲ་སེན་སོགས་ལའང་ཡིད་བློ་ཡོད་པར་འགྱུར་ལ། གཉིས་པ་ལྟར་ན་ཡིད་བློ་ཆོས་ཅན། དེ་ལ་བརྟེན་པ་མ་ཡིན་པར་ཐལ། མིག་སོགས་དབང་པོ་རྣམས་རེ་རེ་ལ་རྐྱེན་ཇི་ལྟ་བ་བཞིན་དུ་གནོད་པ་ཡོད་ན་ཡང་ཁྱོད་ལ་གནོད་པ་ཡོད་པ་མ་ཡིན་པའི་ཕྱིར། ཡིད་བློ་ལུས་ལ་མི་བརྟེན་པར་མ་ཟད་ལུས་ཉིད་ཡིད་བློ་ལ་བརྟེན་ཏེ་མིག་སོགས་དབང་པོ་དེ་དག་ཀྱང་ཆོས་ཅན། ཡིད་བློ་ལ་བརྟེན་ཏེ། ཡིད་བློ་འདི་འདོད་འཇིགས་མྱ་ངན་སོགས་ཀྱིས་འགྱུར་ན་ཁྱོད་ཀྱང་འགྱུར་བ་དག་ཏུ་མཐོང་བ་ཡིན་པའི་ཕྱིར། ཡིད་བློ་ལུས་ལ་མི་བརྟེན་པར་དབང་པོ་ཡིད་བློ་ལ་བརྟེན་པ་དེའི་ཕྱིར་ཁོ་བོ་ཅག་གི་ལུགས་ལ་ཆོས་ཅན། ཡིད་བློ་ལ་དབང་པོ་གཟུགས་ཅན་རྣམས་སྐྱེ་བ་ཡིན་ཏེ། ཡིད་བློའི་རྒྱུ་མཚན་གནས་པའི་རྟེན་སེམས་པའི་མིང་ཅན་གྱི་རིགས་མཐུན་པའི་ལས་འགའ་ཞིག་དབང་པོ་གཟུགས་ཅན་རྣམས་ཀྱིས་རྒྱུ་ཡིན་པས་དེའི་ཕྱིར། དེ་འདྲའི་ལས་དེ་ཡང་ཉེར་ལེན་བློ་སྔ་མ་ཉིད་ལ་བརྟེན་པ་ཡིན་གྱི་ལུས་ལ་བརྟེན་པ་མིན་ནོ། །ཐ་མལ་འཆི་ཁའི་ཕྱིས་ཀྱང་ཡིད་བློ་ཆོས་ཅན། སྔར་སྐྱེ་བ་ལེན་པའི་དུས་དེ་དང་འདྲ་བར་དབང་སོགས་འཕེན་བྱེད་དུ་འགྱུར་བ་ཡིན་པར་ཐལ། སྔར་སྐྱེ་བ་ལེན་པའི་དུས་སུ་དབང་སོགས་འཕེན་བྱེད་ཅི་འདྲ་བ་དེ་འདྲ་བའི་དབང་སོགས་འཕེན་བྱེད་ཀྱི་རྒྱུ་ཚང་བར་ཡོད་པར་འགྱུར་བའི་ཕྱིར། གལ་ཏེ་ཡིད་བློ་ལུས་ལ་མི་བརྟེན་ན་ཆོས་མངོན་པའི་མདོ་ལས་ལུས་དང་སེམས་ནི་ཕན་ཚུན་རྗེས་སུ་བྱེད་པ་ཅན་ནོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེའི་དགོངས་པ་འདི་ཡིན་ཏེ། ཡིད་བློ་ནི་ཆོས་ཅན། ཁྱོད་ལུས་ལ་བརྟེན་པར་བཤད་པའི་རྒྱུ་མཚན་ཡོད་དེ། ལུས་ལ་དངོས་སུ་སྐྱེས་པའི་ལུས་དེའི་ཤེས་པས་དེ་མ་ཐག་རྐྱེན་གྱི་སྒོ་ནས་ཕན་འདོགས་པའི་ཕྱིར། གལ་ཏེ་ཡིད་བློ་ཆོས་ཅན། མིག་སོགས་དབང་པོ་ལས་སྐྱེ་སྟེ་མིག་སོགས་དབང་པོ་མེད་པར་སྐྱེ་བ་མ་ཡིན་པའི་ཕྱིར་ཞེ་ན། མིག་སོགས་དབང་པོ་དེ་ཡང་ཆོས་ཅན། ཡིད་བློ་ལས་སྐྱེ་བར་ཐལ། དེ་མེད་པར་མི་སྐྱེ་བའི་ཕྱིར། དེ་ལྟ་ནའང་མིག་སོགས་དབང་པོ་དང་ཡིད་བློ་གཉིས་ཀ་ཆོས་ཅན། སྔར་སྐྱེ་བ་ལེན་པའི་དུས་སུ་ཡང་ཁྱོད་གཉིས་ཕན་ཚུན་གཅིག་གཅིག་གི་རྒྱུ་ཉིད་ཡིན་པར་ཐལ། ཁྱོད་གཉིས་གཅིག་ལ་གཅིག་ཕན་འདོགས་བྱེད་དུ་མེད་པར་མི་སྐྱེ་བའི་ཕྱིར་རོ། །འདོད་ན། ཤི་བའི་འོག་ཏུ་ཡང་ཁྱོད་གཉིས་ཕན་ཚུན་གཅིག་གཅིག་གི་རྒྱུ་ཅན་ཡིན་པར་ཐལ། དེའི་ཕྱིར། གཞན་ཡང་ཡིད་བློ་ཆོས་ཅན། སྔ་ཕྱི་རིམ་ཅན་མ་ཡིན་པའི་ལུས་རྟག་པ་ལས་སྐྱེ་བ་མིན་པར་ཐལ། སྔ་ཕྱི་རིམ་ཅན་དུ་འབྱུང་བའི་ཕྱིར། གལ་ཏེ་ལུས་རྟག་ཀྱང་རྐྱེན་ལ་ལྟོས་ན་ཡིད་བློ་རིམ་ཅན་དུ་བསྐྱེད་དོ་ཞེ་ན། ལུས་ཆོས་ཅན། ཁྱོད་ཀྱིས་རྐྱེན་ལ་ལྟོས་ནས་ཡིད་བློ་རིམ་ཅན་དུ་བསྐྱེད་པའང་མེད་པར་ཐལ། རྐྱེན་གྱིས་ཁྱད་པར་དུ་བྱས་པ་ཅན་མིན་པའི་ཕྱིར་ཏེ། རྟག་པའི་ཕྱིར། གལ་ཏེ་ཡིད་བློ་སྔ་མ་རྣམས་རིམ་ཅན་དུ་སྐྱེ་བ་ལ་ལྟོས་ནས་ལུས་ལ་རིམ་གྱིས་ཡིད་བློ་ཕྱི་མ་རྣམས་སྐྱེ་བར་འགྱུར་ཞེ་ན། དེ་ཆོས་ཅན། སྐད་ཅིག་སྔ་ཕྱིའི་རིམ་པ་ཡོད་པར་གསལ་བར་བྱེད་པ་ཡིན་པར་ཐལ། ཡིད་བློ་རིམ་ཅན་གྱི་རྐྱེན་ལ་ལྟོས་ནས་གཞན་དང་གཞན་དུ་བསྐྱེད་བྱ་ཡིན་པའི་ཕྱིར། འདོད་ན། སྔར་སྐྱེ་བ་ལེན་པའི་དུས་དང་ཕྱིས་འཆི་བའི་དུས་ཐམས་ཅད་ཀྱི་ཚེ་ན་ཆོས་ཅན། ལུས་དང་དབང་པོ་ཡིད་བློ་སོགས་ཀྱི་སྐད་ཅིག་མ་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྒྱུར་མཐོང་བ་ཉིད་ཡིན་པར་ཐལ། སྔར་སྐྱེ་བ་ལེན་པའི་དུས་དེ་དག་གི་སྐད་ཅིག་སྔ་མ་སྔ་མ་ནི་རང་གི་རིགས་འདྲ་སྐད་ཅིག་རེ་རེ་སྔོན་མེད་གསར་དུ་བསྐྱེད་པ་དེའི་རྒྱུ་ཡིན་པ་དེའི་ཕྱིར། གལ་ཏེ་དེ་དག་རང་གི་རིགས་འདྲ་ཕྱི་མ་བསྐྱེད་བྱེད་མ་ཡིན་པས་ཁྱབ་པ་མེད་དེ། ཐ་མལ་འཆི་ཁའི་སེམས་ཆོས་ཅན། སེམས་གཞན་དང་མཚམས་མི་སྦྱོར་བ་ཡིན་ཏེ། འཆི་ཁའི་སེམས་ཡིན་པའི་ཕྱིར། དགྲ་བཅོམ་དུ་འདོད་པའི་འཆི་ཁའི་སེམས་བཞིན་ནོ་ཞེ་ན། སྐྱེས་བུ་ཐ་མ་འཆི་ཁའི་སེམས་ནི་ཆོས་ཅན། དེ་སྒྲུབ་ཀྱི་འགལ་ཟླ་དམིགས་པའི་རྟགས་མ་ཡིན་པར་ཐལ། སེམས་གཞན་དང་མཚམས་སྦྱོར་བ་ལ་འགལ་བ་ཅི་ཡོད་དེ་མེད་པའི་ཕྱིར། དེ་སྒྲུབ་ཀྱི་མཐུན་དཔེ་འདོད་པའི་དགྲ་བཅོམ་འཆི་ཁའི་སེམས་གང་ཡིན་པ་དེ་ཡང་ཆོས་ཅན། ཚད་མ་གང་ལས་སེམས་གཞན་དང་མཚམས་སྦྱོར་བ་མེད་པར་གྲུབ་པར་འདོད་དེ་མ་གྲུབ་པར་ཐལ། ཚད་མས་མ་གྲུབ་པའི་ཕྱིར། གལ་ཏེ་རང་ལུགས་ཀྱི་ཚད་མས་གྲུབ་ཀྱང་སངས་རྒྱས་པ་ཁྱོད་ཀྱི་ལུགས་ལས་བཤད་པས་དཔེར་བརྗོད་པ་ཡིན་ནོ་ཞེ་ན། སངས་རྒྱས་པའི་གྲུབ་མཐའ་འམ་ལུང་ཆོས་ཅན། ཁྱོད་ཀྱི་རྗེས་སུ་འབྲངས་ནས་དགྲ་བཅོམ་པའི་སེམས་དེ་ཚད་མས་མཐོང་ངམ་ཅི་སྟེ་མི་རྟོགས་པར་ཐལ། ཚད་མས་མ་གྲུབ་པའི་དོན་ཅན་གྱི་ལུང་ཡིན་པའི་ཕྱིར་རོ། །གལ་ཏེ་དགྲ་བཅོམ་འཆི་ཁ་མའི་སེམས་ཆོས་ཅན། སེམས་གཞན་དང་མཚམས་མི་སྦྱོར་ཏེ། སེམས་གཞན་དེའི་རྒྱུ་དབུགས་འབྱུང་རྔུབ་དང་དབང་པོ་སོགས་བྲལ་བའི་ཕྱིར་ཞེ་ན། དེ་འདྲའི་རྟགས་དེ་ཉིད་ཆོས་ཅན། ཐ་མལ་འཆི་ཁའི་སེམས་དེ་སེམས་གཞན་དང་མཚམས་མི་སྦྱོར་བར་སྒྲུབ་པ་འདིར་ནི་སྒྲུབ་བྱེད་དུ་ཅིས་མ་བརྗོད་དེ་བརྗོད་པར་རིགས་པར་ཐལ། དགྲ་བཅོམ་འཆི་ཁའི་སེམས་དེར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། དབུགས་དབྱུང་རྔུབ་དང་དབང་སོགས་ཆོས་ཅན། ཁྱོད་ཡིད་བློའི་རྒྱུ་ཡིན་པའི་རྒྱུ་མཚན་གྱིས་ཁྱོད་དང་བྲལ་བ་དེ་ཐ་མལ་འཆི་ཁའི་སེམས་གཞན་དང་མཚམས་མི་སྦྱོར་བར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཡིད་བློའི་རྒྱུ་མ་ཡིན་པའི་ཕྱིར། དེའི་རྒྱུ་མཚན་དབང་པོ་སོགས་རེ་རེ་བ་དང་ཚོགས་པ་གང་ཡང་ཡིད་བློའི་རྒྱུ་མ་ཡིན་ཏེ། ཡིད་ཤེས་ཆོས་ཅན། མིག་དེའི་བློ་བཞིན་དུ་གཟུགས་གསལ་བར་འཛིན་པར་འགྱུར་བར་ཐལ། མིག་དབང་ལས་དངོས་སུ་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར། དེ་ལྟར་ཐལ་བ་ལས་དེ་ཆོས་ཅན། མིག་གི་དབང་པོ་དང་བཅས་པ་སྟེ་དེའི་ནུས་པ་ལས་དངོས་སུ་སྐྱེས་པའི་ཤེས་པ་མ་ཡིན་ཏེ། གཟུགས་གསལ་བར་འཛིན་པ་མ་ཡིན་པའི་ཕྱིར། དེ་བཞིན་དུ་ཡིད་བློ་དེ་དབང་པོ་གཞན་རྣམས་རེ་རེ་བ་ལས་ཀྱང་མི་སྐྱེ་བར་མ་ཟད་དབང་པོ་ཀུན་ཚོགས་པ་ལས་ཀྱང་མི་སྐྱེ་སྟེ། འདི་ལྟར་མིག་སོགས་དབང་པོ་ལྔ་ཆོས་ཅན། ཁྱེད་རྣམས་ཀུན་ཚོགས་པ་ལས་ཀྱང་ཡུལ་དྲུག་ཀ་འཛིན་པའི་ཡིད་བློ་སྐྱེ་བ་མ་ཡིན་པར་ཐལ། རང་གི་ཡུལ་གཟུགས་སོགས་འཛིན་པའི་ཤེས་པ་སོ་སོར་བསྐྱེད་པའི་ནུས་པ་ཐ་དད་དུ་མཐོང་བ་ཡིན་གྱི་ཡུལ་ཐམས་ཅད་འཛིན་པའི་ཤེས་པ་བསྐྱེད་པའི་ནུས་པ་མ་མཐོང་བའི་ཕྱིར། གཉིས་པ་ལྟར་ན་དབང་པོ་ཅན་ལས་གཞན་དབང་པོ་མེད་པའི་སྐྲ་སེན་སོགས་ཀྱང་ཆོས་ཅན། ཁྱོད་ལས་ཡིད་བློ་སྐྱེ་བ་མ་ཡིན་པར་ཐལ། རང་འབྲས་སེམས་མེད་ཉིད་ཡིན་པའི་ཕྱིར། གལ་ཏེ་དབང་པོ་དང་བཅས་པའི་ལུས་དང་ཡིད་བློ་གཉིས་རྟེན་དང་བརྟེན་པ་ཡིན་ཏེ་ལྷན་ཅིག་ཏུ་གནས་པའི་ཕྱིར། དཔེར་ན་སྒྲོན་མ་དང་འོད་བཞིན་ནོ་ཞེ་ན། དེ་གཉིས་ཆོས་ཅན། རྟེན་དང་བརྟེན་པ་མ་ཡིན་ཀྱང་ལྷན་ཅིག་ཏུ་གནས་སུ་རུང་སྟེ། མིང་གཟུགས་འཕེན་བྱེད་ཀྱི་རྒྱུ་སྔོན་གྱི་ལས་གཅིག་གིས་ལྷན་ཅིག་ཏུ་གནས་པར་འཕངས་པའི་ཕྱིར། དཔེར་ན་མིག་སོགས་དབང་པོ་ལྔ་བཞིན་དུ་རྒྱུ་ཚོགས་གཅིག་པའི་གཟུགས་དང་རོ་བཞིན་ནོ། །གལ་ཏེ་ཡིད་བློ་དེ་ལུས་འགྱུར་རྗེས་སུ་འགྱུར་བ་ལུས་ལ་བརྟེན་ནོ་ཞེ་ན། ཡིད་བློ་ཆོས་ཅན། དེ་རྗེས་སུ་འགྱུར་བ་ཙམ་གྱིས་དེ་ལ་བརྟེན་པ་མ་ཡིན་པར་ཐལ། གཞན་བསད་པའི་ཁྲག་ལ་སོགས་པ་འགའ་ཞིག་དོན་ཏེ་ཡུལ་དུ་ཡོད་པ་ཅན་གྱི་སྒོ་ནས་འགྱུར་བར་མཐོང་བ་ཡིན་པའི་ཕྱིར་རོ། །གཞན་ཡང་དེ་ལ་ཕན་འདོགས་པ་ཙམ་གྱིས་དེ་ལོག་པས་དེ་ལྡོག་པའི་ངེས་པ་མེད་པ། དེའི་ལྡོག་བྱེད་ཀྱི་རྒྱུ་ཁྱད་པར་ཅན་ཡིན་ནོ། །དེ་ལྡོག་པས་དེ་ལྡོག་པ་ཡིན་ནོ། །རྒྱུ་ཁྱད་པར་ཅན་དེ་ཡང་གང་ཞེ་ན། ཡིད་བློ་སྔ་མ་གང་ཞིག་ཆོས་ཅན། གང་ལོག་པས་ཡིད་བློ་ཕྱི་མ་ལྡོག་པའི་ཕྱི་མ་དེའི་རྒྱུ་ཁྱད་པར་ཅན་ཡིན་ཏེ། ཡིད་བློ་ཕྱི་མའི་སྔ་རོལ་དུ་རྫས་སུ་ཡོད་པས་དེ་དག་ཕན་འདོགས་བྱེད་ཡིན་པའི་སྒོ་ནས་དེ་དུས་རྟག་ཏུ་དེའི་སྟེ་ཁྱེད་ཀྱི་རྗེས་སུ་འཇུག་པའི་ཕྱིར་རྒྱུ་སྔར་ཡོད་ཅིང་འབྲས་བུ་ཕྱིས་འབྱུང་བ་དེའི་ཕྱིར། མདོ་ལས། འདི་ཡོད་ན་འདི་འབྱུང་ངོ་ཞེས་འདི་ཡོད་ན་ཞེས་པའི་བདུན་པ་དང་འདི་སྐྱེས་པའི་ཕྱིར་འདི་སྐྱེའོ་ཞེས་འདི་སྐྱེས་པའི་ཕྱིར་ཞེས་པའི་ལྔ་པའི་སྒྲས་སྔར་ཡོད་དང་། འདི་འབྱུང་ངོ་འདི་སྐྱེའོ་ཞེས་པའི་དང་པོའི་སྒྲ་ནི་འབྲས་བུ་ཕྱིས་འབྱུང་དུ་བཤད་པ་ཡིན་ནོ། །དེ་ལྟ་བུའི་རྒྱུ་འབྲས་ཀྱི་མཚན་ཉིད་དེ་མངལ་དུ་སྐྱེས་མ་ཐག་གི་ལུས་སེམས་ལ་ཡོད་པའི་ངེས་པ་མེད་ཏེ། དེ་སྔར་བྱུང་ཞིང་སེམས་ཕྱིས་བྱུང་བའི་ངེས་པ་མེད་པའི་ཕྱིར་རོ། །གཞན་ཡང་དུས་འགའ་ཞིག་གི་ཚེ་ན་ལུས་དེ་ཡིད་བློའི་དེ་མ་ཐག་རྐྱེན་དུ་གྱུར་པའི་སྒོ་ནས་སེམས་སམ་ཡིད་བློའི་རྒྱུན་ལ་ཕན་འདོགས་བྱེད་པ་ཡིན་པ་སླ་སྟེ་ལུས་ཆོས་ཅན། ཡིད་བློ་ལ་ཕན་འདོགས་པ་དེ་ཙམ་གྱིས་ཁྱོད་ལོག་པས་ཡིད་བློ་ལྡོག་པ་མིན་ཏེ། ཁྱོད་ལ་ཕན་འདོགས་པའི་རྒྱུ་ཁྱད་པར་ཅན་མ་ཡིན་པའི་ཕྱིར། དཔེར་ན་རྫ་བུམ་སོགས་ལ་མེ་སོགས་ཀྱིས་ཕན་འདོགས་པ་ཡིན་ཀྱང་མེ་སོགས་ལོག་པས་བུམ་སོགས་ལྡོག་པ་བཞིན་ནོ། །གཞན་ཡང་ཤི་བའི་ལུས་ནི་ཆོས་ཅན། ཁྱོད་ལ་སེམས་ལྡོག་པ་མེད་པར་ངེས་པར་གནས་པར་འགྱུར་བར་ཐལ། ཁྱོད་ལ་སེམས་གནས་པའི་རྒྱུ་ལུས་ཚང་བར་གནས་པ་ཉིད་ཡིན་པའི་ཕྱིར། གལ་ཏེ་ཤི་བའི་ལུས་ལ་དབུགས་འབྱུང་རྔུབ་མེད་པའི་སེམ་གནས་པ་མེད་དེ། དབུགས་འབྱུང་རྔུབ་ནི་སེམས་ཀྱི་གསལ་བྱེད་ཡིན་པའི་ཕྱིར་ཞེ་ན། དབུགས་འབྱུང་རྔུབ་ཆོས་ཅན། ཡིད་བློ་དེ་ལས་ཁྱོད་སྐྱེ་བ་ཡིན་གྱི་ཁྱོད་ལས་ཡིད་བློ་དེ་སྐྱེ་བ་མ་ཡིན་ཏེ། དེ་ཡོད་པ་དང་ཁྱོད་ཀྱི་ངོ་བོ་དེ་ཡིད་བློ་གཞན་དབང་དུ་འགྱུར་བ་ཡིན་པའི་ཕྱིར། ཡིད་བློའི་འབད་རྩོལ་མེད་པར་རྒྱུ་གང་ལས་འབྱུང་བ་ཡིན་ཏེ་མ་ཡིན་པར་ཐལ། སྐྱེས་བུའི་བྱེད་པས་རླུང་ཕྱིར་འབྱིན་པ་དང་ནང་དུ་འདྲེན་པའི་ངོ་བོ་ཡིན་པའི་ཕྱིར། དེ་དག་ཆོས་ཅན། ཁྱོད་ཕུལ་བྱུང་དང་འགྲིབ་པ་ལས་ཡིད་བློ་དེའང་ཕུལ་བྱུང་གསལ་བ་དང་འགྲིབ་པ་མི་གསལ་བ་ཐོབ་པར་འགྱུར་བར་ཐལ། ཁྱོད་དེའི་གསལ་བྱེད་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཤི་བའི་ལུས་དེ་དག་ལའང་ལྡོག་པ་མེད་པར་གནས་པར་ཐལ། ཁྱོད་དེ་ལ་གནས་པའི་རྒྱུ་ལུས་ཚང་བར་གནས་པའི་ཕྱིར་ཞེས་པའི་ཐལ་བ་མཚུངས་སོ། །གལ་ཏེ་སེམས་དེ་སེམས་ཀྱི་རྒྱུ་ཡིན་ན་སེམས་རྒྱུན་ཆད་པ་མེད་པའི་ཕྱིར་ཤི་བའི་ལུས་ལ་སེམས་ལྡོག་པ་མེད་པར་ཐལ་བ་མཚུངས་སོ་ཞེ་ན། ཤི་བའི་ལུས་ཆོས་ཅན། དེང་ཕྱིན་ཆད་ཁྱོད་ལ་རང་དང་ལྷན་ཅིག་ཏུ་གནས་པར་མཚུངས་པའི་སེམས་ཀྱི་རྒྱུན་འཛུགས་པ་ཡོད་པ་མ་ཡིན་པར་ཐལ། ཁྱོད་སེམས་དང་ལྷན་ཅིག་ཏུ་གནས་པར་འཕེན་བྱེད་ཀྱི་རྒྱུ་སྔ་མའི་ལས་ཟད་པའི་ཕྱིར། ཁྱབ་སྟེ། གང་གི་ཕྱིར་ན་ལུས་སེམས་ལྷན་ཅིག་ཏུ་གནས་པའི་འཕེན་བྱེད་ཀྱི་རྒྱུ་གཞན་སྔ་མའི་ལས་དག་ཀྱང་ལུས་སེམས་ལྷན་ཅིག་ཏུ་གནས་པའི་རྒྱུ་ཡིན་པར་འདོད་པའི་ཕྱིར་རོ། །གལ་ཏེ་སྔགས་ཀྱིས་བཏབ་པའི་སྡོང་བུ་སྣུམ་ལྡན་དང་ཏིལ་མར་གྱིས་བཀུས་པའི་ས་བོན་ལ་སོགས་པའི་སྒྲོན་མེ་དང་མྱུ་གུའི་རྒྱུ་མ་ཡིན་པ་བཞིན་དུ་ཉེས་པ་རླུང་མཁྲིས་སོགས་ཀྱིས་མི་མཐུན་ཕྱོགས་འགལ་རྐྱེན་བྱས་པའི་ལུས་དེ་ཡིད་བློའི་རྒྱུ་མིན་པས་ལུས་ནི་གནས་པ་སེམས་ཞེས་པའི་རྟགས་མ་གྲུབ་བོ་ཞེ་ན། རིམས་སོགས་ཀྱིས་ཤི་བའི་ལུས་ཆོས་ཅན། སླར་ཡང་ཁྱོད་ལ་རང་དང་ལྷན་ཅིག་པའི་སེམས་འཚོ་བ་དག་ཏུ་འགྱུར་བར་ཐལ། དེ་འཚོ་བའི་འགལ་རྐྱེན་ཉེས་པ་རླུང་མཁྲིས་སོགས་ཉམས་པར་འགྱུར་ཞིང་མཐུན་རྐྱེན་ལུས་ཚང་བར་གནས་པའི་ཚེ་སྟེ་ཕྱིར་རོ། །

གལ་ཏེ་ཤིང་གི་འགྱུར་བ་བསྐྱེད་པའི་རྒྱུ་མེ་ལྡོག་ན་ཡང་མེས་བསྐྱེད་པའི་ཤིང་གི་འགྱུར་བ་སོལ་བ་ཤིང་དུ་མི་ལྡོག་པ་བཞིན་དུ། ནད་ཀྱི་འགྱུར་བ་བསྐྱེད་པའི་རྒྱུ་རིམས་སོགས་ལྡོག་ན་ཡང་ནད་ཀྱི་འགྱུར་བ་དེ་ནི་ལྡོག་པ་མེད་དོ་ཞེ་ན། ནད་ཀྱི་འགྱུར་བ་ཆོས་ཅན། གཏན་ནས་མི་ལྡོག་པ་མ་ཡིན་པར་ཐལ། ཁྱོད་གསོ་བའི་སྦྱོར་བ་དོན་ཡོད་པའི་ཕྱིར་རོ། །དེའི་དོན་ཡང་འགྱུར་བ་བྱེད་པ་པོ་འགའ་ཞིག་ནི་སྐབས་ལ་ལར་སླར་མི་འབྱུང་བའི་ལྡོག་མི་རུང་གི་འགྱུར་བ་བསྐྱེད་པར་བྱེད་དེ། དཔེར་ན་ཤིང་ལ་མེས་བྱས་པའི་སོལ་བ་བཞིན་ནོ། །འགྱུར་བ་བྱེད་པ་པོ་འགའ་ཞིག་ནི་སླར་འབྱུང་བའི་ལྡོག་རུང་ཡིན་པའི་འགྱུར་བ་བསྐྱེད་པའི་ཕྱིར་ཏེ་དཔེར་ན་གསེར་ལ་མེས་བྱས་པའི་སྲ་བ་བཞིན་ནོ། །དང་པོ་མེས་བྱས་པའི་འགྱུར་བ་སོལ་བ་ཆུང་ངུ་ཡང་ཆོས་ཅན། སླར་ཤིང་དུ་ལྡོག་ཏུ་རུང་བ་མིན་ཏེ། མེས་ཤིང་དུ་ལྡོག་ཏུ་མི་རུང་དུ་བྱས་པའ་ིཕྱིར། རིམས་སོགས་ཀྱིས་བྱས་པའི་ནད་ཀྱི་འགྱུར་བ་གང་ཡིན་པ་དེ་ནི་ཆོས་ཅན། སླར་ཡང་འབྱུང་བའི་ལྡོག་ཏུ་རུང་བར་འགྱུར་ཏེ། རིམས་སོགས་ཀྱིས་སླར་ཡང་ལྡོག་ཏུ་རུང་བར་བྱས་པའི་ཕྱིར། དཔེར་ན་མེས་བྱས་པའི་གསེར་གྱི་སྲ་བ་དེ་སླར་ཡང་མེ་དང་བྲལ་ན་སྲ་བ་ཉིད་དུ་འགྱུར་བ་བཞིན་ནོ། གལ་ཏེ་ནད་ཀྱི་འགྱུར་བ་དེ་སླར་ལྡོག་རུང་ཡིན་ན་གསོར་མི་རུང་གི་ནད་ཡོད་པ་བཤད་པ་འགལ་ལོ་ཞེ་ན། ཅུང་ཟད་ཀྱང་གསོ་བྱ་མིན་པར་བརྗོད་པའི་ནད་ཆོས་ཅན། གསོར་མི་རུང་བཤད་པའི་རྒྱུ་མཚན་ཡོད་དེ། ཁྱོད་འཕོ་བྱེད་ཀྱི་སྨན་གྱི་བཅུད་ཡིན་པ་སོགས་རྙེད་པར་དཀའ་བའི་ཕྱིར་རམ། ཁྱོད་ཀྱིས་ཟིན་པའི་ནད་པ་གསོན་པའི་ལས་སམ་ཚེ་ཟད་པའི་རྒྱུ་མཚན་གྱིས་ཁྱོད་གསོར་མི་རུང་ཞེས་བཤད་པའི་ཕྱིར་རོ། །གལ་ཏེ་ཉེས་པ་རླུང་མཁྲིས་ལ་སོགས་པ་འབའ་ཞིག་ནད་ཀྱི་འགྱུར་བའི་རྒྱུ་ཡིན་ན་ནད་པ་ཆོས་ཅན། གསོ་རུང་མིན་པའི་ནད་མེད་པ་ཉིད་ཡིན་པར་ཐལ། རླུང་མཁྲིས་ལ་སོགས་པའི་ནད་ཀྱི་གཉེན་པོ་བསྟེན་པས་སླར་ནད་ཀྱི་འགྱུར་བ་ཀུན་ལྡོག་པ་ཡིན་པའི་ཕྱིར། ནད་ཀྱི་འགྱུར་བའི་རྒྱུ་ཡིན་ན་རིམས་དང་དུག་སོགས་ཀྱིས་ཤི་བའི་ལུས་ཆོས་ཅན། ཁྱོད་ལ་སེམས་དེ་ཅིས་ཀྱང་སླར་ཡང་འཚོ་བར་མི་འགྱུར་ཏེ་འགྱུར་བར་ཐལ། འཆི་བའི་རྐྱེན་རིམས་དང་དུག་སོགས་ཀྱིས་འགྱུར་བའི་རྒྱུ་དང་བྲལ་བའི་ཕྱིར་ཏེ། ཁྱོད་ལ་རིམས་དང་དུག་སོགས་ལྡོག་པའི་ཕྱིར། རམ་ཞེས་པས་དུག་སྦྲུལ་དེ་ཡིས་སོས་ཟིན་པའི་རྨ་ཁ་དུག་ཐམས་ཅད་འདུས་པའི་ཤ་བཅད་པ་དང་གཉེན་པོ་སྔགས་སོགས་ཀྱིས་རིམས་དང་དུག་སོགས་ལྡོག་པར་བྱས་པ་ལས་ཀྱང་སླར་ཡང་སེམས་འཚོ་བར་འགྱུར་རོ། །དེས་ན་ཉེར་ལེན་དུ་འདོད་པའི་ལུས་ཆོས་ཅན། ཁྱོད་རྣམ་པ་གཞན་དུ་འགྱུར་བ་མེད་པར་ཉེར་ལེན་ཡིད་བློ་དག་རྣམ་པ་གཞན་དུ་འགྱུར་བ་བྱེད་པར་མི་ནུས་པར་ཐལ། ཁྱོད་ཡིད་བློའི་དངོས་ཀྱི་ཉེར་ལེན་ཡིན་པའི་ཕྱིར། དཔེར་ན་འཇིམ་པ་རྣམ་པ་གཞན་དུ་འགྱུར་བ་མེད་པར་རྫའི་བུམ་སོགས་རྣམ་པ་གཞན་དུ་འགྱུར་བ་བྱེད་མི་ནུས་པ་བཞིན་ནོ། །དེ་ལྟར་ཐལ་བ་ལས་ལུས་ཀྱི་དབང་པོ་གང་ཡིན་དེ་ཆོས་ཅན། ཡིད་བློ་དེ་ཉེར་ལེན་དུ་མི་རིགས་ཏེ། ཁྱོད་རྣམ་པ་གཞན་དུ་འགྱུར་བ་མེད་པར་ཡིད་བློའི་དངོས་པོ་གང་ཞིག་རྣམ་པ་གཞན་དུ་འགྱུར་བའི་ཕྱིར། དཔེར་ན་བ་ལང་རྣམ་པ་གཞན་དུ་འགྱུར་བ་མེད་པ་བ་མིན་རྣམ་པ་གཞན་དུ་འགྱུར་བ་མཐོང་བ་ལ་སོགས་བཞིན་ནོ། །རྟགས་གྲུབ་སྟེ། ལུས་རྣམ་པ་གཞན་དུ་འགྱུར་བ་མེད་ཀྱང་སེམས་ཀྱི་དགའ་གདུང་སོགས་རྣམ་པ་གཞན་དུ་འགྱུར་བར་མཐོང་བའི་ཕྱིར་ཏེ། བ་ལང་དང་བ་མིན་དེ་བཞིན་ནོ། །དེ་ཆོས་ཅན། ཡིད་བློ་དང་ཉེར་ལེན་དང་ཉེར་ལེན་ཅན་མ་ཡིན་ཡང་ལྷན་ཅིག་གནས་སུ་རུང་སྟེ། རང་གི་ཉེར་ལེན་གྱི་རྒྱུ་ནུར་ནུར་པོ་ལ་སོགས་པ་དེ་ཁྱོད་དང་ལྷན་ཅིག་ཏུ་གནས་པའི་ཡིད་བློའི་ཉེར་ལེན་གྱི་རྒྱུ་ཡིད་བློ་སྔ་མ་རྣམས་ལྷན་ཅིག་བྱེད་རྐྱེན་དུ་ཡོད་པ་ལས་སྐྱེ་བའི་འབྲས་བུ་ཡིན་པའི་ཕྱིར། དཔེར་ན་མེ་དང་ཟངས་མའི་ཞུ་ཉིད་ཉེར་ལེན་དང་ཉེར་ལེན་ཅན་མ་ཡིན་ཡང་ལྷན་ཅིག་གནས་པ་བཞིན་ནོ། །དེ་དག་གིས་ལུས་སེམས་ཉེར་ལེན་དང་ཉེར་ལེན་ཅན་དུ་འདོད་པ་བཀག་ནས། ད་ཕན་མི་འདོགས་པའི་དོན་གཞན་རྟེན་དང་བརྟེན་པར་འདོད་པ་འགོག་པ་ནི། ལུས་ཆོས་ཅན། ཡིད་བློ་ལ་ཕན་མི་འདོགས་པའི་རྟེན་དུ་མི་འཐད་པར་ཐལ། ཡིད་བློ་རྫས་སུ་ཡོད་མེད་དག་གང་ལ་ཡང་ཕན་འདོགས་པའི་རྟེན་དགོས་ནུས་མེད་པའི་ཕྱིར་ཏེ། དེ་རྫས་སུ་ཡོད་ན་རྟེན་མི་དགོས་ལ་མེད་ན་རྟེན་བྱེད་མི་ནུས་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་མ་ཡིན་ཏེ་ལུས་དེས་ཡིད་བློ་གྲུབ་ཟིན་ཡོད་པ་མི་འཇིག་པར་གནས་པའི་རྒྱུ་བྱེད་པའི་སྒོ་ནས་ཡིད་བློའི་རྟེན་ཡིན་ཞེ་ན། ལུས་དེས་ཡིད་བློའི་གནས་པ་ཡིད་བློ་དང་གཅིག་བྱེད་དམ་དོན་གཞན་བྱེད། གཅིག་བྱེད་ན། ལུས་འདི་ཆོས་ཅན། ཡིད་བློ་མི་འཇིག་པར་གནས་པའི་རྟེན་དུ་མེད་པར་ཐལ། ཡིད་བློ་གནས་པ་གནས་པ་པོ་ཡིད་བློ་ལས་གཞན་མིན་པའི་ཕྱིར། ཡིད་ལ་ཕན་མི་འདོགས་པའི་ཕྱིར་རོ། །དོན་གཞན་བྱེད་པ་ཡིན་ན་ཡང་། དེས་ནི་ཆོས་ཅན། ཡིད་བློ་དངོས་པོ་མི་འཇིག་པར་གནས་པར་ཅི་ཞིག་བྱས་ཏེ་མི་བྱེད་པར་ཐལ། ཡིད་བློ་གནས་པ་ཡིད་བློ་ལས་དོན་གཞན་དེ་ཁོ་ནའི་རྒྱུ་ཉིད་བྱེད་པའི་ཕྱིར། དེས་ན་ཡིད་བློ་ཆོས་ཅན། ནམ་ཡང་འཇིག་པ་མེད་པར་འགྱུར་བར་ཐལ། མི་འཇིག་པར་གནས་པའི་རྒྱུ་ལུས་རྟག་པ་བརྟན་པ་ཡོད་པའི་ཕྱིར། གལ་ཏེ་ཡིད་བློ་དེ་གནས་པའི་རྒྱུས་གནས་པར་བྱེད་ཀྱང་འཇིག་རྒྱུ་ལས་འཇིག་པར་འདོད་པས་སྐྱོན་མེད་དོ་ཞེ་ན། ཡིད་བློ་འཇིག་རྒྱུ་དོན་གཞན་ལས་འཇིག་པར་འདོད་པ་དེའང་དེས་ཡིད་བློ་འཇིག་པ་ཡིད་བློ་དང་གཅིག་བྱེད་དམ་དོན་གཞན་བྱེད། དང་པོ་ལྟར་ན་བྱེད་མི་དགོས་ན། གཉིས་པ་ལྟར་ན་འཇིག་རྒྱུས་ཡིད་བློ་འཇིག་པར་མི་བསྐྱེད་པར་ཐལ་ཞེས་པའི་ཐལ་བ་མཚུངས་པ་ཡིན་ནོ། །ཡང་ཡིད་བློ་ཆོས་ཅན། གནས་པའི་རྒྱུས་ཀྱང་མི་འཇིག་པར་གནས་པར་ཅི་ཞིག་བྱས་ཏེ་མི་བྱེད་པར་ཐལ། འཇིག་རྒྱུ་དང་མ་ཕྲད་ན་ངོ་བོ་ཉིད་ཀྱིས་རྟག་པར་གནས་ལ་ཕྲད་ན་གནས་རྒྱུ་ཡོད་ཀྱང་འཇིག་པའི་ཕྱིར། གལ་ཏེ་ཡིད་བློ་གནས་རྒྱུ་མེད་ན་འཇིག་རྒྱུ་དང་མ་ཕྲད་པའི་གོང་དུ་ཡང་འཇིག་པར་འགྱུར་བ་ལ་གནས་རྒྱུ་དེས་འཇིག་རྒྱུ་དང་ཕྲད་ཀྱི་བར་དུ་གནས་པར་བྱས་པས་སྐྱོན་མེད་དོ་ཞེ་ན། ཡིད་བློའི་དངོས་པོ་ཆོས་ཅན། འཇིག་པ་དེ་རང་གི་ཆོས་ཉིད་ཡིན་པར་ཐལ། འཇིག་རྒྱུ་ལ་ལྟོས་མེད་དུ་འཇིག་པའི་ཕྱིར། འདོད་ན་གནས་པའི་རྒྱུས་མི་འཇིག་པར་གནས་ཅི་ཞིག་བྱ་སྟེ་མི་བྱེད་པར་ཐལ། འཇིག་པ་རང་གི་ཆོས་ཉིད་དུ་ཡོད་པ་འདི་ལ་གནོད་བྱེད་མེད་པའི་ཕྱིར། གལ་ཏེ་དཔེར་ན་སྣོད་སོགས་དང་རྫས་དེ་གྲུབ་ཟིན་གྱི་ཆུ་སོགས་དང་ཡོན་ཏན་གྱི་ལས་རྣམས་མི་འཇིག་པར་གནས་པའི་རྟེན་ཡིན་པ་བཞིན་དུ་ལུས་ཀྱང་ཡིད་བློ་གྲུབ་ཟིན་མི་འཇིག་པར་གནས་པའི་རྟེན་ཡིན་ནོ་ཞེ་ན། སྣོད་སོགས་དེ་ཆུ་སོགས་གྲུབ་ཟིན་པའི་མེ་འཇིག་པར་གནས་པའི་རྟེན་དུ་འདོད་པ་འདི་ལའང་སྣོད་སོགས་དེས་ཆུ་སོགས་ཀྱི་གནས་པ་ཆུ་སོགས་དང་གཅིག་བྱེད་དམ་དོན་གཞན་བྱེད་ཅེས་པའི་བརྟག་པ་འདི་མཚུངས་པའི་ཕྱིར་དཔེ་མ་གྲུབ་བོ། །དེས་ན་སྣོད་སོགས་ཆོས་ཅན། ཆུ་སོགས་མི་འཇིག་པར་གནས་པའི་རྟེན་མ་ཡིན་པར་ཐལ། ཆུ་སོགས་ཀྱི་དངོས་པོ་རྣམས་གཞན་དང་གཞན་དུ་འགྲོ་བས་སྐད་ཅིག་རེ་རེ་ཞིང་འཇིག་པའི་ཕྱིར། དེ་ཆོས་ཅན། རང་ནང་གི་ཆུ་སོགས་ཀྱི་རྟེན་ཡིན་ཏེ། དེའི་དངོས་པོའི་རིགས་རྒྱུན་ཕྱི་མ་རྣམས་རིགས་རྒྱུན་སྔ་མ་དེ་ལྟ་བུར་ཐུར་དུ་མི་འབོ་བར་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར། གཞན་དུ་ན་དེ་ཆོས་ཅན། དེའི་རྟེན་དུ་རུང་བ་མ་ཡིན་པར་ཐལ། རྟགས་དེ་མིན་པའི་ཕྱིར། དཔེ་དེ་དག་ལས་སྔ་མ་དག་རིག་ཀྱང་ཕྱི་མ་དག་མི་རིག་སྟེ། དེ་ཆོས་ཅན། རང་ནང་གི་ཆུ་སོགས་ཀྱི་རྟེན་དུ་འགྱུར་ཏེ། དེ་ཐུར་དུ་འབོ་བའི་གེགས་བྱེད་པ་ཡིན་པའི་ཕྱིར། དེ་ལྟར་ཡིན་གྱི་ཡོན་ཏན་སྤྱི་དང་ལས་རྣམས་ལ་ནི་ཆོས་ཅན། གཞན་དང་གཞན་དུ་མི་འཇིག་པར་གནས་པའི་རྟེན་ཅི་དགོས་ཏེ་མི་དགོས་པར་ཐལ། གཞན་དང་གཞན་དུ་འགྲོ་བའི་བྱ་བ་མེད་པ་ཅན་ཡིན་པའི་ཕྱིར། དེ་དག་གིས་ཕན་མི་འདོགས་པའི་དོན་གཞན་རྟེན་དང་བརྟེན་པར་འདོད་པ་བཀག་ནས། རིགས་པ་དེས་ཞར་ལ་དེ་ལ་བརྟེན་པའི་ཐ་སྙད་གཞན་ཡང་འགོག་པ་ནི། ཕན་མི་འདོགས་པའི་དོན་གཞན་རྟེན་དང་བརྟེན་པ་འགོག་པའི་རིགས་པ་འདིས་ནི་ཆོས་ཅན། སྣལ་མ་དང་སྣམ་བུ་ལྟ་བུ་དུས་མཉམ་པའི་རྟེན་དང་བརྟེན་པར་འབྲེལ་བར་བྱེད་པའི་འཕྲོད་པ་འདུ་བ་དང་བདག་དེ་རང་ལ་འཕྲོད་པ་འདུ་བ་ཅན་གྱི་དེ་སོགས་ཀྱི་རྒྱུ་དང་གསལ་བ་ལ་རིགས་དང་ལ་སོགས་པ་ཆོས་ཅན། སྣམ་བུ་ལ་ཆོས་དཀར་སོགས་དང་འབྱུང་འགྱུར་སོགས་གྲུབ་ཟིན་གྱི་དོན་གཞན་རྣམ་པར་གནས་པ་ཉིད་དུ་འདོད་པ་རྣམས་གསལ་བ་ཡིན་ཏེ། གྲུབ་ཟིན་ནམ་ཕན་མི་འདོགས་པའི་དོན་གཞན་རྟེན་དུ་མེད་པར་གནས་པའི་ཕྱིར། དེ་དག་གི་དོན་བསྡུ་བ་དེ། གལ་ཏེ་ཡིད་བློ་ལ་སོགས་པའི་རྟེན་བཅས་ཀྱི་དངོས་པོ་དེ་འཇིག་རྒྱུ་དང་མ་ཕྲད་ན་ངོ་བོ་ཉིད་ཀྱིས་གནས་པ་ཡིན་ལ་གཞན་འཇིག་རྒྱུ་དང་ཕྲད་པ་ལས་འཇིག་པ་ཡིན་པ་དེའི་ཕྱིར། དེ་ཆོས་ཅན། གནས་པའི་རྒྱུས་མི་འཇིག་པར་གནས་པར་བྱེད་པ་ཅི་ཞིག་བྱ་སྟེ་དོན་མེད་པར་ཐལ་ལོ། །ཡང་དེ་ཆོས་ཅན། གནས་པའི་རྒྱུ་རྣམས་ལ་ཁྱོད་གནས་པར་བྱེད་པའི་ནུས་པ་མེད་པ་ཡིན་པར་ཐལ། འཇིག་རྒྱུ་དོན་གཞན་མེད་པར་ངོ་བོ་ཉིད་ཀྱིས་འཇིག་པ་ཡིན་པའི་ཕྱིར། དེས་ན་ཁྱེད་ལྟར་ན་སྐྱེ་བ་ཅན་གྱི་དངོས་པོ་ཐམས་ཅད་ནི་ཆོས་ཅན། འཇིག་རྒྱུ་དང་ཕྲད་པའི་དུས་འགའ་ཞིག་ཚེ་ནའང་འཇིག་པར་མི་འགྱུར་བར་གནས་པར་ཐལ། ཁྱོད་ཀུན་དངོས་དང་བརྒྱུད་པ་ཅི་རིགས་པའི་སྒོ་ནས་མི་འཇིག་པར་གནས་པར་བྱེད་པའི་རྒྱུ་རྟག་པའི་རྫས་ཀྱི་རྟེན་དང་བཅས་པ་ཡིན་པ་དེའི་ཕྱིར། ཁྱབ་སྟེ། མི་འཇིག་པར་གནས་པའི་རྟེན་བཅས་ཐམས་ཅད་རྟག་པར་གནས་པ་དང་ལྡན་པའི་ཕྱིར་རོ། །གལ་ཏེ་ཡིད་བློ་སོགས་ཀྱི་དངོས་པོ་དེ་རང་གི་ངང་གིས་འཇིག་པའི་ངང་ཚུལ་གྱི་བདག་ཉིད་ཡིན་ན། དེའི་ཕྱིར་བློ་སོགས་ཀྱི་དངོས་པོ་དེ་ཆོས་ཅན། གནས་བྱེད་གཞན་གྱིས་གནས་པར་བྱེད་པ་གང་སྟེ་མི་ནུས་པར་ཐལ་ཞིང་། གལ་ཏེ་རང་གི་ངང་གིས་འཇིག་པའི་ངང་ཚུལ་གྱི་བདག་ཉིད་མིན་ན། དེའི་ཕྱིར་དེ་ཆོས་ཅན། གནས་བྱེད་གཞན་གྱིས་གནས་པར་བྱེད་པ་གང་སྟེ་མི་དགོས་པར་ཐལ་ལོ། །གཞན་ཡང་རིགས་པ་འདིས་ཀྱང་སེམས་ལུས་ཀྱི་ཉེར་ལེན་ཅན་མ་ཡིན་པར་འགྲུབ་སྟེ། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དང་བྱམས་སྙིང་རྗེ་ཆགས་སྡང་རྨོངས་གསུམ་ལ་སོགས་པ་རྣམས་ཆོས་ཅན། བློའི་ཉེར་ལེན་ཅན་མ་ཡིན་པར་ལུས་ཀྱི་ཉེར་ལེན་ཡིན་པ་མི་རིགས་པར་ཐལ། ལུས་ཀྱི་ཡོན་ཏན་ཕུལ་བྱུང་འགྲིབ་པའི་རྗེས་སུ་བྱེད་པ་མེད་པར་ཐོས་བསམ་སྒོམ་སོགས་ཀྱི་བློའི་བྱེད་པའི་ཁྱད་པར་གྱིས་ཕུལ་བྱུང་དང་འགྲིབ་པ་དག་ཏུ་འགྱུར་བ་ཡིན་པའི་ཕྱིར།

ཁྱབ་སྟེ། རྟགས་འདི་ནི་མར་མེའི་འོད་དང་མྱུ་གུའི་གྲིབ་མ་ལ་སོགས་པ་ཉེར་ལེན་ལུས་ལ་བརྟེན་པ་རྣམས་ཡོད་པ་མ་ཡིན་པའི་ཕྱིར་ཏེ། དེ་རྣམས་རང་གི་ཉེར་ལེན་སྒྲོན་མ་སོགས་འཕེལ་འགྲིབ་ཀྱི་རྗེས་སུ་འབྱེད་པའི་ཕྱིར། གལ་ཏེ་རྟགས་མ་གྲུབ་སྟེ་བཅུད་ལེན་སོགས་ཀྱིས་རྒྱས་པར་བྱས་པའི་ལུས་དེ་ལས་ཀྱང་ཤེས་རབ་ལ་སོགས་པ་འདི་ཁྱད་པར་དུ་འགྱུར་བ་མཐོང་བའི་ཕྱིར་རོ་ཞེ་ན། བཅུད་ལེན་སོགས་ཀྱིས་རྒྱས་པར་བྱས་པའི་ལུས་ཆོས་ཅན། ཡིད་ཤེས་འཁོར་གྱིས་ཤེས་རབ་སོགས་ལ་དངོས་སུ་ཕན་འདོགས་པ་མ་ཡིན་པར་ཐལ། ལུས་ཀྱིས་སེམས་ལ་ཕན་འདོགས་པའི་སྒོ་ནས་དེའི་ཤེས་རབ་སོགས་དེ་ལ་ཕན་འདོགས་པ་ཙམ་གྱི་ལུས་ཀྱིས་སེམས་ལ་ཕན་འདོགས་པ་མེད་པར་དེ་ལ་ཕན་འདོགས་པ་མེད་པའི་ཕྱིར། གལ་ཏེ་བློའི་བྱེད་པའི་ཁྱད་པར་ལ་མི་ལྟོས་པར་ལུས་ཡན་གར་བ་ལས་ཀྱང་སེམས་ཕུལ་དུ་བྱུང་བ་ཡོད་དེ། ལུས་རྒྱས་པ་ལས་འདོད་ཆགས་དང་རྒུད་པ་ལས་ཞེ་སྡང་སྐྱེ་བ་མཐོང་བའི་ཕྱིར་ཞེ་ན། སོ་སོར་རྟོག་པའི་ཤེས་རབ་དང་བྲལ་བ་འགའ་ཞིག་གི་ཚེ་ལུས་རྒྱས་པ་དང་རྒུད་པ་སོགས་ཀྱིས་འཕེལ་བར་བྱས་པའི་ཆགས་སྡང་སོགས་ཆོས་ཅན། ལུས་རྒྱས་པ་དང་རྒུད་པ་ཁོ་ན་ལས་དངོས་སུ་སྐྱེས་པ་མ་ཡིན་ཏེ། ཡིད་ཤེས་འཁོར་གྱི་ཚོར་བ་བདེ་སྡུག་ལས་དངོས་སུ་སྐྱེས་པ་ཡིན་པའི་ཕྱིར། ཡིད་ཤེས་འཁོར་གྱི་ཚོར་བ་དེ་ཡང་ལུས་ཤེས་འཁོར་གྱི་ཚོར་བ་ལས་སྐྱེས་ལ་ལུས་ཤེས་འཁོར་གྱི་ཚོར་བ་དེ་ཡང་ཆོས་ཅན། དེ་འདྲའི་ལུས་ལས་དངོས་སུ་སྐྱེ་བ་མ་ཡིན་ཏེ། ཁམས་སྙོམས་པ་དང་མ་སྙོམས་པ་ལ་སོགས་པ་ནང་གི་དོན་རེག་བྱའི་ཁྱད་པར་རང་གི་གཟུང་དོན་དུ་ཉེ་བ་ལས་སྐྱེས་པའི་ཕྱིར། ཡིད་ཤེས་ལུས་ལས་བརྒྱུད་ནས་སྐྱེ་བར་བསྟན་པའི་རིགས་པ་འདི་ནི་འདུས་པའི་རིམས་དང་སྦྱར་བའི་དུག་ལ་སོགས་པ་ལས་དྲན་པ་ཉམས་པ་སེམས་ཡེངས་པ་རྨོངས་པ་སོགས་ཆོས་ཅན། འདུས་པའི་རིམས་དང་སྦྱར་བའི་དུག་སོགས་ལས་དངོས་སུ་སྐྱེས་པ་མ་ཡིན་ནོ་ཞེས་བཤད་པ་ཡིན་ཏེ། དེ་དག་གིས་དཀྲུགས་པའི་ནང་དོན་རེག་བྱའི་ཁྱད་པར་གཟུང་དོན་དུ་ཡོད་པ་ལས་སྐྱེས་པའི་དབང་པོའི་བློས་ཡིད་བློ་འགྱུར་བར་བྱེད་དེ་བྱས་པ་ཙམ་ཡིན་པའི་ཕྱིར་རོ། །དཔེར་ན་ཤེས་རྒྱུད་སྡང་བ་དང་མངོན་པར་མ་བརྟགས་པའི་ཁྱད་པར་འགའ་ཞིག་ལ་སྟག་ཉིད་ལ་སོགས་པའི་སྒྲ་ཐོས་པ་དང་གཞན་བསད་པའི་ཁྲག་ལ་སོགས་མཐོང་བ་ལས་དྲན་པ་ཉམས་པ་སེམས་ཡེངས་པ་རྨོངས་པ་ལ་སོགས་འབྱུང་བར་འགྱུར་བ་བཞིན་ནོ། །སེམས་ལུས་ཀྱི་ཉེར་ལེན་ཅན་འགོག་པའི་དོན་བསྡུ་བ་དེ། སེམས་ལུས་ཀྱི་ཉེར་ལེན་ཅན་མ་ཡིན་པ་དེའི་ཕྱིར་ངེས་པར་གང་སེམས་སྔ་མ་ཉིད་ཀྱི་འདུ་བྱེད་ཀྱི་རྗེས་སུ་འཇུག་པའི་སེམས་ཕྱི་མ་ནི་ཆོས་ཅན། ཉེར་ལེན་སེམས་སྔ་མ་ལ་བརྟེན་པ་ཡིན་གྱི་ལུས་ལ་བརྟེན་པ་མ་ཡིན་ཏེ། དེ་རྒྱུའི་གཙོ་བོར་མེད་ན་མི་འབྱུང་བ་དེའི་ཕྱིར་རོ། །གཞན་ཡང་ལུས་སེམས་བདག་ཉིད་གཅིག་པ་འགོག་པ་དེ། ཇི་ལྟར་ན་སེམས་ལ་བརྟེན་པར་བྱས་ནས་ཐོས་པ་དང་བཟོ་སོགས་ཀྱི་མན་ངག་འདུ་བྱེད་པའི་སེམས་ལ་དུས་འགའ་ཞིག་གི་ཚེ་ཐོས་སོགས་གསལ་བར་སྣང་བའི་ཚེ་དེ་ཅན་གྱི་སྐྱེས་བུ་ཆོས་ཅན། རང་གི་སེམས་དེ་ལྟར་དུ་ལུས་ལའང་ཐོས་སོགས་ཀྱི་ཡོན་ཏན་རྣམས་གསལ་བར་འགྱུར་བར་ཐལ། ཐོས་སོགས་གསལ་བའི་སེམས་དང་ལུས་ཐ་དད་མེད་པར་བདག་ཉིད་གཅིག་པའི་ཕྱིར། དེ་དག་གིས་རྒྱུའི་གཙོ་བོར་འབྱུང་བའི་བདག་ཉིད་ཀྱིས་ལུས་ཁོ་ན་མངལ་དུ་སྐྱེ་བ་ལེན་པའི་རྒྱུར་འདོད་པ་བཀག་ནས། རང་ལུགས་ལ་བདག་འཛིན་ཉིད་སྐྱེ་བ་ལེན་པའི་རྒྱུར་སྟོན་པ་དེ། ཐ་མལ་པ་མངལ་དུ་སྐྱེ་བ་ཆོས་ཅན། བདག་ལ་ཆགས་པ་དང་ལྡན་པས་བདེ་བ་ཐོབ་པ་དང་སྡུག་བསྔལ་དོར་བ་འདོད་པའི་བློ་སྔོན་དུ་སོང་སྟེ། དབང་ཕྱུག་ལ་སོགས་པའི་སེམས་ཅན་གཞན་གྱིས་དབང་མེད་དུ་བཀྲི་བ་མིན་པར་མངལ་སོགས་དམན་པའི་གནས་སུ་སྐྱེ་བ་ཡོངས་སུ་ལེན་པའི་ཕྱིར། དཔེར་ན་ཆགས་པ་ཅན་བུད་མེད་ཀྱི་རོ་དང་སྦྲང་བུ་མི་གཙང་བ་ལེན་པ་བཞིན་ནོ། ཁྱབ་སྟེ། སྡུག་བསྔལ་བདེ་བར་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་དང་བདེ་བ་ཐོབ་ཅིང་སྡུག་བསྔལ་འདོར་བའི་སྲེད་པ་ནི་ཀུན་ནས་འཆིང་བ་མངལ་སོགས་སུ་སྐྱེ་བའི་རྒྱུ་ཡིན་ལ་གང་ལ་ལོག་སྲེད་དེ་མེད་པའི་སྐྱེས་བུ་དེ་ནི་མངལ་སོགས་སུ་སྐྱེ་བར་མི་འགྱུར་བའི་ཕྱིར་རོ། །

གལ་ཏེ་རྒྱང་འཕེན་པ་ན་རེ། འདི་ནས་ཕྱི་མར་འགྲོ་བ་དང་སྔ་མ་ནས་འདིར་འོང་བ་མ་མཐོང་བའི་ཕྱིར་གང་གིས་ཕྱིན་ནས་མཚམས་སྦྱོར་མེད་སོགས་ཀྱི་རྩ་རྟགས་མ་གྲུབ་བོ་ཞེ་ན། དེ་རྒྱང་འཕེན་པ་ཁྱེད་ཀྱིས་མ་མཐོང་བ་ཙམ་གྱིས་ནི་མ་ཡིན་ཏེ། ཁྱོད་དབང་པོ་མི་གསལ་བའི་ཕྱིར་ཡོད་ཀྱང་མི་མཐོང་བ་སྲིད་པའི་ཕྱིར། དཔེར་ན་མིག་མི་གསལ་བས་དུ་བ་ཆུང་ངུ་ཡོད་ཀྱང་མི་མཐོང་བ་བཞིན་ནོ། །སྐྱེས་བུ་ཀུན་གྱིས་མ་མཐོང་བ་ནི་མ་གྲུབ་སྟེ། བར་དོ་ནང་དང་ལྷ་མིག་ཐོབ་པའི་རྣལ་འབྱོར་པ་རྣམས་ཀྱིས་མཐོང་བའི་ཕྱིར་རོ། །གལ་ཏེ་བར་སྲིད་ཆོས་ཅན། ཐོགས་བཅས་སུ་ཐལ། ལུས་ཅན་ཡིན་པའི་ཕྱིར་བུམ་སོགས་བཞིན་ནོ། །འདོད་མི་ནུས་ཏེ། དབང་པོ་ཀུན་ཚང་ཐོགས་མེད་རྒྱུ་ཞེས་པར་ཁས་བླངས་སོ་ཞེ་ན། དེ་མ་ངེས་ཏེ། རྫས་འགའ་ཞིག་ལུས་ཅན་ཡིན་ཡང་ཕྲ་ཞིང་དྭངས་པའི་ཕྱིར་ལུས་ཅན་ལ་ལར་ཐོགས་པ་མེད་པར་མཐོང་སྟེ། དཔེར་ན་རྫ་སོ་མ་ལ་ཆུ་བཞིན་དང་། ཤེལ་ལ་ཉི་འོད་དང་གསེར་ལ་དངུལ་ཆུ་ཐོགས་མེད་དུ་འཇུག་པ་བཞིན་ནོ། །དེས་ན་བར་སྲིད་ཆོས་ཅན། ཐ་མལ་པས་མ་མཐོང་བའི་ཕྱིར་ན་མེད་པ་མ་ཡིན་ཏེ། ཁྱོད་ཡོད་ཀྱང་ཐ་མལ་པ་ལ་སྣང་མི་རུང་ཡིན་པའི་ཕྱིར། གཞན་ལུས་དེ་ཡིད་བློའི་རྟེན་ཡིན་ན། ཆ་ཤས་མེད་པའི་ཡན་ལག་ཅན་གཅིག་ཡིན་ནམ། ཆ་ཤས་དང་བཅས་པའི་ཡན་ལག་དུ་མ་ཡིན། དང་པོ་མི་རིགས་ཏེ། སྐྱེས་བུ་ཆོས་ཅན། ལག་པ་སོགས་ཡན་ལག་གཅིག་གཡོ་ན་ཡན་ལག་ཐམས་ཅད་གཡོ་བར་འགྱུར་བར་ཐལ། གཡོ་བའི་ཡན་ལག་དང་ཡན་ལག་ལྷག་མ་རྣམས་ཆ་མེད་གཅིག་ཡིན་པའི་ཕྱིར། ཁྱབ་སྟེ། གཡོ་མི་གཡོ་འགལ་བ་ཅན་གྱི་ལས་ནི་ཆོས་ཅན། གཅིག་ལ་འདུར་མི་རུང་བའི་ཕྱིར། གལ་ཏེ་ཡན་ལག་གཡོ་བ་ཡིན་གྱི་ཡན་ལག་ཅན་གཡོ་བ་མ་ཡིན་པས་སྐྱོན་མེད་དོ་ཞེ་ན། སྐྱེས་བུའི་ལུས་ཀྱི་ཡན་ལག་ཆོས་ཅན། རང་གིས་གནས་པའི་ཡུལ་རང་གི་ཡན་ལག་ལས་ཐ་དད་དུ་གྲུབ་པར་འགྱུར་བར་ཐལ། ཡན་ལག་གཡོ་བའི་ཚེ་ན་གཡོ་བ་ལས་གཞན་མི་གཡོ་བའི་ལུས་ཅན་གྱི་དངོས་པོ་ཡིན་པའི་ཕྱིར། སྐྱེས་བུ་ཆོས་ཅན། ཡན་ལག་གཅིག་སྒྲིབ་བྱེད་ཀྱིས་བསྒྲིབས་པ་ན་ཡན་ལག་ཐམས་ཅད་དག་བསྒྲིབས་པར་འགྱུར་བར་ཐལ། སྒྲིབ་པའི་ཡན་ལག་དང་ཡན་ལག་ལྷག་མ་རྣམས་ཆ་མེད་ཡིན་པའི་ཕྱིར། འམ་གྱིས་གལ་ཏེ་ཡན་ལག་བསྒྲིབས་པ་ཡིན་གྱི་ཡན་ལག་ཅན་མ་བསྒྲིབས་པས་སྐྱོན་མེད་དོ་ཞེ་ན། ཡན་ལག་སྒྲིབ་བྱེད་ཀྱིས་བསྒྲིབས་པའི་སྐྱེས་བུའི་ལུས་ཆོས་ཅན། རང་འཛིན་ཤེས་པས་སྔར་མ་བསྒྲིབས་པ་ལྟར་དུ་རྫོགས་པར་མཐོང་བར་འགྱུར་བར་ཐལ། དེ་ལྟར་མཐོང་བའི་རྒྱུ་ཚོགས་ཚང་ཞིང་གེགས་མེད་པའི་ཕྱིར། སྐྱེས་བུ་ཆོས་ཅན། ཡན་ལག་གཅིག་ཚོན་གྱི་ཁ་བསྒྱུར་བ་ན་ཡན་ལག་ཐམས་ཅད་ཁ་བསྒྱུར་བར་ཐལ། ཁ་བསྒྱུར་བའི་ཡན་ལག་དང་ཡན་ལག་ལྷག་མ་རྣམས་ཆ་མེད་གཅིག་ཡིན་པའི་ཕྱིར། འམ་གྱིས་ཚོན་གྱིས་ཁ་བསྒྱུར་བའི་སྐྱེས་བུའི་ཡན་ལག་གཅིག་ཆོས་ཅན། ཚོན་གྱིས་ཁ་མ་བསྒྱུར་བར་རྟོགས་པར་འགྱུར་བར་ཐལ། མ་བསྒྱུར་བའི་ཡན་ལག་དང་ཆ་མེད་ཡིན་པའི་ཕྱིར། དེས་ན་ཡན་ལག་དུ་མ་ཚོགས་པའི་སྐྱེས་བུའི་ལུས་དང་བུམ་སོགས་ཆོས་ཅན། ཆ་མེད་རྫས་གཅིག་ཏུ་ཡོད་པ་མིན་པར་ཐལ། གཡོ་མི་གཡོ་སོགས་འགལ་བ་དུ་མ་དང་ལྡན་པ་དེའི་ཕྱིར། གལ་ཏེ་གསལ་བྱེད་པ་སོགས་ན་རེ། སྐྱེས་བུའི་ལུས་དང་བུམ་སོགས་དེ་ཡན་ལག་ཅན་གྱི་རྫས་གཅིག་པའི་དུ་མ་ཉིད་ཡིན་ན་དེའང་ཆོས་ཅན། དབང་ཤེས་ཀྱི་རྟོགས་པ་མིན་པར་ཐལ། སྔར་དབང་ཤེས་ཀྱི་ཡུལ་ལས་འདས་པའི་གནས་སྐབས་དང་རང་བཞིན་ཁྱད་པར་མེད་པའི་ཕྱིར་དང་རྡུལ་ཕྲ་རབ་ཡིན་པའི་ཕྱིར་དང་། རྣམ་པར་དབྱེ་མི་ནུས་ཤིང་སྔ་མའི་རེ་རེ་བ་ལ་ངོ་བོ་འཕོས་པ་མེད་པའི་ཕྱིར། དཔེར་ན་རགས་པ་དེའི་སྔ་མ་རྡུལ་ཕྲན་རེ་རེ་བ་བཞིན་ཞེ་ན། སྐྱེས་བུའི་ལུས་དང་བུམ་སོགས་ཆོས་ཅན། དབང་ཤེས་ཀྱི་ཡུལ་ལས་འདས་པའི་གནས་སྐབས་དང་རང་བཞིན་ཁྱད་པར་མེད་པར་མ་གྲུབ་ཅིང་ཐ་སྙད་དུ་རྡུལ་ཕྲན་ཡིན་པའི་རྟགས་ཀྱང་གྲུབ་པ་མིན་པར་ཐལ། རྡུལ་ཕྲན་རེ་རེ་བ་ལས་དབང་ཤེས་བསྐྱེད་ནུས་སུ་སྐྱེས་པའི་རྡུལ་ཕྲན་ཁྱད་པར་ཅན་རྣམས་དབང་ཤེས་ཀྱི་གཟུང་ཡུལ་ཡིན་པ་དེའི་ཕྱིར། ཡན་ལག་ཅན་གྱི་རྫས་མེད་ན་ལུས་དང་བུམ་སོགས་དབང་ཤེས་ཀྱི་མི་རྟོག་པར་ཐལ་ཞེས་རྒོལ་བ་ལ་ལན་བཏབ་པའི་རིགས་པ་འདིས་ནི། ལུས་དང་བུམ་སོགས་ཆོས་ཅན། སྒྲིབ་བྱེད་དང་ཐོགས་པ་ལ་སོགས་པ་མེད་པར་ཐལ། སྔ་མའི་རྡུལ་ཕྲན་རེ་རེ་བ་ལས་ངོ་བོ་འཕོས་པ་མེད་པའི་ཕྱིར་ཞེས་སྐྱོན་དག་ཀྱང་བསལ་བ་ཡིན་ཏེ། དེ་འདྲ་དེ་ལ་རྟགས་མ་གྲུབ་ཀྱིས་ལན་ཐེབས་པར་བསྟན་པའི་ཕྱིར་རོ། །དེས་རྟགས་མ་གྲུབ་པར་བསྟན་པ་ཁྱབ་པ་མ་ངེས་པར་ཡང་སྟོན་པ་དེ། དངུལ་ཆུ་གསེར་སོགས་དང་འདྲེས་པའི་རྡོ་ཚན་ལ་སོགས་པ་ཆོས་ཅན། དབང་ཤེས་ལ་ཇི་ལྟར་མི་སྣང་བར་ཐལ། ཡན་ལག་ཅན་གྱི་རྫས་མེད་པའི་ཕྱིར། རྡུལ་རིགས་མི་མཐུན་དུ་མ་ཚོགས་པའི་ཕྱིར། ཡང་ཐལ་བ་གསུམ་པའི་རྟགས་ཀྱང་རང་ཉིད་ལས་མ་ངེས་ཏེ། མིག་སོགས་དབང་པོ་དང་གཟུགས་སོགས་ཡུལ་དང་སྣང་བ་ཡིད་བྱེད་རྣམས་ཆོས་ཅན། ཁྱོད་རྣམས་ལྷན་ཅིག་ཏུ་ཚོགས་ཀྱང་གཟུགས་སོགས་རྟོགས་པའི་དབང་ཤེས་དག་ཇི་ལྟར་བསྐྱེད་པ་ཡིན་ཏེ་མ་ཡིན་པར་ཐལ། ཁྱོད་སོ་སོར་རེ་རེ་བ་ལ་དེ་བསྐྱེད་པའི་ནུས་པ་མེད། ཚོགས་པ་ཡང་སྔར་གྱི་རེ་རེ་བ་ལས་འཕོས་པ་མེད་པའི་ཕྱིར། གལ་ཏེ་རྐྱེན་གསུམ་པོ་ལས་ལྡན་པ་སྐྱེ་ལ་ལྡན་པ་ལས་དབང་ཤེས་སྐྱེ་བས་སྐྱོན་མེད་དོ་ཞེ་ན། དེ་ལྟར་འདོད་པ་འདིར་ཡང་རྐྱེན་གསུམ་ཆོས་ཅན། ལྡན་པ་བསྐྱེད་པ་མ་ཡིན་པར་ཐལ། སྔར་རེ་རེ་བ་ལས་ངོ་བོ་འཕོས་པ་མེད་པའི་ཕྱིར་ཞེས་པའི་ཐལ་བ་མཚུངས་སོ། །གལ་ཏེ་གསེར་དང་དངུལ་ཆུ་ལ་ཡན་ལག་གི་རྫས་མེད་ཀྱང་དེ་གཉིས་ཀྱི་རྡུལ་ཕྲན་ཕྲད་པའི་ལྡན་པ་ཡོད་པས་དེ་དབང་ཤེས་ལ་སྣང་བ་ཡིན་ཞེ་ན། དབང་ཤེས་ཆོས་ཅན། དེ་གཉིས་ཀྱི་རྡུལ་ཕྲན་ཕྲད་པའི་ལྡན་པ་གང་ལས་རྟོགས་ཏེ་མི་རྟོགས་པར་ཐལ། དེའི་རྟེན་དེ་གཉིས་ཀྱི་རྡུལ་ཕྲན་ཕྲད་པ་མཐོང་བ་མེད་པའི་ཕྱིར། གཞན་ཡང་སྒེའུ་གཤེར་དང་བུ་རམ་སོགས་སྦྱར་བའི་བཏུང་བ་ཆོས་ཅན། ཁྱོད་ལ་རོ་ཞིམ་པ་དང་གཟུགས་བཟང་བ་ལ་སོགས་པའི་ཡོན་ཏན་ལྡན་པ་འགལ་བར་ཐལ། ཁྱོད་ལ་ཡན་ལག་ཅན་གྱི་རྫས་མེད་པའི་ཕྱིར་ཏེ། རྡུལ་རིགས་མི་མཐུན་དུ་མ་ཚོགས་པའི་ཕྱིར། འདོད་མི་ནུས་ཏེ། བཏུང་བ་རོ་ཞིམ་གཟུགས་བཟང་ཞེས་སོགས་ཀྱི་ཐ་སྙད་འཇུག་པར་མཐོང་བའི་ཕྱིར་རོ། །གལ་ཏེ་བཏུང་བ་དང་རོ་གཟུགས་གཉིས་རྡུལ་ཕྲན་གྱི་རྫས་གཅིག་ལ་འཕྲོད་པ་འདུས་པ་ཡོད་པས་ཉེ་བར་བཏགས་པ་ལས་བཏུང་བ་རོ་ཞིམ་གཟུགས་བཟང་ཞེས་ཐ་སྙད་བྱེད་པར་འདོད་ཅེ་ན། རྫས་སྣ་ཚོགས་སྦྱར་བའི་བཏུང་བ་དང་འོ་མའི་རོ་ཆོས་ཅན། བློ་ལ་རོ་མཚན་ཉིད་པ་དང་བཏགས་པ་བ་ཐ་དད་དུ་སྣང་བར་འགྱུར་བར་ཐལ། ཁྱོད་གཉིས་གཅིག་རོ་མཚན་ཉིད་པ་གཅིག་བཏགས་པ་བ་ཡིན་པའི་ཕྱིར་རོ། །གཞན་ཡང་བྱ་བ་བཏགས་པའི་ཕྲེང་བ་ཆོས་ཅན། ཇི་ལྟར་ན་ཁྱོད་ལ་མཚར་དུ་དངར་བའི་རིང་པོ་ཞེས་བྱ་བར་བཏགས་ནས་སྟོན་པར་འགྱུར་ཏེ་མི་འགྱུར་བར་ཐལ། ཁྱོད་རིང་པོ་དང་རྫས་གཅིག་ལ་འདུ་བའི་འབྲེལ་བ་མེད་པའི་ཕྱིར་ཏེ། ཁྱོད་གང་ལ་འདུ་བའི་བྱ་རེ་རེ་བ་ལ་རིང་པོ་མི་འདུ་བའི་ཕྱིར། དེའི་ཞར་ལ་དེ་ལ་བརྟེན་པའི་ཁྱད་པར་གྱི་ཆོས་གཞན་ཡང་འགོག་པ་ནི། གཅིག་གཉིས་ཞེས་སོགས་བུམ་པའི་གྲངས་དང་དོན་གཞན་དང་ལྡན་པ་དང་འདེགས་འཇོག་ལ་སོགས་པའི་ལས་དང་རྣམ་པར་དབྱེ་བ་དང་སྤྱི་ལ་སོགས་པའི་ངོ་བོ་ཆོས་ཅན། གྲངས་སོགས་དེ་དང་ལྡན་པའི་བུམ་པ་རང་གི་ངོ་བོ་དང་དེ་བརྗོད་པའི་སྒྲ་དག་ལས་རྫས་ཐ་དད་པར་ཡོད་པ་མ་ཡིན་པར་ཐལ། དེ་ཡོད་ན་བུམ་གཟུགས་སོགས་མེད་པར་ཡང་བློ་ལ་སྣང་དགོས་པ་ལ་དེ་མེད་པར་བློ་ལ་མི་སྣང་བའི་ཕྱིར། གལ་ཏེ་བུམ་པའི་གྲངས་སོགས་དེ་བུམ་པ་ལས་དོན་གཞན་དུ་ཡོད་དེ། དེར་ཡོད་པའི་སྒྲ་ཤེས་འཇུག་པའི་ཕྱིར་ཞེ་ན། བུམ་པའི་གྲངས་སོགས་ཀྱིས་ཡུལ་ཅན་དུ་གྱུར་པའི་སྒྲ་ཤེས་ཆོས་ཅན། བུམ་པའི་གྲངས་སོགས་བུམ་པ་ལས་དོན་གཞན་དུ་ཡོད་པའི་གཟུང་དོན་ཅན་མ་ཡིན་ཏེ། བུམ་པའི་དངོས་པོ་རྣམས་རིགས་མི་མཐུན་ལས་ཐ་དད་པའི་གཞན་སེལ་བའི་རྗེས་སུ་འབྲང་བའི་རྣམ་རྟོག་གིས་ཀུན་བཏགས་པའི་དོན་ཅན་ཡིན་པའི་ཕྱིར། དཔེར་ན་ཁྱོད་ཀྱི་ལུགས་ལ་གཟུགས་སོགས་ཡོན་ཏན་རྣམས་ལ་གྲངས་དང་ལྡན་པ་ལ་སོགས་པའི་དོན་གཞན་དུ་མེད་ཀྱང་དེའི་སྒྲ་ཤེས་འཇུག་པའམ་ཞིག་པ་འདས་པ་དང་མ་སྐྱེས་མ་འོངས་པ་རྫས་སུ་མ་གྲུབ་ཀྱང་བུམ་པ་གཅིག་གཉིས་སོགས་དུ་མ་འབྱུང་ངོ་འབྱུང་བར་འགྱུར་རོ་ཞེས་སྒྲ་ཤེས་འཇུག་པ་བཞིན་ནོ། །

གལ་ཏེ་གཟུགས་སོགས་ཡོན་ཏན་འདིར་ནི་གྲངས་དང་ལྡན་པ་ལ་སོགས་དོན་གཞན་དུ་མེད་པས་དེའི་སྒྲ་རྟོག་ཉེ་བར་བཏགས་པ་ཁོ་ན་ལས་འཇུག་པར་འདོད་ཅེ་ན། གྲངས་དང་ལྡན་པ་དང་ལ་སོགས་པའི་དངོས་པོ་ཐམས་ཅད་ཆོས་ཅན། ཁྱོད་གྲངས་དང་ས་ལ་སོགས་པའི་སྒྲ་དེ་དངོས་པོའི་དབང་གིས་འཇུག་པ་མ་ཡིན་པར་ཐལ། རྒྱུ་མཚན་གང་གིས་ན་གཟུགས་སོགས་ཡོན་ཏན་རྣམས་ལ་གྲངས་དང་ལྡན་པ་ལ་སོགས་པའི་སྒྲ་དེ་བཏགས་ནས་འཇུག་པར་འདོད་པ་ནི་རྒྱུ་མཚན་དེ་ནི་ཁྱོད་ལ་ཡང་དེའི་སྒྲ་ནས་འཇུག་པ་དེ་དག་གི་རྒྱུ་མཚན་དུ་ཅིས་མི་འདོད་དེ་འདོད་པར་རིགས་པའི་ཕྱིར། གལ་ཏེ་བུམ་པའི་གྲངས་སོགས་ཀྱི་སྒྲ་དེ་ཡུལ་ཀུན་ལ་ཉེ་བར་བཏགས་ནས་འཇུག་པ་མིན་ཏེ། འགའ་ཞིག་ནས་འཇུག་པ་ལ་གཙོ་བོར་འཇུག་པའི་ཕྱིར་ཞེ་ན། དེའི་སྒྲ་དེ་ཡུལ་ལ་གཙོ་བོ་དང་ཕལ་པའི་སྒོ་ནས་འཇུག་པའི་མཚན་ཉིད་ཅི་དྲིས་པས། དེའི་སྒྲ་དེ་གྲངས་སོགས་ཐ་དད་པའི་ཁྱད་པར་དུ་ཡོད་པ་དེ་ལ་གཙོ་བོར་འཇུག །དེ་ལས་གཞན་ལ་ཕལ་པར་འཇུག་གོ་ཞེ་ན། བུམ་པ་དང་གཅིག་གཉིས་ཞེས་སོགས་གྲངས་སོགས་བརྗོད་པའི་སྒྲ་ཆོས་ཅན། གང་ལ་གྲངས་སོགས་ཐ་དད་པའི་ཁྱད་པར་དུ་ཡོད་པའི་དངོས་པོ་དེ་ལ་དངོས་པོའམ་དངོས་མིང་དུ་འཇུག་ལ་དེ་ལས་གཞན་ལ་ཕལ་པའི་བཏགས་མིང་དུ་འཇུག་པ་ཞེས་བྱ་བ་དེ་ཉིད་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། གལ་ལ་དངོས་པོར་བརྡ་སྦྱར་བའི་ཡུལ་དེ་ལ་དངོས་མིང་དང་དངོས་མིང་འཇུག་པའི་ཡུལ་དང་འདྲ་འབྲེལ་ལ་སོགས་པའི་སྒོ་ནས་བརྡ་སྦྱར་བའི་ཡུལ་དེ་ལ་བཏགས་མིང་དུ་འཇུག་པའི་ཕྱིར། གལ་ཏེ་གཅིག་དང་ཆེན་པོ་དང་ལྡན་པ་ཞེས་སོགས་ཀྱི་སྒྲ་ཆོས་ཅན། ཐ་དད་མེད་པ་སྒྲ་རྣམ་གྲངས་པ་ཡིན་པར་ཐལ། བརྗོད་བྱའི་དོན་ཐ་དད་མེད་པའི་ཕྱིར་དཔེར་ན་དབང་པོ་དང་བརྒྱ་བྱིན་དང་གྲོང་འཇོམས་ཞེས་སོགས་བཞིན་ནོ་ཞེ་ན། དེ་མ་ངེས་ཏེ། གྲངས་སོགས་དང་ལྡན་པ་བརྗོད་པའི་སྒྲ་ནི་ཆོས་ཅན། བརྗོད་བྱའི་དོན་ཐ་དད་མེད་པས་སྒྲ་རྣམ་གྲངས་པར་བརྟགས་པ་མ་ཡིན་པར་ཐལ། དཀར་པོ་ལ་སོགས་པའི་ཡོན་ཏན་རྣམས་བརྗོད་བྱ་དོན་གཞན་ཐ་དད་པའི་རྒྱུ་མཚན་གྱིས་འཇུག་པ་ཅན་མིན་ཡང་དེ་རྣམས་ལ་སྒྲ་རྣམ་གྲངས་པ་མ་ཡིན་པའི་ཕྱིར། གལ་ཏེ་ཡོན་ཏན་དོན་གཞན་ཐ་དད་པ་ཡོད་པས་རྟགས་མ་གྲུབ་ཅེ་ན། ཡོན་ཏན་ཆོས་ཅན། ཁྱོད་དང་རྫས་ཁྱད་མེད་དུ་འགྱུར་བར་ཐལ། གྲངས་དང་ལྡན་པ་ལ་སོགས་ཀྱི་ཡོན་ཏན་གྱི་རྟེན་བྱེད་པའི་ཕྱིར་རོ། །ཡང་ཐ་དད་དོན་མེད་ཀྱི་རྟགས་ཀྱང་དོན་ལ་མ་གྲུབ་སྟེ། གཅིག་དང་ཆེན་པོ་དང་ལྡན་པ་ཞེས་སོགས་ཀྱི་སྒྲ་ཆོས་ཅན། ཁྱོད་ཀྱི་བརྗོད་བྱའི་དོན་གཞན་ཐ་དད་པ་མ་ཡིན་པས་ཐ་དད་མེད་པ་མ་ཡིན་ཏེ། དེ་དེ་མ་ཡིན་ཡང་སེལ་ངོར་ལྡོག་པའི་དབྱེ་བས་ཐ་དད་པ་ཡིན་པའི་ཕྱིར། དཔེར་ན། སྤྱི་གཅིག་པོ་དེ་ཉིད་ལ་ལས་མིན་རྫས་མིན་ཞེས་པའི་སྒྲ་འཇུག་པ་བཞིན་ནོ། །གལ་ཏེ་བུམ་པའི་གྲངས་སོགས་དེ་བུམ་པ་ལས་རྫས་ཐ་དད་དུ་ཡོད་དེ། བུམ་པའི་གྲངས་ཞེས་པའི་སྒྲ་འཇུག་པའི་ཕྱིར། དཔེར་ན་ལྷ་སྦྱིན་གྱི་རིལ་བ་བཞིན་ཞེ་ན། བུམ་པའི་གྲངས་ཞེས་སོགས་དངོས་པོ་སྟེ་ཆོས་བརྗོད་པའི་སྒྲ་རྣམས་ཀྱིས་བུམ་པའི་གྲངས་སོགས་དེ་གྲངས་སོགས་དེ་དང་ལྡན་པའི་བུམ་པ་ལས་ཐ་དད་བཞིན་དུ་བསྟན་པ་གང་ཡིན་དེའང་ཆོས་ཅན། བུམ་པའི་གྲངས་སོགས་བུམ་པ་ལས་རྫས་ཐ་དད་དུ་ཡོད་པས་ཁྱོད་ལ་འཇུག་པ་མ་ཡིན་ཏེ། བུམ་པའི་གྲངས་སོགས་དེ་བུམ་པའི་ཆོས་གཞན་སྲ་བ་ལ་སོགས་པ་ལས་ཁྱད་པར་དུ་ཕྱེ་ནས་སྟོན་པར་བྱེད་པ་ཙམ་ཡིན་པའི་ཕྱིར། དེས་ན་བུམ་པའི་གྲངས་ཞེས་སོགས་ཀྱི་སྒྲ་ཆོས་ཅན། བུམ་པའི་གྲངས་སོགས་དེ་བུམ་པ་ལས་ཐ་དད་པའི་ཆོས་བཞིན་དུ་རྗོད་པར་བྱེད་པ་ཙམ་གྱིས་དེ་དེ་ལས་རྫས་ཐ་དད་དུ་སྟོན་པ་མ་ཡིན་ཏེ་བུམ་པའི་ཆོས་དུ་མའི་ནང་ནས་བུམ་པའི་གྲངས་སོགས་དེ་ཙམ་ཤེས་པར་འདོད་པ་ལ་བུམ་པའི་ཆོས་གཞན་ཀུན་བློ་ཡུལ་དུ་འཕངས་པ་མེད་པར་བུམ་པའི་གྲངས་སོགས་དེ་ཁྱད་པར་གཞན་སྤོང་གི་སྒོ་ནས་སྟོན་པར་བྱེད་པའི་ཕྱིར། དཔེར་ན་སོར་མོའི་ཆོས་དུ་མའི་ནང་ནས་སོར་མོའི་ཁྱད་པར་གྱི་ཆོས་གཤིབས་པ་ཤེས་པར་འདོད་པའི་སྐབས་ལ་ལར་སོར་མོའི་ལྡན་པ་ཞེས་བརྗོད་པ་བཞིན་ནོ། །སོར་མོ་ལྡན་པར་འགྱུར་ཞེས་པའི་སྒྲ་ཆོས་ཅན། ཆོས་ཅན་བརྗོད་པར་གྲགས་པ་ཡིན་ཏེ། སོར་མོའི་ཁྱད་པར་གྱི་ཆོས་ཐམས་ཅད་བརྗོད་བྱར་འཕེན་ཞེས་མི་སྤོང་བའི་སྒྲ་ཡིན་པའི་ཕྱིར། དེས་ན་སོར་མོའི་ལྡན་པ་ཞེས་ཆོས་དང་སོར་མོ་ལྡན་པར་འགྱུར་ཞེས་ཆོས་ཅན་བརྗོད་པའི་སྒྲ་གཉིས་ཆོས་ཅན། བརྗོད་བྱའི་དོན་གཅིག་བརྗོད་ཀྱང་སྒྲ་རྣམ་གྲངས་པ་མ་ཡིན་ཏེ། བརྗོད་བྱ་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བ་དེ་ལྟར་དུ་ཤེས་པའི་ཕྱིར་དུ་བྱས་པ་ཙམ་ཡིན་པའི་ཕྱིར་རོ། །དེ་དག་གིས་བརྟེན་པ་གྲངས་སོགས་དངོས་པོར་མེད་ཀྱང་དེའི་སྒྲ་འཇུག་པའི་རྒྱུ་མཚན་བསྟན་ནས་ད་རྟེན་བུམ་པ་ཞེས་པའི་ཡན་ལག་ཅན་གྱི་རྫས་མེད་ཀྱང་དེའི་སྒྲ་འཇུག་པའི་རྒྱུ་མཚན་སྟོན་པ་དེ། བུམ་པའི་སྒྲ་ཆོས་ཅན། བརྗོད་བྱ་བུམ་པ་ཞེས་པའི་ཡན་ལག་ཅན་གྱི་རྫས་མེད་ཀྱང་ཁྱོད་འཇུག་པ་དོན་ཡོད་དེ། བུམ་པའི་གཟུགས་སོགས་རང་འཛིན་པའི་ཤེས་པ་བསྐྱེད་པའི་ནུས་པའི་ཁྱད་པར་རང་གི་བརྗོད་བྱར་སྤོང་བའི་སྒོ་ནས་བུམ་པའི་བྱས་སོགས་དེའི་མཚུངས་པ་སྟེ་ཐུན་མོང་གི་འབྲས་བུ་ཆུ་སྐྱོར་གྱི་དོན་བྱེད་པའི་རྒྱུ་མིན་རྣམ་པར་གཅོད་པའི་ལྟོ་ལྡིར་བའི་དབྱིབས་ཅན་བདེ་བླག་ཏུ་རྟོགས་པའི་ཕྱིར་དུ་འཇུག་པར་འགྱུར་བའི་ཕྱིར། བུམ་པའི་གཟུགས་ཞེས་སོགས་བརྗོད་པའི་སྒྲ་དང་ཁྱོད་བརྗོད་བྱ་གཞི་གཅིག་པ་ཅན་གྱི་སྒྲ་མ་ཡིན་ཏེ། ཁྱོད་ཀྱིས་བུམ་པའི་གཟུགས་བརྗོད་བྱར་སྤོང་བ་དེས་ནའི་ཕྱིར། ཚོགས་པས་ཚོགས་སྒྲ་ཅན་བརྗོད་པར་སྤོང་བ་དེས་ན་འདི་ནི་ཆོས་ཅན། བརྗོད་བྱར་བུམ་པ་ཞེས་པའི་ཡན་ལག་ཅན་གྱི་རྫས་མེད་ཀྱང་གསེར་བུམ་སོགས་རིགས་ཅན་བརྗོད་བྱར་མི་སྤོང་བ་དང་བུམ་གཟུགས་སོགས་ཚོགས་པ་ཅན་བརྗོད་བྱར་སྤོང་བའི་ཁྱད་པར་ཡོད་པ་ཡིན་ཏེ། གསེར་བུམ་དེ་རང་གི་བརྗོད་བྱའི་རིགས་ཅན་ཡིན་པའི་སྒོ་ནས་དེ་ལ་རྗེས་སུ་འགྲོ་བའི་རིགས་སྤྱི་བརྗོད་ལ་བུམ་གཟུགས་དེ་རང་གི་བརྗོད་བྱའི་ཚོགས་པ་ཅན་ཡིན་པའི་སྒོ་ནས་དེའི་ཚོགས་སྤྱི་བརྗོད་པའི་ཕྱིར། གལ་ཏེ་བུམ་པ་ཞེས་པའི་ཡན་ལག་ཅན་མེད་པར་གཟུགས་སོགས་ཚོགས་པ་ཙམ་ཡིན་ན་བུམ་པའི་གཟུགས་ཞེས་པའི་སྒྲ་འཇུག་པ་ཅི་ཞེ་ན། གཟུགས་སོགས་ཚོགས་པ་དེའི་སྤྱི་བུམ་པ་དེ་ཡན་ལག་གི་ཁྱད་པར་དུ་བྱས་ཏེ་བུམ་པའི་གཟུགས་ཞེས་སོགས་བརྗོད་པའི་སྒྲ་ཆོས་ཅན། བརྗོད་བྱར་བུམ་པ་ཞེས་པའི་ཡན་ལག་ཅན་གྱི་རྫས་མེད་ཀྱང་དོན་ཡོད་དེ། བུམ་པའི་སྟེང་གི་བུམ་གཟུགས་འཛིན་པའི་མིག་ཤེས་དེ་བསྐྱེད་པའི་ནུས་པ་དེ་བུམ་པའི་གཟུགས་སོགས་ལས་ཁྱད་པར་དུ་ཕྱེ་ནས་སྟོན་པར་བྱེད་པའི་ཕྱིར། བཤད་མ་ཐག་པའི་ཕྱོགས་འདིས་གཞན་ཙན་དན་གྱི་དྲི་ཞེས་པའི་སྒྲ་ཆོས་ཅན། བརྗོད་བྱར་ཙན་དན་གྱི་དྲི་ཞེས་པའི་ཡན་ལག་གི་རྫས་མེད་ཀྱང་དོན་ཡོད་དེ། ཙན་དན་གྱི་རང་བཞིན་དང་འབྲེལ་བའི་དྲི་དེ་གུར་གུམ་སོགས་ཀྱི་དྲི་ལས་ཁྱད་པར་དུ་ཕྱེ་ནས་སྟོན་པར་བྱེད་པའི་ཕྱིར་ཞེས་སོགས་ལའང་བརྗོད་པ་བྱའོ། །གལ་ཏེ་ཆ་ཤས་དུ་མ་དང་བཅས་པའི་ཡན་ལག་ཅན་གྱི་ལུས་ཡིད་བློའི་ཉེར་ལེན་ཡིན་ན། ཡན་ལག་ཅན་ཀུན་ཚོགས་པ་དེའམ། ཡན་ལག་རེ་རེ་བ་ཡིན། དང་པོ་ལྟར་ན། ཡིད་བློ་ཆོས་ཅན། མིག་ལ་སོགས་པའི་ཡན་ལག་གང་རུང་གཅིག་ཏུ་བྲལ་ནའང་ཁྱོད་སྐྱེ་བ་མིན་པར་ཐལ། མིག་ལ་སོགས་པའི་ཡན་ལག་མ་ལུས་པ་ཚོགས་པ་དེ་ཁྱོད་ཀྱི་དངོས་རྒྱུ་ཉིད་ཡིན་པའི་ཕྱིར། གཉིས་པ་ལྟར་ན། སྐྱེས་བུའི་རྒྱུད་ལ་གཅིག་ཆར་དུ་ཁྱོད་མང་པོ་འབྱུང་བར་འགྱུར་བར་ཐལ། མིག་ལ་སོགས་པའི་ཡན་ལག་རེ་རེ་བས་ཁྱོད་བསྐྱེད་པར་ནུས་པ་ཉིད་ཡིན་པའི་ཕྱིར། གལ་ཏེ་ཡིད་བློ་དུ་མ་ཅིག་ཅར་དུ་འབྱུང་བ་མ་ཡིན་ཏེ་དབུགས་རེ་རེ་ཡིད་བློ་རེ་རེ་བའི་གསལ་བྱེད་ཡིན་པའི་ཕྱིར་རོ་ཞེ་ན། དབུགས་འབྱུང་རྔུབ་དང་ལས་གང་རུང་གཅིག་ནི་ཆོས་ཅན། ཡིད་བློ་རེ་རེ་བ་སྐྱེ་བའི་ངེས་བྱེད་མིན་པར་ཐལ། ཁྱོད་སྐྱེས་བུའི་ལུས་དང་ཡན་ལག་རྡུལ་དུ་མ་ཉིད་དུ་མཚུངས་པའི་ཕྱིར། གལ་ཏེ་ལུས་དང་དབུགས་རྟག་པ་གཅིག་སྟེ་རེ་རེ་བ་ཉིད་ཡིན་ན་ཡང་ཡིད་བློ་ཆོས་ཅན། ཁྱོད་མང་པོ་ཅིག་ཅར་དུ་གསལ་བར་འགྱུར་བར་ཐལ། དེའི་རྒྱུ་ལུས་དང་དབུགས་རྟག་པ་རྟག་ཏུ་ཉེ་བར་ཡོད་པའི་ཕྱིར་རོ། །གལ་ཏེ་ལུས་དང་དབུགས་དེ་ཡིད་བློ་རེ་རེ་བའི་རྒྱུ་ཡིན་གྱི་དུ་མའི་རྒྱུ་མིན་ཞེ་ན། ལུས་དང་དབུགས་ཆོས་ཅན། རིམ་གྱིས་ཀྱང་ཡིད་བློ་དུ་མའི་རྒྱུ་མ་ཡིན་པར་ཐལ། ཅིག་ཅར་དུ་དེའི་རྒྱུ་མ་ཡིན་པ་གང་ཞིག་སྔར་ཕྱི་ཁྱད་པར་མེད་པའི་ཕྱིར། གཞན་ཡང་དབུགས་འབྱུང་རྔུབ་གང་རུང་ཞིག་ཡིད་བློ་རེ་རེ་བའི་རྒྱུ་ཡིན་པའང་མ་ངེས་ཏེ། དབུགས་འབྱུང་རྔུབ་གང་རུང་གཅིག་དེ་ཆོས་ཅན། ཁྱོད་ལས་ཡིད་བློ་རེ་རེ་བ་སྐྱེ་བ་ངེས་པ་མ་ཡིན་པར་ཐལ། ཁྱོད་གཅིག་བུའི་ཡུལ་ལའང་དོན་དུ་མ་ཡིན་པས་སྐྱོན་མེད་ཅེ་ན། དབུགས་འབྱུང་རྔུབ་གང་རུང་གཅིག་གི་ཡུན་ལ་དོན་མི་འཛིན་པའི་བློ་དེ་ནི་ཆོས་ཅན། ཅིག་ཅར་ཉིད་དུ་དོན་དུ་མ་མི་འཛིན་པར་འགྱུར་བར་ཐལ། དེ་ལ་འགལ་བ་མེད་པའི་ཕྱིར་ཏེ། སྔ་ཕྱི་གོ་རིམ་མེད་པར་འབྱུང་བའི་བློ་ཡིན་པའི་ཕྱིར། དེ་ལྟ་མ་ཡིན་ན་རིམ་གྱིས་ཀྱང་དོན་དུ་མ་མི་འཛིན་པར་མི་འགྱུར་བར་ཐལ། ཅིག་ཅར་དུ་དེ་མི་འཛིན་པ་གང་ཞིག་སྔ་ཕྱི་ཁྱད་པར་མེད་པའི་ཕྱིར། གལ་ཏེ་ལུས་རྟག་པ་ལས་རྫས་དུ་མ་རིམ་ཅན་དུ་འབྱུང་བ་ཡིན་གྱི་རང་རིགས་འདྲ་སྔ་མ་ལས་འབྱུང་བ་མིན་པ་དུས་ཅན་གྱི་དབུགས་ཀྱི་སྐད་ཅིག་སྔ་ཕྱི་མང་པོ་རིམ་ཅན་དུ་འབྱུང་བ་དག་དེ་འདྲའི་སེམས་སྔ་ཕྱི་མང་པོའི་རིམ་ཅན་དུ་འབྱུང་བ་ཉིད་ཀྱི་རྒྱུ་ཡིན་པས་ཅིག་ཅར་འབྱུང་བའི་སྐྱོན་མེད་དོ་ཞེས་རྟོག་པར་བྱེད་ན། དབུགས་འབྱུང་རྔུབ་དེ་དག་ཆོས་ཅན། རིམ་ལྡན་དུ་འབྱུང་བར་ཇི་ལྟར་འབྱུང་སྟེ་མི་འགྱུར་བར་ཐལ། སྔ་ཕྱི་གོ་རིམ་དང་ལྡན་པར་འབྱུང་བའི་རྒྱུ་མེད་པའི་ཕྱིར་ཏེ། ལུས་རྟག་པ་ལས་འབྱུང་བའི་ཕྱིར། གལ་ཏེ་སྐྱོན་དེ་སྤོང་བར་འདོད་ནས་རང་གི་རིགས་འདྲ་སྔ་མ་ཉིད་ཡིན་ན་དང་པོར་མངལ་དུ་སྐྱེས་མ་ཐག་ཆོས་ཅན། དབུགས་འབྱུང་བར་མི་འགྱུར་བར་ཐལ། དེ་འབྱུང་བའི་རྒྱུ་རིགས་འདྲ་སྔ་མ་དེ་འདྲ་ཡོད་པ་མ་ཡིན་པའི་ཕྱིར་ཏེ། སྐྱེ་བ་སྔ་ཕྱི་མེད་པའི་ཕྱིར། གཞན་དབུགས་ཀྱི་རིགས་འདྲ་སྔ་མ་ཡོད་དུ་ཆུག་ཀྱང་དབུགས་འབྱུང་རྔུབ་གང་རུག་གཅིག་ཆོས་ཅན། རྫས་དུ་མ་ཉིད་དུ་ངེས་པར་ཐལ། རང་གི་ཆ་ཤས་ཡུལ་ཐ་དད་པ་དུ་མ་ལ་ཁྱབ་པ་ཅན་གྱི་རགས་པ་ཡིན་པའི་ཕྱིར། དཔེར་ན་ཕྱུགས་ཀྱི་ཁྱུ་བཞིན་ནོ། །དེས་ན་སྐྱེས་བུ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་ཡིད་བློ་དུ་མ་ཅིག་ཅར་དུ་སྐྱེ་བར་ཐལ། དེའི་དངོས་རྒྱུ་དབུགས་རྟག་པ་དུ་མ་ཉེ་བར་ཡོད་པ་དེའི་ཕྱིར། གལ་ཏེ་ཅིག་ཅར་དུ་སྐྱེ་བའི་དབུགས་ཀྱི་ཆ་ཤས་དུ་མ་ཡང་དུས་གཅིག་པ་ཅན་ཡིན་པས་སེམས་གཅིག་འབའ་ཞིག་གི་རྒྱུ་ཡིན་གྱི་དུ་མའི་རྒྱུ་མ་ཡིན་ནོ་ཞེ་ན། ཡིད་བློ་ཆོས་ཅན། དབུགས་རྒྱུ་བ་ཞན་པ་དང་ཆད་པ་ལ་སོགས་སུ་དབུགས་ཀྱི་ཡན་ལག་གཅིག་མ་ཚང་ནའང་མི་འབྱུང་བར་འགྱུར་བར་ཐལ། དབུགས་ཀྱི་ཡན་ལག་ཀུན་ཚོགས་ཁྱོད་ཀྱི་དངོས་རྒྱུ་ཡིན་པའི་ཕྱིར། ཅི་སྟེ་དབུགས་དྲག་ཞན་དུ་རྒྱུ་བ་སོགས་ཇི་ལྟར་ཡོད་པ་ཡིད་བློའི་དངོས་རྒྱུ་ཡིན་ཞེ་ན། ཡིད་ཀྱི་ཤེས་པ་ཆོས་ཅན། དབུགས་དྲག་ཞན་གྱི་ཁྱད་པར་ལས་ཁྱོད་ལ་ཡང་གསལ་མི་གསལ་གྱི་ཁྱད་པར་ཡོད་པར་འགྱུར་བར་ཐལ། དབུགས་ཀྱི་དངོས་འབྲས་ཡིན་པའི་ཕྱིར། ཁྱབ་སྟེ། ཡིད་ཤེས་གང་ཞིག་ཆོས་ཅན། དབུགས་དེའི་འབྲས་བུ་ཡིན་ཏེ། དབུགས་གང་གི་འཕེལ་འགྲིབ་ཐ་དད་ལས་འཕེལ་འགྲིབ་ཐ་དད་དུ་འགྱུར་བ་ཡིན་པའི་ཕྱིར། གལ་ཏེ་ཤེས་པ་སྔ་མ་ལས་ཕྱི་མ་ཉེ་བར་འདོད་པ་ཁྱེད་ཀྱི་ལུགས་ལའང་ཅིའི་ཕྱིར་ཤེས་པ་དུ་མ་ཅིག་ཅར་དུ་མི་སྐྱེ་ཞེ་ན། ཡིད་ཤེས་སྔ་མ་གཅིག་ནི་ཆོས་ཅན། ཡིད་ཤེས་ཕྱི་མ་གཅིག་འབའ་ཞིག་གི་རྒྱུ་ཡིན་ཏེ། ཁྱོད་ཀྱི་ཡིད་ཀྱི་རྣམ་ཤེས་ཕྱི་མ་གཅིག་བསྐྱེད་པའི་ནུས་པ་ངེས་པའི་ཕྱིར། རྟགས་གྲུབ་སྟེ། ཤེས་བྱ་ཆོས་ཅན། ཡིད་ཤེས་སྔ་མའི་ནུས་པ་ལས་ཡིད་ཤེས་ཕྱི་མ་སྐྱེས་ཏེ། ཡིད་ཀྱི་རྣམ་ཤེས་སྔོན་པོ་ལས་དོན་གཞན་སེར་པོ་ལ་ཆགས་པ་ཡིན་པས་དེ་མ་ཐག་རྐྱེན་གྱི་ནུས་པ་མེད་པར་བྱས་པའི་སྒོ་ནས་དོན་གཞན་སྔོན་པོ་མི་འཛིན་པ་བློ་མི་སྐྱེ་བའི་ཕྱིར། གལ་ཏེ་དང་པོར་མངལ་དུ་ལུས་ལས་ཅིག་ཅར་དུ་ཡིད་བློ་སྐྱེས་ཤིང་ཕྱིས་ནི་རང་གི་རིགས་འདྲ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་སྐྱེ་བར་ངེས་པས་ཡིད་བློ་དུ་མ་ཅིག་ཅར་དུ་སྐྱེ་བའི་སྐྱོན་མེད་དོ་ཞེ་ན། ལུས་ཆོས་ཅན། ཕྱིས་ཀྱང་ཁྱོད་ཀྱིས་ཡིད་བློ་བསྐྱེད་པའི་ནུས་པ་ཅིའི་ཕྱིར་ན་ལྡོག་པར་འགྱུར་ཏེ་མི་འགྱུར་བར་ཐལ། སྔར་ཡང་ཁྱོད་ཡིད་བློ་བསྐྱེད་པའི་ནུས་པ་དང་ལྡན་ཞིང་སྔ་ཕྱི་ཁྱད་པར་མེད་པའི་ཕྱིར། གལ་ཏེ་སྐྱེས་བུ་ཆོས་ཅན། ཤི་བའི་འོག་ཏུ་ཡང་ལུས་ལྡོག་པ་ན་སེམས་འབའ་ཞིག་ལུས་ལ་ལྟོས་མེད་དུ་ཡན་གར་བར་གནས་པར་འགྱུར་བར་ཐལ། དེའི་རྟེན་མིན་པའི་ཕྱིར་ཞེ་ན། འདི་ལ་གཉིས་ཡོད་དེ། འདོད་གཟུགས་སུ་སྐྱེ་འགྱུར་གྱི་སྐྱེས་བུ་འཆི་ཁ་མ་ཆོས་ཅན། ཤི་བའི་འོག་ཏུ་སེམས་འདི་ལུས་ལ་ལྟོས་མེད་དུ་ཡན་གར་བར་གནས་པ་མ་ཡིན་ཏེ། ཁྱོད་ཀྱི་སེམས་ཀྱི་རྒྱུན་ཕྱི་མ་གནས་པའི་རྒྱུར་གྱུར་པའི་འཆི་ཁའི་སེམས་དེ་ཚེ་ཕྱི་མའི་ལུས་དེ་ནི་ཉེར་ལེན་གྱི་འཆི་ཁའི་ལུས་དེ་ཕྱི་མའི་ལུས་བསྐྱེད་པའི་འཇུག་པ་ཐོབ་པའི་ཕྱིར་དུ་དེའི་ལྷན་ཅིག་བྱེད་རྐྱེན་དུ་གྱུར་པའི་ཕྱིར། གལ་ཏེ་འཆི་ཁའི་སེམས་དེ་ཕྱི་མའི་ལུས་ཀྱི་ཡན་ལག་སྟེ་ལྷན་ཅིག་བྱེད་རྐྱེན་དུ་མི་འགྱུར་ན་ཤི་བའི་འོག་ཏུ་ལུས་ལ་ལྟོས་མེད་དུ་ཡན་གར་བར་གནས་པར་འགྱུར་ཏེ། དཔེར་ན་གཟུགས་མེད་དུ་སྐྱེ་འགྱུར་གྱི་འཆི་ཁའི་སེམས་བཞིན་ནོ། །གལ་ཏེ་འཆི་ཁའི་སེམས་དེ་ཕྱི་མའི་ལུས་ཀྱི་ལྷན་ཅིག་བྱེད་རྐྱེན་ཡིན་ན། དེའི་ཉེར་ལེན་གྱི་རྒྱུ་གང་ཞེ་ན། ཚེ་འདི་ཉིད་ཀྱི་མིག་སོགས་སྐྱེ་མཆེད་ལྔ་འགགས་ཁ་མ་ཆོས་ཅན། ཕྱི་མའི་ལུས་གཞན་མིག་སོགས་དབང་པོ་ལྔ་བསྐྱེད་པའི་ཉེར་ལེན་གྱི་རྒྱུ་ཉིད་ཡིན་ཏེ། དེའི་ཐུན་མོང་མ་ཡིན་པའི་ངོ་བོ་བསྐྱེད་བྱེད་ཡིན་པའི་ཕྱིར། ཐ་མལ་འཆི་ཁའི་སེམས་དང་ལུས་ཆོས་ཅན། རིམ་པ་ལྟར་ཕྱི་མའི་ལུས་དེའི་ཡན་ལག་གི་དངོས་པོ་སྟེ་ལྷན་ཅིག་བྱེད་རྐྱེན་ཉེར་ལེན་གྱི་རྒྱུ་ཉིད་ཡིན་པ་འགོག་པ་ལ་དེ་དང་དེར་མ་དམིགས་པ་ཙམ་དང་དེར་ངེས་མེད་ཀྱི་རྟགས་ཡང་དག་མིན་ཏེ། དེར་མ་དམིགས་པ་དེ་མེད་པར་སྒྲུབ་མི་ནུས་པར་སྔར་རབ་ཏུ་བཤད་ཟིན་པའི་ཕྱིར། ཡང་དབང་པོ་གཟུགས་ཅན་དང་ཡིད་ཤེས་སོགས་ཀྱང་ནི་ཆོས་ཅན། རིམ་པ་ལྟར་ཕྱི་མའི་ལུས་ཀྱི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་པ་འགོག་པའི་རྟགས་ཡང་དག་མ་ཡིན་ཏེ། དེ་སྒྲུབ་ཀྱི་ཁྱད་པ་ལ་ཐེ་ཚོམ་ཟ་བའི་ལྷག་ལྡན་གྱི་རྟགས་ཡིན་པའི་ཕྱིར། དེ་དག་གིས་མིག་སོགས་དབང་པོ་ལྔ་རང་གི་རིགས་འདྲ་ཕྱི་མའི་རྒྱུ་ཡིན་པ་ལ་གནོད་བྱེད་མེད་པར་བསྟན་ནས་ད་སྒྲུབ་བྱེད་ཡོད་པར་བསྟན་པ་སྟེ། ཐ་མལ་འཆི་ཁའི་མིག་སོགས་དབང་པོ་ལྔ་ཆོས་ཅན། གནས་མེད་ན་རང་གི་རིགས་འདྲ་ཕྱི་མར་མཚམས་སྦྱོར་བ་ཡིན་ཏེ། དབང་པོ་གཟུགས་ཅན་ཡིན་པའི་ཕྱིར། དཔེར་ན་ཚེ་འདིའི་མིག་སོགས་དབང་པོ་སྔ་མ་རྣམས་རང་གི་རིགས་འདྲ་ཕྱི་མ་ལ་མཚམས་སྦྱོར་བའི་ནུས་པ་དག་མཐོང་བ་བཞིན་ཡིན་ནོ། །

གལ་ཏེ་དཔེ་མ་གྲུབ་སྟེ་ཚེ་འདིའི་མིག་སོགས་དབང་པོ་སྔ་ཕྱི་མེད་པའི་གཅིག་ཡིན་པས་སྔ་མས་ཕྱི་མ་བསྐྱེད་པ་མ་གྲུབ་བོ་ཞེ་ན། དེ་ཆོས་ཅན། རང་གི་རིགས་འདྲ་སྔ་མ་སྔ་མ་ལས་ཕྱི་མ་གཞན་དང་གཞན་སྐྱེ་བ་དག་ཀྱང་གྲུབ་པ་ཉིད་ཡིན་པར་ཐལ། དེ་སྔ་མ་དང་རྙོག་པ་ལ་སོགས་པའི་རྗེས་སུ་དེ་ཕྱི་མ་དང་བ་དང་རྙོག་པ་ལ་སོགས་པར་འགྱུར་བར་མཐོང་བའི་ཕྱིར། གལ་ཏེ་ཚེ་འདིའི་མིག་སོགས་དབང་པོ་ལྔ་པོ་དེ་ལུས་ལས་སྐྱེ་བ་ཡིན་གྱི་རིགས་འདྲ་སྔ་མ་ལས་སྐྱེ་བ་མ་ཡིན་ནོ་ཞེ་ན། དེ་དབང་པོ་དང་བཅས་པའི་ལུས་ལས་སྐྱེ་ན་དབང་པོ་ལས་སྐྱེ་ལ་དབང་པོ་མེད་པའི་ལུས་ལས་སྐྱེ་ན་ཤི་བའི་ལུས་དང་སྐྲ་སེན་སོགས་ལས་ཀྱང་སྐྱེ་བར་འགྱུར་ལ། གཞན་ཡང་གཅིག་ཉིད་ནའང་གསལ་འགྱུར་ཞེས་སོགས་ལུས་རྟག་པ་ཡིད་བློའི་ཉེན་བྱེད་དུ་འདོད་པའི་སྐྱོན་སོགས་སྔ་མ་བཞིན་དུ་ཐལ་བར་འགྱུར་རོ། །གལ་ཏེ་ཡང་དེ་ཉིད་སེམས་ཁོ་ན་ལས་སྐྱེ་བ་ཡིན་གྱི་སྔ་མ་ལས་སྐྱེ་བ་མ་ཡིན་ནོ་ཞེ་ན། ཤེས་བྱ་ཆོས་ཅན། ཚེ་ཕྱི་མའི་ལུས་གཞན་མིག་སོགས་དབང་པོ་ལྔ་ཡང་སེམས་འདི་ཉིད་ཁོ་ན་ལས་སྐྱེ་བར་འགྱུར་བར་ཐལ། ཚེ་འདིའི་མིག་སོགས་དབང་པོ་ལྔ་པོ་དེ་རང་གི་རིགས་འདྲ་སྔ་མ་ལས་མི་སྐྱེ་བར་སེམས་ཁོ་ན་ལས་སྐྱེ་བའི་ཕྱིར། དེ་དག་གི་མཇུག་བསྡུ་བ་དེ། ཐ་མལ་པ་དང་དགྲ་བཅོམ་ཚེ་འདིའི་ཐ་མ་འཆི་ཁའི་སེམས་རྣམས་ཀུན་ཆོས་ཅན། སེམས་ཀྱི་ཉེར་ལེན་གྱི་རྒྱུ་ལས་དང་བྲལ་བའི་ཕྱིར་ན་སེམས་གཞན་དང་མཚམས་སྦྱོར་བ་མེད་པ་མིན་ཏེ། ལུས་དེ་སེམས་ཀྱི་ཉེར་ལེན་མ་ཡིན་པས་དེས་ནའི་ཕྱིར། དེའི་ཕྱིར་ཐ་མལ་དང་དགྲ་བཅོམ་འཆི་ཁའི་སེམས་དེ་སེམས་གཞན་དང་མཚམས་སྦྱོར་བ་མེད་པ་དེ་འདྲའི་སྒྲུབ་བྱེད་དུ་འདོད་པའི་འཆི་ཁའི་སེམས་དེ་ཆོས་ཅན། དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཁྱབ་པ་ལ་ཐེ་ཚོམ་ཟ་བའི་ལྷག་ལྡན་གྱི་རྟགས་སུ་འདོད་པའི་ཕྱིར། སྔར་སྒྲུབ་བྱེད་ཐུགས་རྗེ་གོམས་ལས་ཞེས་པ་ལ་དཔྱོད་པ་བའི་སྟོན་པ་གཞོན་ནུ་མ་ལེན་སོགས་ན་རེ། བརྩེ་སོགས་གོམས་པ་ལས་ཁྱད་པར་དུ་ཟད་འགྱུར་བ་ཡོད་ན་ཡང་སྔ་མའི་རང་བཞིན་ལས་འདས་ན་མཐར་མཐའ་མེད་དུ་འགྱུར་བ་མིན་ཏེ། དཔེར་ན་མཆོངས་བ་གོམས་པ་ལས་ཁྱད་པར་ཅུང་ཟད་འགྱུར་བ་ཡོད་ན་ཡང་མཐར་རྒྱང་གྲགས་ལས་ལྷག་པར་མི་མཆོངས་བ་དང་ཆུ་བསྲོས་པའི་དྲོད་ཁྱད་པར་ཅུང་ཟད་འགྱུར་བ་ཡོད་ན་ཡང་མཐར་དམར་འབར་བར་མི་འགྱུར་བ་བཞིན་དུ་འོ་ཞེ་ན། གལ་ཏེ་གོམས་པས་ཁྱད་པར་བྱས་ཟིན་སླར་ཡང་འབྱུང་བ་འབད་རྩོལ་བསྐྱར་མ་ལ་ལྟོས་པར་འགྱུར་བའི་མཆོངས་པ་དེ་ཆོས་ཅན། རང་གི་ཁྱད་པར་ཅུང་ཟད་འཕེལ་ན་ཡང་ཁྱད་པར་ཕྱི་མ་དག་མཐའ་མེད་དུ་མི་འཕེལ་པའི་རྒྱུ་མཚན་ཡོད་དེ། རང་ལ་ཕན་འདོགས་ནུས་པའི་རྒྱུ་མཚན་རྣམས་རང་གི་ཁྱད་པར་ཕྱི་མ་དག་ལ་ཕན་པ་སྒྲུབ་པའི་ནུས་པ་མེད་པའི་ཕྱིར་དང་། རང་གི་ཁྱད་པར་གྱི་རྟེན་མི་བརྟན་པ་ཉིད་དུ་འགྱུར་བའི་ཆུ་བསྲོས་པའི་དྲོད་ཆོས་ཅན། སྔ་མ་ལྟར་ཡིན་ཏེ། རང་གི་རྟེན་ཆུ་དེ་རྟག་ཏུ་གནས་པ་མ་ཡིན་པར་ཟད་པར་འགྱུར་བའི་ཕྱིར། དེ་གཉིས་ཀ་ཆོས་ཅན། བརྩེ་སོགས་ལྟར་གོམས་པས་ཁྱད་པར་བྱས་ཟིན་སླར་ཡང་འབད་རྩོལ་སྐྱར་མ་ལ་མི་ལྟོས་པའི་རང་བཞིན་དེ་འདྲའང་མ་ཡིན་ཏེ། རང་གི་ཁྱད་པར་ཅུང་ཟད་འཕེལ་ཡང་རང་གི་ངང་གིས་འཇུག་པའི་རང་བཞིན་ཅན་ཉིད་མིན་པའི་ཕྱིར། དེ་ལྟར་དཔེ་ལ་རྟགས་ཀྱི་ཁྱད་པར་མ་གྲུབ་པར་བསྟན་ནས་ཇི་སྐད་བཤད་པ་ལས་བཟློག་པའི་རྟགས་ཀྱི་ཁྱད་པར་རྩོད་གཞིའི་ཆོས་ཅན་ལ་གྲུབ་པར་སྟོན་པ་དེ། བརྩེ་བ་ཤེས་རབ་སོགས་ཆོས་ཅན། གོམས་པའི་རྩོལ་བ་གཞན་གྱིས་རང་གི་རིགས་འདྲ་སྔ་མ་ལས་ཕྱི་མ་ཁྱད་པར་འཕེལ་བར་བྱེད་པར་འགྱུར་ཏེ། གང་གི་ཚེ་གོམས་པས་ཁྱད་པར་བྱས་ཟིན་སླར་ཡང་འབྱུང་བར་འགྱུར་བ་འབད་རྩོལ་བསྐྱར་མ་དང་ལྟོས་པར་མི་འགྱུར་བའི་སེམས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། དེ་ཆོས་ཅན། རྟེན་བརྟེན་ཞིང་གར་བྱེད་མེད་ན་རང་གིས་ངང་གིས་འཇུག་པར་འགྱུར་ཏེ། སེམས་རྒྱུད་ལ་ཤིན་ཏུ་གོམས་པའི་དབང་གིས་རང་གི་རིགས་འདྲ་ཕྱི་མ་ལས་ཕྱི་མ་ཁྱད་པར་ཅན་དུ་སྐྱེ་བའི་ཡོན་ཏན་ཡིན་པའི་ཕྱིར། དཔེར་ན་མེ་དེས་གེགས་མེད་ན་ཐལ་བར་འགྱུར་གྱི་བར་དུ་ཤིང་དང་ས་སོགས་དེ་དག་ལ་ཁྱད་པར་གཞན་གྱི་བྱེད་པ་དང་ལ་སོགས་པས་དངུལ་ཆུ་འདུལ་བྱེད་ཀྱི་སྨན་སོགས་ཀྱིས་དངུལ་ཆུ་མི་འཐོར་བར་དུལ་བར་བྱེད་པ་དང་གསེར་དང་ཟངས་སོགས་སྦྱོང་བའི་ཁ་སྦྱར་སོགས་ཀྱིས་གསེར་དང་ཟངས་སོགས་ཀྱི་དྲི་རིམ་གྱིས་དག་པར་བྱེད་པ་བཞིན་ནོ། །དེའི་དོན་བསྡུ་བ་ནི། དེས་ན་དེ་ཆོས་ཅན། གོམས་པའི་རྩོལ་བ་གཞན་གྱིས་རང་གི་རིགས་འདྲ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མའི་ཁྱད་པར་འཕེལ་བར་བྱེད་པ་ཡིན་ཏེ་རྟེན་བརྟན་ཞིང་གོམས་པ་ཁྱད་པར་བྱས་ཟིན་སླར་ཡང་འབྱུང་བ་འབད་རྩོལ་བསྐྱར་མ་ལ་མི་ལྟོས་ན་དེའི་ཕྱིར་དང་། རང་གི་རིགས་འདྲ་སྔ་མ་དེ་དག་གོམས་པ་ལས་སྐྱེས་ཏེ་རང་གི་ངང་གིས་འཇུག་པའི་སེམས་ཀྱིས་ངོ་བོ་ཉིད་དུ་སྐྱེས་པའི་ཡོན་ཏན་ཡིན་པ་དེ་བཞིན་སྟེ་དེའི་ཕྱིར། དེ་དག་སྐབས་ཀྱི་བསྒྲུབ་བྱ་ལ་སྦྱར་བ་ནི་བརྩེ་བ་དང་། ཤེས་རབ་ལ་སོགས་པའི་བློ་དེ་དག་ཆོས་ཅན། འགལ་རྐྱེན་མེད་ཅིང་མཐུན་རྐྱེན་གོམས་པ་དང་མ་བྲལ་བར་འགྱུར་ན་ཚད་གང་ན་གནས་ཏེ་ཚད་མེད་དུ་འཕེལ་བ་ཡིན་ཏེ། གང་གི་ཕྱིར་རིགས་མཐུན་པའི་རང་གི་རིགས་འདྲ་སྔ་མའི་ས་བོན་ལས་འཕེལ་བ་ཅན་གྱི་ཡོན་ཏན་ཡིན་པའི་ཕྱིར། དེས་ན་མཆོངས་པ་དེ་ཆོས་ཅན། བརྩེ་སོགས་དེ་ལྟར་མཆོངས་པ་སྔ་མ་ཉིད་ལས་མཆོངས་པ་ཕྱི་མ་རང་གི་ངང་གིས་འཇུག་པ་མིན་པར་ཚད་ངེས་པའི་བདག་ཉིད་ཡིན་ཏེ། རང་གི་ངང་གིས་རྒྱུ་ལས་ཀྱི་སྟོབས་དང་འབད་རྩོལ་དག་འབྲས་བུ་ཚད་ཅན་དུ་བསྐྱེད་པའི་ནུས་པ་ངེས་པ་ཉིད་ཀྱི་ཕྱིར། གལ་ཏེ་མཆོངས་པ་དེ་རང་གི་རིགས་འདྲ་ལས་མ་ཡིན་པར་ལུས་སྟོབས་ལས་འཕེལ་བ་ཡིན་ན། ཅིའི་ཕྱིར་དང་པོར་ཡང་ཕྱིས་མཆོངས་པ་བཞིན་དུ་མི་མཆོངས་པ་སྦྱོང་བའི་ཐ་མལ་པ་དེ་ནི་ཆོས་ཅན། དང་པོར་ཡང་ཕྱིས་མཆོངས་པ་བཞིན་དུ་མཆོངས་པ་མིན་པར་ཐལ། ལུས་མི་མཐུན་པ་བད་ཀན་ལ་སོགས་པས་ལྕི་བར་བྱས་པའི་ཕྱིར། ཡང་ལུས་བསྐྱོད་པ་ལ་སོགས་པའི་རྩོལ་བས་རིམ་གྱིས་མི་མཐུན་པ་ལྕི་བ་དང་ས་ཆུ་ལ་སོགས་པ་བསལ་བ་ན་ཡང་མཆོངས་པ་ཆོས་ཅན། མཐའ་མེད་དུ་མི་འཕོ་སྟེ། རང་གི་ཉེར་ལེན་ལུས་སྟོབས་དང་འབད་རྩོལ་གྱི་ཚད་ཅི་ཙམ་ཡོད་པ་དེ་ཙམ་ཉིད་དུ་གནས་པའི་ཕྱིར། གལ་ཏེ་མཆོངས་པ་བཞིན་དུ་བརྩེ་བ་ལ་སོགས་པ་ཡང་གེགས་མེད་ཀྱང་རང་གི་ངང་གིས་འཇུག་པ་མ་ཡིན་ནོ་ཞེ་ན། རང་གི་རིགས་འདྲ་སྔ་མའི་ས་བོན་ལས་བྱུང་བའི་བརྩེ་སོགས་གོམས་པ་དེ་ཆོས་ཅན། བརྒྱ་ལ་གལ་ཏེ་རང་གི་རིགས་འདྲ་སྔ་མའི་ས་བོན་རྒྱུར་ཡོད་པ་ཅན་གྱི་མི་མཐུན་ཕྱོགས་ཞེ་སྡང་སོགས་ཀྱིས་གནོད་པ་མེད་ཅིང་མཐུན་རྐྱེན་གོམས་པ་དང་མ་བྲལ་ན་སེམས་ལ་རང་གི་ངང་གིས་འཇུག་པ་དེའི་བདག་ཉིད་དུ་འགྱུར་ཏེ། རྒྱུ་མཚན་འདི་ལྟར་ཁྱོད་ཀྱི་སེམས་ཀྱི་ཆོས་བརྩེ་བ་དང་ཆགས་བྲལ་དང་བློ་ཤེས་རབ་དང་བྱམས་པ་དགའ་བ་བཏང་སྙོམས་ལ་སོགས་པ་གོམས་པ་སྔ་མ་སྔ་མ་ནི་གཞན་ཕྱི་མ་ཕྱི་མ་དག་གི་ཁྱད་པར་གསལ་ཞིང་འཕེལ་བའི་རྩ་བ་སྟེ་རྒྱུ་ཡིན་པའི་ཕྱིར། དེས་ན་ཐུབ་པ་བཅོམ་ལྡན་འདས་དེ་ཆོས་ཅན། བརྩེ་བ་ཐུགས་རྗེ་ཆེན་པོའི་རང་གི་ངང་གིས་འཇུག་པའི་བདག་ཉིད་ཡིན་ཏེ། སྐྱེ་བ་དུ་མར་སྙིང་རྗེ་ཆེན་པོ་ཡང་དང་ཡང་དུ་གོམས་པར་བྱས་པ་ལས་བྱུང་བ་ཡིན་པའི་ཕྱིར། དཔེར་ན་ཁམས་གསུམ་ལ་འདོད་ཆགས་དང་བྲལ་བའི་དགྲ་བཅོམ་པ་ལ་ཆགས་བྲལ་གྱི་བློ་དང་ཆགས་པ་ཆེས་གོམས་པའི་སྐྱེས་བུ་ལ་ཆགས་པའི་བློ་དང་མི་སྡུག་པ་གོམས་པའི་རྣལ་འབྱོར་པ་ལ་ཡིད་ལོག་གི་བློ་རང་གི་ངང་གིས་འཇུག་པ་བཞིན་ནོ། །སྦྱོར་བ་ཕུན་ཚོགས་སྟོན་པ་འཆད་པར་བཞེད་ནས། དེ་ལ་རེ་ཞིག་གཞན་སྡུག་བསྔལ་ལས་སྒྲོལ་བར་འདོད་པས་དང་པོར་རང་ཉིད་ཀྱི་སྡུག་བསྔལ་ཞི་བའི་ཐབས་ལ་བརྩོན་པར་རིགས་སོ་ཞེས་སྟོན་པ་དེ། འགྲོ་བ་མཐའ་དག་སྡུག་བསྔལ་ལས་སྒྲོལ་བར་འདོད་པའི་བརྩེ་ལྡན་སྦྱོར་ལམ་པ་ཆོས་ཅན། དང་པོ་རང་ཉིད་ཀྱི་སྡུག་བསྔལ་གཞོམ་པའི་ཕྱིར་དུ་སྡུག་བསྔལ་ཞི་བ་དང་རྗེས་སུ་མཐུན་པའི་ཐབས་རྣམས་མངོན་སུམ་དུ་བྱེད་པ་ལ་མངོན་པར་སྦྱོར་བར་མཛད་པ་རིགས་ཏེ། སྡུག་བསྔལ་ཞི་བའི་ཐབས་གཞན་ལ་ཕྱིན་ཅི་མ་ལོག་པར་སྟོན་པར་བཞེད་པའི་ཕྱིར། ཁྱབ་པ་ཡོད་དེ། སྡུག་བསྔལ་ཞི་བའི་ཐབས་ལས་བྱུང་བའི་ཐར་པ་དང་ཐར་པ་དེའི་རྒྱུ་ཐར་ལམ་རྣམས་ལྐོག་ཏུ་གྱུར་ནས་མངོན་སུམ་དུ་མི་ཤེས་ན་དེ་གཞན་ལ་ཕྱིན་ཅི་མ་ལོག་པར་འཆད་པ་ནི་དཀའ་བ་ཡིན་པའི་ཕྱིར། འོ་ན་ཐབས་ལ་སྦྱོར་བའི་ཚུལ་ཡང་ཇི་ལྟ་བུ་ཞེ་ན། དེ་ཆོས་ཅན། ལུང་དང་རིགས་པའི་རྗེས་སུ་འབྲངས་བས་རྣམ་པར་དཔྱོད་པའི་ཤེས་རབ་ཀྱིས་སྡུག་བསྔལ་དེ་རྒྱུ་དང་ལྡན་ནམ་རྒྱུ་མེད། རྒྱུ་དེ་ཡང་རྟག་གམ་མི་རྟག་རང་བཞིན་ནི་གང་ཡིན་ཞེས་པ་ལ་སོགས་པའི་སྒོ་ནས་རྟོག་པར་མཛད་པར་རིགས་ཏེ། གང་གི་ཕྱིར་རང་གཞན་སྡུག་བསྔལ་ལས་བསྒྲོལ་བར་བཞེད་པ་གང་ཞིག །སྡུག་བསྔལ་དེ་རྒྱུ་མེད་དམ་རྒྱུ་དེ་ཡང་མི་འཇིག་པ་དེ་ལྟར་དུ་གནས་ན་འབྲས་བུ་སྡུག་བསྔལ་ལོག་པ་གཟིགས་པ་མེད་པའི་ཕྱིར། དེ་ལྟར་བརྟགས་པ་ན་ཡང་སྡུག་བསྔལ་ཉིད་རེས་འགའ་འབྱུང་བ་དང་འཕེལ་འགྲིབ་བྱེད་པ་ལ་སོགས་པའི་ཁྱད་པར་གྱིས་མི་རྟག་པར་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར། དེའི་འོག་ཏུ་སྡུག་བསྔལ་གྱི་རྒྱུ་དེའི་མི་མཐུན་ཕྱོགས་ནི་གང་ཞེས་གཉེན་པོ་ལ་བརྟག་པ་མཛད་པར་རིགས་ཏེ། སྡུག་བསྔལ་དེའི་རྒྱུ་མ་ལུས་པ་གཞོམ་པར་བཞེད་པའི་ཕྱིར། དཔེར་ན་ནད་ཞི་བར་འདོད་པས་ནད་ཀྱི་རྒྱུའི་གཉེན་པོ་བརྟག་དཔྱད་བྱེད་པ་བཞིན་ནོ། །དེ་ལྟར་བརྟགས་པས་སྡུག་བསྔལ་གྱི་རྒྱུ་དེའི་མི་མཐུན་ཕྱོགས་གཉེན་པོའི་རང་བཞིན་ཀྱང་ཚད་མས་ངེས་པར་འགྱུར་ཏེ་སྡུག་བསྔལ་གྱི་རྒྱུའི་ངོ་བོ་དམིགས་རྣམ་ལ་སོགས་པ་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཕྱིར། འོ་ན་སྐྱེ་བའི་མཚན་ཉིད་ཅན་གྱི་སྡུག་བསྔལ་དེའི་རྒྱུ་དང་རྒྱུ་དེའི་གཉེན་པོ་གང་ཞེ་ན། འདུས་བྱས་ཉེར་ལེན་གྱི་ཕུང་པོ་ལྔ་སྤྱོད་ཡུལ་དུ་ཡོད་པ་ཅན་གྱི་བདག་དང་བདག་གིར་འཛིན་པས་བྱས་པའི་འདོད་ཆགས་ནི་ཆོས་ཅན། སྡུག་བསྔལ་དེའི་རྒྱུ་ཡིན་ཏེ། ཁྱོད་ལ་བརྟེན་ནས་སྐྱེ་བོ་རྣམས་མངལ་སོགས་སུ་སྐྱེ་བ་ལེན་པར་བྱེད་པའི་ཕྱིར། ཕུང་པོ་ལྔ་བདག་མེད་པར་མངོན་སུམ་དུ་མཐོང་བའི་ཡེ་ཤེས་ཆོས་ཅན། སྡུག་བསྔལ་གྱི་རྒྱུ་བདག་དང་བདག་གིར་འཛིན་པ་དེའི་གནོད་བྱེད་ཡིན་ཏེ། དེའི་འགལ་ཟླ་སྟོབས་ལྡན་ཡིན་པའི་ཕྱིར། སྡུག་བསྔལ་ཞི་བའི་ཐབས་བདག་མེད་མངོན་སུམ་དུ་མཐོང་བ་ཆོས་ཅན། སྡུག་བསྔལ་ཞི་བའི་ཐབས་གཞན་ལ་ཕྱིན་ཅི་མ་ལོག་པར་སྟོན་པར་བཞེད་པས་རྣམ་པ་དུ་མ་སྟེ་རྒྱུན་མ་ཆད་པར་ཡུན་རིང་པོ་བསྐལ་པ་གྲངས་མེད་གསུམ་ལ་སོགས་པའི་དུས་སུ་ཁྱོད་ལན་མང་པོར་གོམས་པར་བྱེད་པ་རིགས་ཏེ། ཁྱོད་གོམས་པ་ལས་གོམས་མཁན་དེ་ལ་སྤང་བྱའི་སྐྱོན་དང་གཉེན་པོའི་ཡོན་ཏན་དག་ཆེས་རབ་ཏུ་གསལ་བ་ཉིད་དུ་འགྱུར་བའི་ཕྱིར། ཁྱབ་པ་ཡོད་དེ། རང་ལ་སྤང་གཉེན་གྱི་སྐྱོན་ཡོན་ཆེས་གསལ་ན་གཞན་ལ་ཕྱིན་ཅི་མ་ལོག་པར་སྟོན་ནུས་པའི་ཕྱིར། དེས་ན་ཐུབ་པ་བཅོམ་ལྡན་འདས་ཆོས་ཅན། སྡུག་བསྔལ་གྱི་རྒྱུ་བདག་དང་བདག་གིར་འཛིན་པ་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་པ་ཡིན་ཏེ། སྤང་གཉེན་གྱི་སྐྱོན་ཡོན་ལ་ཐུགས་ཀྱང་ཆེས་གསལ་བ་རབ་ཀྱིས་མཐར་ཕྱིན་པར་མཛད་པའི་ཕྱིར། དེས་ན་གཞན་དོན་ལ་འབད་མེད་ལྷན་གྲུབ་ཏུ་འཇུག་པ་ཅན་གྱི་ཐུབ་པ་ཆེན་པོ་ཆོས་ཅན། བསེ་རུ་ལྟ་བུའི་རང་རྒྱལ་དང་ཉན་ཐོས་དགྲ་བཅོམ་པ་ལ་སོགས་པ་ལས་ཁྱད་པར་དུ་འཕགས་ཏེ། སྒོ་གསུམ་གྱི་གནས་ངན་ལེན་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར། དེས་ན་དེ་ལྟར་སྤངས་པ་འདི་ནི་ཐུབ་པ་བཅོམ་ལྡན་འདས་དང་ཉན་རང་དགྲ་བཅོམ་པའི་ཁྱད་པར་ཡོད་དེ། དེ་ཁོ་ན་ལ་ལྡན་ཞིང་དེ་དག་ལ་མི་ལྡན་པའི་ཕྱིར་རོ། །དེས་ན་ཐབས་བདག་མེད་མཐོང་བ་གོམས་པའི་སྟོན་པ་དེ་ཉིད་ཆོས་ཅན། ཀུན་ལས་བཏུས་ཀྱི་མཆོད་བརྗོད་དུ་ཁྱོད་ལ་སྟོན་པ་ཡིན་པར་བཏགས་ནས་བསྟན་པའི་རྒྱུ་མཚན་ཡོད་དེ། སྟོན་པ་མཚན་ཉིད་པ་དེའི་རྒྱུའི་དོན་ཡིན་པའི་ཕྱིར། འགྲོ་བ་ལ་ཕན་པར་བཞེད་པའི་བསམ་པ་ཕུན་ཚོགས་དང་ཐབས་བདག་མེད་མཐོང་བ་གོམས་པའི་སྦྱོར་བ་ཕུན་ཚོགས་གཉིས་པོ་འདི་ནི་ཆོས་ཅན། ཀུན་ལས་བཏུས་ཀྱི་མཆོད་བརྗོད་དུ་བདེ་བར་གཤེགས་པའི་རྒྱུ་རུ་བཤད་པའི་རྒྱུ་མཚན་ཡོད་དེ། ཇི་སྐད་བཤད་པའི་ཚུལ་གྱིས་ཁྱེད་གཉིས་དང་པོར་སྔོན་དུ་སོང་བ་ལས་གྲུབ་པ་བདེ་གཤེགས་འབྱུང་བའི་ཕྱིར། ད་དེ་ལྟ་བུའི་རྒྱུ་གཉིས་སྔོན་དུ་སོང་བའི་འབྲས་བུ་བདེ་གཤེགས་འཆད་པར་བཞེད་ནས་རྒྱུ་སྤངས་ཞེས་པ་ལ་སོགས་པ་གསུངས་ཏེ། སྡུག་བསྔལ་གྱི་རྒྱུ་བདག་དང་བདག་གིར་འཛིན་པ་བག་ཆགས་དང་བཅས་པ་སྤངས་པ་ཆོས་ཅན། སྐབས་འདིར་བདེ་གཤེགས་ཉིད་ཡིན་ཏེ། ལེགས་པར་སྤངས་པ་དང་སླར་མི་ལྡོག་པར་སྤངས་པ་དང་། མ་ལུས་པར་སྤངས་པའི་ཡོན་ཏན་ཁྱད་པར་གསུམ་ལྡན་གྱི་བྲལ་འབྲས་ཡིན་པའི་ཕྱིར། ལེགས་པ་དེ་ཡང་གང་ཞེ་ན། བདེ་གཤེགས་དེ་ནི་ཆོས་ཅན། ལེགས་པར་སྤངས་པ་ཡིན་ཏེ། ཡང་སྲིད་པར་སྐྱེ་བའི་སྡུག་བསྔལ་གྱི་རྟེན་བྱེད་པ་མིན་པའི་སྤངས་པ་ཡིན་པའི་ཕྱིར་ཏེ། བདག་མེད་མངོན་སུམ་དུ་མཐོང་བས་བདག་འཛིན་དྲུངས་ནས་ཕྱུང་བའི་བྲལ་འབྲས་ཡིན་པའི་ཕྱིར། དེ་ཆོས་ཅན། འམ་གྱིས་བསྡུས་པ་ཡང་ན་ལེགས་པར་སྤངས་པ་ཡིན་ཏེ། རིགས་པས་བདག་འཛིན་གྱི་གཉེན་པོར་མཐོང་བའི་བདག་མེད་མངོན་སུམ་དུ་མཐོང་བ་གོམས་པ་རབ་ཀྱིས་མཐར་ཕྱིན་པ་ལས་བྱུང་བ་ཡིན་པའི་ཕྱིར། འོ་ན་སླར་ལྡོག་པ་སྤངས་པ་ནི་གང་། གང་སྤངས་པས་མ་ལུས་པ་སྤངས་པ་ཡིན་ཞེ་ན། འཇིག་རྟེན་པའི་ཆགས་བྲལ་གྱི་སྐྱེས་བུ་དང་རྒྱུན་ཞུགས་དང་ཕྱིར་མི་འོང་རྣམས་ཆོས་ཅན། སླར་ཡང་སྤངས་པ་ལྡོག་ཅེས་བཤད་པ་ཡིན་ཏེ། ཡང་སྲིད་པར་སྐྱེ་བ་དང་སྔར་སྤངས་པའི་སྐྱོན་ཆགས་སོགས་རྣམས་ནི་སླར་ཡང་ཀུན་འབྱུང་བ་དག་ཡིན་པའི་ཕྱིར་ཏེ། བདག་ལྟའི་ས་བོན་མ་སྤངས་པའི་ཕྱིར། བདེ་བར་གཤེགས་པ་ཆོས་ཅན། སླར་མི་ལྡོག་པར་གཤེགས་པ་ཉིད་ཡིན་ཏེ། བདག་དང་བདག་གིར་ལྟ་བའི་ས་བོན་མ་ལུས་པ་སྤངས་པའི་ཕྱིར་ཏེ། ཁྱོད་ཀྱི་ཡེ་ཤེས་དེ་བདེན་པ་ཕྱིན་ཅི་མ་ལོག་པའི་ཡུལ་ཅན་དང་བདག་འཛིན་དང་ཐ་དད་པ་སྟེ་འགལ་ཟླ་དང་རང་གི་ངང་གིས་འཇུག་པའི་སེམས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །ལྷག་མ་གང་ལུས་ལ་གང་སྤངས་ན་མ་ལུས་པར་སྤངས་པ་ཡིན་ཞེ་ན། ཉན་རང་དགྲ་བཅོམ་པ་ཆོས་ཅན། སྤང་བྱའི་ལྷག་ལུས་ཏེ་ཉོན་མོངས་ཅན་མ་ཡིན་པའི་ལུས་ངག་སེམས་ཀྱི་གནས་ངན་ལེན་མ་སྤངས་པའི་ཕྱིར། དེ་ལྟ་ན་ཡང་སླར་འཁོར་བའི་ནད་དམ་སྡུག་བསྔལ་སྐྱེ་བའི་ནུས་པ་མེད་དེ། ཉོན་མོངས་པ་མེད་པའི་ཕྱིར་དང་རང་གིས་ཉམས་སུ་བླངས་པའི་ལམ་ཕྱིན་ཅི་མ་ལོག་པར་བཤད་པ་ལ་བློ་མི་གསལ་བ་ཉིད་ལུས་པ་ཡིན་ཏེ། རྣམ་པ་དུ་མར་ཐབས་མང་པོའི་སྒོ་ནས་ཡུན་རིང་དུ་ལམ་ལ་གོམས་པར་མ་བྱས་པའི་ཕྱིར། དེས་ན་ཐུབ་པ་བཅོམ་ལྡན་འདས་ཆོས་ཅན། སྤང་བྱ་མ་ལུས་པར་སྤངས་པ་ཉིད་ཡིན་ཏེ། སྔར་མའི་རྟགས་དེ་ལས་ཟློག་པའི་ཕྱིར། དེ་ལ་རྒྱལ་དཔོག་པ་ཁ་ཅིག །ཐུབ་པ་ཆོས་ཅན། སྐྱོན་ཟད་པ་མིན་ཏེ་ངག་སྨྲ་བ་ལ་སོགས་པའི་ཕྱིར། དཔེར་ན་ལམ་པོ་ཆེའི་མི་བཞིན་ཞེས་ཟེར་ན། སྨྲ་སོགས་ཀྱི་རྟགས་འདི་ཆོས་ཅན། དེ་སྒྲུབ་ཀྱི་ཁྱབ་པ་འཁྲུལ་པར་ཐལ། དེའི་མི་མཐུན་ཕྱོགས་དང་འགལ་བ་མེད་པས་ལྡོག་པ་ལ་ཐེ་ཚོམ་ཟ་བ་དེའི་ཕྱིར། དེ་འདྲའི་རྟགས་ཀྱིས་དེ་དཔོག་པར་མི་ནུས་པས་དཔྱོད་ལྡན་ཁ་ཅིག །སྐྱོན་རྣམས་ཆོས་ཅན། མི་ཟད་པ་ཉིད་ཡིན་ཏེ། རྟག་པ་ཉིད་ཀྱི་ཕྱིར་དང་མི་རྟག་ཀྱང་སྤོང་བའི་ཐབས་མེད་པའི་ཕྱིར་དང་ཡང་ན་ཐབས་ཡོད་ཀྱང་དེ་མི་ཤེས་པའི་ཕྱིར་ཞེས་བྱ་བར་ཡོངས་སུ་རྟོག་གྲང་ན། རྟགས་མ་གྲུབ་སྟེ། སྐྱོན་ཆགས་སོགས་ཆོས་ཅན། རྟག་པ་མ་ཡིན་ཏེ། རྒྱུ་ཡོད་པའི་ཕྱིར་དང་། སྤོང་བའི་ཐབས་མེད་པ་མ་ཡིན་ཏེ། རང་རྒྱུ་བདག་ལྟའི་གཉེན་པོ་གོམས་པས་དེ་ཟད་པར་འགྱུར་བའི་ཕྱིར་དང་། གཉེན་པོ་དེ་ཤེས་པའང་གྲུབ་པ་ཡིན་ཏེ། རང་རྒྱུ་རང་བཞིན་ཕྱིན་ཅི་མ་ལོག་པར་ཤེས་པ་ཡོད་པའི་ཕྱིར་རོ། །དེས་ན་རང་དོན་བདེ་གཤེགས་བཤད་ནས་གཞན་དོན་སྐྱོབ་པ་འཆད་པ་དེ། ཐུབ་པ་བཅོམ་ལྡན་འདས་ཆོས་ཅན། གྲོལ་བ་དོན་གཉེར་གྱི་སྐྱོབ་པ་ཡིན་ཏེ། ཉིད་ཀྱིས་གཟིགས་ཤིང་ཉམས་སུ་བླངས་པའི་ཐར་ལམ་གཞན་ལ་ཕྱིན་ཅི་མ་ལོག་པར་གསུངས་པའི་ཕྱིར། རྟགས་གྲུབ་སྟེ། ཐར་ལམ་རྫུན་པའམ་ཕྱིན་ཅི་ལོག་མི་གསུངས་ཏེ། དེ་ལ་འབྲས་བུ་དགོས་པ་མེད་པའི་ཕྱིར། རྒྱུ་མཚན་ཡང་རང་གི་བདེ་བ་འདོད་པས་མ་ཡིན་ཏེ། རང་དོན་མཐར་ཕྱིན་པའི་ཕྱིར། མི་ཤེས་པས་མ་ཡིན་ཏེ། དེའི་རྒྱུ་ཉེས་པ་མ་ལུས་པར་སྤངས་པའི་ཕྱིར། སེམས་ཅན་ལ་ཐུགས་བརྩེ་བ་ཆེན་པོ་དང་ལྡན་པའི་ཕྱིར་ཏེ། སྔར་སློབ་ལམ་དུ་ལམ་གྱི་རྩོམ་པ་ཀུན་ཀྱང་གཞན་གྱི་དོན་ཁོ་ན་ཉིད་དུ་སྦྱོར་བའི་ཕྱིར་རོ། །དེས་ན་གྲོལ་བ་དོན་གཉེར་ལ་ཚད་མ་ཡིན་ཏེ། ཉིད་ཀྱིས་སྐུ་ཉམས་སུ་བསྟར་བའི་ཐར་ལམ་གཞན་ལ་ཕྱིན་ཅི་མ་ལོག་པར་སྟོན་པ་དེའི་ཕྱིར། དེ་ལྟར་མཆོད་བརྗོད་ཀྱི་ཚིག་བཤད་གོ་རིམ་བཞིན་དུ་བཤད་ནས་རྒྱུ་སྔ་མ་སྔ་མ་ལས་འབྲས་བུ་ཕྱི་མ་ཕྱི་མ་དཔོག་པའི་རང་བཞིན་གྱི་རྟགས་ལས་བཅོམ་ལྡན་འདས་ཚད་མར་བསྒྲུབ་པ་ལས། ཡང་ན་གོ་རིམ་ལས་བཟློག་སྟེ་བཤད་ན་འབྲས་བུ་ཕྱི་མ་ཕྱི་མ་ནས་སྔ་མ་སྔ་མ་དཔོག་པའི་འབྲས་རྟགས་ལས་བཅོམ་ལྡན་ཚད་མར་སྒྲུབ་པ་དེ། བཅོམ་ལྡན་འདས་ཆོས་ཅན། གྲོལ་བ་དོན་གཉེར་གྱི་སྐྱོབ་པ་ཡིན་ཏེ། དེ་ལ་བདེན་པ་བཞི་བླང་དོར་ཕྱིན་ཅི་མ་ལོག་པར་སྟོན་པར་མཛད་པའི་ཕྱིར། བདེན་པ་བཞི་གང་ཞེ་ན། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་གྱི་བདེན་པའོ། །དེ་ལ་སྡུག་བསྔལ་གང་ཞེ་ན། ཉེར་ལེན་གྱི་ཕུང་པོ་ལྔ་ཆོས་ཅན། འཕགས་པའི་གཟིགས་པ་ལ་ལྟོས་ཏེ་སྡུག་བསྔལ་བ་ཡིན་ཏེ། སྐྱེ་འཆིའི་རྒྱུན་གྱིས་འཁོར་བར་འཁོར་བ་ཅན་ཡིན་པའི་ཕྱིར། རྒྱང་འཕེན་པ་སོགས་རྟགས་མ་གྲུབ་བོ་ཞེ་ན། མངལ་ན་སྐྱེས་མ་ཐག་པའི་ཆགས་སོགས་གསལ་ཞིང་ཤས་ཆེན་པོ་ཆོས་ཅན། རང་རྒྱུ་ཆགས་སོགས་གོམས་པ་སྔ་མ་སྔོན་དུ་སོང་བ་ཡིན་ཏེ། ཆགས་སོགས་ཤེས་གསལ་ཞིང་ཤས་ཆེན་པོ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། འདོད་ཆགས་སོགས་གོམས་པ་ལས་སྔར་མི་གསལ་བ་ཕྱིས་གསལ་བར་མཐོང་བའི་ཕྱིར། འདོད་ཆགས་ཆོས་ཅན། ཁྱོད་ཆེས་གསལ་བ་དེ་འདོད་རྒྱལ་ཏེ་རྒྱུ་མེད་ཉིད་མིན་ཏེ་ཁྱོད་རེས་འགའ་སྐྱེ་བའི་ཕྱིར། ཁྱབ་པ་ཡོད་དེ། རྒྱུ་མེད་ན་རེས་འགའ་སྐྱེ་བར་འགལ་བའི་ཕྱིར་རོ། །རྒྱུ་ཡང་གཞན་དུ་མི་འཐད་པས་གོམས་པ་སྔ་མ་ཉིད་ཡིན་ནོ། །གལ་ཏེ་ཆགས་སྡང་རྨོངས་གསུམ་རིམ་པ་བཞིན་དུ་བད་མཁྲིས་རླུང་གསུམ་གྱི་རང་བཞིན་ཡིན་པས་དེ་དག་ཅེས་འཕེལ་བ་ལས་ཆགས་སོགས་ཆེས་འཕེལ་བ་ཡིན་གྱི་གོམས་པ་ལས་མ་ཡིན་ནོ་ཞེ་ན། ཆགས་སྡང་རྨོངས་གསུམ་ཆོས་ཅན། རླུང་མཁྲིས་བད་ཀན་སོགས་ཀྱི་ཆོས་ཏེ་དངོས་འབྲས་མ་ཡིན་པར་ཐལ། དེ་དག་ལ་རྗེས་སུ་འགྲོ་ལྡོག་འཁྲུལ་བའི་ཕྱིར། དེ་ཡང་ཇི་ལྟར་ན། བད་ཀན་ཤས་ཆེ་བའི་སྐྱེས་བུ་སོ་སོར་རྟོག་པའི་ཤེས་རབ་དང་ལྡན་པ་ལ་འདོད་ཆགས་ཤས་ཆུང་བར་མཐོང་བའི་ཕྱིར། གལ་ཏེ་བད་ཀན་ལ་མཁྲིས་པའི་རང་བཞིན་འདྲེས་པའི་ཕྱིར་བད་ཀན་ཤས་ཆེ་བའི་སྐྱེས་བུ་ཡི་རྒྱུད་ལ་མཁྲིས་པའི་ཆོས་ཤེས་རབ་ལ་སོགས་པ་འབྱུང་བ་ལ་སྐྱོན་མེད་ཅེ་ན། བད་ཀན་ཅན་གྱི་སྐྱེས་བུ་ཤེས་རབ་དང་ལྡན་པ་ཆོས་ཅན། མཁྲིས་པ་དེའི་ཆོས་ཏེ་དངོས་འབྲས་ཤེས་རབ་དེ་ལས་གཞན་ཤ་སེར་བ་དང་རྡུལ་མང་བ་ལ་སོགས་པ་ཡང་ཅིས་མ་མཐོང་སྟེ་མཐོང་བར་ཐལ། དེའི་དངོས་རྒྱུ་མཁྲིས་པ་ཡོད་པའི་ཕྱིར། གལ་ཏེ་ཆགས་སོགས་ཀུན་བད་མཁྲིས་རླུང་གསུམ་གྱི་འབྲས་བུ་ཡིན་པས་སྐྱོན་མེད་དོ་ཞེ་ན། འདོད་ཆགས་ཆོས་ཅན། བད་མཁྲིས་རླུང་གསུམ་ཀུན་གྱི་ཆོས་ཏེ་དངོས་འབྲས་མ་ཡིན་པར་ཐལ། དེ་ཡིན་ན་ནད་གསུམ་ཆ་མཉམ་པའི་སྐྱེས་བུ་ཐམས་ཅད་འདོད་ཆགས་མཚུངས་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། གལ་ཏེ་རྒྱུ་འབྱུང་བ་མཚུངས་ཀྱང་འབྲས་བུ་སྐྱེས་བུའི་གཟུགས་སོགས་མི་མཚུངས་པ་བཞིན་དུ་འདིར་ཡང་སྐྱོན་མེད་དོ་ཞེ་ན། གལ་ཏེ་སྐྱེས་བུའི་གཟུགས་སོགས་ཆེ་ཆུང་དུ་འགྱུར་བ་དེ་ལ་ཁྱད་པར་ཅན་གྱི་སྔོན་གྱི་ལས་རྣམས་བདག་པོའི་རྐྱེན་དུ་ཡོད་པ་མ་ཡིན་པར་རྒྱུ་འབྱུང་བ་ཁོ་ནར་ཟད་ན། ལུས་ཅན་གྱི་སྐྱེས་བུ་ཀུན་ཆོས་ཅན། གཟུགས་སོགས་ཆེ་ཆུང་མཚུངས་པར་ཐལ། དེའི་རྒྱུ་འབྱུང་བ་མཚུངས་པ་ཡོད་པའི་ཕྱིར་ཞེས་དེར་ཡང་རྩོད་པ་མཚུངས་པ་ཡིན་ནོ། །གཞན་ཡང་ཆགས་སོགས་ཆོས་ཅན། སྐྱོན་བད་མཁྲིས་རླུང་གསུམ་གྱིས་དངོས་འབྲས་མ་ཡིན་ཏེ། དེ་རྣམས་ཆེས་གསལ་བའི་ཁྱད་པར་ཡོད་ན་ཡང་ཁྱོད་ཆེས་གསལ་བའི་ཁྱད་པར་མེད་པའི་ཕྱིར། གལ་ཏེ་རྟགས་མ་གྲུབ་སྟེ། མཁྲིས་པ་འཕེལ་བས་ལུས་གདུང་བ་ལས་ཞེ་སྡང་སྐྱེ་བར་མཐོང་བའི་ཕྱིར་ཞེ་ན། དེ་ཙམ་གྱིས་རྟགས་མ་གྲུབ་པ་ཉིད་མ་ཡིན་ཏེ། ཞེ་སྡང་ཆོས་ཅན། མཁྲིས་པར་མ་ཟད་ཐམས་ཅད་དེ་བད་རླུང་གཉིས་ཀྱིས་ཀྱང་དངོས་འབྲས་ཡིན་པར་ཐལ། དེ་གཉིས་འགྱུར་བ་སྟེ་འཕེལ་བ་ཡིས་ཁྱོད་འགྱུར་བ་སྟེ་འཕེལ་བར་མཐོང་བའི་ཕྱིར། ཐལ་བ་ལས་ཞེ་སྡང་ཆོས་ཅན། བད་མཁྲིས་རླུང་གསུམ་ཀུན་ལས་དངོས་སུ་སྐྱེས་པ་མ་ཡིན་ཏེ། དེ་ཡིན་ན་ནད་གསུམ་ཆ་མཉམ་པའི་སྐྱེས་བུ་ཀུན་ལ་ཁྱོད་མཚུངས་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། སྐྱོན་རྣམས་ཁྱད་པར་ཡོད་ནའང་། །ཞེས་པ་ལ་ཁྱབ་པ་ཡོད་དེ། རྒྱུ་རླུང་སོགས་ནི་འཕེལ་བར་གྱུར་བ་ན་དེའི་འབྲས་བུ་ཆགས་སོགས་མི་འཕེལ་བར་འགྲིབ་པར་མི་རུང་སྟེ། དཔེར་ན་མཁྲིས་པ་འཕེལ་ན་ཚ་བ་དང་རླུང་འཕེལ་ན་གྲང་ནད་འཕེལ་བ་བཞིན་ནོ། །གཞན་ཡང་བད་མཁྲིས་རླུང་གསུམ་ཆ་མཉམ་མི་མཉམ་ལས་འཕེལ་བའི་འདོད་ཆགས་དང་ཞེ་སྡང་སོགས་ཆོས་ཅན། ཆ་མཉམ་མི་མཉམ་གྱི་བད་མཁྲིས་རླུང་གསུམ་ཁོ་ན་ལས་དངོས་སུ་སྐྱེས་པ་མ་ཡིན་ཏེ། དེ་དག་གི་སྐབས་ཀྱི་ནང་གི་རེག་བྱའི་ཁྱད་པར་གཟུང་ཡུལ་དུ་ཡོད་པའི་ལུས་ཤེས་འཁོར་གྱི་བདེ་སྡུག་ལས་སྐྱེས་པ་ཡིན་པའི་ཕྱིར། གལ་ཏེ་ནད་གསུམ་ཆ་མི་མཉམ་པར་བད་ཀན་འཕེལ་བ་ལས་སྐྱེས་པའི་སྡུག་བསྔལ་གྱིས་གེགས་བྱས་པས་བད་ཀན་ཤས་ཆེ་བའི་སྐྱེས་བུའི་རྒྱུད་ལ་བད་ཀན་གྱིས་འདོད་ཆགས་མི་བསྐྱེད་པས་འཁྲུལ་ཕྱིར་ཞེས་པའི་སྐྱོན་མེད་དོ་ཞེ་ན། འོ་ན་རྒྱུ་ཅིས་བུད་མེད་ལ་ཆགས་པའི་འདོད་ཆགས་ཅིས་སྐྱེད་སྨྲོས་ཤིག །གལ་ཏེ་ནད་གསུམ་ཆ་མི་མཉམ་པར་བད་ཀན་འཕེལ་བ་ལས། སྐྱེས་པའི་སྡུག་བསྔལ་གྱི་གེགས་བྱས་པས་བད་ཀན་ཤས་ཆེ་བའི་སྐྱེས་བུའི་རྒྱུད་ལ་བད་ཀན་གྱིས་འདོད་ཆགས་མི་བསྐྱེད་པས་འཁྲུལ་ཕྱིར་ཞེས་པའི་སྐྱོན་མེད་དོ་ཞེ་ན། འོ་ན་རྒྱུ་ཅིས་བུད་མེད་ལ་ཆགས་པའི་འདོད་ཆགས་ཅིས་སྐྱེད་སྨྲོས་ཤིག །གལ་ཏེ་ནད་གསུམ་ཆ་མཉམ་པ་ལས་ཁུ་བ་འཕེལ་ཞིང་དེ་ལས་འདོད་ཆགས་སྐྱེ་བ་ཡིན་ནོ་ཞེ་ན། དེ་ལྟར་ཡང་མ་ཡིན་ཏེ། རང་བཞིན་གྱིས་ཆགས་པ་ཤས་ཆེ་བའི་སྐྱེས་བུ་འགའ་ཞིག་ནི་དེ་གསུམ་ཆ་མི་མཉམ་ནའང་བུད་མེད་ལ་ཆགས་པ་ཅན་དུ་མཐོང་ལ་གཞན་སོ་སོར་རྟོག་པའི་ཤེས་རབ་དང་ལྡན་པའི་སྐྱེས་བུ་འགའ་ཞིག་ནི་དེ་གསུམ་ཆ་མཉམ་ནའང་བུད་མེད་ལ་ཆགས་པ་ཅན་མིན་པར་མཐོང་ཞིང་། སྐྱེས་བུ་ཆགས་ལྡན་གཞན་ནི་བུད་མེད་བསྟེན་དྲགས་ནས་ཁུ་བ་ཟད་ནས་ཁྲག་འཛག་ཀྱང་བུད་མེད་ལ་ཆགས་པ་མཐོང་བའི་ཕྱིར། ཆགས་ལྡན་གྱི་སྐྱེས་བུ་ཆོས་ཅན། བུད་མེད་གཟུགས་མཛེས་གཅིག་ལ་དམིགས་ནས་རང་རྒྱུད་ལ་ཆགས་པ་དྲག་པོ་སྐྱེ་བར་མི་འགྱུར་བར་ཐལ། དེ་ལ་དམིགས་ནས་རང་རྒྱུད་ཀྱི་ཁུ་བ་འཕེལ་བའི་ངེས་པ་མེད་པའི་ཕྱིར། གལ་ཏེ་གཟུགས་མཛེས་པ་དང་ཉེ་བར་སྤྱོད་པ་ལ་སོགས་པ་ཀྱང་ཁུ་བ་འཕེལ་བས་བུད་མེད་ལ་ཆགས་པ་སྐྱེ་བའི་ལྷན་ཅིག་བྱེད་པའི་ཡན་ལག་ཡིན་པས་སྐྱོན་མེད་དོ་ཞེ་ན། ཁུ་བ་དང་བུད་མེད་ཀྱི་གཟུགས་མཛེས་པ་སོགས་ཆོས་ཅན། བུད་མེད་ལ་ཆགས་པའི་དངོས་རྒྱུ་མ་ཡིན་པར་ཐལ། ཁྱོད་མཚུངས་པའི་སྐྱེས་བུ་ཀུན་ལ་བུད་མེད་ལ་ཆགས་པ་སྐྱེ་བར་མ་ངེས་པའི་ཕྱིར་རོ། །གཞན་ཡང་བུད་མེད་ལ་ཆགས་པ་ཆོས་ཅན། བུད་མེད་གཟུགས་མཛེས་པའི་ངེས་པ་མེད་པར་འབྱུང་བའང་མིན་པར་ཐལ། བུད་མེད་གཟུགས་མཛེས་པ་དེ་ཁུ་བས་ཁྱོད་བསྐྱེད་པའི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། བུད་མེད་ཀྱི་གཟུགས་མཛེས་ལ་གཙང་བ་ལ་སོགས་པའི་ཡོན་ཏན་དུ་མི་འཛིན་པའི་སྐྱེས་བུའི་རྒྱུད་ལའང་སྐྱེ་བར་འགྱུར་བར་ཐལ། བུད་མེད་གཟུགས་མཛེས་དང་ཁུ་བ་ཙམ་འཕེལ་བ་ཙམ་ལས་སྐྱེས་པའི་ཕྱིར། གལ་ཏེ་བུད་མེད་ཀྱི་གཟུགས་མཛེས་སོགས་ལ་ཡོན་ཏན་དུ་འཛིན་པ་དེ་ཡང་བུད་མེད་ལ་ཆགས་པའི་ཡན་ལག་ཡིན་པས་སྐྱོན་མེད་དོ་ཞེ་ན། ནད་ཆ་མཉམ་རང་གི་ཁུ་བ་འཕེལ་བུད་མེད་གཟུགས་མཛེས་ཉེ་བར་ཡོད་པའི་སྐྱེས་བུ་ཐམས་ཅད་ཆོས་ཅན། བུད་མེད་གཟུགས་མཛེས་སོགས་ལ་ཡོན་ཏན་དུ་འཛིན་པ་ཅན་དུ་འགྱུར་བར་ཐལ། དེ་ལྟར་འཛིན་པའི་རྒྱུ་ཁྱད་པར་མེད་པར་ཡོད་པའི་ཕྱིར་རོ། །གཞན་ཡང་བད་ཀན་ཤས་ཆེན་པོའི་གནས་སྐབས་ཅན་གྱི་སྐྱེས་བུ་དེ་འདྲ་ཆོས་ཅན། ཞེ་སྡང་དྲག་པོ་ཅན་དུ་མི་འགྱུར་བར་ཐལ། ཆགས་པ་ཆེས་དྲག་པོ་ཅན་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཆགས་སྡང་དེ་གཉིས་ངོ་བོ་སྟེ་དམིགས་རྣམ་མི་མཚུངས་པར་འགལ་བའི་ཕྱིར། འདོད་པར་མི་ནུས་ཏེ། བད་ཀན་འདི་ལ་ཞེ་སྡང་མི་འབྱུང་བའི་ངེས་པ་མཐོང་བ་མེད་དེ། རེས་འགའ་ཞེ་སྡང་དྲག་པོ་ཅན་དུའང་འགྱུར་བར་མཐོང་བའི་ཕྱིར། དེས་ན་ཆགས་སོགས་ནད་གསུམ་ཙམ་ལས་སྐྱེ་བར་འདོད་པ་ལ་ཉེས་པ་དེར་འགྱུར་གྱི་སངས་རྒྱས་པ་དག་གི་ལུགས་ལ་ཆོས་ཅན། བད་ཀན་ཅན་ཞེ་སྡང་ཅན་དུ་མི་འགྱུར་བ་ལ་སོགས་པའི་སྐྱོན་འདིར་ཐལ་བ་མེད་དེ། འདོད་ཆགས་ལ་སོགས་པ་རྣམས་རང་དང་རིགས་མཐུན་པའི་འཇིག་ལྟ་སྔ་མའི་བག་ཆགས་ཀྱི་ཁྱད་པར་ལ་རག་ལས་ནས་འཇུག་པ་སྟེ་སྐྱེ་བར་འགྱུར་བའི་ཕྱིར། ཆགས་སོགས་ནད་གསུམ་ཙམ་ལས་སྐྱེ་བ་བཀག་པའི་རིགས་པ་འདི་ནི། ས་ཆུ་ཤས་ཆེ་བ་ལས་འདོད་ཆགས། མེ་རླུང་ཤས་ཆེ་བ་ལས་ཞེ་སྡང་། ཆུ་རླུང་ཤས་ཆེ་བ་ལས་གཏི་མུག་འབྱུང་ངོ་ཞེས་ཆགས་སོགས་འབྱུང་བའི་ཆོས་ཉིད་དུ་འདོད་པ་ཡང་བཀག་པ་ཡིན་ཏེ། རླུང་འཁྲིས་བད་ཀན་གསུམ་པོ་རིམ་པ་བཞིན་དུ་རླུང་མེ་ཆུ་གསུམ་གྱི་རང་བཞིན་ཡིན་པའི་ཕྱིར། གལ་ཏེ་འབྱུང་སེམས་རྒྱུ་འབྲས་མ་ཡིན་ཡང་རྟེན་དང་བརྟེན་པར་འགྱུར་ཏེ། དཔེར་ན་འབྱུང་བ་དང་འབྱུང་འགྱུར་བཞིན་ནོ་ཞེ་ན། འབྱུང་སེམས་ཆོས་ཅན། ཕན་མི་འདོགས་པའི་རྟེན་དང་བརྟེན་པར་མི་འཐད་པར་ཐལ། ཡོད་མེད་དག་ལ་བརྟེན་པའི་ཕྱིར། ཞེས་སོགས་སུ་ཕན་མི་འདོགས་པའི་རྟེན་དང་བརྟེན་པ་ཡང་བཀག་པ་ཉིད་ཀྱི་ཕྱིར་རོ། །དཔེ་ཡང་མ་གྲུབ་སྟེ་དཀར་པོ་ལ་སོགས་པའི་འབྱུང་འགྱུར་གྱི་གཟུགས་རྣམས་ཆོས་ཅན། ས་སོགས་འབྱུང་བ་རྣམས་ལ་མི་འཇིག་པར་གནས་པའི་ཚུལ་གྱིས་བརྟེན་པ་ཉིད་ནི་མ་ཡིན་ཏེ། ཁྱོད་ཡོད་མེད་གང་ལ་ཡང་ཕན་མི་འདོགས་པའི་དོན་གཞན་རྟེན་དགོས་ནུས་མེད་པའི་ཕྱིར་རོ། །འོ་ན་གཟུགས་གང་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་གཟུགས་སོགས་འབྱུང་བ་ལ་བརྟེན་པར་བཤད་པ་དང་འགལ་ལོ་ཞེ་ན། གཟུགས་སོགས་དེ་འབྱུང་བ་ལ་བརྟེན་པར་བཤད་པའི་སྒྲ་སྟེ་ལུང་ཡང་ཆོས་ཅན། འབྱུང་བ་དེ་གཟུགས་སོགས་གྲུབ་ཟིན་གནས་པའི་རྟེན་དུ་སྟོན་པ་མ་ཡིན་ཏེ། དེ་དེའི་རྒྱུའི་དོན་དུ་སྟོན་པ་ཡིན་པའི་ཕྱིར། ཡང་ན་འབྱུང་འགྱུར་གྱི་གཟུགས་སོགས་ཆོས་ཅན། རང་གི་རྟེན་འབྱུང་བ་དག་དང་རྟེན་དང་བརྟེན་པར་འཐད་པ་ཡིན་ཏེ། དེ་དང་ཚོགས་པ་དབྱེར་མེད་འབྲལ་མི་རུང་དུ་གནས་པའི་ཕྱིར། འབྱུང་འགྱུར་ལས་གཞན་ཆགས་སོགས་ཀྱི་སེམས་རྣམས་ཆོས་ཅན། འབྱུང་འགྱུར་བཞིན་དུ་འབྱུང་བ་དང་རྟེན་དང་བརྟེན་པར་འཐད་པ་མ་ཡིན་པར་ཐལ། དེ་དང་འབྲལ་རུང་དོན་གཞན་ཡིན་པའི་ཕྱིར། དེས་ན་འབྱུང་བ་དང་འབྱུང་འགྱུར་བཞིན་དུ་འབྱུང་སེམས་རྟེན་དང་བརྟེན་པར་མི་འཐད་པས་དཔེ་དོན་མི་མཚུངས་པ་ཡིན་ནོ། །གལ་ཏེ་ཆ་ཚང་བར་གྱུར་པ་རྟེན་ཆང་གི་དངོས་པོ་མ་ལོག་ཀྱང་དེ་ལ་བརྟེན་པའི་མྱོས་པའི་ནུས་པ་སོགས་ལྡོག་པ་དེ་དག་དབྱེར་ཡོད་པ་བཞིན་དུ་འདི་ཡང་རྟགས་མ་ངེས་སོ་ཞེ་ན། ཆང་གི་མྱོས་པའི་ནུས་པ་ཆོས་ཅན། ཆང་དང་རྟེན་དང་བརྟེན་པར་མི་འཐད་པར་ཐལ། ཆང་གི་དངོས་པོ་ལས་དོན་གཞན་ཉིད་མ་ཡིན་པ་དེའི་ཆ་ཡིན་པའི་ཕྱིར། གཞན་ཡང་ཆང་ཚ་བར་གྱུར་པ་ན་ཆོས་ཅན། ཆང་གི་དངོས་པོ་འཇིག་པར་འགྱུར་བར་ཐལ། མྱོས་པའི་ནུས་པ་དེ་ཞིག་པའི་ཕྱིར། དེ་ལྟ་མ་ཡིན་ན་དེ་ཆོས་ཅན། བརྟེན་པ་མྱོས་པའི་ནུས་པ་འཇིག་པ་མ་ཡིན་པར་ཐལ། དེ་མི་འཇིག་པར་གནས་པའི་རྟེན་ཆང་གི་དངོས་པོ་ཚང་བར་གནས་པའི་ཕྱིར། གལ་ཏེ་ཆང་དང་མྱོས་པའི་ནུས་པ་དབྱེར་མེད་པ་དེ་དང་མཚུངས་པར་འབྱུང་སེམས་ཡང་དབྱེར་མེད་དོ་ཞེ་ན། མ་ཡིན་ཏེ། འབྱུང་སེམས་ཆོས་ཅན། རྫས་ཐ་དད་པ་ཉིད་ཡིན་ཏེ། སྣང་བ་ཐ་དད་པ་ཅན་གྱི་བློ་མ་འཁྲུལ་བས་ཐ་དད་དུ་རྟོགས་པའི་ཕྱིར། གཞན་ཡང་ཡིད་ཤེས་ཆོས་ཅན། ཇི་སྲིད་ལུས་རྣམ་པ་གཞན་དུ་འགྱུར་གྱི་བར་དུ་རང་གི་ངོ་བོ་སྟེ་དམིགས་རྣམ་མཚུངས་པར་འཇུག་པར་ཐལ། ལུས་ལ་དངོས་སུ་བརྟེན་པའི་བློ་ཡིན་པའི་ཕྱིར། དཔེར་ན་ལུས་ལ་དངོས་སུ་བརྟེན་པའི་གཟུགས་སོགས་བཞིན་ནོ། །འདོད་པར་མི་ནུས་ཏེ། སྐད་ཅིག་རེ་རེ་ལ་ཡང་ཡིད་བློ་དོན་དུ་མ་ལ་དམིགས་པའི་ཕྱིར་རོ། །གལ་ཏེ་ལུས་ཀྱང་དམིགས་རྐྱེན་དོན་གྱི་དབང་གིས་ཡིད་རྟོག་རྣམ་པ་དུ་མར་འགྱུར་རོ་ཞེ་ན། རྣམ་པར་རྟོག་པ་དེ་ནི་ཆོས་ཅན། ཕྱི་རོལ་དོན་གྱི་གཞན་དབང་ཅན་ཉིད་ཡིན་པའི་སྒོ་ནས་རྣམ་པ་དུ་མར་འགྱུར་བ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། དོན་ལ་ལྟོས་པ་མེད་པར་བག་ཆགས་སད་པ་ཙམ་ལས་སྐྱེ་བའི་ཕྱིར། གང་གི་ཚེ་རྟེན་ལུས་ལ་ལྟོས་པ་མེད་པར་ཡིད་རྟོག་སྐྱེ་བ་དེའི་ཚེ་ན་ལུས་རྣམ་པ་གཅིག་པ་ཅན་གྱི་སྐྱེས་བུ་ཆོས་ཅན། ཤེས་པ་སྔ་མ་འགའ་ཞིག་ལས་དེང་དམིགས་རྣམ་མི་འདྲ་བའི་ཤེས་པ་ཕྱི་མ་འགའ་ཞིག་སྐྱེ་བ་མི་འགལ་བ་ཡིན་ཏེ། ཤེས་པ་སྔ་མ་འགའ་ཞིག་ཤེས་པ་ཕྱི་མ་འགའ་ཞིག་གི་བག་ཆགས་སད་བྱེད་ཀྱི་རྒྱུར་འགྱུར་བ་དེས་ནའོ། །ཆགས་སོགས་གསལ་བ་གོམས་པ་ལ་ལྟོས་པའི་རྟགས་ཀྱིས་སྐྱེ་བ་སྔ་མ་གྲུབ་པར་མ་ཟད་རིགས་པ་འདིས་ཀྱང་གྲུབ་སྟེ། སེམས་ཅན་རྣམས་ཆོས་ཅན། སྐྱེ་བ་སྔ་མ་གྲུབ་སྟེ། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི་ཉེར་ལེན་དུ་རིགས་པ་མིན་པའི་ཕྱིར་ཏེ། འབྱུང་བའི་བདག་ཉིད་ཀྱི་ལུས་རྟག་པ་སེམས་ཀྱི་ཉེར་ལེན་ཡིན་ན་ཆགས་སོགས་ཅིག་ཆར་སྐྱེ་བར་ཐལ་བའི་ཕྱིར་རོ། །གལ་ཏེ་རྒྱུ་ཐམས་ཅད་ལ་འབྲས་བུ་ཐམས་ཅད་ནུས་པའི་ངོ་བོར་ཡོད་པ་ཡིན་ཏེ། མེད་པ་རྒྱུ་ལས་སྐྱེ་བར་མི་རིགས་པའི་ཕྱིར། དེས་ན་དངོས་པོ་ཐམས་ཅད་ལ་རྣམ་པར་ཤེས་པ་ནུས་པའི་ངོ་བོར་ལྡན་པའི་ཕྱིར། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི་ཉེར་ལེན་མིན་པ་ཁོ་བོ་ཅག་ཀྱང་འདོད་པས་གྲུབ་པ་ལ་སྒྲུབ་བོ་ཞེ་ན། རྒྱུ་རྩ་མཆོག་གི་རྩེ་ན་འབྲས་བུ་གླང་པོ་ཆེ་བརྒྱ་སྔོན་རྒྱུའི་གནས་སྐབས་ཀྱི་ཚེ་ན་གསལ་པོར་མ་མཐོང་བཞིན་དུ་ནུས་པའི་ངོ་བོར་ཡོད་དོ་ཞེས་ཤིན་ཏུ་བླུན་པོའི་ཕྱིར་ཕྱུགས་དང་འདྲ་བའི་གྲངས་ཅན་ལས་གཞན་མཁས་པ་ངོ་མཚར་བཅས་པ་སུ་ཞིག་དེ་སྐད་དུ་བརྗོད་པ་ལ་འབད་རྩོལ་བྱེད་དེ་མི་བྱེད་དོ། །གཞན་ཡང་རྒྱུ་འབྱུང་བ་དང་རྩ་སོགས་དེ་ནི་ཆོས་ཅན། སེམས་དང་གླང་པོ་ཆེའི་ངོ་བོ་གང་ཞིག་གི་སྣང་བར་འགྱུར་བའི་སེམས་དང་གླང་པོ་དེ་ནི་ཇི་ལྟར་ཁྱོད་ལ་ཡོད་པར་འགྱུར་ཏེ་མེད་པར་ཐལ། ལན་བརྒྱས་མཚོན་པའི་སྤྱི་ཙམ་དུ་རྣམ་པར་ཕྱེ་ཞིང་བརྟགས་པ་ན་ཡང་དེ་ལྟ་བུའི་ངོ་བོ་དེ་ནི་སྔར་རྒྱུའི་དུས་སུ་མི་སྣང་བའི་ཕྱིར། གལ་ཏེ་སེམས་ཅན་རྣམས་སྔར་མེད་པར་གསར་དུ་འབྱུང་ཞིང་ཆགས་སོགས་ཀྱང་རང་གི་རིགས་འདྲ་སྔ་མ་ལ་ལྟོས་པ་མེད་པར་འབྱུང་བའི་ལུས་ཁོ་ནའི་ཆོས་ཡིན་ན། སྐྱེས་བུ་ཐམས་ཅད་ཆོས་ཅན། དང་པོ་སྐྱེས་མ་ཐག་ནས་ཆགས་སོགས་ཅན་དུ་འབྱུང་བའི་ངེས་པ་མེད་པར་ཐལ། སྐྱེ་བ་སྔ་མ་མེད་ཅིང་རིགས་འདྲ་སྔ་མ་ལ་ལྟོས་པའི་ལུས་ཁོ་ནའི་ཆོས་སུ་གྱུར་པའི་ཆགས་སོགས་དང་ལྡན་པའི་ཕྱིར། གལ་ཏེ་སྐྱེས་བུ་ཀུན་རྒྱུ་འབྱུང་བའི་བདག་ཉིད་ལས་མ་འདས་པའི་ཕྱིར་ཆགས་སོགས་དང་ལྡན་པས་ཁྱབ་པས་ཆགས་བྲལ་མི་སྲིད་དོ་ཞེ་ན། སྐྱེས་བུ་ཐམས་ཅད་ཆོས་ཅན། འདོད་ཆགས་ཆེ་ཆུང་མཚུངས་པར་འགྱུར་བར་ཐལ། དེའི་དངོས་རྒྱུ་འབྱུང་བ་མཚུས་པར་ཡོད་པའི་ཕྱིར།

གལ་ཏེ་འབྱུང་བ་འཕེལ་འགྲིབ་ཀྱི་ཁྱད་པར་ལས་ཆགས་སོགས་འཕེལ་འགྲིབ་དུ་འགྱུར་བས་སྐྱོན་མེད་དོ་ཞེ་ན། ཁྱོད་ཀྱི་ལུགས་ལ་འབྱུང་བ་རྣམས་ལ་སྲོག་ཆགས་དང་ཆེས་སྲོག་ཆགས་དང་ཆེས་ཤིན་ཏུ་སྲོག་ཆགས་ལ་སོགས་པའི་ཁྱད་པར་མེད་ཀྱང་ཆགས་ཅན་དང་ཆེས་ཆགས་ཅན་དང་ཆེས་ཤིན་ཏུ་ཆགས་ཅན་ལ་སོགས་པའི་ཁྱད་པར་འདིའི་རྟེན་དུ་འབྱུང་བའི་འབྱུང་བ་གང་ཡིན་པ་དེ་ནི་ཆོས་ཅན། སྔར་ཆགས་སོགས་དེ་ཡོད་པ་ལས་ཕྱིས་དེ་མེད་པར་འགྱུར་བ་སྲིད་པར་ཐལ། རང་ཕུལ་དུ་བྱུང་ཞིང་འབྱུང་ཞིང་འགྲིབ་པ་བཞིན་དུ་ཆགས་སོགས་འཕེལ་འགྲིབ་དུ་འགྱུར་བ་གང་ཞིག །དེ་ཁྱོད་ལ་འབྲལ་རུང་དོན་གཞན་ཡིན་པའི་ཕྱིར། གལ་ཏེ་ཆགས་སོགས་འཕེལ་འགྲིབ་ཐ་དད་དུ་གྱུར་པ་ཡོད་ཀྱང་དེའི་རྒྱུ་འབྱུང་བ་མཚུངས་པ་སྟེ་སྤྱིའི་བདག་ཉིད་མི་ལྡོག་པའི་ཕྱིར་འབྱུང་བའམ་སྲོག་ཆགས་ལ་སོགས་གཏན་ལྡོག་པ་མ་ཡིན་ནོ་ཞེ་ན། སྐྱེས་བུ་ཀུན་ཆོས་ཅན། འདོད་ཆགས་ཆེ་ཆུང་འདྲ་བར་ཐལ། དེའི་རྒྱུའི་བདག་ཉིད་འདྲ་བར་ཡོད་པའི་ཕྱིར། ཁྱབ་པ་ཡོད་དེ། དཔེར་ན་བ་ལང་ཁྲ་བོ་དང་ཁུ་ཡུ་སོགས་ལ་དམིགས་པའི་ཤེས་པ་དེ་བ་ལང་དང་ཆེས་བ་ལང་དང་ཆེས་ཤིན་ཏུ་བ་ལང་གི་རྣམ་པ་ཅན་གྱི་བ་ལང་གི་ཁྱད་པར་ཡོད་པ་མ་ཡིན་ཏེ། དེ་དག་རྒྱུ་བ་ལང་དུ་རིགས་མཚུངས་པའི་བདག་ཉིད་ལས་བྱུང་བའི་ཕྱིར། འམ་ཞེས་པ་ཚུ་རོལ་མཛེས་པ་བའི་གྲུབ་མཐའ་འདིར་ཡང་རྒྱུ་ས་སོགས་འབྱུང་བ་མཚུངས་པས་སྲོག་ཆགས་དང་ཆེས་སྲོག་ཆགས་དང་ཆེས་ཤིན་ཏུ་སྲོག་ཆགས་ལ་སོགས་པའི་ཁྱད་པར་གྱི་རིམ་པ་མངོན་པར་གསལ་བའི་སེམས་ཅན་གྱི་འབྱུང་བ་ལ་ལར་ཡོད་པ་མ་ཡིན་པ་བཞིན་ནོ། །དཔེར་ན་དྲོ་བ་དང་ཆེས་དྲོ་བ་ལ་སོགས་པའི་རིམ་པའི་ཁྱད་པར་ཡོད་ན་ཡང་དྲོ་བ་གཏན་མེད་པའི་མེ་འགའ་ཡང་ཡོད་པ་མ་ཡིན་པ་དེ་བཞིན་དུ་འདིར་ཡང་འབྱུང་བའམ་སྲོག་ཆགས་གཏན་ལྡོག་པ་མི་སྲིད་དོ་ཞེ་ན། དཔེ་དོན་མཚུངས་པ་མ་ཡིན་ཏེ། དྲོ་བ་ཆོས་ཅན། རང་ལ་རྫ་གཞན་དུ་འགྱུར་བའི་ཡན་ལག་འགྱུར་བའི་ཡན་ལག་གི་མེ་ཁྱོད་འཕེལ་འགྲིབ་ཀྱི་རྟེན་དུ་ཡོད་པ་མ་ཡིན་པར་ཐལ། དེ་ལྟ་བུ་དེ་ཚད་མས་བཀག་པའི་ཕྱིར་རོ། །

དེས་ན་སྲོག་ཆགས་སོགས་དེ་དག་ཆོས་ཅན། སྲོག་ཆགས་སམ་འབྱུང་བ་དེའི་ཁྱད་པར་ལ་ལར་རྒྱུན་ཆད་པར་མི་སྲིད་པར་ཐལ། སྲོག་ཆགས་སམ་འབྱུང་བ་ལས་དོན་གཞན་དུ་ཡོད་པ་དེའི་ཡོན་ཏན་གང་ཞིག་འཕེལ་འགྲིབ་ཀྱིི་ཁྱད་པར་གྱི་རིམ་པ་དང་ལྡན་པའི་ཕྱིར། དཔེར་ན་ཆོས་ཅན་སྣམ་བུ་ལ་ཡོད་པའི་ཆོས་དཀར་པོ་ལ་སོགས་པ་བཞིན་ནོ། །གལ་ཏེ་སྔ་ན་མེད་པ་འབྱུང་བ་ལ་ཞེས་པའི་རྟགས་མ་ངེས་ཏེ། དཔེར་ན་གཟུགས་དྲི་སོགས་འབྱུང་བ་ཁོ་ནའི་ཆོས་ཡིན་ཡང་དེ་དག་གཏན་མེད་པའི་འབྱུང་བ་མི་སྲིད་པ་བཞིན་ནོ་ཞེ་ན། ཆགས་སོགས་ཆོས་ཅན། གཟུགས་དྲི་ལ་སོགས་པ་བཞིན་དུ་འབྱུང་བ་ལ་ངེས་པར་གནས་པ་མ་ཡིན་པར་ཐལ། གཟུགས་སོགས་དེ་དག་འབྱུང་བ་དང་དབྱེར་མེད་འབྲལ་མི་རུང་གང་ཞིག །ཁྱོད་འབྱུང་བ་དང་འབྲལ་རུང་དོན་གཞན་ཡིན་པའི་ཕྱིར། གལ་ཏེ་གཟུགས་སོགས་འབྱུང་བ་དང་དབྱེར་མེད་ཡིན་པ་དེ་དང་མཚུངས་པར་ཆགས་སོགས་ཀྱང་འབྱུང་བ་དང་དབྱེར་མེད་པ་ཡིན་ནོ་ཞེ་ན། དཔེ་དོན་མཚུངས་པ་མ་ཡིན་ཏེ། འདོད་ཆགས་ཞེ་སྡང་ཕྲག་དོག་སེར་སྣ་སོགས་ཆོས་ཅན། དེ་དང་དབྱེར་མེད་འབྲལ་མི་རུང་མ་ཡིན་པར་ཐལ། དེ་ལྟར་ཡིན་ན་གཟུགས་དྲི་སོགས་བཞིན་དུ་སྐྱེས་བུའི་རྒྱུད་ལ་ལྷན་ཅིག་ཏུ་སྐྱེ་བར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། གལ་ཏེ་ཕྱི་རོལ་ཡུལ་གྱི་དབང་གིས་རེས་འགའ་སྐྱེ་བས་སྐྱོན་མེད་དོ་ཞེ་ན། ཡིད་ཤེས་འཁོར་གྱི་ཆགས་སོགས་ཆོས་ཅན། ཕྱི་རོལ་གྱི་ཡུལ་ཡང་ཁྱོད་རེས་འགའ་སྐྱེ་བར་ངེས་བྱེད་མ་ཡིན་པར་ཐལ། རྟོག་པས་སྡུག་མི་སྡུག་སོགས་སུ་རྣམ་པར་སྒྲོ་བཏགས་པའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར། གཞན་ཡང་ཆགས་སོགས་རང་གི་རིགས་འདྲ་སྔ་མ་ལ་ལྟོས་པ་མེད་པར་འབྱུང་བའི་ལུས་ཁོ་ན་ལས་སྐྱེ་ན། ཆགས་སོགས་ཆོས་ཅན། ཡུལ་དུས་རེས་འགའ་སྐྱེ་བའི་ངེས་པ་མེད་པར་ཐལ། རྒྱུ་མེད་པའི་ཕྱིར་ཏེ། རང་གི་སྐལ་མཉམ་གྱི་རྒྱུ་དང་བྲལ་ཞིང་རིགས་མི་འདྲ་བ་རྒྱུར་མི་རིགས་པའི་ཕྱིར། གལ་ཏེ་རྟགས་མ་གྲུབ་སྟེ། འབྱུང་བ་དེ་དེའི་སྐལ་མཉམ་གྱི་རྒྱུ་ཡིན་ནོ་ཞེ་ན། འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་བློ་རྣམས་ཀུན་ཆོས་ཅན། ཁྱོད་སྔ་ཕྱི་ཐམས་ཅད་དུས་ཀུན་ཏུ་སྐྱེ་བར་ཐལ། དེ་ལྟར་སྐྱེ་བའི་རྒྱུ་འབྱུང་བའི་ལུས་རྟག་ཏུ་ཉེ་བར་ཡོད་པའི་ཕྱིར། དེ་ལྟར་མཚན་ཉིད་སྡུག་བསྔལ་གྱི་བདེན་པ་བསྟན་ནས་ད་དེའི་མཚན་ཉིད་སྟོན་པ་དེ། ཉེར་ལེན་གྱི་ཕུང་པོ་ལྔ་པོ་དེ་ནི་ཆོས་ཅན། མི་རྟག་པ་ཡིན་ཏེ། རེས་འགའ་སྐྱེ་བར་དམིགས་པའི་ཕྱིར། ཡང་སྡུག་བསྔལ་བ་ཡིན་ཏེ། དམིགས་པ་དང་མཚུངས་ལྡན་ཅི་རིགས་པའི་སྒོ་ནས་ཉེས་པ་ཆགས་སོགས་རྣམས་ཀྱི་རྟེན་བྱེད་པའི་ཕྱིར་དང་། རྒྱུ་ལས་དང་ཉོན་མོངས་པའི་གཞན་དབང་དུ་གྱུར་པའི་ཕྱིར། རྟག་གཅིག་རང་དབང་ཅན་གྱི་བདག་མ་ཡིན་ཏེ། མི་རྟག་དུ་མ་གཞན་དབང་ཅན་ཡིན་པའི་ཕྱིར། རྟག་པའི་བདག་གིས་བྱིན་གྱིས་བརླབས་པའི་བདག་གི་བ་མ་ཡིན་ཏེ། བདག་དེ་ཁྱོད་བྱིན་གྱིས་རློབས་པ་པོ་མ་ཡིན་པའི་ཕྱིར། དེས་ན་བདག་ཆོས་ཅན། ཕུང་པོ་བྱིན་གྱིས་རློབས་པ་པོ་མ་ཡིན་ཏེ། དེའི་རྒྱུ་མ་ཡིན་པའི་ཕྱིར་ཏེ། རྟག་པ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། རྟག་པས་ཇི་ལྟར་འབྲས་བུ་བསྐྱེད་པ་ཡིན་ཏེ་མ་ཡིན་པར་སྔར་བཤད་ཟིན་ཏོ། །དེས་ན་རྟག་པའི་བདག་གཅིག་ཆོས་ཅན། ཁྱོད་ལས་ཕུང་པོ་དུ་མ་དུས་སྔ་ཕྱི་ཐ་དད་པར་ཇི་ལྟར་སྐྱེ་བར་འགྱུར་སྟེ་མི་འགྱུར་བར་ཐལ། རྟག་པ་ཡིན་པ་དེའི་ཕྱིར། གཞན་ཡང་འབྲས་བུ་མིག་ཤེས་ཆོས་ཅན། སྣང་བ་དང་ཡིད་བྱེད་ལས་གཞན་པའི་རྒྱུ་ཡོད་དེ། རྒྱུ་གཞན་སྣང་བ་དང་ཡིད་བྱེད་དག་ནི་ནུས་ལྡན་དུ་ཚོགས་ན་ཡང་དེ་ཙམ་གྱི་ཁྱོད་སྐྱེ་བ་མེད་ཅིང་རེས་འགའ་སྐྱེ་བའི་ཕྱིར་ཞེས་དེ་ལྟ་བུའི་ལྡོག་པ་ལས་རྒྱུ་དབང་སོགས་ཡོད་པར་རྗེས་སུ་དཔོག་པར་འགྱུར་ན། རྟག་པ་རྣམས་ཆོས་ཅན། འབྲས་བུའི་རྒྱུ་མ་ཡིན་པར་ཐལ། ཁྱོད་ཕན་བྱེད་དུ་ལོག་སྟོབས་ཀྱིས་འབྲས་བུ་སྐྱེ་བ་ལྡོག་པ་དེ་ནི་ཡོད་པ་མ་ཡིན་པའི་ཕྱིར། དེ་ལྟར་ཡོངས་སུ་ཤེས་པར་བྱ་བ་སྡུག་བསྔལ་གྱི་བདེན་པ་བསྟན་ནས་ད་སྤང་བར་བྱ་བ་ཀུན་འབྱུང་གི་བདེན་པ་སྟོན་པ་དེ། ཇི་སྐད་བཤད་པའི་སྡུག་བསྔལ་གྱི་བདེན་པ་འདི་ཆོས་ཅན། རྒྱུ་དང་བཅས་པ་ཉིད་དུ་གྲུབ་སྟེ། ཡུལ་དུས་རེས་འགའ་སྐྱེ་བ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། རྒྱུ་མེད་ན་རྒྱུ་རྐྱེན་གཞན་ལ་མི་ལྟོས་པའི་ཕྱིར། སྡུག་བསྔལ་དེ་རྟག་ཏུ་ཡོད་པའམ་ཡང་ན་རྟག་ཏུ་མེད་པར་འགྱུར་གྱི་རེས་འགའ་བར་མི་འགྱུར་བའི་ཕྱིར་རོ། །ཇི་ལྟར་རྒྱ་ཤུགས་ཀྱི་ཚེར་མ་དང་པད་མའི་སྡོང་བུ་དང་ལོ་མ་དང་གེ་སར་ལ་སོགས་པ་རྣམས་ཀྱི་རྣོ་བ་དང་ཁ་དོག་དང་དབྱིབས་དང་འཇམ་པ་ཉིད་ལ་སོགས་པ་རྒྱུ་མེད་དུ་འབྱུང་བ་དེ་ལྟར་སྡུག་བསྔལ་འདི་དག་ཀྱང་རྒྱུ་མེད་དུ་འབྱུང་བར་འགྱུར་རོ་ཞེས་རང་བཞིན་རྒྱུར་སྨྲ་བ་ཁ་ཅིག་རབ་ཏུ་བརྗོད་དོ། །

རྒྱ་ཤུགས་ཀྱི་ཚེར་མ་ལ་སོགས་པ་དེ་རྣམས་ཆོས་ཅན། རྒྱུ་དང་བཅས་པ་ཡིན་ཏེ། དོན་གཞན་སྔ་མ་གང་ཕན་འདོགས་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་དེ་ནི་ཁྱོད་ལ་ཡང་ཡོད་པའི་ཕྱིར། ཁྱབ་པ་ཡོད་དེ། དོན་གཞན་སྔ་མ་གང་ཕན་འདོགས་བྱེད་དུ་ཡོད་ན་ཕྱི་མ་གང་སྐྱེ་ཞིང་སྔ་མ་གར་འགྱུར་རྗེས་སུ་ཕྱི་མ་རྣམ་པར་འགྱུར་བའི་སྔ་མ་དེ་ནི་ཕྱི་མ་དེའི་རྒྱུར་མཁས་པ་རྣམས་ཀྱིས་རབ་ཏུ་བརྗོད་པའི་ཕྱིར་རོ། །དེ་ལྟར་ན་འབྱུང་བའི་རེག་པ་ཡང་མིག་ཤེས་ཀྱི་རྒྱུར་འགྱུར་རོ་ཞེ་ན། འབྱུང་བའི་རེག་པ་ཆོས་ཅན། གཟུགས་མཐོང་བའི་མིག་ཤེས་ཀྱི་རྒྱུ་མཚན་ཡིན་ཏེ། གཟུགས་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར། དེ་ལྟར་རྒྱུ་མེད་དུ་སྨྲ་བ་བཀག་ནས་རིགས་མི་མཐུན་པ་རྒྱུར་སྨྲ་བ་འགོག་པ་དེ། སྡུག་བསྔལ་ཆོས་ཅན། དབང་ཕྱུག་ལ་སོགས་པའི་རྟག་པའི་རྒྱུ་ལས་ཀྱང་ཁྱོད་འབྱུང་བ་སྲིད་པ་མ་ཡིན་ཏེ། དབང་ཕྱུག་ལ་སོགས་པའི་རྟག་པ་རྣམས་རྒྱུ་ཡིན་པ་ཚད་མས་བཀག་པའི་ཕྱིར་དང་། དེ་དག་ལས་འབྲས་བུ་སྐྱེ་བའི་ནུས་པ་མེད་པའི་ཕྱིར་རོ། །རྗེས་སུ་མཐུན་པའི་རྒྱུ་སྟོན་པ་དེ། དེ་ཆོས་ཅན། མི་རྟག་པའི་རྒྱུ་དང་བཅས་པ་ཡིན་ཏེ། རྒྱུ་ཡོད་ཅིང་རྟག་པ་རྒྱུར་མི་རུང་བ་དེའི་ཕྱིར། མི་རྟག་པའི་རྒྱུ་དེ་ཡང་གང་ཞེ་ན། མདོ་ལས། སྡུག་བསྔལ་ཀུན་འབྱུང་འཕགས་པའི་བདེན་པ་གང་ཞེ་ན། སྲིད་པ་ཡང་འབྱུང་བ་ཅན་དགའ་བའི་འདོད་ཆགས་དང་བཅས་པ་དེ་དང་དེ་ལ་མངོན་པར་དགའ་བའི་ངང་ཚུལ་ཅན་ཏེ། འདོད་པའི་སྲེད་པ་དང་སྲིད་པའི་སྲེད་པ་དང་འཇིག་པའི་སྲེད་པའོ་ཞེས་གསུངས་པའི་སྲེད་པ་གསུམ་པོ་ཉིད་ཡིན་ནོ། །

དེ་ཡང་རྒྱུ་མཚན་འདི་ལྟར། མི་ལ་སོགས་པའི་ཐ་མལ་པའི་སྐྱེ་བོ་རྣམས་ཆོས་ཅན། སྐྱེ་བ་ལེན་པའི་སྔོན་དུ་མངལ་སོགས་སྲིད་པ་མངོན་པར་འདོད་པའི་སྲིད་སྲེད་རྒྱུར་ཡོད་པ་ཡིན་ཏེ། གང་གི་ཕྱིར་ན་དབང་ཕྱུག་སོགས་ཀྱིས་དབང་མེད་དུ་བཀྲི་བ་མ་ཡིན་པར་རང་དགར་སྐྱེ་གནས་དང་གནས་སྐབས་ཉེར་མཁོ་ལ་སོགས་པའི་ཡུལ་གྱི་ཁྱད་པར་ཡོངས་སུ་འཛིན་ཅིང་ལེན་པ་དེ་དག་ཐོབ་འདོད་བསམ་པས་བྱས་པའི་ཕྱིར་ཏེ། དེ་དག་ཐོབ་འདོད་ཀྱི་བསམ་པ་མེད་ན་རང་དགར་དེ་དག་ལེན་པ་མི་རིགས་པ་དེའི་ཕྱིར། ཁྱབ་པ་ཡོད་དེ། སྐྱེ་གནས་སོགས་ཡུལ་གྱི་ཁྱད་པར་ཡོངས་སུ་འཛིན་པ་དེ་ནི་སྲིད་པ་མངོན་པར་འདོད་པའི་སྲིད་སྲེད་ཡིན་པའི་ཕྱིར། ཡང་ཐ་མལ་པའི་སྲོག་ཆགས་རྣམས་ཆོས་ཅན། སྐྱེ་བ་ལེན་པའི་སྔོན་དུ་འདོད་སྲེད་དང་འཇིག་སྲེད་རྒྱུར་ཡོད་པ་ཡིན་ཏེ། གང་གི་ཕྱིར་ན་བདེ་བ་ཐོབ་འདོད་དང་སྡུག་བསྔལ་འདོར་བར་འདོད་པའི་བློ་མངལ་སོགས་སུ་འཇུག་པ་དེའི་ཕྱིར། ཁྱབ་པ་ཡོད་དེ། དེ་དག་ནི་གོ་རིམ་བཞིན་དུ་འདོད་སྲེད་དང་འཇིག་སྲེད་ཡིན་པར་འདོད་པའི་ཕྱིར། རྟགས་གྲུབ་སྟེ། དེ་ཆོས་ཅན། བདེ་བ་ཐོབ་འདོད་དང་སྡུག་བསྔལ་དོར་འདོད་ཀྱི་བློས་མངལ་སོགས་ཡུལ་ཀུན་ལ་རབ་ཏུ་འཇུག་པར་འགྱུར་བ་ཡིན་ཏེ། ཕུང་པོ་ལ་བདག་ཏུ་མངོན་པར་ཆགས་པའི་རྒྱུ་ཉིད་ལས་གཙང་བདེ་སོགས་མ་ཡིན་པ་དངོས་པོ་དམན་པ་མངལ་སོགས་ལ་གཙང་བདེ་སོགས་སུ་འདུ་ཤེས་པ་ཅན་ཡིན་པའི་ཕྱིར། དེས་ན་སྲེད་པ་ཆོས་ཅན། སྲིད་པའི་རྟེན་ཡིན་ཏེ། འཁོར་བར་སྐྱེ་བའི་རྒྱུ་ཡིན་པ་དེའི་ཕྱིར་ཞེས་མཇུག་བསྡུས་པའོ། །དེ་ཉིད་སློབ་དཔོན་སྔ་མའི་ལུང་དང་སྦྱོར་བ་དེ། ཁམས་གསུམ་ལ་འདོད་ཆགས་དང་བྲལ་བ་རྣམས་འཁོར་བར་སྐྱེ་བ་མ་མཐོང་བའི་ཕྱིར་འདོད་ཆགས་ཉིད་འཁོར་བར་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་ནི་སྔོན་གྱི་སློབ་དཔོན་དབྱིག་གཉེན་ལ་སོགས་པ་རྣམས་ཀྱིས་གསུངས་ཏེ། ཇི་སྐད་དུ། སྲེད་དང་བྲལ་ལ་ཡང་སྲིད་མེད། །ཅེས་སོ། །གལ་ཏེ་དེ་ལྟ་ན་སྲོག་ཆགས་རྣམས་ཆོས་ཅན། ལུས་ལས་ཀྱང་ནི་འདོད་ཆགས་འབྱུང་བར་ཐལ། ལུས་མེད་པ་ལ་འདོད་ཆགས་སྐྱེ་བར་མ་མཐོང་བའི་ཕྱིར་ཞེ་ན། ལུས་ཆོས་ཅན། འདོད་ཆགས་ཀྱི་རྒྱུ་ཙམ་དུ་འདོད་དེ། དེ་ལྷན་ཅིག་བྱེད་པའི་རྒྱུ་མཚན་དུ་ཁས་བླངས་པའི་ཕྱིར། ལུས་དེ་འདོད་ཆགས་ལ་རྣམ་པ་ཀུན་ཏུ་ཕན་འདོག་པའི་ཉེར་ལེན་ཉིད་ཡིན་པ་ནི་སྔར་བསལ་བ་ཡིན་པས་ཁོ་བོ་ཅག་ལ་ཁས་བླངས་འགལ་བའི་ཉེས་པ་མེད་དོ། །ཆགས་བྲལ་སྐྱེ་བ་མ་མཐོང་ཕྱིར། །ཞེས་པའི་རིགས་པ་འདིའི་རྗེས་སུ་འབྲངས་ནས་ལུས་མེད་ཆགས་པ་མ་མཐོང་ཕྱིར་ཞེས་ལུས་ཀྱང་ཆགས་པའི་རྒྱུར་འདོད་ན་ནི་རྒྱང་འཕེན་པ་རང་ཉིད་ཀྱིས་ཆོས་ཅན། རང་གི་འདོད་པ་འཇིག་རྟེན་གཞན་མེད་པ་ལ་གནོད་པ་སྨྲ་བར་ཐལ། སེམས་ཅན་གྱི་རྒྱུན་ཐོག་མ་མེད་པའི་རིགས་པ་ལུས་སེམས་ཕན་ཚུན་རྒྱུ་ཉིད་དུ་སྨྲས་པའི་ཕྱིར། གལ་ཏེ་འདོད་ཆགས་ཆོས་ཅན། ལུས་ཀྱི་རྒྱུ་ཡིན་ཏེ། ལུས་སྐྱེ་བ་དང་ལྷན་ཅིག་ཁོ་ནས་གཉིས་འབྱུང་བའི་ཕྱིར་ཏེ། ལུས་སྐྱེས་པ་ཁོ་ན་ལ་ཆགས་པ་མཐོང་གི་དེའི་སྔར་མ་མཐོང་བའི་ཕྱིར་ཞེ་ན། སྐྱེས་མ་ཐག་གི་འདོད་ཆགས་ཆོས་ཅན། རང་གི་སྐལ་མཉམ་གྱི་རྒྱུ་ལས་སྐྱེ་བར་ཐལ། རྒྱུ་ལས་སྐྱེ་ཞིང་རིགས་མི་མཐུན་པར་རྒྱུར་མི་རུང་བའི་ཕྱིར། འདོད་ན། དེའི་སྔར་འདོད་ཆགས་གྲུབ་པ་ཡིན་པས་སྐྱེ་བ་སྔ་མ་གྲུབ་པར་འགྱུར་རོ། །

གལ་ཏེ་དེ་ལས་སྲིད་པ་གསུམ་ཀ་སྐྱེ་བའི་མཚན་ཉིད་ཀྱི་སྡུག་བསྔལ་གྱི་རྒྱུ་ཡིན་ན་ཅིའི་ཕྱིར་སྲིད་པ་ཉིད་དེའི་རྒྱུར་བཤད་ཅེ་ན། ལས་འབྲས་དང་བདེན་བཞིའི་དེ་ཁོ་ན་ཉིད་མི་ཤེས་པའི་མ་རིག་པ་ཆོས་ཅན། སྲིད་པ་སྡུག་བསྔལ་གྱི་རྒྱུད་པའི་རྒྱུ་ཡིན་ཡང་དེའི་རྒྱུར་མ་བརྗོད་པའི་རྒྱུ་མཚན་ཡོད་དེ། མ་འོངས་པའི་སྐྱེ་བུར་ཕུང་པོའི་རྒྱུན་དངོས་སུ་སྐུལ་བྱེད་མ་ཡིན་པའི་ཕྱིར། སྲེད་པ་ཉིད་ཆོས་ཅན། ཁྱོད་དེའི་རྒྱུར་བཤད་པའི་རྒྱུ་མཚན་ཡོད་དེ། ཕུང་པོའི་རྒྱུན་མ་འོངས་པའི་སྐྱེ་བར་དངོས་སུ་བསྐུལ་ཞིང་འཕེན་པར་བྱེད་པའི་ཕྱིར་དང་། རྒྱུ་གཞན་གྱིས་བར་མ་ཆོད་པར་དེ་མ་ཐག་ཏུ་སྐྱེ་བ་མངོན་པར་འགྲུབ་བྱེད་ཡིན་པའི་ཕྱིར། ལས་ཀྱང་ཆོས་ཅན། སྲེད་པ་མེད་ན་འཁོར་བར་སྐྱེ་བའི་རྒྱུ་མ་ཡིན་ཏེ། སྲེད་པ་དེ་ཡོད་ན་ཁྱོད་སྐྱེ་བ་སྐྱེད་བྱེད་དུ་ཡོད་ཅིང་དེ་དང་བྲལ་ན་ཁྱོད་ཡོད་ཀྱང་འཁོར་བར་སྐྱེ་བ་མེད་པའི་ཕྱིར་རོ། །དཔེར་ན་དགྲ་བཅོམ་པའི་ལས་བཞིན། དེ་ལྟར་སྤང་བྱ་ཀུན་འབྱུང་བའི་བདེན་པ་བཤད་ནས་ད་མངོན་དུ་བྱ་བ་འགོག་པའི་བདེན་པ་འཆད་པ་དེ། སྡུག་བསྔལ་གྱི་བདེན་པ་དེ་ནི་ཆོས་ཅན། རྒྱུན་འགག་དུ་མི་རུང་བའི་གཏན་དུ་བ་མ་ཡིན་ཏེ། རྒྱུ་དང་བཅས་པ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། རྒྱུ་ལ་འགལ་རྐྱེན་གྱི་གེགས་དང་རྒྱུ་མ་ཚང་བ་སོགས་སྲིད་པའི་ཕྱིར་རོ། །གལ་ཏེ་བདག་གི་མཚན་ཉིད་ཅན་གྱི་སྐྱེས་བུ་ཆོས་ཅན། འཁོར་བ་ལས་ཐར་པ་མེད་པར་ཐལ། འཁོར་བའི་ཆོས་ཅན་ཡིན་པའི་ཕྱིར་དཔེར་ན་མེ་དྲོ་བའི་ཆོས་ཅན་ཡིན་པས་དྲོ་བ་ལས་མི་ཐར་བ་བཞིན་ནོ་ཞེ་ན། དེ་འདྲའི་ཐལ་འགྱུར་ཆོས་ཅན། སངས་རྒྱས་པ་ལ་གནོད་བྱེད་ཀྱི་ཐལ་འགྱུར་མ་ཡིན་པར་ཐལ། ཁྱོད་ལ་སངས་རྒྱས་པས་འདོད་དང་རྟགས་མ་གྲུབ་ཀྱི་ལན་ཐེབས་པའི་ཕྱིར། འཁོར་བ་པོ་དང་གྲོལ་བ་པོའི་བདག་ཅུང་ཟད་ཀྱང་མེད་པའི་ཕྱིར། གལ་ཏེ་བཅིངས་གྲོལ་གྱི་གཞིར་གྱུར་པའི་བདག་མེད་ན། སྐྱེས་བུ་རྣམས་ཆོས་ཅན། བདག་ཉིད་འཁོར་བ་ལས་གྲོལ་ཞིང་ཐར་པའི་བདེ་བ་ཐོབ་པའི་ཆེད་དུ་ལམ་ལ་འབད་པ་མེད་པར་ཐལ། བདག་ཅུང་ཟད་མ་མཐོང་བའི་ཕྱིར་ཞེ་ན། གྲོལ་བ་པོའི་སྐྱེས་བུ་རྣམས་ཀྱི་དབང་དུ་བྱས་ནས་དེ་སྐད་ཟེར་ན། འདོད་པ་ཡིན་ལ། བྱིས་པ་རྣམས་ཀྱི་དབང་དུ་བྱས་ན་རྟགས་མ་གྲུབ་པ་ཡིན་ཏེ། འདི་ལྟར། བདག་ཆགས་ཅན་གྱི་སྐྱེས་བུ་དེ་ནི་ཆོས་ཅན། ཇི་སྲིད་ཕུང་པོ་ལ་བདག་ཏུ་ཆགས་པ་མ་བཅོམ་པ་དེ་སྲིད་དུ་སེམས་རྒྱུད་ཐར་པའི་བདེ་བའི་རང་བཞིན་དུ་གནས་པ་མེད་དེ། དེ་སྲིད་དུ་ཕུང་པོ་ལ་སྡུག་བསྔལ་བ་པོའི་བདག་ཏུ་སྒྲོ་བཏགས་ནས་སྡུག་བསྔལ་གྱིས་ཡོངས་སུ་གདུང་བར་འགྱུར་བའི་ཕྱིར། དེས་ན་དེ་ཆོས་ཅན། སྡུག་བསྔལ་མྱོང་བ་པོ་དང་དེ་ལས་གྲོལ་བ་པོའི་བདག་དོན་ལ་མེད་ན་ཡང་རང་སྡུག་བསྔལ་ལས་གྲོལ་བར་བྱ་བའི་ཕྱིར་དུ་ལམ་ལ་བརྩོན་དགོས་ཏེ། ཕུང་པོ་ལ་སྡུག་བསྔལ་བ་པོའི་བདག་ཏུ་ལོག་པར་སྒྲོ་བཏགས་པ་གཞོམ་དགོས་པའི་ཕྱིར། གལ་ཏེ་གྲོལ་བ་པོའི་བདག་མེད་ན་ཆགས་བྲལ་དེ་མ་ཐག་ཏུ་མྱ་ངན་ལས་འདའ་བར་རིགས་ཀྱི་འཁོར་བར་ཅུང་ཟད་ཀྱང་གནས་པ་མི་རིགས་སོ་ཞེ་ན། ཁམས་གསུམ་ལ་འདོད་ཆགས་དང་བྲལ་བ་འགའ་ཞིག་འཁོར་བར་ཅུང་ཟད་གནས་པ་དེ་ནི་ཆོས་ཅན། རང་ཉིད་ཐར་པའི་བདེ་བའི་རོ་མྱོང་བའམ་སེམས་ཅན་གཞན་ལ་རྗེས་སུ་ཆགས་པའི་སྒོ་ནས་གནས་པ་ཡིན་ཏེ། སེམས་ཅན་གཞན་ལ་ཕན་གདགས་པའི་ཕྱིར་དུ་ཆོས་ལ་དམིགས་པའི་བརྩེ་བའི་དབང་ཡིན་པའམ་ཡང་ན་སྔོན་གྱི་ལས་ཀྱིས་རང་གི་ཕུང་པོའི་རྒྱུན་འཕངས་པ་རང་གི་ངང་གིས་འཇུག་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར་ཏེ། སྔོན་གྱི་ལས་ཀྱིས་འཕངས་པའི་ཕུང་པོའི་རྒྱུན་རང་གི་ངང་གིས་འཇུག་པ་ལྡོག་པར་འདོད་པ་མེད་པའི་ཕྱིར་རོ། །གལ་ཏེ་ཆགས་བྲལ་ལས་ཀྱིས་གནས་ན་དེའི་ལས་ཀྱིས་སྲིད་པ་གཞན་དུ་ཡང་ཉིང་མཚམས་སྦྱོར་བར་འགྱུར་རོ་ཞེ་ན། སྲིད་པའི་སྲེད་པ་ལས་རྣམ་པར་རྒལ་བའི་དགྲ་བཅོམ་པ་ལ་སོགས་པའི་ལས་ཆོས་ཅན། སྐྱེ་བ་གཞན་འཕེན་པར་བྱེད་པའི་ནུས་པ་ཡོད་པ་མ་ཡིན་ཏེ། དེའི་ལྷན་ཅིག་བྱེད་རྐྱེན་སྲེད་པ་ཟད་པའི་ཕྱིར་རོ། །གལ་ཏེ་ཆགས་བྲལ་བརྩེ་བས་གནས་ན་དེས་སེམས་ཅན་དུ་ལྟ་བ་མ་སྤངས་པར་ཐལ། དེ་སྔོན་དུ་འགྲོ་བ་ཅན་གྱི་བརྩེ་བ་ཡོད་པའི་ཕྱིར་ཞེ་ན། ཆགས་བྲལ་གྱི་རྒྱུད་ལ་སྐྱེ་བའི་བརྩེ་བ་དེ་ཆོས་ཅན། སེམས་ཅན་དུ་ལྟ་བ་རྒྱུར་རྗེས་སུ་འབྲེལ་བ་ཅན་མ་ཡིན་ཏེ། སྡུག་བསྔལ་གྱི་བདེན་པ་མི་རྟག་པ་ལ་སོགས་པ་མངོན་སུམ་དུ་ཤེས་ལ་རང་གི་འགལ་ཟླ་ཞེ་སྡང་མེད་པ་རྒྱུད་ལ་གོམས་པའི་འདུ་བྱེད་སྔ་མ་ཙམ་ལས་སེམས་ཀྱི་དངོས་པོའི་ཆོས་སུ་འཇུག་པ་སྟེ་སྐྱེ་བ་ཅན་ཡིན་པའི་ཕྱིར། གལ་ཏེ་ཆགས་བྲལ་གྱི་བརྩེ་བ་དེ་བདག་ལྟའི་ངོ་བོ་མ་ཡིན་གྱི་འདོད་ཆགས་ཡིན་ནོ་ཞེ་ན། ཆགས་བྲལ་གྱི་རྒྱུད་ཀྱི་བརྩེ་བ་ཆོས་ཅན། འདོད་ཆགས་མ་ཡིན་ཏེ། གཙང་བདེ་སོགས་སུ་སྒྲོ་འདོགས་པ་ལ་ལྟོས་པ་མེད་པར་འདུ་བྱེད་སྡུག་བསྔལ་གྱི་ཕུང་པོའི་རྒྱུན་མངོན་སུམ་དུ་རིག་པ་ཙམ་ལས་སྐྱེ་བར་འགྱུར་བ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། འདོད་ཆགས་ཡིན་ན་གཙང་བདེ་སོགས་དེའི་བདག་ཉིད་མིན་པའི་ཆོས་ཕུང་པོ་ལ་རང་གི་བདག་ཉིད་ལས་གཞན་གཙང་བདེ་སོགས་སུ་སྒྲོ་འདོགས་པ་ལས་སྐྱེ་དགོས་པའི་ཕྱིར། གལ་ཏེ་དེའི་བརྩེ་བ་དེ་ཆགས་པ་མ་ཡིན་གྱི་ཞེ་སྡང་ཡིན་ནོ་ཞེ་ན། ཡང་ཉོན་མོངས་པ་ཅན་གྱི་གཏི་མུག་ཉེས་པ་ཆགས་སོགས་ཀུན་གྱི་རྩ་བ་ཡིན་ལ་དེ་ཡང་ཕུང་པོ་ལ་སེམས་ཅན་དུ་འཛིན་པའི་འཇིག་ཚོགས་ལ་ལྟ་བ་ཡིན་ཞིང་དེས་ན་ཆགས་བྲལ་རྣམས་ཆོས་ཅན། ཉེས་པའི་རྒྱུ་ལ་གནོད་ཡུལ་ལ་ཁོང་ཁྲོ་སྐྱེ་བ་མ་ཡིན་ཏེ། ཉེས་པའི་རྒྱུ་གཏི་མུག་དེ་མེད་པའི་ཕྱིར། རྒྱུ་མཚན་དེས་ན་ཆགས་བྲལ་གྱི་བརྩེ་བ་དེ་ལ་ཉེས་པ་ཞེ་སྡང་སོགས་མེད་པར་འདོད་དོ། །

གལ་ཏེ་ཆགས་བྲལ་གནས་ན་ལས་ཀྱི་གཞན་དབང་ཅན་ཡིན་པ་ཐལ་འཁོར་བ་ལས་མ་གྲོལ་བའི་ཕྱིར་རོ་ཞེ་ན། དགྲ་བཅོམ་པ་རྣམས་ཆོས་ཅན། ལས་ཀྱིས་གནས་པ་ཡིན་ཡང་འཁོར་བ་ལས་གྲོལ་བ་མེད་པ་མ་ཡིན་ཏེ། སྔོན་གྱི་འདུ་བྱེད་ལས་ཀྱི་འཕེན་པ་ཟད་ནས་སྲིད་པ་གཞན་དུ་ཉིང་མཚམས་མི་སྦྱོར་བའི་ཕྱིར། དབང་ཐོབ་པའི་བྱང་སེམས་གང་ཡིན་པ་དེ་ཆོས་ཅན། ཟག་པ་མེད་པའི་འདུ་བྱེད་དེ་དགེ་བའི་རྩ་བའི་ནུས་པ་མ་ཟད་པས་དེའི་དབང་གིས་འཁོར་བར་གནས་ན་ཡང་འཁོར་བའི་ཉེས་པས་གོས་པ་མེད་པ་ཉིད་ཡིན་ཏེ། ཀུན་ནས་ཉོན་མོངས་པ་མ་ལུས་པ་སྤངས་པའི་ཕྱིར། གལ་ཏེ་ཆགས་བྲལ་སྙིང་རྗེས་གནས་ན་ཅིའི་ཕྱིར་ཕྱིས་ཀྱང་སྙིང་རྗེའི་དབང་གིས་འཁོར་བར་མི་གནས་ཞེ་ན། ཉན་རང་དགྲ་བཅོམ་པ་ཆོས་ཅན། སེམས་ཅན་གྱི་དོན་དུ་འཁོར་བར་ཡུན་རིང་དུ་གནས་པའི་འབད་རྩོལ་ཆེན་པོ་མེད་དེ། སེམས་ཅན་མདུན་དུ་བྱས་པའི་སྙིང་རྗེས་གོམས་པ་དམན་པ་ཉིད་ཀྱི་ཕྱིར། དབང་ཐོབ་པའི་བྱང་སེམས་དང་སངས་རྒྱས་གང་དག་ཆོས་ཅན། སེམས་ཅན་གཞན་གྱི་ངོར་ནི་དོན་དུ་འཁོར་བ་ཇི་སྲིད་པར་བཞུགས་པ་ཡིན་ཏེ། མཐའ་དག་སྡུག་བསྔལ་ལས་བསྒྲལ་བར་འདོད་པའི་རྣམ་པ་ཅན་གྱི་བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་བའི་དམིགས་པ་མེད་པའི་བརྩེ་བ་ཆེན་པོ་མངའ་བ་ཡིན་པའི་ཕྱིར། གལ་ཏེ་གཏི་མུག་ཉེས་པའི་རྩ་བ་སྟེ། །དེ་ཡང་སེམས་ཅན་འཛིན་པ་ཡིན། །ཞེས་པ་མི་རིགས་ཏེ། དེ་ལྟར་ན་རྒྱུན་ཞུགས་ལ་སོགས་པ་ཆོས་ཅན། འཕགས་པའི་ལམ་དང་པོ་མཐོང་ལམ་དུ་ཡང་སྲིད་པ་མེད་པར་ཐལ། དེར་དེའི་རྒྱུ་འཇིག་ཚོགས་ལ་ལྟ་བ་དང་བྲལ་བའི་ཕྱིར་ཏེ། ཀུན་ཏུ་སྦྱོར་བ་གསུམ་སྤངས་པའི་ཕྱིར་རོ་ཞེ་ན། རྒྱུན་ཞུགས་ཆོས་ཅན། འཇིག་ལྟ་མ་ལུས་པ་སྤངས་པ་མ་ཡིན་པར་ཐལ། སྒོམ་སྤང་དུ་གྱུར་པའི་འཇིག་ལྟ་ལྷན་ཅིག་ཏུ་སྐྱེས་པ་མ་སྤངས་པའི་ཕྱིར། ཅིས་ཏེ་དེ་སྤངས་པར་ཁས་ལེན་ནའང་དེའི་ཕྱིར་དེ་ཆོས་ཅན། ཡང་སྲིད་པར་སྐྱེ་བ་ག་ལ་ཡོད་དེ་མེད་པར་ཐལ་ལོ། །ལྷན་ཅིག་སྐྱེས་པ་མ་སྤངས་ཕྱིར། །ཞེས་པའི་གཞུང་འཛུགས་པ་དེ། རྒྱུན་ཞུགས་ཆོས་ཅན། བདག་ལྟ་ལྷན་སྐྱེས་མ་སྤངས་པ་ཡིན་ཏེ། བདག་བདེ་བར་གྱུར་ཅིག་ཅེས་དང་སྡུག་བསྔལ་བར་མ་གྱུར་ཅིག་ཅེས་མངོན་པར་འདོད་པ་ཅན་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། དེ་ལྟ་བུའི་གནས་སྐབས་ན་ངའི་སྙམ་པའི་བློ་གང་ཡིན་པ་དེ་སེམས་ཅན་ལ་ལྟ་བའི་ལྷན་ཅིག་སྐྱེས་ཡིན་པའི་ཕྱིར། སྤངས་ནའང་སྲིད་པ་ག་ལ་ཡོད། །ཅེས་པའི་གཞུང་འཛུགས་པ་དེ། རྒྱུན་ཞུགས་འགའ་ཡང་ཆོས་ཅན། བདག་ལ་ཆགས་པ་མ་ཡིན་པར་ཐལ། ངའོ་ཞེས་མཐོང་བའི་བདག་ལྟ་མེད་པའི་ཕྱིར། འདོད་ན། དེ་ཆོས་ཅན་བདག་བདེ་བར་འདོད་པས་ཡང་སྲིད་པར་མངོན་པར་རྒྱུག་པ་མིན་པར་ཐལ། བདག་ལ་སྲེད་པ་མེད་པའི་ཕྱིར། གལ་ཏེ་བཅིངས་གྲོལ་གྱི་གཞིར་གྱུར་པའི་བདག་འགའ་ཞིག་ཡོད་དེ། བཅིངས་པ་ལས་གྲོལ་བར་ཡོད་པའི་ཕྱིར། དཔེར་ན་ལྷ་སྦྱིན་ལྕགས་སྒྲོག་ལས་གྲོལ་བ་བཞིན་ནོ་ཞེ་ན། འཁོར་བའི་སྡུག་བསྔལ་བསྐྱེད་པར་བྱེད་པའི་རྒྱུ་ཉིད་ནི་འཁོར་བར་འཆིང་བྱེད་ཡིན་ན། བདག་དེ་ཆོས་ཅན། འཁོར་བའི་སྡུག་བསྔལ་བསྐྱེད་པར་བྱེད་པའི་འཆིང་བ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། རྟག་པའི་ཕྱིར། འཁོར་བའི་སྡུག་བསྔལ་མི་བསྐྱེད་པར་བྱེད་པའི་རྒྱུ་ཉིད་ནི་ཐར་པ་ཡིན་ན། བདག་དེ་ཆོས་ཅན། འཁོར་བའི་སྡུག་བསྔལ་མི་བསྐྱེད་པའི་མཚན་ཉིད་ཅན་གྱི་ཐར་པ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། གནས་མ་བུ་པའི་སྡེ་པ་དག་ན་རེ། རྟག་མི་རྟག་གང་དུ་ཡང་བརྗོད་དུ་མེད་པའི་བདག་ཉིད་འཆིང་གྲོལ་གྱི་གཞིར་ཡོད་དོ་ཞེ་ན། གང་ཟག་དེ་ནི་ཆོས་ཅན། འབྲས་བུ་འགའ་ཡིའང་རྒྱུ་མ་ཡིན་པར་ཐལ། མི་རྟག་པ་སྟེ་སྐད་ཅིག་མ་ཉིད་དུ་བརྗོད་དུ་མེད་པའི་ཕྱིར། འདོད་ན་དེ་ཆོས་ཅན། བཅིངས་པ་དང་ཐར་པ་ཇི་ལྟ་བུར་ཡང་ཡོད་པ་མ་ཡིན་པར་ཐལ། སྐད་ཅིག་མར་བརྗོད་བྱ་མ་ཡིན་པས་འབྲས་བུ་འགའ་ཡིའང་རྒྱུ་མ་ཡིན་པའི་ཕྱིར། གཞན་ཡང་དེ་ལྟ་བུའི་བདག་དེ་རེས་འགའ་བ་ཡིན་ནམ་གཏན་དུ་བ་ཡིན། དང་པོ་ལྟར་ན་མི་རྟག་པ་ཡིན་ལ། གཉིས་པ་ལྟར་ན་དེ་ལ་ཆོས་ཅན། མཁས་པ་རྣམས་ཀྱིས་རྟག་ཅེས་བརྗོད་པར་རིགས་པར་ཐལ། གང་གི་རང་བཞིན་འཇིག་པ་མེད་པར་གནས་པའི་ཕྱིར། འཇིག་མེད་ཡིན་པ་དེས་ན་མཁས་པ་རྣམས་ལ་ངོ་ཚ་བར་བྱེད་པའི་རྟག་མི་རྟག་གང་དུ་ཡང་བརྗོད་དུ་མེད་ཅེས་པའི་ལྟ་བ་འདི་སྦོངས་ལ་བདག་དེ་ནི་རྟག་ཅེས་དྲང་པོར་སྨྲོས་ཤིག །དེ་ལྟར་མངོན་དུ་བྱ་བ་འགོག་པའི་བདེན་པ་བཤད་ནས་ད་འགོག་བདེན་ཐོབ་པར་བྱེད་པའི་ཐབས་ལམ་བདེན་འཆད་པ་དེ། དེའི་གནོད་བྱེད་ནི། བདག་མེད་མཐོང་བ་འགག་བ་ཡིན། །ཞེས་སོགས་བཤད་ཟིན་པའི་བདག་མེད་མཐོང་བའི་ལམ་དེ་ཆོས་ཅན། སྡུག་བསྔལ་གཏན་དུ་འགག་པའི་འགོག་བདེན་ཐོབ་པར་བྱེད་པའི་ཐབས་དམ་པ་ཡིན་ཏེ། ཁྱོད་གོམས་པར་བྱས་པ་ལས་སྒོམ་པ་ཡོངས་སུ་རྫོགས་པ་ན་ཉེས་པ་དང་བཅས་པའི་སེམས་རྒྱུད་ཉེས་མེད་གཉེན་པོའི་ངང་དུ་གནས་གྱུར་པ་ཐོབ་པར་འགྱུར་བའི་ཕྱིར། གལ་ཏེ་རེ་ཞིག་སེམས་རྒྱུད་གཉེན་པོའི་ངང་དུ་གནས་གྱུར་ཀྱང་ཉེས་པ་དང་བཅས་པའི་སེམས་རྒྱུད་ལ་ལམ་ཉེས་མེད་འབྱུང་བ་བཞིན་དུ་སྐྱོན་ཆགས་སོགས་ནི་སླར་ཡང་འབྱུང་བས་གཏན་དུ་གྲོལ་བ་མེད་དོ་ཞེ་ན། གནས་གྱུར་མཐར་ཕྱིན་པའི་སེམས་རྒྱུད་ཆོས་ཅན། ཆགས་སོགས་སླར་འབྱུང་བ་མ་ཡིན་ཏེ། དེ་འབྱུང་བའི་ནུས་པ་མེད་པའི་ཕྱིར་རོ། །དེའི་གཞུང་འཛུགས་པ་དེ། རྣམ་ཤེས་ཆོས་ཅན། ཡུལ་ཇི་ལྟར་ཡོད་པ་ལྟར་དུ་འཛིན་པ་འདི་ཁྱོད་ཀྱི་རང་བཞིན་ཡིན་ཏེ། རང་གི་ཡུལ་འཛིན་པའི་ཆོས་ཏེ་རང་བཞིན་ཡིན་པའི་ཕྱིར། ཡུལ་གཟུགས་སོགས་ཀྱང་ཆོས་ཅན། ཡུལ་ཇི་ལྟར་ཡོད་པ་ཡི་ནི་བདག་ཉིད་ལྟར་རང་གི་ཡུལ་ཅན་གྱི་ཤེས་པ་བསྐྱེད་པ་དེ་ཁྱོད་ཀྱི་རང་བཞིན་ཡིན་ཏེ། རང་གི་ཡུལ་ཅན་ནི་འདི་ཡིས་སྐྱེད་པར་བྱེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར། དེ་ལྟར་ཡིན་ཡང་ཡུལ་ཅན་གྱི་ཤེས་པ་དེ་ཆོས་ཅན། ཡུལ་ཅི་ལྟར་ཡོད་པ་ལྟར་རྟོགས་པ་དེ་ཁྱོད་ཀྱིས་རང་བཞིན་ཡིན་ཡང་ཡུལ་ཇི་ལྟ་བ་བཞིན་མི་རྟོགས་པའི་རྒྱུ་མཚན་ཡོད་དེ། ཡུལ་གྱི་གནས་ལུགས་འདི་ལ་འཁྲུལ་པའི་རྐྱེན་གཞན་རྟག་བདེ་སོགས་སུ་གོལ་བར་འགྱུར་སྲིད་པའི་ཕྱིར། འཁྲུལ་པའི་རྐྱེན་གྱིས་ཕུང་པོ་རྟག་བདེ་སོགས་སུ་སྒྲོ་འདོགས་པ་ཆོས་ཅན། ཁྱོད་འབད་མེད་དུ་མི་ལྡོག་སྟེ། ཁྱོད་ལྡོག་པ་གནོད་པ་ཅན་གྱི་ཚད་མ་གོམས་པའི་རྐྱེན་ལ་ལྟོས་པའི་ཕྱིར། ཡང་དེ་ཆོས་ཅན། མི་བརྟན་པ་སྟེ་གནོད་བྱེད་ཀྱིས་ལྡོག་ཏུ་རུང་སྟེ། གནོད་བྱེད་དང་བཅས་ཤིང་འཁྲུལ་པའི་རྐྱེན་གྱིས་ཡུལ་གྱི་གནས་ལུགས་ལས་གོལ་བའི་ཕྱིར། དཔེར་ན་ཐག་ཁྲ་ལ་སྦྲུལ་དུ་འཛིན་པའི་བློ་བཞིན་ནོ། །

དེས་ན་ཕུང་པོ་གཙང་བདེ་སོགས་སུ་སྒྲོ་བཏགས་པའི་མུན་པ་མེད་པའི་འོད་གསལ་བ་སྟེ་ཕུང་པོ་མི་རྟག་སྟོང་པ་བདག་མེད་སོགས་སུ་རྟོགས་པའི་ཡེ་ཤེས་ཆོས་ཅན། སེམས་རྒྱུད་ལ་གནོད་པ་ཅན་གྱི་རྐྱེན་གྱིས་ལྡོག་ཏུ་མི་རུང་བ་ཡིན་ཏེ། སེམས་ཀྱི་རང་བཞིན་ནམ་གནས་ལུགས་ཡིན་པའི་ཕྱིར། ཆགས་སོགས་དྲི་མ་རྣམས་ནི་ཆོས་ཅན། སེམས་ཀྱི་རང་བཞིན་མ་ཡིན་ཏེ། འཁྲུལ་པའི་རྐྱེན་གྱིས་སེམས་རྒྱུད་ལ་གློ་བུར་དུ་བྱུང་བའི་ཕྱིར། དེས་ན་དེ་རྣམས་ཆོས་ཅན། སྔར་ཕུང་པོ་ཐོས་བསམ་གྱི་ཤེས་རབ་ཀྱིས་བདག་མེད་སོགས་སུ་དཔྱོད་པ་ན་ཡང་བདག་མེད་རྟོགས་པའི་ཤེས་རབ་དེ་ལ་གནས་པའི་ནུས་པ་མེད་དེ། ཁྱོད་གློ་བུར་བ་ཡིན་ཞིང་བདག་མེད་རྟོགས་པའི་ཤེས་རབ་ཀྱི་རང་བཞིན་ཡིན་པ་དེའི་ཕྱིར། ཡང་དེ་ཆོས་ཅན། ཕྱིས་གནས་གྱུར་མཐར་ཕྱིན་པའི་དུས་ན་ཡང་དེ་ལ་གནོད་པའི་ནུས་པ་མེད་དེ། དེའི་ཚེ་སེམས་རྒྱུད་བདག་མེད་རྟོགས་པའི་ཤེས་རབ་དེའི་བདག་ཉིད་དམ་ངང་དུ་གྱུར་པའི་ཕྱིར། གལ་ཏེ་འཕགས་པ་འགའ་ཞིག་གི་རྒྱུད་ལ་ཡང་ཆགས་སོགས་རེ་འགའ་སྐྱེ་བ་མ་ཡིན་ནམ་ཞེ་ན། རྒྱུན་ཞུགས་སོགས་ཆོས་ཅན། སེམས་རྒྱུད་ཀྱི་དངོས་པོ་ལ་ཆགས་སོགས་ཅུང་ཟད་བསྐྱེད་པའི་ནུས་པ་ཡོད་ན་ཡང་ཡུན་རིང་དུ་གནས་པའི་ནུས་པ་ཡོད་པ་མ་ཡིན་ཏེ། དེ་ལ་གནོད་པ་ཅན་གྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་བསྐྱེད་པའི་ནུས་པ་སྙིང་པོ་སྟེ་མཆོག་ཏུ་གྱུར་པ་ཅན་ཡིན་པའི་ཕྱིར། དཔེར་ན་ས་རློན་པ་ལ་མེ་ཆེས་མེ་འབར་བ་བཞིན་ནོ། །

གཞན་ཡང་རིགས་པ་འདིས་ཀྱང་འཕགས་པའི་སྤངས་པ་སླར་མི་ལྡོག་པ་ཡིན་ནོ་ཞེས་སྟོན་པ་ནི། འཚེ་བ་མེད་དང་ཞེས་བྱ་བ་ལ་སོགས་པ་སྟེ་བཤད་པ་སྔར་བཞིན་ནོ། །གལ་ཏེ་བདག་མེད་རྟོགས་པའི་ཤེས་རབ་དང་བདག་ལྟ་འཛིན་སྟངས་འགལ་བ་ཙམ་གྱིས་དེས་དེ་དྲུངས་འབྱིན་པར་མི་ནུས་ཏེ། དཔེར་ན་འདོད་ཆགས་དང་ཁོང་ཁྲོ་བཞིན་ནོ་ཞེས་མཚུངས་པ་མ་ཡིན་ཏེ། འདོད་ཆགས་དང་ཁོང་ཁྲོ་ཆོས་ཅན། འཛིན་སྟངས་ཕན་ཚུན་ཐ་དད་པ་སྟེ་འགལ་ན་ཡང་གཅིག་གིས་གཅིག་དྲུངས་འབྱིན་ནུས་པའི་གནོད་བྱེད་མ་ཡིན་ཏེ། བདག་ཏུ་འཛིན་པའི་རྒྱུ་གཅིག་ལས་འབྱུང་བ་ཅན་ཉིད་ཡིན་པའི་ཕྱིར་དང་། རྒྱུ་དང་འབྲས་བུའི་དངོས་པོར་འགྱུར་སྲིད་པའི་ཕྱིར་ཏེ། ཆགས་ཡུལ་ལ་གནོད་པ་བྱས་ན་ཁོང་ཁྲོ་སྐྱེ་བར་འགྱུར་སྲིད་པའི་ཕྱིར་རོ་ཞེ་ན། གལ་ཏེ་འདོད་ཆགས་དང་ཞེ་སྡང་གཏི་མུག་ལ་སོགས་པའི་གཉེན་པོར་རིམ་པ་བཞིན་དུ་མི་སྡུག་པ་དང་བྱམས་པ་དང་རྟེན་ཅིང་འབྲེལ་བར་འབྱུང་བ་སྒོམ་པ་ལ་སོགས་པ་དག་ཀྱང་བཤད་པ་མ་ཡིན་ནམ། ཅིའི་ཕྱིར་བདག་མེད་མཐོང་བ་ཁོ་ན་ཉེས་པའི་གཉེན་པོར་བཤད་ཅེ་ན། དེ་དག་ནི་ཉོན་མོངས་པ་ཅན་མངོན་གྱུར་མགོ་གནོན་པའི་གཉེན་པོ་ཙམ་ཡིན་གྱི་རྩ་བ་དྲུངས་ནས་འབྱིན་ནུས་པ་མ་ཡིན་ཏེ། འདི་ལྟར་སེམས་ཅན་ལ་དམིགས་པའི་བྱམས་པ་དང་མི་སྡུག་པ་སྒོམ་པ་ལ་སོགས་པ་ཆོས་ཅན། ཉེས་པ་ཆགས་སོགས་ཤིན་ཏུ་སྟེ་རྩ་བ་ནས་ཚར་གཅོད་པར་ནུས་པ་མ་ཡིན་ཏེ་ཉོན་མོངས་པ་ཅན་གྱི་རྨོངས་པ་དང་འགལ་བ་མེད་པའི་ཕྱིར། ཁྱབ་པ་ཡོད་དེ། ཉེས་པ་ཆགས་སོགས་ཀུན་ཉོན་མོངས་པ་ཅན་གྱི་མ་རིག་པ་དེའི་རྩ་བ་ཅན་ཡིན་ལ། དེ་ཡང་ཕུང་པོ་ལ་བདག་ཏུ་འཛིན་པའི་འཇིག་ཚོགས་ལ་ལྟ་བ་ཡིན་པའི་ཕྱིར་རོ། །དེ་ལ་ཆོས་མངོན་པ་བ་ཁ་ཅིག་ན་རེ། མ་རིག་པ་ནི་བདག་ཏུ་རྨོངས་པའི་མཚན་ཉིད་ཅན་གྱི་རྟོག་པ་མི་གསལ་བའི་ངོ་བོ་ཅན་ཡིན་ལ་འཇིག་ལྟ་ནི་ཤེས་རབ་ཉོན་མོངས་པ་ཅན་ཡིན་པས་དེ་གཉིས་སེམས་བྱུང་ཐ་དད་ཡིན་གྱི་གཅིག་མ་ཡིན་ནོ་ཞེ་ན། ཉོན་མོངས་པ་ཅན་གྱི་མ་རིག་པ་ཆོས་ཅན། བདག་དང་བདག་གིར་ལྟ་བའི་མཚན་ཉིད་ཅན་གྱི་འཇིག་ལྟ་ལས་དོན་གཞན་དུ་རིགས་པ་མ་ཡིན་ཏེ། བདག་མེད་མངོན་སུམ་དུ་རྟོགས་པའི་རིག་པ་ཡེ་ཤེས་ཀྱི་མི་མཐུན་ཕྱོགས་ཏེ་འགལ་ཟླ་དངོས་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། བདག་མེད་རྟོགས་པའི་རིག་པ་ཡེ་ཤེས་ལས་དམིགས་རྣམ་ཕྱིན་ཅི་ལོག་པར་དམིགས་པ་ཉིད་མ་རིག་པ་ཡིན་པར་མདོ་ལས་གསུངས་པའི་ཕྱིར་ཏེ། ཇི་སྐད་དུ། ཟླ་བ་སྒྲོན་མེའི་མདོ་ལས། དེ་ལ་མི་ཤེས་པ་མེད་པ་གང་ཞེ་ན། གང་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཆོས་རྣམས་ལ་སྒྲོ་འདོགས་པ་མེད་པའོ། །ཞེས་གསུངས་སོ། །གཞན་ཡང་རིགས་པས་ཀྱང་མ་རིག་པ་དེ་བདག་མེད་རྟོགས་པའི་རིག་པ་ཡེ་ཤེས་ཀྱི་མི་མཐུན་ཕྱོགས་ཡིན་པར་གྲུབ་བོ། །འོ་ན་མ་རིག་པ་དེའི་གཞན་པ་མི་མཐུན་ཕྱོགས་ཡིན་ནམ་མེད་པ་མི་མཐུན་ཕྱོགས་ཡིན་ནམ་འགལ་བ་མི་མཐུན་ཕྱོགས་ཡིན་ཞེ་ན། དང་པོ་རིག་པ་ལས་གཞན་ཙམ་མ་རིག་པ་མ་ཡིན་ཏེ། དེ་ལྟ་ན་གཟུགས་ལ་སོགས་པ་ཡང་དེར་ཐལ་བའི་ཕྱིར་རོ། །གཉིས་པ་རིག་པ་མེད་པ་ཙམ་ཡང་མ་རིག་པ་མ་ཡིན་ཏེ། དེ་སེམས་བྱུང་ཡིན་པ་ཉིད་ཀྱིས་དམིགས་རྣམ་འཛིན་པའི་ཕྱིར། དཔེར་ན་པ་ལཀྵ་དང་ལྡན་པའི་ནགས། ལག་པ་དང་ལྡན་པའི་ལུས་ཅེས་པ་བཞིན་ནོ། །གཞན་ཡང་ས་བཅུ་པའི་མདོ་ལས་ཀྱང་འཇིག་ལྟ་ཉིད་མ་རིག་པར་གསུངས་ཏེ། ཇི་སྐད་དུ་འཇིག་རྟེན་དུ་དོག་པ་འབྱུང་བ་གང་ཇི་སྙེད་པ་དེ་དག་ནི་བདག་དུ་མངོན་པར་ཞེན་པ་ལས་བྱུང་སྟེ་ཞེས་གསུངས་པའི་ཕྱིར། གལ་ཏེ་དེ་ལྟ་ན་ལྟ་བ་དང་མཚུངས་པར་ལྡན་པ་ནི་མ་རིག་པའོ་ཞེས་དེ་གཉིས་མཚུངས་ལྡན་དུ་བཤད་པ་དང་འགལ་ལོ་ཞེ་ན། ཉོན་མོངས་པ་ཅན་གྱི་མ་རིག་པ་བཤད་པའི་སྐབས་འདིར་ལུང་གི་ཆ་འགའ་ཞིག་དང་འགལ་བ་ལྟར་སྣང་བ་གང་ཡིན་པ་དེ་ལ་མི་འགལ་བའི་ཚུལ་ཅི་རིགས་པར་བཤད་པར་བྱའོ། །དེས་ན་དེ་ལྟ་བུའི་ལུང་དེ་ཆོས་ཅན། འཇིག་ལྟ་དང་མ་རིག་པ་དོན་གཞན་ཡིན་པས་དེ་གཉིས་མཚུངས་ལྡན་དུ་བཤད་པ་མ་ཡིན་ཏེ། འཇིག་ལྟ་ཕྱོགས་གཅིག་དང་མ་རིག་པ་ཕྱོགས་གཅིག་པ་ཅན་ཡིན་པ་ཙམ་གྱིས་དེ་གཉིས་མཚུངས་ལྡན་དུ་བསྟན་པ་ཙམ་ཡིན་པའི་ཕྱིར་རོ། །དེས་ན་ཕུང་པོ་བདག་གིས་སྟོང་པ་ཉིད་དུ་མངོན་སུམ་ལྟ་བ་ཆོས་ཅན། བདག་ལྟ་དེ་ཡི་རང་བཞིན་ཟ་བ་པོ་དང་བྱེད་པ་པོ་ལ་སོགས་པ་འཛིན་པ་དང་དེ་ལས་བྱུང་བའི་ཉེས་པ་ཆགས་སོགས་ཀུན་དང་དོན་གྱིས་འགལ་བར་རབ་ཏུ་གྲུབ་པ་ཡིན་ཏེ། བདག་ལྟ་དེ་དང་དམིགས་རྣམ་དངོས་སུ་འགལ་བའི་ཕྱིར། རྒྱུ་མཚན་དེས་ན་བདག་མེད་མཐོང་བ་ཁོ་ན་ཉེས་པའི་གཉེན་པོ་ཡིན་ནོ། །གལ་ཏེ་ཆགས་སོགས་ཆོས་ཅན། སྲོག་ཆགས་ལ་གཏན་ཟད་པ་མ་ཡིན་ཏེ་སྲོག་ཆགས་ཀྱི་ཆོས་ཡིན་པའི་ཕྱིར། དཔེར་ན་འབྱུང་བ་ལ་གཟུགས་སོགས་བཞིན་ནོ་ཞེ་ན། ཆགས་སོགས་ཆོས་ཅན། བདག་གི་མཚན་ཉིད་ཅན་གྱི་སྲོག་ཆགས་ཀྱི་ཆོས་ཡིན་པས་དེ་ལ་གཏན་མི་ཟད་པ་མ་ཡིན་པར་ཐལ། དེའི་ཆོས་སུ་མ་གྲུབ་པའི་ཕྱིར། ཡང་དེ་ཆོས་ཅན། སྲོག་ཆགས་ལ་སླར་ལྡོག་ཏུ་མི་རུང་བ་དེ་མ་ཡིན་པར་ཐལ། གཉེན་པོའི་ཕྱོགས་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང་འབྲེལ་བའི་རྒྱུད་ལ་ཁྱོད་ལྡོག་པ་དག་ཀྱང་མཐོང་བའི་ཕྱིར་རོ། །གལ་ཏེ་གཉེན་པོས་བཅོམ་པའི་ཉེས་པ་གཉེན་པོ་དང་བྲལ་བ་ན་སླར་ཡང་འབྱུང་སྟེ། དཔེར་ན་གསེར་སོགས་ཀྱི་སྲ་བ་མེ་དང་བྲལ་བ་ན་སླར་ཡང་འབྱུང་བ་བཞིན་ནོ་ཞེ་ན། གཉེན་པོས་ཉེས་པ་རྣམ་པར་འགགས་པ་སྟེ་དྲུངས་ཕྱུང་བའི་གནས་གྱུར་མཐར་ཕྱིན་པའི་སེམས་རྒྱུད་ཆོས་ཅན། གསེར་སོགས་ཀྱི་སྲ་བ་བཞིན་དུ་གཉེན་པོ་དང་བྲལ་བ་ན་སླར་ཡང་ཉེས་པ་སྐྱེ་བ་མེད་དེ། གཉེན་པོ་དེའི་བདག་ཉིད་དམ་ངང་དུ་གྱུར་པ་ཉིད་ཀྱིས་དེ་དང་འབྲལ་བ་མེད་པའི་ཕྱིར། གཞན་ཡང་གཉེན་པོ་ལོག་པ་ཙམ་གྱིས་ཉེས་པ་སླར་ལྡོག་པར་ཡང་མ་ངེས་ཏེ། མེ་ལོག་ཀྱང་ཐལ་བ་ཤིང་ཏུ་མི་ལྡོག་པ་བཞིན་ནོ། །དེ་ལྟར་བདག་མེད་རྟོགས་པ་ཉིད་ཐར་ལམ་དུ་བསྟན་ནས། རིགས་པ་ཅན་པ་ལ་སོགས་པ་གང་དག་བདག་ཤེས་པར་བྱ་བསམ་པར་བྱ་སྒོམ་པར་བྱའོ་ཞེས་པ་ལ་སོགས་པ་བདག་ལྟ་ཐར་ལམ་དུ་སྨྲ་བ་འགོག་པ་དེ། སྐྱེས་བུ་གང་ཞིག་ཕུང་པོ་ལ་བདག་ཏུ་མཐོང་བ་དེ་ལ་ནི་ཆོས་ཅན། དུས་རྟག་ཏུ་ང་ཞེས་བདག་ལ་ཆགས་ཤིང་ཞེན་པ་སྐྱེ་བར་འགྱུར་ཏེ། དེའི་དངོས་རྒྱུ་བདག་ལྟ་ཚང་བར་ཡོད་པའི་ཕྱིར། ཡང་ན་དེ་ཆོས་ཅན། བདག་གི་བདེ་བ་ལ་སྲེད་པར་འགྱུར་ཏེ། བདག་ལ་ཞེན་པ་ཅན་ཡིན་པའི་ཕྱིར། དེ་ལས་ཅིར་འགྱུར་ཞེ་ན། དེ་ཆོས་ཅན། བདག་གི་བདེ་བ་སྒྲུབ་བྱེད་ཀྱི་བདག་གི་བའི་སྐྱོན་སྐྱེ་རྒ་ལ་སོགས་པ་རྣམས་བསྒྲིབས་ནས་དེ་རྣམས་ལ་ཡོན་ཏན་ཏུ་ཞེན་པར་འགྱུར་ཏེ། བདག་གི་བདེ་བ་ལ་སྲེད་པ་ཅན་ཡིན་པའི་ཕྱིར། དེས་ན་དེ་ཆོས་ཅན། ང་ཡིན་ཞེས་བདག་གི་བ་དེའི་སྒྲུབ་བྱེད་ཡོངས་སུ་ལེན་པར་ཐལ། བདག་གི་བའི་ཡོན་ཏན་མཐོང་བ་དེ་ལ་ཡོངས་སུ་སྲེད་པའི་ཕྱིར། རྒྱུ་མཚན་དེས་ན་ཇི་སྲིད་དུ་བདག་ལ་མངོན་པར་ཆགས་པ་ཡོད་པ་དེ་སྲིད་དུ་སྐྱེས་བུ་དེ་ནི་འཁོར་བར་འགྱུར་རོ། །གཞན་ཡང་བདག་འཛིན་ཅན་གྱི་སྐྱེས་བུ་ཆོས་ཅན། འཁོར་བ་པར་འགྱུར་ཏེ། ཆགས་སོགས་ཉེས་པ་ཐམས་ཅད་འབྱུང་བར་འགྱུར་བའི་ཕྱིར་ཏེ། བདག་ཏུ་གཟུང་བར་བྱ་བའི་ཆ་ལ་འཛིན་ཅིང་ཆགས་པ་དང་དེ་ལས་གཞན་པའི་ཆ་ལ་ཞེ་སྡང་བའི་ཆགས་སྡང་འདི་དག་དང་རྒྱུད་ཡོངས་སུ་འབྲེལ་བའི་ཕྱིར་ཏེ། བདག་དང་གཞན་དུ་འདུ་ཤེས་པ་ཅན་ཡིན་པའི་ཕྱིར། དེའི་རྒྱུ་མཚན་ཡང་བདག་ཏུ་ལྟ་བ་ཡོད་པའི་ཕྱིར་རོ། །ཅི་སྟེ་ཐར་པའི་གནས་སྐབས་ན་བདག་གི་བ་ལ་ཆགས་པ་དང་བྲལ་བས་འཁོར་བ་པར་མི་འགྱུར་རོ་ཞེ་ན། ཐར་པར་འདོད་པའི་སྐྱེས་བུ་ཆོས་ཅན། བདག་གི་བ་ལ་ཆགས་པ་དང་མི་འབྲལ་བར་ཐལ། ངེས་པར་བདག་ལ་ཆགས་པ་ཅན་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དེ་ཆོས་ཅན། བདག་ལ་ཆགས་པ་དང་བྲལ་བའི་རྒྱུ་ཡང་ཡོད་པ་མ་ཡིན་པར་ཐལ། བདག་དེ་འཁོར་བའི་རྣམ་འཚེ་སོགས་ཀྱི་ཉེས་པ་མེད་པའི་ཡོན་ཏན་ཅན་དུ་མངོན་པར་ཞེན་པའི་ཕྱིར། གལ་ཏེ་བདག་སྐྱོན་མེད་ཡིན་ཡང་བདག་ལ་ཆགས་པ་སྐྱོན་བཅས་ཡིན་ནོ་ཞེ་ན། བདག་ཆགས་སྐྱོན་བཅས་ཡིན་པ་དེ་ལས་ཅིར་འགྱུར་ཞེས་དྲིས་པས། དེ་ལ་སྐྱོན་དུ་ལྟ་བས་དེ་སྤོང་བར་འགྱུར་རོ་ཞེ་ན། བདག་ཡོན་ཏན་ཅན་དུ་ཞེན་པ་ལས་བྱུང་བའི་བདག་ཆགས་འདི་ཆོས་ཅན། རང་གི་ཞེན་ཡུལ་བདག་ཡོན་ཏན་ཅན་དུ་འཛིན་པ་སུན་ཕྱུང་བ་མེད་པར་དེ་ལ་སྐྱོན་དུ་ལྟས་པ་ཙམ་གྱིས་དེ་སྤོང་བར་ནུས་པ་མ་ཡིན་པར་ཐལ། བདག་ཆགས་ཀྱི་ཡོན་ཏན་མཐོང་བ་ཙམ་གྱིས་དེ་ལ་ཆགས་པ་མིན་གྱི་དོན་བདག་གི་ཡོན་ཏན་མཐོང་བས་དེ་ལ་ཆགས་པ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཡུལ་གང་ལ་ཡོན་ཏན་མཐོང་བ་དང་རྗེས་སུ་འབྲེལ་བའི་འདོད་ཆགས་དང་། སྐྱོན་མཐོང་བ་དང་རྗེས་སུ་འབྲེལ་བའི་ཞེ་སྡང་དང་ཕྲག་དོག་སོགས་སྤོང་བ་ནི་སྐྱོན་ཡོན་དེ་དག་ཡུལ་དེ་ལ་མ་མཐོང་བའི་སྒོ་ནས་སྤོང་བ་ཡིན་གྱི་ཡིད་ཀྱི་ཉེས་པ་དག་ནི་ཕྱི་རོལ་ཚེར་མ་འདོན་པའི་ཚུལ་གྱིས་མ་ཡིན་ནོ། །

དེས་ན་ཐར་པ་འདོད་པའི་སྐྱེས་བུ་དེ་ལ་ནི་ཆོས་ཅན། འབྲས་བུ་བདག་ཆགས་གང་གིས་བཟློག་པར་བྱེད་དེ་བཟློག་པར་མི་ནུས་པར་ཐལ། དེའི་དངོས་རྒྱུ་བདག་ལྟ་མ་ཚང་བ་མེད་པའི་ཕྱིར། གཞན་ཡང་བདག་ཆགས་ལ་སྐྱོན་ཡང་གང་ཞིག་མཐོང་བ་གང་གིས་ན་དེ་སྤོང་ཞེས་དྲིས་པས། གལ་ཏེ་དེས་བདག་གི་བ་ལ་ཆགས་པ་བསྐྱེད་པའི་སྒོ་ནས་སྡུག་བསྔལ་གྱི་རྟེན་བྱེད་པས་སོ་ཞེ་ན། ཐར་འདོད་ཀྱི་སྐྱེས་བུ་ཆོས་ཅན། བདག་ཆགས་སྐྱོན་བཅས་ཡིན་པ་དེ་ལྟར་ནའང་འདི་ལ་ཆགས་པ་དང་བྲལ་བ་མ་ཡིན་པར་ཐལ། བདག་ཅག་དེ་ལ་བདག་གི་བར་མཐོང་བའི་ཕྱིར། དཔེར་ན་བདག་སྡུག་བསྔལ་གྱི་རྒྱུ་ཡིན་ཡང་མི་སྤོང་བ་བཞིན་ནོ། །གལ་ཏེ་བདག་ཆགས་དང་དབང་སོགས་དང་ལྡན་པའི་བདག་སྡུག་བསྔལ་གྱི་རྒྱུ་ཡིན་གྱི་དེ་དག་མེད་པའི་བདག་ཡན་གར་བ་སྡུག་བསྔལ་གྱི་རྒྱུ་མ་ཡིན་པས་བདག་ཆགས་སོགས་སྐྱོན་བཅས་ཡིན་གྱི་བདག་སྐྱོན་མེད་ཡིན་ནོ་ཞེ་ན། བདག་ཆགས་སོགས་དེ་ཡང་ཆོས་ཅན། སྐྱོན་མེད་ཡིན་པར་ཐལ། བདག་དེ་འདྲ་བར་ཡན་གར་བས་སྡུག་བསྔལ་མི་སྐྱེད་པའི་ཕྱིར། འདོད་པ་དེ་ལྟར་ན་བདག་ཆགས་སོགས་དག་བདག་གཉིས་ཀའང་ཆོས་ཅན། ཆགས་པ་དང་བྲལ་བར་བྱ་བ་མ་ཡིན་པར་ཐལ། ཁྱོད་གཉིས་ཀ་སྐྱོན་མེད་ཁོ་ནར་མཚུངས་པ་དེའི་ཕྱིར། གལ་ཏེ་ཁོ་བོ་ཅག་གི་ཐར་འདོད་ཀྱི་སྐྱེས་བུ་ཆོས་ཅན། བདག་གི་བ་སྤོང་བར་འགྱུར་ཏེ། བདག་གི་བ་སྡུག་བསྔལ་དུ་སྒོམ་པ་དང་ལྡན་པའི་ཕྱིར། དཔེར་ན་དུག་སྦྲུལ་གྱི་སོས་བཟུང་བའི་ཡན་ལག་བཞིན་ནོ་ཞེ་ན། མཚུངས་པ་མ་ཡིན་ཏེ། དུག་སྦྲུལ་གྱི་སོས་བཟུང་བའི་སོར་མོ་འདི་དེང་ཕྱིན་ཆད་བདག་གི་བདེ་བ་སྒྲུབ་བྱེད་ཀྱི་བདག་གི་བའི་བློ་བཅོམ་པས་འདོར་བ་ཡིན་གྱི་དེ་ལས་ལོག་ནས་བདག་གི་བའི་བློ་མ་དོར་བཞིན་དུ་འདོར་བ་མིན་ལ། ཐར་འདོད་ཀྱི་སྐྱེས་བུ་ཆོས་ཅན། ཡུལ་དང་དབང་སོགས་དེ་ལ་ཆགས་པ་དང་བྲལ་བ་དེ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། དེ་དག་ལ་རང་གི་བའི་བློ་གང་གིས་བཟློག་པར་འགྱུར་ཏེ་མི་འགྱུར་བའི་ཕྱིར་ཏེ། དེ་དག་བདག་གི་བདེ་བའི་ལོངས་སྤྱོད་ཀྱི་རྟེན་དང་སྒྲུབ་བྱེད་དུ་བཟུང་བའི་ཕྱིར། སྔ་མ་ལ་ཁྱབ་པ་ཡོད་དེ། ལུས་ལས་བོག་པའི་སྐྲ་དང་སེར་མོ་ལ་སོགས་པ་བདག་གིར་མ་བཟུང་བ་རྣམས་ལ་ཡིད་འབྱུང་བའི་བློ་སྐྱེ་བར་འགྱུར་ཞིང་། དེ་ལས་གཞན་ལུས་ལས་མ་བོག་པའི་སྐྲ་སེན་སོགས་བདག་གི་བར་བཟུང་བ་རྣམས་ལ་ཞེན་བཅས་ཀྱི་བློ་སྐྱེ་བར་འགྱུར་བར་སྐྱེ་བོ་ཐམས་ཅད་ཀྱི་མངོན་སུམ་གྱིས་གྲུབ་པ་ཡིན་པའི་ཕྱིར། གཞན་ཡང་བདག་ཆགས་དང་དབང་སོགས་བདག་གི་བ་ཆོས་ཅན། སྡུག་བསྔལ་དུ་བསྒོམ་པས་ཉེས་པ་མཐོང་དུ་ཟིན་ཀྱང་བདག་གི་བའི་བློ་སྤོང་བར་མི་འགྱུར་བར་ཐལ། ཁྱོད་རྣམས་བདག་ལ་འདུ་སོགས་སུ་འབྲེལ་བ་དེ་སྔར་གི་གནས་སྐབས་དེ་བཞིན་དུ་ཕྱིས་ཀྱང་གནས་པའི་ཕྱིར། ཁྱབ་པ་ཡོད་དེ། བདག་གི་བ་རྣམས་ཅི་རིགས་པར་བདག་དེ་ལ་འདུ་བ་དང་བདག་གི་བདེ་བའི་ལོངས་སྤྱོད་ཀྱི་རྟེན་དང་སྒྲུབ་བྱེད་སོགས་སུ་འབྲེལ་བ་ལས་དེ་དག་ལ་རང་གི་བའི་བློ་སྐྱེ་བར་འགྱུར་བའི་ཕྱིར། དེ་ལ་གྲངས་ཅན་པ་ན་རེ། ཁོ་བོ་ཅག་ལྟར་ན་བདག་གི་བ་དང་བདག་འདུ་སོགས་སུ་འབྲེལ་བ་ལས་བདག་གི་བར་ཆགས་པ་སྐྱེ་བ་མ་ཡིན་གྱི་ཆགས་བྱ་དང་སྐྱེས་བུ་ཐ་དད་དུ་བཟུང་བ་ལས་གྲོལ་ཞིང་གཅིག་ཏུ་ཞེན་པ་ལས་བདག་གི་བར་ཆགས་པ་སྐྱེའོ་ཞེ་ན། བདག་གི་བར་ཆགས་པ་ཆོས་ཅན། བདག་དང་འདུ་སོགས་སུ་འབྲེལ་བ་དང་ཆགས་བྱ་དང་སྐྱེས་བུ་གཅིག་དུ་ཞེན་པ་ལས་སྐྱེ་བ་མ་ཡིན་པར་ཐལ། ཟས་གོས་སོགས་ཕྱི་རོལ་གྱི་ཡུལ་ཀུན་ལ་བདག་དང་འདུ་སོགས་སུ་འབྲེལ་བའམ་སྐྱེས་བུ་དང་གཅིག་ཏུ་ཞེན་པ་སོགས་མེད་ན་ཡང་དེ་དག་བདག་ལ་ཕན་འདོགས་བྱེད་ཉིད་དུ་བཟུང་བའི་སྒོ་ནས་ཁྱོད་སྐྱེ་བ་ཡོད་པའི་ཕྱིར། གལ་ཏེ་དབང་སོགས་ཆོས་ཅན། རང་གི་བའི་བློ་སྐྱེ་བར་མི་འགྱུར་ཏེ། ཚོར་བ་སྡུག་བསྔལ་སྐྱེད་བྱེད་ཡིན་པའི་ཕྱིར། དཔེར་ན་དུག་བཅས་ཀྱི་སོར་མོ་བཞིན་ནོ། །དེ་ན་རེ་བློ་གང་གིས་བཟློག་པར་འགྱུར་གྱི་རྟགས་མ་གྲུབ་བོ་ཞེ་ན། དབང་པོ་དེ་ནི་ཆོས་ཅན། མཐའ་གཅིག་ཏུ་ཚོར་བ་སྡུག་བསྔལ་ཁོ་ནའི་རྒྱུ་མ་ཡིན་པར་ཐལ། རེས་འགའ་ཚོར་བ་བདེ་བ་ཡང་སྐྱེད་སྲིད་པའི་ཕྱིར། གལ་ཏེ་ཕལ་ཆེར་སྡུག་བསྔལ་སྐྱེད་བྱེད་ཡིན་པའི་ཕྱིར་དུག་བཅས་ཀྱི་ཟས་བཞིན་ནོ་ཞེ་ན། བདག་ཆགས་ཅན་གྱི་སྐྱེས་བུ་ཆོས་ཅན། སྲོག་དང་ཁ་དོག་དང་སྟོབས་ལ་སོགས་པ་ལ་མི་གནོད་ཅིང་འཕེལ་བར་བྱེད་པའི་བདེ་བའི་ལོངས་སྤྱོད་ཁྱད་པར་ཅན་རྙེད་ན་དེ་ལ་ཆགས་པས་དེ་དང་འགལ་བ་དུག་བཅས་ཀྱི་ཟས་ལ་ཆགས་པ་དང་བྲལ་བར་འགྱུར་ཏེ། སྲོག་དང་སྟོབས་སོགས་ལ་མི་གནོད་ཅིང་དེ་འཕེལ་བའི་ཁྱད་པར་ཅན་གྱི་བདེ་བའི་ལོངས་སྤྱོད་ལ་སྲེད་པས་བདེ་བ་ཅུང་ཟད་དྲངས་པ་ཙམ་གྱིས་རྒྱུ་བྱེད་པའི་དུག་བཅས་ཀྱི་ཟས་ཡོངས་སུ་སྤོང་བའི་ཕྱིར། དཔེ་དེ་ཉིད་མཐའ་གཅིག་ཏུ་མ་ངེས་པར་སྟོན་པ་ནི། ཡང་དེ་ཆོས་ཅན། དུག་བཅས་ཀྱིས་ཟས་ལས་མ་གཏོགས་པའི་བདག་གི་བདེ་བ་སྒྲུབ་བྱེད་ཁྱད་པར་ཅན་གཞན་མ་རྙེད་ན་ཇི་ལྟར་བརྙེད་པ་བཞིན་གྱི་དུག་བཅས་ཀྱི་ཟས་ལ་འཇུག་སྟེ། བདག་མེད་པར་སོ་སོར་རྟོག་པའི་བསམ་པ་སྟེ་ཤེས་རབ་མེད་པའི་བདག་ཆགས་པ་ཅན་ཡིན་པའི་ཕྱིར། དཔེར་ན་ཆགས་ལྡན་འགའ་ཞིག་བུད་མེད་དག་དང་འགྲོགས་པ་མ་རྙེད་པར་དུད་འགྲོ་དག་ལ་འདོད་པ་སྤྱོད་པ་མཐོང་བ་བཞིན་ནོ། །

གལ་ཏེ་ཐར་པའི་གནས་སྐབས་ན་བདག་དེ་བདེ་སྡུག་སོགས་མྱོང་བའི་རྟེན་མ་ཡིན་པས་བདག་གི་བདེ་བ་ལ་སྲེད་པ་མེད་པའི་ཕྱིར་བདག་གི་བ་དོན་དུ་གཉེར་བར་མི་བྱེད་དོ་ཞེ་ན། ཐར་པའི་གནས་སྐབས་ཀྱི་བདག་ཆོས་ཅན། ཇི་ལྟར་བདག་སྨྲས་ཞེན་པ་ལྟར་གྱི་བདག་ཡིན་པར་འདོད་དེ་མ་ཡིན་པར་ཐལ། བདེ་སྡུག་སོགས་མྱོང་བ་དང་དེའི་རྗེས་སུ་འབྲང་བའི་ཐ་སྙད་ཤེས་རབ་སོགས་ཡོན་ཏན་ཀུན་གྱི་རྟེན་དུ་ལོག་པ་སྟེ་མེད་པའི་ཕྱིར། དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ། ཁྱབ་པ་ཡོད་དེ། བདག་སྨྲ་རྣམས་ཀྱིས་བདག་ཏུ་ཞེན་པའི་རང་བཞིན་ནི་མྱོང་སོགས་མེད་པ་དེ་འདྲ་མ་ཡིན་པའི་ཕྱིར་རོ། །དེས་ན་ཐར་པའི་གནས་སྐབས་ན་རྟག་པའི་བདག་འདོད་པའི་སྐྱེས་བུ་གང་ཡིན་པ་དེ་ཆོས་ཅན། ཇི་ལྟར་ན་བདག་དེ་ནི་མྱོང་སོགས་ཀྱི་རྟེན་དུ་འཇིག་པར་འདོད་དེ་འདོད་པར་མི་རིགས་པར་ཐལ། བདག་དེ་མྱོང་སོགས་ཀྱི་རྟེན་དུ་ལོག་ན་དེ་ལ་ཆགས་པ་མི་རིགས་ཤིང་དེ་ལ་ཆགས་པ་ཅན་ཡང་ཡིན་པའི་ཕྱིར། དེ་ལྟར་ཐར་པའི་གནས་སྐབས་ན་ཡང་བདག་དེ་མྱོང་སོགས་ཀྱི་རྟེན་དུ་འདོད་དགོས་པ་དེས་ན། ཐར་པ་འདོད་པའི་སྐྱེས་བུ་ཆོས་ཅན། བདག་གིར་ཞེན་ཅིང་ཆགས་པའི་གནས་སྐབས་དེ་ཉིད་དུ་གནས་པར་ཐལ། བདག་འཛིན་ཅན་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། བདག་འཛིན་རྣམ་པ་ཀུན་ཏུ་བདག་ལ་ཆགས་པ་བསྟེན་བྱེད་ཡིན་ལ་བདག་ཆགས་དེ་ནི་བདག་གི་ཞེན་པའི་ས་བོན་ཡིན་པའི་ཕྱིར་རོ། །གལ་ཏེ་ཐར་པའི་གནས་སྐབས་ན་བདག་ཡོད་ཀྱང་བདག་གི་བ་སྡུག་བསྔལ་དུ་བསྒོམ་པ་ལ་བརྩོན་པའི་ཕྱིར་དེ་ལ་ཆགས་པ་དང་བྲལ་བར་འགྱུར་རོ་ཞེ་ན། ཐར་པ་འདོད་པའི་སྐྱེས་བུ་ཆོས་ཅན། བདག་གི་བ་སྡུག་བསྔལ་དུ་སྒོམ་པ་ལ་བརྩོན་ཡང་རང་རྒྱུད་ཀྱི་བདག་ལྟ་དེ་བདག་གི་བ་ལ་ཆགས་པ་དང་བྲལ་བའི་གེགས་བྱེད་པ་ཉིད་དང་བདག་གི་བ་དེ་ཡི་སྐྱོན་ཡང་སྒྲིབ་པར་བྱེད་པ་ཡིན་ཏེ། རང་རྒྱུད་ཀྱི་བདག་ལྟའི་དབང་གིས་བདག་གི་བ་ཡོན་ཏན་གྱི་ཆ་མཐོང་བ་ལ་བརྟེན་ནས་དེ་ལ་ཆགས་པ་འཇུག་ལྡན་ཏེ་སྐྱེ་བའི་ཕྱིར་རོ། །

གལ་ཏེ་ཐར་པའི་གནས་སྐབས་ན་བདག་གི་བ་བཞིན་དུ་བདག་ལའང་ཆགས་པ་དང་བྲལ་བའི་ཕྱིར་བདག་ལྟ་སོགས་ཡོད་པ་མ་གྲུབ་བོ་ཞེ་ན། ཐར་པའི་གནས་སྐབས་ན་ཆོས་ཅན། བདག་གི་བ་ལ་ཆགས་པ་དང་བྲལ་བའི་སྐྱེས་བུ་གང་ཡིན་པ་དེ་མེད་པར་ཐལ། བདག་གི་བ་བཞིན་དུ་བདག་ལའང་ཆགས་པ་དང་བྲལ་བ་དེས་ནའི་ཕྱིར། འདོད་ན་ཐར་པའི་སྐྱེས་བུ་དེ་ནི་ཆོས་ཅན། ཆགས་པ་དང་བྲལ་བ་ཐོབ་པའི་དོན་དུ་བདག་གི་བ་སྡུག་བསྔལ་དུ་སྒོམ་པ་དོན་མེད་པར་ཐལ། བདག་གི་བ་ཇི་ལྟ་བ་བཞིན་དུ་བདག་འདོར་བའི་ཕྱིར། གཞན་ཡང་བདག་གི་བ་སྡུག་བསྔལ་དུ་སྒོམ་པའི་རྣལ་འབྱོར་པ་དེ་དག་ཆོས་ཅན། བདག་གི་བ་སྡུག་བསྔལ་དུ་སྒོམ་པས་དེ་སྡུག་བསྔལ་ཉིད་དུ་གསལ་པོར་རྣམ་པར་ཤེས་པར་བྱེད་པ་ཙམ་གྱིས་དེ་ལ་ཆགས་པ་དང་བྲལ་བར་འགྱུར་བ་མ་ཡིན་པར་ཐལ། སྔར་ཆགས་པ་དང་མ་བྲལ་བའི་གནས་སྐབས་ན་ཡང་སྡུག་བསྔལ་དེ་ཉིད་མངོན་སུམ་དུ་ཤེས་པ་དེ་ལྟར་ན་ཡང་དེ་ལ་ཆགས་པ་དང་བྲལ་བ་མེད་པའ་ིཕྱིར། གལ་ཏེ་ད་ལྟར་གྱི་གནས་སྐབས་ན་ཡང་སྐྱེས་བུ་འགའ་ཞིག་ཆགས་ཡུལ་གྱི་ཉེས་པ་མཐོང་བས་དེ་ལ་ཆགས་པ་དང་བྲལ་བ་སྲིད་པའི་ཕྱིར་སྡུག་བསྔལ་སྒོམ་པ་སྡུག་བསྔལ་གྱི་ཆགས་བྲལ་གྱི་རྒྱུར་འགྱུར་རོ་ཞེ་ན། བདག་ཆགས་ཅན་གྱི་སྐྱེས་བུ་ཆོས་ཅན། གལ་ཏེ་བདག་གི་བ་དེ་ལ་ཉེས་པ་མཐོང་བ་ཡི་སྐད་ཅིག་དེ་ཙམ་གྱིས་དེ་ལ་ཆགས་པའི་བློ་ལྡོག་ཀྱང་དེ་ལ་གཏན་ཆགས་པ་དང་བྲལ་བར་མི་འགྱུར་ཏེ། བདག་ལ་ཆགས་པ་ཅན་ཡིན་པའི་ཕྱིར། དཔེར་ན་འདོད་ལྡན་འགའ་ཞིག་བུད་མེད་འགའི་ཉེས་པ་མཐོང་བས་དེ་ལ་མ་ཆགས་ཀྱང་བུད་མེད་གཞན་ལ་ཆགས་པ་སྐྱེ་བ་བཞིན་ནོ། །དེ་ཉིད་ཀྱི་གཞུང་འཛུགས་པར་བྱེད་པ་དེ། དེ་ཆོས་ཅན། བདག་བླང་བྱ་དང་བདག་གི་བ་དོར་བྱར་ཞེན་པའི་ཁྱད་པར་ཡོད་ན་བདག་གི་བ་དེ་ལ་གཏན་ཆགས་པ་དང་བྲལ་བར་མི་འགྱུར་ལ། གཅིག་བདག་ལ་དམིགས་ནས་བྱུང་བའི་ཆགས་པ་གང་ཡིན་པ་དེ་ཉིད་རྐྱེན་གྱིས་རྣམ་གྲངས་འགའ་ཞིག་གིས་བསྐྱེད་པའི་ཚེ་བདག་གིར་ཆགས་པ་སོགས་ཆགས་པ་ཀུན་གྱི་ས་བོན་དུ་འགྱུར་བའི་ཕྱིར། གལ་ཏེ་བདག་དེ་སྐྱོན་མེད་ཁོ་ན་ཡིན་ན་བདག་ཆགས་ཆོས་ཅན། སྐྱོན་མེད་ཡིན་པར་ཐལ། སྐྱོན་མེད་པའི་ཡུལ་ལ་འདུན་པ་ཅན་ཡིན་པའི་ཕྱིར། དཔེར་ན་ཐར་པ་ལ་འདུན་པ་བཞིན་ནོ། །ལུས་དང་དབང་སོགས་ཡང་ཆོས་ཅན། སྐྱོན་མེད་ཡིན་པར་ཐལ། བདག་སྐྱོན་མེད་ཀྱི་བདེ་བ་སྒྲུབ་བྱེད་ཡིན་པའི་ཕྱིར། དཔེར་ན་ཐར་ལམ་བཞིན། དེས་ན་ཐར་པ་འདོད་པའི་སྐྱེས་བུ་ཆོས་ཅན། ཡུལ་གང་ལ་ཡང་ཆགས་པ་དང་བྲལ་བར་མི་འགྱུར་བར་ཐལ། བདག་དང་བདག་ཆགས་དང་དབང་སོགས་བདག་གི་བ་གསུམ་ཀ་སྐྱོན་མེད་ཡིན་པ་དེས་ནའི་ཕྱིར། ཁྱབ་པ་ཡོད་དེ། ཁྱོད་ཀྱི་ལུགས་ལ་འགྲོ་བ་འཆིང་བར་བྱེད་པའི་རྒྱུ་གསུམ་པོའང་དེ་ཙམ་ཉིད་ཡིན་པའི་ཕྱིར། གལ་ཏེ་དབང་སོགས་དེ་ལ་ཆགས་པ་དང་བྲལ་བར་འགྱུར་ཏེ། དེ་སྡུག་བསྔལ་བསྐྱེད་པའི་སྐྱོན་བཅས་ཡིན་པའི་ཕྱིར་ཞེ་ན། བདག་ཆོས་ཅན། ཁྱོད་ལའང་ཆགས་པ་དང་བྲལ་བར་འགྱུར་བར་ཐལ། སྡུག་བསྔལ་བསྐྱེད་པའི་སྐྱོན་བཅས་དེ་ནི་ཁྱོད་ལའང་མཚུངས་པ་ཡིན་པའི་ཕྱིར། གལ་ཏེ་བདག་སྐྱོན་བཅས་ཡིན་པ་དེ་ལྟ་ནའང་དེ་ལ་ཆགས་པ་དང་བྲལ་བ་མེད་པ་དེ་ནི་དེའི་ཕྱིར། ཆོས་ཅན། སྐྱོན་བཅས་ཡིན་པ་ཙམ་གྱིས་བདག་ཅག་སོགས་ཡུལ་གང་ལ་ཆགས་པ་དང་བྲལ་བར་འགྱུར་ཏེ་མི་འགྱུར་བར་ཐལ། གཞན་ཡང་དབང་སོགས་ལ་བདག་གི་བར་ཆགས་པ་དེ་ཆོས་ཅན། དབང་སོགས་སྡུག་བསྔལ་དུ་སྒོམ་པས་སྤོང་བ་མ་ཡིན་པར་ཐལ། དབང་སོགས་གཙང་བདེ་སོགས་ཀྱི་ཡོན་ཏན་ཅན་དུ་འཛིན་པས་བྱས་པ་དེ་ལ་མིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཡུལ་དེ་ལ་ཡོན་ཏན་ཅན་དུ་མཐོང་བ་ལས་བྱུང་བའི་ཆགས་ཞེན་ནི་དེའི་ཉེས་པ་མཐོང་བས་འཇིག་པའི་ཕྱིར། རྩ་བའི་རྟགས་གྲུབ་སྟེ། དེ་ཆོས་ཅན། དེར་ཐལ། ཡོན་ཏན་བརྟགས་པར་མི་ནུས་པའི་བྱིས་པ་དང་ཕྱུགས་ལ་སོགས་པ་ལའང་མཐོང་བའི་ཕྱིར་དང་། ཞར་བ་དང་སྒུར་པོ་སོགས་རང་གི་དབང་སོགས་སྐྱོན་ལྡན་དུ་མཐོང་བ་ལའང་ཡོད་པའི་ཕྱིར་དང་། གང་ཟག་གཞན་གྱི་དབང་སོགས་ཡོན་ཏན་དང་ལྡན་པར་མཐོང་ཡང་ཁྱོད་སྐྱོ་བ་མེད་པའི་ཕྱིར་རོ། །ཡང་དེ་ཆོས་ཅན། དབང་སོགས་ལ་བདག་གི་བར་འཛིན་པ་ལས་བྱུང་བ་ཡིན་ཏེ། བདག་གི་བར་མ་བཟུང་བའི་དབང་སོགས་འདས་པ་དང་། ལུས་ལས་བོག་པའི་ཡན་ལག་ལ་སོགས་པ་ལས་ཁྱོད་སྐྱེ་བ་མེད་ཅིང་བདག་གིར་བཟུང་བའི་དེ་ལྟར་བའི་དབང་སོགས་ལ་ཁྱོད་སྐྱེ་བར་མཐོང་བའི་ཕྱིར་རོ། །གལ་ཏེ་བདག་གིར་ཆགས་པ་དེ་ཡོན་ཏན་མཐོང་བ་ལས་བྱུང་བ་མ་ཡིན་ཡང་བདག་གི་བར་འཛིན་པ་དེ་དེ་ལས་བྱུང་བས་བདག་གི་བ་སྡུག་བསྔལ་དུ་བསྒོམས་པས་དེ་སྤོང་བར་འགྱུར་རོ་ཞེ་ན། དབང་སོགས་ལ་བདག་གི་བར་འཛིན་པའི་བློ་ཆོས་ཅན། དབང་སོགས་ཡོན་ཏན་ཅན་དུ་མཐོང་བ་ལས་བྱུང་བ་མ་ཡིན་པར་ཐལ། དེ་ལ་རྗེས་སུ་འགྲོ་ལྡོག་འཁྲུལ་པ་དེ་ཉིད་ཀྱི་ཕྱིར། རྒྱུ་མཚན་དེའི་ཕྱིར་དེ་ཆོས་ཅན། དབང་སོགས་ཡོན་ཏན་ཅན་མིན་པ་སྡུག་བསྔལ་སྐྱེས་པའི་ནུས་པ་མཐོང་བས་སྤོང་བ་མ་ཡིན་པར་ཐལ་ལོ། །ཡང་ཞེས་པས་བདག་གི་བར་ཆགས་པ་མི་སྤོང་བར་མ་ཟད་ཅེས་པའོ། །གཞན་ཡང་བདག་འཛིན་ཅན་གྱི་སྐྱེས་བུ་ཆོས་ཅན། དབང་སོགས་སྡུག་བསྔལ་དུ་བསྒོམས་པའི་སྟོབས་ཀྱིས་དེ་དེར་མཐོང་བར་མ་ཡིན་པར་ཐལ། དེ་ལ་ཡོད་པ་མིན་པའི་ཡོན་ཏན་གཙང་བདེ་སོགས་སུ་སྒྲོ་བཏགས་པས་ཡོན་ཏན་ཅན་དེར་ཡང་མཐོང་བའི་ཕྱིར་ཏེ། བདག་ལ་ཆགས་པ་ཅན་ཡིན་པའི་ཕྱིར། བདག་གི་བར་ཆགས་པས་དེ་ཡོན་ཏན་མཐོང་བ་ལས་བྱུང་བ་མ་ཡིན་གྱི་བདག་གི་བར་འཛིན་པའི་རྒྱུ་ལས་བྱུང་བ་དེས་ན་དབང་དཀའ་དང་དབང་སོགས་བདག་གི་བ་སྡུག་བསྔལ་དུ་བསྒོམས་པ་ཆོས་ཅན། གྲོལ་བ་དོན་དུ་ཁྱོད་སྒྲུབ་པས་བདག་གི་བར་ཆགས་པ་དེ་ལ་ཇི་ལྟར་གནོད་དེ་མི་གནོད་པར་ཐལ། དེའི་རྒྱུ་ལ་གནོད་པ་མེད་པ་ཅན་ཡིན་པའི་ཕྱིར། གལ་ཏེ་གྲངས་ཅན་ན་རེ། ཁོ་བོ་ཅག་ལྟར་ན་ཡོན་ཏན་མཐོང་བ་ལས་བདག་གི་བར་ཆགས་པ་སྐྱེ་བ་མ་ཡིན་གྱི་རང་བཞིན་དང་སྐྱེས་བུ་གཅིག་ཏུ་ཞེན་པ་ལས་བདག་གི་བར་ཆགས་པ་སྐྱེ་ལ། དེ་གཉིས་ཐ་དད་དུ་བཟུང་བ་ལས་བདག་གི་བར་ཆགས་པ་མི་སྐྱེ་ཞིང་གྲོལ་བར་འགྱུར་རོ་ཞེ་ན། བྱིས་པའི་སྐྱེ་བོ་འདི་ཡིས་ཆོས་ཅན། རང་རྒྱུད་ཀྱི་དབང་སོགས་ལས་བདག་ཐ་དད་དུ་གྱུར་ཤེས་པར་ཐལ། རང་རྒྱུད་ཀྱི་དབང་སོགས་དེ་ལྟར་གྱི་གནས་སྐབས་ལས་མཆོག་གཞན་དང་གཞན་དུ་འགྱུར་བར་དོན་དུ་གཉེར་བའི་ཕྱིར་དང་། དེ་དག་སྐྱེ་ཞིང་འཇིག་པར་རྟོགས་པའི་བློ་ཅན་ཉིད་ཀྱི་ཕྱིར། ཡང་དབང་སོགས་ལ་བདག་གི་བར་ཆགས་པ་དེ་ཆོས་ཅན། དབང་སོགས་དང་སྐྱེས་བུ་གཅིག་ཉིད་དུ་མཐོང་བ་ལས་ཀྱང་བྱུང་བ་མ་ཡིན་པར་ཐལ། དེ་མེད་ཀྱང་ཁྱོད་འབྱུང་བ་དེའི་ཕྱིར། འོ་ན་རྒྱུ་དེ་དག་གང་ལས་འབྱུང་ཞེ་ན། བདག་ལ་ཆགས་པ་དེ་ཆོས་ཅན། དབང་སོགས་ལ་བདག་གི་བར་འཛིན་པའི་རྒྱུ་ཡིན་ཏེ། ཁྱོད་ཀྱི་དབང་གི་ཡུལ་གཟུགས་སོགས་ལ་དམིགས་པའི་ཤེས་པའི་ནང་གི་ཡན་ལག་མིག་སོགས་དབང་པོ་རྣམས་ལ་ངོ་བོ་ཉིད་ཀྱི་རྗེས་སུ་ཆགས་པ་སྐྱེ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ། འཁོར་བ་ལས་ཡིད་འབྱུང་བའི་སེམས་ནི་ཐར་པ་དོན་གཉེར་མ་ཡིན་ཏེ། སྡུག་བསྔལ་གྱིས་གདུང་མེད་པར་ཡང་། །སྐྱེ་བོ་སྐྱོ་བ་སྐྱེ་མ་ཡིན། །དེའི་ཕྱིར་སྡུག་བསྔལ་དུ་བསྒོམ་པས་ཆགས་པ་དང་བྲལ་བར་འགྱུར་རོ་ཞེ་ན། སྐྱེས་བུ་གང་ཞིག་ད་ལྟར་ཚོར་བ་སྡུག་བསྔལ་གྱིས་གདུང་པའི་ཡིད་འབྱུང་བ་དེ་འདྲ་ཆོས་ཅན། ཆགས་བྲལ་མ་ཡིན་ཏེ། ཞེ་སྡང་མཚུངས་ལྡན་གྱི་ཡིད་མི་བདེ་ཡིན་པའི་ཕྱིར། སྡུག་བསྔལ་གྱིས་གདུང་པའི་ཡིད་འབྱུང་དེའི་ཚེ་ཡང་ཆོས་ཅན། ཆགས་པ་ཡོད་དེ། སྡུག་བསྔལ་གྱིས་གདུང་པའི་ད་ལྟ་བའི་གནས་སྐབས་ལས་གཞན་བདེ་བའི་གནས་སྐབས་ཚོལ་བའི་ཕྱིར་རོ། །དེ་འདྲའི་སྐྱེས་བུ་ཆོས་ཅན། བདག་གི་བ་ལ་གཏན་ཆགས་པ་དང་༼མ་༽བྲལ་བ་ཡིན་ཏེ། རང་རྒྱུད་ཀྱི་ཞེ་སྡང་དང་། མཚུངས་ལྡན་ཡིད་འབྱུང་དེ་ལོག་ན་རང་ཉིད་ཀྱི་རང་བཞིན་ཉིད་བདག་དང་བདག་གི་བར་ཆགས་པ་ལ་སླར་ཡང་བརྟེན་པར་འགྱུར་བའི་ཕྱིར། ཡང་དེའི་རྒྱུད་ཀྱི་ཡིད་མི་བདེ་དང་། མཚུངས་ལྡན་གྱི་ཞེ་སྡང་དེ་ནི་ཆོས་ཅན། ཇི་སྲིད་དུ་འཚོ་བ་སྡུག་བསྔལ་དྲག་པོ་ཡོད་པ་དེ་སྲིད་ཙམ་དུ་གནས་ཀྱི་གཏན་དུ་གནས་པ་མ་ཡིན་ཏེ། འཚོ་བ་སྡུག་བསྔལ་དྲག་པོ་དེའི་རྒྱུ་ཅན་ཡིན་པའི་ཕྱིར། འོ་ན་ཆགས་བྲལ་གང་ཞེ་ན། དགྲ་བཅོམ་པ་རྣམས་ཆོས་ཅན། ཆགས་བྲལ་ཞེས་ནི་བརྗོད་པ་ཡིན་ཏེ། སྲིད་པའི་ཉེར་མཁོ་ཐམས་ཅད་འདི་ནི་ང་དང་ང་ཡིའོ་ཞེས་བླང་བྱ་དང་ཡིད་སྐྱོ་བས་དོར་བྱར་འཛིན་པ་སྤངས་པའི་མཉམ་སྙོམས་པ་ཅན་ཡིན་པའི་ཕྱིར། འགའ་ཞིག་གིས་སེམས་དྭངས་བས་ཡན་ལག་ལ་ཙན་དན་གྱིས་བྱུག་པ་དང་འགའ་ཞིག་གིས་ཁོང་ཁྲོ་བས་ཡན་ལག་གཞན་སྟེའུས་གཅོད་པ་ལ་རྗེས་སུ་ཆགས་པའམ་ཁོང་ཁྲོ་བ་མེད་པར་མཚུངས་པར་གནས་པའི་ཕྱིར། གལ་ཏེ་མདོ་ལས་སྡུག་བསྔལ་གྱི་རྣམ་པ་སྒོམ་པར་གསུངས་པ་མ་ཡིན་ནམ། ཅིའི་ཕྱིར་སྡུག་བསྔལ་སྒོམ་པ་ཆགས་བྲལ་གྱི་རྒྱུར་མི་འགྱུར་ཞེ་ན། སྡུག་བསྔལ་སྒོམ་པར་གསུངས་པའི་སྡུག་བསྔལ་དེ་ཆོས་ཅན། སྡུག་བསྔལ་གྱི་རྒྱུ་ཉིད་མ་ཡིན་ཏེ། ཟག་བཅས་འདུ་བྱེད་ཀྱི་སྡུག་བསྔལ་ལ་དགོངས་པ་ཡིན་པའི་ཕྱིར། ངེད་ཀྱི་བསྒོམ་བྱར་གྱུར་པའི་སྡུག་བསྔལ་དེ་ཡང་ཆོས་ཅན། འཕགས་པའི་གཟིགས་པ་ལ་ལྟོས་ནས་སྡུག་བསྔལ་ཡིན་ཏེ། ལས་དང་ཉོན་མོངས་པའི་རྐྱེན་ལས་སྐྱེས་པའི་ཟག་བཅས་ཡིན་པའི་ཕྱིར། ཟག་བཅས་སྡུག་བསྔལ་དུ་སྒོམ་པ་དེ་ནི་ཆོས་ཅན། འཁོར་བ་ལས་དངོས་སུ་གྲོལ་བྱེད་མ་ཡིན་ཏེ། བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སྐྱེ་བའི་རྟེན་ཏེ་ཐབས་ཡ ིན་པའི་ཕྱིར། ཕུང་པོ་བདག་གི་སྟོང་པ་ཉིད་དུ་མངོན་སུམ་དུ་ལྟ་བ་ཆོས་ཅན། འཁོར་བ་ལས་དངོས་སུ་གྲོལ་བྱེད་ཡིན་ཏེ། འཁོར་བའི་རྒྱུའི་གཉེན་པོ་སྟོབས་ལྡན་ཡིན་པའི་ཕྱིར། སྒོམ་པ་ལྷག་མ་འདུས་བྱས་མི་རྟག་ཟག་བཅས་སྡུག་བསྔལ་སོགས་སུ་སྒོམ་པ་དེ་ཆོས་ཅན། འཁོར་བ་ལས་དངོས་སུ་གྲོལ་བྱེད་མ་ཡིན་ཡང་དོན་ཡོད་དེ། བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་བསྐྱེད་པའི་དོན་ནམ་ཆེད་ཡིན་པའི་ཕྱིར། སྟོང་པ་ཉིད་དུ་ལྟ་བས་གྲོལ་བར་འགྱུར་ཞིང་བསྒོམ་པ་ལྷག་མ་དེའི་ཐབས་ཙམ་ཡིན་པ་དེའི་ཕྱིར་མདོ་ལས་འདུས་བྱས་མི་རྟག་པར་རྟོགས་པ་ལས་ཟག་བཅས་སྡུག་བསྔལ་དུ་རྟོགས་ལ་དེ་ལས་ཕུང་པོ་བདག་མེད་དུ་རྟོགས་པར་འབྱུང་བར་གསུངས་ཏེ། ཇི་སྐད་དུ། དགེ་སློང་དག་གཟུགས་རྟག་པའམ་འོན་ཏེ་མི་རྟག་པ་ཡིན། བཙུན་པ་མི་རྟག་པ་ལ་ལགས་སོ། །གང་མི་རྟག་པ་དེ་བདེའམ་སྡུག་བསྔལ་བ་ཡིན། བཙུན་པ་སྡུག་བསྔལ་བ་ལགས་སོ། །གང་མི་རྟག་ཅིང་སྡུག་བསྔལ་བ་རྣམ་པར་འགྱུར་བའི་ཆོས་ཅན་དེ་ལ་འདི་ནི་ང་ཡི་འོ་འདི་ནི་ང་ཡི་བདག་གོ་ཞེས་ལྟར་རུང་ངམ། བཙུན་པ་དེ་ནི་མ་ལགས་སོ་ཞེས་སོགས་སོ། །གང་གི་ཕྱིར་སྡུག་བསྔལ་སྒོམ་པ་འཁོར་བ་ལས་དངོས་སུ་གྲོལ་བྱེད་མ་ཡིན་པ་དེའི་ཕྱིར་ཁྱོད་ཀྱི་ཕྱིར། ཆགས་བྲལ་དུ་འདོད་པའི་བདག་འཛིན་ཅན་གྱི་སྐྱེས་བུ་དེ་འདྲ་ཆོས་ཅན། འཁོར་བ་པ་ཞེས་བྱ་སྟེ། ཉོན་མོངས་པ་དང་དེས་ཀུན་ནས་བསླངས་པའི་དགེ་མི་དགེའི་ལས་ལས་གྲོལ་བ་མ་ཡིན་པའི་ཕྱིར་ཏེ། བདེ་སྡུག་བླང་དོར་གྱི་རྩོམ་པ་ཀུན་ལ་བརྟེན་པའི་ཕྱིར་ཏེ། བདེ་བ་ཐོབ་འདོད་དང་སྡུག་བསྔལ་འདོར་འདོད་ཀྱི་སྲེད་པ་དང་ལྡན་པའི་ཕྱིར། དེའི་རྒྱུ་མཚན་ཡང་བདག་ལ་ཆགས་པ་དང་བྲལ་བ་མིན་པའི་ཕྱིར། དེས་ན་བདག་འཛིན་ཡོད་ན་བདག་གི་བ་ལ་ཆགས་པས་གྲོལ་བར་མི་འགྱུར་བར་ཐལ། གྲོལ་བ་ཡོད་ཀྱང་གྲོལ་བ་པོ་ལ་བདག་གི་བ་ཡོད་པར་མི་འདོད་ན་དེའི་ཕྱིར་གྲོལ་བའི་བདག་ཆོས་ཅན། བདག་གི་བ་དེའི་ཟ་བ་པོར་ཡང་མེད་པར་ཐལ་ལོ། །འདོད་ན། དེ་ཆོས་ཅན། གྲོལ་བ་དེའི་རང་བཞིན་ཅན་གྱི་བདག་ཀྱང་མེད་པར་ཐལ། བདག་གི་བ་ཟ་པ་པོར་མེད་པ་དེ་ཚེའི་ཕྱིར། ཁྱབ་པ་ཡོད་དེ། བདག་དེ་རྒྱུ་ལས་བྱེད་པའི་བྱ་བ་ཅན་དང་འབྲས་བུ་ལོངས་སྤྱོད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །བདག་མེད་མཐོང་བ་ལམ་དུ་བསྟན་པའི་མཇུག་བསྡུས་ནས་སྟོན་པ་དེ། འཁོར་བའི་འཆིང་བ་ལས་གྲོལ་བར་འདོད་པའི་རྟོགས་ལྡན་རྣམས་ཆོས་ཅན། འབད་པ་ཆེན་པོས་བདག་མེད་མཐོང་བ་གོམས་པར་བྱས་ནས་བདག་དང་བདག་གིར་ལྟ་བའི་མཚན་ཉིད་ཅན་གྱི་འཇིག་ཚོགས་ལ་ལྟ་བ་རྩ་བ་ཉིད་ནས་དབྱུང་བར་བྱ་དགོས་ཏེ། འཇིག་ལྟ་འཁོར་བའི་རྩ་བ་ཡིན་ཞིང་། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ལམ་བདག་མེད་མཐོང་བ་ཁོ་ན་ཡིན་པ་དེའི་ཕྱིར། འཇིག་ལྟ་ཇི་ལྟ་བུ་ཞེ་ན། ཐོག་མ་མེད་པའ་ིརྒྱུན་དང་ལྡན་པའི་རང་གི་རིགས་མཐུན་པའི་ས་བོན་ལས་བྱུང་བ་ཞིག་གོ །གཞན་ཡང་གང་དག་བདག་མེད་མཐོང་བ་ལམ་མ་ཡིན་གྱི་བདག་ལ་མི་གནོད་ཀྱང་དབང་ཕྱུག་གི་དབང་དཀའ་ཙམ་གྱིས་སྐྱེས་བུ་གྲོལ་བར་འགྱུར་ཏེ། སྔར་གྱི་འདུས་བྱས་པའི་ས་བོན་སོགས་ཀྱིས་མྱུ་གུ་མི་བསྐྱེད་པ་བཞིན་ནོ་ཞེ་ན། གྲོལ་བ་དོན་གཉེར་གྱི་རྟོགས་ལྡན་རྣམས་ནི་ཆོས་ཅན། དབང་ཕྱུག་གི་དབང་དཀའ་ཙམ་གྱིས་གྲོལ་བར་སྨྲ་བའི་ལུང་ཡང་ཡོངས་སུ་མགུ་བྱེད་ཀྱི་ཚད་མ་མ་ཡིན་པར་ཐལ། དེ་ལྟར་སྟོན་པའི་ལུང་ནི་རང་གི་བརྗོད་བྱ་ཇི་ལྟར་ཡོད་པ་ལྟར་གྱི་བདེན་པ་དེ་ལྟ་བུའི་དངོས་པོ་ཅན་ཡིན་པའི་རྒྱུ་མཚན་མ་མཐོང་བའི་ཕྱིར། གཞན་དབང་ཕྱུག་གི་དབང་གི་ཆོ་ག་ནི་ཆོས་ཅན། ཁྱོད་ཀྱིས་སྔགས་ཀྱིས་བཏབ་པའི་ས་བོན་སོགས་ཀྱིས་མྱུ་གུ་མི་བསྐྱེད་པར་གྲུབ་པ་ཙམ་གྱིས་ཁྱོད་དང་ལྡན་པའི་སྐྱེས་བུས་ཀྱང་མི་སྐྱེད་པར་བྱེད་ནུས་པ་མ་ཡིན་པར་ཐལ། དེ་ལྟ་ན་ལུས་ལ་ཏིལ་མར་གྱིས་བསྐུས་པ་དང་མེས་སྲེག་པ་དང་ཕྱེ་མ་བཏགས་པ་ལ་སོགས་པ་ལས་ཀྱང་གྲོལ་བར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་ཏེ། ཏིལ་མར་ལ་སོགས་པས་བསྐུས་པའི་ས་བོན་གྱིས་མྱུ་གུ་མི་བསྐྱེད་པའི་ཕྱིར་རོ། །གང་ཡང་སྡིག་ཅན་གྱི་སྡིག་པ་བླ་མས་བླངས་ཏེ་སྦྱིན་སྲེག་བྱས་པས་སྡིག་པ་ཟད་པར་འགྱུར་ཏེ། སྔར་སྲང་ཁར་ལྕི་བ་ཕྱིས་ཡང་བར་གྱུར་བའི་ཕྱིར་ཞེས་སྨྲ་བ་ཡང་མི་རིགས་ཏེ། སྦྱིན་སྲེག་བྱས་པའི་སྐྱེས་བུ་འདི་ཆོས་ཅན། སྔར་སྲང་ཁར་ལྕི་བ་ཕྱིས་ཡང་བར་འགྱུར་བའི་ཕྱིར་སྦྱིན་སྲེག་གིས་སེམས་ཅན་གྱི་སྡིག་པ་བཅོམ་པར་བྱས་པ་མ་ཡིན་པར་ཐལ། སྦྱིན་སྲེག་གི་མེས་ལུས་གདུང་བ་ལས་ལུས་ཀྱི་ལྕི་བ་ས་ཆུ་སོགས་མེད་པར་འགྱུར་བ་ཙམ་ཡིན་གྱི་ལུས་ཅན་མ་ཡིན་པས་སེམས་ཀྱི་སྡིག་པ་སྲང་ཁར་ལྕི་བ་མ་ཡིན་ནོ། །གཞན་ཡང་དབང་བསྐུར་ཙམ་གྱིས་སྐྱེ་བ་རྒྱུན་གཅོད་མི་ནུས་ཏེ། དེའི་རྒྱུ་ལ་མི་གནོད་པའི་ཕྱིར་ཞེས་སྟོན་པ་སྟེ། སྡུག་བསྔལ་ལ་བདེ་བར་འཛིན་པའི་ལོག་ཤེས་དང་དེ་ལས་བྱུང་བའི་འཁོར་བ་དོན་དུ་གཉེར་བའི་སྲེད་པ་དང་མཚུངས་ལྡན་གྱི་སེམས་པ་དག་ཆོས་ཅན། གང་གི་རྒྱུད་ལ་ཁྱོད་བཅད་པ་དེ་ཡང་སྲིད་པར་མི་འགྲོ་སྟེ། ཁྱོད་ཀྱི་དབང་གིས་བྱེད་པ་དབང་སོགས་རྣམས་མངལ་སོགས་དམན་པའི་གནས་སུ་འགྲོ་བའི་སྒོ་ནས་སྐྱེ་བ་ལེན་པ་དེའི་ཕྱིར། རྟགས་གྲུབ་སྟེ། དེ་ལྟ་བུའི་སེམས་པ་དེ་དག་ཆོས་ཅན། ཐ་མལ་པ་མངལ་སོགས་སུ་སྐྱེ་བ་ལ་ནུས་པ་དང་བཅས་པ་ཡིན་ཏེ། ཁྱོད་རྒྱུར་ཡོད་པ་ཙམ་ལས་ཐ་མལ་པའི་སྐྱེ་བ་འབྱུང་བའི་ཕྱིར། ཅིས་ཏེ་སྔོན་བྱས་པའི་ལས་ཀྱང་རྒྱུར་ཡོད་པའི་ཕྱིར་དེ་ཙམ་ལས་ནི་འབྱུང་བའི་ཕྱིར་ཞེས་པ་མ་གྲུབ་བོ་ཞེ་ན། དེ་ལྟ་བུའི་སེམས་པ་དེ་དག་ཆོས་ཅན། རང་ལས་དོན་གཞན་པའི་སྔོན་གྱི་ལས་ཡང་སྲིད་པར་སྐྱེ་བའི་རྒྱུར་དགོས་པ་མ་ཡིན་ཏེ། རང་ཉིད་ཡང་སྲིད་ཀྱི་རྒྱུར་གྱུར་པའི་ཡིད་ཀྱི་ལས་ཡིན་པའི་ཕྱིར། དེས་ན་དབང་བསྐུར་ཅན་གྱི་ཐ་མལ་པ་ཆོས་ཅན། ཡང་སྲིད་པར་སྐྱེ་བར་འགྱུར་ཏེ། དེར་སྐྱེ་བའི་རྒྱུ་ལོག་སྲེད་ཉམས་པ་མེད་པའི་ཕྱིར། གལ་ཏེ་རྟགས་མ་གྲུབ་སྟེ། ཡུལ་གཞན་དུ་འགྲོ་བ་དང་ཡུལ་གཟུགས་སོགས་རྟོགས་པའི་རྟེན་བྱེད་པ་དབང་སོགས་ཡིན་ལ་བྱེད་པ་དེ་ནི་མ་མཐོང་བ་ཆོས་དང་ཆོས་མ་ཡིན་པའི་ལས་ལས་སྐྱེ་བར་འགྱུར་ཞིང་དབང་བསྐུར་གྱིས་མ་མཐོང་བའི་ལས་ཞིག་པར་བྱས་པའི་ཕྱིར་དབང་བསྐུར་དང་ལྡན་པས་ཁྱོད་ལ་དབང་སོགས་མངལ་སོགས་སུ་འགྲོ་བ་མེད་དོ། །དེས་ན་མ་མཐོང་བའི་ལས་དེ་ནི་དགེ་མི་དགེའི་འཇུག་པ་ཉི་ཤུ་འཇུག་པས་བསྐྱེད་པའི་བདག་གི་ཡོན་ཏན་འདུ་བྱེད་ཡིན་ལ། ཁྱོད་འདོད་པ་ལྟར་གྱི་ལོག་སྲེད་དང་མཚུངས་ལྡན་གྱི་སེམས་པ་མིན་ནོ་ཞེ་ན། ལོག་སྲེད་དང་མཚུངས་ལྡན་གྱི་བློ་སེམས་པ་ཆོས་ཅན། བྱེད་པ་དབང་སོགས་མངལ་སོགས་སུ་སྐྱེད་པ་ལ་ཁྱོད་ཀྱི་ནུས་པ་མཐོང་གི་གཞན་བདག་གི་ཡོན་ཏན་འདུ་བྱེད་ཀྱིས་ནི་མ་ཡིན་ཏེ། བྱེད་པ་དབང་སོགས་དེ་རྣམས་ཁྱོད་ཕན་འདོགས་བྱེད་དུ་ཡོད་པ་དང་མེད་པའི་རྗེས་སུ་འཇུག་ལྡོག་བྱེད་པའི་ཕྱིར། དེས་ན་དབང་བསྐུར་ཅན་གྱི་སྐྱེས་སུ་ཐ་མལ་པ་ཆོས་ཅན། རང་རྒྱུད་ཀྱི་དབང་སོགས་དེ་དག་ཡང་སྲིད་པར་ཅིས་མི་འགྲོ་སྟེ་འགྲོ་བར་ཐལ། ལོག་སྲེད་དང་མཚུངས་ལྡན་གྱི་སེམས་པ་དེ་མ་ཉམས་པ་ཡོད་པའི་ཕྱིར། གལ་ཏེ་དབང་བསྐུར་དང་ལྡན་པའི་ལོག་སྲེད་དང་མཚུངས་ལྡན་གྱི་སེམས་པ་དེ་དག་ལ་བྱེད་པ་དབང་སོགས་མངལ་སོགས་སུ་འཕེན་པར་བྱེད་པའི་ནུས་པ་མེད་དེ། དེས་དེ་བསྐྱེད་པའི་ལྷན་ཅིག་བྱེད་རྐྱེན་བདག་གི་ཡོན་ཏན་འདུ་བྱེད་ཀྱི་འདུས་པ་དབང་བསྐུར་གྱིས་ཉམས་པར་བྱས་པའི་ཕྱིར་ཞེ་ན། དབང་བསྐུར་ཅན་གྱི་ཐ་མལ་པ་ཆོས་ཅན། དབང་དང་གྲོལ་སོགས་ཀྱི་སྔགས་སོགས་བྱས་མ་ཐག་ཏུ་རང་རྒྱུད་ཀྱི་བྱེད་པ་དབང་སོགས་དེ་དག་སེམས་པའི་དབང་གིས་འཛིན་འཕེན་འཁྲུག་དང་འགོག་པ་དག་ཏུ་འགྱུར་བ་མ་ཡིན་པར་ཐལ། སེམས་པས་བྱེད་པ་དབང་སོགས་འཛིན་འཕེན་སོགས་སུ་བསྐྱེད་པའི་ལྷན་ཅིག་བྱེད་རྐྱེན་གྱི་ནུས་པ་དབང་བསྐུར་གྱིས་བཅོམ་པའི་ཕྱིར། དེ་ལ་ཡུལ་ལ་རང་དགར་འཇུག་པ་ནི་འཛིན་པ་དང་མངོན་པར་འདོད་པའི་ཡུལ་ལ་འཇུག་པ་ནི་འཕེན་པའམ་འཇུག་པ་དང་སྣུན་པ་ལ་སོགས་པས་བློ་རྣམ་པ་གཞན་དུ་འགྱུར་བ་ནི་གཡེང་བའམ་འཁྲུགས་པ་དང་རྗེས་སུ་མཐུན་པའི་ཐབས་ཡོད་ན་དེ་ལྡོག་པ་ནི་འགོག་པའོ། །ཅི་སྟེ་དབང་བསྐུར་ཅན་གྱི་སྐྱེས་བུ་འཆི་བ་དེའི་ཚེ་འཕེན་བྱེད་ཀྱི་བློའི་རྒྱུན་ཆད་ནས་མེད་པའི་ཕྱིར་བྱེད་པ་དབང་སོགས་རྣམས་མངལ་སོགས་སུ་འཕེན་པར་མི་འགྱུར་རོ་ཞེ་ན། དབང་བསྐུར་ཅན་གྱི་སྐྱེས་བུ་འཆི་ཁའི་དྲི་མ་ལོག་སྲེད་དང་མཚུངས་ལྡན་གྱི་བློ་རྣམས་ཆོས་ཅན། ཁྱོད་ཀྱིས་རང་གི་རིགས་འདྲ་ཕྱི་མ་མཚམས་སྦྱོར་བར་ནུས་ཏེ། དེ་མཚམས་སྦྱོར་བའི་རྒྱུ་ཚང་ཞིང་གེགས་མེད་པའི་ཕྱིར། གལ་ཏེ་རྟགས་མ་གྲུབ་སྟེ། དབང་བསྐུར་གྱིས་དེ་རྣམས་ལ་རང་གི་རིགས་འདྲ་ཕྱི་མ་མཚམས་སྦྱོར་བའི་ནུས་པ་མེད་པར་བྱས་པའི་ཕྱིར་ཞེ་ན། དབང་བསྐུར་ཅན་གྱི་ཐ་མལ་པ་ཆོས་ཅན། གསོན་པ་ཉིད་ཀྱི་ཚེ་ནའང་ལོག་སྲེད་སྔ་མ་ལ་ཕྱི་མ་མཚམས་སྦྱོར་བའི་ནུས་པ་མེད་པར་ཐལ། དེས་དེ་བསྐྱེད་པའི་ནུས་པ་དབང་བསྐུར་གྱིས་ཉམས་པར་བྱས་པའི་ཕྱིར། དེས་ན་རིགས་མཐུན་པའི་རང་གི་རིགས་འདྲ་སྔ་མའི་ས་བོན་ལས་རྒྱུན་དུ་འཇུག་པ་ཅན་གྱི་ཉེས་པ་ལོག་སྲེད་ཆོས་ཅན། དབང་བསྐུར་ཙམ་ལས་ལྡོག་པ་མེད་དེ། དབང་བསྐུར་གྱིས་རང་གི་བརྒྱུད་ལ་མི་གནོད་པའི་ཕྱིར། དེར་ཐལ། གཉེན་པོ་བདག་མེད་མཐོང་བ་འཕེལ་ན་ཁྱོད་འགྲིབ་ཅིང་རང་གི་ཕྱོགས་ལོག་སྲེད་འཕེལ་བ་ན་ཁྱོད་འཕེལ་བར་འགྱུར་གྱི་དབང་བསྐུར་ཙམ་ལས་ཁྱོད་འཕེལ་འགྲིབ་ཏུ་མི་འགྱུར་བའི་ཕྱིར། གལ་ཏེ་བདག་ཀྱང་ལུས་ངག་གི་ལས་བྱིན་གྱིས་རློབ་པ་པོ་ཡིན་པའི་སྒོ་ནས་འཁོར་བར་སྐྱེ་བའི་རྒྱུ་ཡིན་མོད། ཅིའི་ཕྱིར་བདག་དེའི་རྒྱུར་མི་གནས་ཞེ་ན། བདག་དེ་ཆོས་ཅན། རིམ་གྱིས་འབྲས་བུ་སྐྱེད་པར་བྱེད་པ་འགལ་བར་ཐལ། རྐྱེན་ལ་ལྟོས་པ་མེད་པའི་ཕྱིར་ཏེ། རྟག་པའི་ཕྱིར་རོ། །ཡང་དེ་ཆོས་ཅན། འབྲས་བུ་སྐྱེད་པའི་དུས་ནའང་འབྲས་བུ་སྐྱེད་བྱེད་དུ་འགལ་བར་ཐལ། འབྲས་བུ་བྱེད་པ་དང་མི་བྱེད་པ་དག་ནི་འདྲ་བའི་བདག་ཉིད་ཅན་ཡིན་པའི་ཕྱིར། རྒྱུ་ལ་སོགས་པའི་གནས་སྐབས་ཀྱི་བདག་ཆོས་ཅན། འབྲས་བུ་ལོངས་སྤྱོད་པའི་གནས་སྐབས་ཀྱི་བདག་དང་གཅིག་ཡིན་པ་འགལ་བར་ཐལ། དེའི་སྐྱེད་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར། གལ་ཏེ་འདོད་པ་ཡིན་ཏེ། དེ་གཉིས་ཐ་དད་ཡིན་ནོ་ཞེ་ན། བདག་ཆོས་ཅན། ལས་བྱེད་པ་པོ་དང་འབྲས་བུ་ཟ་བ་པོ་ཡིན་པ་ཉམས་པར་ཐལ། ལས་བྱེད་པ་པོ་དང་ཟ་བ་པོ་དེ་དག་ཁྱོད་ལས་ཐ་དད་ཡིན་གྱི་དེའི་རང་བཞིན་མ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ཁྱོད་ལོག་སྟོབས་ཀྱིས་འབྲས་བུ་སྐྱེ་བ་ལྡོག་པའི་ནུས་པ་ཡང་ནི་འགྲུབ་པ་མ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། གལ་ཏེ་བདག་འགའ་ཡང་མེད་ན་དེའི་ཕྱིར་གཞན་གྱིས་མྱོང་བ་གཞན་གྱིས་དྲན་པ་དང་སྔར་མཐོང་བ་ཕྱིས་ངོ་ཤེས་པ་དང་གཞན་གྱིས་ལས་བྱས་པ་གཞན་གྱིས་ལོངས་སྤྱོད་པ་ལ་སོགས་པ་ཧ་ཅང་ཐལ་བར་འགྱུར་རོ་ཞེ་ན། དེ་ལྟ་བུའི་ཐལ་འགྱུར་ཆོས་ཅན། སྐྱེས་བུ་རྟག་པ་གཅིག་ཡོད་པའི་རྒྱུ་མཚན་གྱིས་གང་ཟག་བཏགས་ཡོད་དུ་སྨྲ་བ་ལ་གནོད་བྱེད་ཀྱི་ཐལ་འགྱུར་མ་ཡིན་ཏེ། རྟག་པའི་སྐྱེས་བུ་འགའི་ཡང་སྔར་མྱོང་བ་ཕྱིས་དྲན་པ་མེད་པས་འདོད་ལན་ཐེབ་པའི་ཕྱིར། འོ་ན་ཇི་ལྟར་དྲན་ཞེ་ན། བདེ་སྡུག་སོགས་ཆོས་ཅན། རྟག་པའི་སྐྱེས་བུ་འགའ་ཡིས་སྔར་མྱོང་བ་ཕྱིས་དྲན་པ་མ་ཡིན་ཏེ། སྔར་རང་གསལ་པོར་རྟོགས་པའི་མྱོང་བས་བཞག་པའི་བག་ཆགས་ལས་ཕྱིས་རྐྱེན་ཇི་ལྟ་བ་བཞིན་དུ་རང་དྲན་པ་འབྱུང་བའི་ཕྱིར་རོ། །དེ་ལྟར་སྐྱེ་བའི་རྒྱུ་ལོག་སྲེད་དེའི་གཉེན་པོ་བདག་མེད་མཐོང་བ་ཡིན་ནོ་ཞེས་སྔར་བཤད་ཟིན་ལ། ད་དེ་ཇི་ལྟར་གཉེན་པོ་ཡིན་པའི་ཚུལ་སྟོན་པ་དེ། འཕགས་པའི་བདེན་པ་བཞིའི་སྡུག་བསྔལ་ལ་མི་རྟག་པ་ལས་ལྡོག་སྟེ་རྟག་པ་དང་། སྡུག་བསྔལ་ལས་བཟློག་སྟེ་བདེ་བ་དང་། བདག་མེད་པ་ལས་བཟློག་སྟེ་ང་དང་། སྟོང་པ་ལས་བཟློག་སྟེ་ངའི་ཞེས་དང་། སོགས་པས་ཀུན་འབྱུང་ལ་རྒྱུ་མ་ཡིན་ཀུན་འབྱུང་མ་ཡིན་ཞེས་པ་ནས་ལམ་ལ་ལམ་མ་ཡིན་རིག་པ་མ་ཡིན་ཞེས་པ་ལ་སོགས་པ་ཡང་དག་མ་ཡིན་པ་ཕྱིན་ཅི་ལོག་གི་རྣམ་པ་བཅུ་དྲུག་ཏུ་སྒྲོ་བཏགས་ནས་རྟག་བདེ་སོགས་སུ་ཡོངས་སུ་སྲེད་པར་བྱེད་དོ། །བདེན་པ་བཞི་པོ་དེ་ཉིད་ལ་ཕྱིན་ཅི་ལོག་གི་རྣམ་པ་བཅུ་དྲུག་པོ་དེ་དང་འགལ་བའི་དོན་མི་རྟག་པ་ལ་སོགས་པ་དེ་ཁོ་ན་ཉིད་ཀྱི་དོན་རྣམ་པ་བཅུ་དྲུག་རྗེས་སུ་རྟོགས་པ་ཅན་གྱི་བདག་མེད་མཐོང་བའི་ཤེས་རབ་ལེགས་པར་བསྒོམས་པས་སྒོམ་པ་ཡོངས་སུ་རྫོགས་པ་ན་བདག་མེད་མངོན་སུམ་དུ་མཐོང་བའི་ཡང་དག་པའི་ལྟ་བ་ཡིས་མ་རིག་པ་དངོས་སུ་བཅོམ་པའི་སྒོ་ནས་སྲེད་པ་དང་དེའི་རྗེས་སུ་འབྲང་བའི་ཕྲག་དོག་དང་སེར་སྣ་ལ་སོགས་པ་དང་བཅས་པ་འཇོམས་པར་བྱེད་དེ། དེས་ན་བདག་མེད་མཐོང་བའི་ལམ་ཁོ་ན་ལོག་སྲེད་ཀྱི་གཉེན་པོ་ཡིན་ནོ། །གལ་ཏེ་ཉོན་མོངས་པ་མེད་ཀྱང་ལས་ལུས་ཡོད་ན་སྐྱེ་བའི་ཕྱིར་ལས་ལུས་སྤོང་བའི་གཉེན་པོ་ལམ་དུ་འགྱུར་རོ་ཞེས་སྨྲ་བ་ཡང་མི་རིགས་ཏེ། ཆགས་བྲལ་ཆོས་ཅན། ལས་དང་ལུས་དག་གནས་ན་ཡང་སླར་འཁོར་བར་སྐྱེ་བར་སྲིད་པ་མ་ཡིན་ཏེ། དེར་སྐྱེ་བའི་རྒྱུ་ཉོན་མོངས་པའི་རང་བཞིན་གཅིག་མེད་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ་སྐྱེ་བ་ནི་ལས་ལུས་ཉོན་མོངས་པ་གསུམ་གྱི་རྒྱུ་ཅན་ཡིན་པའི་ཕྱིར། དཔེར་ན་ཆུ་ཡོད་ཀྱང་ས་བོན་མེད་པར་མྱུ་གུ་མི་འབྱུང་བ་བཞིན་ནོ། །

དེ་ལྟ་ན་ལས་ལུས་མེད་ན་ཡང་རྒྱུ་གསུམ་པ་ཅན་གྱི་སྐྱེ་བ་མི་འབྱུང་བས་ལས་ལུས་སྤོང་བའི་གཉེན་པོའང་ལམ་དུ་འགྱུར་རོ་ཞེ་ན། གྲོལ་བ་དོན་གཉེར་གྱི་རྟོགས་ལྡན་ཆོས་ཅན། ཉོན་མོངས་པའི་གཉེན་པོ་ལས་མ་གཏོགས་པའི་ལས་དང་ལུས་ཡན་གར་བ་དག་སྤོང་བའི་གཉེན་པོ་ལ་འབད་པ་བྱེད་པའང་རིགས་པ་མིན་པར་ཐལ། ལས་ལུས་ཡན་གར་བ་སྤོང་བའི་གཉེན་པོ་དག་ནི་རྟོགས་པ་མེད་པའི་ཕྱིར་དང་། ཉོན་མོངས་པ་མ་སྤངས་པར་དེ་སྤོང་བའི་ནུས་པ་མེད་པའི་ཕྱིར་ཏེ། སྲེད་པ་ཡོད་ན་དེ་ལས་ལས་དང་དེ་ལས་འབྱུང་བས་སླར་ཡང་ལས་ལུས་འབྱུང་བའི་ཕྱིར་རོ། །གལ་ཏེ་ལས་སྲེད་གཉིས་ཀ་ཟད་ན་སྐྱེ་བར་མི་འགྱུར་བའི་ཕྱིར་ཏེ་གཉིས་ཀ་ཟད་པའི་དོན་དུ་གཉེན་པོ་ལ་འབད་པ་བྱེད་དོ་ཞེ་ན། ཡང་དེ་ཆོས་ཅན། སྲེད་པའི་གཉེན་པོ་ལས་མ་གཏོགས་པའི་ལས་ཟད་བྱེད་ཀྱི་གཉེན་པོ་ལ་དུབ་པ་བྱེད་པ་དོན་མེད་པར་ཐལ། སྲེད་པ་སྤངས་ན་ལས་སྤོང་མི་དགོས་ཤིང་སྲེད་པ་མ་སྤངས་པར་ལས་སྤོང་མི་ནུས་པའི་ཕྱིར། འཕེལ་བྱེད་ལ་སོགས་པ་ནམ་མཁའི་གོས་ཅན་པ་དག་ན་རེ། ལས་ལུས་སྤོང་བའི་གཉེན་པོ་མེད་པ་མ་གྲུབ་སྟེ། དཀའ་ཐུབ་ཀྱིས་སྔོན་སྤྱད་པའི་ལས་ཀྱི་འབྲས་བུ་ལོངས་སྤྱད་པ་ཟད་པར་འགྱུར་བའི་ཕྱིར་དང་ལས་གསར་པ་མ་བསགས་པས་ལས་ཟད་གྲོལ་བར་འགྱུར་རོ་ཞེ་ན། སྐྱེས་བུའི་རྒྱུད་ཀྱི་ལས་རྣམས་ཆོས་ཅན། སྐྲ་འབལ་བ་ལ་སོགས་པའི་དཀའ་ཐུབ་ཀྱི་ཉོན་མོངས་པ་སྟེ་གདུང་བའི་དངོས་པོ་གཅིག་གིས་ཁྱོད་ཀྱི་འབྲས་བུ་མྱོང་བར་བྱས་པའི་སྒོ་ནས་མི་འཛད་པར་ཐལ། འབྲས་བུ་ཐ་དད་སྐྱེད་པའི་ནུས་པ་དུ་མ་ཅན་དུ་རྗེས་སུ་དཔོག་པར་ནུས་པ་དེས་ནའོ། །དེར་ཐལ། ལོངས་སྤྱོད་ཆེ་ཆུང་ནད་ཡོད་མེད་གཟུགས་བཟང་ངན་སོགས་ཀྱི་འབྲས་བུ་སྣ་ཚོགས་འབྱུང་བར་མཐོང་བའི་ཕྱིར་རོ། །སྔ་མ་ལ་ཁྱབ་པ་ཡོད་དེ། སྐྲ་འབལ་བ་ལ་སོགས་པའི་གདུང་བའི་རྣམ་པ་འགས་དེ་ལྟ་བུའི་སྡུག་བསྔལ་དེ་སྐྱེད་པར་བྱེད་པའི་མི་དགེ་བའི་ལས་ཀྱི་འབྲས་བུ་ནི་ཅུང་ཟད་ཀྱང་ཆུང་བར་འགྱུར་སྲིད་ན་ཡང་མི་དགེ་བ་དང་རིགས་མཐུན་པ་ཅན་གྱི་དགེ་བའི་ལས་འབྲས་བུ་ཡིད་དུ་འོང་བ་འབྱུང་བ་ཟད་པ་མ་ཡིན་པའི་ཕྱིར། ཅི་སྟེ་དཀའ་ཐུབ་ཀྱི་ནུས་པ་ཡིས་ལས་ཀྱི་ཐམས་ཅད་འབྲས་བུ་འབྱིན་ནུས་སུ་ནུས་པ་འདྲེས་པར་བྱས་ཏེ་འབྲས་བུ་གཅིག་པོ་དེས་ཕྱིས་སྐྲ་འབལ་བ་ལ་སོགས་པའི་གདུང་བས་ལོངས་སྤྱད་པས་གྲོལ་བར་འགྱུར་བའམ། ཡང་ན་དཀའ་ཐུབ་ཀྱི་ནུས་པ་ཡིས་ནུས་པ་འདྲེན་མ་སྟེ་སྣ་ཚོགས་པ་ཅན་གྱི་ལས་ཀྱི་ནུས་པ་རགས་པ་ཟད་པར་བྱས་ནས་འབྲས་བུ་ཅུང་ཟད་འབྱིན་ནུས་པའི་ལས་འབྲས་ལྷག་མ་ཕྱིས་སྐྲ་འབལ་བ་ལ་སོགས་པའི་གདུང་བས་ལོངས་སྤྱད་པས་གྲོལ་བར་འགྱུར་རོ་ཞེ་ན། རེ་ཤིག་ནུས་པ་འདྲེས་པར་འདོད་པའི་ཕྱོགས་ལ་སྐྱོན་འདི་འགྱུར་ཏེ། དཀའ་ཐུབ་ཅན་གྱི་སྐྱེས་བུ་ཆོས་ཅན། དཀའ་ཐུབ་ཀྱིས་ནུས་པ་འདྲེས་པར་བྱས་པའི་ལས་འབྲས་གཅིག་པོ་དེ་སྤོང་བ་ལ་སྐྲ་འབལ་བ་ལ་སོགས་པའི་གདུང་བ་དྲག་པོ་རྩོམ་པ་དོན་མེད་པར་ཐལ། བ་སྤུ་གཅིག་རྟོག་པ་ལྟ་བུའི་ཉོན་མོངས་པ་སྟེ་གདུང་བའི་ཆ་འགས་དེ་སྤང་བའི་ཕྱིར་ཏེ། དཀའ་ཐུབ་དེས་ལས་ཐམས་ཅད་འབྲས་བུ་དེ་ཙམ་སྐྱེད་ནུས་སུ་ནུས་པ་འདྲེས་པར་བྱས་པའི་ཕྱིར། ནུས་པ་ཟད་པའམ་འདྲེས་མར་བྱས་པའི་ཕྱོགས་ལ་ཡང་སྐྱོན་ཡོད་དེ། དཀའ་ཐུབ་དེ་ལས་ངན་གྱི་འབྲས་བུར་གྱུར་པའི་སྡུག་བསྔལ་ཡིན་ནམ་འོན་ཏེ་མ་ཡིན། གལ་ཏེ་དཀའ་ཐུབ་དེ་ལས་ངན་གྱི་འབྲས་བུར་གྱུར་པའི་ཉོན་མོངས་པ་སྟེ་སྡུག་བསྔལ་ལས་གཞན་དགེ་བར་འདོད་དོ་ཞེ་ན། དེ་ཆོས་ཅན། དཀའ་ཐུབ་ཀྱི་ལས་ཀྱིས་ནུས་པ་རགས་པ་ཟད་པར་བྱས་ནས་ལས་འབྲས་ལྷག་མ་ཅུང་ཟད་སྤོང་བ་ལ་སྐྲ་འབལ་བ་ལ་སོགས་པ་གདུང་བ་དྲག་པོ་རྩོམ་པ་དོན་མེད་པར་ཐལ། སྐྲ་འབལ་བ་ལ་སོགས་པའི་ཉོན་མོངས་པ་སྟེ་གདུང་བ་མེད་པར་དཀའ་ཐུབ་ཀྱིས་ལས་འབྲས་ཀུན་སྤོང་བར་འགྱུར་བའི་ཕྱིར་ཏེ། དཀའ་ཐུབ་དེས་དམྱལ་བ་ལ་སོགས་པ་འབྲས་བུ་མི་ཟད་པ་མྱོང་འགྱུར་གྱི་ལས་རྣམས་ཀྱང་ཟད་པར་བྱས་པའི་ཕྱིར། གལ་ཏེ་དཀའ་ཐུབ་དེ་ལས་ངན་གྱི་འབྲས་བུར་གྱུར་པའི་ཉོན་མོངས་པ་སྟེ་ཚོར་བ་སྡུག་བསྔལ་ཉིད་ཡིན་ནོ་ཞེ་ན། དཀའ་ཐུབ་དེ་ནི་ཆོས་ཅན། འདིས་ཏེ་ཁྱོད་ཀྱི་ལས་རྣམས་ཀྱི་ནུས་པ་གཅིག་ཏུ་འདྲེས་པར་བྱེད་པ་དང་ལས་ཀྱི་ནུས་པ་རགས་པ་ཟད་བྱེད་སོགས་སུ་འགྱུར་བ་མ་ཡིན་པར་ཐལ། མི་དགེ་བའི་ལས་ཀྱི་འབྲས་བུ་ཡིན་པའི་ཕྱིར། དཔེར་ན་གླང་གི་ལས་འབྲས་བཞིན་ནོ། །གལ་ཏེ་བདག་མེད་མཐོང་བའི་ལམ་ཆོས་ཅན། ལས་ཀྱི་གཉེན་པོར་ཐལ། དེའི་རྒྱུ་ཉོན་མོངས་པའི་གཉེན་པོ་ཡིན་པའི་ཕྱིར། དེས་ན་ལས་ལུས་སྤོང་བའི་གཉེན་པོ་མེད་ཅེས་པ་ཁས་བླངས་ནང་འགལ་ལོ་ཞེ་ན། མ་འོངས་པའི་ལས་ཀྱི་གཉེན་པོར་སྒྲུབ་ན་གྲུབ་ཟིན་པ་ལ་སྒྲུབ་སྟེ། གང་ཡང་བདག་མེད་མཐོང་བའི་ལམ་ཆོས་ཅན། མ་འོངས་པའི་སྐྱོན་ཆགས་སོགས་རྣམས་འགོག་པར་བྱེད་ནུས་ཏེ། མ་འོངས་པ་ན་སྐྱེ་བར་འདོད་པའི་ཉེས་པ་ཆགས་སོགས་ཀྱི་ས་བོན་བཅོམ་པའི་ཕྱིར། ཡང་དེ་ཆོས་ཅན། མ་འོངས་པའི་སྐྱོན་ཆགས་སོགས་དེས་བསྐྱེད་པའི་ལས་རྣམས་སྤོང་ནུས་པར་འགྱུར་ཏེ། དེའི་རྒྱུ་ཉོན་མོངས་པའི་གཉེན་པོ་ཡིན་པའི་ཕྱིར། འདས་པའི་ལས་ཀྱི་གཉེན་པོར་སྒྲུབ་ན། རྟགས་མ་གྲུབ་པ་ཡིན་ཏེ། དེ་ཆོས་ཅན། ཇི་ལྟར་སྔར་བྱས་ཟིན་པའི་ལས་ཀྱི་རྒྱུ་ཉོན་མོངས་པ་ཉམས་བྱེད་དུ་འགྱུར་ཏེ་མི་འགྱུར་བར་ཐལ། དེ་ཁྱོད་ཀྱི་སྔར་ནས་གྲུབ་ཟིན་པའི་ཕྱིར། གལ་ཏེ་ཉོན་མོངས་པ་མེད་ན་ལས་ལུས་མི་འབྱུང་བ་བཞིན་དུ་ལས་མེད་ན་ཡང་ཉོན་མོངས་པ་མི་འབྱུང་བས་གྲོལ་བར་འགྱུར་རོ་ཞེ་ན། ཆགས་བྲལ་ཆོས་ཅན། རང་རྒྱུད་ཀྱི་ལས་ལས་ཉེས་པ་སྐྱེ་བ་མ་ཡིན་ཏེ། ཆགས་སོགས་ཀྱི་སྐྱོན་དང་ལྡན་པ་ལས་ལྡོག་ནས་དེ་དང་ལྡན་པ་མ་ཡིན་པའི་ཕྱིར། ཁྱབ་པ་ཡོདདེ། དེ་ལྟ་བུའི་སྐྱོན་དང་ལྡན་པ་ཁོ་ནས་ལས་གསོག་པར་བྱེད་པར་འགྱུར་བའི་ཕྱིར། གལ་ཏེ་དགེ་མི་དགེའི་ལས་འབྲས་བདེ་སྡུག་ལས་རིམ་པ་བཞིན་དུ་ཆགས་སྡང་སྐྱེའོ་ཞེ་ན། ཆགས་བྲལ་ཆོས་ཅན། བདེ་བ་ལས་ཀྱང་འདོད་ཆགས་སྐྱེ་བར་མི་འགྱུར་བར་ཐལ། རྟག་བདེ་སོགས་སུ་ལོག་པར་སྒྲོ་བཏགས་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར། དེ་ལྟར་བདེན་བཞི་སྟོན་པ་སྐྱོབ་པར་བསྟན་ནས་དེ་ལས་བདེ་གཤེགས་གྲུབ་པའི་ཚུལ་ནི། བཅོམ་ལྡན་འདས་ཆོས་ཅན། དེ་ཁོ་ན་ཉིད་མཁྱེན་པ་དང་མཁྱེན་པ་བརྟན་པ་དང་མ་ལུས་པ་མཁྱེན་པ་སྟེ་ཁྱད་པར་གསུམ་དང་ལྡན་པའི་མཁྱེན་པར་གྲུབ་སྟེ། གྲོལ་བ་དོན་གཉེར་ལ་བདེན་བཞིའི་བླང་དོར་ཕྱིན་ཅི་མ་ལོག་པར་སྟོན་པའི་སྐྱོབ་པ་ལས་ཏེ་ཡིན་པའི་ཕྱིར། ཁྱད་པར་གསུམ་དང་ལྡན་པའི་མཁྱེན་པ་དེ་ཉིད་སྐབས་འདིར་བདེ་བར་གཤེགས་པ་ཡིན་ཏེ། བདེ་བར་གཤེགས་པའི་སྒྲ་སྔར་སྤངས་པ་ལ་བཤད་ཅིང་འདིར་དེ་རྟོགས་པ་ཡིན་པའི་དོན་ལ་བཤད་པའི་ཕྱིར། དེས་ན་བཅོམ་ལྡན་འདས་ཆོས་ཅན། ཕྱི་རོལ་པའི་ཆགས་བྲལ་དང་རྒྱུན་ཞུགས་སོགས་སློབ་པ་དང་ཉན་རང་མི་སློབ་ལམ་པ་ལས་ལྷག་པ་ཡིན་ཏེ། རིམ་པ་ལྟར་ཚད་མས་གནོད་པ་མེད་པའི་དེ་ཁོ་ན་ཉིད་མཁྱེན་པ། བདག་ལྟ་ས་བོན་དང་བཅས་པ་སྤངས་པས་བརྟན་པ་དང་། ཡུན་རིང་པོར་ཐབས་མང་པོ་ལ་གོམས་པས་མ་ལུས་པ་མཁྱེན་པ་དེའི་ཕྱིར། དེ་ལས་སྟོན་པ་འགྲུབ་པའི་ཚུལ་ནི། གཞན་དོན་མཁྱེན་པའི་དོན་དུ་སྦྱོར་བ་བརྩོན་འགྲུས་ཀྱིས་ལམ་གོམས་པས་གྲུབ་སྟེ། ཁྱད་པར་གསུམ་དང་ལྡན་པའི་མཁྱེན་པ་མངའ་བ་དེ་ཡིན་པའི་ཕྱིར། དེ་ལྟ་བུའི་ལམ་གོམས་པར་མཛད་པ་དེ་ཆོས་ཅན། འདིར་བརྟགས་ནས་སྟོན་པར་བཤད་པའི་རྒྱུ་མཚན་ཡོད་དེ། སྟོན་པ་མཚན་ཉིད་པ་དེའི་རྒྱུ་ཡིན་པའི་ཕྱིར། དེ་ལས་ཕན་བཞེད་པ་འགྲུབ་པའི་ཚུལ་ནི། བཅོམ་ལྡན་འདས་ཆོས་ཅན། འགྲོ་བ་ལ་ཕན་པར་བཞེད་པའི་བརྩེ་བ་མངའ་བ་ཡིན་ཏེ། གཞན་དོན་མཁྱེན་པའི་དོན་དུ་སྦྱོར་བ་བརྩོན་འགྲུས་ཀྱིས་ལམ་གོམས་པར་མཛད་པ་དེ་ལས་ཏེ་དེའི་ཕྱིར། དེའི་རྒྱུ་མཚན་ཡང་། རང་དོན་ཁྱད་པར་གསུམ་དང་ལྡན་པའི་མཁྱེན་པ་གྲུབ་ཀྱང་གཞན་དོན་གྱི་ངོར་རང་གིས་གཟིགས་པའི་བདེན་བཞི་ཕྱིན་ཅི་མ་ལོག་པར་སྟོན་པའི་མཛད་པ་མི་འདོར་བའི་ཕྱིར། རྒྱུ་མཚན་དེ་དག་ཀུན་ལས་ཚད་མར་གྲུབ་པའི་ཚུལ་ནི། དེ་ཆོས་ཅན། གྲོལ་བ་དོན་གཉེར་ལ་ཚད་མའི་སྐྱེས་བུ་ཉིད་དུ་གྲུབ་སྟེ། གང་གི་ཕྱིར་དེ་ལས་ལེགས་པ་དང་བདེན་པ་དེ་གསུང་བ་ལ་ཡང་མངོན་སྦྱོར་ཏེ་བརྩོན་འགྲུས་དང་ལྡན་པས་དེས་ན་སྟེ་དེའི་ཕྱིར་རོ། །ལེགས་པའམ་ཕན་པ་གསུངས་པ་ཡིན་ཏེ། འགྲོ་བ་ལ་ཕན་པར་བཞེད་པའི་བརྩེ་བ་མངའ་བས་སོ། །ཐར་ལམ་བདེན་པའམ་ཕྱིན་ཅི་མ་ལོག་པར་གསུངས་པར་མཛད་དེ། ཁྱད་པར་གསུམ་ལྡན་པའི་མཁྱེན་པའི་ཡེ་ཤེས་མངའ་བ་ལས་ཏེ་དེའི་ཕྱིར། ཡེ་ཤེས་དེ་ཡང་རྒྱུ་མེད་མ་ཡིན་ཏེ། ཡུན་རིང་དུ་ཐབས་མང་པོ་གོམས་པའི་སྒྲུབ་བྱེད་དེ་རྒྱུ་དང་བཅས་པ་ཡིན་པའི་ཕྱིར། དེ་ལྟར་བཅོམ་ལྡན་ཚད་མར་བསྟོད་པའི་རྒྱུ་མཚན་རྒྱས་པར་བསྟན་ནས་དེའི་དགོས་པ་སྟོན་པ་ནི། སློབ་དཔོན་ཕྱོགས་གླང་ཆོས་ཅན། བཅོམ་ལྡན་འདས་དེ་ཚད་མར་གྱུར་པ་དེ་ལྟ་བུའི་དངོས་པོར་སྟོན་པའི་སྒོ་ནས་བསྟོད་པའི་དགོས་པ་ཡོད་དེ། སྟོན་པ་དེའི་བསྟན་པ་གསུང་རབ་ཉིད་ལས་ཚད་མའི་དེ་ཁོ་ན་ཉིད་དེ་མཚན་ཉིད་གྲུབ་པ་ཡིན་གྱི་ཁོ་བོས་རང་དགར་བཞག་པ་ནི་མ་ཡིན་ནོ་ཞེས་རྟོགས་པའི་དོན་ཡིན་པའི་ཕྱིར། དེས་ན་ཆོས་མངོན་པའི་མདོ་ལས་མངོན་སུམ་གྱི་མཚན་ཉིད་གསལ་པོར་གསུངས་ཤིང་། བཅོམ་ལྡན་འདས་ཆོས་ཅན། རྗེས་དཔག་ཀྱང་ཚད་མར་བཤད་པ་ཡིན་ཏེ། རྗེས་སུ་དཔག་པ་ཚད་མ་ཡིན་པ་མ་བཟློག་པའི་ཕྱིར་དང་། ཁྱོད་ཀྱི་གསུང་རབ་ལ་རྗེས་དཔག་འདིའི་རྟེན་དུ་གྱུར་པའི་སྦྱོར་བ་དུ་མ་མཐོང་བའི་ཕྱིར་རོ། །ཇི་ལྟར་ན། གང་ཅུང་ཟད་ཀྱང་སྐྱེ་བོ་བདག་ཉིད་ཅན་གང་ཡིན་པ་དེ་ཐམས་ཅད་འགག་པའི་ཆོས་ཅན་ནོ་ཞེས་སོགས་རྗེས་དཔག་གི་མཚན་ཉིད་རྣམ་པ་དུ་མར་ནི་གསུངས་པའི་ཕྱིར་རོ། །དེའི་སྦྱོར་བ་བསྟན་པས་དེ་ཇི་ལྟར་བསྟན་ཞེ་ན། ཤེས་བྱ་ཆོས་ཅན། ཚུལ་གསུམ་སྟོན་པའི་སྦྱོར་བ་བསྟན་པས་རྗེས་དཔག་བསྟན་པར་འགྱུར་ཏེ། བསྒྲུབ་བྱའི་ཆོས་དང་མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་པའི་མཚན་ཉིད་དང་ལྡན་པའི་ཕྱོགས་ཆོས་ཅན་གྱི་རྟགས་ནི་རྗེས་དཔག་གི་རྟེན་ཡིན་པའི་ཕྱིར་རོ། །རྟགས་ཆོས་མེད་ན་མི་འབྱུང་བའི་འབྲེལ་བ་དེ་ཡང་གསལ་བར་བཤད་དེ། བསྒྲུབ་བྱའི་ཆོས་འགག་པའི་ཆོས་ཅན་གྱིས་གཏན་ཚིགས་ཀྱིས་སྐྱེ་བའི་ཆོས་ཅན་ལ་ཁྱབ་པར་བསྟན་པའི་ཕྱིར་རོ། །ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ལས་ཚད་མ་གྲུབ་པ་སྟེ་ལེའུ་གཉིས་པའི་རྣམ་པར་བཤད་པའོ། །


previousརིགས་པའི་འདོད་འཇོ་ལས་ལེའུ་གཉིས་པའི་རྣམ་བཤད།next