Nitartha Digital Library
Tibetan
 
previousརིགས་པའི་འདོད་འཇོ་ལས་ལེའུ་གསུམ་པའི་རྣམ་བཤད།next

རིགས་པའི་འདོད་འཇོ་ལས་ལེའུ་གསུམ་པའི་རྣམ་བཤད།

དེ་ལྟར་སློབ་དཔོན་གྱིས་བསྟན་བཅོས་འཆད་པའི་རྒྱུ་རང་དོན་རྗེས་དཔག་དང་པོར་བཤད་ཅིང་དེའི་འོག་ཏུ་བསྟན་བཅོས་ཀྱི་མཆོད་བརྗོད་བཤད་ནས། ད་སྐབས་སུ་བབ་པ་ཚད་མའི་མཚན་ཉིད་སྟོན་པའི་ལུས་འཆད་པར་བཞེད་ནས་གཞལ་བྱ་གཉིས་ཕྱིར་ཞེས་སོགས་གསུངས་སོ། །འདིར་ཚད་མ་དང་ཚད་མའི་མཚན་ཉིད་དང་དེ་སྟོན་པའི་བསྟན་བཅོས་ལ་ལོག་པར་རྟོག་པ་བཞི་སྟེ་འདི་ལྟར། ཚད་མའི་གྲངས་དང་། མཚན་ཉིད་དང་། སྤྱོད་ཡུལ། འབྲས་བུ་ལ་ལོག་པར་རྟོག་པའོ། །དེ་ལ་རེ་ཞིག་གང་དག་མངོན་སུམ་ཁོ་ན་ཚད་མ་ཡིན་གྱི་རྗེས་དཔག་ནི་ཚད་མ་མ་ཡིན་ནོ་ཞེས་པ་དང་། སྒྲ་བྱུང་དང་ཉེར་འཇལ་ལ་སོགས་པ་ཚད་མ་གཞན་དག་ཀྱང་ཡོད་དེ་ཞེས་གྲངས་ལ་ལོག་པར་རྟོག་པ་བསལ་བའི་ཕྱིར་བཤད་པ། བསླུ་བ་མེད་པའི་མཚན་ཉིད་ཅན་གྱི་ཚད་མ་ནི་མངོན་རྗེས་གཉིས་ཁོ་ན་ཡིན་གྱི་དེ་ལས་མང་ཉུང་དུ་མ་ཡིན་ཏེ། འཆད་པར་འགྱུར་བའི་ཚུལ་གྱིས་རྗེས་སུ་དཔག་པ་ཡང་ཚད་མ་ཡིན་པའི་ཕྱིར་དང་། ཚད་མ་མང་པོར་འགྱུར་བའི་ཕྱིར་རྒྱུ་མཚན་ཡང་མེད་པའི་ཕྱིར་རོ། །རྟགས་ཕྱི་མ་གྲུབ་སྟེ། གལ་ཏེ་ཚད་མ་མང་པོར་འགྱུར་ན་གཞལ་བྱ་མང་པོ་ཡོད་པའི་ཕྱིར་རམ། གཞལ་བྱ་གཅིག་ལ་ཡང་ཚད་མ་མང་པོ་འཇུག་པའི་ཕྱིར་ཞེས་བརྟག་གྲང་། དང་པོ་མི་རིགས་ཏེ། གཞལ་བྱ་རང་སྤྱི་གཉིས་སུ་ངེས་པའི་ཕྱིར། གལ་ཏེ་ཨུཏྤལ་སྔོན་པོ་ལྟ་བུར་རང་སྤྱི་འདྲེས་པའི་གཞལ་བྱ་གསུམ་པ་ཡོད་པའི་ཕྱིར་རྟགས་མ་གྲུབ་བོ་ཞེ་ན། གཞལ་བྱ་ཆོས་ཅན། རང་སྤྱི་འདྲེས་པའི་གཞལ་བྱ་གསུམ་པ་ཡོད་པ་མ་ཡིན་པར་ཐལ། དོན་དམ་པར་དོན་བྱེད་ནུས་པ་དང་མི་ནུས་པ་གཉིས་སུ་ངེས་པའི་ཕྱིར་རོ། །གལ་ཏེ་རབ་རིབ་ཅན་ལ་སྣང་བའི་སྐྲ་ཤད་དང་ཟླ་གཉིས་ལ་སོགས་པ་དེ་དོན་བྱེད་མི་ནུས་པས་རང་མཚན་མ་ཡིན་པར་གསལ་བར་སྣང་ཞིང་རྗེས་འགྲོ་མི་བྱེད་པས་སྤྱི་མཚན་ཡང་མ་ཡིན་པས་རྟགས་མ་གྲུབ་བོ་ཞེ་ན། རབ་རིབ་ཅན་ལ་སྣང་བའི་སྐྲ་ཤད་དང་ཟླ་བ་གཉིས་ལ་སོགས་པ་ཆོས་ཅན། ཚད་མས་གཞལ་བར་བྱ་བའི་དོན་མིན་ཏེ། ཐ་སྙད་བྱེད་པ་པོས་ཚད་མས་གཞལ་བར་བྱ་བའི་དོན་དུ་མོས་ཤིང་ཞེན་པ་མེད་པའི་ཕྱིར་ཏེ། རང་གི་ངོ་བོས་དོན་བྱེད་མི་ནུས་ལ་ཁྱོད་ལ་དོན་དུ་ཞེན་ནས་ཞུགས་པས་དེ་དང་རྗེས་སུ་མཐུན་པའི་དོན་ཐོབ་པ་མེད་པའི་ཕྱིར་རོ། །གཞལ་བྱ་ཆོས་ཅན། རང་སྤྱི་གཉིས་ལས་མ་གཏོགས་པའི་གཞལ་བྱ་ཕུང་པོ་གསུམ་པ་མེད་དེ། འདྲ་བ་ཐུན་མོང་དང་མི་འདྲ་བ་ཐུན་མོང་མ་ཡིན་པ་གཉིས་སུ་ངེས་པ་ཉིད་ཀྱི་ཕྱིར་དང་། རྗོད་བྱེད་སྒྲའི་དངོས་ཡུལ་ཡིན་པ་དང་དངོས་ཡུལ་མིན་པ་གཉིས་སུ་ངེས་པའི་ཕྱིར་དང་། རང་གི་གཟུང་ཡུལ་ལས་རྒྱུ་མཚན་གཞན་རང་རྒྱུ་བརྡ་དང་། རྩོལ་བ་དང་དེ་དང་རྗེས་སུ་མཐུན་པའི་སྤྱི་དེ་སོགས་ནི་ཡོད་པ་ན་རང་གི་ཡུལ་ཅན་གྱི་བློ་དེ་ནི་ཡོད་པ་དང་རང་གི་གཟུང་ཡུལ་ལས་གཞན་དབང་ཡིད་སོགས་ཡོད་ཀྱང་ཕྱི་རོལ་མེད་ན་རང་གི་བློ་མེད་པ་གཉིས་སུ་ངེས་པའི་ཕྱིར་རོ། །ཅིའི་ཕྱིར་དོན་བྱེད་ནུས་མི་ནུས་སོགས་སུ་ངེས་པས་གཞལ་བྱ་རང་སྤྱི་གཉིས་སུ་ངེས་ཤེ་ན། དོན་དམ་པར་དོན་བྱེད་ནུས་པ་དང་ཐུན་མོང་མ་ཡིན་པར་གནས་པ་དང་རྗོད་བྱེད་སྒྲའི་དངོས་ཡུལ་མ་ཡིན་པ་དང་རང་གི་གཟུང་ཡུལ་ལས་རྒྱུ་མཚན་གཞན་ཡོད་ཀྱང་རང་གི་ཡུལ་ཅན་གྱི་བློ་མེད་པ་སོགས་གང་ཡིན་པ་དེ་བསྟན་བཅོས་འདིར་དོན་དམ་དུ་ཡོད་པ་ཡིན་ལ། དེ་ལས་གཞན་དོན་དམ་པར་དོན་བྱེད་མི་ནུས་པ་སོགས་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་ཞིང་དོན་དམ་དང་ཀུན་རྫོབ་ཏུ་ཡོད་པ་དེ་དག་གོ་རིམ་བཞིན་དུ་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་དུ་ཁོ་བོ་ཅག་བཤད་པ་ཡིན་ནོ། །གལ་ཏེ་དབུ་མ་པ་ཁ་ཅིག་དོན་དམ་པར་དོན་བྱེད་ནུས་པ་རང་མཚན་གྱི་མཚན་ཉིད་དུ་མི་རིགས་ཏེ། དངོས་པོ་ཐམས་ཅད་ལ་དོན་དམ་པར་དོན་བྱེད་པའི་ནུས་པ་མེད་པའི་ཕྱིར་རོ་ཞེ་ན། ས་བོན་དང་མེ་སོགས་ནི་ཆོས་ཅན། དོན་དམ་པ་དོན་བྱེད་ནུས་པ་མེད་པ་མ་ཡིན་པར་ཐལ། མྱུ་གུ་དང་དུ་སོགས་ལ་ཕན་འདོགས་པའི་ནུས་པ་དངོས་སུ་མཐོང་བའི་ཕྱིར། གལ་ཏེ་དེ་དག་གིས་དེ་བསྐྱེད་པ་དེ་ཀུན་རྫོབ་ཏུ་འདོད་ཀྱི་དོན་དམ་དུ་མ་ཡིན་ནོ་ཞེ་ན། དེ་དག་ཆོས་ཅན། ཀུན་རྫོབ་ཏུ་དོན་བྱེད་ཅེས་མིང་ཇི་ལྟར་འདོགས་པ་དེ་ལྟར་དུ་འགྱུར་གྱི་གཏན་ནས་དོན་མི་བྱེད་པ་མ་ཡིན་ཏེ། མཁས་པ་ནས་བྱིས་པའི་བར་གྱིས་བསྙོན་མི་ནུས་པར་མྱུ་གུ་དང་དུ་སོགས་བསྐྱེད་པར་དངོས་སུ་མཐོང་བའི་ཕྱིར། གལ་ཏེ་ཇི་ལྟར་དེ་ལྟར་འགྱུར་ཞེས་ཁས་བླངས་ན་རང་སྤྱི་ཀུན་ལ་དོན་བྱེད་ནུས་པ་དེ་ཡོད་པས་རང་མཚན་གྱི་མཚན་ཉིད་འཁྲུལ་ལོ་ཞེ་ན། སྤྱིའི་མཚན་ཉིད་ཆོས་ཅན། ཐ་ན་རང་འཛིན་གྱི་ཤེས་པ་ཙམ་བསྐྱེད་པའི་དོན་བྱེད་པའང་མིན་ཏེ། མིག་དང་རྣ་བ་དང་དེ་དང་རྗེས་སུ་མཐུན་པའི་ཡིད་བྱེད་སོགས་ཡོད་ཀྱང་གཟུགས་སྔོན་པོ་ལ་སོགས་མེད་ན་དེའི་ཡུལ་ཅན་གྱི་བློ་མི་སྐྱེ་བ་དང་དེ་ཉེ་བ་ན་དེའི་བློ་སྐྱེ་བ་བཞིན་དུ་རང་འཛིན་གྱི་བློ་ལ་རང་ཕན་འདོགས་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་མ་མཐོང་བའི་ཕྱིར། སྤྱི་འཛིན་སྤྱི་ལས་མི་སྐྱེ་བར་བསྟན་པ་དེས་ནི་རྫས་བུམ་པ་དང་བུམ་པ་འདེགས་འཇོག་སོགས་ཀྱི་ལས་དང་བུམ་པ་ཉིད་ཅེས་པའི་སྤྱི་དང་ནི་གཅིག་གཉིས་ཞེས་སོགས་གྲངས་དང་ལྡན་པ་དང་རྣམ་དབྱེ་སོགས་ལ་རྟོག་པའི་བློ་ནི་ཆོས་ཅན། བྱེ་བྲག་པས་ཇི་ལྟར་ཀུན་བརྟགས་པ་ལྟར་གྱི་རྫ་བུམ་སོགས་གཟུང་ཡུལ་དུ་བྱས་པ་ལས་སྐྱེ་བ་མ་ཡིན་ནོ་ཞེ་ན་བཤད་པ་ཡིན་ཏེ། རང་རྒྱུ་བརྡ་དང་རྩོལ་བ་དང་དེ་དང་རྗེས་སུ་མཐུན་པའི་ཡིད་བྱེད་སོགས་ནང་གི་ཡན་ལག་ཙམ་གྱི་རྗེས་སུ་འཇུག་ལྡོག་བྱེད་པའི་ཕྱིར་རོ། །

གལ་ཏེ་སྐྲ་སོགས་ཀྱང་སྤྱིར་འགྱུར་ཏེ། གཟུང་ཡུལ་ལས་རྒྱུ་གཞན་རབ་རིབ་ཙམ་ཡོད་ན་ཡོད་པའི་ཕྱིར་དང་དོན་བྱེད་མི་ནུས་པའི་ཕྱིར་རོ། །དེས་ན་སྤྱིའི་མཚན་ཉིད་འཁྲུལ་ལོ་ཞེ་ན། སྐྲ་སོགས་འཛག་པར་མཐོང་བའི་དབང་ཤེས་ཆོས་ཅན། རང་ལ་སྣང་བའི་སྐྲ་ཤད་སོགས་ནི་ཁྱོད་ཀྱིས་ཞེན་ནས་གཞལ་བར་བྱའི་སྤྱི་མིན་ཏེ། དེ་ལ་དོན་ནམ་ཡུལ་དུ་ཞེན་པ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་དངོས་པོར་མེད་པ་ཡང་སྤྱིར་མི་འགྱུར་ཞེ་ན། དངོས་པོར་མེད་པ་ཆོས་ཅན། ཁྱོད་ལ་ཡུལ་དུ་ཞེན་པ་མེད་པས་སྤྱིར་མི་འགྱུར་བའི་ཉེས་པ་དག་ཏུ་ཐལ་བར་མི་འགྱུར་ཏེ། ཁྱོད་ལ་རྣམ་བཅད་དགག་པའི་སྒོ་ནས་ཤེས་བྱར་འཛིན་ཅིང་ཞེན་པ་ཡོད་པའི་ཕྱིར། གལ་ཏེ་དེ་ལྟ་ན་སྐྲ་སོགས་ཀྱི་རྣམ་པ་ཡང་སྤྱིར་ཐལ་ལོ་ཞེ་ན། སྐྲ་སོགས་དེ་དག་གི་རྣམ་པ་ཡང་ཆོས་ཅན། རྟོག་པས་ཕྱི་རོལ་གྱི་སྐྲ་སོགས་དེ་ལྟའི་དངོས་པོར་ཞེན་པའི་ཚེ་སྤྱི་ཡིན་ཏེ། དེའི་ཚེ་རྟོག་པས་ཤེས་བྱར་འཛིན་པ་བཀག་པ་མེད་པའི་ཕྱིར། གལ་ཏེ་སྐྲ་སོགས་དེ་ཕྱི་རོལ་གྱི་དངོས་པོ་མ་ཡིན་ན། ཅིའི་ཕྱིར་གསལ་བར་སྣང་ཞེ་ན། དེ་ཆོས་ཅན། ཕྱི་རོལ་གྱི་དངོས་པོ་མ་ཡིན་ཡང་། གསལ་བར་སྣང་བ་ཉིད་ཡིན་ཏེ། ཤེས་པའི་ངོ་བོ་དོན་རང་མཚན་ཉིད་ཀྱི་ཕྱིར། འདི་ཕྱི་རོལ་གྱི་སྐྲ་སོགས་སོ་ཞེས་བྱ་བར་ཞེན་པའི་བློ་དག་ནི་ཆོས་ཅན། སྤྱིའི་སྤྱོད་ཡུལ་ཡིན་ཏེ། དོན་ལ་དཔྱོད་པའི་བློ་ཡིན་པའི་ཕྱིར། སྐྲར་སྣང་དབང་ཤེས་ཆོས་ཅན། རང་ལ་སྣང་བ་ལྟར་གྱི་དོན་མེད་པ་ཅན་ཡིན་ཏེ། འཁྲུལ་ཤེས་ཡིན་པའི་ཕྱིར་རོ། །གལ་ཏེ་ཤེས་པའི་ངོ་བོ་ཡིན་པས་དོན་དེ་རང་མཚན་ཉིད་ཡིན་ན། བུམ་པའི་སྤྱི་འཛིན་རྟོག་པ་ལ་སྣང་བའི་བུམ་པའི་སྤྱི་རྣམ་ཡང་ནི་རང་མཚན་དུ་ཐལ་བར་འགྱུར་རོ་ཞེ་ན། དེ་ཆོས་ཅན། རང་མཚན་དུ་ཐལ་བའི་སྐྱོན་ཡོད་པ་མིན་ཏེ། དེ་ལྟར་དུ་འདོད་པའི་ཕྱིར། འོ་ན་དེ་རང་མཚན་ཡིན་ན་སྤྱི་ཡིན་པར་ཇི་ལྟར་འགྱུར་ཞེ་ན། དེ་ཆོས་ཅན། ཤེས་པ་ཡིན་པའི་ཆ་ནས་བུམ་སྤྱིར་བཞག་པ་མ་ཡིན་གྱི་རྟོག་ངོར་དོན་བུམ་སོགས་ཀྱི་ངོ་བོ་ཡིན་པ་ཉིད་ཀྱི་ཆ་ནས་བུམ་སོགས་ཀྱི་སྤྱིར་བཞག་པ་ཡིན་ཏེ། བུམ་གསལ་ཀུན་ལ་ངོ་བོ་མཚུངས་པ་སྟེ་ཐུན་མོང་དུ་རྗེས་སུ་འགྲོ་བའི་ངོ་བོ་ཡིན་པའི་ཕྱིར་དང་བུམ་མ་ཡིན་པ་དེ་ལས་ལྡོག་པའི་བུམ་པ་རང་མཚན་མཐོང་བའི་མངོན་སུམ་ལ་བརྟེན་པའི་སྒོ་ནས་བུམ་མ་ཡིན་ལས་ལྡོག་པ་ལྟར་སྣང་བའི་ཕྱིར་རོ། །གལ་ཏེ་གཟུགས་སོགས་ལས་ཐ་མི་དད་ཀྱི་སྤྱི་མེད་ན་གཟུགས་སོགས་ཉིད་སྤྱིར་འགྱུར་རོ་ཞེ་ན། སྤྱི་དེ་ཆོས་ཅན། གཟུགས་སོགས་ཀྱི་དངོས་པོ་མིན་ཏེ། རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་ཉིད་ཡིན་པའི་ཕྱིར། དེ་ཉིད་ཀྱི་གཞུང་འཛུགས་པ་དེ། གཟུགས་རང་མཚན་པ་རྣམས་ཆོས་ཅན། སྒྲ་རྟོག་གི་དངོས་སུ་སྣང་ནས་རྟོགས་པར་བྱ་བ་མ་ཡིན་ཏེ། ཁྱོད་དངོས་སུ་སྣང་ནས་རྟོགས་པ་ལ་མིག་སོགས་དབང་པོའི་ཚོགས་འབྲས་བུའི་དགོས་པ་དང་བཅས་པ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་ཉན་ཐོས་གནས་མ་བུ་པ་སོགས་ན་རེ། གཟུགས་སོགས་སྒྲའི་བརྗོད་བྱ་མ་ཡིན་གྱི་འོན་ཀྱང་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་རང་བཞིན་མིང་དང་སོགས་པ་དོན་གྱི་མཚན་མ་རྣམས་དངོས་དང་བརྒྱུད་པའི་སྒོ་ནས་རྗོད་བྱེད་སྒྲའི་བརྗོད་བྱ་ཡིན་ནོ་ཞེ་ན། བུམ་སོགས་འཆད་པ་པོ་དང་ཉན་པ་པོ་གང་རུང་གི་བློ་དང་རྗེས་སུ་འབྲེལ་བའི་བརྗོད་བྱ་བུམ་སོགས་དང་རྗེས་སུ་འབྲེལ་བ་ཅན་ནམ་འཆད་ཉན་དོན་གསུམ་གང་དང་ཡང་འབྲེལ་བ་མེད་པ་ཅན་གྱི་མིང་སོགས་སྒྲའི་བརྗོད་བྱ་ཡིན་ཞེས་བརྟག །དང་པོ་ལྟར་ན་བུམ་པ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་ལས་ཉན་པ་པོ་དོན་བུམ་པ་ལ་ཐུན་མོང་མ་ཡིན་པར་འཇུག་པར་མི་འགྱུར་བར་ཐལ། ཁྱོད་ཀྱིས་བུམ་པ་མ་བརྗོད་པའི་ཕྱིར། གལ་ཏེ་བུམ་པ་དང་བུམ་པའི་མིང་སོགས་ཚུལ་ལམ་རྣམ་པ་འདྲ་བ་ཙམ་ལས་དེ་གཉིས་གཅིག་ཏུ་འཁྲུལ་ནས་བུམ་སྒྲ་ལས་དོན་བུམ་པ་ལ་འཇུག་པར་འགྱུར་རོ་ཞེ་ན། བུམ་པ་ཞེས་པའི་སྒྲ་ཆོས་ཅན་ཁྱོད་ལས་དུས་ཀུན་ཏུ་རང་གི་བརྗོད་བྱ་བུམ་པ་དང་བུམ་པའི་མིང་སོགས་གཉིས་གཅིག་ཁོ་ནར་འཁྲུལ་པར་རིགས་པ་མ་ཡིན་པར་ཐལ། དེ་གཉིས་རྣམ་པ་འདྲ་བ་ཙམ་ལ་གཅིག་ཏུ་འཁྲུལ་པ་ཡིན་པའི་ཕྱིར་དང་དཔེར་ན་མཚེ་མ་བ་ལིང་དང་མགྲིན་བཟང་གཉིས་རྣམ་པ་འདྲ་བས་རེས་འགའ་གཅིག་ཏུ་འཁྲུལ་ཡང་རེས་འགའ་ཐ་དད་དུ་རྟོག་པ་བཞིན་ནོ། །འཆད་ཉན་བྱེད་པའི་བློ་དང་འབྲེལ་བའི་བུམ་པའི་མིང་སོགས་ཆོས་ཅན། ཁྱོད་བུམ་པ་གཉིས་རྣམ་པ་འདྲ་ཡང་གནས་པའི་ཡུལ་གཅིག་ཁོ་ནར་འཁྲུལ་པར་རིགས་པ་མ་ཡིན་པར་ཐལ། དེ་གཉིས་གནས་པའི་ཡུལ་ཐ་དད་པ་ཁོ་ན་ཡིན་པའི་ཕྱིར། དཔེར་ན་མདུན་གྱི་བ་ལི་དང་རྒྱབ་ཀྱི་མགྲིན་བཟང་གཉིས་རྣམ་པ་འདྲ་ཡང་གནས་པའི་ཡུལ་ཐ་དད་པ་བཞིན་ནོ། །གལ་ཏེ་སྒྲ་བྱུང་ཤེས་པའི་སྣང་ཡུལ་ཁོ་ན་སྒྲའི་དངོས་ཀྱི་བརྗོད་བྱར་འདོད་ན་ཡང་སྒྲ་ལས་དོན་ལ་མི་འཇུག་པའི་ཉེས་པ་མཚུངས་སོ་ཞེ་ན། སྒྲ་བྱུང་ཤེས་པ་ལ་སྣང་བའི་དོན་ཆོས་ཅན། ཁྱོད་སྒྲའི་དོན་དུ་འདོད་པ་ལ་སྒྲ་ལས་དོན་ལ་མི་འཇུག་པའི་ཉེས་པ་མཚུངས་པ་མིན་པར་ཐལ། ཁྱོད་སྒྲས་བརྗོད་པ་ན་ཕྱིར་རོལ་གྱི་བུམ་སོགས་ཀྱི་རྣམ་པ་དེ་འདྲར་ཞེན་པའི་བློ་སྐྱེ་བའི་སྒོ་ནས་དོན་བུམ་སོགས་ལ་འཇུག་པར་འགྱུར་བའི་ཕྱིར། དེ་ལས་གཞན་མིང་སོགས་སྒྲའི་བརྗོད་བྱར་འདོད་པའི་ལུགས་ལ་ཆོས་ཅན། སྒྲ་བྱུང་ཤེས་པའི་སྣང་ཡུལ་ལ་ཕྱི་རོལ་གྱི་དོན་དུ་ཞེན་ནས་སྒྲ་ལས་དོན་ལ་འཇུག་པ་མེད་དེ། ཕྱི་རོལ་དོན་གྱི་རྣམ་པ་སྣང་བའི་བློ་ནི་ཁས་ལེན་པ་མེད་པའི་ཕྱིར་རོ། །གལ་ཏེ་སྒྲ་བྱུང་ཤེས་པ་ལ་དོན་མིང་སོགས་ཀྱི་རྣམ་པ་སྣང་བར་ཁས་ལེན་ན། ཡང་བུམ་སྒྲའི་རྗེས་སུ་འབྲང་བའི་རྣམ་པར་རྟོག་པའི་ཤེས་པ་ཆོས་ཅན། རང་ལས་རྫས་ཐ་དད་པའི་མིང་སོགས་རང་གི་གཟུང་ཡུལ་དུ་ཡོད་པར་སྒྲུབ་བྱེད་ཀྱི་ཚད་མ་ཅན་མིན་པར་ཐལ། རང་ལ་སྣང་བ་ཤེས་པ་རང་གི་བདག་ཉིད་ཡིན་ཞིང་མིང་སོགས་རང་ལ་ཕན་འདོགས་བྱེད་དུ་ལོག་སྟོབས་ཀྱིས་ཁྱོད་སྐྱེ་བ་ལོག་པ་གྲུབ་པ་མེད་པའི་ཕྱིར་རོ། །གལ་ཏེ་དེའི་ཚད་མ་ཡོད་དེ་དེ་འདྲའི་ཤེས་པ་ཆོས་ཅན། རང་ལ་སྣང་བ་ལྟར་གྱི་གཟུང་དོན་ཡོད་དེ། ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཤེས་པ་ཀུན་གཟུང་དོན་དང་ལྡན་པའི་ཕྱིར་ཞེ་ན། ཤེས་པ་ཀུན་བཟུང་དོན་དང་ལྡན་པ་འཐད་པ་མ་ཡིན་ཏེ། རྨི་ལམ་དང་སྐྲ་སོགས་སྣང་བའི་ཤེས་པ་རྣམས་གཟུང་དོན་ཡོད་པ་ལས་རྣམ་པ་གཞན་དུ་མེད་པར་མཐོང་བའི་ཕྱིར། གལ་ཏེ་རྨི་ལམ་དུ་གང་རྨིས་པའི་མིང་སོགས་གཟུང་དོན་ཡིན་ནོ་ཞེ་ན། སྔོ་སོགས་སྣང་བའི་རྨི་ལམ་གྱི་ཤེས་པ་ཆོས་ཅན། སྔོན་པོ་ལ་སོགས་པའི་མིང་སོགས་ལྡན་པ་མ་ཡིན་པའི་འདུ་བྱེད་གཟུང་དོན་དུ་ཡོད་པ་ལས་ཀྱང་སྐྱེས་པ་མ་ཡིན་པར་ཐལ། སྔོ་སོགས་ཀྱིས་མཚོན་པའི་ཁ་དོག་དང་དབྱིབས་ལ་སོགས་པར་སྣང་བའི་ཕྱིར་རོ། །རང་ལ་སྣང་བ་དེ་ཕྱི་རོལ་གྱི་སྔོ་སོགས་མིན་ཏེ། དེ་ཐོགས་པ་མེད་པའི་ཕྱིར། རང་ལ་སྣང་བ་དེ་ཤེས་པ་ཡིན་ཏེ། དེ་རུང་ཡུལ་དེར་གནས་པའི་སྐྱེས་བུ་གཞན་གྱིས་མི་ཤེས་པར་རང་ཉིད་ཁོ་ནས་ཤེས་པའི་ཕྱིར། རྨི་ལམ་གྱི་སྣང་བ་ཤེས་པར་བསྟན་པ་དེས་ནི་སྒྲ་བྱུང་ཤེས་པ་ཆོས་ཅན། རང་ལ་སྣང་བའི་མིག་སོགས་རང་ལས་དོན་གཞན་མ་ཡིན་ཏེ། དེ་རུང་ཡུལ་ཞེས་སོགས་ཡིན་པའི་ཕྱིར་ཞེས་བརྗོད་པ་ཡིན་ནོ། །གཞན་ཡང་མིག་ལ་སོགས་པའི་བློ་མ་འཁྲུལ་བ་གཟུང་དོན་དང་ལྡན་པར་འདོད་པ་དེ་ཉིད་གཟུང་དོན་དང་ལྡན་པར་རྒྱུ་མཚན་གང་གིས་འཇོག་པར་འདོད་ཅེས་དྲིས་པས། གལ་ཏེ་དབང་ཤེས་ལ་དོན་གཟུགས་སོགས་ཀྱིས་ཕན་འདོགས་པའི་ནུས་པ་མཐོང་བའི་ཕྱིར་དེས་དེའི་གཟུང་དོན་དུ་འཇོག་གོ་ཞེ་ན། གཞན་སྤྱི་འཛིན་ཤེས་པ་ཆོས་ཅན། སྤྱི་དེ་རང་གི་གཟུང་དོན་དུ་མེད་པ་ཅན་ཡིན་པར་ཐལ། དེས་ཕན་འདོགས་པའི་ནུས་པ་མ་མཐོང་བའི་ཕྱིར་ཏེ། བརྡ་དང་རྩོལ་བ་སོགས་ནང་གི་ཡན་ལག་གི་རྗེས་སུ་འཇུག་པའི་ཕྱིར་རོ་ཞེས་ཐོབ་པར་འགྱུར་རོ། །གལ་ཏེ་འཆད་ཉན་དོན་གསུམ་གང་དང་ཡང་འབྲེལ་བ་མེད་པའི་མིང་སོགས་སྒྲའི་བརྗོད་བྱར་འདོད་ན་ཡང་སྒྲ་ལས་དོན་ལ་འཇུག་པར་མི་འགྱུར་བའི་སྔར་གྱི་སྐྱོན་སོ་ན་གནས་སོ། །གལ་ཏེ་དོན་བུམ་སོགས་དང་འབྲེལ་བར་ལྡན་པའི་མིང་སོགས་སྒྲའི་བརྗོད་བྱར་འདོད་ན། ཤེས་བྱ་ཆོས་ཅན། འདས་པ་དང་མ་འོངས་པའི་དོན་ད་ལྟ་སྒྲའི་བརྗོད་བྱ་མིན་པར་ཐལ། འདས་པའི་དོན་དང་དེ་ལ་བརྟེན་པའི་མིང་སོགས་དེ་ནི་དེ་ལྟར་ཟད་པ་སྟེ་འགག་པའི་ཕྱིར་དང་མ་འོངས་པ་དག་ནི་མ་སྐྱེས་པའི་ཕྱིར་རོ། །གལ་ཏེ་གཟུགས་སོགས་རང་མཚན་སྒྲས་བརྗོད་ན་དབང་ཚོགས་དོན་མེད་པར་ཐལ་བའི་ཉེས་པ་འབྱུང་བར་མི་འདོད་དེ། སྒྲའི་གསལ་བ་ལ་ལྟོས་མེད་ཀྱི་གཟུགས་སོགས་ཀྱི་སྤྱི་ཡན་གར་བ་ནི་བརྗོད་ཅིང་གཟུགས་སོགས་བརྗོད་པ་མ་ཡིན་པའི་ཕྱིར་ཞེ་ན། བརྗོད་བྱེད་ཀྱི་སྒྲ་ཆོས་ཅན། ཁྱོད་ཀྱི་གསལ་བ་ལྟོས་མེད་ཀྱི་སྤྱི་ཡན་གར་བ་བརྗོད་པའི་རྒྱུ་མཚན་གྱིས་གཟུགས་སོགས་རང་མཚན་རྟོགས་པ་ལ་དབང་ཚོགས་དོན་ཡོད་པ་དེ་མིན་པར་ཐལ། གསལ་བ་ལ་ལྟོས་མེད་ཀྱི་སྤྱི་ཡན་གར་བ་བརྗོད་པ་མེད་པའི་ཕྱིར་ཏེ། གསལ་བས་ཁྱད་པར་དུ་བྱས་པའི་སྤྱི་བརྗོད་པའི་ཕྱིར་རོ། །གལ་ཏེ་སྤྱིའི་ཡན་གར་བ་བརྗོད་པར་འདོད་ནའང། གཟུགས་སོགས་ཀྱི་སྤྱི་ཆོས་ཅན། གཟུགས་སོགས་དེའི་མཚུངས་པ་སྟེ་སྤྱི་མིན་པ་དང་གཟུགས་སོགས་ཀྱིས་གསལ་བར་བྱས་པ་མ་ཡིན་པར་ཐལ། གསལ་བ་ལ་ལྟོས་མེད་ཀྱི་ཡན་གར་བར་སྒྲ་རྟོག་གིས་ཡུལ་དུ་བྱས་པའི་ཕྱིར། འདོད་ན། གསལ་བ་ཡོད་མེད་ཀྱི་དུས་རྟག་ཏུ་རང་འཛིན་ཤེས་པས་དམིགས་པར་འགྱུར་བར་ཐལ། གསལ་བས་གསལ་བར་བྱས་པ་མ་ཡིན་པ་དེས་ནའི་ཕྱིར་དང་རྟག་པ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ། ཡང་གསལ་བས་སྤྱི་གསལ་བར་བྱས་པ་ལས་སྤྱི་མངོན་སུམ་ལ་གསལ་བ་ཡིན་པས་རྟག་ཏུ་དམིགས་པར་མི་འགྱུར་ཞེ་ན། བདག་ལ་དམིགས་པའི་མངོན་སུམ་གྱི་ཤེས་པ་བསྐྱེད་པ་ལ་ཕན་པར་ནུས་པའི་སྤྱི་གང་ཡིན་དེ་ཆོས་ཅན། རང་འཛིན་ཤེས་པ་རྟག་ཏུ་བསྐྱེད་ནུས་ཉིད་ཡིན་པར་ཐལ། དེ་བསྐྱེད་པར་ནུས་ཤིང་རྟག་པའི་ཕྱིར། གལ་ཏེ་གསལ་བ་མེད་པའི་དུས་འགའ་ཞིག་གི་ཚེ་དེ་བསྐྱེད་པའི་ནུས་པ་མེད་ན། དེའི་ཕྱིར། སྤྱི་དེ་ནི་ཆོས་ཅན། གསལ་བ་ཡོད་མེད་དུས་ཀུན་གྱི་ཚེ་ཡང་རང་འཛིན་ཤེས་པ་བསྐྱེད་པའི་ནུས་པ་མེད་པར་འགྱུར་རོ། །དེ་ཉིད་ཀྱི་གཞུང་འཛུགས་པ་དེ། དེ་ཆོས་ཅན། རང་འཛིན་ཤེས་པ་བསྐྱེད་པའི་ནུས་པ་ཡོད་པའི་ནུས་པ་མེད་པ་ཅན་དུ་ངོ་བོ་ཉིད་ཀྱིས་གང་གནས་པ་དེ་ཟད་པར་བྱ་བའི་ཕྱིར་དུ་རྐྱེན་གྱི་ནུས་པ་གང་ཞིག་འཇུག་སྟེ་མི་འཇུག་པར་ཐལ། དེའི་ནུས་པ་ཡོད་པའམ་མེད་པ་ཅན་དུ་བཅོས་སུ་ཡོད་པ་མ་ཡིན་པའི་ཕྱིར་ཏེ། རྟག་པའི་ཕྱིར་རོ། །

གཞན་ཡང་གསལ་བ་ལ་ལྟོས་མེད་ཀྱི་སྤྱི་ཡན་གར་བ་སྤྱི་འཛིན་ཤེས་པའི་ཡུལ་ཡིན་པའང་མི་རིགས་ཏེ། སྤྱི་ཆོས་ཅན། སྤྱི་འཛིན་པའི་རྣམ་པར་ཤེས་པ་དེ་དང་རྗེས་སུ་འབྲེལ་བའི་སྔོན་པོས་མཚོན་པའི་ཁ་དོག་དང་དབྱིབས་ལ་སོགས་པ་རྣམ་པའི་ཆ་ནི་རྣམ་པར་ངེས་པ་གང་ཡིན་དེ་ནི་སྤྱི་འཛིན་ཤེས་པ་དེ་ལ་གང་གིས་ན་ཁྱོད་ཀྱིས་སྤྲུལ་ཞིང་བཞག་པ་ཡིན་ཏེ་མ་ཡིན་པར་ཐལ། ཁ་དོག་དབྱིབས་ཀྱི་སྟོང་རྟག་དངོས་ཡིན་ཕྱིར། གལ་ཏེ་གཟུགས་སོགས་རང་མཚན་སྒྲ་རྟོག་གི་ཡུལ་ཡིན་ཀྱང་དབང་པོའི་ཚོགས་པ་དོན་མེད་མིན་ཏེ་མངོན་སུམ་དུ་ཤེས་པའི་སྟེ་འབྲས་བུ་ཉིད་བསྐྱེད་པའི་དོན་ཉིད་དུ་དབང་ཚོགས་འཇུག་པའི་ཕྱིར་ཞེ་ན། སྒྲ་སོགས་ལ་དམིགས་པའི་དབང་བློ་དང་ཡིད་བློ་རྟོགས་པ་ཆོས་ཅན། སྒྲ་སོགས་གསལ་མི་གསལ་ཐ་དད་དུ་སྣང་བ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། སྒྲ་སོགས་དེའི་དངོས་པོ་གཅིག་པུ་རང་གི་གཟུང་དོན་དུ་བྱས་ནས་འཛིན་པར་འདྲ་བའི་ཕྱིར། གཞན་ཡང་རིགས་པ་འདིས་ཀྱང་སྤྱི་དངོས་མེད་དུ་གྲུབ་སྟེ། གལ་ཏེ་མ་གྲུབ་ན་སྤྱི་གསལ་གཉིས་གཅིག་གམ་ཐ་དད། གལ་ཏེ་གྲངས་ཅན་པས་གཅིག་ཅེ་ན། རིགས་ལྡན་དཀར་ཟལ་ཆོས་ཅན། བ་ལང་གི་རིགས་དང་གཅིག་མིན་པར་ཐལ། གང་གི་ཕྱིར་ན་མི་གསལ་བའི་ངོ་བོ་གཞན་བ་ལང་ནག་སྒུར་སོགས་ལ་བརྟེན་ཅིང་འཇུག་པ་མེད་པའི་ཕྱིར། གལ་ཏེ་བྱེ་བྲག་པས་ཐ་དད་དུ་གྲུབ་ཅེ་ན། འོ་ན་སྤྱི་དེ་དོན་དམ་པར་གསལ་བ་ལ་ལྟོས་སམ་མི་ལྟོས། མི་ལྟོས་ན་འབྲེལ་བ་མེད་པའི་ཕྱིར་སྤྱིར་མི་འགྱུར་ལ། ལྟོས་ན་དེའི་ཕྱིར་སྤྱི་དེ་གསལ་བའི་འབྲས་བུ་ཉིད་དུ་བརྗོད་དགོས་ན་དེ་ཡང་མི་རིགས་ཏེ་སྤྱི་རྟག་པའི་ཕྱིར་རོ། །གཞན་ཡང་སྐྱེས་ཟིན་པའི་འབྲས་བུ་མྱུ་གུ་ཆོས་ཅན། རང་རྒྱུ་ས་བོན་ལ་རག་ལས་མེད་པ་ཡིན་ཏེ་རང་གི་རྒྱུ་ས་བོན་ལས་རང་གི་ངོ་བོ་གྲུབ་ཟིན་པའི་ཕྱིར། ཡང་དོན་དམ་པར་རང་རྒྱུ་ས་བོན་དང་འབྲེལ་བ་མེད་དེ། རྟོག་པས་ས་བོན་འདིའི་འབྲས་བུ་ནི་འདིའོ་ཞེས་ས་བོན་དང་ནི་འབྲེལ་བར་བྱེད་པ་ཙམ་ཡིན་པའི་ཕྱིར། རྒྱུ་འབྲས་ལ་ཡང་དོན་དམ་པར་འབྲེལ་བ་མེད་ན་སྤྱི་ནི་ཆོས་ཅན། ཇི་ལྟར་ཡང་གསལ་བ་དང་དོན་དམ་པར་འབྲེལ་བ་ཅི་ཞིག་ཡོད་དེ་མེད་པར་ཐལ། གསལ་བའི་འབྲས་བུ་མིན་ཞིང་རྟག་པའི་ཕྱིར། དེས་ན་སྤྱི་གསལ་རྫས་གཞན་ཉིད་ཡིན་ན་དེ་ལ་དོན་དམ་པར་འབྲེལ་བ་མེད་དེ། རྒྱུ་འབྲས་མ་ཡིན་པའི་རྫས་གཞན་ཡིན་པའི་ཕྱིར། དེས་ན་སྤྱི་ཆོས་ཅན། རང་བཞིན་མེད་པར་གྲུབ་སྟེ། གསལ་བ་དང་གཅིག་དང་ཐ་དད་གང་དུ་ཡང་མེད་པ་དེའི་ཕྱིར་རོ། །གལ་ཏེ་རི་བོང་རྭ་སོགས་ཀྱང་གཟུགས་སོགས་གསལ་བ་དང་དེ་ཉིད་དང་རིགས་གཞན་དུ་བརྗོད་དུ་མེད་པས་རང་བཞིན་མེད་པར་ཐལ་ལོ་ཞེ་ན། གཟུགས་སོགས་དེ་ཆོས་ཅན། མེད་པ་རི་བོང་གི་རྭ་སོགས་ཁྱོད་ཀྱི་རིགས་སུ་ཐལ་བར་མི་འགྱུར་ཏེ། དེ་ཁྱོད་ལ་ལྟོས་པ་མེད་པས་ཁྱོད་དང་ཆོས་དང་ཆོས་ཅན་དུ་མེད་པའི་ཕྱིར། གལ་ཏེ་སྤྱི་དངོས་པོ་བ་མེད་ན་སྒྲས་ཅི་ཞིག་བརྗོད་ཅེ་ན། རྗོད་བྱེད་ཀྱི་སྒྲ་རྣམས་ཀྱིས་ནི་ཆོས་ཅན། སྤྱི་དངོས་པོ་བ་མེད་པའོ་ངོ་བོ་ཏེ་རིགས་མཐུན་པའི་གསལ་བ་རང་མཚན་པ་རྣམས་རང་མ་ཡིན་ལས་ལྡོག་པ་ལ་བརྟེན་ནས་དོན་དམ་པར་ངོ་བོ་མེད་པའི་གཞན་སེལ་བ་ཞིག་སྤྱི་དངོས་པོ་བ་མེད་པ་དེའི་ཕྱིར་ན་ཁྱོད་ཀྱིས་བརྗོད་བྱ་མེད་པ་མ་ཡིན་ཏེ། ཐ་སྙད་དུ་གསལ་བ་རྣམས་རིགས་སུ་སྒྲོ་བཏགས་ནས་རང་གི་བརྗོད་བྱར་རབ་ཏུ་བསྟན་པའི་ཕྱིར། སྒྲ་ཇི་ལྟ་བུ་ཞེ་ན། ཁྱད་པར་རང་མཚན་པ་དེ་ལ་སྐྱེས་བུ་འཇུག་པའི་དོན་དུ་བརྡ་སྦྱར་བ་ཅན་ཞིག་གོ །ཤིང་སྤྱི་དེའི་ངོ་བོར་སྣང་བའམ་དོན་ཤིང་གསལ་རྣམས་ལ་རིགས་གཅིག་པ་དེ་ཉིད་དུ་འཛིན་པའི་ཤིང་གི་སྤྱི་བློ་གང་ཡིན་དེ་ཆོས་ཅན། སྣང་ཡུལ་ལ་འཁྲུལ་པ་ཡིན་ཏེ། ཐོག་མ་མེད་པའི་དུས་ཅན་གྱི་ཤིང་རང་མཚན་མཐོང་བ་གོམས་པའི་བག་ཆགས་ཀྱིས་སྤྲུལ་ཞིང་བསྐྱེད་པའི་སྒོ་ནས་སྣང་བརྟགས་གཅིག་ཏུ་ཞེན་པ་ཡིན་པའི་ཕྱིར། གཞན་སེལ་བའི་སྤྱི་ཡང་དངོས་པོར་མེད་དོ་ཞེས་སྟོན་དེ། དོན་ཤིང་གསལ་རྣམས་ཀྱི་ནི། སྤྱིར་བཞག་པ་གང་ཡིན་པ་གཞན་ཤིང་མ་ཡིན་ལས་ལྡོག་པའི་མཚན་ཉིད་ཅན་གྱི་ཤིང་སྒྲ་འདི་དག་གིས་གང་བརྗོད་པའི་ཤིང་གི་གཞན་སེལ་བ་དེ་ལ་ཆོས་ཅན། ངོ་བོ་ཅུང་ཟད་ཀྱང་མེད་དེ། སྣང་བ་ལྟར་དུ་མ་གྲུབ་པའི་ཕྱིར། ཤིང་གི་སྤྱི་བློ་ལ་སྣང་བ་དོན་ཤིང་གསལ་རྣམས་ལ་རིགས་གཅིག་ཏུ་འཁྲུལ་ཞིང་ཞེན་པའི་སྣང་བ་དེ་ཉིད་དོན་དམ་པར་སྣང་བ་ལྟར་གྱི་ངོ་བོ་མེད་པ་ཅན་ཡིན་ཡང་ཐ་སྙད་དུ་ཁོ་བོ་ཅག་གི་ཤིང་སྤྱིར་འདོད་ལ་སྤྱི་དེ་ཡང་ཆོས་ཅན། སྣང་བ་ལྟར་དོན་དམ་པར་མེད་དེ། ཤིང་གསལ་རྣམས་སྤྱི་སྟེ་རིགས་གཅིག་ཉིད་དུ་མཐོང་བའི་ཞེན་པའི་སྣང་བ་ཡིན་པའི་ཕྱིར་དང་། ཤིང་གི་སྤྱི་བློ་ཆོས་ཅན། སྣང་བ་ལྟར་གྱི་གཟུང་དོན་གྱི་ངོ་བོ་ཅན་མ་ཡིན་ཏེ། བསླད་ཅིང་འཁྲུལ་པའི་ཕྱིར་ཏེ། རང་ལ་སྣང་བ་དེ་དེ་ཁོ་ན་ཉིད་དུ་ན་སྣང་བ་ལྟར་གྱི་དོན་དངོས་སུ་མེད་པའི་ཕྱིར། དེས་ན་སྤྱི་ཆོས་ཅན། དོན་དམ་པར་གསལ་བ་དང་གཅིག་དང་ཐ་དད་དུ་བརྗོད་བྱ་མིན་ཏེ། དོན་དམ་པར་ངོ་བོ་མེད་པས་སོ། །གལ་ཏེ་ཤིང་སྤྱི་དེ་དོན་དམ་པར་རང་གིས་གསལ་བ་དང་གཅིག་དང་ཐ་དད་དུ་བརྗོད་བྱ་མ་ཡིན་ཡང་སྣམ་སོགས་ཀྱི་སྤྱི་འགའ་ཞིག་ལས་གཞན་དུ་བརྗོད་བྱར་ཡོད་པས་དངོས་པོར་འདོད་དོ་ཞེ་ན། དངོས་པོ་རྣམས་ཆོས་ཅན། ཇི་ལྟར་ཡང་དེ་ཉིད་དང་གཞན་དུ་བརྗོད་བྱ་མིན་པ་ཉིད་མ་ཡིན་པར་ཐལ། དེ་ཉིད་དང་གཞན་ཉིད་ཀྱི་རྣམ་པ་ལས་མ་འདས་པའི་ཕྱིར། ཤིང་སྤྱི་ཆོས་ཅན། སྣམ་སོགས་ཀྱི་སྤྱི་ལས་དོན་གཞན་དུ་བརྗོད་པར་བྱ་བ་མ་ཡིན་པར་ཐལ། རང་གི་ཉེར་ལེན་ནམ་རྟེན་ཤིང་གསལ་དེ་སྣམ་སོགས་ལས་ཐ་དད་དུ་ཡོད་པའི་ཕྱིར། སྣམ་སོགས་ཀྱི་སྤྱི་ལས་ཐ་དད་དུ་ཉེ་བར་བཏགས་པ་ཙམ་ཡིན་པའ་ིཕྱིར། གཞན་ཡང་འདས་པ་དང་ནི་མ་འོངས་པའི་དོན་བུམ་སོགས་ལའང་བུམ་པར་གྱུར་ཏོ། །བུམ་པར་འགྱུར་རོ་ཞེས་བུམ་པའི་མཉན་པ་དག་ནི་འཇུག་པར་འགྱུར་ཞིང་བུམ་སྒྲ་དེ་ཡང་སྤྱི་དངོས་པོ་བའི་རྒྱུ་ཅན་དུ་ཡོད་དོ་ཞེ་ན། སྤྱི་ཆོས་ཅན། ཡོད་པའི་རྫས་སུ་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། དངོས་པོར་མེད་པའི་ཆོས་ཡིན་པའི་ཕྱིར། གལ་ཏེ་བུམ་སྒྲ་དེ་འདས་མ་འོངས་ཀྱི་བུམ་པ་ལ་ཉེ་བར་བཏགས་པ་ལས་འཇུག་ཅིང་སྣམ་སོགས་ལ་མི་འཇུག་པར་འདོད་དོ་ཞེ་ན། དངོས་པོར་མེད་པའི་འདས་མ་འོངས་ཀྱི་བུམ་པ་ཆོས་ཅན། ད་ལྟར་བའི་བུམ་པ་ལ་དངོས་མིང་དུ་འཇུག་པའི་བུམ་སྒྲ་དེ་ཁྱོད་ལ་ཉེ་བར་བཏགས་ནས་འཇུག་ལ་སྣམ་སོགས་ལ་མི་འཇུག་པར་མི་རིགས་པར་ཐལ། དེ་ཁྱོད་ལ་ཉེ་བར་བཏགས་ནས་འཇུག་པའི་རྒྱུ་མཚན་གང་ཞིག་དེ་སྣམ་སོགས་ལ་མེད་ལ་ཁྱོད་དང་ནི་ཉེ་བ་སྟེ་ཁྱོད་ལ་ཡོད་པའི་རྒྱུ་མཚན་གང་སྟེ་མེད་པའི་ཕྱིར། གཞན་ཡང་སྤྱི་དངོས་པོ་ཐ་དད་པའི་ཁྱད་པར་གྱི་ཆོས་སུ་ཡོད་པ་ལ་དངོས་མིང་དང་གཞན་ལ་བཏགས་པའི་མིང་དུ་འཇུག་པ་ཡང་འཇིག་རྟེན་དང་མི་མཐུན་ཏེ། མིང་གང་ལས་དོན་དེ་ལ་བློ་ནི་འཁྲུལ་པ་མེད་པར་འཇུག་པའི་མིང་དེ་དོན་དེ་ལ་རྟག་དུ་དངོས་མིང་ཡིན་ཏེ། རི་དྭགས་ཀྱི་རྒྱལ་པོ་ལ་སེང་གེ་ཞེས་བརྗོད་པ་བཞིན་ནོ། །མིང་དེ་ཕྱིས་དོན་གཞན་ལ་སྒྲོ་འདོགས་པ་ལ་ནི་དོན་དེ་ལ་བཏགས་མིང་ཡིན་ཏེ། དཔའ་ཞིང་ཡང་རྩལ་ཆེ་བའི་བྲམ་ཟེའི་ཁྱིའུ་ལ་སེང་གེ་ཞེས་བརྗོད་པ་བཞིན་ནོ། །དངོས་བཏགས་དེ་ལྟར་བརྗོད་པའང་འཇིག་རྟེན་ན་དོན་མཐུན་དུ་གས་ནས་ཡོད་པས་སྤོང་བར་མི་རིགས་སོ། །དོན་ཤིང་གསལ་རྣམས་ལ་རིགས་གཅིག་ཏུ་འཁྲུལ་ཞིང་ཞེན་པའི་སྣང་བའམ་དེ་ཕྱི་རོལ་གྱི་ཤིང་དུ་མེད་པ་ལ་ཤིང་དུ་སྒྲོ་འདོགས་པ་ཆོས་ཅན། ཐ་སྙད་དུ་ཤིང་སྤྱིར་འདོད་དེ། དོན་དམ་པར་ངོ་བོ་མེད་པ་ཅན་ཡིན་ཡང་། ཤིང་གི་སྤྱི་བློ་ཤིང་གསལ་ལ་རྗེས་སུ་འགྲོ་བའི་ཤིང་སྤྱི་ཉིད་དུ་མཐོང་ཞིང་སྣང་བའི་ཕྱིར་དང་། ཤིང་སྤྱི་དེ་ཡང་ཆོས་ཅན། སྣང་བ་ལྟར་གྱི་ངོ་བོ་ཅན་མིན་ཏེ། རྟོག་པས་སླད་ཅིང་སྒྲོ་བཏགས་པའི་ཕྱིར་དང་། དེ་ཁོ་ན་ཉིད་དུ་ན་དོན་ཤིང་དངོས་སུ་མེད་པའི་ཕྱིར། དེ་བས་ན་བརྗོད་བྱའི་དོན་དངོས་སུ་མེད་ན་ཡང་འགྲོ་བ་བརྡ་སྦྱོར་བ་པོ་ཡིས་དོན་གང་ཐོག་མར་གྲགས་པས་བཀོད་པའི་སྒྲའམ་མིང་དེ་དོན་དེ་ལ་དངོས་མིང་ཡིན་ལ། དངོས་མིང་འཇུག་པའི་ཡུལ་དེ་དང་ཆོས་འགའ་ཞིག་ལ་མཚུངས་པའི་ཕྱིར་ཕྱིས་དོན་དེ་ལ་མིང་དུ་བརྡ་སྦྱར་ནས་དེ་ལས་དོན་གོ་བ་དང་པོར་དངོས་མིང་འཇུག་པའི་ཡུལ་དེ་ལ་རྟོག་པའམ་བློ་འཁྲུལ་ནས་དོན་དེ་གོ་བར་བྱེད་པ་ཅན་གྱི་མིང་དེ་དོན་དེ་ལ་མིང་གཞན་ཕལ་པ་བཏགས་མིང་ཡིན་ནོ། །འདས་མ་འོངས་ཀྱི་བུམ་པ་ཆོས་ཅན། བུམ་སྒྲ་དེ་ཁྱོད་ལ་བཏགས་མིང་དུ་འཇུག་པ་མི་འཐད་པར་ཐལ། དེ་ལས་ཁྱོད་འཁྲུལ་མེད་དུ་གོ་བྱ་ཡིན་པའི་ཕྱིར། གཞན་ཡང་ཁྱོད་ཀྱི་དངོས་བཏགས་ཀྱི་མཚན་ཉིད་ཀྱང་འཁྲུལ་ཏེ། ཇི་ལྟར་ན་བུ་གླེན་གྱིས་དངོས་སུ་དགྲ་འདུལ་བ་སོགས་ཀྱི་ནུས་པ་མེད་པ་ལ་བུ་མེད་ཅེས་པའམ་གྲངས་ཅན་གྱི་རྟོག་པས་སྒྲོ་བཏགས་པའི་གཙོ་བོ་དང་བདག་ལ་སོགས་པ་ཇི་ལྟ་བ་བཞིན་དུ་ཡུལ་གྱི་བྱ་བ་བྱེད་པ་དང་མི་བྱེད་ཀྱང་ཡུལ་གྱི་ལོངས་སྤྱོད་ལ་དབང་བའི་སྐྱེས་བུ་དོན་བྱེད་ནུས་པ་ལའང་གཙོ་བོ་དང་བདག་ལ་སོགས་པའི་མཉན་པ་སྟེ་མིང་བཏགས་པ་ཡང་འཇིག་རྟེན་པའི་སྐྱེ་བོས་བྱས་པར་མཐོང་བ་ཡིན་པའི་ཕྱིར་རོ། །གཞན་ཡང་རིགས་པ་འདིས་ཀྱང་སྤྱི་དངོས་མེད་དུ་གྲུབ་ཏེ། བུམ་སྒྲ་ལས་མ་ཞིག་པ་ད་ལྟར་གྱི་བུམ་པ་ལ་རྟོག་པའི་བློའང་ཆོས་ཅན། སྣང་བ་ལྟར་གྱི་གཟུང་དོན་མེད་དེ། བུམ་སྒྲ་ལས་ཞིག་པ་འདས་པའི་བུམ་པ་ལ་རྟོག་པའི་བློའི་སྣང་བ་ཅི་འདྲ་བ་དེ་འདྲ་བར་སྣང་བར་མཚུངས་པའི་ཕྱིར་རོ། ཁྱབ་སྟེ། རྣ་བ་ལ་སོགས་དབང་པོའི་རྣམ་པར་ཤེས་པ་གཟུང་དོན་ཡོད་པ་ཅན་ལ་མེད་པ་འཛིན་པ་དང་སྣང་བ་མཚུངས་པ་དེ་དག་མེད་པའི་ཕྱིར་རོ། །གལ་ཏེ་བུམ་སྤྱི་ཡན་གར་བ་ཙམ་འཛིན་པར་བྱེད་པའི་ཕྱིར་འདས་པ་དང་ད་ལྟར་གྱི་བུམ་པ་འཛིན་པའི་སེམས་གཉིས་དག་ནི་སྣང་བ་མཚུངས་པ་ཡིན་ནོ་ཞེ་ན། སྤྱི་བློས་སྤྱི་ཡན་གར་བ་དེ་འགའ་ཞིག་འཛིན་པར་བྱེད་པ་ནི་མི་རིགས་ཏེ། སྔར་དེ་མཚུངས་མིན་དང་ཞེས་སོགས་སུ་ནི་རྣམ་པར་བཟློག་ཟིན་ཏོ། །གཞན་ཡང་རིགས་པ་འདིས་ཀྱང་སྤྱི་དངོས་མེད་དུ་གྲུབ་སྟེ། གྲངས་ཅན་པས་སྤྱི་གསལ་གཅིག་ཏུ་འདོད་ན། ཕན་ཚུན་ཁྱད་པར་ཅན་གྱི་སྒྲ་སོགས་རྣམ་འགྱུར་རྣམས་ནི་ཆོས་ཅན། ཁྱད་པར་མེད་པའི་སྤྱི་དང་ངོ་བོ་གཅིག་ཏུ་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། དེ་དང་འགལ་བའི་ཕྱིར། གལ་ཏེ་དངོས་པོ་རྣམས་ལ་ཁྱད་པར་ཅན་དང་ཁྱད་པར་ཅན་མེད་པའི་ངོ་བོ་ཉིད་གཉིས་ཡོད་དོ་ཞེ་ན། ཡང་དེ་གཉིས་ཆོས་ཅན། དངོས་པོ་གཅིག་ཏུ་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། གཉིས་ཡིན་པའི་ཕྱིར། གལ་ཏེ་བྱེ་བྲག་པས་གསལ་བ་དེ་དག་ལ་མཚུངས་པར་འཇུག་པའི་སྤྱིའི་དངོས་པོ་དེ་གསལ་བ་དེ་དག་ལས་རྫས་གཞན་ཉིད་དུ་འདོད་ན། བུམ་སྤྱི་ཆོས་ཅན། བུམ་གསལ་དེ་དག་གི་སྤྱིའོ་ཞེས་དེ་དག་དང་འབྲེལ་མེད་དུ་འགྱུར་བར་ཐལ། དེ་དག་དང་རྒྱུ་འབྲས་མ་ཡིན་པའི་རྫས་གཞན་ཡིན་པའི་ཕྱིར། འོ་ན་ཉེས་པ་དེ་སེལ་བ་སྨྲ་བ་ལ་ཡང་མཚུངས་སོ་ཞེ་ན། བུམ་གསལ་རྣམས་བུམ་མ་ཡིན་ལས་ལྡོག་པའི་གཞན་སེལ་བ་དེ་ཆོས་ཅན། ཁྱོད་སྤྱིར་འདོད་པ་ལ་གསལ་བ་དང་གཅིག་དང་ཐ་དད་དུ་བརྟགས་ནས་སུན་དབྱུང་དུ་མེད་དེ། དངོས་པོར་མེད་པའི་ཕྱིར་རོ། །རྒྱུ་མཚན་དེའི་ཕྱིར་གསལ་བ་ལ་མཚུངས་པ་ཉིད་དུ་འཇུག་པའི་སྤྱི་འདི་ལ་དངོས་པོ་མེད་པའི་མཚན་ཉིད་འཇུག་པ་ཅན་ཡིན་ནོ་ཞེས་འཇུག་སྡུད་དོ། །

གཞན་ཡང་རིགས་པ་འདིས་ཀྱང་སྤྱི་དངོས་མེད་དུ་གྲུབ་སྟེ། མ་གྲུབ་ན། སྤྱི་དེ་འབྲས་བུ་ཡིན་ནམ་མ་ཡིན། གལ་ཏེ་ཡིན་ནོ་ཞེ་ན། སྤྱི་ཆོས་ཅན། དུ་མ་དང་འཇིག་པར་འགྱུར་བར་ཐལ། སྐད་ཅིག་རེ་རེ་བཞིན་གཞན་དང་གཞན་དུ་སྐྱེ་བའི་ཕྱིར། དེ་ཡང་འདོད་པ་མ་ཡིན་ཏེ། གཅིག་བུ་དང་རྟག་པར་འདོད་པའི་ཕྱིར་རོ། །གཞན་ཡང་འཇིག་པ་ནི་དངོས་པོ་གྲུབ་ཙམ་དང་ནི་རྗེས་སུ་འབྲེལ་ལོ་ཞེས་བཤད་ཟིན་པའི་ཕྱིར་ན། སྤྱི་ཆོས་ཅན། རྟག་པ་ཉིད་མིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། གལ་ཏེ་རིགས་རྣམས་འབྲས་བུ་མིན་པའི་ཕྱིར་སྐྱོན་མེད་ཅེ་ན། གསལ་བ་དང་མ་འབྲེལ་བར་ཐལ། དེ་དང་རྒྱུ་འབྲས་མ་ཡིན་པའི་རྫས་གཞན་ཡིན་པའི་ཕྱིར་དང་། དངོས་མེད་དུ་འགྱུར་བར་ཐལ། རྒྱུ་ལས་མ་སྐྱེས་པའི་ཕྱིར། གཞན་ཡང་རིགས་པ་འདིས་ཀྱང་བརྡ་དྲན་ཤེས་པའི་སྣང་ཡུལ་དངོས་མེད་དུ་གྲུབ་སྟེ། དབང་པོའི་ཤེས་པ་མ་འཁྲུལ་བ་གང་ཡིན་པ་དེ་ཆོས་ཅན། རང་ཡུལ་འཛིན་པ་བརྡ་དྲན་དག་ལ་ལྟོས་པ་མ་ཡིན་ཏེ། གཟུང་དོན་གྱི་དངོས་པོའི་སྟོབས་ཀྱིས་སྐྱེས་པའི་ཕྱིར། སྤྱིའི་བློ་ནི་ཆོས་ཅན། གཟུང་དོན་གྱི་དངོས་པོའི་སྟོབས་ལས་སྐྱེས་པ་མ་ཡིན་ཏེ། དབང་ཤེས་དེ་ལྟར་དུ་བརྡ་དྲན་ལ་མ་ལྟོས་པར་རང་ཡུལ་སྣང་བ་མེད་པར་བརྡ་དྲན་ལ་ལྟོས་ནས་རང་ཡུལ་འཛིན་པའི་ཕྱིར། གལ་ཏེ་བ་ལང་གི་བརྡ་མི་ཤེས་པའི་སྐྱེས་བུས་ཁྲ་བོ་དེ་ཁུ་ཡུ་དང་རིགས་གཅིག་ཏུ་འཛིན་ལ་རྟ་དང་རིགས་གཅིག་ཏུ་མི་འཛིན་པས་ཅི་འཛིན་སྤྱི་ལས་དེ་སྐྱེའོ་ཞེ་ན། སྐྱེས་བུས་སྔར་བ་ལང་གི་བརྡ་ཤེས་པ་མེད་ན་ཡང་བ་ལང་གི་དངོས་པོ་གཉིས་མཐོང་བ་ལ་རིགས་ཐ་དད་མེད་པར་གཅིག་ཏུ་འཛིན་པའི་བློ་འགའ་ཞིག་རྗེས་སུ་འཇུག་པ་གང་ཡིན་པ་དེ་ཆོས་ཅན། བ་ལང་གི་སྤྱི་དངོས་པོ་བ་ལས་སྐྱེ་བ་མ་ཡིན་ཏེ། བཞོ་བཀལ་ལ་སོགས་པའི་དོན་བྱེད་པ་ཉེ་བ་དང་རྗེས་སུ་འབྲེལ་བ་ཙམ་ལས་སྐྱེ་བ་ཡིན་པའི་ཕྱིར་རོ། །དཔེ་ཇི་ལྟར་ན་རིགས་དངོས་པོ་མེད་པའི་མིག་གི་ཤེས་པའི་འབྲས་བུ་ཅན་གྱི་མིག་དང་གཟུགས་དང་སྣང་བ་ཡིད་བྱེད་སོགས་རིགས་དངོས་པོ་ལ་མེད་པའི་མིག་ཤེས་ཀྱི་རྒྱུར་ཉེ་བ་ཡོད་ན་དེར་སྐྱེ་བ་འདོད་པ་བཞིན་ནོ། །དེས་ན་བ་ལང་ཁྲ་བོ་དང་ཁུ་ཡུ་སོགས་ཆོས་ཅན། རིགས་དངོས་པོ་བ་རྗེས་སུ་འགྲོ་བ་མེད་ཀྱང་རིགས་གཅིག་ཏུ་འཛིན་པའི་བློ་རྗེས་སུ་འགྲོ་བ་ཡིན་ཏེ། བཞོ་སྐལ་ལ་སོགས་པའི་དོན་བྱེད་པ་གང་གིས་བ་ལང་མ་ཡིན་པ་ལས་རྣམ་པར་ཕྱེ་བ་ཡིན་པའི་ཕྱིར། གཞན་ཡང་རིགས་པ་འདིས་ཀྱང་སྤྱི་དངོས་མེད་དུ་གྲུབ་སྟེ། སྤྱི་ཆོས་ཅན། གསལ་བ་ལ་ལྟོས་མེད་ཀྱི་ཡན་གར་བ་མེད་དེ། རྣམ་པ་འགས་ཀྱང་རང་འཛིན་རྣམ་ཤེས་ལ་གསལ་བ་ལ་ལྟོས་མེད་ཀྱི་ཡན་གར་བ་དེའི་དངོས་པོར་སྣང་བ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་དབང་པོ་ཡང་གཟུགས་སོགས་ལས་ཐ་དད་དུ་མེད་དེ་དེ་དང་སྣང་བ་མེད་པའི་ཕྱིར་ཞེ་ན། དབང་པོ་གཟུགས་ཅན་རྣམས་དེ་ཆོས་ཅན། རང་འཛིན་ཤེས་པ་ལ་གཏན་ནས་མི་སྣང་བ་མ་ཡིན་ཏེ། གལ་ཏེ་རང་ལ་ལྟ་བ་པོ་དབང་པོ་ལས་འདས་པའི་དོན་མཐོང་བ་ཡོད་ན་རང་གི་ལུས་སྣང་བར་འགྱུར་བའི་ཕྱིར་ཏེ། གཟུགས་ཅན་ཡིན་པའི་ཕྱིར། རིགས་རྣམས་ནི་ཆོས་ཅན། རང་འཛིན་ཤེས་པས་གསལ་བ་ལ་ལྟོས་མེད་ཀྱི་ཡན་གར་བ་མཐོང་བ་མ་ཡིན་ཏེ། དེ་ལྟ་བུའི་ཡན་གར་བར་མཐོང་རུང་མིན་པའི་ཕྱིར། ཤེས་པས་གསལ་བ་རྣམས་འཛིན་པའི་ཚེ་ནའང་ཁྱོད་ཡན་གར་བར་སྣང་བ་མེད་དེ། ཤེས་པ་ལ་གསལ་བ་དེའི་སྒྲ་སྟེ་མིང་དང་དབྱིབས་དང་ཁ་དོག་ལ་སོགས་པའི་ངོ་བོ་ཙམ་ཞིག་སྣང་གི་དེ་ལས་གཞན་དུ་སྣང་བ་མེད་པའི་ཕྱིར། གཞན་ཡང་དེ་ནི་ཆོས་ཅན། ཐ་ན་རང་འཛིན་ཤེས་པ་བསྐྱེད་པ་ཙམ་གྱི་དོན་བྱེད་པར་ཡང་མི་རུང་སྟེ། རང་འཛིན་ཤེས་པས་ཡན་གར་བར་དམིགས་པ་མེད་པ་དེའི་ཕྱིར། དེས་ན་ཁྱོད་རང་བཞིན་མེད་དེ། དོན་བྱེད་པ་དེར་མི་རུང་བའི་ཕྱིར། ཁྱབ་སྟེ། དོན་བྱེད་པར་མི་རུང་བ་དེ་ནི་དངོས་མེད་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་སྒྲའི་དངོས་ཀྱི་བརྗོད་བྱ་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་སོགས་སྔར་ཇི་སྐད་བཤད་པའི་རྟགས་བརྒྱད་ལས་བཟློག་པའི་སྒྲའི་དངོས་ཀྱི་བརྗོད་བྱ་མ་ཡིན་པ་སོགས་གང་ཡིན་དེ་ནི་རང་གི་མཚན་ཉིད་དུ་འདོད་དོ། །དངོས་པོ་མེད་པའི་མཚན་ཉིད་ཅན་གྱི་གཞན་སེལ་བའི་སྤྱི་དེའང་ཆོས་ཅན། རྣམ་པ་གསུམ་དུ་ཡོད་དེ། དངོས་པོ་ལ་བརྟེན་པ་སྐྱེ་ལྡན་ཉིད་དང་དངོས་མེད་ལ་བརྟེན་པ་སྐྱེ་མེད་ཉིད་དང་གཉིས་ཀ་ལ་བརྟེན་པ་ཤེས་བྱ་ཉིད་ཅེས་སོགས་སུ་ཡོད་པའི་ཕྱིར། གལ་ཏེ་དངོས་པོ་ལ་བརྟེན་པའི་སྤྱི་འཛིན་ཆོས་ཅན། དངོས་པོ་རང་མཚན་གཟུང་དོན་དུ་ཡོད་པའི་སྒོ་ནས་ཤེས་པར་འགྱུར་ཏེ། དངོས་པོ་རང་མཚན་ཡོད་མེད་ཀྱི་རྗེས་སུ་འབྲེལ་བའི་ཕྱིར་ཞེ་ན། དེ་ཆོས་ཅན། དངོས་པོ་རང་མཚན་གཟུང་དོན་དུ་ཡོད་པ་མིན་པར་ཐལ། རང་ལ་སྣང་བ་དངོས་པོར་མེད་པ་སྔར་བརྗོད་བྱ་ཉིད་ཕྱིར་ཅེས་སོགས་སུ་ལན་བཏབ་ཟིན་པའི་ཕྱིར་དང་། དངོས་པོ་རང་མཚན་ཡོད་མེད་ཀྱི་རྗེས་སུ་འབྲེལ་བའང་མ་ཡིན་པར་ཐལ། འདས་པ་དང་མ་འོངས་པ་སོགས་དངོས་པོར་ཡོད་པ་ལས་རྣམ་པ་གཞན་དུ་མེད་པ་ལ་ཡང་འཇུག་པ་མཐོང་བའི་ཕྱིར་རོ། །གལ་ཏེ་དངོས་པོ་ལ་བརྟེན་པའི་སྤྱི་དེ་དངོས་པོར་མེད་པའི་དུས་ནའང་རང་འཛིན་འཇུག་པ་མཐོང་བས་དངོས་པོའི་ཆོས་ཡིན་པར་དམ་བཅས་པ་ཉིད་ཉམས་སོ་ཞེ་ན། ཉེས་པ་འདི་མེད་དེ་བུམ་སོགས་དངོས་པོ་ལ་བརྟེན་པའི་སྤྱི་ཆོས་ཅན། གཟུགས་སོགས་བཞིན་དུ་མངོན་སུམ་གྱི་གཟུང་དོན་ཡིན་པས་དངོས་པོའི་ཆོས་སུ་བཞག་པ་མ་ཡིན་ཏེ། དངོས་པོ་རང་མཚན་འཛིན་པའི་མངོན་སུམ་སྔོན་དུ་འགྲོ་བ་ཅན་སྟེ་དེས་བཞག་པའི་བག་ཆགས་ལས་བྱུང་བའི་སྤྱི་འཛིན་གྱིས་དངོས་པོ་དེའི་ཆོས་སུ་ཤེས་ཤིང་ཞེན་པ་ཙམ་ལས་དངོས་པོའི་ཆོས་སུ་བཞག་པ་ཡིན་པའི་ཕྱིར། དེ་ལྟར་སྤྱི་དངོས་པོར་མེད་པས་རང་མཚན་ལས་མ་གཏོགས་པའི་དོན་བྱེད་པར་ནུས་པའི་གཞལ་བྱ་གཞན་མེད་པས་རང་གི་མཚན་ཉིད་ཆོས་ཅན། ཁྱོད་གཅིག་པུ་འབྲས་བུ་དོན་གཉེར་གྱིས་བརྟག་པར་བྱ་བའི་གཞལ་བྱ་ཡིན་ཏེ། དོན་དུ་གཉེར་བྱའི་འབྲས་བུ་ཡོད་མེད་ཉིད་དུ་དཔྱོད་པའི་རྟོག་ལྡན་རྣམས་ཀྱི་དོན་དུ་གཉེར་བྱ་ནི་དེ་སྟེ་ཁྱོད་ཁོ་ན་ལས་གྲུབ་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་མཚན་ཉིད་གཉིས་གཞལ་བྱ་ཞེས་གཞལ་བྱ་རང་སྤྱི་གཉིས་སུ་བཤད་པ་དང་འགལ་ལོ་ཞེ་ན། སློབ་དཔོན་ཕྱོགས་གླང་ཆོས་ཅན། རང་མཚན་ལས་མ་གཏོགས་པའི་སྤྱི་རང་རྒྱུད་པ་ཡོད་ནས་གཞལ་བྱ་རང་སྤྱི་གཉིས་སུ་བཞེད་པ་མ་ཡིན་ཏེ། རང་མཚན་དེ་ནི་མངོན་སུམ་གྱིས་རང་གི་ངོ་བོ་དངོས་སུ་སྣང་བའི་སྒོ་ནས་རྟོགས་ལ་རྗེས་དཔག་གིས་གཞན་རང་གི་གཟུང་རྣམ་ལ་དེར་ཞེན་པའི་སྒོ་ནས་རྟོགས་པའི་ཕྱིར་གཞལ་བྱ་རང་སྤྱི་གཉིས་སུ་བཞེད་པའི་ཕྱིར། གལ་ཏེ་ཡུལ་ཅན་ཚད་མས་གཉིས་སུ་རྟོགས་པས་གཉིས་སུ་གནས་སོ་ཞེ་ན། ཡུལ་ཅན་མ་འཁྲུལ་བས་གཉིས་སུ་རྟོགས་ན་གཉིས་སུ་འཐད་མོད་ཀྱི་ཡུལ་ཅན་གཉིས་པ་རྗེས་དཔག་ནི་རང་གི་སྣང་ཡུལ་ལ་འཁྲུལ་པ་ཡིན་པར་བཞེད་དེ། རྗེས་དཔག་གིས་ཇི་ལྟ་བ་བཞིན་དུ་མངོན་པར་ཞེན་པའི་དོན་དེ་ཞེན་པ་ལྟར་གྲུབ་པ་མིན་པའི་ཕྱིར། གལ་ཏེ་སྟེ་རྗེས་དཔག་ཆོས་ཅན། རང་མཚན་མི་འཐོབ་པར་ཐལ། དེའི་རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་མི་རྟོགས་པར་གཞན་གྱིས་ངོ་བོས་རྟོགས་པའི་ཕྱིར། ཐལ་བ་ལས་དེའི་རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་སྣང་བའི་སྒོ་ནས་རྟོགས་ཏེ་ཐོབ་པའི་ཕྱིར། རྗེས་དཔག་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། འཁྲུལ་པའི་ཕྱིར། ཐལ་བ་ལས་མ་འཁྲུལ་བ་ཡིན་ཏེ་ཚད་མ་ཡིན་པའི་ཕྱིར་ཞེ་ན། རྗེས་དཔག་ཆོས་ཅན། འཁྲུལ་པ་ཡིན་ཡང་ཚད་མ་ཉིད་ཡིན་ཏེ། བསམ་པའི་དོན་རང་གི་འཇུག་ཡུལ་ལ་ནི་སླུ་བ་མེད་པ་ཅན་ཡིན་པའི་ཕྱིར། ཐལ་འགྱུར་དང་པོ་མ་ངེས་ཏེ། རང་མཚན་དངོས་སུ་མ་རྟོགས་ཀྱང་མི་ཐོབ་པ་མ་ཡིན་པར་ཐལ། ནོར་བུ་རང་མཚན་སྣང་བ་ལས་རྣམ་པ་གཞན་ནོར་བུའི་འོད་ལ་ནོར་བུར་ཞེན་པ་ཉིད་ཀྱིས་ཀྱང་ནོར་བུ་རང་མཚན་རྟོགས་ཤིང་ཐོབ་པ་མཐོང་བའི་ཕྱིར། རང་རྒྱུད་དང་པོ་མ་ངེས་ཏེ། རང་མཚན་ཐོབ་ཀྱང་དངོས་སུ་སྣང་ནས་རྟོགས་པ་མ་ཡིན་པར་ཐལ། དེ་རྟོགས་པའི་ཕྱོགས་འདི་ལ་ནི་དབང་ཚོགས་འབྲས་བཅས་ཞེས་སོགས་སུ་ལན་བཏབ་ཟིན་པའི་ཕྱིར། ཐལ་རང་ཕྱི་མ་གཉིས་མ་ངེས་པར་སྟོན་པ་དེ། ཇི་ལྟར་ནོར་བུའི་འོད་དང་སྒྲོན་མའི་འོད་དག་ལ་ནོར་བུར་ཞེན་པའི་བློས་མངོན་པར་རྒྱུག་པའི་བློ་གཉིས་ཆོས་ཅན། ཁྱོད་གཉིས་ནོར་བུ་མ་ཡིན་པ་ལ་ནོར་བུར་འཛིན་པའི་ལོག་པའི་ཤེས་པར་ཁྱད་མེད་དུ་མཚུངས་ཀྱང་ནོར་བུ་རང་མཚན་ཐོབ་པའི་དོན་བྱེད་པ་ལ་ཁྱད་པར་ཡོད་དེ། ཁྱོད་གཉིས་ཅི་རིགས་ནས་ནོར་བུ་རང་མཚན་ལ་བརྒྱུད་ནས་འབྲེལ་བ་དང་མ་འབྲེལ་བའི་ཁྱད་པར་ཡོད་པའི་ཕྱིར། དེས་དེ་ལྟར་དུ་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། ཁྱོད་དང་ནི་རྗེས་དཔག་དེར་སྣང་བའི་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་དག་རང་གིས་ཇི་ལྟར་ཞེན་པ་བཞིན་གྱི་དོན་མེད་པར་མཚུངས་ནའང་ཁྱོད་ཚད་མ་ཉིད་དུ་རྣམ་པར་བཞག་པ་ཡིན་ཏེ། དེ་འཇུག་ཡུལ་ལ་འབྲེལ་བ་མེད་ལ་ཁྱོད་རང་གི་འཇུག་ཡུལ་དོན་བྱེད་པ་དང་རྗེས་སུ་འབྲེལ་ཞིང་། མི་སླུ་བ་ཅན་ཡིན་པའི་ཕྱིར། དེ་ལྟར་སྤྱི་དངོས་པོར་མེད་པས་རང་མཚན་ཉིད་རྟོགས་ཚུལ་གྱི་སྒོ་ནས་གཞལ་བྱ་རང་སྤྱི་གཉིས་སུ་བཞེད་དོ་ཞེས་བསྟན་ནས། ད་གཞལ་བྱ་རང་སྤྱི་གཉིས་སུ་ངེས་པས་ཚད་མ་ཡང་མངོན་རྗེས་གཉིས་སུ་ངེས་པར་སྟོན་པ་དེ། ཡུལ་གང་ལ་གཟུང་དོན་གྱི་ནུས་པ་ལས་ཡུལ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་ཅན་གྱི་བློ་འཇལ་བྱེད་དུ་འཇུག་པའི་ཡུལ་དེ་ཆོས་ཅན། མངོན་གྱུར་ཡིན་ཏེ། རང་ལ་འཛིན་བྱེད་དུ་འཇུག་པའི་བློ་དེ་སྒྲ་རྟོག་ལ་མ་ལྟོས་པར་ཡུལ་རང་ཉིད་ཀྱི་དབང་གིས་འཇུག་པ་ཅན་ཡིན་པའི་ཕྱིར། མངོན་སུམ་འཇལ་བྱེད་དུ་འཇུག་པ་དེ་ལས་གཞན་པའི་དངོས་པོ་མངོན་སུམ་གྱིས་མ་མཐོང་བའི་བདག་ཉིད་ཀྱི་ངོ་བོ་རྗེས་དཔག་འཇལ་བྱེད་དུ་འཇུག་པའི་ཡུལ་དེ་ཆོས་ཅན། དབང་པོ་སྟེ་མངོན་སུམ་གྱི་ཡུལ་ལས་འདས་པའི་ལྐོག་གྱུར་ཡིན་ཏེ། ཁྱོད་རྟོགས་པའི་རྟེན་ནམ་ཐབས་ནི་དོན་གཞན་ཚུལ་གསུམ་པའི་རྟགས་ཡིན་གྱི་དེ་ལས་གཞན་དུ་མི་འཐད་པའི་ཕྱིར། ལྐོག་གྱུར་རྟོགས་པའི་རྟེན་དུ་འདོད་པའི་དུ་སོགས་ཀྱི་རྟགས་དེ་ཡང་གལ་ཏེ་བསྒྲུབ་བྱའི་ཆོས་དེའི་རྟེན་ཆོས་ཅན་དང་འབྲེལ་བ་ཅན་གྱི་ཕྱོགས་ཆོས་དང་བསྒྲུབ་བྱའི་ཆོས་ལ་འབྲེལ་བ་ཅན་གྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཚད་མས་ངེས་པ་ཡིན་ན། དེའི་ཚེ་ལ་མེ་ལྡན་སོགས་ལྐོག་གྱུར་གོ་བྱེད་ཀྱི་རྟགས་ཉིད་དུ་འགྱུར་གྱི་དེ་ལས་གཞན་དུ་ནི་མ་ཡིན་ནོ། །དུ་བའི་རྟགས་ལས་ལ་མེ་ལྡན་དུ་རྟོགས་པ་དེའི་ཚེ་ཆོས་ཅན། རྗེས་དཔག་གིས་རྩ་དང་སོག་མ་སོགས་ཀྱི་མེ་དང་གསལ་འབར་བ་སོགས་ལྐོག་གྱུར་གྱི་དོན་ཐམས་ཅད་ཁྱད་པར་དུ་སོ་སོར་རྟོགས་པར་མི་འགྱུར་ཏེ། དེས་གོ་བྱེད་དུ་བའི་རྗེས་སུ་འགྲོ་བའི་མེ་ཙམ་སྤྱིའི་ངོ་བོ་ཉིད་དུ་རྟོགས་པ་དེས་ནའི་ཕྱིར། དེས་ན་ཤེས་བྱ་ཆོས་ཅན། གཞལ་བྱ་ལྐོག་གྱུར་གྱི་སྒྲུབ་བྱེད་དམ་འཇལ་བྱེད་ནི་རྗེས་དཔག་གཅིག་པུ་ཉིད་དུ་ངེས་པ་ཡིན་ཏེ། བསྒྲུབ་བྱའི་ཆོས་ལ་འབྲེལ་བ་ཅན་གྱི་རྟགས་ཀྱི་ཆོས་ལས་ནི་ཆོས་ཅན་གྱི་སྟེང་དུ་བསྒྲུབ་བྱ་ལ་རྟོགས་པ་སྐྱེ་བ་གང་ཡིན་པའི་བློ་དེ་ནི་རྗེས་དཔག་ཚད་མ་ཡིན་པའི་ཕྱིར། དེས་ན་གཞལ་བྱ་ཆོས་ཅན། མངོན་སུམ་སྟེ་མངོན་གྱུར་དང་ལྐོག་ཏུ་གྱུར་པ་ལས་མ་གཏོགས་པའི་ཁྱོད་ཡིན་གཞན་ཡོད་པ་མ་ཡིན་ཏེ། ཁྱོད་མངོན་སུམ་གྱིས་དངོས་སུ་སྣང་ནས་རྟོགས་པ་དང་རྗེས་དཔག་གིས་སྤྱིའི་ཚུལ་གྱིས་རྟོགས་པ་གཉིས་སུ་ངེས་པའི་ཕྱིར། རྒྱུ་མཚན་དེའི་ཕྱིར་གཞལ་བྱ་རང་སྤྱི་གཉིས་སུ་ངེས་པ་ཉིད་ཀྱིས་ཚད་མ་ཡང་མངོན་རྗེས་གཉིས་སུ་ངེས་པར་བཞེད་པ་དང་། གཞལ་བྱ་རང་སྤྱི་གཉིས་སུ་ངེས་པར་ནི་མཐོང་བའི་ཕྱིར་ཚད་མ་ལ་སྒྲ་བྱུང་ལ་སོགས་པ་གསུམ་པ་དང་མངོན་སུམ་གཅིག་པུར་ངེས་པའི་མང་ཉུང་གི་གྲངས་ནི་བསལ་བ་ཡིན་ནོ་ཞེས་འཇུག་བསྡུའོ། །གལ་ཏེ་རྒྱང་འཕེན་པ་ན་རེ། སྤྱི་དང་འཇིག་རྟེན་ཕ་རོལ་སོགས་ཆོས་ཅན། གཞལ་བྱ་མ་ཡིན་ཏེ། དངོས་པོར་མེད་པའི་ཕྱིར་མོ་གཤམ་གྱི་བུ་བཞིན་ནོ། །དེས་ན་གཞལ་བྱ་རང་མཚན་གཅིག་པུ་ཉིད་ཡིན་པས་ཚད་མ་ཡང་མངོན་སུམ་གཅིག་པུའོ་ཞེ་ན། བརྟག་པར་བྱ་བའི་གཞལ་བྱ་རང་མཚན་གཅིག་པུ་ཡིན་པ་ནི་ཁོ་བོའང་འདོད་པས་གྲུབ་ཟིན་སྒྲུབ་ལ། གཞན་ཡང་ཚུ་རོལ་མཛེས་པ་ཆོས་ཅན། དངོས་པོར་མེད་དེ་སྤྱི་སོགས་གཞལ་བྱ་མིན་པར་སྒྲུབ་པ་ལ་ཁྱབ་པ་མ་ངེས་པ་ཉིད་དུ་ཐལ། དངོས་པོར་མེད་པའང་ཚད་མས་ངེས་པའི་ཕྱིར། དམ་གྱིས་ཚད་མ་གཉིས་པ་རྗེས་དཔག་ཚད་མ་ཉིད་གྲུབ་པར་ཐལ། དངོས་པོར་མེད་པ་དེ་ངེས་པའི་ཚད་མ་ཡོད་པའི་ཕྱིར། གལ་ཏེ་སྤྱི་སོགས་དེ་དབང་པོའི་མངོན་སུམ་གྱིས་མེད་པར་འཇལ་བས་མ་ཁྱབ་བོ་ཞེ་ན། དབང་སྐྱེས་ཀྱི་བློ་མ་འཁྲུལ་བ་ཆོས་ཅན། སྤྱི་སོགས་དངོས་པོར་མེད་པ་ལ་འཇལ་བྱེད་དུ་འཇུག་པ་མ་ཡིན་ཏེ། གཟུང་དོན་ཕྱི་རོལ་གྱི་སྟོབས་ལས་སྐྱེས་པའི་ཕྱིར། གལ་ཏེ་དེ་ཕྱི་རོལ་དོན་གྱི་ནུས་པ་ལ་ལྟོས་པ་མེད་ན་དེའི་ཕྱིར། དབང་སྐྱེས་ཀྱི་བློ་མ་འཁྲུལ་བ་ནི་ཆོས་ཅན། རང་ཡུལ་དང་སྒྲིབ་བྱེད་ཀྱི་བར་ཆོད་པ་དང་བསྐུལ་བ་ལ་སོགས་ཡོད་ནའང་སྐྱེ་བར་འགྱུར་རོ། །གལ་ཏེ་སྤྱི་སོགས་ལ་མངོན་སུམ་ཉིད་འཇལ་བྱེད་དུ་འཇུག་པར་མི་སྨྲའི་མངོན་སུམ་ལྡོག་པ་ལས་དེ་དག་མེད་པར་ངེས་པ་ཡིན་ཞེ་ན། སྤྱི་སོགས་ལ་མངོན་སུམ་འཇལ་བྱེད་དུ་ལྡོག་པ་ཆོས་ཅན། སྤྱི་སོགས་དངོས་པོ་མེད་པའི་སྒྲུབ་བྱེད་དུ་འགལ་བར་ཐལ། རང་ཉིད་ཀྱིས་སྤྱི་སོགས་དངོས་མེད་དུ་ངེས་པར་མི་ནུས་ལ་ཁྱོད་་ལ་བརྟེན་ནས་དེ་ངེས་པར་ནུས་པ་མི་སྐྱེ་བའི་ཕྱིར་ཏེ། དངོས་པོར་མེད་པའི་ཕྱིར་རོ། །

གལ་ཏེ་སྤྱི་སོགས་དབང་པོའི་མངོན་སུམ་གྱིས་མ་དམིགས་པ་དེ་ཉིད་སྤྱི་སོགས་མེད་པའི་སྒྲུབ་བྱེད་ཡིན་ཞེ་ན། འམ་གྱིས་ཚུ་རོལ་མཛེས་པ་ཆོས་ཅན། ཚད་མ་གཉིས་པ་རྗེས་དཔག་ཚད་མ་གྲུབ་པ་ཡིན་པར་ཐལ། སྤྱི་སོགས་དབང་པོའི་མངོན་སུམ་གྱིས་མ་དམིགས་པ་དེ་ཉིད་སྤྱི་སོགས་དངོས་མེད་དུ་སྒྲུབ་པའི་ལྡོག་པ་དང་རྗེས་འགྲོ་ཅན་གྱི་རྟགས་ཡིན་པའི་ཕྱིར་དང་ལྐོག་དུ་གྱུར་པའི་དོན་ངག་སྨྲའི་སྐྱེས་བུ་གཞན་ལ་སེམས་དག་ནི་ཡོད་པར་རྟོགས་པའི་ཕྱིར་ཡང་ངོ་། །རྟགས་ཕྱི་མ་གྲུབ་སྟེ། ཚུ་རོལ་མཛེས་པ་བའི་བུ་སྲོག་ལྡན་ཆོས་ཅན། སེམས་དེའི་ངོ་བོ་དེ་ངེས་པར་གྲུབ་ཏེ། ངག་སྨྲ་སོགས་ལུས་ངག་གི་ཐ་སྙད་ལ་ནི་འཇུག་པའི་ཕྱིར། དེས་ན་ངག་སྨྲ་བའི་རྟགས་ལས་སྐྱེས་བུ་གཞན་ལ་སེམས་ཡོད་པར་རྟོགས་པའི་བློ་དེ་ཆོས་ཅན། ཚད་མ་ཉིད་ཡིན་ཏེ། རང་གི་འཇུག་ཡུལ་ལ་སླུ་བ་མེད་པ་ཅན་ཡིན་པའི་ཕྱིར། གལ་ཏེ་དུ་བས་ལ་མེ་ལྡན་དུ་དཔོག་པ་ལྟ་བུ་ཚུལ་གསུམ་པའི་རྟགས་ལ་མ་འཁྲུལ་ཡང་སྐྱུ་རུ་རས་མདུན་གྱི་སྐྱུ་རུ་ར་རོ་བསྐ་བར་སྒྲུབ་པ་ལྟ་བུ་རྟགས་ལ་ལ་དག་ཏུ་ནི་འཁྲུལ་པར་མཐོང་བའི་ཕྱིར་རྟགས་ཐམས་ཅད་ལ་ཡིད་བརྟན་མེད་དོ་ཞེ་ན། ཚུ་རོལ་མཛེས་པ་བ་ཆོས་ཅན། རྟགས་འགའ་ཞིག་འཁྲུལ་པར་མཐོང་བས་ཚུལ་གསུམ་པའི་རྟགས་དེ་ཐམས་ཅད་ལ་ཡིད་བརྟན་མེད་པ་མ་ཡིན་པར་ཐལ། རྟགས་འགའ་ཞིག་ལོག་པའམ་འཁྲུལ་པར་མཐོང་བའི་ཕྱིར་ཙམ་གྱིས་ཚུལ་གསུམ་པའི་རྟགས་དེ་ཐམས་ཅད་དེ་དང་འདྲ་བར་འཁྲུལ་པར་ཞེན་པ་ཙམ་ཡིན་པའི་ཕྱིར། དེས་ན་ཚུལ་གསུམ་པའི་རྟགས་ཐམས་ཅད་དུས་ཀུན་ཏུ་རང་གི་བསྒྲུབ་བྱ་ལ་མི་འཁྲུལ་བ་ཡིན་ཏེ། འདི་ལྟར་རྟགས་གང་ལས་དུས་འགའ་ཞིག་གི་ཚེ་རང་གི་བསྒྲུབ་བྱའི་དངོས་པོ་འགའ་ལ་དེས་རྟོགས་པར་འགྲུབ་པར་འགྱུར་པའི་འབྲས་རང་གི་རྟགས་དེ་ནི་ཆོས་ཅན། དུས་ཀུན་ཏུ་རང་གི་བསྒྲུབ་བྱ་ལ་མི་འཁྲུལ་བ་ཡིན་ཏེ། རང་གི་བསྒྲུབ་བྱའི་ཆོས་དེ་ལས་སྐྱེས་པའམ་དེའི་ཁྱབ་བྱའི་ངོ་བོར་གདོན་མི་ཟ་བར་ངེས་པའི་ཕྱིར། ཁྱབ་སྟེ། རང་གི་རྒྱུའམ་ཁྱབ་བྱེད་ཀྱི་ངོ་བོ་དེ་དག་མེད་པར་འབྲས་བུའམ་ཁྱབ་བྱའི་དོན་ནི་སྲིད་པ་མ་ཡིན་པའི་ཕྱིར་རོ། །དེས་ན་ཤེས་བྱ་ཆོས་ཅན། ཚུལ་གསུམ་པའི་རྟགས་ཐམས་ཅད་དུས་ཀུན་ཏུ་རང་གི་བསྒྲུབ་བྱ་ལ་མི་འཁྲུལ་བ་ཡིན་ཏེ། འབྲས་རང་གི་རྟགས་དེ་དག་གི་རང་གི་བསྒྲུབ་བྱའི་ཆོས་ལ་མེད་ན་མི་འབྱུང་བའི་རང་བཞིན་གྱི་འབྲེལ་བ་ཅན་དུ་མཐོང་བ་གང་ཡིན་པ་དེ་ཉིད་ཚུལ་གསུམ་པའི་རྟགས་གཞན་གྱིའང་མཚན་ཉིད་ཡིན་པའི་ཕྱིར། བལྟར་རུང་བུམ་པ་དང་ཤིང་རང་གི་ངོ་བོའི་དུ་བའི་རང་རྒྱུ་མེ་མཐོང་བའི་རྒྱུ་གཞན་དབང་ཡིད་ལ་སོགས་པ་དག་ཡོད་ཀྱང་དེ་དག་ཡོད་པར་སྣང་བ་མེད་ན་སྟེ། ཚད་མས་མ་དམིགས་པ་ནི་ཆོས་ཅན། རང་བཞིན་དང་ཁྱབ་བྱེད་དང་། རྒྱུ་དེ་དག་དང་ལྡན་པའི་བུམ་པ་དང་། ཤ་བ་དངོས་སུ་བའང་ཇི་ལྟར་ཡོད་དེ། དེ་དག་མེད་པ་ལ་མི་འཁྲུལ་ཏེ། དེ་དག་མེད་པས་ཁྱབ་པའི་ཕྱིར་རོ། །དེས་ན་སྒྲུབ་རྟགས་སུ་མ་ཟད་དགག་རྟགས་ཀྱང་རང་གི་བསྒྲུབ་བྱ་ལ་མི་འཁྲུལ་ཏེ་འདི་ལྟར། བལྟར་རུང་གི་རང་བཞིན་དང་རང་གི་ངོ་བོའི་འབྲས་བུའི་རང་རྒྱུ་མཐོང་བའི་རྒྱུ་གཞན་དབང་ཡིད་ལ་སོགས་པ་དག་ཡོད་ཀྱང་རང་བཞིན་དང་ཁྱབ་བྱེད་དང་རྒྱུ་དག་ཡོད་པར་སྣང་བ་མེད་ཅིང་མ་དམིགས་ན་རང་བཞིན་ཁྱབ་བྱེད་རྒྱུ་དེ་དག་དང་ལྡན་པའི་རང་བཞིན་ཅན་དང་ཁྱབ་བྱ་འབྲས་བུའང་ཇི་ལྟར་ཡོད་དེ་མེད་དེ། རང་བཞིན་ཅན་དང་ཁྱབ་བྱ་འབྲས་བུ་རྣམས་རང་བཞིན་དང་ཁྱབ་བྱེད་དང་རྒྱུ་རྣམས་ལ་མི་འཁྲུལ་བའི་ཕྱིར་རོ། །གཞན་ཡང་སྤྱིའི་བློ་ནི་རྗེས་དཔག་ཚད་མ་མིན་ན། ཀུན་དགའ་ར་བ་སོགས་རྟགས་ལ་བརྟེན་ནས་རྟོགས་བྱ་རྣམས་ཆོས་ཅན། མེད་པ་ཐོབ་པར་འགྱུར་བར་ཐལ། མངོན་སུམ་གྱིས་མ་རྟོགས་པའི་ཕྱིར། དཔེར་ན་འཇིག་རྟེན་ཕ་རོལ་གྱི་དངོས་པོ་མངོན་སུམ་གྱིས་མ་རྟོགས་པས་མེད་པར་འདོད་པ་བཞིན་ནོ། །གལ་ཏེ་དེ་དག་དབང་ཤེས་རྣམས་ཀྱིས་དུས་གཞན་དང་གཞན་དུ་ནི་རྟོགས་པས་མེད་པར་མི་འགྱུར་ལ་འཇིག་རྟེན་ཕ་རོལ་སོགས་ནི་དུས་ཐམས་ཅད་དུ་མ་རྟོགས་པས་མེད་དོ་ཞེ་ན། དབང་ཤེས་ཀྱི་དུས་ཐམས་ཅད་དུ་མ་གཏོགས་པས་གཏན་ནས་མེད་པ་མ་ཡིན་ཏེ། དབང་པོས་དབང་ཤེས་བསྐྱེད་པའི་ནུས་པ་དང་ཟས་ཀྱིས་བཀྲེས་པ་སེལ་བའི་ནུས་པ་སོགས་ལ་དབང་པོའི་བློ་ནི་རྟོགས་བྱེད་དུ་མི་སྲིད་ཀྱང་ཡོད་པའི་ཕྱིར། གལ་ཏེ་དཔེ་དེ་བསྐྱེད་པའི་ནུས་པ་མེད་པ་རྟོགས་པ་ཡིན་ན་ནི། དེའི་ཕྱིར། དབང་པོའི་བློ་དང་དེ་སྐྱེ་བ་རྒྱུ་མེད་དུ་འགྱུར་བར་ཐལ་ལོ། །དེས་ན་དབང་པོས་དབང་བློ་བསྐྱེད་པའི་ནུས་པ་སོགས་ལ་འཇལ་བྱེད་དུ་འཇུག་པའི་བློ་ཆོས་ཅན། རྣམ་རྟོག་མེད་པར་ཏེ་མངོན་སུམ་མིན་ཏེ། སྤྱི་འཛིན་ཡིན་པའི་ཕྱིར། ཁྱབ་སྟེ། མངོན་སུམ་རྣམ་རྟོག་མེད་པ་ཉིད་ཀྱིས་ན་རང་གི་མཚན་ཉིད་ལ་མངོན་སུམ་དུ་འཇུག་གི་སྤྱི་འཛིན་ཡིན་པའི་ཕྱིར་རོ། །དེས་ན་དེ་ལ་རྗེས་དཔག་ཉིད་ཡིན་ཏེ། དེ་ལ་རྟོག་བཅས་ཀྱི་ཚད་མ་ཡིན་པ་དེའི་ཕྱིར། གལ་ཏེ་ཁ་དོག་སོགས་ནི་ཆོས་ཅན། མི་རྟག་པ་ཉིད་དུ་རྟོགས་པར་མི་འགྱུར་བར་ཐལ། གཞལ་བྱ་རང་སྤྱི་གཉིས་སུ་ངེས་པའི་ཕྱིར། ཁྱབ་སྟེ། ཁ་དོག་མི་རྟག་པ་དེ་རང་སྤྱི་འདྲེས་པའི་གཞལ་བྱ་གསུམ་པ་ཡིན་པའི་ཕྱིར། དེས་ན་ཁ་དོག་མི་རྟག་པར་རྟོགས་པའི་བློ་ཆོས་ཅན། མངོན་རྗེས་ལས་ཚད་མ་གཞན་དུ་འགྱུར་ཏེ། སྤྱི་འཛིན་ལས་མངོན་སུམ་མ་ཡིན་ལ་རྟགས་མེད་པར་ཡང་ཡོད་པས་རྗེས་དཔག་ཀྱང་མ་ཡིན་པའི་ཕྱིར་རོ། །གྲངས་ཅན་པ་ན་རེ་ཁྱད་པར་མཐོང་བའི་བློ་དེ་ནི་ཆོས་ཅན། མངོན་རྗེས་ལས་ཚད་མ་གཞན་ཡིན་ཏེ། ལྐོག་གྱུར་རྟོགས་པས་མངོན་སུམ་མ་ཡིན་ལ་རྟགས་དང་ཆོས་ཀྱི་འབྲེལ་བ་རྟོགས་པ་མེད་པས་རྗེས་དཔག་ཀྱང་མ་ཡིན་པའི་ཕྱིར། ཡང་ཚད་མ་རྣམས་ཆོས་ཅན། མངོན་རྗེས་ལས་མང་པོ་ཉིད་ཡིན་ཏེ། གཞལ་བྱ་རང་སྤྱི་གཉིས་ལས་མང་བའི་ཕྱིར་དང་། དམ་གྱིས་གཞལ་བྱ་གཅིག་ལ་ཡང་ཚད་མ་དུ་མ་ཉིད་ནི་འཇུག་པའི་ཕྱིར་ཏེ། དཔེར་ན་ཁང་ནང་གི་མི་དེ་སྔར་མངོན་སུམ་གྱིས་རྟོགས་ལ་ཕྱིས་ཁྱད་པར་མཐོང་བའི་ཤེས་པས་རྟོགས་པ་བཞིན་ནོ། །ཡང་ཚད་མ་མངོན་སུམ་གཅིག་པུར་ངེས་པའི་གྲངས་ཀྱང་སེལ་བར་མི་འགྱུར་ཏེ། མངོན་རྗེས་གཉིས་ཡུལ་རང་སྤྱི་སོ་སོར་འཛིན་པའི་ངེས་པ་ནི་མེད་པའི་ཕྱིར་དང་། ཚད་མ་གསུམ་པ་སོགས་ཀྱི་གྲངས་ཀྱང་སེལ་བར་མི་འགྱུར་ཏེ། གཞལ་བྱ་རང་སྤྱི་གཉིས་ལས་གཞན་ནི་ཡོད་པའི་ཕྱིར་རོ་ཞེ་ན། རང་སྤྱི་འདྲེས་པར་རྟོགས་པའི་ཚད་མ་དེ་བྱས་པའི་རྟགས་ལས་ཁ་དོག་མི་རྟག་པར་རྟོགས་པའི་བློ་ལ་ཟེར་རམ། ཁ་དོག་གི་རྒྱུན་འགག་ཁ་མའི་མངོན་སུམ་གྱི་རྗེས་སུ་སྐྱེས་པའི་ཁ་དོག་མི་རྟག་སྙམ་པའི་དྲན་པ་ལ་ཟེར། དང་པོ་ལྟར་ན་རྟགས་ལས་ཁ་དོག་མི་རྟག་པར་རྟོགས་པའི་བློ་ཆོས་ཅན། རང་སྤྱི་འདྲེས་པ་རྟོགས་པའི་ཚད་མ་གསུམ་པར་འགྱུར་བའི་སྐྱོན་འདིར་ཐལ་བར་མི་འགྱུར་ཏེ། ཁ་དོག་གི་སྤྱི་ལ་མི་རྟག་པའི་སྤྱི་སྦྱོར་ནས་འཛིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་མི་རྟག་པ་དེ་སྤྱི་དངོས་མེད་ལ་བརྟེན་པས་དངོས་མེད་ཀྱི་ཆོས་སུ་འགྱུར་རོ་ཞེ་ན། མི་རྟག་པ་ཆོས་ཅན། དངོས་མེད་ཀྱི་ངོ་བོ་མིན་ཏེ། ཁ་དོག་རང་མཚན་པ་དེ་ཉིད་མི་རྟག་པ་དེ་ལྟར་དུ་གྲུབ་ཅིང་བློས་ཁ་དོག་རང་མཚན་དེ་ཁྱོད་ཡིན་པར་སྒྲུབ་པའི་ཕྱིར་རོ། །གལ་ཏེ་དེ་འདྲའི་བློ་ཆོས་ཅན། སྤྱི་ལས་གཞན་ཁ་དོག་རང་མཚན་མི་རྟག་པར་སྒྲུབ་ཅིང་རྟོགས་པ་མ་ཡིན་པར་ཐལ། ཁ་དོག་ལས་གཞན་སྤྱི་མི་རྟག་པར་རྟོགས་པའི་ཕྱིར་ཞེ་ན། དེ་ཆོས་ཅན། ཁ་དོག་རང་མཚན་མི་རྟག་པར་མི་རྟོགས་པ་མ་ཡིན་ཏེ། ཁ་དོག་གི་སྤྱི་ལ་ཁ་དོག་རང་མཚན་དུ་ཞེན་པའི་སྒོ་ནས་ཁ་དོག་རང་མཚན་པ་མ་ཡིན་ཏེ། ཁ་དོག་སྤྱི་ལ་ཁ་དོག་རང་མཚན་དུ་ཞེན་པའི་སྒོ་ནས་ཁ་དོག་རང་མཚན་པ་དེ་ཉིད་མི་རྟག་པར་གྲུབ་ཅིང་རྟོགས་པའི་ཕྱིར་རོ། །དེའི་གཞུང་འཛུགས་པ་དེའི་རྒྱུ་མཚན་ཡང་། རང་གི་ཇི་ལྟར་ཞེན་པ་ལྟར་གྱི་འཇུག་ཡུལ་ལ་བརྒྱུད་ནས་འབྲེལ་བའི་རྟོག་པ་རྣམས་རང་གི་ཞེན་ཡུལ་ལ་མི་བསླུའོ་ཞེས་སྟོན་པ་དེ། མེ་དང་མི་རྟག་པའི་དངོས་པོ་གང་དུ་བ་དང་བྱས་པའི་རྒྱུ་དང་ཁྱབ་བྱེད་ཇི་ལྟར་གྱུར་པ་དེ་འདྲ་བར་གོ་བྱེད་ཀྱི་རྟགས་ནི་དུ་བ་དང་བྱས་པ་ཡིན་ལ། རྟགས་དེ་གཉིས་ནི་རྟགས་ཆོས་ཀྱི་འབྲེལ་བ་ངེས་པའི་རྟགས་འཛིན་སེམས་ཀྱི་རྒྱུ་ཡིན་ཞིང་རྟགས་འཛིན་དེ་ལས་དེས་བསྐྱེད་པའི་མེ་དང་མི་བསྐྱེད་པའི་མེ་དང་མི་རྟག་པ་དེ་ལྟ་བུའི་དངོས་པོ་ལ་མི་རྟག་པའི་རྟགས་ཅན་གྱི་བློ་རྗེས་དཔག་འབྱུང་ངོ་། །ཚུལ་དེ་ལྟར་ན་འབྲས་རང་གི་རྟགས་དང་རྟགས་ཅན་གྱི་བློ་ཆོས་ཅན། རང་གི་ཇི་ལྟར་ཞེན་པ་ལྟར་གྱི་རྟགས་དང་རྟགས་ཅན་རང་མཚན་པ་དེར་སྣང་བ་ཡིས་སྟོང་ཡང་དེ་ལས་སླུ་བྱེད་ཉིད་མ་ཡིན་ཏེ། བརྒྱུད་པའི་སྒོ་ནས་རང་གི་ཇི་ལྟར་ཞེན་པ་ལྟར་གྱི་རྟགས་ཅན་རང་མཚན་གྱི་དངོས་ལ་འབྲེལ་བའི་ཕྱིར། གལ་ཏེ་དེ་དག་མི་བསླུ་ན་མ་འཁྲུལ་བར་འགྱུར་ཏེ་མངོན་སུམ་བཞིན་ནོ་ཞེ་ན། དེ་དག་ཆོས་ཅན། དེའི་དངོས་པོ་ལ་སླུ་བྱེད་ཉིད་མིན་ཡང་འཁྲུལ་པར་རྣམ་གཞག་བྱས་པ་ཡིན་ཏེ། རང་ལ་སྣང་བ་ལྟར་དེའི་ངོ་བོས་སྟོང་པ་ལ་དེའི་ངོ་བོར་ཞེན་པའི་ཕྱིར། རྟགས་འབྲེལ་བའི་དབང་གིས་གོ་བྱེད་ཡིན་པ་དེའི་ཕྱིར། ཤེས་བྱ་ཆོས་ཅན། ལྐོག་གྱུར་གྱི་དངོས་པོ་རྟོགས་པར་བྱ་བ་ལ་འབྲས་རང་གཉིས་ཁོ་ན་རྟགས་ཡིན་ཏེ། ཁྱབ་བྱེད་བསྒྲུབ་བྱའི་ཆོས་དེ་ནི་ཁྱབ་བྱ་རྟགས་དེའི་ངོ་བོའམ་རྒྱུ་དག་ཡིན་ལ་ཁྱབ་པར་བྱ་བ་རྟགས་དེ་ནི་ཡུལ་ཅན་རྟགས་འཛིན་གྱི་སེམས་ཀྱི་རྒྱུ་མཚན་ཡིན་ཞིང་རྟགས་འཛིན་གྱི་སེམས་དེ་ཡང་རྟགས་ཅན་དེའི་བློའི་རྒྱུ་ཡིན་པའི་ཕྱིར་རོ། །ཡང་ཤེས་བྱ་ཆོས་ཅན། དགག་པ་ཉིད་ནི་རྣམ་པ་ཐམས་ཅད་དུ་དགག་བྱ་ཚད་མས་མ་དམིགས་པ་ལས་གྲུབ་པ་ཡིན་ཏེ། དོན་དེ་དམིགས་པའི་ཚད་མས་དོན་དེ་གྲུབ་པར་སྨྲ་བ་རྣམས་ཀྱིས་དོན་གྱི་བཟློག་པ་སྟེ་སྣང་རུང་གི་དོན་དམིགས་པའི་ཚད་མ་ལྡོག་པ་ཉིད་ལས་དེ་མེད་པར་འགྲུབ་པ་ཡིན་པའི་ཕྱིར། གལ་ཏེ་མ་དམིགས་པ་ཁོ་ན་ལས་དགག་པ་འགྲུབ་པ་མི་འཐད་དེ། འགལ་ཟླ་དམིགས་པ་ལས་ཀྱང་འགག་པ་འགྲུབ་པ་མཐོང་བའི་ཕྱིར་རོ་ཞེ་ན། དགག་བྱ་འགོག་པ་ལ་དགག་བྱའི་དེ་དང་འགལ་བའམ་དེའི་རྒྱུ་དང་འགལ་བར་རྟགས་སུ་བརྗོད་པ་མཐོང་བ་གྲང་རེག་མེད་དེ། མེ་ཉེ་བའི་ཕྱིར་དང་། གྲང་འབྲས་སྤུ་ལོང་བྱེད་མེད་དེ། མེ་ཉེ་བའི་ཕྱིར་ཞེས་པའི་རྟགས་གང་ཡིན་དེ་ཡང་ཆོས་ཅན། དགག་བྱ་མ་དམིགས་པ་དོན་གྱིས་འཕངས་པ་ཡིན་ཏེ། དགག་བྱ་དེ་དམིགས་པའི་ཚད་མ་མེད་པ་འཕེན་པར་བྱེད་པ་ཡིན་པའི་ཕྱིར། རྟགས་གྲུབ་ཏེ། དེ་འཕེན་པ་ལས་གཞན་དུ་མི་འཕེན་ན་དེ་ཆོས་ཅན། གཞན་གྲང་རེག་དང་གྲང་འབྲས་སྤུ་ལོང་བྱེད་མེད་པ་དེ་ནི་ཐབས་གང་ལས་རྟོགས་ཏེ་མི་རྟོགས་པར་ཐལ། དེ་དག་དང་འགལ་བ་མེད་པའི་དངོས་པོ་གཅིག་ཡོད་པར་བརྗོད་པ་ཙམ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་འདྲའི་ཚད་མ་དེ་མེད་ཀྱང་མེ་དང་གྲང་རེག་འགལ་བའི་ཕྱིར་མེས་གྲང་རེག་མེད་པར་སྒྲུབ་བོ་ཞེ་ན། འགལ་བ་དེ་ཉིད་ཀྱང་ཅིས་འགྲུབ་དྲིས་པས། དེ་གཉིས་ལྷན་ཅིག་མི་གནས་པའི་ཕྱིར་ཞེ་ན། མི་གནས་པ་དེ་ཡང་གང་ལས་གྲུབ་པར་འདོད་དྲིས་པས། སྣང་རུང་གི་གྲང་རེག་རྒྱུས་མ་གཏུགས་པར་འབྱུང་བ་ན་མེ་ཉེ་བའི་སྟོབས་ཀྱིས་གྲང་རེག་མཐོང་བ་མེད་པའི་ཕྱིར་ཞེ་ན། ཁྱོད་ཀྱིས་ལྷན་ཅིག་མི་གནས་པའི་སྒྲུབ་བྱེད་དུ་སྨྲས་པའི་སྣང་རུང་མཐོང་བ་མེད་པ་དེ་ནི་ཚད་མས་དམིགས་པ་ཉིད་མ་ཡིན་པ་སྟེ་མ་དམིགས་པ་ཉིད་ཡིན་ལ་དོན་དེ་ཁོ་བོ་ཅག་གིས་སྔར་ནས་དྲང་པོར་བརྗོད་ཟིན་ཀྱང་ཁྱོད་གཟུ་བོར་མི་གནས་པས་དོན་དེ་སྒྲ་གཞན་གྱིས་བརྗོད་པ་ཙམ་དུ་ཟད་དོ། །དེས་ན་ཤེས་བྱ་ཆོས་ཅན། འགལ་ཟླ་དམིགས་པ་དང་འབྲེལ་ཟླ་མ་དམིགས་པ་རང་ཉིད་སྒྲས་ཟིན་པར་དངོས་སུ་བརྗོད་ན་ཡང་མ་དམིགས་པ་དེ་ཉིད་དགག་བྱ་མེད་པའི་སྒྲུབ་བྱེད་ཡིན་ཏེ། མ་དམིགས་པ་ལས་མ་གཏོགས་པའི་དགག་པ་སྒྲུབ་པའི་ཐབས་མེད་པ་དེའི་ཕྱིར། དེས་ན་རྒོལ་བ་གང་ལ་མ་དམིགས་པ་དེ་ནི་དགག་པ་འགྲུབ་པའི་ཚད་མའི་ཐབས་མིན་པར་སྨྲ་བ་དེས་ནི་ཆོས་ཅན། དགག་པ་སྒྲུབ་པའི་ཐབས་དེ་ཡུལ་དུས་ཀྱི་རྣམ་པ་ཀུན་ཏུ་བརྗོད་བྱ་མིན་པར་ཐལ། མ་དམིགས་པ་དེ་དགག་པ་སྒྲུབ་པའི་ཐབས་མ་ཡིན་པའི་ཕྱིར། རང་བཞིན་འགལ་དམིགས་སོགས་ཀྱིས་དགག་བྱ་དམིགས་པའི་ཚད་མ་མེད་པ་འཕེན་པར་བསྟན་ལ་དེས་ནི་དགག་བྱ་དེ་དང་འགལ་བའི་དོན་གྱི་འབྲས་བུ་རྟགས་སུ་བརྗོད་པ་གྲང་རེག་མེད་དེ་དུ་བ་ཉེ་བའི་ཕྱིར་ཞེས་པའི་རྟགས་ཆོས་ཅན། དགག་བྱ་མ་དམིགས་པ་དོན་གྱིས་འཕངས་པ་ཡིན་ཏེ། དགག་བྱ་དམིགས་པའི་ཚད་མ་མེད་པ་འཕེན་པའི་ཕྱིར་ཞེས་བཤད་པ་ཡིན། དེས་ན་མ་དམིགས་པའི་རྟགས་ཀུན་ལ་ཆོས་ཅན། འགལ་ཟླ་དམིགས་པ་དང་འབྲེལ་ཟླ་མ་དམིགས་པའི་རྟགས་ཀྱི་སྦྱོར་བ་འགོད་ཚུལ་ཐ་དད་ཉིད་ཡིན་གྱི། མ་དམིགས་པའི་རྟགས་ཀྱིས་དགག་བྱ་མ་དམིགས་པ་གོ་བར་བྱེད་པའི་དོན་ལ་ཐ་དད་མེད་དེ། མེད་པའམ་མེད་པའི་ཐ་སྙད་ཅི་རིགས་པ་གོ་བར་བྱེད་ཅིང་མ་དམིགས་པ་ལས་མ་གཏོགས་པའི་དེ་དག་གོ་བྱེད་གཞན་མེད་པའི་ཕྱིར། དེ་དག་གི་རིགས་པས་གྲུབ་པའི་དགག་པ་སྒྲུབ་བྱེད་ཀྱི་ཐབས་བསྟན་ནས། ད་གཞན་དག་གིས་དགག་པ་སྒྲུབ་བྱེད་ཀྱི་ཐབས་གཞན་སྨྲ་བ་འགོག་པ་སྟེ། དགག་བྱ་དང་འགལ་བ་གྲུབ་པ་སྟེ་དམིགས་པ་དང་དགག་བྱ་དེ་འགོག་པའི་ཐབས་རྒྱུ་ཁྱབ་བྱེད་རང་བཞིན་དང་བཅས་པ་སོགས་གང་ཡང་བཀག་པ་མེད་པར་ནི་དགག་པ་སྒྲུབ་པ་ལ་ཚད་མ་སྟེ་རྟགས་སུ་སྨྲ་བ་གང་ཡིན་དེ་ཆོས་ཅན། རིགས་པའི་རྗེས་སུ་འབྲང་བ་ཅན་གྱི་རྟགས་མིན་ཏེ། འཁྲུལ་བའི་ཕྱིར་རོ། །རྟགས་ཅི་ལྟ་བུ། མངོན་པར་འདོད་པའི་སྐྱེས་བུ་ཆོས་ཅན། ཀུན་མཁྱེན་དང་འཇིག་རྟེན་གཞན་དང་ལྷ་དང་མཐོ་རིས་སོགས་མེད་དེ། རིམ་པ་བཞིན་ངག་སྨྲ་བ་དང་དབང་པོ་དང་ལྡན་པ་དང་སྐྱེས་བུ་ཉིད་ལ་སོགས་པ་ཡིན་པའི་ཕྱིར་ཞེས་སྒྲུབ་བྱེད་དུ་བཀོད་པ་བཞིན་ནོ། །དེ་ལྟ་བུའི་རྟགས་དེ་དག་མ་ངེས་ཏེ། རང་གི་དགག་བྱ་དབང་པོ་ལས་འདས་པའི་དོན་ཀུན་མཁྱེན་ལ་སོགས་པ་རྣམས་དང་འགལ་བ་གཉིས་གང་ཡང་གྲུབ་པ་མེད་པའི་ཕྱིར་རོ། །རྟགས་གྲུབ་སྟེ། ངག་སྨྲ་བ་པོ་ཆོས་ཅན། ཁྱོད་ཀུན་མཁྱེན་དང་གནོད་བྱེད་ཀྱི་ངོ་བོ་གང་སྟེ་འགལ་བ་མེད་པར་ཐལ། གལ་ཏེ་ཁྱོད་ཀྱང་ཡིན་ཀུན་རིག་པ་ཡང་ཡིན་པ་སྲིད་པས་ནའོ། །གལ་ཏེ་འགལ་བ་མེད་ཀྱང་ཀུན་མཁྱེན་དེ་འདྲ་མ་དམིགས་པའི་ཕྱིར་ཞེས་པས་དེ་དག་མེད་པར་གྲུབ་བོ་ཞེ་ན། ཀུན་མཁྱེན་མ་དམིགས་པ་དེ་ཉིད་དེ་དག་མེད་པའི་སྒྲུབ་བྱེད་དུ་ཅིས་མ་བརྗོད། གང་གིས་ན་རང་ཉིད་བླུན་པོར་མཚོན་པར་བྱེད་པའི་སྨྲ་སོགས་དེ་དག་མེད་པའི་སྒྲུབ་བྱེད་ཡིན་པར་བརྗོད་པ་ཅི་ལྟར་རིགས། དེས་ན་ཀུན་མཁྱེན་མ་དམིགས་པ་ནི་ཆོས་ཅན། དེ་དག་མེད་པ་དེ་ལྟ་བུར་ངེས་བྱེད་མ་ཡིན་པར་ཐལ། དེ་ལ་ཁྱབ་པ་འཁྲུལ་པའི་ཕྱིར་ཞེས་སྔར་རབ་ཏུ་བརྗོད་ཟིན་ཏོ། །དེས་ན་ཀུན་མཁྱེན་སོགས་ཆོས་ཅན། ཐ་མལ་པའི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་ཡོད་མེད་གང་དུ་ཡང་ངེས་པར་ཡོད་པ་མ་ཡིན་ཏེ། དེ་ལ་ཤིན་ཏུ་ལྐོག་གྱུར་ཡིན་པ་དེའི་ཕྱིར་ཏེ། དེའི་རང་ཡུལ་ལས་འདས་པ་དེའི་ཕྱིར། འགལ་ཟླ་དམིགས་པ་རྟགས་སུ་སྦྱོར་བའི་ཚུལ་སྟོན་པ་དེ། འགལ་བ་དམིགས་པའི་རྟགས་དེ་ཡང་འགའ་ཞིག་དགག་བྱའི་ཆོས་དང་ནི་རྫས་ཐ་དད་དམ་ཐ་དད་མེད་པ་ལ་རབ་ཏུ་སྦྱོར་བ་ཡོད་དེ། རིམ་པ་བཞིན་ཁ་བ་མེད་པར་སྒྲུབ་པ་ལ་མེ་རྟགས་སུ་བཀོད་པ་དང་། གྲངས་ཅན་པས་མྱུ་གུ་སོགས་སྔར་ནས་རྟག་པར་ཡོད་པ་སྐྱེ་བར་འདོད་པ་ལ་མྱུ་གུ་སོགས་ཆོས་ཅན། སྔར་ནས་རྟག་པར་ཡོད་པ་སྐྱེ་བ་མ་ཡིན་ཏེ། སྔར་མེད་ཀྱི་རང་བཞིན་གསར་དུ་སྐྱེ་བར་ཡོད་པའི་ཕྱིར་ཅེས་པས་གནོད་པ་བཞིན་ནོ། །དངོས་པོ་ཉིད་དངོས་པོ་དགག་སྒྲུབ་ཀྱི་རྒྱུར་སྟོན་པ་དེ། སྔར་དངོས་འཛིན་ལྟ་བུར་གྱུར་པ་ཞེས་ཇི་ལྟར་རྒྱུ་དང་ཁྱབ་བྱེད་ཀྱི་དངོས་པོ་ཉིད་སྒྲུབ་པ་ལ་འབྲས་བུ་དང་ཁྱབ་བྱའི་དངོས་པོ་རྣམས་སྒྲུབ་བྱེད་དུ་འདོད་པ་དེ་བཞིན་དུ་རྒྱུ་དང་ཁྱབ་བྱེད་ཀྱི་དངོས་པོ་རང་ཉིད་ལྡོག་པ་ན་འབྲས་བུ་དང་ཁྱབ་བྱའི་དངོས་པོ་རྣམས་ལྡོག་པ་གོ་བར་བྱེད་པ་ཡིན་ནོ། །བཤད་མ་ཐག་པའི་རིགས་པ་དེས་ནི་རྟོག་པས་རང་དགར་སྦྱོར་བའི་ཆོས་ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་རུང་ཉིད་དང་རྟག་པའམ་མི་རྟག་པར་ལུང་ལས་བཤད་པ་སོགས་ཆོས་ཅན། སྒྲ་ལ་རྟག་པ་སྒྲུབ་ཅིང་མི་རྟག་པ་འགོག་པའི་རྟགས་ཡིན་པ་བསལ་བ་ཡིན་ཏེ། རྟག་པའམ་མི་རྟག་པ་ཅི་ཡང་རུང་བ་ལ་སྲིད་པའི་ཕྱིར་ཏེ། རྟོག་པས་རང་དགར་སྦྱར་བའི་ཆོས་ཡིན་པའི་ཕྱིར་རོ། །དངོས་ཉིད་རང་ལྡོག་ན་ཞེས་པ་དེ་ལའང་ཆོས་ཅན། དངོས་པོ་གང་རུང་བ་ལྡོག་པ་མངོན་པར་འདོད་པའི་དོན་ལྡོག་པ་གོ་བར་བྱེད་པ་མ་ཡིན་ཏེ། ཁྱབ་པར་བྱེད་པའི་ཆོས་རྒྱུ་དང་ཁྱབ་བྱེད་ལྡོག་པ་དེ་ཁྱབ་བྱའི་ཆོས་འབྲས་བུ་དང་ཁྱབ་བྱ་ལྡོག་པ་གོ་བྱེད་དུ་འདོད་པའི་ཕྱིར། དུས་ནམ་གྱི་ཚེ་ན། གལ་ཏེ་རིགས་པའི་རྣམ་པ་འགས་རྒྱུ་དང་ཁྱབ་བྱེད་རང་གི་ལྡོག་པ་ཡོངས་སུ་བཅད་ཅིང་ངེས་པའི་ཚེ། འབྲས་བུ་དང་ཁྱབ་བྱ་ལྡོག་པ་གོ་བའོ། །སྣང་རུང་བུམ་པ་མེད་པའི་ཐ་སྙད་གོ་བར་བྱེད་པ་ལ་སྣང་རུང་བུམ་པ་དེ་ཉིད་ཀྱི་ཡུལ་ཅན་ཚད་མ་མེད་པ་སྟེ་སྣང་རུང་བུམ་པ་ཚད་མས་མ་དམིགས་པ་རྟགས་སུ་བརྗོད་པ་གང་ཡིན་དེ་ནི་ཆོས་ཅན། རྒོལ་བ་ཐ་སྙད་ལ་ཤིན་ཏུ་རྨོངས་པའི་དོན་ཅན་ཡིན་ཏེ། སྣང་རུང་མ་དམིགས་པས་ཆོས་དེ་མེད་པའི་ཐ་སྙད་གོ་བའི་ཆེད་ཡིན་པའི་ཕྱིར། ཁྱབ་སྟེ། སྣང་རུང་མ་དམིགས་པ་ལ་མེད་པའི་དོན་ནི་བླུན་པོ་གནག་གི་རྫི་བོའི་བར་གྱི་སྐྱེ་བོ་ཀུན་ལ་གྲགས་ཤིང་གྲུབ་པའི་ཕྱིར་རོ། །དེ་དག་གི་དོན་བསྡུ་བ་ནི་ཤེས་བྱ་ཆོས་ཅན། སྣང་རུང་མ་དམིགས་པ་ནི་རྒྱུ་ཁྱབ་བྱེད་རང་བཞིན་མ་དམིགས་པ་གསུམ་པོ་འདི་ཙམ་ཞིག་ཏུ་ཟད་དེ། གསུམ་པོ་འདི་རྟགས་སུ་བརྗོད་པ་གང་ཡིན་དེ་ནི་ཆོས་ཅན། རྒོལ་བ་ཐ་སྙད་ལ་ངེས་པའི་འབྲས་བུ་ཅན་གྱི་རྟགས་ཡིན་པའི་ཕྱིར། མེད་པའམ་མེད་པའི་ཐ་སྙད་ངེས་པའི་འབྲས་བུ་ཅན་དེ་ཡང་སྣང་རུང་བར་འདོད་པའི་རྒྱུའམ་ཁྱབ་བྱེད་རང་བཞིན་རྣམས་སྣང་མེད་ཉིད་སྟེ་མ་དམིགས་པའི་ཚེ་ན་འབྲས་བུ་ཁྱབ་བྱ་རང་བཞིན་ཅན་རྣམས་ཀྱང་མེད་པའི་གོ་བྱེད་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ལྟར་ཞར་ལ་འོངས་པའི་དོན་རྣམས་བཤད་ཟིན་ནས། ད་སྔར་ཁ་དོག་སྤྱི་ལ་སྦྱོར་ཕྱིར་རོ་ཞེས་དཀྱུས་མའི་སྐབས་ལ་སྦྱོར་བ་དེ། རྗེས་སུ་དཔག་པས་ཁ་དོག་སོགས་མི་རྟག་སོགས་སུ་འཛིན་པ་ལ་ནི་ཆོས་ཅན། ཁ་དོག་གི་སྤྱི་ལ་ཆོས་མི་རྟག་པའི་སྤྱི་སྦྱོར་བའི་ཚུལ་འདིར་འདོད་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །གལ་ཏེ་ཁ་དོག་མི་རྟག་པར་རྟོགས་པའི་བློ་དེ་རྗེས་དཔག་ལས་གཞན་དུ་ཁ་དོག་གི་རྒྱུན་འགག་ཁ་མ་རྟོགས་པའི་མངོན་སུམ་གྱི་རྗེས་སུ་སྐྱེས་པའི་ཁ་དོག་མི་རྟག་གོ་སྙམ་པའི་དྲན་ཤེས་ལ་འདོད་ན། དེ་ཆོས་ཅན། ཚད་མ་གསུམ་པ་ཉིད་དུ་འདོད་པར་རིགས་པ་མ་ཡིན་པར་ཐལ། ཚད་མ་སྔ་མས་བཟུང་ཟིན་ཡོངས་སུ་བཅད་པའི་དོན་འཛིན་པའི་ཕྱིར། རྟགས་གྲུབ་སྟེ། ཁ་དོག་མི་རྟག་པ་དེ་ཡང་ཆོས་ཅན། དྲན་ཤེས་ཀྱི་སྔར་དབང་པོའི་མངོན་སུམ་ལས་གྲུབ་པ་ཡིན་ཏེ། ཁ་དོག་གི་དངོས་པོ་ལས་གཞན་དུ་མེད་པར་དེ་དང་གྲུབ་བདེ་གཅིག་པའི་ཚུལ་གྱིས་བདག་ཉིད་གཅིག་ཡིན་པའི་ཕྱིར། གལ་ཏེ་ཁ་དོག་དང་དེའི་མི་རྟག་པ་རྫས་ཐ་དད་དུ་ཡོད་དེ། ཆོས་དང་ཆོས་ཅན་བརྗོད་པའི་སྒྲས་རྫས་ཐ་དད་དུ་བརྗོད་བྱ་ཡིན་པའི་ཕྱིར་རོ་ཞེ་ན། ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་ཆོས་ཅན། ཆོས་དང་ཆོས་ཅན་རྫས་ཐ་དད་པ་དུ་མའི་དངོས་པོ་དེ་ཁྱོད་ཀྱི་དངོས་ཀྱི་བརྗོད་བྱ་མིན་པར་ཐལ། དངོས་པོ་གཅིག་ཉིད་ཆོས་དང་ཆོས་ཅན་ཐ་དད་དུ་རྟོག་པས་བསྐྱེད་པས་ཏེ་སྒྲོ་བཏགས་པའི་ཆོས་རྣམས་རང་གི་དངོས་ཀྱི་བརྗོད་བྱ་ཡིན་པའི་ཕྱིར། ཁ་དོག་འཛིན་པའི་མངོན་སུམ་ཆོས་ཅན། ཁ་དོག་གི་སྤྱི་མི་རྟག་པའི་རྫས་དེ་ཉིད་ནི་གྲུབ་པ་ཡིན་ཏེ། དེའི་སྤྱི་མི་རྟག་པའི་རྟེན་ཁ་དོག་ནི་སྒྲུབ་པའི་སྒོ་ནས་གྲུབ་པའི་ཕྱིར། གལ་ཏེ་དེ་ལྟར་ན་རྗེས་དཔག་འཇུག་པ་དོན་མེད་དོ་ཞེ་ན། ཁ་དོག་རྒྱུན་ཆགས་པ་དེ་ཆོས་ཅན། མི་རྟག་པ་དེ་ལྟར་དུ་རབ་ཏུ་གྲུབ་པའི་ཕྱིར་དུ་རྗེས་དཔག་འཇུག་དགོས་པ་ཡིན་ཏེ། མངོན་སུམ་གྱིས་དེ་ལྟར་དུ་མ་གྲུབ་པར་རྟགས་ལས་དེ་ལྟར་དུ་འགྲུབ་དགོས་པའི་ཕྱིར། དེའི་རྒྱུ་མཚན་ཡང་། ཁྱོད་སྐབས་ལ་ལར་མི་རྟག་པར་ཡོངས་སུ་མ་ཤེས་པ་ཡོད་དེ། ཁྱོད་ཀྱི་སྐད་ཅིག་སྔ་ཕྱི་ཐ་དད་དུ་མཐོང་བ་མེད་པར་དེ་དག་གཅིག་ཏུ་འཁྲུལ་ཞིང་ཞེན་པ་ཡོད་པའི་ཕྱིར་རོ། །ཁྱོད་ཀྱི་སྐད་ཅིག་སྔ་ཕྱི་གཅིག་ཏུ་བཟུང་ནས་རྟག་པར་འཁྲུལ་བའི་རྒྱུ་མཚན་ཡོད་དེ། རང་གི་རིགས་འདྲ་བ་ཕྱི་མ་གཞན་ནི་བར་མ་ཆད་དུ་འབྱུང་བ་ཡོད་པའི་ཕྱིར། དེ་དཔེར་ན་མིག་འཁྲུལ་ཅན་གྱི་སྒོ་ང་གཉིས་ཐ་དད་དུ་ཡིན་ཀྱང་མྱུར་བ་ལ་སོགས་པའི་དབང་གིས་ཐ་དད་དུ་མི་ངེས་པ་བཞིན་ནོ། །འདྲ་བ་གཞན་འབྱུང་གི་དབང་གིས་རྟག་པར་འཁྲུལ་པའི་རྒྱུ་མཚན་ཡང་འདི་ལྟར་རྟགས་ལ་ལྟོས་པ་མེད་པར་བྱིས་པའི་བར་གྱི་སྐྱེ་བོས་རིགས་འདྲ་ཕྱིས་འབྱུང་བ་དང་ནི་འབྲེལ་བ་མེད་པའི་མར་མེའི་སྐད་ཅིག་ཐ་མ་དང་། གློག་ལ་སོགས་ཀྱི་འཇིག་པ་མངོན་སུམ་གྱིས་མཐོང་བ་ཙམ་ལས་ཡོངས་གཅོད་ཉིད་དུ་ངེས་པར་ནུས་ལ་གཞན་རིགས་འདྲ་ཕྱི་མ་བར་དུ་འབྱུང་བའི་རི་ལ་སོགས་པའི་རྣམ་པ་ལ་ནི་མ་ཡིན་པའི་ཕྱིར་རོ། །གལ་ཏེ་མཐོང་ཡང་མི་ངེས་པ་ཇི་ལྟར་ཞེ་ན། ས་བོན་གྱི་མྱུ་གུ་བསྐྱེད་པའི་ནུས་པ་ཆོས་ཅན། ས་བོན་འཛིན་པའི་མངོན་སུམ་གྱི་མཐོང་བ་ཡིན་ཏེ། ས་བོན་གྱི་དངོས་པོའི་རང་བཞིན་དུ་གྱུར་པ་ཡིན་པའི་ཕྱིར། དེ་ལྟར་ཡིན་ཀྱང་ས་བོན་གྱི་དངོས་པོ་ཆོས་ཅན། ཁྱོད་མྱུ་གུ་བསྐྱེད་པའི་ནུས་མེད་དུ་རྨོངས་པར་འགྱུར་བ་ཡོད་དེ། ངེས་མཁན་གྱི་སྐྱེས་བུ་འགའ་ཞིག་གིས་ཁྱོད་ཀྱི་མྱུ་གུ་བསྐྱེད་པའི་ནུས་པ་གསལ་པོར་མཐོང་བ་མེད་པའི་ཕྱིར་ཏེ། ཁྱོད་ལས་མྱུ་གུ་དེ་མ་ཐག་ཏུ་འབྱུང་བའི་ངེས་པ་མེད་པས་ཁྱོད་ཀྱི་འབྲས་བུ་མྱུ་གུ་འབྱུང་བ་མངོན་སུམ་གྱིས་མཐོང་བ་མེད་པའི་ཕྱིར་རོ། །ས་བོན་ནུས་མེད་དུ་རྨོངས་པ་དེ་ཉིད་བཟློག་པའི་ཆེད་དུ་ནི་དེ་ནུས་ལྡན་དུ་དཔོག་པའི་རྗེས་སུ་དཔག་པ་བརྗོད་པ་ཡིན་ལ། རྨོངས་པ་དེ་མེད་ན་རྗེས་དཔག་དོན་མེད་དེ། ཕྱི་ནང་གི་འཁྲུལ་པའི་རྒྱུ་ལས་སྒྲོ་འདོགས་སྐྱེ་བ་མེད་པའི་བློ་གྲོས་ཆེན་པོ་རྣམས་ས་བོན་མཐོང་བ་ཉིད་ལས་ནུས་པ་སོགས་རྣམ་པ་ཐམས་ཅད་ངེས་པར་བྱེད་པའི་ཕྱིར་རོ། །དེས་ན་ཐ་དད་མེད་པའི་དོན་སྒྲ་རང་མཚན་དེ་ལ་ནི་ཆོས་ཅན། མ་བྱས་རྟག་པ་སོགས་ལས་ལྡོག་པའི་རྒྱུན་གྱིས་དེ་ལྟར་དུ་ངེས་པ་ཅན་གྱི་བློ་དང་དེ་ལྟར་ཤེས་པའི་ཕྱིར་དུ་ཇི་ལྟར་བརྡ་བཏགས་པའི་བྱས་མི་རྟག་སོགས་ཀྱི་སྒྲ་ཐ་དད་པ་དུ་མ་རྟེན་ཅན་ཏེ་ཡུལ་ཅན་བཞིན་དུ་འཇུག་པར་འགྱུར་ཏེ། མ་བྱས་རྟག་པ་སོགས་རིགས་མི་མཐུན་དང་བུམ་སོགས་རིགས་མཐུན་གྱི་དངོས་པོ་ཐམས་ཅད་ལས་ནི་ལྡོག་པའི་ཕྱིར། དེ་ལྟར་རྒྱུན་འགག་ཁ་མའི་ཁ་དོག་དེས་ཡི་ནི་ཆོས་ཅན། རྟགས་ལ་ལྟོས་པ་མེད་པར་རང་གི་ངོ་བོ་ཉིད་ཀྱིས་རང་ཉིད་མི་རྟག་པར་གནས་པ་དང་ནི་རྗེས་སུ་མཐུན་པའི་བློ་བསྐྱེད་པར་བྱེད་དེ། རྟགས་སོགས་སུ་འཁྲུལ་བའི་རྒྱུ་རིགས་འདྲ་གཞན་དང་མཚམས་སྦྱོར་བ་མེད་ཅིང་མི་རྟག་སོགས་སུ་ངེས་པའི་མཐུན་རྐྱེན་གོམས་པ་སོགས་ཡོད་པའི་ཕྱིར། དེ་ལྟར་རང་ལུགས་ལ་མི་རྟགས་པས་དངོས་པོའི་རང་བཞིན་ཡིན་ཞིང་དངོས་པོ་རྒྱུན་འགག་ཁ་མའི་མི་རྟག་པ་མངོན་སུམ་གྱིས་གྲུབ་པ་ལས་ཡང་ན། རང་སྡེ་ཁ་ཅིག་དངོས་པོ་ཞིག་ནས་མེད་པ་མི་རྟག་པར་འདོད་པ་འདིར་ཡང་ཁ་དོག་མི་རྟག་པར་ངེས་པའི་བློ་ཆོས་ཅན། འདྲེས་པ་རྟོགས་པའི་ཚད་མ་གསུམ་པ་མ་ཡིན་ཏེ། ཁ་དོག་མ་དམིགས་པའི་རྟགས་ལས་ཁ་དོག་འཇིག་པར་གྲུབ་ཅིང་རྟོགས་པ་ཡིན་པའི་ཕྱིར་ཏེ། སྔར་བྱུང་བའི་ཁ་དོག་གི་དངོས་པོ་ཕྱིས་མེད་པར་གྱུར་པ་ལ་མི་རྟག་ཅེས་ནི་བརྗོད་པ་ཡིན་པའི་ཕྱིར། ད་ཞར་ལ་གཞན་གྱིས་སྒྲོ་བཏགས་པའི་མི་རྟག་པ་འགོག་པ་དེ། རིགས་པ་ཅན་པ་གང་གི་སྔར་ནས་མེད་པ་དང་ཞིག་ནས་མེད་པའི་མཐའ་གཉིས་ལ་ཆོད་ཅིང་དེ་གཉིས་ཀྱི་དབུས་ན་གནས་པའི་ཡོད་པ་ཉིད་དམ་དེ་དང་འཕྲོ་འདུས་འབྲེལ་བར་བརྗོད་པའི་ངང་ཚུལ་ཅན་ཉིད་མི་རྟག་པ་ཉིད་ཀྱི་སྒྲའི་དོན་ཡིན་པར་འདོད་ཀྱི། དངོས་པོ་མེད་པ་ཙམ་མི་རྟག་པ་མ་ཡིན་ཏེ། དངོས་པོ་མེད་པའི་མི་རྟག་པ་ཞེས་དྲུག་སྒྲ་སྦྱར་དུ་མི་རུང་བའི་ཕྱིར་དང་། དངོས་པོ་ཙམ་ཡང་མི་རྟག་པ་མ་ཡིན་ཏེ་ནམ་མཁའ་སོགས་ཀྱང་མི་རྟག་པར་ཐལ་བའི་ཕྱིར་རོ་ཞེས་ཟེར་བ་ལ། རྒོལ་བ་དེའི་ལུགས་ཀྱི་མཐའ་དེ་དག་གང་ལ་བརྗོད་དྲིས་པས། གལ་ཏེ་སྔར་མེད་པ་དང་ཕྱིས་ཞིག་ནས་མེད་པ་དེ་ཉིད་ཡིན་ཞེ་ན། གཉིས་པོ་དེ་ཉིད་དངོས་པོའི་མི་རྟག་པ་ཅིས་མ་ཡིན། གང་གིས་ན་དེ་ལས་གཞན་པའི་མི་རྟག་པ་འདོད་དྲིས་པས། གལ་ཏེ་དེ་གཉིས་ཆོས་ཅན། དངོས་པོའི་མི་རྟག་པ་མ་ཡིན་ཏེ། དངོས་པོའི་མི་རྟག་ཅེས་དྲུག་པ་དང་དངོས་པོ་ལ་མི་རྟག་པ་གནས་ཞེས་བདུན་པ་དང་དངོས་པོའི་ཁྱད་པར་དང་ཁྱད་པར་གྱི་གཞི་ཞེས་སོགས་སྦྱོར་དུ་མི་རུང་བའི་ཕྱིར་ཏེ། དངོས་པོ་མེད་པའི་ཕྱིར་ཞེ་ན། མཐའ་དེ་གཉིས་ལ་ཆོས་ཅན། དངོས་པོའི་སྔ་ནས་མེད་པ་དང་དངོས་པོའི་ཞིག་ནས་མེད་པ་ཅེས་པའི་དྲུག་སྒྲ་དེ་ཇི་ལྟར་སྦྱར་དུ་རུང་སྟེ་མི་རུང་བར་ཐལ། ཁྱོད་དངོས་པོ་གང་འབྲེལ་བ་རང་མཚན་མེད་པའི་ཕྱིར། གཞན་ཡང་ཡོད་པ་ཉིད་དེ་དང་འཕྲོ་འདུས་འབྲེལ་བ་ཆོས་ཅན། སྔ་ནས་མེད་པ་དང་ཞིག་ནས་མེད་པའི་མཐའ་ཡིས་ཁྱད་པར་དུ་བྱས་པར་འགྱུར་བ་མིན་པར་ཐལ། རྟག་པའི་ཕྱིར། གལ་ཏེ་དེ་གཉིས་མཐར་འདོད་པ་མ་ཡིན་གྱི་དངོས་པོའི་རྒྱུ་དང་འབྲས་བུ་གཉིས་མཐའ་རེ་རེ་ཡིན་ཞིང་དེ་གཉིས་ཀྱིས་ཁྱད་པར་དུ་བྱས་པའི་ཡོད་པ་ཉིད་མི་རྟག་པ་ཡིན་ནོ་ཞེ་ན། རིགས་པ་ཅན་པ་དེ་ལ་ཆོས་ཅན། རྒྱུ་འབྲས་ཀྱིས་ཁྱད་པར་དུ་བྱས་པའི་དངོས་པོ་མེད་པ་ཉིད་དུ་འགྱུར་བར་ཐལ། རྒྱུ་འབྲས་དེ་ཡང་མི་འགྲུབ་པའི་ཕྱིར་ཏེ། རིགས་པ་ཅན་པ་དེ་ཡིས་ནི་དངོས་པོ་སྔར་མེད་འདོད་པ་མིན་པས་སྔར་མེད་དང་དངོས་པོའི་འབྲེལ་བ་ཁས་ལེན་པ་མེད་པའི་ཕྱིར་རོ། ཁྱབ་སྟེ། རྒྱུ་འབྲས་དེ་ནི་སྔར་མེད་དེ་ཡིས་ཁྱད་པར་དུ་བྱས་པ་ཅན་དུ་བརྗོད་པའི་ཕྱིར་རོ། །གལ་ཏེ་ཁྱོད་འདོད་པ་ལྟར་གྱི་རྒྱུ་འབྲས་འདིར་མི་འདོད་ཀྱི་འབྲས་བུ་རྣམས་ཡོད་པ་ཉིད་དང་འཕྲོད་འདུས་འབྲེལ་བའམ་རང་རྒྱུ་དང་འཕྲོད་འདུས་འབྲེལ་བར་བྱེད་པའི་ཕྱིར་ན་རྒྱུ་ཞེས་གྲགས་གོ་ཞེ་ན། འོ་ན་ཁྱོད་རྒྱུར་འདོད་པ་འདི་ཆོས་ཅན། རང་གི་བསྐྱེད་བྱའི་འབྲས་བུ་གང་སྟེ་མེད་པར་ཐལ། ཡོད་པ་ཉིད་དང་དེ་དང་འཕྲོད་འདུའི་འབྲེལ་བ་དེ་ཡང་ནི་རྟག་པའི་ཕྱིར་ན་རང་གི་བསྐྱེད་བྱའི་འབྲས་བུ་མ་ཡིན་ལ། དེ་ལས་གཞན་ཡང་རང་གི་བསྐྱེད་བྱའི་འབྲས་བུ་མ་ཡིན་པའི་ཕྱིར་རོ། །དེས་ན་རིགས་པ་ཅན་པ་ཆོས་ཅན། རྒྱུས་བསྐྱེད་བྱའི་འབྲས་བུ་མེད་པར་ཐལ། དངོས་པོ་སྔར་མེད་ལྡན་པའམ་ཡོད་པ་མིན་པའི་ཕྱིར་ཏེ། དངོས་པོ་དང་སྔར་མེད་ཀྱི་འབྲེལ་བ་ཁས་ལེན་པ་མེད་པའི་ཕྱིར། སྔ་མ་མ་ཁྱབ་སྟེ། འབྲས་བུ་གང་ཞིག་སྔར་མེད་པ་དེ་ཕྱིས་རྒྱུས་བྱེད་དགོས་པའི་ཕྱིར་རོ། །འདོད་ན། དེའི་ཕྱིར་དངོས་པོ་རིལ་པོ་འདི་རྟག་པར་འགྱུར་རོ། །སྔར་མེད་དང་དངོས་པོའི་འབྲེལ་བ་ཁས་མི་ལེན་ན་ཇི་སྐད་བཤད་པའི་སྐྱོན་ཡོད་པ་དེའི་ཕྱིར། ཆོས་དང་ཆོས་ཅན་དོན་ཐ་དད་མེད་པར་འདོད་པ་ཅན་གྱི་སྔར་མེད་ཀྱི་དངོས་པོ་ཞེས་པའི་སྒྲ་ཆོས་ཅན། སྔར་མེད་དང་དངོས་པོ་གཉིས་རང་མཚན་ཐ་དད་པའི་འབྲེལ་བ་མ་གྲུབ་ཀྱང་ཁྱོད་འཇུག་པའི་རྒྱུ་མཚན་ཡོད་དེ། རང་ལ་སྣང་བ་དོན་དུ་མེད་པ་ལ་དོན་དུ་སྒྲོ་འདོགས་པའི་བློ་ལ་རང་གི་བརྗོད་བྱ་སྔར་མེད་དང་དངོས་པོ་ཐ་དད་པ་ལྟར་སྣང་བ་ཅན་གྱི་ལྡོག་པ་ནི་ཁྱོད་འཇུག་པའི་རྟེན་ནམ་རྒྱུ་མཚན་ཡིན་པའི་ཕྱིར་རོ། །ལའང་ཅེས་པས་ཆོས་དང་ཆོས་ཅན་ཐ་དད་དུ་མངོན་པར་འདོད་པ་ཅན་གྱི་ལྷས་སྦྱིན་གྱི་རིལ་བ་ཞེས་པའི་སྒྲ་ཆོས་ཅན། ལྷ་སྦྱིན་དང་རིལ་བ་དང་རང་མཚན་ཐ་དད་པའི་འབྲེལ་བ་གྲུབ་པའི་རྒྱུ་མཚན་གྱིས་ཁྱོད་འཇུག་པ་མ་ཡིན་ཏེ། དེ་གཉིས་རྟོག་པ་ལ་ཐ་དད་དུ་སྣང་བའི་ལྡོག་པ་དེ་ཁྱོད་འཇུག་པའི་རྒྱུ་མཚན་ཡིན་པའི་ཕྱིར། ཡང་ཡང་ཤེས་པ་མ་ཡིན་ཏེ། །ཐུག་པ་མེད་འགྱུར་དྲན་སོགས་བཞིན། །ཞེས་པ་འཆད་དེ། སྔར་ཁང་ནང་དུ་མཐོང་བའི་ཙན་དན་གྱི་མེ་ཕྱིས་དུ་བའི་རྟགས་ལས་དེ་ཉིད་འདིའི་ཞེས་ངོ་ཤེས་པའི་བློ་ཆོས་ཅན། ཁྱད་པར་རང་མཚན་ངོ་ཤེས་པའི་ཚད་མ་མ་ཡིན་པར་ཐལ། སྔར་མཐོང་བ་དང་ཕྱིས་མཐོང་བའི་མེ་གཉིས་སྐད་ཅིག་སོ་སོར་ཐ་དད་པ་ལ་འདིའོ་ཞེས་གཅིག་ཏུ་འཁྲུལ་ནས་ཞེན་པའི་ཕྱིར། གལ་ཏེ་དེས་སྤྱི་འཛིན་ཅིང་ཁྱད་པར་མི་འཛིན་པས་འདོད་དོ་ཞེ་ན། དེ་ཆོས་ཅན། ཁྱད་པར་རང་མཚན་གྱི་ཡུལ་ཅན་དུ་གྱུར་པའི་ཚད་མ་ཉིད་ཀྱང་མ་ཡིན་པར་ཐལ། སྔར་མཐོང་བ་དང་ཕྱིས་མཐོང་བའི་མེ་དེའི་མཚུངས་པ་སྟེ་སྤྱི་ཙམ་འཛིན་པའི་ཕྱིར། གལ་ཏེ་དེ་སྤྱི་འཛིན་རྗེས་དཔག་མེད་མིན་ཏེ་སྔར་གྱི་མེ་དེ་ཉིད་དེས་དེ་ཉིད་འཛིན་པ་དེའི་ཕྱིར་ན་དཔེ་དང་དཔེ་ཅན་ཐ་དད་མེད་པའི་ཕྱིར་ཞེ་ན། སྔར་གྱི་མེ་དེ་ཆོས་ཅན། ཕྱིས་ཁྱད་པར་ངོ་ཤེས་ཀྱི་ཚད་མས་འཛིན་པའི་ཚེ་ན་ཚད་མས་གྲུབ་པར་ཐལ། དེས་དེ་འཛིན་པའི་དཔེ་ཉིད་ཡིན་པའི་ཕྱིར། འདོད་ན། དེ་འཇལ་བར་བྱེད་པ་ལས་ངོ་ཤེས་ཀྱི་ཚད་མ་གཞན་གྱིས་ཅི་ཞིག་བྱ་སྟེ་དོན་མེད་པར་ཐལ་ལོ། །གལ་ཏེ་དེའི་ཚེ་བརྗེད་པའི་ཕྱིར་ཁྱད་པར་ངོ་ཤེས་ཀྱི་ཚད་མས་འཛིན་པའི་སྐྱོན་མེད་ཅེ་ན། དེ་ཆོས་ཅན། དེས་དེ་འཛིན་པའི་དཔེ་མ་ཡིན་པར་ཐལ། དེས་དེ་འཛིན་པའི་ཚེ་ན་བརྗེད་པ་དེ་ཉིད་ཀྱི་ཕྱིར། གལ་ཏེ་ཕྱིས་མཐོང་བའི་མེ་ལ་སྔར་མངོན་སུམ་གྱིས་མ་མཐོང་བའི་མེ་དེའི་དངོས་པོ་འགའ་ཞིག་ནི་ཁྱད་པར་ངོ་ཤེས་ཀྱི་ཚད་མས་གྲུབ་པས་སྐྱོན་མེད་ཅེ་ན། དེ་ལྟ་ན་སྔར་གྱི་མངོན་སུམ་དང་ཕྱིས་ཀྱི་མིག་ཤེས་ཀྱི་ཡུལ་གཉིས་པོ་དེ་གཅིག་གམ་ཐ་དད། ཐ་དད་ན། ཁྱད་པར་ངོ་ཤེས་ཀྱི་བློ་དེ་ཆོས་ཅན། ཕྱིན་ཅི་ལོག་ཡིན་གྱི་ཚད་མ་མ་ཡིན་པར་ཐལ། དངོས་གཞན་ད་ལྟའི་མེ་དེ་ལ་སྔར་གྱི་མེ་དེ་ཉིད་དུ་སྒྲོ་འདོགས་པའི་ཕྱིར། གཅིག་ན་ཚད་མ་ཉིད་མ་ཡིན་པར་ཐལ། སྔར་གྱི་མངོན་སུམ་དེས་གྲུབ་པའི་དོན་ལ་ཞེན་པ་ཙམ་ཡིན་པའི་ཕྱིར། དེ་ཉིད་ཀྱི་གཞུང་འཛུགས་པ་དེ། སྔར་གྱི་མངོན་སུམ་དང་ཅིག་ཤོས་ཕྱིས་ཀྱི་ངོ་ཤེས་ཀྱི་ཡུལ་གཉིས་པོ་དེ་ཆོས་ཅན། ཁྱོད་གཉིས་གང་རུང་ཅིག་ཚད་མས་གྲུབ་པ་ན་གཉིས་ཀ་གྲུབ་པར་ཐལ། གཅིག་ཡིན་པའི་ཕྱིར། འོ་ན་ཁྱོད་ལྟར་ན་དེ་འདྲའི་ངོ་ཤེས་དེ་ཅི་ཕྱིར་འདོད་ཞེ་ན། དེ་འདྲའི་ངོ་ཤེས་ཆོས་ཅན། རིགས་པ་ཤེས་པའི་མཁས་པས་དྲན་པ་ཡིན་པར་ཤེས་ཏེ། ཕྱིས་ཀྱི་མེ་དེ་གཞན་སྔར་གྱི་མེ་དང་འདིའོ་ཞེས་གཅིག་ཏུ་མཚམས་སྦྱོར་བའི་ཞེན་པ་ཡིན་པའི་ཕྱིར། གལ་ཏེ་དེ་རྟགས་ལ་ལྟོས་པའི་ཕྱིར་དྲན་པ་ཡིན་ཞེ་ན། དེ་ཚུལ་གསུམ་པའི་རྟགས་སམ་གཏན་ཚིགས་ལ་ལྟོས། དང་པོ་ནི། དེའི་རྟེན་དུ་གྱུར་པའི་རྟགས་ཆོས་ཅན་ཚུལ་གསུམ་པའི་རྟགས་མ་ཡིན་པར་ཐལ། བསྒྲུབ་བྱ་ལ་འཁྲུལ་པའི་ཕྱིར་རོ། །གཉིས་པ་ན། དྲན་པ་འགའ་ཞིག་ཀྱང་རྟགས་ལ་ལྟོས་པ་ཡོད་པ་མ་ངེས་སོ། །དེ་ལྟར་ལོག་རྟོག་བཞིའི་ནང་ནས་གྲངས་དང་སྤྱོད་ཡུལ་ལ་ལོག་པར་རྟོག་པ་བསལ་ནས། ད་མཚན་ཉིད་ལ་ལོག་པར་རྟོག་པ་བསལ་བའི་ཕྱིར་དུ་བཤད་པ་སློབ་དཔོན་ཕྱོགས་གླང་ཆོས་ཅན། མངོན་སུམ་གྱི་མཚན་ཉིད་སྟོན་པ་ན་རྟོག་བྲལ་གྱི་འཐད་པ་རྒྱས་པར་མ་གསུངས་པའི་རྒྱུ་མཚན་ཡོད་དེ། མངོན་སུམ་རྟོག་པ་དང་བྲལ་བར་ནི་རང་གི་མངོན་སུམ་ཉིད་ཀྱིས་འགྲུབ་པར་འགྱུར་བའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། དེས་ན་ཀུན་ལས་བཏུས་སུ། མིང་དང་རིགས་སོགས་སྦྱོར་བ་ཡིས། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་པ་ཙམ་ལས་མ་གསུངས་སོ། །རྟགས་གྲུབ་སྟེ། སྐྱེ་བོ་ཀུན་གྱི་རྣམ་པར་རྟོག་པ་ནི་སོ་སོ་རང་གི་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་ཇི་ལྟ་བུ་ཞེ་ན། མིང་ལ་བརྟེན་པའང་མིང་གི་རྟེན་པ་ཅན་གྱི་སྒྲ་དོན་འདྲེས་པར་སྣང་བ་ཞིག་གོ །དེའི་སྒྲུབ་བྱེད་ནི། ཡུལ་ཐམས་ཅད་ལས་ནི་སེམས་ཕྱིར་འཕྲོ་བ་ནང་དུ་བསྡུས་ནས་ནང་གི་བདག་ཉིད་རྟོགས་པའི་རླུང་གིས་གཡོ་བ་མེད་པར་གནས་པ་ནའང་མིག་གིས་གཟུགས་དག་མཐོང་བའི་བློ་དེ་ཆོས་ཅན། དབང་སྐྱེས་ཀྱི་ཤེས་པ་རྟོག་པ་དང་བྲལ་བ་ཡིན་ཏེ། རྟོག་པ་ཡོད་ན་རྗེས་ཐོབ་ཀྱི་ཤེས་པའི་སླར་ཡང་ཁོ་བོའི་རྣམ་རྟོག་ཅི་དང་ཇི་འདྲ་བར་འགྱུར་ཞེས་ཅུང་ཟད་རྣམ་པར་རྟོག་པ་ན་ཁོ་བོའི་རྣམ་རྟོག་ནི་འདི་དང་འདི་འདྲ་བར་གྱུར་ཏོ་ཞེས་རིག་པ་ལས་སྔར་བཤད་པའི་སེམས་ཕྱིར་འཕྲོ་བ་ནང་དུ་བསྡུས་པའི་གནས་སྐབས་ཀྱིདབང་པོ་རྟོག་པ་རང་ཉིད་ལ་ནི་རྗེས་ཐོབ་ཀྱི་ཤེས་པས་རྟོག་པར་རིག་པ་མེད་པའི་ཕྱིར། དེ་ལྟར་སློབ་དཔོན་གྱིས་གོ་སླ་བར་དགོངས་ནས་རྒྱས་པར་མ་གསུངས་ན་ཡང་མངོན་སུམ་རྟོག་བྲལ་གྱི་འཐད་པ་གཞན་མེད་པ་ནི་མ་ཡིན་ཏེ་འདི་ལྟར། བརྡའི་དུས་གཅིག་ཏུ་མཐོང་བའི་ཁྱད་པར་བ་ཁྲ་མོ་རང་མཚན་པ་གཅིག་ནི་ཆོས་ཅན། རྗོད་བྱེད་སྒྲའི་དངོས་ཡུལ་མ་ཡིན་ཏེ། གཞན་ཐ་སྙད་ཀྱི་དུས་འགའ་ཞིག་ཏུ་རྗེས་འགྲོ་བྱེད་པ་མཐོང་བར་མི་འགྱུར་བའི་ཕྱིར། གལ་ཏེ་སྤྱི་དངོས་པོ་བ་སྒྲའི་ཡུལ་ཡིན་པས་གྲུབ་པ་ལ་བསྒྲུབས་སོ་ཞེ་ན། བ་ལང་གི་གསལ་བ་དེ་ཆོས་ཅན། རང་ལས་རྫས་ཐ་དད་པའི་སྤྱི་གཞན་དངོས་པོ་བ་སྒྲའི་ཡུལ་དུ་སྟོན་པ་མིན་ཏེ། རང་ལས་རྫས་ཐ་དད་པའི་སྤྱི་གཞན་དངོས་པོ་བ་བློ་ལ་སྣང་རུང་དམིགས་པ་མེད་པའི་ཕྱིར། དེས་ན་སྤྱི་དངོས་པོ་བ་མེད་ཅིང་གསལ་བ་རང་མཚན་སྒྲའི་དངོས་ཡུལ་མ་ཡིན་ལ་དབང་ཤེས་ཀྱིས་མིང་དང་འདྲེས་པའི་དོན་མི་འཛིན་ཅིང་མ་འདྲེས་པ་འཛིན་པ་དེའི་ཕྱིར་དབང་པོ་ལས་སྐྱེས་པའི་བློ་ཐམས་ཅད་ཁྱད་པར་རང་མཚན་གྱི་ཡུལ་ཅན་ཡིན་ནོ། །དེའི་རྒྱུ་མཚན་ཁྱད་པར་རང་མཚན་རྣམས་ཆོས་ཅན། ཁྱོད་ལ་རྗོད་བྱེད་ཀྱི་སྒྲ་དག་ནི་དངོས་སུ་འཇུག་པ་སྲིད་པ་ཡོད་པ་མིན་ཏེ། ཁྱད་པར་དེ་ཁྱོད་བརྡ་དང་ཐ་སྙད་ཀྱི་དུས་སུ་རྗེས་སུ་འགྲོ་བ་མེད་པས་ན་ཁྱོད་ལ་བརྡ་དངོས་སུ་འཇུག་པ་མེད་པའི་ཕྱིར་རོ། །དེས་ན་དབང་ཤེས་ཆོས་ཅན། རང་ཡུལ་སྒྲ་དང་འདྲེས་པར་འཛིན་པའི་རྟོག་པ་མ་ཡིན་ཏེ། རང་ཡུལ་རྗོད་བྱེད་ཀྱི་སྒྲ་དངོས་སུ་མི་སྦྱོར་བའི་ཕྱིར། ཁྱབ་སྟེ། སྒྲ་རྣམས་ཀྱི་ཡུལ་ཡང་གང་ཡིན་པ་དེ་ཉིད་ལ་རྗོད་བྱེད་ཀྱི་སྒྲ་དེ་རྣམས་ཉིད་ནི། དངོས་སུ་སྦྱོར་བར་བྱེད་ཀྱི་གཞན་དུ་མ་ཡིན་པའི་ཕྱིར་རོ། །བརྡ་འབྲེལ་བྱེད་པའི་རྟོག་པའི་སྣང་ཡུལ་དེ་ནི་ཆོས་ཅན། དབང་པོའི་ཤེས་པའི་སྤྱོད་ཡུལ་མ་ཡིན་ཏེ། མིང་དང་དོན་དུ་སྣང་བའི་ཕྱིར། ཁྱབ་སྟེ། དོན་དེའི་མིང་འདིའོ་ཞེས་ནི་འབྲེལ་བར་བྱེད་པའི་རྟོག་པ་ལ་མིང་དང་དོན་དུ་སྣང་བ་གང་ཡིན་པ་དེ་དག་ཉིད་ནི་བརྡ་འབྲེལ་བྱེད་པའི་རྟོག་པའི་སྣང་ཡུལ་ཡིན་པས་ནའོ། །དེས་ན་ཤེས་བྱ་ཆོས་ཅན། ཡུལ་ཅན་ཤེས་པའི་སྣང་བ་ཐ་དད་པ་ཡིས་ནི་དོན་ཡུལ་རྣམས་ཀྱང་ཐ་དད་པའི་ཁྱད་པར་བྱེད་པ་ཡིན་ཏེ། རྟོག་པའི་སྣང་ཡུལ་དེ་དབང་ཤེས་ཀྱི་སྤྱོད་ཡུལ་མ་ཡིན་དེའི་ཚེ་དབང་ཤེས་ལ་གསལ་བར་སྣང་བའི་དོན་རྟོགས་པ་ལ་གསལ་བར་སྣང་བ་མེད་པར་མི་གསལ་བ་འདྲེས་པར་སྣང་བའི་ཕྱིར་རོ། །མིག་ལ་དོན་གཟུགས་རང་མཚན་སྣང་བ་ན་ཡང་འདི་གཟུགས་སོགས་ཞེས་གཞན་གྱིས་བརྡ་སྦྱར་ནས་བསྟན་པའི་བརྡའི་དངོས་ཡུལ་གང་ཡིན་དེ་ཉིད་ཆོས་ཅན། དབང་པོའི་ཤེས་པའི་སྤྱོད་ཡུལ་མ་ཡིན་ཏེ། རྟོག་པས་རང་གི་སྣང་ཡུལ་ལ་འདི་གཟུགས་ཞེས་བརྡ་སྦྱོར་བར་བྱེད་པ་ཙམ་ཡིན་གྱི་ཕྱི་རོལ་གྱི་གཟུགས་རང་མཚན་མ་ཡིན་པའི་ཕྱིར་རོ། །ཕྱི་རོལ་གྱི་གཟུགས་རང་མཚན་ཆོས་ཅན། ངག་གི་བརྡའི་དངོས་ཡུལ་མ་ཡིན་ཏེ། དེའི་ཡིན་ན་མིག་གི་དབང་པོའི་བྱ་བ་མེད་པ་མིག་བཙུམ་པ་ལ་སོགས་པའི་གནས་སྐབས་ལ་ཡང་གཞན་གྱི་ངག་ཙམ་གྱིས་གསལ་བར་སྣང་དགོས་པ་ལ་འདི་ལྟར་སྣང་བ་མེད་པའི་ཕྱིར། བརྡ་འཇུག་པ་མེད་པའི་རྟགས་གྲུབ་སྟེ། དབང་པོའི་སྤྱོད་ཡུལ་གྱི་གཟུགས་སོགས་རང་མཚན་པ་རྣམས་ཆོས་ཅན། བརྡའི་དངོས་ཡུལ་མ་ཡིན་ཏེ། བརྡ་འབྲེལ་བྱེད་པའི་རྟོག་པའི་སྣང་ཡུལ་དེ་ནི་མིན་པའི་ཕྱིར། ཁྱབ་སྟེ། དོན་དེའི་མིང་འདིའོ་ཞེས་འབྲེལ་བར་བྱེད་པའི་རྟོག་པ་ལ་མིང་དང་དོན་དུ་སྣང་བ་གང་ཡིན་པ་དེ་དག་ཉིད་ནི་མིང་དང་དོན་དུ་འབྲེལ་བར་བྱེད་པ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དབང་ཤེས་ལ་གསལ་བར་སྣང་བའི་དོན་རང་མཚན་པ་རྣམས་ཆོས་ཅན། བརྡའ་འབྲེལ་བྱེད་པའི་རྟོག་པའི་སྣང་ཡུལ་མ་ཡིན་ཏེ། དེའི་ཚེ་དེ་ལ་གསལ་བར་སྣང་བ་མེད་པའི་ཕྱིར་ཏེ། དེ་ལ་མི་གསལ་བ་འདྲེས་པར་སྣང་བའི་ཕྱིར་རོ། །ཁྱབ་སྟེ། དབང་ཤེས་དང་རྟོག་པའི་སྣང་ཡུལ་གྱི་དོན་རྣམས་ཆོས་ཅན། ཁྱད་པར་ཐ་དད་པར་བྱེད་པ་ཡིན་ཏེ། རང་འཛིན་ཤེས་པ་ལ་སྣང་བ་གསལ་མི་གསལ་ཐ་དད་པར་སྣང་བ་ཡིན་པའི་ཕྱིར། གལ་ཏེ་རང་མཚན་ཉེ་བར་བསྟན་ནས་བརྡ་སྦྱོར་བྱེད་པ་རང་མཚན་བརྡའི་དངོས་ཡུལ་ཡིན་ནོ་ཞེ་ན། མིག་ལ་དོན་རང་མཚན་སྣང་བ་ན་འདི་གཟུགས་སོགས་ཞེས་བརྡའ་སྦྱོར་བའི་ཚེ་ཡང་གཞན་གྱིས་བསྟན་པའི་གཟུགས་ཀྱི་སྤྱི་གང་ཡིན་དེ་ཉིད་སྒྲ་ཡིས་སྦྱོར་བར་བྱེད་ཀྱི་མིག་སོགས་དབང་པོའི་སྤྱོད་ཡུལ་གྱི་གཟུགས་སོགས་ཆོས་ཅན། གཟུགས་ཞེས་པའི་སྒྲའི་དངོས་ཡུལ་མ་ཡིན་ཏེ། མིག་གི་དབང་པོའི་བྱ་བ་མེད་པ་མིག་བཙུམས་པ་སོགས་ཀྱི་གནས་སྐབས་ལ་གཟུགས་ཞེས་པའི་གཞན་གྱི་ངག་ཙམ་གྱིས་རང་ཉིད་གསལ་བར་སྣང་བ་མེད་པའི་ཕྱིར་རོ། །གལ་ཏེ་གཟུགས་སོགས་རང་མཚན་བརྡའི་ཡུལ་མ་ཡིན་ཀྱང་སྒྲའི་ཡུལ་ཡིན་ནོ་ཞེ་ན། གཟུགས་ཞེས་པའི་སྒྲ་ཆོས་ཅན། ཡུལ་ལས་བརྡའི་འབྲེལ་བ་མ་བྱས་པ་ཅན་གྱི་དོན་དངོས་སུ་རྗོད་བྱེད་མ་ཡིན་ཏེ། དེ་ཡིན་ན་བརྡ་མི་ཤེས་པའི་སྐྱེས་བུས་ཀྱང་ཁྱོད་ལས་དོན་རང་དབང་ཉིད་དུ་ཤེས་པར་ཐལ་བའི་ཕྱིར་རོ། །གལ་ཏེ་བྱེ་བྲག་པ་སོགས་ན་རེ། ཐག་ཁྲ་ལ་འདི་སྦྲུལ་ལོ་སྙམ་དུ་འཛིན་པའི་རྟོག་པ་དེ་མངོན་སུམ་ཡིན་ཏེ། དེ་ལྟ་མ་ཡིན་ན་མཐོང་རྟོག་སྐད་ཅིག་སྔ་ཕྱིའི་བར་རང་ལས་རྫས་གཞན་པའི་རྟོག་པས་བཅད་པས་རྒྱུན་ཆད་ཅིང་འཇུག་པར་འགྱུར་བའི་ཕྱིར་རོ་ཞེ་ན། ཐག་ཁྲ་ལ་འདི་སྦྲུལ་ལོ་སྙམ་དུ་འཛིན་པའི་རྟོག་བཅས་དང་ཐག་ཁྲའི་ཁ་དོག་འཛིན་པའི་རྟོག་པ་མེད་པའི་ཡིད་ཤེས་དག་ནི་ཆོས་ཅན། རྫས་ཐ་དད་པ་ཡིན་ཀྱང་གཅིག་ཏུ་འཁྲུལ་པའི་རྒྱུ་མཚན་ཡོད་དེ། ཡུལ་ལ་གཅིག་ཆར་དུ་འཇུག་པའི་ཕྱིར་རམ་ཡུལ་ལ་འཇུག་པ་ཆེས་མྱུར་བའི་ཕྱིར་བླུན་པོ་དག་གཅིག་ཏུ་ཞེན་པའི་ཕྱིར། གལ་ཏེ་དེ་ལྟ་ན་ཐག་ཁྲ་མཐོང་བའི་མངོན་སུམ་ཆོས་ཅན། རང་གི་སྐད་ཅིག་སྔ་ཕྱི་རྒྱུན་ཆད་ཅིང་འཇུག་པར་གྱུར་བར་ཐལ། དེའི་བར་རང་ལས་གཞན་པའི་རྣམ་རྟོག་གིས་བཅད་པའི་ཕྱིར། དེས་ན་དེ་གཉིས་གཅིག་གོ་ཞེ་ན། མངོན་སུམ་རྟོག་པར་སྨྲ་བ་གཞན་གྱི་ལུགས་ལའང་ཡེ་ཤེས་ཀྱི་བ་ལང་ལས་རིགས་ཐ་དད་པའི་འདས་པའི་སྒྲ་སོགས་རྣམ་པར་རྟོག་པའི་ཚེ་བ་ལང་གི་ཁ་དོག་འཛིན་པའི་མངོན་སུམ་ཆོས་ཅན། རང་གི་སྐད་ཅིག་སྔ་ཕྱི་རྒྱུན་ཆད་ཅིང་འཇུག་པ་ཇི་ལྟར་མིན་ཏེ་ཡིན་པར་ཐལ། དེའི་བར་རང་ལས་རྫས་གཞན་པའི་རྣམ་རྟོག་གིས་བཅད་པའི་ཕྱིར། གལ་ཏེ་དེ་ཆོས་ཅན། རང་གི་སྐད་ཅིག་སྔ་ཕྱིའི་བར་དུ་མཐོང་བ་མེད་པ་ཞུགས་པས་རང་གི་སྐད་ཅིག་སྔ་ཕྱི་བར་མ་ཆད་དུ་མཚམས་སྦྱོར་བ་ལ་གནོད་པ་མ་ཡིན་པར་ཐལ། དེ་ལས་ཆེས་སྟོབས་དང་ལྡན་པའི་ཕྱིར་ཏེ། དངོས་པོའི་ཕྱོགས་ཡིན་པའི་ཕྱིར། དཔེར་ན་འགལ་མེའི་ཆ་ཤས་ཡུལ་ཀུན་ཏུ་ཁྱབ་པ་མ་ཡིན་ཀྱང་ཆེས་མྱུར་བ་སོགས་ཀྱི་རྒྱུ་མཚན་གྱིས་བར་མ་ཆད་པར་འཁོར་ལོའི་རྣམ་པར་མཐོང་བ་བཞིན་འདོད་དོ་ཞེ་ན། ཐག་ཁྲའི་ཁ་དོག་འཛིན་པའི་མངོན་སུམ་ཆོས་ཅན། རང་གི་སྐད་ཅིག་སྔ་ཕྱིའི་བར་དུ་མཐོང་མེད་ཞུགས་པས་སྔ་ཕྱི་བར་མ་ཆད་དུ་མཚམས་སྦྱོར་བ་ལ་གནོད་པ་མེད་པར་ཐལ། ཁྱོད་མཐོང་མེད་ལས་ཆེས་སྟོབས་དང་ལྡན་པའི་ཕྱིར། ཁྱོད་དངོས་པོའི་ཕྱོགས་ཡིན་པའི་ཕྱིར་ཞེས་པ་དེ་ནི་མཚུངས་པ་ཡིན་ནོ། །གཞན་ཡང་འཇུག་པ་མྱུར་བས་བར་མ་ཆད་དུ་འཁྲུལ་ན། ཡི་གེ་ས་རཿར་ས་ཐོས་པའི་ཉན་ཤེས་དེའང་ཆོས་ཅན། ཡི་གེ་ས་རཿར་ས་ཡི་ཆ་ཤས་རྣམས་ཅིག་ཅར་དུ་ཐོས་པར་འགྱུར་བར་ཐལ། དེ་ཐོས་པ་ཆེས་འཇུག་པ་མྱུར་བའི་ཕྱིར། གཞན་ཡང་ཤེས་པ་དུ་མ་ཅིག་ཅར་དུ་མི་སྐྱེ་བར་འདོད་པ་འདིར་གཟུགས་སོགས་དོན་ལྔ་ཀུན་དང་ཅིག་ཅར་ལྷན་ཅིག་ཏུ་འདུས་པ་ཅན་གྱི་མིག་སོགས་དབང་ལྔ་རྣམས་དང་ཡིད་བྱེད་ནུས་ལྡན་དུ་ཡོད་པ་ན་མིང་གི་མཐར་ཐུག་པ་སྟེ་མིང་ལ་བརྟེན་པའམ་མིང་གི་རྟེན་པ་ཅན་གྱི་ཡིད་ཀྱི་ཤེས་པ་ཆོས་ཅན། རང་གི་སྐད་ཅིག་སྔ་ཕྱིའི་བར་རང་ལས་རྫས་གཞན་པའི་འཇུག་ཤེས་ལྔ་པོ་རྣམས་ཀྱི་ཆོད་པར་སྣང་བར་ཐལ། དེ་རྣམས་རང་དང་སྐད་ཅིག་སྔ་ཕྱི་རེ་རེ་ཞིང་འདྲེས་པ་སྟེ་སྤེལ་ནས་རིམ་ཅན་དུ་སྐྱེ་བའི་ཕྱིར་ཏེ། དེ་རྣམས་དང་རྒྱུ་ཚོགས་མཉམ་པོར་མཚུངས་ཤིང་ལྷན་ཅིག་ཏུ་མི་སྐྱེ་བའི་ཕྱིར། འདོད་མི་ནུས་ཏེ། དེའི་ཚེ་དེ་འདྲ་བའི་ཡིད་བློ་གང་ཡིན་དེ་སྐད་ཅིག་སྔ་ཕྱིའི་བར་ཆོད་པ་མེད་པར་སྣང་བཞིན་དུ་ཆོད་པར་སྣང་བ་དེ་ངོ་མཚར་རོ་ཞེས་དཔྱས་སོ། །དེས་ན་ཤེས་བྱ་ཆོས་ཅན། རྐྱེན་ཇི་ལྟ་བ་བཞིན་དུ་རིགས་མི་མཐུན་གྱི་བློ་དུ་མ་ནི་ཅིག་ཅར་སྐྱེ་བར་འགྱུར་ཏེ། དེ་ལྟ་མ་ཡིན་ན་ཇི་སྐད་བཤད་པའི་སྐྱོན་ཡོད་པ་དེའི་ཕྱིར། གཞན་ཡང་ཤེས་པ་དུ་མ་ཅིག་ཅར་མི་སྐྱེ་ན་དབང་ཤེས་ལྔ་པོ་འཇུག་བཞིན་པའི་མིག་ཤེས་གཉིས་ཆོས་ཅན། སྣང་བ་ལ་ཡང་ཁྱད་པར་མེད་པ་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། བར་ཆད་དང་བཅས་པ་དང་བར་ཆད་མེད་པར་འཇུག་པ་ཡིན་པའི་ཕྱིར། གཞན་ཡང་ཡིད་ཀྱི་རྟོག་པ་འབའ་ཞིག་འཇུག་བཞིན་པའི་ཚེ་ལའང་ཡིད་ཤེས་ཆོས་ཅན། རང་ཡུལ་རིམ་ཅན་དུ་འཛིན་པར་མི་འགྱུར་བར་ཅིག་ཅར་དུ་འཛིན་པར་ཐལ། རང་ཡུལ་འཛིན་པ་ཆེས་མྱུར་བའི་ཕྱིར། གལ་ཏེ་ཤེས་པ་དུ་མ་ཅིག་ཅར་སྐྱེ་ན་ཡུལ་ལྔ་ཉེ་བ་ན་དེ་འཛིན་གྱི་ཤེས་པ་ལྔ་ཅིག་ཅར་དུ་སྐྱེ་དགོས་པ་ལས་རེ་འགའ་མི་མཐོང་བའི་ཕྱིར། དེ་ལྟར་མ་ཡིན་ནོ་ཞེ་ན། སེམས་ཏེ་ཡེ་ཤེས་གཟུགས་མཛེས་ལ་ཀུན་ཏུ་ཆགས་པའི་སྐབས་ལ་ལར་སྒྲ་སོགས་ཀྱི་དོན་ཉེ་བ་ལའང་སྒྲ་སོགས་འཛིན་པའི་ཤེས་པ་སྐྱེ་བ་མེད་པ་གང་ཡིན་པ་དེ་ཆོས་ཅན། ཤེས་པ་རིམ་ཅན་ཁོ་ནར་སྐྱེ་བའི་རྒྱུ་མཚན་གྱིས་མ་ཡིན་ཏེ། ཡིད་ཤེས་གཟུགས་མཛེས་ལ་ལྷག་པར་ཆགས་པས་ཡུལ་གཞན་འཛིན་པའི་ཤེས་པ་སྐྱེ་བའི་དེ་མ་ཐག་རྐྱེན་གྱི་ནུས་པ་ཉམས་པར་བྱས་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། དེས་ན་ཤེས་པ་དུ་མ་ཅིག་ཅར་དུ་སྐྱེ་བ་དང་རིམ་གྱིས་སྐྱེ་བར་འདོད་པའི་རྒོལ་བ་གཉི་ག་ལ་ཡང་ཡུལ་ལྔ་ཀ་ཉེ་བ་ན་དེ་འཛིན་གྱི་ཤེས་པ་ལྔ་ཅིག་ཅར་དུ་ཅིའི་ཕྱིར་མི་སྐྱེ་ཞེས་པའི་རྩོད་པ་འདི་ཡོད་པས། ཁྱོད་ཀྱིས་ཀྱང་ཁོ་བོ་ཅག་གིས་བཏབ་པའི་ལན་ལ་བརྟེན་ནས་ལག་གདབ་དགོས་ཏེ། དེ་ལྟ་མ་ཡིན་ན་དེ་བཟློག་པའི་ཐབས་མེད་པའི་ཕྱིར་རོ། །གཞན་ཡང་སྔར་གྱི་དཔེ་ཡང་མ་གྲུབ་སྟེ། འགལ་མེ་ལ་འཁོར་ལོའི་རྣམ་པ་གསལ་བར་སྣང་བའི་དབང་ཤེས་ཆོས་ཅན། འགལ་མེ་དེའི་ཆ་ཤས་བར་ཆད་དང་བཅས་པར་མཐོང་བ་ལ་བར་མ་ཆད་དུ་མཚམས་སྦྱོར་བ་ལས་འགལ་མེ་འཁོར་ལོའི་རྣམ་པར་འཁྲུལ་པ་མ་ཡིན་པར་ཐལ། འགལ་མེ་མྱུར་དུ་འཇུག་པ་ལ་སོགས་པ་རྗེས་སུ་འགྲོ་བས་གནོད་པ་ཅན་གྱི་མིག་གི་དབང་པོ་ལས་འགལ་མེ་འཁོར་ལོའི་རྣམ་པར་འཁྲུལ་པར་སྐྱེས་པའི་ཕྱིར། གཞན་ཡང་སྲིད་པའི་བདག་པོས་སོགས་ཀུན་བཏུས་འགྲེལ་བྱེད་ལ་ལ་ན་རེ། བརྡ་ལ་བྱང་བའི་རྒན་པོའི་དབང་ཤེས་ཆོས་ཅན། རྟོག་མེད་ཡིན་ཏེ། དབང་པོ་ལས་སྐྱེས་པ་དང་མྱོང་བའི་རྣམ་པས་འཇུག་པ་དང་ཡིད་ལས་བྱུང་བ་མ་ཡིན་པ་ལ་སོགས་པའི་ཕྱིར་ཏེ་བྱིས་པའི་བློ་བཞིན་ནོ། །དེ་ཡང་དེས་བསྒྲུབ་བྱའི་ཆོས་ཀྱིས་སྟོང་པ་མ་ཡིན་ཏེ། བྱིས་པའི་བློ་རྟོག་མེད་ཡིན་པ་ཉིད་ཀྱི་རྒྱུ་མཚན་བརྡ་འཛིན་པའི་ནུས་པ་ཉམས་པ་ཉིད་ཡིན་པའི་ཕྱིར་ཞེས་སྨྲ་བ་ལ། རྒོལ་བ་དེ་དག་གི་ནི་ལུགས་ལ་བྱིས་པའི་བློ་ཆོས་ཅན། མངོན་སུམ་བཞིན་དུ་དོན་ལ་སྤྱོད་པ་མ་ཡིན་པ་ཉིད་དུ་འགྱུར་བར་ཐལ། རྟོག་མེད་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་གཟུགས་སོགས་མངོན་པར་འདོད་པ་མཐོང་བའི་ཕྱིར། ཡང་དེ་ཆོས་ཅན། ཕྱིས་ནར་སོན་པའི་དུས་ཀྱང་བརྡ་འཛིན་པར་མི་འགྱུར་བར་ཐལ། བརྡ་འཛིན་པའི་རྒྱུ་དོན་ལ་དཔྱོད་པ་དང་བྲལ་བའི་ཕྱིར། གལ་ཏེ་རྟགས་མ་གྲུབ་ཏེ། དེ་ལ་བརྡ་ལ་མ་བྱང་བའི་ཡིད་དོན་ལ་དཔྱོད་བྱེད་དུ་ཡོད་པ་དེས་ན་ཕྱིས་བརྡ་འཛིན་པ་དེ་འདོད་ཅེ་ན། བྱིས་པའི་དབང་ཤེས་ཀྱི་བློ་ཆོས་ཅན། བྱིས་པའི་བློ་དེ་བཞིན་དུ་ཁྱོད་ལ་ཡང་དོན་ལ་དཔྱོད་བྱེད་དུ་འགྱུར་བར་ཐལ། ཁྱོད་རྟོག་མེད་ཡིན་པའི་སྒྲུབ་བྱེད་མ་བསྟན་པའི་ཕྱིར། འདོད་ན། རྒན་དབང་རྟོག་མེད་དུ་སྒྲུབ་པའི་མཐུན་དཔེ་མ་ཡིན་པར་ཐལ་ལོ། །གལ་ཏེ་དབང་པོ་ལས་སྐྱེས་པ་སོགས་དེའི་སྒྲུབ་བྱེད་ཡིན་ནོ་ཞེ་ན། དབང་པོ་ལས་སྐྱེས་པ་འདི་འདྲ་འདི་ཡང་ཆོས་ཅན། རིགས་པ་ཅན་པའི་བློ་ངོར་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། དེའི་བློ་ངོར་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དང་མ་འབྲེལ་ཞིང་དགག་བྱའི་ཆོས་དང་མི་འགལ་བའི་ལྷག་ལྡན་ཡིན་པའི་ཕྱིར། གལ་ཏེ་རྟོག་མེད་དུ་འགྲུབ་རུང་ལ་སོགས་པའི་རྟགས་ཀྱི་རྟོགས་མེད་དུ་བསྒྲུབས་ནས་དེའི་དཔེར་བརྗོད་པས་སྐྱོན་མེད་ཅེ་ན། འགྲུབ་རུང་ལ་སོགས་པའི་རྟགས་གང་ཡིན་དེ་ཉིད་ཆོས་ཅན། དེའི་བློ་ངོར་རྒན་དབང་རྟོག་བྲལ་དུ་སྒྲུབ་པ་འདིར་ཡང་རྟགས་སུ་བརྗོད་བྱ་ཡིན་པར་ཐལ། དེའི་བློ་ངོར་བྱིས་བློ་རྟོག་མེད་དུ་སྒྲུབ་པར་བྱེད་པའི་རྟགས་གང་ཞིག །དེའི་བློ་ངོར་རྒན་པོ་དང་བྱིས་པའི་དབང་པོའི་བློ་གཉིས་ཀ་རྟོག་མེད་དུ་བསྒྲུབ་དགོས་སུ་ནི་མཚུངས་པའི་ཕྱིར་རོ། །དབང་སྐྱེས་རྟགས་ཡང་དག་མ་ཡིན་པར་བསྟན་པ་འདིས་ནི་མྱོང་བའི་རྣམ་པས་འཇུག་པ་དང་ཡིད་ལས་འབྱུང་བ་མ་ཡིན་པ་སོགས་ཀྱང་རྟགས་ཡང་དག་མ་ཡིན་པར་བཤད་པ་ཡིན་ནོ། །དེ་དག་གིས་ཞར་ལ་མངོན་སུམ་རྟོག་པར་སྨྲ་བ་དང་རྟོག་མེད་ཀྱི་སྒྲུབ་བྱེད་གཞན་སྨྲ་བ་ལ་གནོད་པ་བརྗོད་ནས། ད་བྱེ་བྲག་པ་སོགས་དབང་ཤེས་དེ་རིགས་པ་སོགས་རྫས་ལ་སྦྱར་ནས་འཛིན་པའི་རྟོག་པར་འདོད་པ་བསལ་བའི་ཕྱིར་དུ་མངོན་སུམ་རྟོག་མེད་དུ་སྒྲུབ་པའི་རིགས་པ་གཞན་ཡང་སྟོན་པ་དེ། ཁྱད་པར་བྱེད་ཆོས་དང་ནི་ཁྱད་པར་བྱས་གཞི་དེ་གཉིས་ཀྱི་འབྲེལ་བ་དང་ཁྱད་གཞི་སོགས་ཀྱི་འཇིག་རྟེན་གཞུང་ལུགས་སམ་ཐ་སྙད་རྣམས་ནི་དང་པོར་སོ་སོར་བཟུང་ནས་ཕྱིས་དེ་དག་བསྡོམ་པར་བྱས་ཏེ་ཁྱད་ཆོས་ཀྱི་ཁྱད་གཞི་ཁྱད་པར་དུ་བྱས་པ་དེ་ལྟར་དུ་རྟོགས་ཀྱི་གཞན་དུ་ནི་མིན་ཏེ་དཔེར་ན་སྐྱེས་བུ་དབྱུག་པ་ཅན་དུ་འཛིན་པ་བཞིན་ནོ། །དེས་ཁྱབ་པ་བསྒྲུབས་ནས་དོན་ལ་སྦྱོར་བ་ནི། བ་ལང་འཛིན་པའི་མངོན་སུམ་ཆོས་ཅན། བ་ལང་གི་རིགས་སོགས་དེ་དེ་དང་ལྡན་པའི་བ་ལང་གི་རྫས་ལ་སྦྱོར་ནས་འཛིན་པའི་རྟོག་པར་ཡོད་པ་མ་ཡིན་ཏེ། ཁྱད་ཆོས་བ་ལང་གི་རིགས་སོགས་དང་ཁྱད་གཞི་བ་ལང་གི་རྫས་དང་དེ་གཉིས་ཀྱི་འབྲེལ་བ་དང་དེ་དག་གི་འཇིག་རྟེན་གཞུང་ལུགས་སོགས་བྱེ་བྲག་ཏུ་སོ་སོར་རྟོག་པ་མེད་པའི་ཕྱིར་དཔེར་ན་དེ་འདྲ་བའི་མངོན་སུམ་འདི་ལ་རིགས་སོགས་རྫས་ལ་སྦྱར་ནས་འཛིན་པའི་རྟོག་པའང་མེད་དོ། །རྟགས་གྲུབ་སྟེ། སྤྱི་དངོས་པོ་བ་ཡོད་པའི་སྒྲུབ་བྱེད་བ་ལང་གི་གསལ་བ་རྣམས་ལ་རྗེས་སུ་འགྲོ་བ་ཅན་གྱི་བ་ལང་གི་སྤྱི་འཛིན་རྣམས་གང་ཡིན་དེའང་ཆོས་ཅན། བ་ལང་གི་སྤྱི་དངོས་པོ་བ་གཟུང་དོན་དུ་ཡོད་པ་མ་ཡིན་ཏེ། བ་ལང་གི་སྒྲ་སྟེ་མིང་དང་དེའི་གསལ་བའི་ཁ་དོག་དབྱིབས་སོགས་ཀྱི་རྣམ་པར་སྣང་བ་ཡིན་པའི་ཕྱིར། ཁྱབ་སྟེ། ཁ་དོག་དབྱིབས་དང་ཡི་གེ་སྟེ་མིང་སོགས་ཀྱི་རྣམ་པས་སྟོང་པ་ཞིག་བ་ལང་ཉིད་ཅེས་པའི་སྤྱི་ཉིད་དུ་བརྗོད་ཅིང་འདོད་པའི་ཕྱིར་རོ། །གལ་ཏེ་སྤྱི་འཛིན་ལ་མི་གསལ་བར་སྣང་བའི་ཁ་དོག་དབྱིབས་སོགས་དེ་ཉིད་གསལ་བའི་མཚུངས་པ་སྟེ་སྤྱི་ཉིད་ཡིན་པར་འདོད་ན། ཡང་བ་ལང་འཛིན་པའི་མིག་གི་ཤེས་པ་ཆོས་ཅན། བ་ལང་གི་སྤྱི་འཛིན་ཤེས་པའི་སྣང་ཡུལ་དེས་བ་ལང་གི་རྫས་ཁྱད་པར་དུ་བྱས་ནས་འཛིན་པ་མ་ཡིན་པར་ཐལ། དེ་རང་གི་ཡུལ་ལ་མཐོང་བ་མེད་པའི་ཕྱིར། རྟགས་གྲུབ་སྟེ། དེ་འདྲའི་བློ་ཆོས་ཅན། བ་ལང་གི་ཁ་དོག་དབྱིབས་སོགས་ལས་རྫས་ཐ་དད་པའི་བ་ལང་གི་སྤྱི་འཛིན་ཤེས་པའི་སྣང་ཡུལ་དེ་རང་ལ་སྣང་བའང་རྙེད་པར་དཀའ་སྟེ། སྤྱི་འཛིན་ཤེས་པའི་སྣང་ཡུལ་དེ་གསལ་བ་དང་མི་གསལ་བར་སྣང་བའི་སྣང་ཚུལ་གཉིས་ནི་མེད་པར་མི་གསལ་བ་ཁོ་ནར་སྣང་བ་ཁྱོད་སྣང་ཡུལ་གསལ་བར་སྣང་བ་ཁོ་ན་ཡིན་པའི་ཕྱིར་རོ། །གཞན་ཡང་དབང་པོའི་ཤེས་པ་ཆོས་ཅན། རིགས་སོགས་རྫས་ལ་སྦྱར་ནས་འཛིན་པའི་རྟོག་པ་མ་ཡིན་ཏེ། དེ་གཉིས་ཀྱི་འབྲེལ་བ་མཐོང་བ་མེད་པར་གནས་པའི་ཕྱིར་ཏེ། ཁྱོད་ཀྱིས་དེ་གཉིས་ཀྱི་འཕྲོད་འདུ་འཛིན་པ་མེད་པའི་ཕྱིར། གལ་ཏེ་སྣལ་མ་འདི་ལ་སྣམ་བུ་ཡོད་སྙམ་པའི་བློ་ཆོས་ཅན། རྒྱུ་དང་བཅས་པ་ཡིན་ཏེ། བློ་ཡིན་པའི་ཕྱིར། རྒྱུ་དེ་ཡང་སྣལ་མ་དང་སྣམ་བུ་གང་ཡང་མ་ཡིན་པར་དེ་གཉིས་ཀྱི་འཕྲོ་འདུ་དེའོ་ཞེ་ན། སྣལ་མ་འདི་ལ་སྣམ་བུ་ཡོད་ཅེས་པའི་རིགས་པ་ཅན་པའི་སྒྲ་འདི་དག་ཀྱང་ཆོས་ཅན། རིགས་པ་ཅན་པའི་བློ་ངོར་དངོས་པོའི་སྟོབས་སམ་གྲགས་པའི་དབང་གིས་ཁྱོད་ལས་སྣལ་མ་འདི་ལ་སྣམ་བུ་ཡོད་སྙམ་པའི་བློ་འཇུག་པ་མ་ཡིན་པར་ཐལ། དེའི་བློ་ངོར་དངོས་པོའི་སྟོབས་སམ་གྲགས་པ་གང་གིས་ཀྱང་མ་གྲུབ་པར་རིགས་པ་ཅན་པ་རང་གིས་རང་དགར་བྱས་པའི་ཐ་སྙད་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། བ་ལང་ལ་རྭ་ཡོད་སྣམ་བུ་ལ་སྣལ་མ་ཡོད་ཅེས་འཇིག་རྟེན་ན་གྲགས་ཀྱི་རྭ་ལ་བ་ལང་ཡོད། སྣལ་མ་ལ་སྣམ་བུ་ཡོད་ཅེས་འཇིག་རྟེན་ན་གྲགས་པ་མ་ཡིན་པའི་ཕྱིར། གལ་ཏེ་དེ་ལྟ་ན་ཡང་བ་ལང་ལ་རྭ་ཡོད་སྙམ་པའི་བློའི་གཟུང་དོན་བ་ལང་དང་རྭའི་འཕྲོད་འདུ་ཡོད་དོ་ཞེ་ན། བ་ལང་ལ་རྭ་ཡོད་སྙམ་པའི་བློ་ཆོས་ཅན། བ་ལང་དང་རྭའི་འཕྲོད་འདུ་ཡོད་པའི་རྒྱུ་མཚན་ཙམ་གྱིས་འཇུག་པ་མ་ཡིན་པར་ཐལ། བ་ལང་ཞེས་བྱའི་མིང་ཅན་གྱི་ཡན་ལག་ནོག་སོགས་དང་ནི་ཡན་ལག་ལྷག་མ་སྟེང་གི་ར་བར་རྣམ་པར་ཐམས་ཅད་དམིགས་པ་མེད་པའི་རྒྱུ་མཚན་གྱིས་འཇུག་པའི་ཕྱིར། གཞན་ཡང་སྣལ་མ་ལ་སྣམ་བུའོ་ཞེས་པ་ཡང་འཇིག་རྟེན་ན་གྲགས་པ་མེད་དེ། སྣལ་མ་དེ་རྣམས་ཀྱི་སྣམ་བུ་འདིའོ་ཞེས་པའི་སྒྲ་ཆོས་ཅན། ཇི་ལྟ་བུར་ཡང་འབྲས་བུའི་སྣལ་མ་དང་དུས་གཅིག་པའི་ཡན་ལག་ཅན་གྱི་སྣམ་བུའི་རྫས་ལ་དངོས་སུ་འཇུག་པ་མིན་ཏེ། རྒྱུའི་སྣལ་མ་ཐག་ག་བ་སོགས་ཀྱིས་མངོན་པར་འདུས་བྱས་པ་ལས་ཕྱིས་འབྲས་བུ་སྣམ་བུ་འབྱུང་བར་བརྗོད་པ་ཙམ་ཡིན་པའི་ཕྱིར། ཡང་སྣམ་བུའི་སྒྲ་འཇུག་པའི་རྟེན་ནམ་རྒྱུ་སྟོན་པ་ན་ཆོས་ཅན། ཡན་ལག་ཅན་གྱི་སྣམ་བུའི་རྫས་ཉིད་སྣལ་མ་ཞེས་པའི་སྒྲ་འཇུག་པའི་རྟེན་མ་ཡིན་ཏེ། སྔར་གྱི་སྣལ་མ་དེ་གང་ཞེས་དྲིས་པ་ན་སྐྱེས་བུ་འགའ་ཡིས་འབྲས་བུ་སྣམ་བུ་ལ་རྒྱུའི་སྣལ་མར་སྒྲོ་བཏགས་ནས་སྔར་གྱི་སྣལ་མ་དེ་འདིའོ་ཞེས་པའམ། ཡང་དེ་ལྟར་དྲིས་པ་ན་སྣམ་བུ་ལས་སྣལ་མ་གཅིག་ནི་དཀའ་བར་བྱས་ནས་སྣལ་མ་འདིའོ་ཞེས་སྣལ་མའི་སྒྲ་འཇུག་པར་འགྱུར་བ་ཙམ་ཡིན་པའི་ཕྱིར། གཞན་ཡང་བ་ལང་ལ་རྭ་ཡོད་སྙམ་པའི་བློ་ཆོས་ཅན། བ་ལང་དང་རྭའི་འཕྲོད་འདུ་ཡོད་པའི་རྒྱུ་མཚན་ཙམ་ལས་འཇུག་པ་མ་ཡིན་ཏེ། བ་ལང་དང་རྭ་ཕན་ཚུན་ཕན་གདགས་བྱ་དང་ཕན་འདོགས་བྱེད་དུ་འབྲེལ་བ་ཉིད་དམ་ནོག་སོགས་ཡན་ལག་ལྷག་མ་རྣམས་དང་སྟེང་གི་རྭ་བར་རྣམ་པར་བཅད་པ་མེད་པར་སྣང་བ་ཙམ་ལས་འཇུག་པ་ཉིད་ཡིན་པའི་ཕྱིར། གལ་ཏེ་སྣམ་བུ་ཉིད་ཅེས་པའི་སྒྲ་ཆོས་ཅན། དོན་གང་ལ་ཡང་དངོས་མིང་དུ་མི་འཇུག་པར་ཐལ། ཡན་ལག་ཅན་གྱི་སྣམ་བུའི་རྫས་མེད་པའི་ཕྱིར་རོ། །འདོད་ན། དོན་གང་ལ་བཏགས་མིང་དུ་ཡང་མི་འཇུག་པར་ཐལ་ལོ་ཞེ་ན། རྒྱུའི་སྣལ་མ་རྣམས་ཐ་ག་བ་སོགས་ཀྱིས་ལིང་པོ་གཅིག་ཏུ་བྱས་པ་གང་ཡིན་དེ་ཆོས་ཅན། ཁྱོད་ལ་སྣམ་བུ་ཞེས་པའི་སྒྲ་དངོས་མེད་དུ་འཇུག་སྟེ། དེ་ལས་དོན་གཞན་ལ་འཁྲུལ་མེད་ཅན་དུ་བློས་ཤེས་ཤིང་ཁྱོད་དེ་འདོད་རྒྱལ་དང་པོར་སྦྱོར་བའི་བརྡའི་སྤྱོད་ཡུལ་ཡིན་པའི་ཕྱིར། དེ་དག་གིས་རིགས་སོགས་མངོན་སུམ་གྱིས་མ་གྲུབ་པར་བསྟན་ནས། ད་རྗེས་དཔག་གིས་ཀྱང་མ་གྲུབ་པར་སྟོན་པ་དེ། ཁྱད་པར་གྱིས་དངོས་པོ་རྣམས་ཆོས་ཅན། རང་ལས་རྫས་ནི་ཐ་དད་པ་ཅན་གྱི་རིགས་སོགས་རང་གི་ཆོས་སུ་ཡོད་པར་སྒྲུབ་པ་ལ་ནི་རྟགས་དང་རྗེས་དཔག་མེད་པ་ཡིན་ཏེ། དེ་སྒྲུབ་ཀྱི་མཐུན་དཔེ་མེད་པའི་ཕྱིར་རོ། །གལ་ཏེ་སྐྱེས་བུ་དབྱུག་པ་ཅན་དེའི་མཐུན་དཔེ་ཡིན་པས་རྟགས་མ་གྲུབ་བོ་ཞེ་ན། སྐྱེས་བུ་དབྱུག་པ་ཅན་ཞེས་སོགས་ཀྱི་ཐ་སྙད་ཐམས་ཅད་ཆོས་ཅན། སྐྱེས་བུ་དབྱུག་པ་ཅན་ལ་དོན་གཞན་དབྱུག་པའི་རྒྱུ་མཚན་ཙམ་གྱིས་འཇུག་པའང་མ་ཡིན་པར་ཐལ། སྐྱེས་བུ་དང་དབྱུག་པ་ཕན་ཚུན་ཕན་གདགས་བྱ་འདོགས་བྱེད་དུ་མཐོང་བའི་སྒོ་ནས་དེ་གཉིས་ཁྱད་གཞི་ཁྱད་ཆོས་སུ་ཀུན་རྫོབ་སྟེ་སྒྲོ་འདོགས་ཐ་སྙད་འདོགས་པའི་ཕྱིར། གཞན་ཡང་ཚིག་གི་དོན་དྲུག་གི་དངོས་པོ་དང་ཁང་བཟང་གི་ཕྲེང་བ་ཞེས་སོགས་ཀྱི་སྒྲ་ཡང་ཆོས་ཅན། ཚིག་གི་དོན་དྲུག་དང་ཁང་བཟང་སོགས་ལ་དངོས་མིང་དུ་འཇུག་པ་མ་ཡིན་པར་ཐལ། དོན་གཞན་ཚིག་གི་དོན་དྲུག་དང་ཁང་བཟང་རྒྱུ་མཚན་དུ་ཡོད་པ་ལ་ལྟོས་པ་མ་ཡིན་པའི་ཕྱིར། དེ་ལ་རིགས་མི་མཐུན་གྱིས་རྫས་མི་རྩོམ་པས་ཁང་བཟང་རྫས་མ་ཡིན་ལ། གལ་ཏེ་ཁང་བཟང་དེ་རིགས་མི་མཐུན་གྱིས་བརྩམས་པའི་ལྡན་པ་ཞེས་པའི་ཡོན་ཏན་ཡིན་ན། ཁང་བཟང་དེའི་ཕྲེང་བ་དེ་ནི་ཚིག་གི་དོན་དྲུག་གི་ཅི་ཞིག་ཡིན་སྟེ་གང་ཡང་མ་ཡིན་པར་ཐལ་ལོ། །དེ་ཡང་རྫས་དང་ཡོན་ཏན་ལས་མ་ཡིན་ཏེ། ཡོན་ཏན་ལ་བརྟེན་པའི་ཕྱིར། བྱེ་བྲག་འདུ་བ་མ་ཡིན་ཏེ། འབྲས་བུ་མི་བསྐྱེད་པའི་ཕྱིར་རོ། །གལ་ཏེ་དེ་རིགས་ཡིན་ན་ཁང་པ་གཅིག་ཀྱང་ཆོས་ཅན། ཁྱོད་ཁང་བཟང་གི་ཕྲེང་བ་ཞེས་བརྗོད་པར་འགྱུར་བར་ཐལ། ཁང་བཟང་གི་ཕྲེང་བ་དེ་ཁྱོད་ཀྱི་རིགས་སུ་ལྡན་པའི་ཕྱིར། དཔེར་ན་ཤིང་གཅིག་ཀྱང་ཤིང་གི་རིགས་དང་ལྡན་པས་ཤིང་ཞེས་བརྗོད་པ་བཞིན་ནོ། །གཞན་ཡང་ཁང་བཟང་གི་ཕྲེང་བ་མང་པོ་ལ་ཆོས་ཅན། ཁང་བཟང་གི་ཕྲེང་བ་ཁང་བཟང་གི་ཕྲེང་བ་ཞེས་པ་དེའི་སྒྲ་མི་འཇུག་པར་ཐལ། ཁང་བཟང་གི་ཕྲེང་བ་དེ་ཁྱོད་ཀྱི་རིགས་སུ་མི་ལྡན་པའི་ཕྱིར་ཏེ། ཇི་ལྟར་ཁང་བཟང་གི་ཕྲེང་བ་རིགས་སུ་འདོད་པ་དེའི་ཚེ་རིགས་ལ་རིགས་གཞན་མེད་པའི་ཕྱིར། ཡང་ཁང་བཟང་གི་ཕྲེང་བ་ཆེན་པོ་དང་ཁང་བཟང་ཆེན་པོ་སོགས་ལ་ནི་ཆོས་ཅན། ཆེན་པོ་དང་ཆུང་ངུ་སོགས་ཀྱི་སྒྲ་མི་འཇུག་པར་ཐལ། ཆེ་ཆུང་སོགས་ཀྱི་ཁྱོད་ཀྱི་ཆོས་སུ་མེད་པའི་ཕྱིར། གལ་ཏེ་དེ་དག་ལ་དེའི་སྒྲ་ཉེ་བར་བཏགས་པ་ལས་འཇུག་པར་འདོད་དོ་ཞེ་ན། ཁང་བཟང་གི་ཕྲེང་བ་ཆེན་པོ་སོགས་གང་ཡིན་པ་དེ་ཆོས་ཅན། ཆེན་པོ་སོགས་ཀྱི་སྒྲ་ཉེ་བར་བཏགས་ནས་འཇུག་པ་མིན་པར་ཐལ། དེ་དངོས་མིང་དུ་འཇུག་པའི་རི་བོ་ལ་སོགས་པའི་ཆེན་པོ་དངོས་དང་ཁྱད་པར་མེད་པར་རྣམ་ཤེས་ཀྱིས་ཆེན་པོ་དངོས་སུ་གཟུང་བ་ཉིད་ཡིན་པའི་ཕྱིར། གཞན་ཡང་ཁྱེད་ཀྱི་ཁྱད་པར་དོན་གཞན་རྒྱུ་མཚན་དུ་ཡོད་པ་ཅན་གྱི་སྒྲ་དངོས་མིང་དང་དེ་ལས་གཞན་བཏགས་མིང་གི་མཚན་ཉིད་དུ་འདོད་པའང་འཇིག་རྟེན་དང་མི་མཐུན་ཏེ། དངོས་སུ་འཇུག་པར་མངོན་པར་འདོད་པའི་སྐྱེས་བུ་དབྱུག་པ་ཅན་ཞེས་པའི་སྒྲ་དེ་དེ་ལའང་རྒྱུ་དོན་གཞན་དབྱུག་པ་ཙམ་ལས་འཇུག་པ་མིན་པ་ཉིད་དེ་མཚུངས་པའི་ཕྱིར་ཏེ། དེ་དེ་ལ་ཀུན་རྫོབ་པ་ལས་ཐ་སྙད་འདོགས་པའི་ཕྱིར། ཡང་ཚིག་གི་དོན་དྲུག་རྣམས་ལ་ནི་ཆོས་ཅན། ཚིག་དོན་གྱི་སྒྲ་དངོས་མིང་དུ་མི་འཇུག་པར་ཐལ། དེ་འཇུག་པའི་རྒྱུ་དོན་གཞན་གང་ཚིག་དོན་ཡོད་པ་ལ་ལྟོས་པར་མཐོང་སྟེ་མ་མཐོང་བའི་ཕྱིར། གཞན་ཡང་ཁྱེད་དངོས་བཏགས་ཀྱི་མཚན་ཉིད་འཛིན་པ་དང་འགལ་ཏེ། ཇི་ལྟར་འཇིག་རྟེན་གྱི་གྲགས་པ་ལས་ཐོག་མར་དེའི་མིང་དུ་གྲུབ་པ་གང་ཡིན་དེ་དོན་དེའི་མིང་དུ་འཇུག་པའི་དོན་དེ་དང་ཆོས་འགའ་ཞིག་མཚུངས་པའི་ཕྱིར་ཕྱིས་དོན་གང་ལ་མིང་དེ་སྐད་བརྗོད་པའི་མིང་དེ་དོན་དེའི་མིང་གཞན་ཕལ་པ་བཏགས་མིང་ཡིན་ལ། བུ་གླེན་གྱི་དངོས་པོ་ལ་བུ་མེད་ཅེས་དངོས་མེད་ཀྱི་མིང་ཉེ་བར་བཏགས་པ་མཐོང་བའི་ཕྱིར་རོ། །གལ་ཏེ་དངོས་བཏགས་གྲགས་པའི་དབང་གིས་འཇུག་ཀྱང་གྲགས་པ་ཉིད་དངོས་པོའི་དབང་གིས་འཇུག་གོ་ཞེ་ན། འཇིག་རྟེན་གྱི་གྲགས་པ་ཆོས་ཅན། དངོས་པོའི་དབང་གིས་འཇུག་པ་མ་ཡིན་པར་ཐལ། ངག་གི་བརྡའི་རྗེས་སུ་འགྲོ་བ་ཅན་ཡིན་པའི་ཕྱིར། ངག་གི་བརྡ་དེ་ཡང་ཆོས་ཅན། དེ་མ་ཡིན་ཏེ། བརྗོད་འདོད་ཀྱི་རྗེས་སུ་འགྲོ་བ་ཅན་ཡིན་པའི་ཕྱིར། གལ་ཏེ་ཇི་ལྟར་བརྗོད་པ་ལྟར་གྱི་དོན་མེད་དོ་ཞེ་ན། དེ་ཆོས་ཅན། དེ་མེད་ཀྱང་དོན་ཡོད་དེ། ཁྱོད་མིང་ལས་དོན་དེ་ཕྱིས་ཐ་སྙད་ཀྱི་དུས་སུ་བདེ་བླག་ཏུ་རྟོགས་པའི་དོན་དུ་བྱས་པའི་ཕྱིར་ཏེ། དཔེར་ན་ཡི་གེའི་གོ་རིམ་ཁྱད་པར་ཅན་འགའ་ཞིག་ལ་གོ་རིམ་དོན་གཞན་མེད་ཀྱང་མེ་ཏོག་ཕྲེང་འཛིན་ཞེས་སོགས་སྡེབ་སྦྱོར་གྱི་མིང་བཏགས་པ་དང་སྒྲའི་ཆའམ་ཡན་ལག་ལ་རང་བཞིན་དང་རྐྱེན་དང་རྣམ་འགྱུར་ཞེས་སོགས་བཏགས་པ་བཞིན་ནོ། །གལ་ཏེ་གསལ་བ་ཐ་དད་པ་རྣམས་ལ་སྤྱི་དངོས་པོ་བ་གཅིག་མེད་ན་དེ་རྣམས་རིགས་གཅིག་ཏུ་རྟོགས་པའི་བློ་མི་སྐྱེའོ་ཞེ་ན། དོན་ཤིང་གསལ་བ་དེ་དག་ལ་ཆོས་ཅན། སྤྱི་དངོས་པོ་བ་མེད་པའི་ཐ་དད་ཡིན་ཀྱང་ཤིང་གི་སྤྱི་འཛིན་ཤེས་པ་དེས་རིགས་གཅིག་པ་དེ་ལྟར་རྟོགས་པར་འགྱུར་བ་ཡིན་ཏེ། དེ་ཡིན་ཀྱང་གང་དངོས་པོའི་ཆོས་ཉིད་ཀྱིས་རིགས་གཅིག་པ་དེ་འདྲའི་ཤིང་གི་སྤྱི་འཛིན་རྣམ་ཤེས་ཀྱི་རྒྱུ་ཡིན་པའི་ཕྱིར། ཤིང་གསལ་ཐ་དད་འཛིན་པའི་དབང་པོའི་ཤེས་པ་རྣམས་ཆོས་ཅན། ཐ་དད་ནའང་ཤིང་གསལ་དེ་གཞན་དུ་རིགས་གཅིག་དུ་བཞག་ཏུ་རུང་སྟེ། ཤིང་གསལ་ཐ་དད་པ་རྣམས་ཐ་དད་མིན་པར་རིགས་གཅིག་ཏུ་རྟོགས་པའི་ཤེས་པའི་རྒྱུར་འདྲ་བའི་ཕྱིར། དེའི་ཕྱིར་ཤིང་གསལ་རྣམས་ཆོས་ཅན། སྤྱི་དངོས་པོ་བ་གཅིག་ཡོད་པ་མ་ཡིན་ཀྱང་སྤྱིར་བརྟགས་ཏེ། ཤིང་དེའི་འབྲས་བུ་མེད་པ་དང་བྲལ་བའི་ཤིང་གི་གཞན་སེལ་བ་ཙམ་རྗེས་སུ་འགྲོ་བའི་ཕྱིར། ཤིང་གསལ་གྱི་དངོས་པོ་ལ་འཇུག་པའི་ཤིང་ཞེས་པའི་མཉན་པ་ཆོས་ཅན། ཤིང་གསལ་དེའི་མཐའ་ཅན་ཡིན་ཏེ། ཤིང་གསལ་གྱི་དངོས་པོ་རྣམས་ལ་ཤིང་མ་ཡིན་ལས་ལྡོག་པ་དེ་ཡོད་ཅིང་རྟོགས་པའི་དོན་དུ་བརྡ་སྦྱར་བ་དེའི་ཕྱིར། གལ་ཏེ་སྒྲ་དངོས་པོ་ལྡོག་པའི་མཐའ་ཅན་ཡིན་ན་སྒྲ་དོན་དངོས་པོ་བར་འགྱུར་རོ་ཞེ་ན། ཤིང་སྒྲ་དེ་ནི་ཆོས་ཅན། ཤིང་མ་ཡིན་རྣམ་པར་གཅོད་པའི་ཕྱི་རོལ་ཤིང་གི་དོན་བྱེད་པར་ནུས་པ་ལ་དངོས་སུ་རེག་པ་མེད་ཀྱང་ཤིང་གི་ཡུལ་ཅན་དུ་རུང་སྟེ། ཤིང་གསལ་རང་མཚན་པ་དེའི་མཐར་ཐུག་པ་ཅན་གྱི་ཤིང་གི་སྤྱི་འཛིན་རྣམ་པར་རྟོག་པའི་གཟུགས་བརྙན་རྣམས་དང་བརྗོད་བྱ་རྗོད་བྱེད་དུ་འབྲེལ་བའི་ཕྱིར། དེས་ན་ཤིང་གི་མཉན་པ་ཆོས་ཅན། ཤིང་རང་མཚན་བརྗོད་པས་ཤིང་གི་གཞན་སེལ་བརྗོད་པ་མ་ཡིན། ཤིང་གི་དོན་གྱི་གཞན་སེལ་ཐོབ་པའི་མཐར་ཐུག་པ་ཅན་ཡིན་པའི་ཕྱིར། ཤིང་གི་གཞན་སེལ་བརྗོད་པར་བྱེད་པ་ཙམ་ཡིན་པའི་ཕྱིར། གལ་ཏེ་སྒྲས་རྟོག་པའི་གཟུགས་བརྙན་བརྗོད་ན་ཕྱི་རོལ་སྒྲ་དོན་དུ་འགྱུར་ཏེ་དེ་ཕྱི་རོལ་ཡིན་པའི་ཕྱིར་ཞེ་ན། ཤིང་སྒྲ་དག་ལས་ཤིང་གི་སྤྱི་འཛིན་ཤེས་པ་ལ་གཞན་ཤིང་གི་གཟུགས་བརྙན་ཤིང་མ་ཡིན་ལས་ལྡོག་པ་བཞིན་དུ་སྣང་བ་གང་ཡིན་དེའང་ཆོས་ཅན། ཕྱི་རོལ་དོན་གྱི་ཤིང་གི་བདག་ཉིད་ཡིན་ཏེ། ཤིང་རང་མཚན་མཐོང་བའི་བག་ཆགས་ལས་བྱུང་བའི་འཁྲུལ་པའི་སྣང་བ་ཡིན་པའི་ཕྱིར། གལ་ཏེ་སྒྲ་དོན་དངོས་པོ་བ་ཡོད་དེ་ཤེས་པའི་ཆར་གྱུར་པའི་རྟོག་པའི་གཟུགས་བརྙན་དེ་བརྗོད་པའི་ཕྱིར་ཞེ་ན། ཤིང་གི་གཉན་པ་ཆོས་ཅན། ཤིང་གི་དོན་གྱི་ཆ་གང་རྟོག་པར་འགྱུར་ཏེ་མི་འགྱུར་བར་ཐལ། ཤེས་པའི་ཆར་གྱུར་པའི་རྟོག་པའི་གཟུགས་བརྙན་དེ་ཙམ་ཞིག་བརྗོད་པའི་ཕྱིར། འདོད་ན། ཤིང་ལ་བརྡ་བྱེད་པ་ནི་དོན་མེད་དུ་འགྱུར་བར་ཐལ། ཁྱོད་ལས་ཤིང་དེ་མི་རྟོགས་པའི་ཕྱིར། ཁྱབ་སྟེ། ཤིང་སྒྲ་དེ་ཤིང་དེ་རྟོགས་པའི་དོན་དུ་བརྡ་སྦྱར་བ་ཅན་ཡིན་པའི་ཕྱིར། ཡང་ཤིང་སྒྲ་དོན་གྱི་ཆ་ནི་ཅི་ཞིག་བརྗོད་ཅེས་འདྲི་བ་དེ་ལ་ཤིང་གི་གཞན་སེལ་བརྗོད་ཅེས་བརྗོད་པར་བྱ་ཞིང་། ཤིང་གི་སྤྱི་འཛིན་རྟོག་པའི་རྣམ་པ་དེ་ཡང་ཆོས་ཅན། དེ་སྟེ་ཁྱོད་ཤིང་སྒྲས་བརྗོད་པས་ཇི་ལྟར་ན་དོན་རྟེན་སྟེ་ཕྱི་རོལ་གྱི་ཤིང་མ་བརྗོད་པ་མིན་པར་ཐལ། ཕྱི་རོལ་ཤིང་གི་དོན་དེ་ཤིང་གི་སྤྱི་སྒྲའི་བརྗོད་བྱར་བརྟེན་པ་མ་ཡིན་ཏེ་མ་ཡིན་པར་ཐལ། དོན་ཤིང་གསལ་རྣམས་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར། གཞན་ཡང་ཤིང་གསལ་རྣམས་ལ་རྗེས་སུ་འགྲོ་བ་ཅན་གྱི་ཤིང་གི་སྤྱི་སྒྲ་བརྡ་བྱས་པ་དེ་ནི་ཤིང་གསལ་ཐམས་ཅད་ལ་རྗེས་སུ་འགྲོ་བ་ཅན་གྱི་ཤིང་གི་དོན་གོ་བྱེད་ཀྱི་འབྲས་བུ་ཅན་ཡིན་ལ་ཤིང་རང་མཚན་མཐོང་བ་གོམས་པའི་བག་ཆགས་ཀྱིས་སྤྲུལ་པའི་ཤིང་གི་སྤྱི་རྟོག་པའི་རྣམ་པ་དེའང་ཆོས་ཅན། ཤིང་གསལ་རྣམས་ལ་རྗེས་སུ་འགྲོ་བའི་ཤིང་གི་སྤྱི་སྒྲའི་བརྗོད་བྱར་མེད་པ་ཅན་ཡིན་ཏེ། ཤིང་གི་སྤྱི་འཛིན་གྱི་བློ་ལས་ཐ་དད་མེད་པར་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཤིང་གི་སྤྱི་འཛིན་རྟོག་པ་དེ་ཡང་ཆོས་ཅན། ཤིང་སྒྲའི་དོན་གང་ཡིན་ཞེས་འདྲི་བ་དེ་ལ་རང་ལ་སྣང་བའི་གཟུགས་བརྙན་དེ་ཉིད་ཡིན་ཞེས་བརྗོད་པ་ལ་ནི་འགལ་བ་མེད་དེ། རང་ལ་སྣང་བའི་གཟུགས་བརྙན་དེ་ཕྱི་རོལ་ཤིང་གི་དངོས་པོར་སྒྲོ་བཏགས་པ་རྟོགས་པའི་སྒོ་ནས་གཞན་ཤིང་མ་ཡིན་ལས་བཟློག་པའི་ཤིང་རང་མཚན་རྟོགས་པའི་ཕྱིར། ཤིང་གི་སྤྱི་འཛིན་རྟོག་པའི་གཟུགས་བརྙན་ཕྱི་རོལ་གྱི་ཤིང་དུ་སྒྲོ་བཏགས་པ་འདི་ཆོས་ཅན། ཤིང་སྒྲའི་བརྗོད་བྱར་རུང་སྟེ། ཤིང་མ་ཡིན་ལས་ལྡོག་པའི་སྒོ་ནས་དོན་ཤིང་གསལ་གྱི་ཆ་ལ་རྗེས་སུ་འགྲོ་བར་སྣང་བའི་ཕྱིར་རོ། །ཤིང་འཛིན་ཤེས་པའི་ཤིང་སྒྲ་ཡིས་ངེས་པར་སྤྲུལ་པའི་རྟོག་པ་དེ་དག་ཆོས་ཅན། ལོག་པའམ་རྫུན་པར་སྣང་བ་ཉིད་ཡིན་ཏེ། རང་ལ་སྣང་བ་ཤིང་དུ་མེད་པ་ལ་ཤིང་དུ་ཞེན་པའི་ཕྱིར། དེས་ན་ཤིང་གི་མཉན་པ་དེ་ཆོས་ཅན། ཤིང་གི་གཞན་སེལ་བརྗོད་པར་བྱེད་དེ། ཐ་སྙད་ཀྱི་དུས་སུ་ཤིང་མ་ཡིན་སྤངས་ནས་ཤིང་ལ་འཇུག་པར་བྱེད་པའི་སྒྲ་ཡིན་པ་དེ་ལྟར་གྱི་ཕྱིར་རོ། །དེ་དག་གི་དོན་བསྡུ་བ་ནི། ཤིང་སྒྲ་ཆོས་ཅན། བརྡ་དུས་ན་ཡང་ཤིང་སྒྲས་བསྟན་པའི་དོན་ཤིང་འཛིན་རྟོག་པའི་གཟུགས་བརྙན་ཕྱི་རོལ་གྱི་ཤིང་དུ་སྒྲོ་བཏགས་པ་དང་འབྲེལ་བའི་ཤིང་གི་དོན་གྱི་གཞན་སེལ་དང་བརྡ་འབྲེལ་བར་འགྱུར་ཏེ། རྟགས་སྔ་མ་དེའི་ཕྱིར། གཟུགས་བརྙན་ཅི་འདྲ་ཞེ་ན། རང་ཉིད་ཕྱི་རོལ་གྱི་ཤིང་དུ་མཐོང་ཞིང་ཞེན་པའི་སྒོ་ནས་དེ་ཐོབ་པའི་འབྲས་བུ་ཅན་ནམ་རྒྱུ་ཞིག་གོ །ཅིའི་ཕྱིར་སྒྲ་གཞན་སེལ་ལ་སྦྱོར་གྱི་སྤྱི་དངོས་པོ་བ་ལ་མི་སྦྱོར་ཞེ་ན། ཤིང་སྒྲ་དེ་ཆོས་ཅན། ཤིང་གི་གཞན་སེལ་དང་བརྡ་འབྲེལ་བྱེད་པར་འགྱུར་གྱི་སྤྱི་དངོས་པོ་བ་ལ་བརྡ་འབྲེལ་བྱེད་པར་མི་རུང་སྟེ། གཞན་དུ་ཤིང་མ་ཡིན་ལས་འཇུག་པ་མ་མཐོང་བ་ལ་ལྟོས་པ་དང་ཤིང་གསལ་ལ་ལར་འཇུག་པ་དེ་མཐོང་བ་ལ་ལྟོས་ནས་བརྡ་འབྲེལ་བྱེད་པའི་ཕྱིར་རོ། །དེས་ན་དབང་ཤེས་ཆོས་ཅན། རིགས་དང་འདུ་བ་ལ་སོགས་པ་དེ་ལྡན་ཁྱོད་ཀྱི་གཟུང་དོན་དུ་ཡོད་པ་མ་ཡིན་ཏེ། རིགས་སོགས་དེ་མངོན་རྗེས་གང་གིས་ཀྱང་མ་གྲུབ་པ་དེའི་ཕྱིར། ཤེས་བྱ་ཆོས་ཅན། དབང་ཤེས་ཀྱི་གཟུང་དོན་དང་རིགས་སོགས་དེ་དག་ལ་རྗོད་བྱེད་ཀྱིས་མཉན་པ་བརྡ་འབྲེལ་བྱེད་པ་མིན་ཏེ། གཞན་རིགས་མི་མཐུན་ལས་ལྡོག་པའི་གཞན་སེལ་ཉིད་ལ་རྗོད་བྱེད་ཀྱི་སྒྲ་དངོས་སུ་སྦྱོར་བའི་ཕྱིར་རོ། །དེ་དག་གིས་དབང་ཤེས་དོན་སྦྱོར་རྟོག་པ་ཡིན་པ་བསལ་ནས་ད་མིང་སྦྱོར་རྟོག་པ་ཡིན་པ་འགོག་པ་སྟེ། མིག་ཤེས་ལ་ནི་ཆོས་ཅན། བརྡ་དྲན་ཤེས་པའི་རྒྱུ་ཅན་གྱིས་སྔར་བརྡ་དུས་སུ་མཐོང་བའི་མིང་ཕྱིས་ཐ་སྙད་དུས་ཀྱི་དོན་གཅིག་ཏུ་བསྲེ་བར་བྱེད་པའི་བདག་ཉིད་ཅན་གྱི་རྟོག་པ་དེ་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། སྔ་ཕྱི་གཅིག་ཏུ་འཛིན་པས་སྟོང་པའི་ཕྱིར། གཞན་ཡང་བ་ལང་ལས་གཞན་འདས་པའི་དོན་ལ་རྣམ་པར་རྟོག་པའི་སེམས་འཇུག་པ་ཅན་གྱི་སྐྱེས་བུའི་མིག་གིས་བ་ལང་གི་གཟུགས་དག་མངོན་སུམ་དུ་མཐོང་བར་གྱུར་པའི་མིག་ཤེས་དེར་ནི་ཆོས་ཅན། གསལ་བར་དེའི་བརྡ་འཛིན་པ་དེས་བསྐྱེད་པའི་རྟོག་པའང་མེད་དེ། དེས་མིང་གི་བརྡ་མི་འཛིན་པའི་ཕྱིར་ཏེ། རང་རྒྱུད་ལྡན་གྱི་རྟོག་པ་འདས་པའི་དོན་ལ་རྟོག་བཞིན་པ་ཡིན་པའི་ཕྱིར་རོ། །ཡང་དབང་ཤེས་ཆོས་ཅན། མིང་སྦྱོར་རྟོག་པ་མ་ཡིན་ཏེ། རང་ཡུལ་དེ་རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་མ་ཡིན་པའི་ཕྱིར། ཁྱབ་སྟེ། གང་ལ་རྗོད་བྱེད་ཀྱི་སྒྲ་ནི་ངེས་པར་འགོད་པའི་ཡུལ་དེ་ལ་མིང་སྦྱོར་རྟོག་པ་ཡུལ་ཅན་དུ་སྐྱེ་བར་འགྱུར་བའི་ཕྱིར། གལ་ཏེ་དབང་ཤེས་ཀྱི་ཡུལ་རྗོད་བྱེད་སྒྲའི་དངོས་ཡུལ་ཡིན་ན། དབང་སྐྱེས་ཀྱི་ཤེས་པ་ཆོས་ཅན། རྐྱེན་ལ་མ་ལྟོས་པར་འདོད་པ་ཙམ་གྱིས་འཇུག་པར་འགྱུར་བར་ཐལ། སྒྲ་དོན་འཛིན་པའི་རྟོག་པ་ཡིན་པས་དེས་ནའི་ཕྱིར། འདོད་ན། ཕྱི་རོལ་གཟུང་དོན་དུ་བྱས་ནས་མཐོང་བར་མི་འགྱུར་བར་ཐལ་ལོ། །གཞན་ཡང་རིགས་པ་འདིས་ཀྱང་དབང་ཤེས་རྟོག་མེད་དུ་འགྲུབ་སྟེ། གཟུགས་ལ་འདི་གཟུགས་སོགས་ཞེས་མངོན་སུམ་གྱིས་མཐོང་བའི་སྐྱེས་བུ་ཆོས་ཅན། དེའི་ཚེ་རང་རྒྱུད་ཀྱི་གཟུགས་འཛིན་མྱོང་བྱེད་མེད་པར་ཐལ། དེའི་ཚེ་དེ་ཡོད་ན་འདི་གཟུགས་དེ་འཛིན་པའི་བློའོ་ཞེས་རྟོག་དགོས་པ་ལ་དེ་ཇི་ལྟར་མཐོང་སྟེ་མེད་པའི་ཕྱིར། དེ་ལྟར་ཐལ་བ་ལས་གཟུགས་འཛིན་དེའི་ཉམས་སུ་མྱོང་བར་བྱེད་པའང་ཡོད་དེ། དེ་མེད་ན་གཟུགས་མངོན་སུམ་དུ་མཐོང་བ་དང་ཁོ་བོས་གཟུགས་མཐོང་བའོ་སྙམ་པའི་རྟོག་པ་མེད་པར་ཐལ་བའི་ཕྱིར་རོ། །

རྩ་བའི་ཐལ་རྟགས་གྲུབ་སྟེ། རང་འཛིན་རྒྱུད་ཀྱི་གཟུགས་འཛིན་མྱོང་བྱེད་དེ་ནི་རྟོག་མེད་ཇི་ལྟར་ཡིན་ཏེ་མ་ཡིན་པར་འདི་གཟུགས་སོ་འདི་གཟུགས་འཛིན་པའོ་སྙམ་པའི་རྟོག་པ་ཡིན་པའི་ཕྱིར་རོ། །གལ་ཏེ་གཟུགས་འཛིན་དེ་དེ་ཉིད་ཀྱིས་མྱོང་བ་ཡིན་ན་ནི། དེ་ཉིད་ཆོས་ཅན། རང་ཉིད་གཟུགས་ལ་རྟོག་བཞིན་པའི་ཚེ་རང་ཉིད་གཟུགས་འཛིན་པའོ་སྙམ་དུ་རང་ཉིད་ཀྱིས་མྱོང་བ་མ་ཡིན་པར་ཐལ། སྐྱེས་བུའི་རྒྱུད་ལ་འདི་གཟུགས་སོ་སྙམ་པའི་རྟོག་པ་དང་འདི་གཟུགས་འཛིན་པའོ་སྙམ་པའི་རྟོག་པ་གཉིས་སྐྱེས་བུའི་རྒྱུད་ལ་ཅིག་ཅར་དུ་སྐྱེ་བ་མཐོང་བ་མེད་པའི་ཕྱིར། རིགས་པ་དེས་ནི་དེ་ཉིད་ཆོས་ཅན། རང་དང་དུས་མཚུངས་པའི་རྣམ་པར་ཤེས་པ་གཞན་གྱིས་ཀྱང་འདི་གཟུགས་འཛིན་པའོ་སྙམ་དུ་མྱོང་བ་མ་ཡིན་ཏེ། རྟགས་སྔ་མ་དེའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་དེ་ཉིད་རང་ལས་ཕྱིས་བྱུང་བའི་རྟོག་པས་མྱོང་ཞེ་ན། གཟུགས་འཛིན་མྱོང་བའི་རྟོག་པ་ཆོས་ཅན། གཟུགས་འཛིན་དེ་ལ་ནི་དྲན་པར་འགྱུར་བར་ཐལ། རང་གི་དུས་ན་འདས་པའི་གཟུགས་འཛིན་ལ་མྱོང་བྱེད་དུ་འཇུག་པའི་རྟོག་པ་ཡིན་པའི་ཕྱིར། འདོད་ན། དེ་ལ་དྲན་པ་དེ་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། གཟུགས་འཛིན་དེ་མྱོང་བྱེད་མེད་པའི་བློ་ཡིན་པའི་ཕྱིར། གཞན་ཡང་ལྷ་སྦྱིན་རང་གི་བློའི་ཡུལ་ཅན་གྱི་ལྷ་སྦྱིན་གྱི་བློ་དང་གཞན་མཆོད་སྦྱིན་གྱི་བློའི་ཡུལ་ཅན་གྱི་ལྷ་སྦྱིན་གྱི་བློ་གཉིས་ཆོས་ཅན། ཡུལ་ཡོངས་སུ་གཅོད་པའི་ཚུལ་ངོ་བོ་གཅིག་པར་འགྱུར་གྱི་མངོན་སུམ་དུ་མྱོང་མི་མྱོང་གི་ཁྱད་པར་མེད་པར་ཐལ། ཡུལ་ལྐོག་གྱུར་གཅོད་བྱེད་དུ་མཚུངས་པའི་ཕྱིར། གཞན་ཡང་མངོན་སུམ་རྟོག་པར་སྨྲ་བ་དང་རྟོག་མེད་ཡིན་ཡང་རང་རིག་མེད་པར་སྨྲ་བ་དེ་དག་གི་ལྟར་ན། དོན་རིག་འདས་པ་ཆོས་ཅན། ཚད་མ་ཅིས་གྲུབ་སྟེ་མ་གྲུབ་པར་ཐལ། གང་གི་ཕྱིར་དེ་ལ་ནི་མངོན་སུམ་དུ་འཇལ་བྱེད་དུ་ཡོད་པ་མ་ཡིན་ཞིང་རྟགས་ཅན་རྗེས་དཔག་ཀྱང་འཇལ་བྱེད་དུ་ཡོད་པ་མ་ཡིན་པའི་ཕྱིར། སྔ་ཟུར་གྲུབ་སྟེ། མངོན་སུམ་ནི་ད་ལྟར་བའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །ཕྱིར་ཟུར་གྲུབ་སྟེ། ཁྱོད་བསྒྲུབ་བྱའི་ཆོས་སུ་བཟུང་ན་ཆོས་ལྡན་གྱི་མཐུན་དཔེ་དག་དང་བྲལ་ཞིང་ཆོས་ཅན་དུ་བཟུང་ན་ཆོས་ཅན་མ་གྲུབ་པས་རྟགས་ཕྱོགས་ཆོས་ཡོད་པ་མིན་པའི་ཕྱིར་རོ། །གལ་ཏེ་རྩ་རྟགས་སྔ་མ་མ་གྲུབ་སྟེ། དོན་རིགས་འདས་པ་དེའི་ངོ་བོའམ་རྣམ་པར་སྣང་བ་ཅན་གྱི་དེ་མ་ཐག་པའི་བློ་ཕྱི་མས་དོན་རིགས་འདས་པ་འཛིན་པར་འགྱུར་ཏེ། མདོ་སྡེ་པས་དབང་ཤེས་ཀྱིས་གཟུགས་སོགས་འགགས་མ་ཐག་པའི་རྣམ་པར་སྣང་ནས་གཟུགས་སོགས་འདས་པ་འཛིན་པར་འདོད་པ་བཞིན་དུའོ་ཞེ་ན། དོན་གཅིག་འགགས་མ་ཐག་པའི་རྗེས་སུ་སྐྱེས་པའི་བློ་ཆོས་ཅན། དོན་རིགས་སྔ་མ་སྔ་མའི་བློ་དེ་འཛིན་པར་མི་འགྱུར་བར་ཐལ། དེ་དག་དང་རང་གི་བར་དུ་དོན་རིག་འགགས་མ་ཐག་པ་དེས་ཆོད་པའི་ཕྱིར། དེས་ན་གཟུང་འཛིན་མྱོང་བྱེད་ཡོད་ཅིང་དེ་རྟོག་པར་མི་འཐད་པས་ཇི་ལྟར་རང་གི་ཡུལ་ཅན་གྱི་རྣམ་ཤེས་ཉམས་སུ་མྱོང་བྱེད་དེ་རྟོག་མེད་ཡིན་པ་དེ་བཞིན་དུ་མངོན་སུམ་གཞན་ཡང་ཆོས་ཅན། རྟོག་པ་མེད་པར་འགྱུར་ཏེ། བརྡ་དངོས་སུ་བྱ་བར་མི་ནུས་པའི་ཡུལ་འཛིན་པའི་ཕྱིར། གཞན་ཡང་སྐྱེས་བུ་ཆོས་ཅན། ཁྱད་པར་རང་མཚན་ཤེས་པ་གང་གིས་གསལ་པོར་རྟོགས་པར་འགྱུར་ཏེ་མི་འགྱུར་བར་ཐལ། རྟོག་པ་མེད་པའི་ཤེས་པ་མེད་པའི་ཕྱིར། གལ་ཏེ་རྟོག་པས་རྟོགས་སོ་ཞེ་ན། རྟོག་པའང་ཆོས་ཅན། རང་མཚན་མི་རྟོགས་པར་ཐལ། སྤྱི་བརྗོད་པའི་ངང་ཚུལ་ཅན་གྱི་རྗོད་བྱེད་ཀྱི་སྒྲ་དེ་དང་དོན་གཅིག་ལ་འཇུག་པའི་ཕྱིར། གལ་ཏེ་མངོན་སུམ་རྟོག་མེད་འགའ་ཞིག་ཀྱང་ཡོད་པས་དེས་རང་མཚན་རྟོགས་སོ་ཞེ་ན། མངོན་སུམ་ཐམས་ཅད་ཆོས་ཅན། མངོན་སུམ་རྟོག་མེད་དེ་བཞིན་དུ་རྟོག་མེད་དུ་ཐལ། དེ་དང་རང་རྒྱུ་རྐྱེན་གསུམ་མཚུངས་པ་ལས་བྱུང་བ་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། འབྲས་བུའི་དེ་འདྲ་མི་འདྲ་ཐ་དད་པ་ནི་རྒྱུའི་བདག་ཉིད་འདྲ་མི་འདྲ་ཐ་དད་པ་ལས་བྱུང་བ་ཡིན་པའི་ཕྱིར། གཞན་ཡང་རིགས་པ་འདིས་ཀྱང་རང་ལ་དེ་བྱུང་དུ་འབྲེལ་བའི་དབང་ཤེས་རྟོག་མེད་དུ་གྲུབ་སྟེ། མིང་སྦྱོར་རྟོག་པ་ཆོས་ཅན། སྐྱེ་བ་ཕྱི་རོལ་དོན་ལ་ལྟོས་པ་མེད་པ་ཡིན་ཏེ། ཡུལ་གྱི་བརྡ་དྲན་པ་ཙམ་ལས་སྐྱེ་བ་ཡིན་པའི་ཕྱིར། དེ་བཞིན་དུ་མིག་བློ་ཆོས་ཅན། མིང་སྦྱོར་རྟོག་པ་མ་ཡིན་ཏེ། ཡུལ་གྱི་བརྡ་དྲན་ལ་ལྟོས་པ་མེད་པར་གཟུང་དོན་གྱི་དངོས་པོའི་ནུས་པ་ཉིད་ལས་སྐྱེ་བར་འགྱུར་བའི་ཕྱིར། གལ་ཏེ་རྟགས་མ་གྲུབ་སྟེ། གཟུགས་ནི་རང་གི་བརྡ་དྲན་ལ་ཕན་འདོགས་པ་ལ་ལྟོས་ནས་རང་འཛིན་དབང་པོའི་བློ་དག་ལ་ཕན་འདོགས་ནུས་པར་འགྱུར་གྱི་དེ་ལ་ལྟོས་པ་མེད་པར་རང་འཛིན་མིག་ཤེས་བསྐྱེད་པ་མ་ཡིན་པའི་ཕྱིར་ཞེ་ན། གཟུགས་དེ་ནི་ཆོས་ཅན། རང་གི་བརྡ་དྲན་ཉིད་ལ་དངོས་སུ་ཕན་པར་འགྱུར་གྱི་རང་འཛིན་མིག་ཤེས་ལ་དངོས་སུ་མི་ཕན་པར་ཐལ། རང་མངོན་དུ་ཕྱོགས་པ་ལས་བརྡ་དྲན་ཏེ་སྐྱེ་ཞིང་བརྡ་དྲན་ལས་རང་འཛིན་མིག་ཤེས་སྐྱེ་བའི་ཕྱིར། དཔེར་ན་རྨ་བྱའི་སྒྲའི་རྟགས་ཀྱིས་རྟགས་ཆོས་ཀྱི་འབྲེལ་བ་དྲན་པ་ཙམ་དངོས་སུ་བསྐྱེད་ཀྱི་རྟགས་ཅན་གྱི་ཤེས་པ་དངོས་སུ་མི་བསྐྱེད་པ་བཞིན་ནོ། །མིག་གི་དབང་བློ་ཆོས་ཅན། གཟུགས་ཀྱི་བརྡ་དྲན་ཙམ་ལས་སྐྱེ་བར་འགྱུར་བའམ་གཟུགས་ཉེ་དུས་ན་ཡང་སྐྱེ་བ་མིན་པར་ཐལ། གཟུགས་ལས་དངོས་སུ་མི་སྐྱེ་བར་གཟུགས་ཀྱི་བརྡ་དྲན་ལས་དངོས་སུ་སྐྱེ་བའི་ཕྱིར། འདོད་ན། གཟུགས་ཉེ་དུས་དེ་ལས་དུས་གཞན་དུའང་གཟུགས་ཀྱི་བརྡ་དྲན་ཙམ་ལས་སྐྱེ་བར་འགྱུར་བར་ཐལ། གཟུགས་ཀྱི་བརྡ་དྲན་ཙམ་ལས་སྐྱེ་ཞིང་གཟུགས་ཉེ་དུས་ན་ཡང་བརྡ་དྲན་ཙམ་མེད་པ་སྲིད་པའི་ཕྱིར་ཏེ། སྐབས་ལ་ལར་གཟུགས་ཉེ་ཡང་ཡིད་ཡུལ་གཞན་དུ་རྣམ་པར་གཡེང་བ་སྲིད་པའི་ཕྱིར་རོ། །གལ་ཏེ་གཟུགས་ཀྱིས་སྔར་རང་གི་བརྡ་དྲན་བསྐྱེད་ཅིང་ཕྱིས་རང་འཛིན་མིག་ཤེས་བསྐྱེད་པས་རིམ་གྱིས་དེ་གཉིས་ཀའི་རྒྱུ་ཡིན་པས་སྐྱོན་མེད་དོ་ཞེ་ན། གཟུགས་ཆོས་ཅན། སྔར་རང་གི་བརྡ་དྲན་བསྐྱེད་དུས་ཉིད་ན་རང་འཛིན་མིག་ཤེས་ཀྱང་བསྐྱེད་པར་འགྱུར་བར་ཐལ། སྔ་ཕྱི་ཐ་དད་མེད་པའི་རྟག་པ་ཡིན་པའི་ཕྱིར། གལ་ཏེ་གཟུགས་རྟག་ན་ཉེས་པ་དེར་འགྱུར་ཀྱང་གཟུགས་སྐད་ཅིག་མ་ཡིན་པས་དེའི་སྐད་ཅིག་དང་པོ་དེའི་བརྡ་དྲན་གྱི་རྒྱུ་ཡིན་ལ་གཞན་དེའི་སྐད་ཅིག་ཕྱི་མ་དེ་འཛིན་དབང་པོའི་བློའི་རྒྱུ་ཡིན་ནོ་ཞེ་ན། དེ་ལྟར་འདོད་པའི་ཕྱོགས་ལ་ཡང་མིག་ཤེས་ཆོས་ཅན། གཟུགས་ཀྱི་བརྡ་དྲན་གྱི་ཡུལ་མིང་སྦྱར་ནས་འཛིན་པའི་རྟོག་པར་སྒྲུབ་པའི་དོན་དུ་གཟུགས་ཀྱི་བརྡ་དྲན་རང་རྒྱུར་སྨོས་པ་དོན་མེད་དུ་འགྱུར་བར་ཐལ། བརྡ་དྲན་གྱི་ཡུལ་ལས་གཞན་བརྡ་བཏགས་པ་མེད་པའི་ཁྱད་པར་རང་མཚན་འཛིན་པའི་ཕྱིར། ཁྱབ་སྟེ། ཁྱེད་ཀྱིས་གཟུགས་ཀྱི་བརྡ་དྲན་མིག་ཤེས་ཀྱི་རྒྱུར་སྒྲུབ་པ་དེ་མིག་ཤེས་དེ་ཅི་ལྟར་བརྡ་བཏགས་པའི་བརྡ་དྲན་གྱི་ཡུལ་ལ་མིང་སྦྱོར་ནས་འཛིན་པའི་རྟོག་པར་གྲུབ་པའི་དོན་དུ་འདོད་པའི་ཕྱིར། དེས་ན་དབང་ཤེས་མིང་སྦྱོར་རྟོག་པར་སྒྲུབ་པ་དེ་ལ་བརྡ་དྲན་པ་རྒྱུར་དོན་ཅི་ཡོད་དེ་མེད་དོ། །གལ་ཏེ་དབང་ཤེས་ཀྱིས་སྤྱི་ཡན་གར་བ་ཙམ་འཛིན་པས་རྟོག་པའོ་ཞེ་ན། དབང་ཤེས་ཆོས་ཅན། གཟུང་དོན་ཁྱད་པར་རང་མཚན་པ་ལ་ལྟོས་པར་མི་རུང་བར་ཐལ། སྤྱི་ཡན་གར་བ་ཙམ་འཛིན་པ་ཡིན་པའི་ཕྱིར། རྒྱུ་མཚན་དེའི་ཕྱིར་བརྡ་དྲན་ལ་ལྟོས་པ་མེད་པར་མིག་དང་གཟུགས་དང་ཡིད་བྱེད་དག་ནུས་ལྡན་དུ་ཡོད་པ་ལ་བརྟེན་ནས་མིག་བློ་སྐྱེ་བར་འགྱུར་བས་མིང་སྦྱོར་རྟོགས་པ་ནི་མ་ཡིན་ནོ་ཞེས་མཇུག་སྡུད་དོ། །གལ་ཏེ་དངོས་སུ་མངོན་སུམ་སྟེ་དབང་ཤེས་བསྐྱེད་པ་ལ་མིག་སོགས་དབང་པོའི་ནུས་པ་སྦྱོར་བ་བཞིན་དུ་གཟུགས་སོགས་ཡུལ་གྱི་ནུས་པ་ཡང་སྦྱོར་བ་ཡིན་མོད། འོ་ན་ཅིའི་ཕྱིར་ཡུལ་དབང་གཉིས་ཀ་ལ་རག་ལས་ནས་སྐྱེ་བའི་ཤེས་པ་དེ་ནི་གཟུགས་ཤེས་ཞེས་སོགས་ཡུལ་གྱི་ཐ་སྙད་དེས་མི་བརྗོད། གང་གིས་ན་མིག་ཤེས་ཞེས་སོགས་དབང་པོའི་ཐ་སྙད་ཀྱིས་འདོགས་ཤེ་ན། སྤྱིར་འཇིག་རྟེན་ན་བརྡ་སྦྱར་བ་དེ་ནི་དོན་བདེ་བླག་ཏུ་གོ་བར་བྱེད་པ་ཉིད་དུ་མཐོང་ནས་ཐ་སྙད་ངེས་པར་སྦྱར་བ་ཡིན་ཏེ་དཔེར་ན་རྔ་བོ་ཆེ་ཞེས་པའི་སྒྲ་བཞིན་ནོ། །དབང་པོའི་ཤེས་པ་ཞེས་པའི་ཐ་སྙད་དེ་ལ་སྒོ་ལྔའི་ཤེས་པ་ཐུན་མོང་མ་ཡིན་པའི་གོ་བྱེད་དེ་ཡོད་ལ་མིང་དུ་སྦྱོར་བར་བྱ་བར་འོས་པ་དེའང་དོན་ཐུན་མོང་མ་ཡིན་པར་གོ་བྱེད་དེའི་ཁྱབ་བྱའི་ཆོས་ཡིན་ནོ། །དེའི་ཕྱིར་དབང་ཤེས་ཞེས་པའི་ཐ་སྙད་འདི་ལ་ནི་ཆོས་ཅན། སྒོ་ལྔའི་ཤེས་པ་ཐུན་མོང་མ་ཡིན་པར་གོ་བྱེད་ཡིན་ཏེ། དེའི་མིང་དུ་སྦྱར་བར་བྱ་བ་འོས་པ་ཡིན་པའི་ཕྱིར་ཞེས་པའི་རྟགས་ཆོས་ཅན། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡིན་ཏེ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སྒྲུབ་པ་དེ་ལ་བདག་གཅིག་ཏུ་འབྲེལ་ཞིང་ཚུལ་གསུམ་ཡིན་པའི་ཕྱིར། ཡང་ཡུལ་ཤེས་ཞེས་པའི་ཐ་སྙད་ཆོས་ཅན། སྒོ་ངའི་ཤེས་པའི་མིང་དུ་སྦྱར་བར་འོས་པ་ལྡོག་པར་འགྱུར་ཏེ། དེའི་ཁྱབ་པར་བྱེད་པའི་རང་བཞིན་དེ་ཐུན་མོང་མ་ཡིན་པར་གོ་བྱེད་ལོག་པའི་ཕྱིར། ཀུན་ལས་བཏུས་སུ། གལ་ཏེ་དེ་གཅིག་ཏུ་མི་རྟོག་ན་རྣམ་པར་ཤེས་པའི་ཚོགས་ལྔ་པོ་ནི་བསགས་པ་ལ་དམིགས་པ་ཇི་ལྟར་ཡིན། སློབ་དཔོན་དབྱིག་གཉེན་གྱིས་ཀྱང་། གང་ཡང་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ལ་ནི་སོ་སོ་རང་གི་མཚན་ཉིད་ཀྱང་ཡུལ་ཅན་ཡིན་གྱི་རྫས་ཀྱི་རང་གི་མཚན་ཉིད་ལ་ནི་མ་ཡིན་ནོ་ཞེས་ཀྱང་ཇི་ལྟར་གསུངས་ཞེ་ན། དེར་དོན་དུ་མས་བསྐྱེད་པའི་ཕྱིར། །རང་དོན་སྤྱིའི་སྤྱོད་ཡུལ་ཅན། །ཞེས་སོགས་འཆད་དེ། གལ་ཏེ་བསགས་པ་ལ་དམིགས་པ་ཞེས་བསགས་པ་ཞེས་པའི་སྒྲ་དག་གིས་ནི་ཚོགས་པ་བརྗོད་པ་ཡིན་ལ་ཚོགས་པ་དེ་སྤྱི་ཡིན་ཞིང་སྤྱི་དེ་ལ་འཇལ་བྱེད་དུ་འཇུག་པའི་ཕྱིར་དབང་པོའི་བློ་རྟོག་བཅས་སུ་འགྱུར་ཏེ། སྤྱི་བློ་ནི་གདོན་མི་ཟ་བར་ཡང་རྣམ་པར་རྟོག་པའི་རྗེས་སུ་འབྲེལ་བའི་ཕྱིར་རོ་ཞེ་ན། དབང་ཤེས་བསྐྱེད་པའི་ནུས་པ་མེད་པའི་རྡུལ་ཕྲན་སོ་སོ་བ་དེ་དག་རྒྱུ་རྐྱེན་དོན་གཞན་དང་ནི་མངོན་པར་འབྲེལ་བའི་ཕྱིར། དབང་ཤེས་བསྐྱེད་ནུས་ཀྱི་རྡུལ་ཕྲན་གཞན་གང་སྐྱེ་བར་འགྱུར་བ་དེ་དག་ཆོས་ཅན། ལུང་ལས་བསགས་པ་ཞེས་བཤད་པ་ཡིན་ཏེ། དེ་དག་ནི་རང་འཛིན་ཤེས་པ་སྐྱེ་བའི་རྒྱུ་མཚན་དུ་གྱུར་པའི་དོན་ཡིན་པའི་ཕྱིར། དེའི་ཕྱིར་རྣམ་པར་ཤེས་པའི་ཚོགས་ལྔ་ནི་བསགས་པ་ལ་དམིགས་པ་ཞེས་བཤད་ཀྱི་བསགས་པ་ཞེས་པའི་སྤྱི་དངོས་པོ་བར་བཤད་པ་ནི་མ་ཡིན་ནོ། །སློབ་དཔོན་དབྱིག་གཉེན་གྱི་ལུང་གི་དོན་ཡང་། དབང་ཤེས་ཀྱི་ཡུལ་དུ་གྱུར་པའི་རྡུལ་ཕྲན་ཁྱད་པར་བ་དེ་ཡང་ཆོས་ཅན། རིགས་མཐུན་པའི་རྡུལ་ཕྲན་སོ་སོ་བ་གཞན་དག་དང་འདབ་འབྱར་དུ་མེད་པར་ནི་དབང་ཤེས་ཀྱི་ཡུལ་དུ་མེད་དེ། དེ་དག་དང་འདབ་འབྲེལ་གྱི་དབང་གིས་དེའི་ཡུལ་དུ་གྱུར་པ་ཡིན་པའི་ཕྱིར། དེས་ན་དབང་ཤེས་དེ་ཆོས་ཅན། སྤྱི་སྟེ་རྡུལ་ཕྲན་དུ་མ་ཚོགས་པའི་སྤྱོད་ཡུལ་ཅན་དུ་བཤད་དེ། ཟླ་བཅས་མེད་པའི་རྡུལ་ཕྲན་སོ་སོ་བ་གཅིག་ལ་དབང་ཤེས་བསྐྱེད་པར་ངེས་པའི་ནུས་པ་ཡོད་པ་མིན་པའི་ཕྱིར། དེའི་ཕྱིར་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཞེས་པའི་རྡུལ་ཕྲན་དུ་མ་ཚོགས་པའི་ཡུལ་ཅན་དུ་བཤད་ཀྱི་སྐྱེ་མཆེད་ཞེས་པའི་སྤྱི་དངོས་པོ་བའི་ཡུལ་ཅན་དུ་བཤད་པ་ནི་མ་ཡིན་ནོ། །གལ་ཏེ་དབང་ཤེས་ཀྱི་གཟུང་བྱ་དེ་སྐྱེ་མཆེད་གཅིག་ཡིན་ཡང་ཤེས་པས་ཅིག་ཅར་དུ་རྫས་དུ་མ་འཛིན་པ་ནི་མ་ཡིན་པས་རིམ་གྱིས་འཛིན་ཡང་ཅིག་ཅར་དུ་འཛིན་པར་འཁྲུལ་པར་རྟོག་པའོ་ཞེ་ན། ཏིལ་དང་མ་ཤ་སོགས་ཡུལ་ཐ་དད་དུ་གནས་པ་ལ་ཆོས་ཅན། ཇི་ལྟར་ན་རང་འཛིན་ཤེས་པས་ཅིག་ཅར་འཛིན་པ་སྣང་བ་ཡིན། མ་ཡིན་པར་ཐལ། ཡན་ལག་ཅན་གྱི་རྫས་མེད་པའི་དུ་མ་ཡིན་པའི་ཕྱིར། གལ་ཏེ་རིམ་གྱིས་འཛིན་ཡང་འཇུག་པ་མགྱོགས་པས་ཅིག་ཅར་འཛིན་པ་འཁྲུལ་པ་ཙམ་མོ་ཞེ་ན། འདི་ལ་ནི་ལན་ཡི་གེའང་ཅིག་ཅར་ཐོབ་པར་འགྱུར་ཅེས་སོགས་སུ་བཤད་ཟིན་ཏོ། །ཡང་ཏིལ་ནམ་མཁའ་ནས་རིམ་བཞིན་འབབ་པ་དེ་ཉིད་འཛིན་པའི་དབང་ཤེས་ལ་ཆོས་ཅན། ཇི་ལྟར་ན་དེ་རིམ་མིན་ཅིག་ཅར་འཛིན་པར་མི་འགྱུར་ཏེ་འགྱུར་བར་ཐལ། དེ་འཛིན་པ་འཇུག་པ་མི་འགྱུར་བའི་ཕྱིར། ཡང་བློ་རྣམ་དག་ནི་ཐམས་ཅད་ཀྱང་ཆོས་ཅན། ཇི་ལྟར་ན་དེ་དག་ལ་འགའ་ཞིག་ནི་ཡུན་རིང་མིན་ཅིག་ཅར་དུ་སྣང་བ་དང་གཞན་རིམ་ལྡན་དུ་སྣང་བར་འགྱུར་ཏེ་མི་འགྱུར་བར་ཐལ། ཡུལ་འཛིན་པ་དུས་མྱུར་བར་མཚུངས་པའི་ཕྱིར། དེའི་ཕྱིར་ཡང་ཡུལ་འདི་ནི་རིམ་མིན་ཅིག་ཆར་དུ་འཛིན་པར་འགྱུར་བར་ཐལ། དོན་ཀུན་འཛིན་པ་ལ་འཇུག་པ་མྱུར་བའི་ཕྱིར། གཞན་ཡང་ཕྱེ་མ་ལེབ་ཀྱི་ཁྲ་བོ་དང་རྨ་བྱའི་མདོངས་ཁྲ་ལ་སོགས་པའི་གཟུགས་ཆོས་ཅན། ཇི་ལྟར་ན་རང་འཛིན་ཤེས་པ་ལ་རྫས་སྣ་ཚོགས་སུ་སྣང་བར་འགྱུར་སྟེ་མི་འགྱུར་བར་ཐལ། ཡན་ལག་ཅན་གྱི་རྫས་མེད་པའི་དུ་མའང་ཡིན་པའི་ཕྱིར། གལ་ཏེ་རྨ་བྱའི་མདོངས་ཁྲ་ལ་སོགས་སྣ་ཚོགས་པའི་གཟུགས་དེ་ཆ་མེད་ཡན་ལག་ཅན་གྱི་རྫས་གཅིག་ཡིན་པས་སྐྱོན་མེད་ཅེ་ན། རྨ་བྱའི་མདོངས་ཁྲ་སོགས་ངོ་མཚར་ཆེ་བ་དེ་བས་རྫས་སྣ་ཚོགས་པ་གཅིག་ཡིན་པ་འདི་ཆེས་ངོ་མཚར་ཆེ་ཞེས་དཔྱད་དེ། དེའི་རྒྱུ་མཚན་རྨ་བྱའི་མདོངས་ཁྲ་སོགས་ཆོས་ཅན། ཆ་མེད་པའི་ཡན་ལག་ཅན་གཅིག་གི་རང་བཞིན་མ་ཡིན་ཏེ། རྫས་སྣ་ཚོགས་པ་ཡིན་པའི་ཕྱིར་རོ། །དཔེར་ན་ནོར་བུ་སྣ་ཚོགས་སྤུངས་པའི་གཟུགས་དེ་བཞིན་ནོ། །ཡང་སྣམ་ཁྲ་དང་སྟན་ཁྲ་ལ་སོགས་པ་དག་དང་འདི་སྔོ་སོགས། འདི་སེར་སོགས་སུ་རྣམ་པར་དབྱེ་ནུས་པའི་སྣ་ཚོགས་སུ་ཡང་མཚུངས་པའི་ཕྱིར་རོ། །གལ་ཏེ་རྨ་བྱའི་མདོངས་ཁྲ་སོགས་དེ་ལ་ཡན་ལག་གི་གཟུགས་འབའ་ཞིག་སྔོ་སོགས་སུ་དབྱེ་ནུས་པའི་ནུས་པ་དེ་ལྟར་མཐོང་གི་ཡན་ལག་ཅན་ལ་ནི་དེ་ལྟ་མ་ཡིན་པས་སྐྱོན་མེད་དོ་ཞེ་ན། དེ་ཆོས་ཅན། མཐོང་བའི་སྔོ་སོགས་སྤངས་པའི་ཡན་ལག་ཅན་གྱི་ཁྲ་བོ་གཞན་མེད་པར་ཐལ། གལ་ཏེ་ཡོད་ན་མངོན་སུམ་གྱིས་མཐོང་བ་ལས་མངོན་སུམ་གྱིས་མཐོང་བ་ངོ་མཚར་སྟེ་མེད་པའི་ཕྱིར། བཅོས་མ་དང་དེ་མ་ཡིན་པ་ལྟ་བའི་བློ་གཉིས་ཀྱིས་རིམ་བཞིན་ཡུལ་ལམ་རིམ་ཅན་དང་རིམ་མིན་དུ་མཐོང་ཞེ་ན། གཞན་ཡང་བཅོས་མ་དང་བཅོས་མ་མ་ཡིན་པའི་ཕྱེ་མ་ལེབ་ཀྱི་ཁྲ་བོ་འཛིན་པའི་དབང་བློ་དག་ཆོས་ཅན། ཁྱོད་གཉིས་ལས་གཅིག་ནི་རིམ་ལྡན་དུ་དོན་མང་པོ་འཛིན་པ་དང་གཅིག་ནི་རིམ་མིན་ཅིག་ཅར་དུ་དོན་གཅིག་གི་འཛིན་བྱེད་དུ་འཇུག་པ་མི་འཐད་པར་ཐལ། ཁྱོད་གཉིས་དུས་ཅིག་ཅར་དུ་དོན་གྱི་རྣམ་པ་མང་པོ་རྟོགས་པར་མཚུངས་པའི་ཕྱིར། ཡང་བཅོས་མ་ཡིན་པའི་ཕྱེ་བ་ལེབ་ཀྱི་ཁྲ་བོ་ལ་སོགས་པའི་དོན་རྣམས་ཆོསཅན། སྣ་ཚོགས་པའི་ངོ་བོ་ཉིད་ཡིན་ཏེ། བློ་མ་འཁྲུལ་བ་རྣམས་ཀྱིས་སྣ་ཚོགས་པའི་ངོ་བོར་དམིགས་པའི་ཕྱིར། གལ་ཏེ་བློ་མ་འཁྲུལ་བས་སྣ་ཚོགས་སུ་དམིགས་པ་དེ་སྣ་ཚོགས་པའི་རྒྱུ་མཚན་མིན་ཞེ་ན། དངོས་པོ་ཐ་དད་པ་འདི་ཆོས་ཅན། ཐ་དད་དུ་བཞག་པ་འདི་གང་གིས་འགྲུབ་སྟེ་མི་འགྲུབ་པར་ཐལ། བློ་མ་འཁྲུལ་བས་ཐ་དད་དུ་དམིགས་པས་ནི་ཐ་དད་དུ་མི་འགྲུབ་པ་དེ་ལས་ལྷག་པའི་སྒྲུབ་བྱེད་གཞན་མེད་པའི་ཕྱིར། གཞན་ཡང་རི་མོ་ཁྲ་བོ་དང་སྣམ་བུ་ཁྲ་བོ་སོགས་ཆོས་ཅན། བློ་མ་འཁྲུལ་བ་ལ་སྣ་ཚོགས་སུ་སྣང་བ་མིན་པར་ཐལ། ཡན་ལག་ཅན་གྱི་རྫས་སྣ་ཚོགས་པ་མེད་པའི་ཕྱིར་ཏེ། རྡུལ་རིགས་མི་མཐུན་རྣམས་ཀྱིས་ཡན་ལག་ཅན་གྱི་རྫས་རྩོམ་པ་མེད་པའི་ཕྱིར། གལ་ཏེ་ཡན་ལག་གྱི་རྫས་མེད་ཀྱང་རི་མོ་ཕན་ཚུན་ལྡན་པའི་ཁྲ་བོ་ཡོད་པས་སྣ་ཚོགས་སུ་སྣང་ངོ་ཞེ་ན། རི་མོ་ཁྲ་བོའི་ལྡན་པ་ཆོས་ཅན། བློ་མ་འཁྲུལ་བ་ལ་སྣ་ཚོགས་སུ་སྣང་བ་མ་ཡིན་པར་ཐལ། གཟུགས་མེད་པའི་ཕྱིར་ཏེ། ཡོན་ཏན་ཡིན་པའི་ཕྱིར་རོ། །གལ་ཏེ་ཡན་ལག་ཅན་གྱི་རྫས་དང་ཁྲ་བོར་འདྲ་བས་ཁྲ་བོར་ཉེ་བར་བཏགས་པ་ཙམ་མོ་ཞེ་ན། དེ་དང་དེར་འདྲ་བས་ཁྲ་བོར་ཉེ་བར་བཏགས་ལ་བརྟེན་པ་སྟེ་བཏགས་པའི་ཡུལ་ཡང་ཡིན་པར་ཐལ། འདྲ་ཡུལ་ཡན་ལག་ཅན་གྱི་རྫས་མེད་པའི་ཕྱིར་ཏེ། དེ་སྣང་རུང་མ་དམིགས་པའི་ཕྱིར། གལ་ཏེ་དེ་ཡན་ལག་གི་སྔོ་སོགས་རེ་དང་དོན་གཅིག་ལ་འདུ་བའི་འབྲེལ་བ་ཡོད་པས་ཁྲ་བོར་བཏགས་པ་ཙམ་མོ་ཞེ་ན། དེ་དང་དེའི་འབྲེལ་བ་ཡོད་པས་དེར་སྣང་བ་མ་ཡིན་པར་ཐལ། ཡན་ལག་གི་སྔོ་སོགས་རེ་དེ་སྣ་ཚོགས་པའི་རང་བཞིན་མིན་པའི་ཕྱིར་རོ། །གལ་ཏེ་རི་མོ་ཁྲ་བོ་ལ་སོགས་པའི་ཡན་ལག་གི་སྔོ་སོགས་དེ་དབང་ཤེས་ཀྱིས་རིམ་བཞིན་དུ་བཟུང་བ་ལ་ཡིད་ཤེས་ཀྱིས་འདི་སྣ་ཚོགས་པའོ་སྙམ་དུ་བསྲེས་ནས་འཛིན་པས་ཁྲ་བོར་སྣང་བ་ཙམ་ཞེ་ན། རི་མོ་ཁྲ་བོའི་ཡན་ལག་གི་སྔོ་སོགས་ཆོས་ཅན། དབང་ཤེས་ཀྱི་རིམ་བཞིན་དུ་གཟུང་བ་ལ་ཡིད་བློས་འདི་སྣ་ཚོགས་པའོ་སྙམ་དུ་བསྲེས་ནས་འཛིན་པ་མ་ཡིན་པར་ཐལ། བློ་གཅིག་གིས་དོན་དུ་མ་ཅིག་ཅར་དུ་མི་འཛིན་པའི་ཕྱིར། དེས་ན་བློ་གཅིག་དོན་དུ་མ་འཛིན་པ་ཅན་དུ་གྲུབ་སྟེ། ཡན་ལག་ཅན་གྱི་རྫས་མེད་པའི་དུ་མ་ཡིན་ཞིང་དབང་ཤེས་ཀྱིས་ཅིག་ཅར་དུ་འཛིན་པ་དེའི་ཕྱིར། དེའི་ཕྱིར་དེར་དོན་དུ་མས་བསྐྱེད་པའི་ཕྱིར། རང་དོན་སྤྱིའི་ཡུལ་ཅན་ཞེས་པ་གྲུབ་བོ། །གཞན་ཡང་རི་མོ་ཁྲ་བོའི་སྔོ་སོགས་འཛིན་པའི་དབང་ཤེས་ཆོས་ཅན། རྟོག་པ་མེད་པར་གྲུབ་པ་ཡིན་ཏེ། གང་གི་ཕྱིར་ཡིད་ཤེས་ཀྱིས་དོན་སྔོ་སོགས་གཅིག་ལ་རྟོག་བཞིན་པ་ན་ཡང་གཞན་དག་སེར་པོ་ལ་སོགས་པ་ཡང་གསལ་བར་མཐོང་བ་དེའི་ཕྱིར། གཞན་ཡང་སྣ་ཚོགས་གཅིག་པའི་རང་བཞིན་མིན་ཞེས་པ་ལ་རྒོལ་བ་དེ་གལ་ཏེ་བློ་སྣ་ཚོགས་སུ་སྣང་བ་ཅན་གྱི་དོན་སྔོ་སེར་ལ་སོགས་པ་རྣམས་ལ་སྣ་ཚོགས་སུ་སྣང་བའི་ཕྱིར་གཅིག་ཉིད་ཡིན་པ་མི་རིགས་ན། རེ་ཞིག་སྣ་ཚོགས་སུ་སྣང་བའི་བློ་གཅིག་ཏུ་དེ་ཉིད་ཆོས་ཅན་སྣ་ཚོགས་སུ་ཇི་ལྟར་སྣང་སྟེ་མི་སྣང་བར་ཐལ། གཅིག་ཉིད་ཡིན་པའི་ཕྱིར། དོན་དུ་སྣང་བ་ལྟར་བདེན་པར་འདོད་པ་ལ་ཉེས་པ་དེ་ཡོད་ཀྱི་ཁོ་བོ་ཅག་དེ་ལྟར་མི་འདོད་པས་སྐྱོན་མེད་ཅེས་རེ་ཞིག་ཐེག་པ་གོང་མའི་སྒོ་ནས་ལན་འདེབས་པ་དེ་དངོས་པོའི་གནས་ལུགས་ལ་མཁས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གཟུགས་ནི་གཟུགས་ཀྱིས་སྟོང་ཞེས་པ་ནས་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་ཞེས་མདོ་ལས་གང་གསུངས་པ་དེ་ནི་དངོས་པོའི་སྟོབས་ལས་འོངས་པ་ཡིན་ལ། དེ་ཡང་གང་ཞེ་ན། དོན་སྔོ་སེར་ལ་སོགས་པ་རྣམས་ཇི་ལྟ་ཇི་ལྟར་གཅིག་དང་དུ་བྲལ་གྱི་རིགས་པའི་རྣམ་པས་བསམས་ཤིང་གཞིགས་པ་ན་གཅིག་དང་དུ་མ་དེ་ལྟ་དེ་ལྟར་གྱི་རྣམ་པ་དང་བྲལ་ཞིང་སྟོང་ཞེས་པའོ། །དེ་ཉིད་ཆོས་ཀྱི་བདག་མེད་པའི་ཚུལ་དུ་བསྟན་པའི་སྒོ་ནས་རྒྱས་པར་འཆད་པ་དེ། བློ་གཅིག་ལ་དོན་སྣ་ཚོགས་སུ་སྣང་བ་དེ་ཅིར་འགྱུར་སྣང་བ་ལྟར་བདེན་པར་མ་གྲུབ་པའམ་ཅེས་འདྲི་ན། བློ་གཅིག་པུ་དེ་ལ་སྣ་ཚོགས་སུ་སྣང་བ་དེ་ཡང་ཆོས་ཅན། སྣང་བ་ལྟར་བདེན་པར་མི་འགྱུར་བར་ཐལ། བློ་གཅིག་པའི་ཆ་ཡིན་པའི་ཕྱིར། གལ་ཏེ་དོན་དུ་སྣང་བ་རྣམས་སྣང་བ་ལྟར་གྱི་བདག་ཉིད་འདིར་བདེན་པར་ཚད་མས་གྲུབ་པར་འདོད་ནས་དེ་འགོག་པས་ཅི་བྱ་སྟེ་ཚད་མས་གྲུབ་པ་འགོག་མི་ནུས་པའི་ཕྱིར་རོ། །དོན་དུ་སྣང་བ་སྣང་བ་ལྟར་བདེན་པར་མ་གྲུབ་པ་དེའི་ཕྱིར་དོན་གཟུང་བ་དང་ཤེས་པ་འཛིན་པ་ལ་རགས་པར་སྣང་བ་ཆོས་ཅན། ཕྱི་ནང་གང་དུ་ཡང་བདེན་པར་ཡོད་པ་མ་ཡིན་ཏེ། བདེན་པའི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར། གལ་ཏེ་ཕྱིའི་གཟུང་བར་ཡོད་དོ་ཞེ་ན། ཡན་ལག་ཅན་དུ་ཡོད་དམ་རྡུལ་ཕྲན་དུ་མར་ཡོད། དེ་གཉིས་ཀའང་མི་རིགས་ཏེ། དེ་ཆོས་ཅན། རགས་པ་གཅིག་གི་བདག་ཉིད་དུ་སྣང་བ་དེ་ཡན་ལག་ཅན་གཅིག་ལ་ཡང་མེད་དེ། ཡན་ལག་ཅན་དེ་སྔར་ཚད་མས་བཀག་པ་ཉིད་ཀྱི་ཕྱིར་དང་། དེ་རྡུལ་ཕྲན་མང་པོ་ལ་ཡང་ཡོད་པ་མ་ཡིན་ཏེ། རྡུལ་ཕྲན་རེ་རེ་བ་ལ་རགས་པ་མེད་ཅིང་དུ་མ་ཚོགས་པ་རགས་པ་དང་འགལ་བའི་ཕྱིར། གལ་ཏེ་ཕྱི་རོལ་མེད་ཀྱང་ཤེས་པ་གཅིག་ཉིད་གཟུང་འཛིན་གཉིས་སུ་སྣང་བས་བདེན་པར་ཡོད་ཅེ་ན། ཤེས་པ་ཆོས་ཅན། རང་ཉིད་གཟུང་འཛིན་གཉིས་སུ་སྣང་བ་བདེན་པར་ཡོད་པ་མ་ཡིན་པར་ཐལ། ཤེས་པ་རང་ཉིད་ཡོངས་སུ་གཅོད་བྱེད་ནི་ནང་འཛིན་རྣམས་ཀྱི་ཆ་ཡིན་ལ་ཕྱི་རོལ་ལྟར་གནས་པ་འདི་ནི་གཞན་གཟུང་རྣམ་གྱི་ཆ་ཡིན་པའི་ཕྱིར། དེས་ན་བསླད་མའམ་འཁྲུལ་བ་ཡིན་ཏེ། གཟུང་འཛིན་ཐ་དད་དུ་མེད་པ་ཅན་གྱི་ཤེས་པ་རང་ཉིད་གཟུང་འཛིན་ཐ་དད་དུ་སྣང་བ་ཡིན་པའི་ཕྱིར། དོན་སྣང་གི་ཤེས་པ་དེ་ལས་ཆོས་ཅན། གཟུང་འཛིན་གང་རུང་གཅིག་ནི་མེད་པས་ཀྱང་གཟུང་འཛིན་གཉིས་ཀའང་ཉམས་པར་འགྱུར་བ་ཡིན་ཏེ། གཟུང་འཛིན་ཕན་ཚུན་ལྟོས་ནས་བཞག་པའི་ཕྱིར། དེ་ཆོས་ཅན། གཟུང་འཛིན་གཉིས་སྟོང་གི་སྟོང་ཉིད་གང་ཡིན་པ་དེ་ནི་ཁྱོད་ཀྱིའང་དེ་ཁོ་ན་ཉིད་ཡིན་ཏེ། གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཤེས་པ་ཡིན་པ་དེའི་ཕྱིར། དེས་ན་ཕུང་པོ་ལྔའི་དངོས་པོ་རྣམས་ཆོས་ཅན། ཡུལ་ཡུལ་ཅན་ཐ་དད་དུ་བཞག་ཀྱང་བསླད་མའམ་འཁྲུལ་པར་འགྱུར་ཏེ། ཡུལ་ཡུལ་ཅན་ཐ་དད་དུ་གནས་པ་འདི་གཟུང་འཛིན་དེ་ཐ་དད་པ་ཙམ་ལ་བརྟེན་པ་ཡིན་པའི་ཕྱིར། ཁྱབ་སྟེ། གཟུང་འཛིན་ཐ་དད་པ་དེ་ནི་བསླད་པའམ་འཁྲུལ་པ་ཉིད་ཡིན་པའི་ཕྱིར་རོ། །

དངོས་པོ་རྣམས་ཐ་དད་པ་དང་ཐ་དད་མེད་པའི་བསླད་པ་ཡིན་པར་མ་ཟད་མཚན་ཉིད་བདེན་པ་བས་སྟོང་པའི་ཕྱིར་རང་བཞིན་མེད་དོ་ཞེས་སྟོན་པ་སྟེ། དེ་ཆོས་ཅན། གཟུང་དང་འཛིན་པ་རྣམ་པ་ལས་མ་གཏོགས་པའི་མཚན་ཉིད་བདེན་པ་བ་གཞན་ནི་ཡོད་པ་མ་ཡིན་ཏེ། གནོད་པར་བྱར་རུང་བས་གཟུགས་ཞེས་སོགས་ཡུལ་དུ་སྣང་བ་གཟུགས་ཀྱི་ཕུང་པོའི་མཚན་ཉིད་ཡུལ་སོ་སོར་རིག་པས་རྣམ་ཤེས་ཉམས་སུ་མྱོང་བས་ཚོར་བ་ཞེས་སོགས་ཡུལ་ཅན་དུ་སྣང་བ་མིང་བཞིའི་ཕུང་པོའི་མཚན་ཉིད་དུ་བཞག་པ་ཙམ་ཡིན་པའི་ཕྱིར། དེས་ན་དེ་ཆོས་ཅན། བཅོམ་ལྡན་འདས་ཀྱིས་རང་བཞིན་མེད་པར་རབ་ཏུ་བཤད་པ་ཡིན་ཏེ། མཚན་ཉིད་དམ་བདེན་པའི་དངོས་པོས་སྟོང་པའི་ཕྱིར། ཕྱི་རོལ་གྱི་དོན་ཁས་ལེན་པ་ལ་ཡང་དངོས་རྣམས་མཚན་ཉིད་བདེན་པ་བས་སྟོང་པར་སྟོན་པ་དེ། དུ་མ་སྤུངས་པས་ཕུང་པོའི་འབྲས་བུའི་འབྱུང་ཁུངས་སུ་གྱུར་པས་ཁམས། སེམས་སེམས་བྱུང་སྐྱེ་ཞིང་མཆེད་པས་ཞེས་པ་ལ་སོགས་པའི་བྱེ་བྲག་གིས་མཚན་ཉིད་ཐམས་ཅད་ཆོས་ཅན། བདེན་པའི་ངོ་བོས་སྟོང་སྟེ། བྱེད་པ་བདེན་པ་བས་ཁྱད་པར་དུ་བྱས་པ་ཡིན་པའི་ཕྱིར། ཁྱབ་སྟེ། བྱེད་པ་བདེན་པ་བ་དེའང་དེ་ཁོ་ན་ཉིད་དུ་གྲུབ་པ་མ་ཡིན་ཏེ། ཆོས་ཐམས་ཅད་དོན་ལ་བྱ་བྱེད་དང་བྲལ་བ་ཡིན་པའི་ཕྱིར། རྒྱུ་མཚན་དེས་ཀྱང་དེ་དག་མཚན་ཉིད་བདེན་པ་བ་དང་བྲལ་བ་ཡིན་ནོ། །གལ་ཏེ་ཕྱི་རོལ་བདེན་པ་བ་མེད་ན་བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཕྱི་རོལ་ཡོད་པར་གསུངས་ཤེ་ན། ཕྱི་རོལ་གྱི་དོན་མེད་ཀྱང་བཅོམ་ལྡན་འདས་ཀྱི་གཟུང་འཛིན་ཐ་དད་ཀྱི་རྣམ་གཞག་གསུངས་པ་ནི་ཇི་ལྟར་སྣང་བ་ལ་དགོངས་ཏེ་གསུངས་པ་འགལ་བ་མེད་དོ་ཞེས་སྟོན་པ་ལ་དགོངས་ནས་གསུངས་པའི་དགོས་པ་དང་རྒྱུ་མཚན་སྟོན་པ་དེ། བྱིས་པ་རྣམས་ཆོས་ཅན། རང་གི་བག་ཆགས་སད་བྱེད་ཇི་ལྟ་བའི་རྐྱེན་ལ་ལྟོས་ནས་གཟུང་འཛིན་དུ་སྣང་བའི་རྣམ་པར་རིག་པ་དེ་ཁོ་ན་བཞིན་མིན་པའི་རྣམ་པ་སྐྱེ་བར་འགྱུར་ཏེ། ཉོན་མོངས་ཅན་མ་ཡིན་པའི་མ་རིག་པས་སླད་པའི་བདག་ཉིད་ཅན་ཡིན་པའི་ཕྱིར། དཔེར་ན་རབ་རིབ་ཅན་ལ་སོགས་པ་ལ་སྐྲ་ཤད་སོགས་མེད་བཞིན་དུ་སྣང་བ་བཞིན་ནོ། །སོ་སོ་སྐྱེ་བོ་ཕ་རོལ་སྒྲིབ་པ་ཐམས་ཅད་སྤངས་པའི་གཉིས་སྟོང་གི་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བའི་སངས་རྒྱས་མིན་པའི་སོ་སོ་སྐྱེ་བོ་ཐམས་ཅད་ཀྱིས་ཆོས་ཅན། གཉིས་སྟོང་གི་དེ་ཁོ་ན་ཉིད་མངོན་སུམ་དུ་རིག་པ་མ་ཡིན་ཏེ། གཟུང་དང་འཛིན་པའི་སླད་པ་དག་མེད་ན་དེ་ནི་མེད་པ་སྟེ་རྟག་ཏུ་རྒྱུ་གཟུང་འཛིན་གྱིས་སླད་པ་ཅན་ཡིན་པའི་ཕྱིར་རོ། །ཚིགས་སུ་བཅད་པ་གཉིས་པོ་དེས་གཟུང་འཛིན་ཐ་དད་དུ་གསུངས་པའི་རྒྱུ་མཚན་དང་བྱིས་པ་རྣམས་ལ་གཉིས་སྟོང་གི་དེ་ཁོ་ན་ཉིད་དངོས་སུ་མ་བསྟན་པའི་རྒྱུ་མཚན་བསྟན་ལ། རྒྱུ་མཚན་དེས་ན་བྱིས་པ་རྣམས་ལ་དེ་ཁོ་ན་ཉིད་དོན་སྟོན་པ་བཏང་སྙོམས་སུ་མཛད་པ་ཅན་གྱི་སྟོན་པ་སངས་རྒྱས་ཀྱི་གླང་ཆེན་གྱི་གཟིགས་སྟངས་ལྟར་དེ་ཁོ་ན་ཉིད་ཀྱི་གཟིགས་ཀྱང་གཟིགས་པ་ལྟར་དུ་མཛད་ནས་འཇིག་རྟེན་གཞུག་པའི་གཟུགས་ནི་འབའ་ཞིག་གིས་གཟུགས་སོགས་ཕྱི་རོལ་དང་མིག་སོགས་ནང་གི་སྐྱེ་མཆེད་སོགས་ལ་དཔྱོད་པའི་རྣམ་གཞག་ལ་འཇུག་པར་མཛད་པ་ཆོས་ཅན། དགོངས་པ་ཅན་ཡིན་ཏེ། བྱིས་པ་རྣམས་སྐྲག་པ་སྤངས་ནས་དེ་ཁོ་ན་ཉིད་ཀྱི་དོན་ལ་རིམ་གྱིས་གཞུག་པ་དང་གཟུགས་རིལ་པོ་ལ་རྟག་པ་གཅིག་པུར་འཛིན་པ་བཟློག་པའི་ཆེད་ཡིན་པའི་ཕྱིར་རོ། །ཕྱི་རོལ་གྱི་དོན་ཡོད་ཀྱང་རྟགས་ཁྱད་པར་ཅན་འགོད་པས་སྣ་ཚོགས་གཅིག་པའི་རང་བཞིན་ཅན་མིན་ལ་སྣ་ཚོགས་སུ་ནི་ཇི་ལྟར་སྣང་ཞེས་པའི་མ་ངེས་པ་མི་འཇུག་གོ་ཞེས་ཐེག་པ་འོག་མའི་སྒོ་ནས་ལན་འདེབས་པ་སྟོན་པ་དེ། ཤེས་པ་གཅིག་ལ་སྔོ་སོགས་སྣ་ཚོགས་སུ་སྣང་བ་ཆོས་ཅན། སྣང་མཁན་རང་གི་ཤེས་པའི་ཁྱད་པར་སྟེ་བདག་ཉིད་ཡིན་གྱི་གཞན་ཕྱི་རོལ་ལ་བརྟེན་པར་མེད་དེ། གཅིག་དམིགས་ན་ཀུན་དམིགས་གཅིག་མ་དམིགས་ན་ཀུན་མ་དམིགས་པས་ཡ་བྲལ་དུ་མཐོང་ནུས་པ་མ་ཡིན་པའི་ཕྱིར། གལ་ཏེ་འདི་སྔོན་པོའོ་འདི་སེར་པོའོ་ཞེས་སོ་སོར་བྱེད་ནུས་པས་རྟགས་མ་གྲུབ་བོ་ཞེ་ན། སོ་སོར་རྣམ་པར་འབྱེད་པ་དེའི་ཚེ་རྣམ་པར་དབྱེ་བ་ནི་ཕྱི་རོལ་གྱི་དོན་ལ་འཇུག་པར་འགྱུར་བ་ཡིན་ལ། ཁྲ་འཛིན་སེམས་ཀྱིས་རྣམ་པ་སྣ་ཚོགས་སུ་སྣང་བ་ཆོས་ཅན། ཤེས་པ་གཅིག་གི་ངོ་བོར་འགྱུར་ཏེ། ཤེས་པ་གང་ལ་སྣ་ཚོགས་སུ་ཇི་ལྟར་སྣང་བ་དེ་གཅིག་དམིགས་གཅིག་མ་དམིགས་ན་ཀུན་མ་དམིགས་པ་དེ་ལྟ་ཉིད་དུ་མྱོང་བ་ཡིན་པ་དེ་ལྟར་གྱི་ཕྱིར། གལ་ཏེ་ཤེས་པའི་སྣང་བ་བཞིན་དུ་རས་དང་རྨ་བྱའི་མདོངས་སོགས་ཀྱི་གཟུགས་ནི་ཆ་མེད་གཅིག་ཡིན་ན་དེའི་ཕྱིར། རས་དང་རྨ་བྱའི་མདོངས་ཁྲ་སོགས་ཆོས་ཅན། ཤེས་པའི་སྣང་བ་དེ་བཞིན་དུ་སོ་སོར་རྣམ་དབྱེ་མེད་པར་འགྱུར་རོ། །གལ་ཏེ་ཡན་ལག་གི་ཁྲ་བོར་སོ་སོར་དབྱེ་ནུས་ཀྱི་ཡན་ལག་ཅན་གྱིས་ནི་མ་ཡིན་པས་འདོད་དོ་ཞེ་ན། དེ་ཆོས་ཅན། ཐ་དད་ཅན་གྱི་ཡན་ལག་གི་ཁྲ་བོ་རྣམ་པར་བསལ་བའི་ཐ་དད་མེད་པའི་ཡན་ལག་ཅན་གཞན་ཡོད་པ་མ་ཡིན་པར་ཐལ། དེ་ཡོད་ན་མངོན་སུམ་གྱིས་མཐོང་བ་ལས་མཐོང་བ་མེད་པའི་ཕྱིར་རོ། །གལ་ཏེ་གསལ་བྱེད་པ་སོགས་པ་ན་རེ། ཡན་ལག་ཅན་མེད་ན་རྡུལ་ཕྲན་རྣམས་ཀྱིས་དབང་བློ་ཇི་ལྟར་བསྐྱེད་ཅེ་ན། དབང་པོའི་ཡུལ་ལས་འདས་པའི་རྡུལ་ཕྲན་སོ་སོ་བ་དག་ལྷན་ཅིག་ཏུ་འཚོགས་པའི་རྒྱུ་མཚན་གཞན་དང་གཞན་ཉེ་བ་ན། དབང་ཤེས་བསྐྱེད་ནུས་ཀྱི་ཁྱད་པར་ཅན་དུ་སྐྱེས་པར་གྱུར་པའི་རྡུལ་ཕྲན་མང་པོ་དག་ཅིག་ཅར་རང་འཛིན་དབང་བློའི་རྒྱུར་འགྱུར་བ་ཡང་འགལ་བ་དག་ནི་ཅི་ཞིག་ཡོད་དེ། དཔེར་ན་དབང་པོ་དང་བདག་དང་ཡིད་ལ་སོགས་པ་སོ་སོ་བས་དབང་ཤེས་མི་བསྐྱེད་ཀྱང་ཚོགས་ན་བསྐྱེད་པར་འདོད་པ་བཞིན་ནོ། །གལ་ཏེ་རྡུལ་ཕྲན་རྣམས་དབང་ཤེས་ཀྱི་རྒྱུ་ཡིན་ཀྱང་ཡུལ་མ་ཡིན་ནོ་ཞེ་ན། དབང་ཤེས་ཀྱི་རྒྱུ་དེ་ལ་ཆོས་ཅན། དབང་པོའི་བློ་ནི་གང་གི་རྣམ་ལྡན་དུ་སྣང་བའི་དོན་དེ་ནི་དེའི་གཟུང་བར་བརྗོད་དེ། ཤེས་པ་རང་གི་རྣམ་ལྡན་དུ་སྐྱེད་པའི་རྒྱུའི་དངོས་པོ་ལས་མ་གཏོགས་པའི་གཟུང་བ་ཞེས་བྱ་བ་གཞན་ཅི་ཡང་མེད་པའི་ཕྱིར། གཞན་ཡང་ཡན་ལག་ཅན་མེད་པར་རང་དུ་མ་ཅིག་ཅར་མི་འཛིན་ན། ཡན་ལག་ཅན་བ་ལང་ཆོས་ཅན། ཇི་ལྟར་ན་རང་གི་ཡན་ལག་ནོག་སོགས་དང་བཅས་པར་ཅིག་ཅར་དུ་བཟུང་བ་ཡིན་སྟེ་མ་ཡིན་པར་ཐལ། ཡན་ལག་མེད་པའི་དུ་མ་ཡིན་པའི་ཕྱིར། འདོད་མི་ནུས། ལྐོག་ཤལ་སོགས་རང་གི་ཡན་ལག་ཅན་རྣམས་མཐོང་བ་མེད་པར་བ་ལང་ཞེས་པ་མཐོང་བ་མེད་པའི་ཕྱིར། གལ་ཏེ་ཁྱད་པར་དང་ཁྱད་པར་ཅན་དུ་མ་གྱུར་པའི་རྡུལ་ཕྲན་རྣམས་མི་འཛིན་ཡང་ཡོན་ཏན་ཁྱད་པར་དང་གཙོ་བོ་ཁྱད་པར་ཅན་དུ་གྱུར་པའི་ནོག་སོགས་དང་བ་ལང་དག་ཅིག་ཅར་དུ་རྟོགས་པར་འདོད་དོ་ཞེ་ན། ཡང་བ་ལང་དེ་ཆོས་ཅན། ཅིག་ཅར་དུ་ཡན་ལག་ནོག་སོགས་རྫོགས་པས་ཁྱད་པར་དུ་བྱས་ནས་འཛིན་པ་མིན་པར་ཐལ། རང་གི་ཡན་ལག་སྟེ་ཁྱད་པར་ཉིད་དུ་བློས་ཉེ་བར་བཟུང་བ་གང་ཡིན་པ་དེ་ཉིད་ཀྱིས་ཁྱད་པར་དུ་བྱས་ནས་འཛིན་པར་འགྱུར་བའི་ཕྱིར། དེའི་རྒྱུ་མཚན་ཡང་ཁྱད་པར་དང་ཁྱད་པར་ཅན་དུ་གྱུར་པའི་དངོས་པོ་རྣམས་ཆོས་ཅན། དངོས་པོ་ལ་སོ་སོར་གནས་པ་མ་ཡིན་ཏེ། བརྗོད་པར་འདོད་པའི་གཞན་དབང་ཙམ་གྱིས་བཞག་པའི་ཕྱིར། དཔེར་ན་བ་ལང་རྭ་ཅན་དང་རྭ་བ་ལང་ཅན་ཞེས་པ་བཞིན་ནོ། །ཡང་བ་ལང་གི་རྣ་བ་ཆོས་ཅན། རང་གི་ཡོན་ཏན་སྔོ་སོགས་དང་རྣ་བ་ཉིད་ཅེས་པའི་སྤྱི་དང་གཡོ་འགུལ་ལ་སོགས་བྱ་བ་དང་ལྡན་པར་ཅིག་ཅར་དུ་བཟུང་བའང་མིན་པར་ཐལ། དེ་དག་དང་ཡོན་ཏན་དང་གཙོ་བོར་མ་གྱུར་བའི་དུ་མ་ཡིན་པའི་ཕྱིར། གཞན་ཡང་དོན་གཞན་དང་གཞན་དུ་གྱུར་པའི་བུམ་པ་དང་སྣམ་བུ་སོགས་ཆོས་ཅན། སྐྱེས་བུས་མཐོང་བའི་ཚེ་ཡང་བློ་རྣམ་པ་གཅིག་པ་ཅན་དུ་འགྱུར་བར་ཐལ། རང་རང་གི་རྫས་ཀྱི་དངོས་པོ་རྫས་གཞན་དག་ལས་ཐ་དད་པའི་རྣམ་པ་ཅན་དུ་བསྐྱེད་པ་མེད་པའི་ཕྱིར། རྫས་གཞན་ལས་ཐ་དད་དུ་བྱེད་པའི་ཡོན་ཏན་དང་སྤྱི་ལ་སོགས་པ་རྣམས་ཅིག་ཅར་དུའང་མ་བཟུང་བའི་ཕྱིར། གལ་ཏེ་སྔར་རྫས་འགའ་ཞིག་བཟུང་ཞིང་ཕྱིས་ཡོན་ཏན་དང་སྤྱི་ལ་སོགས་པའི་ཁྱད་པར་རྣམས་བཟུང་བའི་ཕྱིར་བུམ་སྣང་དུ་མ་སྟེ་ཐ་དད་རྟོགས་པར་འགྱུར་བས་སྐྱོན་མེད་ཅིང་། དེ་ལྟར་འགྱུར་དུ་ཆུག་མོད་དེ་ལྟ་ཡིན་ན་ཡང་བུམ་པའི་སྤྱི་དང་ཡོན་ཏན་དང་རྫས་བུམ་པ་འདི་དག་གི་ཆོས་ཅན། ཁྱད་པར་དང་ཁྱད་པར་ཅན་གྱི་འབྲེལ་བ་འཆོལ་བར་འགྱུར་ནས་ཕན་ཚུན་ཁྱད་པར་དང་ཁྱད་པར་ཅན་དུ་ཤེས་པར་མི་འགྱུར་བར་ཐལ། ཅིག་ཅར་དུ་འཛིན་པ་མེད་པའི་ཕྱིར། གཞན་ཡང་བྱེ་བྲག་པ་ལ་དེར་འགྱུར་བར་མ་ཟད་གྲངས་ཅན་པའི་ལུགས་ལ་ཡང་སྒྲ་སོགས་དེ་ཙམ་ལྔ་ཆོས་ཅན། རང་ཉིད་ཅིག་ཅར་དུ་བཟུང་བས་ཅིག་ཅར་དུ་དུ་མ་འཛིན་པར་འགྲུབ་པར་ཐལ། དུ་མའི་ངོ་བོ་ཉིད་ཡིན་པའི་ཕྱིར། གལ་ཏེ་དབང་ཤེས་ཀྱི་སྒྲ་སོགས་འཛིན་ཡང་བདེ་སོགས་མི་འཛིན་ཞེ་ན། དེ་ཡང་མི་རིགས་ཏེ། བཀོད་པ་ཅན་བདེ་སོགས་མ་བཟུང་བར་དེའི་བཀོད་པ་སྒྲ་སོགས་འཛིན་པར་མི་རུང་བའི་ཕྱིར་ཏེ། དཔེར་ན་སོར་མོ་མ་བཟུང་བར་ཁུ་ཚུར་མི་འཛིན་པ་བཞིན་ནོ། །ཀུན་ལས་བཏུས་སུ། དུ་མའི་ངོ་བོའི་ཆོས་ཅན་ནི། །དབང་པོ་ལས་རྟོགས་སྲིད་པ་མིན། །ཞེས་པ་འཆད་དེ། རིགས་མཐུན་རིགས་མི་མཐུན་ཐམས་ཅད་ལས་ལྡོག་པའི་ལོག་པ་གང་དང་གང་ལས་ལོག་པ་དེ་དང་དེ་ལས་ཐ་དད་པར་སྒྲོ་བཏགས་པའི་ཐ་དད་ཅན་གྱི་ཆོས་ཅན་སྒྲ་ལྟ་བུ་དེ་ནི་ལྡོག་པ་ཐ་དད་པ་དུ་མའི་ངོ་བོ་ཉིད་ཡིན་གྱི་དོན་དམ་པར་ལྡོག་པ་ཐ་དད་པ་དུ་མར་ནི་མེད་དོ། །དེས་ན་བྱས་མི་རྟག་སོགས་ལྡོག་པ་ཐ་དད་པ་སྣ་ཚོགས་སུ་སྣང་བ་དག་ནི་ཆོས་ཅན། རྟོག་པ་མེད་པའི་སེམས་མ་འཁྲུལ་བ་ལ་ལྡོག་པ་ཐ་དད་པ་སྣ་ཚོགས་སུ་སྣང་བ་མ་ཡིན་ཏེ། སྒྲོ་བཏགས་པའི་རང་བཞིན་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། སྒྲོ་བཏགས་ནི་རྟོག་པའི་སྤྱོད་ཡུལ་ཡིན་གྱི་གཟུང་དོན་ལས་རེས་འགའ་སྐྱེ་བའི་རྟོག་མེད་ཀྱི་སྤྱོད་ཡུལ་མིན་པའི་ཕྱིར། གཞན་ཡང་། རང་རང་རིག་བྱ་ཐ་དད་ཀྱི། །བསྟན་མིན་ངོ་བོ་དབང་པོའི་ཡུལ། །ཞེས་པ་འཆད་དེ། གལ་ཏེ་ཁྱེད་ཀྱི་ཀུན་བཏགས་པ་ལྟར་གྱི་དཀར་སོགས་ཀྱི་སྤྱི་དངོས་པོ་བ་ཡོད་པར་གྱུར་ཀྱང་དཀར་སོགས་ཀྱི་སྤྱི་ཆོས་ཅན། དབང་ཤེས་ཀྱི་ཡུལ་མ་ཡིན་ཏེ། སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་པའི་ཕྱིར། ཁྱབ་སྟེ། དབང་པོའི་སྤྱོད་ཡུལ་དུ་ཅི་འདྲ་བའི་དོན་དེ་ནི་ཆོས་ཅན། སྒྲའི་དངོས་སུ་བརྗོད་བྱ་མིན་ཏེ། སྒྲ་བྱུང་ཤེས་པའི་རང་བཞིན་སྟེ་སྣང་ཡུལ་ལས་ཐ་དད་པ་ཅན་ཡིན་པའི་ཕྱིར། གལ་ཏེ་དབང་བློ་དང་ཡིད་བློ་རྣམས་དཀར་སོགས་ཀྱི་སྤྱི་ལ་སོགས་པའི་དོན་གཅིག་འཛིན་པ་ཡིན་ཡང་དབང་པོ་གཟུགས་ཅན་དང་ཡིད་དབང་སོགས་རྟེན་སྣ་ཚོགས་ལ་བརྟེན་པས་སྣང་བ་ཐ་དད་པ་དེར་འགྱུར་ཞེ་ན། དེ་ནི་རྣ་བ་ལ་སོགས་དབང་པོའི་སེམས་རྣམས་ཆོས་ཅན། ཡུལ་ཐ་དད་པའི་དོན་ཅན་དེ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། སྣང་བ་ཐ་དད་པས་དེའི་མི་འཁྲུལ་བ་དེ་ལས་ལྷག་པའི་སྒྲུབ་བྱེད་གཞན་མེད་པའི་ཕྱིར། གཞན་ཡང་དབང་བློ་དང་ཡིད་བློའི་སེམས་ཀྱི་རྟེན་ནི་གཞན་དང་གཞན་ལས་སྐྱེས་སུ་ཆུག་ཀྱང་དེ་གཉིས་ཆོས་ཅན། གསལ་མི་གསལ་དེའི་རང་བཞིན་སྣ་ཚོགས་སུ་སྣང་བ་དེ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། གཟུང་དོན་གཅིག་ཉིད་ཀྱི་དངོས་པོ་འཛིན་པར་འདྲ་བའི་ཕྱིར། གལ་ཏེ་སྔར་མཐོང་བའི་བ་ལང་སོགས་ཕྱིས་སྒྲ་བྱུང་ཤེས་པས་འདིའོ་ཞེས་ངོ་ཤེས་པས་དབང་བློ་ཡིད་བློ་ཡུལ་གཅིག་གོ་ཞེ་ན། སྔར་མཐོང་བའི་བ་ལང་ལ་སོགས་པའི་ཕྱིས་འདིའོ་ཞེས་པའི་ངོ་ཤེས་པ་ནི་ཆོས་ཅན། སྔར་མངོན་སུམ་གྱིས་མཐོང་བའི་བ་ལང་གཟུང་དོན་དུ་ཡོད་པ་ལས་བཟློག་པ་ཡིན་ཏེ། སྔར་མཐོང་བའི་དོན་རང་མཚན་རྟོགས་པ་མེད་པར་བརྗོད་པ་སྒྲ་དང་རྣམ་རྟོག་འདོད་པ་ཙམ་གྱིས་འཇུག་པའི་ཕྱིར། བ་ལང་ལ་སོགས་སྔར་མཐོང་བའི་དོན་རྣམས་ལ་རིགས་སོགས་བརྗོད་པའི་སྒྲ་དང་དེ་འཛིན་པའི་རྣམ་རྟོག་དག་རྗེས་སུ་འགྲོ་བའི་རྟགས་ལས་རིགས་སོགས་དོན་གཞན་ཡོད་པར་རྗེས་སུ་དཔོག་པ་གང་ཡིན་དེ་ཡང་དོན་རང་མཚན་རྟོགས་པ་མེད་པར་སྒྲ་རྟོགས་འདོད་པ་ཙམ་གྱིས་འཇུག་གོ་ཞེས་པའི་རིགས་པ་འདིས་སུན་ཕྱུང་ངོ་། །གལ་ཏེ་སྤྱི་དངོས་པོ་བ་མེད་ན་སྤྱིའི་སྒྲ་བློ་མི་འཇུག་པ་ལ་དེ་འཇུག་པའི་ཕྱིར་སྤྱི་དངོས་པོ་བ་ཡོད་དོ་ཞེ་ན། རིགས་མཐུན་པའི་དོན་རང་མཚན་པ་མཐོང་བའི་དབང་བློ་རྣམས་རིགས་སོགས་དོན་གཞན་མེད་པའི་ཐ་དད་དང་ཉིད་ཡིན་ཡང་རིགས་གཅིག་ཏུ་ངོ་ཤེས་པ་ཞེས་བྱ་བའི་རྣམ་རྟོག་གཅིག་ནི་རང་གི་རང་བཞིན་གྱིས་བསྐྱེད་པར་བྱེད་པ་ཡིན་ཞེས་སྔར་བརྗོད་ཟིན་ཏོ། །བཅོམ་ལྡན་འདས་ཀྱིས་མདོ་ལས་དོན་ཤེས་པ་གཉིས་ཏེ། དབང་པོ་དང་ཡིད་ལ་བརྟེན་པའོ་ཞེས་གསུངས་པ་དེ་འཆད་པར་བཞེད་ནས། ཀུན་ལས་བཏུས་སུ་ཡིད་ཀྱང་དོན་དང་ཞེས་པའི་ཡིད་ཀྱི་མངོན་སུམ་འཆད་པ་དེ། རྣ་བ་མ་ཕུག་པ་ན་རེ། ཡིད་མངོན་ཞེས་པའི་ཚད་མ་མེད་དེ། ཡོད་ན་དེས་དབང་མངོན་གྱིས་མཐོང་ཟིན་འཛིན་ནམ་མ་མཐོང་བ་འཛིན། གལ་ཏེ་སྔར་དབང་མངོན་གྱི་མྱོང་བ་འཛིན་ན་ཡིད་ནི་ཚད་མ་ཉིད་མ་ཡིན་པར་འགྱུར་ཏེ་དྲན་པ་དང་འདོད་པ་བཞིན་ནོ། །དབང་མངོན་གྱིས་མ་མཐོང་བ་འཛིན་ན་ལོང་བ་ལ་སོགས་པས་ཀྱང་དོན་གཟུགས་སོགས་མཐོང་བར་འགྱུར་ཏེ་དེ་དག་ལ་ཡིད་ཡོད་པའི་ཕྱིར་རོ་ཞེ་ན། དེས་བཟུང་ཟིན་འཛིན་པ་མ་ཡིན་གྱིས་མ་བཟུང་བ་འཛིན་པ་ཡིན་མོད། འོན་ཀྱང་དབང་མངོན་གྱི་གཟུང་དོན་དེ་སྐད་ཅིག་མ་ཡིན་ནམ་མ་ཡིན། ཡིན་ན། དབང་མངོན་གྱི་གཟུང་དོན་ཆོས་ཅན། དབང་མངོན་གྱིས་དེ་མ་ཐག་རྐྱེན་བྱས་པའི་ཡིད་མངོན་གྱིས་གཟུང་དོན་དུ་བྱས་ནས་མཐོང་བར་ཡོད་པ་མ་ཡིན་པར་ཐལ། དེའི་དེ་མ་ཐག་རྐྱེན་གྱི་དུས་ན་འདས་པའི་ཕྱིར་ཏེ། དེའི་དེ་མ་ཐག་རྐྱེན་གྱི་རྒྱུར་གྱུར་པའི་སྐད་ཅིག་ཉིད་ཡིན་པའི་ཕྱིར། སྐད་ཅིག་མ་ཡིན་ན་ཡིད་མངོན་ཆོས་ཅན། རང་གི་མཚན་ཉིད་དཔྱད་པ་ན་ཚད་མ་སྔ་མས་བཟུང་ཟིན་གྱི་དོན་ལ་བསྣབས་འཛིན་པ་ཞེས་རང་གི་མཚན་ཉིད་ཁྱད་པར་དང་བཅས་པ་བརྗོད་པར་བྱ་དགོས་པ་འགྱུར་བར་ཐལ། རང་ཉིད་དེ་མ་ཐག་རྐྱེན་དབང་མངོན་གྱི་བཟུང་དོན་རྟག་པ་འཛིན་པའི་ཚད་མ་ཡིན་པའི་ཕྱིར། ཡང་དབང་པོ་ཅན་ནམ་སྟེ་དབང་མངོན་གྱི་སྐད་ཅིག་ཕྱི་མ་དང་གཞན་ཡིད་མངོན་དག་ནི་ཆོས་ཅན། གཞལ་བྱ་སྔར་མ་རྟོགས་པར་གསར་དུ་རྟོགས་པའི་བྱ་བ་སྒྲུབ་པར་བྱེད་པའི་ཚད་མར་ཇི་ལྟར་འདོད་དེ་མ་ཡིན་པར་ཐལ། ཚད་མ་སྔ་མས་གཞལ་བྱ་རྟོགས་པའི་བྱ་བ་བསྒྲུབས་ཟིན་པ་ཅན་གྱི་ལས་སམ་ཡུལ་ལ་རྟོགས་པའི་ཁྱད་པར་ཅུང་ཟད་ཀྱང་མི་བྱེད་པར་འཇུག་པའི་ཕྱིར། དབང་བློ་དང་ཡིད་བློ་ཐམས་ཅད་ཆོས་ཅན། ཅིག་ཅར་དུ་འབྱུང་བར་འགྱུར་བར་ཐལ། གཟུང་དོན་གྱི་དངོས་པོ་རྟག་པ་དེ་ལས་སྐྱེ་བའི་ཕྱིར། གལ་ཏེ་རྟག་ཀྱང་རྐྱེན་ལ་ལྟོས་ནས་བློ་རིམ་བཞིན་དུ་བསྐྱེད་དོ་ཞེ་ན། དབང་མངོན་གྱི་གཟུང་དོན་དེ་ལ་ཆོས་ཅན། རྐྱེན་ལ་ལྟོས་ནས་བློ་རིམ་བཞིན་དུ་བསྐྱེད་པ་འགལ་བར་ཐལ། རྐྱེན་གཞན་གྱིས་ཁྱད་པར་དུ་བྱར་ཡོད་པ་མིན་ནའི་ཕྱིར། དེས་ན་དབང་པོའི་རྣམ་པར་ཤེས་པ་འགག་ཁ་མ་དེ་མ་ཐག་རྐྱེན་དུ་ཡོད་པ་ལས་བྱུང་བ་ཅན་གྱི་ཡིད་ཤེས་མ་འཁྲུལ་བ་ནི་ཆོས་ཅན། དབང་མངོན་གྱི་ཡུལ་ལས་གཞན་འཛིན་པར་བྱེད་དེ། དབང་མངོན་གྱིས་ཡུལ་འཛིན་ན་ཇི་སྐད་བཤད་པའི་སྐྱོན་ཡོད་ཅིང་གཟུང་དོན་འཛིན་པ་དེའི་ཕྱིར། ལོང་བས་ཆོས་ཅན། ཡིད་མངོན་གྱིས་དབང་མངོན་གྱི་ཡུལ་ལས་གཞན་འཛིན་ཡང་གཟུགས་མཐོང་བ་མིན་ཏེ། མིག་ཤེས་མེད་པའི་ཕྱིར། ཁྱབ་སྟེ། ཡིད་མངོན་ནི་དབང་མངོན་གྱི་དེ་མ་ཐག་རྐྱེན་ལས་སྐྱེ་དགོས་པ་དེའི་ཕྱིར། གལ་ཏེ་ཡིད་མངོན་གྱིས་དབང་མངོན་གྱི་ཡུལ་ལས་གཞན་འཛིན་ན་ཆོད་པ་དང་བསྐལ་བ་ལ་སོགས་ཀྱང་འཛིན་པར་འགྱུར་རོ་ཞེ་ན། ཡིད་མངོན་འདི་ཆོས་ཅན། དབང་མངོན་གྱི་ཡུལ་ལས་གཞན་འཛིན་ན་ཡང་དབང་མངོན་གྱི་གཟུང་དོན་གྱི་རིགས་འདྲ་ཕྱི་མ་ཁོ་ན་ངེས་པར་འཛིན་པར་འདོད་པ་ཡིན་ཏེ། རང་གི་གཟུང་དོན་གྱི་རྗེས་སུ་འགྲོ་བའི་དོན་གཟུང་དོན་གྱི་རིགས་འདྲ་ཕྱི་མ་ལྷན་ཅིག་བྱེད་རྐྱེན་དུ་ཡོད་པ་ལ་ལྟོས་པ་ཅན་གྱི་དབང་སྐྱེས་ཀྱི་བློ་མ་འཁྲུལ་བ་རང་གི་དེ་མ་ཐག་པའི་རྒྱུར་ཡོད་པའི་གཞན་རིག་མངོན་སུམ་ཡིན་པ་དེའི་ཕྱིར། གལ་ཏེ་ཡིད་མངོན་གྱི་གཟུང་དོན་དག་ནི་ཆོས་ཅན། ཇི་ལྟར་ན་ཡིད་མངོན་གྱི་དེ་མ་ཐག་རྐྱེན་དབང་པོའི་ཤེས་པས་ཡིད་མངོན་བསྐྱེད་པའི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ཏེ་མ་ཡིན་པར་ཐལ། དེ་དང་ཡིད་མངོན་བྱེད་པ་དུས་མཚུངས་པ་མེད་པ་ཅན་ཡིན་པའི་ཕྱིར་ཏེ། དེ་ཡིད་མངོན་གྱི་སྔར་འགགས་ཤིང་ཁྱོད་རང་ཤེས་པའི་ཡིད་མངོན་དང་དུས་མཚུངས་པ་ཡིན་ཞེ་ན་སྐྱོན་མེད་དེ། ཡུལ་ཡུལ་ཅན་རྒྱུ་འབྲས་ཡིན་པས་དུས་མཉམ་པོའི་ཕྱིར་རོ། །དེའི་རྒྱུ་མཚན། འབྲས་བུའི་སྔར་རྫས་སུ་མེད་པའི་རྒྱུ་ཆོས་ཅན། འབྲས་བུ་བསྐྱེད་བྱེད་མ་ཡིན་ཏེ་ནུས་པ་མེད་པའི་ཕྱིར་དང་། ཕྱིས་ཀྱང་རྫས་སུ་གྲུབ་པའི་རྒྱུ་ཆོས་ཅན། དེ་མ་ཡིན་ཏེ། འབྲས་བུ་ལ་ཕན་པ་ཉེ་བར་མི་སྦྱོར་བའི་ཕྱིར་ཏེ། ཁྱོད་ཀྱི་དུས་ན་འབྲས་བུ་ཟིན་པའི་ཕྱིར་རོ། །དེས་ན་ཡིད་མངོན་གྱི་གཟུང་དོན་ཆོས་ཅན། རང་བློ་ཡིད་མངོན་དང་བཅས་པ་སྟེ་དུས་མཉམ་པ་མིན་ཏེ། དེའི་རྒྱུ་ཡིན་པའི་ཕྱིར། ཁྱབ་སྟེ། རྒྱུ་རྣམས་ཐམས་ཅད་འབྲས་བུའི་སྔར་ཡོད་པ་ཡིན་པ་དེའི་ཕྱིར། གལ་ཏེ་དེ་དེ་དང་དུས་ཐ་དད་ཡིན་པས། དེས་ཇི་ལྟར་འཛིན་ཏེ་མི་འཛིན་པར་ཐལ་ལོ་ཞེ་ན། དེ་ལ་ནི་ཆོས་ཅན། དེའི་གཟུང་དོན་དུ་ཐལ། རང་ཤེས་པའི་ཡིད་མངོན་ལ་རང་འདྲའི་རྣམ་པ་འཇོག་ནུས་པ་རྒྱུ་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། དེ་འདྲ་དེ་ལ་རིགས་པ་ཤེས་པའི་མཁས་པ་རྣམས་ཀྱིས་གཟུང་བར་ཤེས་ཤིང་འདོད་པའི་ཕྱིར་རོ། །གཞན་ཡང་དབང་ཤེས་རྣམས་ལ་རྒྱུ་དུ་མ་ཉིད་ཡོད་ན་ཡང་འབྲས་བུ་དབང་ཤེས་དེ་ཡུལ་གང་གི་རྣམ་པའི་རྗེས་སུ་བྱེད་པར་སྐྱེ་བ་གང་ཡིན་པའི་ཡུལ་དེ་ནི་དབང་ཤེས་དེའི་ངོ་བོ་སྟེ་རྣམ་པ་དེ་བཞག་པ་དང་དེའི་གཟུང་བའོ་ཞེས་བརྗོད་པ་ཡིན་ནོ། །ཆགས་པ་ལ་སོགས། རང་རིག་རྣམ་པར་མི་རྟག་པ་ཞེས་པའི་རང་རིག་མངོན་སུམ་འཆད་དེ། དབང་ཤེས་འཁོར་གྱི་བདེ་སོགས་ཀྱི་བདག་ཉིད་རང་མཚན་པ་ཆོས་ཅན། ངག་གིས་བརྡ་དངོས་སུ་བྱེད་པར་ནུས་པ་མ་ཡིན་ཏེ། བརྡ་དང་ཐ་སྙད་ཀྱི་དུས་གཞན་དུ་རྗེས་སུ་འགྲོ་བ་ལ་མི་བརྟེན་པའི་ཕྱིར། དེའི་བདེ་སོགས་དེ་དག་ཉམས་སུ་མྱོང་བའི་རང་རིག་ནི་ཆོས་ཅན། བརྗོད་པ་སྒྲ་དེ་དང་རྗེས་སུ་འབྲེལ་བ་ཅན་གྱི་རྟོག་པ་མ་ཡིན་ཏེ། བརྡ་དངོས་སུ་བྱེད་པར་མི་ནུས་པའི་ཡུལ་མྱོང་བྱེད་ཡིན་པ་དེའི་ཕྱིར། གལ་ཏེ་བདེ་སོགས་དེ་དག་ཆོས་ཅན། རང་གི་ངོ་བོ་ཇི་ལྟར་རིག་སྟེ་མི་རིག་པར་ཐལ། ཡུལ་གཞན་ཡང་རིག་བྱེད་ཡིན་པའི་ཕྱིར་ཏེ། ནང་གི་བེམ་པོ་ཡིན་པའི་ཕྱིར། འོ་ན་གང་གིས་རིག་ན་བདག་གི་དོན་གཅིག་ལ་བརྟེན་པ་དེ་འདུ་བའི་ཡིད་ཀྱི་རྣམ་ཤེས་ཀྱིས་རིག་བྱ་ཡིན་ཞེས་བྱེ་བྲག་པ་སོགས་འགའ་ཞིག་ཟེར། སྤྱིར་འབྲས་བུ་རྣམས་རིགས་འདྲ་བ་དེ་དང་འདྲ་བ་དེ་མིན་པའི་རང་བཞིན་ཅན་ནི་རིགས་འདྲ་བ་དེ་དང་། འདྲ་བ་དེ་མིན་པའི་དངོས་རྒྱུས་བསྐྱོད་པ་ཡིན་ལ། དབང་ཤེས་འཁོར་གྱི་བདེ་སོགས་དེ་ཆོས་ཅན། ཅིས་ན་ཤེས་པ་མ་ཡིན་ཏེ་ཡིན་པར་ཐལ། དབང་པོའི་རྣམ་ཤེས་ཀྱི་རྒྱུ་རྐྱེན་གསུམ་ལས་གཞན་པ་ལས་སྐྱེས་པ་མ་ཡིན་པར་དེ་ལས་སྐྱེས་པའི་ཕྱིར། རྟགས་གྲུབ་སྟེ། དེའི་བདེ་བ་ལ་སོགས་ཆོས་ཅན། དབང་ཤེས་དང་རྐྱེན་གསུམ་མཚུངས་པ་ལས་སྐྱེས་ཏེ། གཟུང་དོན་དང་བཅས་པའི་བདག་རྐྱེན་དབང་པོ་རུང་བ་དང་རང་གི་བདག་ཉིད་ཇི་ལྟ་བའི་སེམས་དེ་མ་ཐག་རྐྱེན་ཡིད་བྱེད་ནུས་ལྡན་དུ་ཡོད་ན་སྐྱེ་བར་མཐོང་བའི་ཕྱིར། ཁྱབ་སྟེ། ཡིད་སྟེ་དབང་ཤེས་ཀྱང་བདེ་སོགས་དེ་དང་རྐྱེན་གསུམ་ལས་མཚུངས་པར་སྐྱེས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་གཉིས་བདག་ཡིད་ཕྲད་པ་ལས་སྐྱེའོ་ཞེ་ན། དེའི་བདེ་བ་ལ་སོགས་དང་དབང་བློ་དེ་ཆོས་ཅན། སྔར་གྱི་རྐྱེན་གསུམ་དེ་ལས་སྐྱེ་ཡི་གཞན་བདག་ཡིད་ཕྲད་པ་ལས་མིན་ཏེ། འགའ་ཡི་རྒྱུ་ལ་སྔར་གྱི་རྐྱེན་གསུམ་དེ་དག་མེད་ན་མི་སྐྱེ་ཡོད་ན་སྐྱེ་བར་མཐོང་བ་དེའི་ཕྱིར། གལ་ཏེ་རྒྱུ་མཚུངས་པས་ཐ་དད་མེད་ན་བདེ་སྡུག་ཀྱང་ཐ་དད་མེད་དོ་ཞེ་ན། བདེ་སྡུག་ལ་སོགས་ཆོས་ཅན། རྐྱེན་གསུམ་མཚུངས་ཀྱང་ཐ་དད་ཡིན་ཏེ། རྐྱེན་གསུམ་དེ་དག་ཉིད་ཀྱི་ནང་ཚན་གྱི་ཁྱད་པར་མི་འདྲ་བ་ལས་སིམ་གདུང་ཐ་དད་དུ་སྐྱེས་པའི་ཕྱིར། དཔེར་ན་དབང་བློ་དེ་ཉིད་རྐྱེན་གསུམ་མཚུངས་ཀྱང་ཡིད་བྱེད་གོམས་པ་ཆེ་ཆུང་སོགས་རྒྱུ་མཚན་གྱི་ཁྱད་པར་ལས་ཆེས་གསལ་བ་དང་མི་གསལ་བ་དང་བར་མ་ཐེ་ཚོམ་དུ་གྱུར་པ་བཞིན་ནོ། །གལ་ཏེ་བདེ་སོགས་དེ་ཤེས་ན་གཞན་གྱིས་མྱོང་ན་ལྷན་ཅིག་པའི་དབང་བློས་སམ་ཕྱིས་འབྱུང་གི་ཡིད་བློས་མྱོང་། དང་པོ་མི་རིགས་ཏེ། དབང་བློ་དེས་ནི་ཆོས་ཅན། ཕྱི་རོལ་གཟུང་དོན་དུ་བྱས་ནས་འཛིན་པ་དེ་བོར་ནས་ལྷན་ཅིག་པའི་བདེ་སོགས་ཉིད་ཅི་ལྟར་རྟོགས་པར་འགྱུར་སྟེ་མི་འགྱུར་ཐལ། ཕྱི་རོལ་གྱི་དོན་གང་གཟུང་དོན་དུ་ཉེ་བས་ཁྱོད་དང་བདེ་སོགས་དེ་དག་སྐྱེ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་དོན་དང་བདེ་སོགས་དབང་བློ་དང་ཡིད་བློས་གོ་རིམ་ལྟར་རིམ་གྱིས་འཛིན་པས་སྐྱོན་མེད་ཅེ་ན། དོན་དང་བདེ་སོགས་དེ་མྱོང་བའི་བློ་གཉིས་ཆོས་ཅན། བར་རྣམ་པར་ཆད་པ་མེད་པར་སྣང་བར་མི་འགྱུར་བར་ཐལ། ཕན་ཚུན་གཅིག་གིས་གཅིག་བར་བཅད་ནས་འཇུག་པའི་ཕྱིར། གལ་ཏེ་བར་བཅད་ཀྱང་འཇུག་པ་མགྱོགས་པའི་ཕྱིར་བར་མ་ཆད་དུ་སྣང་ངོ་ཞེ་ན། བདེ་སོགས་མྱོང་བ་མེད་པའི་དབང་ཤེས་ཆོས་ཅན། བར་མ་ཆད་དུ་སྣང་བ་ཅིས་མ་ཡིན་ཏེ་ཡིན་པར་ཐལ། འཇུག་པ་མགྱོགས་པ་དེ་མཚུངས་པའི་ཕྱིར། གལ་ཏེ་དོན་དང་བདེ་སོགས་དེ་དབང་བློས་ཅིག་ཅར་དུ་འཛིན་ནོ་ཞེ་ན། དབང་པོའི་སེམས་ནི་ཆོས་ཅན། ཁྱོད་གཅིག་གིས་དོན་དང་བདེ་སོགས་གཉིས་ཀ་གཟུང་དོན་དུ་ཤེས་ནས་འཛིན་པ་མ་ཡིན་ཏེ། ཁྱོད་གཟུགས་སོགས་ཕྱིའི་སྐྱེ་མཆེད་ཀྱི་ཡུལ་ཅན་དུ་ངེས་ཤིང་བདེ་སོགས་ཆོས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར་དང་། བདེ་སོགས་ཁྱོད་ཀྱི་གཟུང་དོན་མ་ཡིན་ནོ། །དེས་ཁྱོད་ལ་ཕན་འདོགས་པའི་ནུས་པ་གྲུབ་པ་མེད་པའི་ཕྱིར་ཏེ། བདེ་སོགས་མེད་ཀྱང་ཕྱི་རོལ་གཟུང་དོན་དུ་ཡོད་པ་བདག་ལས་སྐྱེ་བའི་ཕྱིར། གལ་ཏེ་དོན་དང་བདེ་སོགས་གཉིས་ཀྱིས་སོ་སོ་སོ་སོར་ཡང་དབང་ཤེས་བསྐྱེད་པར་ནུས་པ་ཡིན་པས་སྐྱོན་མེད་ཅེ་ན། དབང་ཤེས་ཆོས་ཅན། བདེ་སོགས་འབའ་ཞིག་འཛིན་པར་གྱུར་པ་སྲིད་པར་ཐལ། དོན་ལ་ལྟོས་པ་མེད་པར་བདེ་སོགས་འབའ་ཞིག་གཟུང་དོན་དུ་ཡོད་པ་ལས་སྐྱེ་སྲིད་པའི་ཕྱིར། དཔེར་ན་སྔོ་སེར་སོགས་ཕན་ཚུན་ལྟོས་པ་མེད་པར་དབང་ཤེས་བསྐྱེད་པས་སྔོན་པོ་འབའ་ཞིག་འཛིན་པ་སྲིད་པ་བཞིན་ནོ། །འདོད་མི་ནུས་ཏེ། བདེ་སོགས་དེའི་རྒྱུའི་དོན་ཡིད་དུ་འོང་མི་འོང་སོགས་མ་བཟུང་བར་དེ་ལས་བྱུང་བའི་བདེ་སོགས་དེ་མྱོང་བར་མི་རིགས་པའི་ཕྱིར་རོ། །གལ་ཏེ་དབང་བློས་དོན་དང་བདེ་སོགས་ལྷན་ཅིག་ཉིད་དུ་འཛིན་པས་སྐྱོན་མེད་ཅེ་ན། བདེ་སོགས་ནི་ཆོས་ཅན། དབང་བློ་བསྐྱེད་བྱེད་མ་ཡིན་པར་ཐལ། དེ་ལ་ཕན་འདོགས་པའི་ནུས་པ་ཅི་སྟེ་མེད་པའི་ཕྱིར། གང་གི་ཕྱིར་ན་ཁྱོད་དབང་བློ་དེ་བདེ་སོགས་དེས་བསྐྱེད་པར་མི་འདོད་པར་ཕྱི་རོལ་གྱིས་བསྐྱེད་པར་འདོད་པའི་ཕྱིར་རོ། །གལ་ཏེ་དོན་མེད་པར་བདེ་བ་ལ་སོགས་པ་མིག་སོགས་རྣམས་ཀྱིས་མྱོང་ཞེ་ན། མིག་གིས་མཚོན་པའི་དབང་ཤེས་ཆོས་ཅན། སྐྱེས་པ་བུད་མེད་སོགས་ཀྱི་གཟུགས་སོགས་ཡིད་དུ་འོང་མི་འོང་ལ་སོགས་པའི་ཁྱད་པར་ནམ་ཡང་འཛིན་པར་མི་འགྱུར་བར་ཐལ། བདེ་སོགས་འབའ་ཞིག་མྱོང་བའི་ཕྱིར། ཁྱབ་སྟེ། ནང་གི་ཡན་ལག་དུ་གྱུར་པ་དམིགས་རྐྱེན་གྱིས་སྒོ་ནས་དབང་ཤེས་བསྐྱེད་ནུས་པའི་དོན་ཉེ་བར་ཡོད་ན་ཕྱི་རོལ་ན་ཡང་མཐོང་བར་མི་འགྱུར་བའི་ཕྱིར་རོ། །གལ་ཏེ་དབང་བློའི་དོན་འཛིན་ཞིང་ཡིད་བློས་བདེ་སོགས་མྱོང་ཞེ་ན། སྐྱེས་བུ་ཆོས་ཅན། རང་གི་དབང་ཤེས་ཀྱིས་དོན་གཟུགས་སོགས་འཛིན་བཞིན་པའི་ཚེ་དོན་གཟུགས་སོགས་འཛིན་པ་དེ་ལས་སྐྱེས་པའི་བདེ་བ་ལ་སོགས་མྱོང་བའི་བློ་རང་རྒྱུད་ལ་ཡོད་པར་མི་འགྱུར་བར་ཐལ། དེའི་ཚེ་བདེ་སོགས་མྱོང་བའི་ཡིད་བློ་མེད་པའི་ཕྱིར་ཏེ། བློ་རིགས་མཐུན་གཉིས་ཅིག་ཅར་དུ་མི་སྐྱེ་བའི་ཕྱིར། གལ་ཏེ་ཡུལ་གཟུགས་སོགས་དེ་དང་བདེ་སོགས་དེ་ཉེ་བར་ཡོད་པ་ལས་ཡུལ་ཅན་དབང་བློ་དང་ཡིད་བློ་ཅིག་ཅར་དུ་སྐྱེ་བས་སྐྱོན་མེད་ཅེ་ན་ནི། ཡུལ་ཡིད་དུ་འོང་མི་འོང་ཅིག་ཅར་སྐྱེ་བའི་སྐྱེས་བུ་ཆོས་ཅན། ཅིག་ཅར་དུ་བདེ་སྡུག་དག་རིག་པར་འགྱུར་བར་ཐལ། ཅིག་ཅར་དུ་དེ་གཉིས་ཀྱི་དོན་ཉེ་བར་ཡོད་པའི་ཕྱིར། གལ་ཏེ་དོན་ཉེ་བ་ལས་བདེ་སྡུག་འབྱུང་བར་མ་ཟད་ནང་གི་ཉེར་ལེན་ཤེས་པ་ཡང་ཉེ་བར་ཡོད་ན་བདེ་བ་དང་སྡུག་བསྔལ་སོགས་འབྱུང་ལ། ཉེར་ལེན་ཤེས་པ་གཅིག་པོ་དེ་ནི་ཅིག་ཅར་དུ་འབྲས་བུ་འགལ་བ་བདེ་སྡུག་གཉིས་ཀའི་ཉེར་ལེན་མིན་པར་འདོད་པས་བདེ་སྡུག་གཉིས་ཅིག་ཅར་མི་འབྱུང་ཞེ་ན། རྣམ་པར་ཤེས་པ་སྔ་མ་ནི་ཆོས་ཅན། གང་གིས་ན་མི་ཤེས་པ་བེམ་པོར་འགྱུར་བའི་བདེ་སྡུག་ཉེར་ལེན་གྱི་རྒྱུ་ཡིན་ཏེ་མ་ཡིན་པར་ཐལ། དེ་དང་རིགས་མི་མཐུན་པའི་ཕྱིར། གལ་ཏེ་དེའི་ཉེར་ལེན་གྱི་རྒྱུ་མ་ཡིན་གྱི་བདག་པོའི་རྐྱེན་ཉིད་དུ་འགྱུར་བ་ཡིན་པས་སྐྱོན་མེད་ཅེ་ན། བདག་རྐྱེན་དེ་ནི་བདག་འབྲས་འགལ་བ་དག་ལ་བདེ་སྡུག་ཕན་འདོགས་བྱེད་པའང་མཐོང་སྟེ། དཔེར་ན་སྣང་བ་ཉི་མའི་འོད་ཟེར་གཅིག་གིས་མཚན་མོ་རྒྱུ་བའི་འུག་པ་སོགས་ཀྱི་དབང་ཤེས་ཀྱིས་གཟུགས་མཐོང་བ་དང་མི་མཐུན་པའི་བདག་རྐྱེན་དེ་དང་དེ་ལས་གཞན་མི་ལ་སོགས་པའི་དབང་པོའི་ཤེས་པ་དག་གིས་གཟུགས་མཐོང་བ་དང་མཐུན་པའི་བདག་རྐྱེན་ཅིག་ཅར་བྱེད་པ་བཞིན་ཡིན་པས་མ་ངེས་སོ། །བདེ་སོགས་དེ་རང་ལས་དོན་གཞན་གྱིས་མི་མྱོང་བ་དེའི་ཕྱིར་དབང་ཤེས་དང་ལྷན་ཅིག་པའི་བདེ་སོགས་ལ་རང་ཉིད་ལ་རྣམ་པ་འཕོས་པའི་དོན་གྱི་རྣམ་པ་སྣང་བ་ཡིན་ཞིང་རྣམ་པ་དེ་མྱོང་བའི་ཕྱིར་ན་འཇིག་རྟེན་ན་དོན་གྱི་རྣམ་པ་མྱོང་བར་ཐ་སྙད་འདོགས་ཀྱི་ཕྱི་རོལ་དོན་ནི་དངོས་སུ་མྱོང་བ་མིན་ནོ། །དབང་ཤེས་དང་ལྷན་ཅིག་པའི་བདེ་སོགས་འདི་དག་ནི་ཆོས་ཅན། དོན་ལས་སྐྱེས་པ་ཙམ་དུ་ཟད་ཀྱི་དོན་མྱོང་བ་མ་ཡིན་ཏེ། རང་གི་བདག་ཉིད་དུ་གྱུར་པའི་དོན་གྱི་རྣམ་པ་རིག་བྱེད་ཡིན་པའི་ཕྱིར། དོན་གྱི་བདག་ཉིད་དེ་རྣམ་པ་བདེ་སོགས་དེ་དག་རང་གི་བདག་ཉིད་དུ་གྱུར་པ་བདེ་སོགས་དེས་མྱོང་བ་ཡིན་པ་དེས་ན་དེས་དོན་མྱོང་བར་བཤད་ལ་དོན་དམིགས་པ་ཉིད་ནི་དོན་གྱི་རྣམ་པ་དེར་སྣང་བའི་སྒོ་ནས་བཞག་པའོ། །གྲངས་ཅན་པ་འགའ་ཞིག་བདེ་སོགས་དེ་ནང་མ་ཡིན་ཏེ། ཕྱི་རོལ་ན་གནས་པ་ཉིད་ཡིན་པའི་ཕྱིར་དང་སེམས་མེད་པའི་བེམ་པོ་ཡིན་ཏེ་གཟུང་བྱ་སྒྲ་སོགས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཞེས་སྨྲ་སྟེ། དེ་ལྟ་ན་བྱེ་བྲག་པ་མ་ཟད་གྲངས་ཅན་པ་དེའི་ལུགས་ལ་ཡང་སྒྲ་འཛིན་ཆོས་ཅན། ཅིག་ཅར་དུ་སྒྲ་སོགས་དང་བདེ་སོགས་གཉིས་ཀ་གཟུང་དོན་དུ་འཛིན་པ་མི་རིགས་པར་ཐལ། བདེ་སོགས་ཀྱི་རྣམ་པ་མི་སྣང་བའི་ཕྱིར། གལ་ཏེ་སྔོ་སོགས་དེ་བདེ་སོགས་དང་རང་བཞིན་གཅིག་པའི་ཕྱིར་དེ་གཉིས་ཤེས་པས་ཅིག་ཅར་འཛིན་ཞེ་ན། སྔོ་སོགས་དེ་དང་བདེ་སོགས་ཆོས་ཅན། ཇི་ལྟར་ན་ཐ་མི་དད་ཡིན་ཏེ་མ་ཡིན་པར་ཐལ། ཁ་དོག་དབྱིབས་སོགས་ཀྱི་རྣམ་པ་དང་སིམ་གདུང་སོགས་ཀྱི་རྣམ་པ་ཐ་དད་དུ་སྣང་བ་ཅན་གྱི་མ་འཁྲུལ་བའི་སེམས་ཀྱིས་ཐ་དད་དུ་གཟུང་བྱ་ཡིན་པའི་ཕྱིར། གཞན་ཡང་སྐྱེས་བུ་གཅིག་གིས་གཟུགས་དང་འབྲེལ་བའི་བློ་ལ་དགའ་བ་དང་ཡོངས་སུ་གདུང་བ་ཆོས་ཅན། གོམས་པས་ཁྱད་པར་དུ་མི་འགྱུར་བའི་ཕྱི་རོལ་མ་ཡིན་ཏེ། ཡུལ་ཕྱིའི་སྐྱེས་བུ་གཅིག་གིས་གཟུགས་དེར་དམིགས་པ་ལ་ཁྱད་པར་ཡོད་པ་མིན་ཡང་དེ་ལ་དགྲ་གཉེན་གཉིས་ཀྱིས་དམིགས་པ་ན་འདོད་པ་དང་མི་འདོད་པ་སོགས་གོམས་པའི་ཁྱད་པར་ལས་དགའ་གདུང་དུ་འགྱུར་བའི་ཕྱིར། གལ་ཏེ་ཕྱི་རོལ་གྱི་བདེ་སོགས་གོམས་པས་ཁྱད་པར་དུ་མི་འགྱུར་ཡང་སྒྲ་སོགས་ཀྱི་བདག་ཉིད་ཡིན་པ་ལྟར་བློ་ཡང་བདེ་སོགས་ཀྱི་བདག་ཉིད་ཡིན་པས་བློའི་རང་བཞིན་གྱི་བདེ་སོགས་གོམས་པས་ཁྱད་པར་དུ་འགྱུར་བ་མི་འགལ་ལོ་ཞེ་ན། དེ་ལྟ་ཡིན་པ་དེ་ནི་སྐྱེས་བུ་ཆོས་ཅན། ཕྱིའི་སྒྲ་སོགས་དེ་བདེ་སོགས་ཀྱི་བདག་ཉིད་ཡིན་ཞེས་ཚད་མས་ཇི་ལྟར་རྟོགས་ཏེ་མི་རྟོགས་པར་ཐལ། སིམ་གདུང་སོགས་ཀྱི་རྣམ་པར་སྣང་བ་དེ་བློ་ཡིན་ཞིང་དེ་ལས་མ་གཏོགས་པའི་བདེ་སོགས་མེད་པའི་ཕྱིར། གལ་ཏེ་རིགས་ཐ་དད་པ་དག་གཟུང་འཛིན་མིན་པར་སྒྲ་སོགས་དང་བདེ་སོགས་རང་བཞིན་གཅིག་གོ་ཞེ་ན། ཤེས་རིག་གི་སྐྱེས་བུ་ནི་ཆོས་ཅན། བདེ་སོགས་ཀུན་གྱི་འཛིན་བྱེད་དུ་མི་འགྱུར་བར་ཐལ། བདེ་སོགས་ཀྱི་རང་བཞིན་མ་ཡིན་ཏེ། ཡོན་ཏན་མེད་པའི་ཤེས་པ་ཡིན་པའི་ཕྱིར། འདོད་ན་དེས་ན་བདེ་སོགས་ཟ་བ་པོ་ཉིད་ཡིན་པ་ཉམས་པར་ཐལ་ལོ། །བཤད་མ་ཐག་པའི་རིགས་པ་འདིས་ནི་བློ་དང་བདེ་སོགས་རིགས་ཐ་དད་ཡིན་ན་གཟུང་འཛིན་དུ་མི་འགྱུར་ལ་དེ་ལྟ་ཡིན་ན་རྒྱུ་འབྲས་སུ་ཡང་མི་འགྱུར་བ་ལས་རྒྱུ་དང་འབྲས་བུ་ཡིན་པས་དེ་གཉིས་རང་བཞིན་གཅིག་པར་སྨྲ་བ་བསལ་བ་ཡིན་ནོ། །ཇི་ལྟར་ན། བདེ་སོགས་ཀྱི་རྣམ་པ་སྣང་བས་དེའི་འབྲས་བུ་ཡིན་ན་སྐྱེས་བུ་ཡང་ཆོས་ཅན། བདེ་སོགས་ཀྱི་འབྲས་བུ་ཡིན་པར་ཐལ། དེའི་རྣམ་པ་སྣང་བའི་ཕྱིར། མ་གྲུབ་ན། དེ་ཟ་བ་པོ་ཡིན་པ་ཉམས་སོ། །གཞན་ཡང་བློ་དང་བདེ་སོགས་ཆོས་ཅན། ཁྱོད་གཉིས་རྣམ་པ་འཇོག་བྱེད་ཀྱི་རྒྱུ་དང་རྣམ་པ་བཞག་བྱའི་འབྲས་བུ་མ་ཡིན་པར་ཐལ། ཁྱོད་གཉིས་གཟུང་བ་དང་འཛིན་པ་ཉིད་དུ་མེད་པའི་ཕྱིར། གལ་ཏེ་གཟུང་འཛིན་ཡིན་པས་རྒྱུ་འབྲས་སུ་ཡོད་ན། གཟུང་འཛིན་དེ་ནི་གཞན་སྐྱེས་བུ་དང་བདེ་སོགས་ལའང་ཡོད་པས་དེ་གཉིས་ཀྱང་རྒྱུ་འབྲས་སུ་འགྱུར་རོ། །དེ་དག་གི་དོན་བསྡུ་བ་བདེ་སོགས་དེ་ནི་ཆོས་ཅན། ནང་ཉིད་ཡིན་ཏེ། ཕྱི་རོལ་གཅིག་ལ་འདོད་མི་འདོད་སོགས་སུ་གོམས་པས་དགའ་གདུང་སོགས་སུ་འགྱུར་བ་དེའི་ཕྱིར། སེམས་ཡིན་ཏེ། མྱོང་བྱ་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ་གང་གི་རང་བཞིན་མྱོང་བ་ཤེས་པ་མ་ཡིན་པའི་མྱོང་བྱ་དེ་ནི་མྱོང་བྱེད་དེའི་མྱོང་བ་ཤེས་པའང་མ་ཡིན་པའི་ཕྱིར། གལ་ཏེ་མྱོང་བ་ཤེས་རིག་དེས་བདེ་སོགས་དེའི་རང་བཞིན་མྱོང་བ་མིན་པར་ཡུལ་དབང་བར་གྱི་བློ་ལ་གནས་པའི་བདེ་སོགས་དེའི་རྣམ་པ་དེ་རིག་ཅིང་མྱོང་བས་མ་ངེས་ཤེ་ན། སིམ་གདུང་སོགས་མངོན་སུམ་དུ་མྱོང་བ་དེ་དང་དེ་དྲན་པའི་རྣམ་པ་ཅན་གྱི་མྱོང་བ་ཤེས་པ་ལས་མ་གཏོགས་པའི་ཡུལ་དབང་འདིའི་བར་གྱི་བློ་བེམ་པོ་གང་ཡོད་དེ་མེད་པར་ཐལ། དེ་འདྲ་སྣང་རུང་མ་དམིགས་པའི་ཕྱིར་རོ། །དེས་ན་འདོད་མི་འདོད་ལ་སོགས་པའི་དོན་དེ་དང་དེ་ལ་བརྟེན་ནས་བདེ་དང་སྡུག་བསྔལ་བར་མ་ལ་སོགས་པའི་མྱོང་བ་ཤེས་པ་གཅིག་པུ་རེ་རེ་ཉིད་དུ་འབྱུང་བར་འགྱུར་བར་མཐོང་གི ཡུལ་དབང་བར་དུ་ཆོས་ཅན། མྱོང་བ་ལས་གཞན་པའི་བློ་བེམ་པོ་ནི་མེད་དེ། དེ་འདྲ་སྣང་རུང་མ་མཐོང་བའི་ཕྱིར་རོ། །གལ་ཏེ་ལྕགས་གོང་དང་ནི་མེ་ཐ་དད་ཡིན་ཡང་ལྕགས་གོང་དམར་འབར་བར་གྱུར་པ་ན་མེ་དང་དབྱེར་མེད་པ་དེ་བཞིན་དུ་བློ་མྱོང་ཐ་དད་ཡིན་ཡང་འདྲེས་པས་རྣམ་པར་དབྱེར་མེད་པས་མ་ངེས་སོ་ཞེ་ན། དངོས་པོ་ཐ་དད་པ་ཡང་བློས་གཅིག་ཏུ་དམིགས་པས་གཅིག་ཡིན་པ་དེ་ལྟ་ཡིན་ན་དངོས་པོ་ཀུན་ལ་འདི་ཐ་དད་ལ་འདི་ཐ་དད་མིན་པའི་རྣམ་གཞག་ཉམས་པར་འགྱུར་ཏེ་འདི་ལྟར། དངོས་པོ་རྣམས་ཆོས་ཅན། ཐ་དད་པའི་སྒྲུབ་བྱེད་གྲུབ་པ་མ་ཡིན་པར་ཐལ། བློ་མ་འཁྲུལ་བས་ཐ་དད་མིན་པར་མྱོང་བ་འདི་གཅིག་གི་སྒྲུབ་བྱེད་མིན་པའི་ཕྱིར་ཁྱབ་སྟེ། བློ་མ་འཁྲུལ་བས་ཐ་དད་མེད་པར་མྱོང་བས་གཅིག་ཡིན་ན་ཐ་དད་མེད་པར་མྱོང་བ་དེ་ལྟར་གང་ཡིན་པ་དེའང་ཐ་དད་དུ་མྱོང་བས་དེ་ཐ་དད་ཅན་དུ་གྲུབ་པའི་ཕྱིར་རོ། །དེས་ན་གྲངས་ཅན་པ་ཆོས་ཅན། དངོས་པོ་རྣམས་ཐ་དད་དང་ཐ་དད་མིན་པའི་རྟེན་ནམ་སྒྲུབ་བྱེད་ཅི་སྟེ་མེད་པར་ཐལ། སྡུག་བསྔལ་དང་དཀར་སོགས་བློ་མ་འཁྲུལ་བ་ལ་ཐ་དད་དུ་སྣང་ཡང་ཐ་དད་མ་ཡིན་ལ་བློ་མྱོང་གཉིས་ནི་རང་རིག་ལ་ཐ་དད་མེད་པར་སྣང་ཡང་ཐ་དད་ཡིན་པའི་ཕྱིར། གལ་ཏེ་ཁྱོད་ལ་ཡང་སེམས་གཅིག་ལ་སེམས་བྱུང་དུ་མ་ཡོད་པས་བདེ་སོགས་གཅིག་གསལ་བར་སྣང་བ་ན་སེམས་བྱུང་གཞན་རྣམས་མི་སྣང་ཡང་མེད་པ་མ་ཡིན་པ་བཞིན་འདི་ཡང་ཡིན་ནོ་ཞེ་ན། སེམས་ཀྱི་འཁོར་དུ་བདེ་སོགས་གཅིག་དམིགས་པའི་ཚེ་ཉི་མའི་འོད་ཀྱིས་སྐར་མ་ཟིན་གྱིས་གནོན་པ་ལྟར་བདེ་སོགས་ཆེས་གསལ་བས་སེམས་བྱུང་གཞན་རྣམས་བསྒྲིབས་ནས་མི་མཐོང་ཡང་སེམས་ཀྱི་ཁྱད་པར་གྱི་རྒྱུན་གཞན་དག་ལ་སེམས་བྱུང་ཐ་དད་པ་དུ་མའི་རྣམ་གཞག་གྲུབ་པ་ཡིན་ཏེ། སེམས་ཡུལ་ལ་མངོན་པར་འདུ་བྱེད་པས་སེམས་པ་དང་དམིགས་པ་ལ་རྩེ་གཅིག་ཏུ་གཏད་པས་ཡིད་ལ་བྱེད་པ་སོགས་སེམས་བྱུང་གི་བྱ་བ་ཐ་དད་དུ་མ་ནི་མཐོང་བའི་ཕྱིར། དཔེར་ན་སྟོན་ཁའི་མར་ངོའི་ནམ་ཕྱེད་སྐར་མ་གསལ་བ་བཞིན་ནོ། །བློ་མྱོང་ལ་ནི་དེ་ལྟར་རྒྱུན་ལ་ཐ་དད་པ་ཡང་མ་མཐོང་བས་མི་མཚུངས་སོ། །ཀུན་ལས་བཏུས་སུ། རྣལ་འབྱོར་རྣམས་ཀྱིས་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང་། །ཞེས་པའི་རྣལ་འབྱོར་མངོན་སུམ་འཆད་དེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་རྣལ་འབྱོར་པའི་ཤེས་པ་ཡང་མངོན་སུམ་ཚད་མ་ཡིན་ནོ། །ཇི་ལྟ་བུ་ཞེ་ན། སྔར་ལེའུ་གཉིས་པར་བཤད་པའི་བདེན་བཞིའི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལྟ་བུའོ། །རྣལ་འབྱོར་པ་དེ་དག་གི་མངོན་སུམ་དེ་ཡང་ཡང་དག་པའི་དོན་བསྒོམས་པ་ལས་བྱུང་བའི་རྟོག་བྲལ་གྱི་ཤེས་པ་མ་འཁྲུལ་བ་ཡིན་ནོ། །ཇི་ལྟར་ན་རྟོག་བྲལ་ཡིན་ཞེ་ན། རྣལ་འབྱོར་མངོན་སུམ་ཆོས་ཅན། གསལ་བ་ཉིད་དུ་སྣང་བ་ཡིན་ཏེ། བསྒོམས་པའི་སྟོབས་ཀྱིས་རྟོག་པའི་དྲ་བ་རྣམ་པར་བསལ་བའི་ཕྱིར། བསྒོམས་པའི་སྟོབས་ལས་གསལ་བར་སྣང་བ་ཇི་ལྟ་བུ་ཞེ་ན། འདོད་ཆགས་དང་འཇིགས་པ་དང་མྱ་ངན་གྱིས་བརླབས་པ་དང་རྐུན་པོ་དང་རྨི་ལམ་དང་ལུས་བསྐོར་བ་སོགས་ཀྱིས་ཡིད་བསླད་པས་མདུན་ནས་གནས་པ་བཞིན་དུ་ཡང་དག་པ་མིན་པའི་དོན་གསལ་པོར་མཐོང་བར་འགྱུར་བ་ལྟ་བུའོ། །འོ་ན་གསལ་བར་སྣང་བ་ལ་རྟོག་མེད་ཇི་ལྟར་ཡིན་ཞེ་ན། གསལ་བར་སྣང་བ་རྟོག་མེད་ཡིན་ཏེ། རྣམ་པར་རྟོག་པ་དང་རྗེས་སུ་འབྲེལ་བའི་བློ་ནི་དོན་གསལ་བར་སྣང་བ་ཅན་མ་ཡིན་པའི་ཕྱིར། གལ་ཏེ་རྨི་ལམ་ན་གསལ་བར་སྣང་བ་ཡོད་ཀྱང་རྟོག་པའོ་ཞེ་ན། རྨི་ལམ་ན་ཡང་དྲན་པའི་རྟོག་པ་དེ་ཆོས་ཅན། གསལ་བར་སྣང་བ་མ་ཡིན་ཏེ། པདྨའི་ཚེ་གསལ་བ་སྣང་བ་དེ་འདྲའི་དོན་ལྡན་མིན་པར་མི་གསལ་ལ་འདྲེས་པར་དྲན་པའི་ཕྱིར། གལ་ཏེ་གྲུབ་པའི་མཐའ་ལས་ཡང་དག་མ་ཡིན་པའི་དོན་བསྒོམ་པས་གསལ་ལ་མི་རྟོག་པ་མེད་པར་བཤད་པ་མ་ཡིན་ནམ་འདིར་དེ་འདྲ་ཡོད་པར་བཤད་པ་ཁས་བླངས་འགལ་ལོ་ཞེ་ན། སྐྱོན་མེད་དེ་མི་གཙང་བ་རུས་གོང་ལ་སོགས་པའི་མི་སྡུག་པ་དང་། ཟད་པར་ས་ཆུ་ལ་སོགས་ཡང་དག་པ་མིན་པའི་དོན་ལ་བསྒོམ་པའི་སྟོབས་ཀྱིས་སྤྲུལ་ཞིང་བསྐྱེད་པའི་ཏིང་ངེ་འཛིན་ནི་རྟོག་མེད་དང་གསལ་བར་སྣང་བ་ཅན་དུ་གསུང་རབ་ལས་བཤད་པ་མཐོང་བའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་མི་རྟག་སོགས་ཡང་དག་དང་མི་གཙང་སོགས་ཡང་དག་མིན་པའི་དོན་གང་དང་གང་ཤིན་ཏུ་བསྒོམས་པ་གྱུར་པའི་གོམས་པ་ཡོངས་སུ་རྫོགས་པ་ན་བསྒོམ་བྱ་དེ་ལ་གསལ་ལ་མི་རྟོག་པ་བློ་འབྲས་ཅན་ཏེ་བསྐྱེད་དོ་ཞེས་མཇུག་སྡུད་དོ། །བསྒོམས་འབྲས་གསལ་བ་མི་རྟོག་པའི་བློ་དེ་ལ་ཆོས་ཅན། ཁྱོད་གང་ཡིན་རྣལ་འབྱོར་མངོན་སུམ་ཡིན་ཏེ། སྔར་ལེའུ་གཉིས་པར་བཤད་པའི་བདེན་བཞིའི་དེ་ཁོ་ཉིད་ཀྱི་དངོས་པོ་མངོན་སུམ་དུ་མཐོང་བའི་ཡེ་ཤེས་བཞིན་དུ་རྣལ་འབྱོར་པའི་བསླུ་བ་མེད་པ་ཅན་གྱི་ཡེ་ཤེས་གང་ཡིན་དེ་སྒོམ་བྱུང་མངོན་སུམ་ཚད་མར་འདོད་པའི་ཕྱིར། ལྷག་མ་ཟད་པར་སོགས་ནི་ཆོས་ཅན། བསླུ་བ་མེད་པ་ཅན་མ་ཡིན་ཏེ། ཉེ་བར་བསླད་པས་འཁྲུལ་པ་ཡིན་པའི་ཕྱིར་རོ། །ད་རྟོག་པའང་རང་རིག་ཉིད་དུ་འདོད། །དོན་ལ་མ་ཡིན་དེ་རྟོག་ཕྱིར། །ཞེས་པ་འཆད་པ་ནི། རྟོག་པའི་ཤེས་པ་གང་དང་གང་ཡིན་དེ་ནི་ཆོས་ཅན། སྣང་ཡུལ་དེ་ལ་ལྟོས་ཏེ་རྟོག་པ་ཡིན་ཏེ། དེ་ལ་ལྟོས་ཏེ་སྒྲ་དོན་ནམ་བརྡ་སྦྱར་ནས་འཛིན་པའི་ཤེས་པ་ཡིན་པའི་ཕྱིར། ཤེས་པ་ཀུན་ཆོས་ཅན། ཐུན་མོང་མ་ཡིན་པའི་རང་གི་ངོ་བོ་དེ་ལ་ལྟོས་ཏེ་མངོན་སུམ་ཡིན་ཏེ། དེ་ལ་ལྟོས་ཏེ་སྒྲ་དོན་མིན་པ་སྟེ་བརྡ་སྦྱར་བར་མི་ནུས་པའི་ཡུལ་མྱོང་བ་དེའི་ཕྱིར། ཀུན་ལས་བཏུས་སུ། འཁྲུལ་དང་ཀུན་རྫོབ་ཤེས་པ་དང་། །རྗེས་དཔག་རྗེས་སུ་དཔག་ལས་བྱུང་། །དྲན་དང་མངོན་འདོད་ཅེས་བྱའོ། །མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་གསུངས་པའི་མངོན་སུམ་ལྟར་སྣང་བསྡུ་ན་རྣམ་པ་བཞི་ཡིན་ཏེ། སྨིག་རྒྱུ་ལ་ཆུར་འཛིན་སོགས་འཁྲུལ་པའི་ཤེས་པ་དོན་གཞན་ལ་སྒྲོ་འདོགས་དང་། གྲངས་དང་སྤྱི་འཛིན་སོགས་ཀུན་རྫོབ་པའི་ཤེས་པ་བརྡ་བརྟེན་ཅན་དང་། ཚུལ་གསུམ་པའི་རྟགས་ཤེས་པ་རྗེས་དཔག་དང་རྟགས་ཅན་གྱི་བློ་རྗེས་དཔག་ལས་བྱུང་བ་དང་འདས་པའི་དོན་འཛིན་པ་དྲན་པ་དང་མ་འོངས་པའི་དོན་འཛིན་པར་འདོད་པ་དང་བཞི་ལྐོག་ཏུ་གྱུར་པའི་དོན་ཅན་ཞེས་གཅིག་ཏུ་བསྡུས་པས་རྟོག་པའི་ཤེས་པ་རྣམ་གསུམ་དང་། རབ་རིབ་བཅས་ཞེས་པའི་བསྟན་བྱ་རྟེན་དབང་པོ་བསླད་པ་ལས་བྱུང་བ་ཅན་གྱི་རྟོག་པ་མེད་པ་གཅིག་དང་དེ་རྣམས་ཡིན་ནོ། །དེ་ལྟར་སྤྱིར་བསྟན་ནས་སོ་སོར་སྟོན་པ་དེ། བརྡ་རྟེན་ཅན་དང་དོན་གཞན་ལ་སྒྲོ་འདོགས་པ་གཉིས་རྟོག་པ་མངོན་སུམ་ལྟར་སྣང་དུ་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། དབང་སྐྱེས་ཀྱི་ཤེས་པ་མིན་པར་གྲུབ་པའི་དོན་དུ་ཡིན་པའི་ཕྱིར། དེའི་རྒྱུ་མཚན་ཡང་ཁ་ཅིག་དེ་དག་དབང་ཤེས་སུ་འཁྲུལ་པ་མཐོང་བའི་ཕྱིར་ཏེ། དེ་དག་དབང་ཤེས་ཡིན་ཡང་འཁྲུལ་པས་མངོན་སུམ་ཡིན་པ་བཤད་པའི་དོན་དུ་རིགས་པ་ཅན་པས་མངོན་སུམ་གྱི་མཚན་ཉིད་སྟོན་པ་ན་དབང་པོ་དང་དོན་ཕྲད་པ་ལས་སྐྱེས་པའི་ཤེས་པ་འཁྲུལ་པ་མེད་པ་དང་ཞེན་པའི་བདག་ཉིད་ནི་མངོན་སུམ་མོ་ཞེས་འཁྲུལ་པ་མེད་པ་སྨོས་པའི་ཕྱིར་རོ། །རྗེས་དཔག་དང་རྗེས་དཔག་ལས་བྱུང་བ་སོགས་ལྐོག་ཏུ་གྱུར་པའི་དོན་ཅན་རྣམས་རྟོག་པར་གྲུབ་ཀྱང་རྟོག་པ་མངོན་སུམ་ལྟར་སྣང་དུ་བརྗོད་པ་ནི་ཆོས་ཅན། དགོས་པ་ཡོད་དེ། སྔ་མ་གཉིས་རྟོག་པ་ཉིད་དུ་སྒྲུབ་པའི་མཐུན་དཔེར་བསྟན་པའི་ཆེད་ཡིན་པའི་ཕྱིར་རོ། །

དེ་གཉིས་དབང་ཤེས་སུ་འཁྲུལ་པའི་རྒྱུ་གང་ཞེ་ན། བརྡ་རྟེན་ཅན་དང་དོན་གཞན་ལ་སྒྲོ་འདོགས་པའི་རྣམ་པར་རྟོག་པ་དག་ཆོས་ཅན། ཤེས་པ་ཕྲ་མོའི་རྣམ་དབྱེ་ལ་རྨོངས་པ་འགའ་ཡི་ཚེ་དབང་ཤེས་སུ་འཁྲུལ་པའི་རྒྱུ་ཡོད་པ་ཡིན་ཏེ། གཟུགས་དང་སྨིག་རྒྱུ་འཛིན་པའི་མངོན་སུམ་སོགས་ཀྱི་དབང་ཤེས་དང་ཡུལ་དུས་ཉེ་བར་འཇུག་པ་ཅན་ཉིད་ཀྱི་ཕྱིར། དཔེ་དོན་སྦྱར་བ་ནི། ཇི་ལྟར་ལྐོག་ཏུ་གྱུར་པའི་དོན་ཅན་དྲན་པ་དང་འདོད་པ་ལ་སོགས་པའི་རྟོག་པ་འདི་ཆོས་ཅན། མངོན་སུམ་གྱི་དོན་ལ་འཛིན་པར་མི་བྱེད་པས་དབང་ཤེས་མ་ཡིན་ཏེ་བརྡ་དྲན་ལ་ལྟོས་ནས་སྤྱི་འཛིན་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར། དེས་དེ་ལྟར་དུ་བུམ་པ་འདི་གྲངས་དང་སྤྱི་ལ་སོགས་པ་དག་འཛིན་པའི་བརྡ་རྟེན་ཅན་དང་དོན་གཞན་དང་ཡུལ་དུས་སྒྲོ་འདོགས་པའི་ཤེས་པ་དེ་ཡང་ནི་ཆོས་ཅན། དོན་མངོན་སུམ་དུ་འཛིན་པའི་དབང་ཤེས་ལས་ནི་ཡོངས་སུ་ཉམས་པར་འགྱུར་ཏེ། མངོན་སུམ་གྱིས་ཉམས་སུ་མྱོང་བའི་བརྡ་དྲན་པ་མེད་པར་ཁྱོད་སྐྱེ་བར་ཡོད་པ་མིན་པའི་ཕྱིར། དེས་རྟོག་པ་མངོན་སུམ་ལྟར་སྣང་བཤད་ནས་བསླད་པ་མངོན་སུམ་ལྟར་སྣང་སྟོན་པ་དེ། ཀུན་ལས་བཏུས་སུ། མངོན་སུམ་ལྟར་སྣང་སྟོན་པའི་སྐབས་འདིར་ནི་རབ་རིབ་བཅས་ཞེས་པའི་བསླད་པ་མངོན་སུམ་ལྟར་སྣང་དེ་རྟོག་པ་མངོན་སུམ་ལྟར་སྣང་ལས་ལོགས་སུ་སྟོན་པ་ཆོས་ཅན། དགོས་པ་ཡོད་དེ། སྔར་རྟོག་པ་དང་བྲལ་མངོན་སུམ་མོ་ཞེས་རྟོག་བྲལ་མངོན་སུམ་གྱི་མཚན་ཉིད་དུ་སྤྱིར་བསྟན་ནས་རྟོག་པ་དང་བྲལ་ཡང་འཁྲུལ་ན་མངོན་སུམ་མ་ཡིན་ནོ་ཞེས་དམིགས་ཀྱིས་བསལ་ཏེ་མ་འཁྲུལ་བ་མངོན་སུམ་གྱི་མཚན་ཉིད་ལྷག་མར་བསྟན་པའི་ཆེད་ཡིན་པའི་ཕྱིར། རབ་རིབ་བཅས་ཞེས་པའི་དམིགས་བསལ་གྱི་ཚིག་དེས་ནི་བདག་རྐྱེན་དབང་པོ་ལ་ཕྱི་ནང་གི་འཁྲུལ་པའི་རྐྱེན་གྱིས་ཉེ་བར་གནོད་པ་ལས་སྐྱེས་པའི་ཤེས་པ་ཀུན་ཆོས་ཅན། མངོན་སུམ་ལྟར་སྣང་ཡིན་ཏེ། འཁྲུལ་ཤེས་ཡིན་པའི་ཕྱིར་ཞེས་བརྗོད་པ་ཡིན་ནོ། །བསླད་པ་མངོན་སུམ་ལྟར་སྣང་དེ་ལ་འཁྲུལ་རྒྱུ་རབ་རིབ་ཙམ་འབའ་ཞིག་སྨོས་པ་ནི་བདག་རྐྱེན་དབང་པོ་ལ་ཉེ་བར་གནོད་པའི་ཕྱི་ནང་གི་འཁྲུལ་པའི་རྐྱེན་ཐམས་ཅད་མཚོན་པར་བྱེད་པ་ཡིན་གྱི་འཁྲུལ་རྒྱུ་རབ་རིབ་ཙམ་དུ་ཟད་པ་ནི་མ་ཡིན་ཏེ། གལ་ཏེ་རབ་རིབ་བཅས་ཞེས་རྟོག་བྲལ་མངོན་སུམ་གྱི་མཚན་ཉིད་དུ་སྤྱིར་བཏང་བའི་དམིགས་བསལ་དུ་མ་གཏོགས་པའི་ཀུན་བཏུས་ཀྱི་འགྲེལ་བྱེད་ཁ་ཅིག་ཟླ་བ་གཉིས་སྣང་གི་ཤེས་པ་དེ་ཡང་ཡིད་ཀྱི་རྟོག་པ་ཡིན་གྱི་དབང་ཤེས་ནི་མ་ཡིན་ནོ་ཞེས་ཟེར་རོ། །རབ་རིབ་ཅན་གྱི་མིག་དབང་དཀྲུགས་པའི་ཟླ་བ་གཉིས་སྣང་གི་ཤེས་པ་ཆོས་ཅན། དབང་པོ་སྟེ་མིག་ལ་སོགས་པ་ཡང་དམིགས་པ་ཉིད་དུ་ཐལ་བར་འགྱུར་ཏེ། དེ་དག་ཀྱང་དོན་དམ་པར་རྣམ་པ་གཞན་དུ་ཡོད་པའི་ཕྱིར་སྔོན་པོ་དང་ཟླ་བ་གཉིས་ལ་སོགས་པར་སྣང་བའི་བློའི་རྒྱུ་ཡིན་ནོ། །ཞེས་བྱ་བའི་ཀུན་བཏུས་སུ་རྩོད་སྒྲུབ་དགག་པའི་གཞུང་འདི་དང་ནི་ཁྱོད་ཡིད་རྟོག་དུ་དམ་བཅའ་བ་དེ་དག་འགལ་བར་ཐལ། དེ་འདྲའི་ལུང་ཁྱོད་དབང་པོ་གཟུགས་ཅན་ལས་དངོས་སུ་སྐྱེས་པར་དོན་མཐུན་དུ་བསྟན་ལ་ཡིད་རྟོག་དབང་པོ་གཟུགས་ཅན་ལས་དངོས་སུ་སྐྱེས་པར་དོན་མཐུན་དུ་བསྟན་མི་ནུས་པའི་ཕྱིར། ཟླ་བ་གཉིས་ཞེས་སོགས་ལུང་དང་འགལ་བར་མ་ཟད་འཆད་པར་འགྱུར་བའི་རིགས་པ་དང་ཡང་འགལ་ཞེས་པའོ། །གལ་ཏེ་དབང་པོ་གཟུགས་ཅན་དེ་ཡིད་རྟོག་གི་བརྒྱུད་པའི་རྒྱུ་ཡིན་པར་བཤད་ཀྱི་ཡིད་རྟོག་དེ་དབང་པོ་གཟུགས་ཅན་ལ་དངོས་སུ་བརྟེན་པར་བཤད་པ་མ་ཡིན་པས་སྐྱོན་མེད་ཅེ་ན། དེ་འདྲའི་ལུང་འདི་ལ་ཆོས་ཅན། དབང་པོ་གཟུགས་ཅན་དེ་ཡིད་ཀྱི་རྟོག་པའི་བརྒྱུད་པའི་རྒྱུ་ཡིན་པར་བསྟན་པའི་ནི་སྐབས་སུ་བབ་པ་ཇི་ལྟར་འགྱུར་བ་ཡིན་ཏེ་མ་ཡིན་པར་ཐལ། དབང་པོའི་ཤེས་པའི་སྤྱོད་ཡུལ་དམིགས་རྐྱེན་དག་ལ་དཔྱད་ནས་དགག་པ་སྟོན་པའི་གཞུང་ཡིན་པའི་ཕྱིར། གཞན་ཡང་དབང་ཤེས་སུ་འཇོག་པའི་རྟེན་སྟེ་མཚན་ཉིད་གང་ཡིན་དྲིས་པས། གལ་ཏེ་ཤེས་པ་གང་དབང་པོ་གཟུགས་ཅན་ཡོད་མེད་ཀྱི་རྗེས་སུ་འཇུག་ལྡོག་བྱེད་པ་ཅན་ནོ་ཞེ་ན། དེ་འདྲའི་འཇུག་ལྡོག་བྱེད་པ་དེ་ནི་ཟླ་བ་གཉིས་སྣང་ལ་ཡང་མཚུངས་པར་ཡོད་པས་དེ་དབང་ཤེས་ཡིན་པ་ཅིའི་ཕྱིར་འགོག །གལ་ཏེ་དེ་བོར་ནས་དབང་པོ་གཟུགས་ཅན་འགྱུར་རྗེས་སུ་འགྱུར་བ་དང་ལྡན་པ་དེའོ་ཞེ་ན། དེ་ཡང་ཟླ་བ་གཉིས་སྣང་འདི་ཉིད་ན་ཡོད་པས་འདི་དབང་ཤེས་ཡིན་པ་ཅིའི་ཕྱིར་འགོག །གཞན་ཡང་ཟླ་བ་གཉིས་སྣང་གི་ཤེས་པ་འདིར་ཡང་ཆོས་ཅན། ཐག་ཁྲ་ལ་སྦྲུལ་དང་སྨིག་རྒྱུ་ལ་ཆུ་སོགས་སུ་འཁྲུལ་པ་བཞིན་དུ་རབ་རིབ་ཀྱིས་བསླད་པའི་དབང་པོའི་འགྱུར་བ་ཡོད་ན་ཡང་ཡིད་རྟོག་གི་ཟླ་བ་གཉིས་མེད་པར་ངེས་པ་ཙམ་གྱིས་ཁྱོད་ལྡོག་པར་འགྱུར་བར་ཐལ། མིག་སྨན་བསྐུས་པ་ལ་སོགས་པའི་རྐྱེན་གྱིས་དབང་པོའི་བསླད་པ་ནི་ལོག་ཀྱང་ཁྱོད་ལྡོག་པར་མི་འགྱུར་བར་ཐལ། ཞིང་ན་སྦྲུལ་འདུག་གོ་ཞེས་བརྗོད་པ་ལས་ཀྱང་ཐག་ཁྲ་ལ་སྦྲུལ་འཛིན་སྐྱེ་བ་དེ་བཞིན་དུ་དུས་འགའ་ཞིག་ཚེ་ཟླ་བ་གཉིས་འདུག་གོ་ཞེས་བརྗོད་པ་དག་གིས་ཀྱང་གཞན་གྱི་རྒྱུད་ལ་རང་གི་རིགས་ཅན་འགའ་ཞིག་འཇོག་སྟེ་སྐྱེ་བར་ཐལ། ཡུལ་མཐོང་བ་བརྡ་དྲན་ལ་ལྟོས་པས་འགྱུར་བར་བྲལ་ཞིང་། ཡུལ་ཡོངས་སུ་གསལ་བར་སྣང་བར་མི་འགྱུར་བར་ཐལ། ཟླ་བ་གཉིས་འཛིན་ཡིད་རྟོག་ཡིན་པའི་ཕྱིར། གལ་ཏེ་ཟླ་བ་གཉིས་འཛིན་དེ་ཡིད་རྟོག་ཡིན་ཀྱང་ཡུལ་གསལ་བར་སྣང་བས་རྟོག་མེད་ཡིན་ནམ་སྙམ་པ་དགག་པའི་དོན་དུ་རབ་རིབ་བཅས་ཞེས་པའི་དམིགས་བསལ་སྨོས་ཤེ་ན། གཉིད་ལོག་པའམ་སད་པའི་གནས་སྐབས་ན་ཡུལ་གསལ་བར་སྣང་བ་ཅན་གྱི་བློ་གང་ཡིན་དེ་ནི་ཆོས་ཅན། རྟོག་མེད་ཡིན་ཏེ། ཡུལ་གསལ་བར་སྣང་བ་ཅན་ཡིན་པའི་ཕྱིར། དེ་གཉིས་ཀར་ཡང་རྟགས་དེ་ལྟར་མིན་པར་མི་གསལ་ལ་འདྲེས་པར་སྣང་བ་ཡིན་ན་རྟོག་པ་ཡིན་ནོ། །ཟླ་བ་གཉིས་སྣང་སོགས་རྟོག་མེད་འཁྲུལ་ཤེས་ཡོད་པ་དེའི་ཕྱིར་ཟླ་བ་གཉིས་སྣང་གི་ཤེས་པ་དེ་ཆོས་ཅན། རྟོག་མེད་ཡིན་ནའང་མངོན་སུམ་ཚད་མ་ཉིད་ཡིན་པ་ནི་བཀག་པ་ཡིན་ཏེ། རང་གིས་གཞལ་བ་ལྟར་གྱི་དོན་ལ་བསླུ་བའི་ཕྱིར། དེས་ན་ཟླ་བ་གཉིས་སྣང་སོགས་རྟོག་མེད་འཁྲུལ་ཤེས་རྟོག་མེད་ཡིན་ཡང་འཁྲུལ་པས་མངོན་སུམ་ལྟར་སྣང་ཡིན་ནོ་ཞེས་བསྟན་པ་དེའི་དོན་དུ་སློབ་དཔོན་གྱིས་མངོན་སུམ་ལྟར་སྣང་ལ་རྟོག་པ་མངོན་སུམ་ལྟར་སྣང་དང་བསླད་པ་མངོན་སུམ་ལྟར་སྣང་གཉིས་སུ་ཕྱེ་ནས་བཤད་པ་ཡིན་ནོ། །དེ་ལྟར་མངོན་སུམ་གྱི་མཚན་ཉིད་དབྱེ་བ་སྤྱོད་ཡུལ་དང་བཅས་པ་ལ་ལོག་པར་རྟོག་པ་བསལ་ནས། རང་གཞན་གྱི་སྡེ་པ་དག་ཚད་མ་དང་འབྲས་བུ་རྫས་ཐ་དད་དུ་འདོད་པ་བསལ་ཞིང་བཅོམ་ལྡན་འདས་ཀྱིས་བྱ་བ་དེ་ཉིད་བྱེད་པོར་བརྗོད་ཅེས་གསུངས་པ་དང་། ཚད་མའི་མདོར། བྱ་དང་བཅས་པ་རྟོག་པའི་ཕྱིར། །འབྲས་བུ་ཉིད་ཡིན་འཇལ་བྱེད་ལ། །ཚད་མ་ཉིད་དུ་འདོགས་པ་སྟེ། །བྱ་བ་མེད་པའང་མ་ཡིན་ནོ། །ཞེས་པ་རྣམས་འགྲེལ་བའི་ཕྱིར་དུ་ཚད་མ་དང་འབྲས་བུའི་རྣམ་པར་བཞག་པ་འཆད་དོ། །དེ་ལ་ཚད་མའི་འབྲས་བུ་གང་ཞེ་ན་གཞལ་བྱ་རྟོགས་པའོ། །དེ་ནི་ཤེས་པ་ཡིན་ལ་དེ་ཡང་འབྲས་བུར་འགྱུར་བའི་ཕྱིར་ད་ནི་ཚད་མ་གང་ཞེ་ན། ཤེས་པ་གང་གིས་བར་ཆད་མེད་པར་གཞལ་བྱ་རྟོགས་པར་འགྲུབ་པར་འགྱུར་བ་དེ་ཚད་མ་ཡིན་ལ་དེ་ཡང་ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་དོན་དུ་འདྲ་བ་ལས་རྫས་གཞན་དུ་མི་འཐད་དོ་ཞེས་བསྟན་པའི་ཕྱིར་དུ་བྱ་བ་བྱེད་པའམ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྣམ་གཞག་སྤྱིར་སྟོན་པ་དེ། ཤེས་བྱ་ཆོས་ཅན། བྱ་བ་ཡིན་པ་ཙམ་གྱིས་བྱེད་པ་ཀུན་གྱི་བསྐྱེད་བྱའམ་རྣམ་པར་བཞག་བྱ་སོགས་བསྒྲུབ་བྱ་ཐམས་ཅད་མ་ཡིན་ལ་སྒྲུབ་པར་བྱེད་པ་ཡིན་ཞེས་པ་ཙམ་གྱིས་ལས་ཏེ་བྱ་བ་ཀུན་གྱི་བསྐྱེད་བྱེད་རྣམ་པར་འཇོག་བྱེད་སོགས་སྒྲུབ་བྱེད་དག་ཐམས་ཅད་དུ་འགྱུར་བ་མ་ཡིན་ཏེ། བྱེད་པ་གང་ལས་འབྲས་བུ་བྱ་བ་གང་གི་འགྲུབ་པར་འགྱུར་བའི་བྱེད་པ་གང་ཡིན་དེ་ནི་བྱ་བ་དེའི་སྒྲུབ་བྱེད་དུ་འཐད་པ་ཡིན་པའི་ཕྱིར། སྤྱིར་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྣམ་གཞག་དེ་ལྟར་དུ་གནས་པ་དེ་ལ་སྒོ་ལྔའི་དབང་པོའི་ཤེས་པ་ནི་ཆོས་ཅན། བྱེད་པ་གང་གིས་རང་གི་ལས་ཏེ་ཡུལ་གཟུགས་སོགས་སོ་སོ་ལ་འདིས་ནི་གཟུགས་རྟོགས་སོ། །འདིས་ནི་སྒྲ་རྟོགས་སོ་ཞེས་སོགས་དོན་སོ་སོར་རྣམ་པར་འབྱེད་པའི་བྱེད་པའམ་ཚད་མ་ཤེས་པ་དེའི་རང་གི་བདག་ཉིད་དུ་འགྱུར་བ་ཞིག་བཙལ་དགོས་པ་ཡིན་ཏེ། ཡུལ་གཟུགས་སོགས་རྟོགས་པའི་ཤེས་པ་དོན་རྟོག་ཐ་དད་དུ་འཇིག་རྟེན་ན་གྲགས་པ་གང་ཞིག་ཤེས་པ་རང་ལས་དོན་གཞན་དུ་གྱུར་པའི་ཚད་མ་གཞན་གྱིས་དོན་རྟོགས་ཐ་དད་དུ་མི་འགྲུབ་པའི་ཕྱིར། ཡང་དེའི་བདག་ཉིད་ཡིན་ཀྱང་འཛིན་རྣམ་ཐ་དད་པ་ཙམ་གྱིས་དོན་རྟོགས་ཐ་དད་དུ་འབྱེད་ནུས་པ་མ་ཡིན་ཏེ། ཡུལ་གཟུགས་སོགས་ལ་ཉོན་མོངས་ཙམ་དུ་འདྲ་བའི་བདག་ཉིད་ཅན་ཡིན་པའི་ཕྱིར། གལ་ཏེ་དོན་འདྲ་བ་ལས་ཐ་དད་པའི་ཤེས་པ་དོན་རྟོགས་ཐ་དད་དུ་འབྱེད་མི་ནུས་པ་མ་གྲུབ་སྟེ་རྒྱུ་དབང་སོགས་ཀྱིས་ཀྱང་དོན་རྟོགས་ཐ་དད་དུ་འབྱེད་ནུས་སོ་ཞེ་ན། རྒྱུ་དབང་པོ་དང་དོན་དང་དེ་དག་གི་འབྲེལ་བ་དང་ཡིད་བྱེད་ལ་སོགས་པ་དག་ཆོས་ཅན། ཁྱེད་རྣམས་ལ་རང་བཞིན་ཐ་དད་ཀྱི་ཁྱད་པར་ཡོད་ཀྱང་དེ་ཙམ་གྱིས་ཐ་དད་ཅན་གྱི་ལས་ཏེ་ཡུལ་གཟུགས་སོགས་ཐ་དད་ལ་མྱོང་བ་ཙམ་དུ་ཐ་དད་མེད་པའི་སྒོ་ལྔའི་ཤེས་པ་འདི་དོན་རྟོགས་ཐ་དད་པར་ངེས་འབྱེད་མིན་ཏེ། ཤེས་པའི་བདག་ཉིད་དུ་འགྱུར་བ་མིན་པར་ཡུལ་གྱི་གཟུགས་སོགས་རྟོགས་པའི་དོན་རྟོགས་ཐ་དད་པ་རྣམས་ཀྱི་ཐུན་མོང་གི་རྒྱུ་ཡིན་པའི་ཕྱིར། དེས་ན་ཤེས་བྱ་ཆོས་ཅན། དོན་རྟོགས་པའི་ཤེས་པ་འདིའི་བདག་ཉིད་གང་གི་ཐ་དད་པ་གང་ལས་འདི་ནི་གཟུགས་རྟོགས་པའོ་འདི་ནི་སྒྲ་རྟོགས་པའོ། །ཞེས་བྱེད་པ་ནི་ལས་ཏེ་བྱ་བ་དོན་རྟོགས་ཐ་དད་དུ་ངེས་པ་ཞིག་ཁོ་ན་དོན་རྟོགས་དེའི་སྒྲུབ་བྱེད་ཅན་དུ་གྲུབ་སྟེ། ཡུལ་གཟུགས་སོགས་རྟོགས་པའི་དོན་རྟོགས་ཐ་དད་དུ་སྒྲུབ་བྱེད་ཡོད་པ་གང་ཞིག་ཤེས་པ་ལ་དོན་གཞན་པའི་རྒྱུ་དབང་སོགས་ཀྱིས་དོན་རྟོགས་ཐ་དད་དུ་སྒྲུབ་མི་ནུས་པ་དེའི་ཕྱིར། དེས་ན་ཤེས་བྱ་ཆོས་ཅན། འབྲས་བུ་གཞལ་བྱ་རྟོགས་པའི་དོན་རྟོག་སྒྲུབ་བྱེད་ཀྱི་ཚད་མ་ནི་གཞལ་བྱའི་རང་བཞིན་སྟེ་དོན་འདྲ་བ་ཉིད་ཡིན་ཏེ། དོན་རྟོགས་པའི་ཤེས་པ་འདི་ནི་དོན་གཟུགས་སོགས་དང་ཡུལ་ཡུལ་ཅན་དུ་འབྲེལ་བར་བྱེད་ན་དེ་དོན་གཟུགས་སོགས་ཀྱི་ངོ་བོ་སྟེ་རྣམ་པར་སྣང་བ་ལས་གཞན་དུ་འཐད་པ་མིན་པ་དེའི་ཕྱིར། གལ་ཏེ་རྒྱུ་དབང་སོགས་ཐ་དད་པས་བྱས་པའི་མྱོང་བའི་ཁྱད་པར་ལས་ཀྱང་དོན་རྟོགས་ཐ་དད་དུ་འབྱེད་ནུས་པ་མ་ཡིན་ནམ་ཅིའི་ཕྱིར་དོན་འདྲ་བ་ཁོ་ན་དོན་རྟོགས་པའི་ཚད་མར་བཞག་ཅེ་ན། རྒྱུ་དབང་སོགས་རྣམས་ཆོས་ཅན། ཁྱེད་རྣམས་གསལ་མི་གསལ་ཐ་དད་པའི་རྣམ་པ་འགས་ཤེས་པའི་རང་བཞིན་གསལ་མི་གསལ་ཐ་དད་པར་འབྱེད་ན་ཡང་དེ་ཙམ་གྱིས་དོན་རྟོགས་ཐ་དད་དུ་འབྱེད་ནུས་པ་མ་ཡིན་ཏེ། ཡུལ་གཟུགས་སོགས་རྟོགས་པའི་དོན་རྟོག་ཐ་དད་པ་རྣམས་ཀྱི་རྒྱུ་ཐུན་མོང་བ་ཡིན་པའི་ཕྱིར། གལ་ཏེ་དོན་རྟོགས་ཀྱི་སྒྲུབ་བྱེད་དོན་འདྲ་ལས་གཞན་ཡིན་གྱི་དོན་དང་འདྲ་བ་མེད་དོ་ཞེ་ན། སྒོ་ལྔའི་དབང་ཤེས་དེ་ནི་ཆོས་ཅན། དེ་ལས་སྟེ་ཁྱོད་ཡུལ་གཟུགས་སོགས་དང་ཡུལ་ཡུལ་ཅན་དུ་འབྲེལ་བ་མི་གྲུབ་པར་ཐལ། རང་ཉིད་ཡུལ་གཟུགས་སོགས་དང་འདྲ་བ་མེད་པ་གང་ཞིག་དེ་ལས་གཞན་པའི་ཡུལ་གཟུགས་སོགས་དང་། ཡུལ་ཡུལ་ཅན་དུ་འབྲེལ་བའི་སྒྲུབ་བྱེད་མེད་པའི་ཕྱིར། དེས་ན་ཤེས་བྱ་ཆོས་ཅན། འབྲས་བུ་དེ་ཚད་མ་ལས་དོན་གཞན་མིན་ཏེ། དོན་འདྲ་བ་དེ་ཡང་དོན་རྟོགས་པ་དེའི་བདག་ཉིད་ཡིན་པ་དེས་ནའི་ཕྱིར། གལ་ཏེ་བྱེད་པ་ཐམས་ཅད་ནི་བྱེད་པ་པོ་གཞན་གྱི་དབང་དུ་གྱུར་པ་དང་། རང་གི་བྱ་བ་དང་ལྡན་པ་དང་། གཙོ་བོར་གྱུར་པའི་བསྒྲུབ་བྱ་ལ་ཉེ་བར་སྦྱོར་བར་མཐོང་སྟེ། དཔེར་ན་ཤིང་དེ་སྐྱེས་བུས་བྱིན་གྱིསབརླབས་པས་གཞན་དབང་དུ་གྱུར་རང་ཉིད་འབར་བའི་བྱ་བ་དང་ལྡན། གཙོ་བོར་གྱུར་པ་ཆོས་པའི་བསྒྲུབ་བྱ་ལ་ཉེ་བར་སྦྱོར་བར་མཐོང་བ་བཞིན་ནོ། །དོན་འདྲ་བ་ལ་ནི་བྱེད་པའི་ཆོས་གསུམ་མེད་དེ་བྱེད་པ་པོ་འགའ་ཡང་མེད་པའི་ཕྱིར་རོ། །དེས་ན་དེ་ནི་དེའི་བྱེད་པར་མི་འཐད་དོ་ཞེ་ན། དོན་འདྲ་བ་ཆོས་ཅན། བྱེད་པའི་ཆོས་གསུམ་མེད་པས་དོན་རྟོགས་འཇོག་བྱེད་དུ་མི་རུང་བ་མ་ཡིན་པར་ཐལ། བྱེད་པའི་ཆོས་གསུམ་དང་ལྡན་པའི་ཕྱིར། རྟགས་གྲུབ་སྟེ། དེ་ཆོས་ཅན། བྱེད་པ་པོ་གཞན་གྱི་དབང་དུ་གྱུར་པ་ཡིན་ཏེ། བྱེད་པ་པོར་གྱུར་པའི་དོན་རྟོགས་ཐ་དད་པའི་ཤེས་པ་དེའི་བདག་ཉིད་ཡིན་པའི་ཕྱིར། རང་ཉིད་བྱ་བའི་ལས་དང་ལྡན་པ་ཡིན་ཏེ། ཤེས་པ་རང་གི་བདག་ཉིད་འཛིན་ཅིང་མྱོང་བའི་བྱ་བ་དང་ལྡན་པའི་ཕྱིར། གཙོ་བོར་གྱུར་པའི་བསྒྲུབ་བྱ་ལ་ཉེ་བར་སྦྱོར་བ་ཡིན་ཏེ། དོན་གཟུགས་སོགས་རྟོགས་པའི་བདག་ཉིད་ཀྱི་བྱེད་པ་སྟེ་བྱ་བ་དང་ལྡན་པའི་སྒོ་ནས་རང་གི་ལས་ཡུལ་གཟུགས་སོགས་ལ་བྱ་བ་བྱེད་པ་དང་བཅས་པ་ལྟ་བུར་སྣང་བའི་ཕྱིར། གལ་ཏེ་དོན་འདྲ་བ་དེ་དོན་རྟོགས་ལས་ཐ་དད་མ་ཡིན་ན་དེས་དེའི་བྱ་བ་ཇི་ལྟར་བྱེད་ཅེ་ན། དོན་འདྲ་བ་ཆོས་ཅན། ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་དོན་རྟོགས་ཀྱི་ཤེས་པ་བསྐྱེད་པར་བྱེད་པ་པོ་མིན་ན་ཡང་དེའི་བྱ་བ་བྱེད་པོར་བཞག་ཏུ་རུང་སྟེ། དེ་ཡི་སྟེ་ཁྱོད་ཀྱི་དབང་གིས་ཤེས་པས་དོན་རྟོགས་པ་དེར་བཞག་པའི་ཕྱིར། དཔེར་ན་འབྲས་་བུ་བུ་རྣམས་རྒྱུ་ཕ་རྣམས་ཀྱི་བདག་ཉིད་སྟེ་གཟུགས་དང་འདྲ་བར་འབྱུང་བའི་ཕྱིར་བུ་དེ་ཕའི་གཟུགས་འཛིན་པའི་བྱ་བ་དང་ལྡན་པའི་བདག་ཉིད་མ་ཡིན་ཡང་འཇིག་རྟེན་ན་འབྲས་བུ་བུ་རྒྱུ་ཕའི་གཟུགས་འཛིན་ནོ་ཞེས་བརྗོད་པ་བཞིན་ནོ། །དེ་ལྟར་རང་ལུགས་ཀྱི་ཚད་འབྲས་བདག་ཉིད་གཅིག་པར་བསྟན་ནས་ད་གཞན་དག་ཚད་འབྲས་རྫས་ཐ་དད་དུ་འདོད་པ་དགག་པ་དེ། དོན་འདྲ་བ་ལས་གཞན་དོན་རྟོགས་ཐ་དད་དུ་འཇོག་ནུས་མེད་པ་དེའི་ཕྱིར། ཤེས་བྱ་ཆོས་ཅན། མཐོང་བ་སྟེ་དོན་ལ་ལྟ་བའི་ཤེས་པ་དང་དབང་པོ་དང་དབང་དོན་འབྲེལ་བ་དང་སྤྱི་སོགས་འཛིན་པའི་ཁྱད་པར་གྱི་བློ་དེ་དག་དོན་རྟོགས་པའི་ཚད་མ་ཉིད་དུ་མི་འདོད་དོ་སྟེ་འདོད་པ་མི་རིགས་པར་ཐལ། དེ་དག་བྱ་བ་དོན་རྟོགས་པ་འཇོག་ནུས་གཞན་གྱིས་བར་ཆོད་པའི་ཕྱིར། གལ་ཏེ་བར་ཆོད་པ་དེ་ལྟ་ཡིན་ན་ཡང་བྱེད་པ་དབང་སོགས་ཐ་དད་པས་ཀྱང་དོན་རྟོགས་རྣམས་ལ་ཕན་པ་ཉེ་བར་སྦྱོར་བའི་ཕྱིར་དེ་དག་དོན་རྟོགས་པའི་ཚད་མར་འཐད་དོ་ཞེ་ན། བྱེད་པ་དབང་སོགས་རྣམས་ཆོས་ཅན། ཁྱེད་རྣམས་ཐམས་ཅད་ཀྱིས་བྱ་བ་དོན་རྟོགས་པ་ཕན་པ་ཉེ་བར་སྦྱོར་ན་ཡང་དེ་ཙམ་གྱིས་དོན་རྟོགས་པའི་ཚད་མར་འགྱུར་བ་མ་ཡིན་ཏེ། ཐ་མའི་སྟེ་བྱེད་པ་གཞན་གྱིས་བར་མ་ཆོད་པར་དོན་རྟོགས་ཐ་དད་དུ་འཇོག་བྱེད་གང་ཡིན་དེ་ཁོ་ན་དོན་རྟོགས་དེའི་འཇོག་བྱེད་ཀྱི་སྒྲུབ་བྱེད་དམ་པར་འདོད་པའི་ཕྱིར། དེས་དབང་སོགས་ཚད་མ་ཡིན་པ་སྤྱིར་དགག་ནས་། བྱེ་བྲག་ཏུ་སོ་སོར་དགག་པའི་ཕྱིར་བཤད་པ། རྒྱལ་དཔོག་པས་དབང་པོ་གཟུགས་ཅན་ཚད་མ་དེ་ལས་སྐྱེས་པའི་གཟུགས་སོགས་རྟོགས་པ་འབྲས་བུར་འདོད་པ་མི་རིགས་ཏེ། དབང་པོ་གཟུགས་ཅན་ཆོས་ཅན། ཁྱོད་ལ་སྟེ་ཁྱོད་དོན་རྟོགས་སོ་སོར་འཇོག་ནུས་འདི་འདྲ་བར་ཡོད་པ་མེད་པར་ཐལ། དོན་རྟོགས་པའི་ཤེས་པ་ཀུན་གྱི་མཚུངས་པ་སྟེ་ཐུན་མོང་གི་རྒྱུ་ཡིན་པའི་ཕྱིར། གལ་ཏེ་དོན་ཐ་དད་པ་ལྟ་བའི་དབང་པོ་ཐ་དད་པས་དོན་རྟོགས་ཐ་དད་དུ་འཇོག་ནུས་སོ་ཞེ་ན། མིག་གི་དབང་པོ་དེ་ཆོས་ཅན། སྔོ་སེར་སོགས་དོན་ཐ་དད་ལ་ལྟ་བའི་ཐ་དད་པའི་ཁྱད་པར་ཡོད་ཀྱང་དེ་ཙམ་གྱིས་དོན་འདྲ་བ་མེད་པར་སྔོ་སེར་སོགས་ལ་རིག་ཙམ་དུ་ཐ་དད་མེད་པའི་མིག་ཤེས་འདི་ནི་སྔོན་པོ་རྟོགས་པའོ་འདི་ནི་སེར་པོ་རྟོགས་པའོ་ཞེས་བྱ་བའི་དོན་རྟོགས་ཐ་དད་དུ་འཇོག་ནུས་དེ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། དོན་འདྲ་མེད་ན་སྔོ་སེར་སོགས་ལ་ལྟ་བའི་ཤེས་པའང་མེད་པའི་ཕྱིར། དབང་པོ་ཚད་མར་འདོད་པ་ལ་གནོད་བྱེད་བསྟན་པའི་རིགས་པ་འདིས་ནི་ལྷག་མ་དཔྱོད་པ་པས་དོན་ལ་ལྟ་བའི་ཤེས་པ་ཚད་མར་འདོད་པ་ལའང་གནོད་པ་བཤད་པ་ཡིན་ཏེ། ཤེས་བྱ་ཆོས་ཅན། དོན་འདྲ་བ་མེད་པར་དོན་ལ་ལྟ་བའི་ཤེས་པ་དོན་རྟོགས་པའི་ཚད་མར་འདོད་པའང་མི་རིགས་པར་ཐལ། དོན་འདྲ་བ་མེད་ན་དོན་ལ་ལྟ་བའི་ཤེས་པའང་མེད་པའི་ཕྱིར། གཞན་ཡང་བྱེ་བྲག་པ་དང་རིག་པ་ཅན་པས་ཁྱད་པར་སྤྱི་སོགས་འཛིན་པའི་བློ་ཚད་མ་ཁྱད་པར་ཅན་རྫས་འཛིན་གྱི་བློ་འབྲས་བུར་འདོད་པའང་མི་རིགས་ཏེ། སྤྱི་སོགས་འཛིན་པའི་ཁྱད་པར་གྱི་བློ་ཡང་ཆོས་ཅན། ཁྱད་པར་ཅན་རྫས་འཛིན་གྱི་བློ་ལས་ཐ་དད་དུ་མེད་པར་འགྱུར་བར་ཐལ། ཁྱོད་རང་ཡུལ་དེའི་དངོས་པོ་སྟེ་རྣམ་པ་ཤར་བ་མེད་པའི་བློ་ཡིན་པའི་ཕྱིར། བློ་གཞན་ཁྱད་པར་ཅན་རྫས་འཛིན་གྱི་བློ་དག་ཀྱང་ཆོས་ཅན། སྤྱི་སོགས་འཛིན་པའི་ཁྱད་པར་གྱི་བློ་ལ་ཐ་དད་དུ་མེད་པར་ཐལ། ཁྱད་པར་གྱི་བློ་དེ་བཞིན་དུ་རང་ཡུལ་གྱི་རྣམ་པ་ཤར་བ་མེད་པའི་བློ་ཡིན་པའི་ཕྱིར། གཉིས་ཀ་འདོད་ན་དེ་གཉིས་ཆོས་ཅན། ཚད་འབྲས་སུ་མི་རིགས་པར་ཐལ། ཐ་དད་མེད་པའི་ཕྱིར། བསྒྲུབ་བྱ་སྒྲུབ་བྱེད་དུ་ཡང་མི་རིགས་པར་ཐལ། ཡུལ་ཐ་དད་པའི་བློ་ཡིན་པའི་ཕྱིར། ཁྱབ་སྟེ། བསྒྲུབ་པར་བྱ་བ་དང་སྒྲུབ་བྱེད་གཉིས་ཡུལ་ཐ་དད་པའང་མི་འདོད་པའི་ཕྱིར། གལ་ཏེ་དེ་གཉིས་དོན་ནམ་ཡུལ་གཅིག་ཡིན་ན། སྤྱི་སོགས་འཛིན་པའི་ཁྱད་པར་གྱི་བློའི་ཡུལ་ཆོས་ཅན། གཉིས་པ་ཁྱད་པར་ཅན་གྱི་བློ་དེ་ཁྱོད་འཇལ་བྱེད་དུ་དོན་མེད་པར་ཐལ། ཁྱད་པར་གྱི་བློས་རྟོགས་ཟིན་བྱེད་པ་མ་ཉམས་པའི་ཕྱིར། དེ་གཉིས་ཀ་ཆོས་ཅན། ཁྱོད་གཉིས་རིམ་བཞིན་དུ་འབྱུང་བར་མེད་པར་འགྱུར་བར་ཐལ། གཟུང་དོན་གཅིག་ལས་དངོས་སུ་སྐྱེས་པའི་ཕྱིར། གལ་ཏེ་བློ་དེ་གཉིས་ཅིག་ཅར་དུ་འབྱུང་བར་འགྱུར་ན་དེའི་ཕྱིར་བསྐྱེད་བྱ་སྐྱེད་བྱེད་ཀྱི་བསྒྲུབ་བྱ་སྒྲུབ་བྱེད་དུ་མེད་པར་འགྱུར་རོ། །

གལ་ཏེ་ཁྱོད་ཀྱི་ལུགས་ལ་ཡང་འདྲ་བ་དོན་རྟོགས་གཉིས་ཤེས་པ་གཅིག་གི་ཆ་ཡིན་པས་ཅིག་ཅར་དུ་འབྱུང་ཞིང་ཐ་དད་མེད་པའི་ཕྱིར་བྱ་བྱེད་དུ་མི་རིགས་སོ་ཞེ་ན། ཤེས་པ་གཅིག་གི་ཆར་གྱུར་པའི་འདྲ་བ་དོན་རྟོགས་དག་ཆོས་ཅན། ཅིག་ཅར་དུ་འབྱུང་ཞིང་དོན་དམ་པར་ཐ་དད་མེད་ཀྱང་བསྒྲུབ་བྱ་སྒྲུབ་བྱེད་དུ་བཞག་ཏུ་རུང་སྟེ། ཤེས་པས་དོན་རྟོགས་པ་དེ་རྣམ་པར་བཞག་པ་ལ་བརྟེན་ནས་ཏེ་བཞག་པའི་ཕྱིར་དུ་ཁྱོད་གཉིས་རྣམ་པར་བཞག་འཇོག་གི་བསྒྲུབ་བྱ་སྒྲུབ་བྱེད་དུ་བཞག་པའི་ཕྱིར། གཞན་ཡང་བྱེ་བྲག་པས་དབང་དོན་འབྲེལ་བ་ཚད་མ་དེ་ལས་སྐྱེས་པའི་གཟུགས་སོགས་རྟོགས་པ་འབྲས་བུར་འདོད་པའང་མི་རིགས་ཏེ། བུམ་གཟུགས་འཛིན་པའི་མིག་གི་དབང་པོ་དེ་བུམ་གཟུགས་ཀྱི་བདག་ཉིད་དུ་གྱུར་པའི་བྱས་མི་རྟག་སོགས་ཀྱི་ཆོས་ཀུན་དང་འབྲེལ་བར་ཁྱད་པར་མེད་ན་ཡང་མིག་ཤེས་ཀྱིས་བུམ་གཟུགས་ཀྱི་ཆོས་འགའ་ཞིག་ཁོ་ན་རྟོགས་པར་འགྱུར་གྱི་ཐམས་ཅད་མི་རྟོགས་པའི་ཕྱིར། དེ་ལྟ་མ་ཡིན་ན་བུམ་གཟུགས་འཛིན་པའི་མིག་ཤེས་ཆོས་ཅན། བུམ་གཟུགས་ཀྱི་ཆོས་འགའ་ཞིག་རྟོགས་ལ་འགའ་ཞིག་མི་རྟོགས་པའི་ངེས་པ་དེར་མི་འགྱུར་བར་ཐལ། ཁྱོད་ཀྱི་དོན་རྟོགས་པའི་ཚད་མར་གྱུར་པའི་མིག་གི་དབང་པོ་དེ་བུམ་གཟུགས་ཀྱི་ཆོས་ཐམས་ཅད་དང་འབྲེལ་བ་བྱེ་བྲག་མེད་པའི་ཕྱིར། དེ་ནས་ཆོས་དེ་ཀུན་དང་འབྲེལ་བར་ཐ་དད་མེད་ཀྱང་བྱེད་པ་གང་ལས་དོན་རྟོགས་ཐ་དད་དུ་འགྱུར་བ་དེ་དོན་རྟོགས་འདིའི་ཚད་མ་ཉིད་ཡིན་ལ་དེ་ཡང་དོན་འདྲ་བ་ལས་གཞན་དུ་མི་འཐད་དོ་ཞེས་སྔར་བསྟན་ཟིན་ཏོ། །གལ་ཏེ་དོན་འདྲ་བ་མེད་པར་བདག་གི་ཡོན་ཏན་འདུས་བྱས་ལས་ཤེས་པ་རྣམས་དོན་རྟོགས་ཐ་དད་དུ་སྐྱེ་བས་དེས་དོན་རྟོགས་ཐ་དད་དུ་འཇོག་པར་ནུས་སོ་ཞེ་ན། ཤེས་བྱ་ཆོས་ཅན། དོན་འདྲ་བ་མེད་པར་དོན་རྟོགས་ཐ་དད་དུ་སྐྱེ་བྱེད་བདག་གི་ཡོན་ཏན་འདུས་བྱས་ལས་ཤེས་པ་རྣམས་དོན་རྟོགས་ཐ་དད་དུ་སྐྱེ་བ་མིན་པར་ཐལ། དེའི་དངོས་ཏེ་དོན་འདྲ་བ་མེད་ན་དོན་རྟོགས་སྐྱེད་བྱེད་ཀྱི་བདག་གི་ཡོན་ཏན་འདུས་བྱས་དེ་ཡང་བཞག་ཏུ་མེད་པའི་ཕྱིར། གལ་ཏེ་འདྲ་བ་དོན་རྟོགས་དེ་གཅིག་ཡིན་པས་བྱ་བྱེད་ཡིན་པ་ན་འགལ་ལོ་ཞེ་ན། དེ་གཉིས་ཆོས་ཅན། གཅིག་ཡིན་པར་མི་བདེན་ཏེ། ཐ་སྙད་དུ་ཆོས་ཏེ་ལྡོག་པ་ཐ་དད་པར་ཁས་ལེན་པའི་ཕྱིར། དངོས་སུ་སྟེ་དོན་དམ་པར་ཐ་དད་མེད་པར་འདོད་དེ། ཤེས་པ་གཅིག་གི་ཆ་ཡིན་པའི་ཕྱིར། དེས་ན་བྱ་བ་དང་བྱེད་པ་ཐ་སྙད་འདི་དག་ཐམས་ཅད་ནི་ཐ་སྙད་དུ་ལྡོག་པ་ཐ་དད་ལ་དོན་དམ་པར་ཐ་དད་མེད་པ་དེ་ལྟར་དུ་རྣམ་པར་གནས་པ་ཡིན་ནོ། །གལ་ཏེ་དེ་ཡང་མི་རིགས་ཏེ་འཇིག་རྟེན་ན་བྱ་བྱེད་ཀྱི་ཐ་སྙད་འགའ་ཞིག་དོན་དམ་པར་ཐ་དད་དུ་གནས་པ་མཐོང་སྟེ་ལྷ་སྦྱིན་འབྲས་འཚེད་པ་དང་སྟ་རེས་ཤིང་གཅོད་པ་བཞིན་ནོ་ཞེ་ན། བྱ་བྱེད་ཐ་དད་དུ་འདོད་པ་དངོས་པོ་ལྷ་སྦྱིན་འབྲས་འཚེད། སྟ་རེས་ཤིང་གཅོད་ཞེས་སོགས་ཆོས་ཅན། ལྷ་སྦྱིན་ལས་མ་གཏོགས་པའི་འབྲས་འཚེད་པ་དང་སྟ་རེ་ལས་མ་གཏོགས་པའི་ཤིང་གཅོད་པའི་བྱ་བ་དོན་གཞན་ཡོད་པ་མ་ཡིན་པར་ཐལ། ཐབ་འཛུག་པ་ལ་སོགས་པའི་བྱ་བ་ལྷ་སྦྱིན་གྱི་གནས་སྐབས་དང་འཕར་བ་དང་འབབ་པ་ལ་སོགས་ཤིང་ལ་འཇུག་པའི་བྱ་བ་སྟ་རེའི་གནས་སྐབས་ལ་ལྷ་སྦྱིན་དང་སྟ་རེ་ལས་དོན་གཞན་དུ་སྒྲོ་འདོགས་པའི་སྒོ་ནས་ལྷ་སྦྱིན་འབྲས་འཚེད་དོ་སྟ་རེས་ཤིང་གཅོད་དོ་ཞེས་བྱ་བྱེད་ཀྱི་ཐ་སྙད་འཇུག་པའི་ཕྱིར་རོ། །དེ་དག་གིས་ཕྱི་རོལ་གྱི་དོན་སྨྲ་བའི་ལུགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་བསྟན་ནས། ད་ནི་དེ་བཟློག་པའི་ཕྱིར་དང་རྣམ་པར་ཤེས་པ་སྨྲ་བའི་ལུགས་ཀྱི་ཚད་འབྲས་ཀྱི་ཚུལ་གཞན་དུ་རྣམ་པར་བཞག་པའི་ཕྱིར་དུ། མདོར། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་པ་འཆད་དེ། ཁྱེད་ཀྱི་འབྲས་བུར་འདོད་པའི་དོན་རིགས་པ་དེ་གང་ཡིན་དྲིས་པས་གཟུགས་སོགས་སོ་སོར་རིག་ཅིང་མངོན་སུམ་གྱིས་ཉམས་སུ་མྱོང་བ་གང་ཡིན་པ་འདི་ཉིད་དོ་ཞེ་ན། སོ་སོར་རིག་ཅིང་མྱོང་བའི་དོན་དུ་སྣང་བ་ལ་ཁོ་བོ་ཅག་བསྙོན་པ་ནི་མ་ཡིན་གྱི་དོན་དུ་སྣང་བའི་ཤེས་པ་དེ་ནི་རྒྱུ་མཚན་གང་གིས་ཕྱི་རོལ་གྱི་དོན་རིག་པར་འདོད་པ་ཡིན་དྲིས་པས། དོན་དེ་དང་འདྲ་བ་ལས་དོན་རྟོགས་སུ་འཇོག་པ་ཡིན་ཞེ་ན། དོན་དང་འདྲ་བ་ལས་དོན་རྟོགས་སུ་འཇོག་པ་འཁྲུལ་པར་འགྱུར་ཏེ། དཔེར་ན་སྨིག་རྒྱུ་ཆུ་འཛིན་གྱི་ཤེས་པ་ལ་ཆུའི་རྣམ་པ་སྣང་ཡང་ཆུ་མི་རྟོགས་པ་བཞིན་ནོ། །གལ་ཏེ་ཕྱི་རོལ་གྱི་དོན་མེད་པ་འོན་ཏེ་དོན་སྣང་གི་ཤེས་པ་འདིའི་མྱང་བྱ་དེ་གང་ལས་ཏེ་གང་ཞིག་ཡིན་ཞེ་ན། སྐབས་འདིར་ནི་ཤེས་པས་རང་ལས་དོན་གཞན་པའི་ཡུལ་མྱོང་བའི་ཚུལ་དེ་ཉིད་རིགས་པས་རྣམ་པར་དཔྱོད་པ་ཡིན་པས་དོན་དེ་ཉིད་ཁོ་བོ་ཅག་ལ་འདྲི་བ་ནི་མི་རིགས་སོ། །གཞན་ཡང་ཤེས་པ་དོན་དང་འདྲ་བ་ཡིན་ན། རྡུལ་ཕྲན་དང་འདྲའམ་རགས་པ་དང་འདྲ། དང་པོ་ལྟར་ན་རྡུལ་ཕྲན་དེ་དག་ཆོས་ཅན། རྒྱུ་མཚན་གང་གིས་ན་དོན་སྣང་གི་ཤེས་པ་དེ་རང་དང་འདྲ་བར་བསྐྱེད་བྱེད་ཡིན་ཏེ་མ་ཡིན་པར་ཐལ། དེ་རགས་པ་ཆ་ཤས་དང་བཅས་པར་སྣང་ལ་ཁྱོད་ཆ་ཤས་མེད་པ་ཡིན་པའི་ཕྱིར། གཉིས་པ་ཡང་མི་རིགས་ཏེ་རགས་པ་རྫས་སུ་མ་གྲུབ་པའི་ཕྱིར། དེས་ན་དོན་སྣང་གི་ཤེས་པ་དེ་ནི་ཆོས་ཅན། དོན་དངོས་ཏེ་དོན་དང་འདྲ་བ་མ་ཡིན་ཏེ། དོན་དང་ཕྲ་རགས་གང་དུ་ཡང་འདྲ་བ་མེད་པ་དེའི་ཕྱིར། གལ་ཏེ་དོན་དང་འདྲ་བ་ཡིན་ཡང་དེ་ཙམ་གྱིས་དོན་དེ་གཟུང་དོན་དུ་བྱས་ནས་མྱོང་བའི་ངོ་བོ་ཉིད་དུ་སྒྲུབ་པར་བྱེད་པར་ནུས་པ་མ་ཡིན་པར་ཐལ། དོན་འདྲ་བ་དེ་དོན་རྟོགས་ལ་ཁྱབ་པ་འཁྲུལ་པ་ཅན་ཡིན་པའི་ཕྱིར། གལ་ཏེ་དོན་དེ་དང་འདྲ་བ་དང་དོན་དེ་ལས་བྱུང་བ་གཉིས་ཀ་དོན་གཟུང་དོན་དུ་བྱས་ནས་མྱོང་བའི་མཚན་ཉིད་དུ་འདོད་པ་ཡིན་པས་སྨིག་རྒྱུ་ཆུ་འཛིན་གྱིས་འཁྲུལ་པའི་སྐྱོན་མེད་དོ་ཞེ་ན། དོན་ནམ་ཡུལ་སྔོན་པོར་མཚུངས་པ་ཅན་གྱི་སྔོ་འཛིན་རྣམ་པར་ཤེས་པ་སྐད་ཅིག་ཕྱི་མ་ཆོས་ཅན། རང་གི་མཚུངས་པ་དེ་མ་ཐག་རྐྱེན་དུ་གྱུར་པའི་སྔོ་འཛིན་ཤེས་པ་སྐད་ཅིག་སྔ་མ་དེ་གཟུང་དོན་དུ་བྱས་ནས་མྱོང་བར་འགྱུར་བར་ཐལ། དེ་ལས་བསྐྱེད་ཅིང་དེ་དང་འདྲ་བའི་ཕྱིར། གལ་ཏེ་ཡུལ་གཟུགས་སོགས་གང་ཞིག་མཐོང་ཞིང་ཐོས་པ་ལ་ཁོ་བོས་གཟུགས་འདི་མཐོང་ངོ་སྒྲ་འདི་ཐོས་སོ་ཞེས་བྱ་བར་ངེས་པའི་བློ་སྐྱེ་བའི་ཡུལ་དེ་དག་བློ་དེས་གཟུང་ཡུལ་དུ་བྱས་ནས་མྱོང་བ་ཡིན་པས་མཚུངས་པ་དེ་མ་ཐག་མྱོང་གྱུར་གྱི་སྐྱོན་མེད་དོ་ཞེ་ན། སྒྲ་སྣང་ཞིང་ཐོས་པ་དང་གཟུགས་མཐོང་བ་ལ་སོགས་པའི་དབང་ཤེས་དེ་དག་ཆོས་ཅན། རྒྱུ་མཚན་གང་གིས་ན་ཁྱོད་རྣམས་ཀྱི་རྗེས་སུ་སྐྱེས་པའི་ངེས་པ་དེ་ཁྱོད་རྣམས་ཀྱིས་གཟུགས་སོགས་འཛིན་པ་དེའི་སྒྲུབ་བྱེད་ཡིན་པར་འདོད་དེ་ཡིན་པ་མི་རིགས་པར་ཐལ། གཟུགས་སོགས་དང་ཁྱོད་རྣམས་གཟུང་དོན་དང་གཟུང་དོན་ཅན་དུ་ཉེ་བའི་འབྲེལ་བ་དེ་ཉིད་ཚད་མས་གྲུབ་མ་གྲུབ་དཔྱད་པར་བྱ་བ་ཡིན་པའི་ཕྱིར། ཁྱབ་སྟེ། གཟུགས་སོགས་དང་གཟུགས་སོགས་འཛིན་པའི་དབང་ཤེས་དེ་དག་གཟུང་དོན་དང་གཟུང་དོན་ཅན་དུ་འབྲེལ་བ་ལ་བརྟེན་ནས་ལྟ་བ་པོའི་རྒྱུད་ལ་ཁོ་བོས་གཟུགས་མཐོང་ངོ་སྒྲ་ཐོས་སོ་ཞེས་པའི་ངེས་པ་དེ་སྐྱེ་བ་ཡིན་པའི་ཕྱིར་རོ། །དེས་ན་དོན་སྣང་གི་ཤེས་པ་དེའི་མྱང་བྱ་དེ་ཤེས་པ་དེའི་བདག་ཉིད་དེ་ཡིན་ལ་ཤེས་པ་དེ་ཡང་མྱང་བྱ་དོན་གཞན་འགའ་ཞིག་གི་མྱོང་བྱེད་ནི་མིན་ནོ། །གལ་ཏེ་ཤེས་པ་དེ་ཤེས་པ་དོན་གཞན་གྱིས་མྱོང་བ་མ་ཡིན་ན་སྔོ་སོགས་དོན་དུ་སྣང་བ་ནི་ཤེས་པ་ཡིན་ལ་ཤེས་པ་དེས་མངོན་སུམ་དུ་སོ་སོར་རིག་བྱ་སྟེ་མྱོང་བ་དེ་ཡང་དེ་ཅི་ཞིག་ཡིན་ཞེ་ན། སྔོ་སོགས་སུ་སྣང་བའི་ཤེས་པ་ཆོས་ཅན། སྔོ་སོགས་སུ་སྣང་བ་ལ་གཞན་རིག་མ་ཡིན་ཏེ། སྔོ་སོགས་སུ་སྣང་བ་དེ་ནི་དེའི་སྟེ་རང་གི་བདག་ཉིད་ཡིན་པའི་ཕྱིར། དེའི་ཕྱིར་ཤེས་བྱ་ཆོས་ཅན། དོན་སྣང་གི་ཤེས་པ་དེའི་ཉམས་སུ་མྱོང་བྱ་དོན་གཞན་མེད་དེ། ཤེས་པ་ལས་མ་གཏོགས་པའི་ཕྱི་རོལ་གྱི་དོན་མེད་པ་དེས་ནའི་ཕྱིར། ཤེས་པ་དེ་ལའང་མྱོང་བར་བྱེད་པ་དོན་གཞན་ཡོད་པ་མ་ཡིན་ཏེ། ཤེས་པའི་གཟུང་འཛིན་བདེན་པར་ཡོད་པ་དེར་ཡང་ཕྱི་རོལ་གཟུང་འཛིན་བདེན་པ་བ་ལ་རྩོད་པའི་སྐྱོན་མཚུངས་པར་འཇུག་པའི་ཕྱིར། དེས་ན་དོན་སྣང་གི་ཤེས་པ་དེ་ནི་ཆོས་ཅན། རང་ཉིད་གསལ་ཞིང་རིག་པ་ཡིན་ཏེ། གཟུང་འཛིན་བདེན་པ་མེད་པའི་ཤེས་པ་ཡིན་པའི་ཕྱིར། གལ་ཏེ་སྔོ་སོགས་སུ་སྣང་བའི་ཤེས་པ་དེ་ཇི་ལྟར་ན་རང་ཉིད་གསལ་ཞིང་རིག་པ་ཡིན་ཞེ་ན། སྔོ་སོགས་དོན་དུ་སྣང་བའི་ཤེས་པ་དེ་ཆོས་ཅན། ཐ་སྙད་དུ་སྔོ་སོགས་དོན་དུ་སྣང་བ་ཡིན་ཡང་དོན་དམ་པར་རང་གི་རང་བཞིན་ཉམས་སུ་མྱོང་བའང་འགལ་བ་མེད་དེ། དོན་དམ་པར་རང་གི་ངོ་བོ་མྱོང་བར་འགྱུར་ཀྱང་ཐ་སྙད་དུ་སྔོ་སོགས་མྱོང་བར་སྣང་བ་ཡིན་པའི་ཕྱིར་ཏེ། རང་ལ་སྣང་བ་དེའི་དངོས་པོ་དེ་བག་ཆགས་ཀྱི་དབང་གིས་ཕྱི་རོལ་གྱི་སྔོ་སོགས་སུ་སྣང་བའི་ཕྱིར། གལ་ཏེ་ཤེས་པ་རྣམས་རང་གིས་རང་མི་རིག་སྟེ། རང་ལ་བྱེད་པ་འགལ་བའི་ཕྱིར་རོ། །དཔེར་ན་རལ་གྲིའི་སོས་རང་མི་གཅོད་པ་དང་། སོར་མོའི་རྩེས་རང་ལ་མི་རེག་པ་བཞིན་ནོ་ཞེ་ན། དཔེ་ཇི་ལྟར་སྒྲོན་མེའི་འོད་དེ་རང་ཉིད་གསལ་བ་དེའི་བདག་ཉིད་ཡིན་པའི་ཕྱིར། གསལ་བྱེད་གཞན་ལ་ལྟོས་པ་མེད་པར་རབ་ཏུ་གསལ་བ་ནི་རང་གི་ངོ་བོ་གསལ་བྱེད་དུ་འདོད་པ་དེ་ལྟར་དུ་དོན་སྣང་གི་བློ་ཆོས་ཅན། བྱ་བྱེད་ཐ་དད་པའི་ཚུལ་གྱིས་རང་ཉིད་གསལ་ཞིང་རིག་པ་མ་ཡིན་ཏེ། གསལ་བྱེད་གཞན་ལ་ལྟོས་པ་མེད་པའི་ཚུལ་གྱིས་བདག་ཉིད་གསལ་ཞིང་རིག་པ་ཅན་ཡིན་པའི་ཕྱིར། གལ་ཏེ་དོན་སྣང་གི་ཤེས་པ་དེའི་རིག་བྱ་རང་ལས་དོན་གཞན་ཡིན་ན། སྔོ་འཛིན་ཤེས་པ་ཆོས་ཅན། སྔོན་པོ་དང་ཚོར་བྱ་ཚོར་བྱེད་དུ་འཐད་པར་དཀའ་སྟེ་མྱོང་བྱ་མྱོང་བྱེད་དུ་མི་རིགས་པར་ཐལ། སྔོན་པོ་དང་འབྲེལ་མེད་དོན་གཞན་ཡིན་པའི་ཕྱིར། གལ་ཏེ་གཟུང་འཛིན་བདེན་པ་བ་མེད་ན་ཤེས་པ་ལ་གཟུང་འཛིན་ཐ་དད་དུ་སྣང་བ་མི་འཐད་དོ་ཞེ་ན། དོན་དམ་པར་གཟུང་འཛིན་བདེན་པ་བ་མེད་མོད་ཀྱི་ཐ་སྙད་དུ་མ་རིག་པས་བསླད་པའི་འཁྲུལ་པ་ལ་ཇི་ལྟར་སྣང་བ་ལྟར་དུ་རྣམ་གཞག་བྱས་པས་སྐྱོན་མེད་དོ་ཞེས་སྟོན་པ་དེ། དོན་སྣང་གི་ཤེས་པ་ཆོས་ཅན། དོན་དམ་པར་རིག་བྱ་རིག་བྱེད་སྟེ་གཟུང་འཛིན་གྱི་རྣམ་པ་བདེན་པ་བ་མེད་མོད་ཀྱི་དེ་ལྟ་ན་ཡང་གཟུང་འཛིན་ཐ་དད་དུ་མི་རིགས་སོ་ཞེ་ན། གཟུང་བ་དང་འཛིན་པའི་མཚན་ཉིད་དམ་རང་བཞིན་ཐ་དད་དུ་སྣང་བ་ལ་ནི་བརྩད་པར་བྱ་བ་ནི་མ་ཡིན་ཏེ། རྒྱུ་མཚན་གང་གི་ཚེ་གཟུང་འཛིན་ཐ་དད་དུ་རྣམ་པར་ཕྱེ་བའི་མཚན་ཉིད་དམ་རང་བཞིན་ཅན་དུ་མ་རིག་པའི་བག་ཆགས་ཀྱིས་རྣམ་པར་བསླད་པ་ཅན་གྱི་བྱིས་པ་རྣམས་ཀྱིས་ཇི་ལྟར་མ་རིག་པའི་འཁྲུལ་པའི་ཤེས་པས་མཐོང་བར་འགྱུར་བ་དེ་ལྟར་དུ་གཟུང་འཛིན་ཐ་དད་པ་འདི་ཡི་རྣམ་གཞག་བྱས་པ་དེ་ཚེ་སྟེ་དེའི་ཕྱིར། དཔེར་ན་རབ་རིབ་ཀྱིས་དཀྲུགས་པའི་སྐྲ་སོགས་སྣང་བའི་ཤེས་པ་ལ་གཟུང་འཛིན་རིག་པ་གསུམ་དུ་ཐ་དད་མེད་ཀྱང་སྣང་བ་བཞིན་ནོ། །རྣམ་རིག་པའི་ཚད་མའི་འབྲས་བུ་སྟོན་པ་ནི། ཤེས་པས་ཕྱི་རོལ་གྱི་དོན་རྟོགས་པ་མེད་པ་དེས་ན་དོན་སྣང་གི་ཤེས་པ་ཆོས་ཅན། རང་རིག་པ་ཚད་མའི་འབྲས་བུ་ཡིན་པར་འདོད་པར་རིགས་ཏེ། རང་ལས་དོན་གཞན་པའི་ཡུལ་རིག་པ་མེད་པའི་ཤེས་པ་ཡིན་པའི་ཕྱིར། གལ་ཏེ་ཤེས་པས་ཕྱི་རོལ་གྱི་དོན་མྱོང་བར་འགྱུར་ན་ཉེས་པ་ཅི་ཡོད། གང་གི་ན་དོན་རིགས་འགོག་ཅིང་རང་རིག་འབྲས་བུར་འཇོག་ཅེ་ན། ཁོ་བོ་ཅག་ལ་ཉེས་པ་ཅི་ཡང་མེད་མོད་འོན་ཀྱང་ཤེས་པས་དོན་རིག་པ་རིགས་པས་མི་འཐད་པའི་ཕྱིར་རང་རིག་འབྲས་བུར་སྨྲ་བ་ཡིན་ནོ། །གཞན་ཡང་ཤེས་པས་ཕྱི་རོལ་དོན་ནི་མྱོང་བར་འགྱུར་ཞེས་པའི་ཐ་སྙད་འདི་ཉིད་ཀྱིས་ནི་དོན་ཅི་ཞིག་བརྗོད་པར་འགྱུར་གང་གིས་ན་ཤེས་པས་དོན་རྟོགས་པ་ཡིན་དྲིས་པས། གལ་ཏེ་བློ་ནི་དོན་སྔོ་སོགས་དེའི་རྣམ་པ་ཅན་ཡིན་པའི་ཕྱིར་དོན་རྟོགས་པ་ཡིན་ནོ་ཞེ་ན། སྔོར་སྣང་དབང་ཤེས་ཆོས་ཅན། ཁྱོད་ལ་སྔོ་སོགས་དོན་གྱི་རྣམ་པ་རྗེས་སུ་ཞུགས་པ་ཅན་དེ་ཡོད་མོད་དེ་ཙམ་གྱིས་སྔོ་སོགས་ཁྱོད་ཀྱིས་གཟུང་དོན་དུ་ཡོད་པར་མི་འགྱུར་བར་ཐལ། རང་ལ་སྔོ་སོགས་སུ་སྣང་བ་དེ་ནི་ཕྱི་རོལ་གྱི་སྔོ་སོགས་ལས་སྐྱེས་པའམ་གཞན་ནང་གི་སྔོར་སྣང་གི་བག་ཆགས་སད་པ་ལ་སྐྱེས་ཞེས་པ་འདི་ནི་དཔྱད་པར་རིགས་པ་ཡིན་པའི་ཕྱིར། དེ་དག་གི་ཤེས་པ་ལ་དངོས་སུ་སྣང་བ་ལས་མ་གཏོགས་པའི་ཕྱི་རོལ་གྱི་དོན་ཡོད་པ་བཀག་ནས་ཤེས་པ་ལ་དངོས་སུ་སྣང་བའི་ཕྱི་རོལ་གྱི་དོན་ཡིན་པ་འགོག་པ་དེ། སྔོར་སྣང་དབང་ཤེས་ལ་སྔོན་པོར་སྣང་བ་ཆོས་ཅན། རང་ཉིད་མཐོང་བའི་ཤེས་པ་རང་གི་བདག་ཉིད་ཡིན་ཏེ། རང་ཉིད་མཐོང་བའི་དབང་ཤེས་ཁྱད་པར་དམིགས་པ་དང་བྲལ་བ་ན་ཁྱོད་མི་འཛིན་ཅིང་དེ་འཛིན་ན་ཁྱོད་འཛིན་པའི་ཕྱིར། དེས་ན་སྔོར་སྣང་དབང་ཤེས་ཆོས་ཅན། ཕྱི་རོལ་ཡན་གར་བར་རང་གི་གཟུང་དོན་དུ་ཡོད་པ་མ་ཡིན་ཏེ། རང་ལ་སྣང་བ་ཤེས་པ་རང་གི་བདག་ཉིད་ཡིན་ཞིང་རང་ལ་སྣང་བ་ལས་མ་གཏོགས་པའི་ཕྱི་རོལ་གྱི་དོན་མེད་པའི་ཕྱིར། གལ་ཏེ་དབང་ཤེས་རྣམས་ལ་དབང་ཡིད་ལས་མ་གཏོགས་པའི་རྒྱུ་ཕྱི་རོལ་གྱི་དོན་མེད་ན་དབང་ཤེས་རྣམས་རེས་འགའ་སྐྱེ་བར་འགལ་ལོ་ཞེ་ན། དབང་ཤེས་རེས་འགའ་སྐྱེ་བའི་སྐབས་འདིར་ཆོས་ཅན། ཕྱི་རོལ་གཟུང་དོན་དུ་ཡོད་པ་ལ་ལྟོས་པའི་དབང་གིས་དབང་ཤེས་རྣམས་རེས་འགའ་སྐྱེ་བ་མ་ཡིན་ཏེ། ཤེས་པ་སྔ་མ་འགའ་ཞིག་ནི་ཤེས་པ་ཕྱི་མ་འགའ་ཞིག་གི་བག་ཆགས་རབ་ཏུ་སད་བྱེད་ཡིན་པ་དེའི་ཕྱིར་བློ་རྣམས་ནི་རེས་འགའ་སྐྱེ་བར་རྣམ་པར་ངེས་པའི་ཕྱིར། དེས་ན་ཕྱི་རོལ་གྱི་དོན་མེད་པར་ཤེས་པ་རང་ཉིད་གཟུང་བར་སྣང་བ་དེའི་ཕྱིར། ཤེས་པ་གཅིག་ལ་གཟུང་འཛིན་གྱི་ཚུལ་གཉིས་སུ་ཡོད་དོ། །དེ་ཉིད་འཆད་པ་དེ། སྔོ་སོགས་དོན་དུ་སྣང་བའི་ཤེས་པ་འདི་ཆོས་ཅན། ཁྱོད་གཟུང་བ་དང་འཛིན་པའི་ཚུལ་ལམ་རྣམ་པ་གཉིས་པ་ཅན་ཡིན་ཏེ། གང་གི་ཕྱིར་གཟུང་འཛིན་གྱི་ཚུལ་གཉིས་དེ་ལྟར་མྱོང་བ་དང་དུས་ཕྱིས་དྲན་པས་གྲུབ་པའི་ཕྱིར། དེས་ན་ཤེས་པ་རང་ཉིད་མྱོང་བ་རང་རིག་བྱའི་ཆ་ཉིད་ནི་འབྲས་བུ་རང་མྱོང་བྱེད་འཛིན་པའི་རྣམ་པར་སྣང་བ་གཞལ་བྱར་འགྱུར་བ་ཡིན་ནོ། །དེ་ལྟར་ན་ཕྱི་རོལ་གྱི་དོན་མེད་པར་རང་རིག་པ་འབྲས་བུ་ཡིན་པར་མ་ཟད་ཕྱི་རོལ་གྱི་དོན་ཡོད་ཀྱང་དོན་ལ་ཤེས་པར་རང་རིག་པ་ཉིད་དུ་འཐད་དོ་ཞེས་སྟོན་པ་དེ། སྔོ་སོགས་དོན་དུ་སྣང་བའི་རྣམ་རིག་དེ་ནི་ཆོས་ཅན། ཤེས་པ་རང་ཉིད་འདོད་པའམ་མི་འདོད་པའི་རྣམ་པ་དེ་ལྟར་དུ་མྱོང་བ་ཡིན་ཏེ། རྒྱུ་མཚན་གང་གི་ཚེ་རང་གི་རྒྱུར་གྱུར་པའི་ཡུལ་གཞན་ཕྱི་རོལ་གྱི་དོན་གཅིག་འདོད་པའམ་མི་འདོད་པའི་རྣམ་པ་དེའི་དངོས་པོར་མ་གྲུབ་ཅིང་དོན་གཅིག་འདོད་པའམ་མི་འདོད་པའི་རྣམ་པར་སྣང་བ་གྲུབ་པའི་ཕྱིར། དོན་དམ་པར་ཕྱི་རོལ་གྱི་དོན་མ་གྲུབ་ཀྱང་ཐ་སྙད་དུ་ཤེས་པས་དོན་རིག་པ་འཐད་དེ། གང་གི་ཚེ་དོན་དམ་པར་ཕྱི་རོལ་དོན་མེད་པར་ཤེས་པ་རང་གི་གཟུང་རྣམ་གྱི་ཕྱི་རོལ་གྱི་དོན་དུ་བཞག་པའི་ཕྱིར་ཐ་སྙད་དུ་ཤེས་པ་ཡུལ་དང་བཅས་པ་ཡིན་པ་དེའི་ཚེ་དོན་སྣང་ཤེས་པ་ཆོས་ཅན། ཐ་སྙད་དུ་དོན་རིག་པ་འཐད་དེ། རང་གི་བདག་ཉིད་དུ་གྱུར་པའི་ཉམས་སུ་མྱོང་བར་བྱ་བའི་གཟུང་རྣམ་གང་ཡིན་པ་དེ་ཉིད་རྗེས་ཀྱི་དྲན་ཤེས་ཀྱི་ཕྱི་རོལ་གྱི་དོན་དུ་རྣམ་པར་ངེས་ཤིང་ཐ་སྙད་འདོགས་པ་ཡིན་པའི་ཕྱིར། ཐ་སྙད་དུ་ཤེས་པས་ཕྱི་རོལ་གྱི་དོན་རིག་ཀྱང་དོན་མ་ཤེས་པ་རང་རིག་པ་ཡིན་ཏེ། གང་གི་ཕྱིར་གལ་ཏེ་དོན་སྣང་གི་ཤེས་པ་འདི་བདག་ཉིད་འདོད་པའི་རྣམ་པ་དང་རྣམ་པ་གཞན་དུ་མི་འདོད་པའི་རྣམ་པར་མྱོང་བར་གྱུར་པ་ན་འདོད་པའམ་མི་འདོད་པ་དེ་ཙམ་གྱིས་ཀྱང་འདོད་པའམ་མི་འདོད་པའི་དོན་རིག་པར་འགྱུར་བ་ཡིན་པའི་ཕྱིར། ཕྱི་རོལ་གྱི་དོན་སྨྲ་བ་རྣམས་རྣམ་རིག་གི་ཚུལ་ལ་རིམ་གྱིས་དྲང་པའི་ཕྱིར་དུ་ཕྱི་རོལ་གྱི་དོན་ལ་འབྲས་བུའི་རྟོག་པ་གསུམ་པ་བསྟན་པའི་ཕྱིར་དུ། མདོར་ན། དེའི་ངོ་བོ་ལས་དོན་ངེས། །ཡུལ་གྱི་སྣང་བ་དེའི་དེའི། །ཚད་མ་དེ་ཡིས་འཇལ་བར་བྱེད། །ཅེས་པ་འཆད་དེ། དོན་སྣང་གི་དབང་ཤེས་ཆོས་ཅན། ཕྱི་རོལ་དོན་ནི་གཞལ་བྱར་ཡོད་ན་ཡང་རྣམ་པ་མེད་པར་རང་གི་ངོ་བོས་ཕྱི་རོལ་རྟོགས་པ་མ་ཡིན་ཏེ། ཇི་ལྟར་ཉམས་སུ་མྱོང་ཉིད་དེ་ཤེས་པ་རང་རིག་པ་ཇི་ལྟ་བ་དེ་བཞིན་དུ་ངེས་པའི་བདག་ཉིད་ཕྱི་རོལ་གྱི་དོན་རྟོགས་པར་བཞག་པའི་ཕྱིར། དེ་ལྟ་མ་ཡིན་པར་རང་གི་ངོ་བོས་ཕྱི་རོལ་རྟོགས་པ་ཡིན་ན་སྐྱེས་བུ་གཅིག་གི་གཟུགས་ཆོས་ཅན། འདོད་པའམ་མི་འདོད་པ་དུ་མའི་བདག་ཉིད་ཡིན་པར་ཐལ། དགྲ་གཉེན་གཉིས་ཀྱི་མིག་ཤེས་མ་འཁྲུལ་བ་གཉིས་ཀྱིས་འདོད་པའམ་མི་འདོད་པ་གཉིས་སྣང་ཞིང་རིག་པའི་ཕྱིར་ཞེས་པའི་སྐྱོན་ཡོད་དོ། །གལ་ཏེ་དེ་གཉིས་སུ་ཁས་བླངས་པས་འདོད་ན། ཡང་དེ་ཆོས་ཅན། དགྲ་གཉེན་གཉིས་ཀྱི་མིག་ཤེས་མ་འཁྲུལ་པ་གཉིས་པོ་དག་གིས་འདོད་པའམ་མི་འདོད་པ་ཐ་དད་པ་རེ་རེ་ནི་མྱོང་བར་གཉིས་གཉིས་སུ་མྱོང་བར་ཐལ། དེ་གཉིས་ཀྱིས་རྣམ་མེད་རྗེན་ཆར་རྟོགས་པ་གང་ཞིག་འདོད་པའམ་མི་འདོད་པ་གཉིས་སུ་དོན་ལ་གནས་པའི་ཕྱིར། གལ་ཏེ་མ་མཐོང་བ་ཆོས་དང་ཆོས་མིན་གྱི་ལས་ཀྱི་རེ་རེ་བསྒྲིབས་པའི་ཕྱིར་གཉིས་གཉིས་སུ་མཐོང་བ་མིན་ཞེ་ན། དེའི་ཕྱིར་ན། དེ་ལ་དགྲ་གཉེན་གཉིས་ཀྱིས་ལྟ་བའི་མིག་ཤེས་མ་འཁྲུལ་བ་ཆོས་ཅན། རྣམ་པ་མེད་པར་དོན་གྱི་དབང་གིས་སྐྱེས་བུ་གཅིག་གི་གཟུགས་དེ་ཇི་ལྟ་བ་བཞིན་དུ་རྟོགས་པར་མི་འགྱུར་བར་ཐལ་ལོ། །ཡང་མ་མཐོང་བའི་ཆོས་དང་ཆོས་མིན་གྱི་ལས་དེ་ཆོས་ཅན། ཇི་ལྟར་ན་དབང་ཤེས་ཀྱི་དོན་མཐོང་བར་བྱེད་པར་འགྱུར་བ་ཡིན་ཏེ་མ་ཡིན་པར་ཐལ། འདོད་པའམ་མི་འདོད་པ་དུ་མའི་བདག་ཉིད་དུ་གནས་པའི་དངོས་པོ་གཅིག་པུ་དེ་ལ་དབང་ཤེས་ཀྱིས་འདོད་པའམ་མི་འདོད་པ་གཅིག་གི་བདག་ཉིད་དུ་མཐོང་བར་བྱེད་པ་ཡིན་པའི་ཕྱིར། གལ་ཏེ་ཡུལ་གཅིག་ལ་འདོད་པ་དང་མི་འདོད་པ་གཉིས་ཀྱི་རྣམ་པར་སྣང་བ་དེ་ཡིད་བློ་རྟོགས་པ་ཡིན་གྱི་དོན་བློ་དབང་ཤེས་མིན་པས་དབང་ཤེས་ཀྱི་ཡུལ་ལ་དཔྱོད་པ་ན་ཡིད་ཤེས་རྟོགས་པའི་འཇུག་ཚུལ་དཔྱོད་པ་མ་འབྲེལ་ལོ་ཞེ་ན། ཤེས་བྱ་ཆོས་ཅན། དབང་ཤེས་ལ་ཡང་ཡུལ་གཅིག་འདོད་པ་དང་མི་འདོད་པ་གཉིས་སུ་སྣང་བ་མེད་པ་མ་ཡིན་པར་ཐལ། དབང་པོའི་སེམས་དེ་ལའང་སྔར་ལན་ཅིག་མ་ཡིན་པར་ཡིད་དུ་འོང་བའི་རྣམ་པར་མྱོང་བའི་དོན་དེ་འཆི་ལྟས་དང་ནད་ཀྱིས་ཐེབས་པ་ལ་སོགས་པའི་གནས་སྐབས་སུ་ཡིད་དུ་འོང་བར་མཚམས་སྦྱོར་བ་མེད་པར་ཡིད་དུ་མི་འོང་བར་མཐོང་བ་ཡིན་པའི་ཕྱིར། ཤེས་པས་ཕྱི་རོལ་གྱི་དོན་ཇི་ལྟ་བ་བཞིན་མི་རྟོགས་པ་དེའི་ཕྱིར་དོན་སྣང་གི་ཤེས་པ་ཆོས་ཅན། ཕྱི་རོལ་གཞལ་བྱར་བྱས་པ་ལའང་དོན་དམ་པར་རང་ཉིད་ཉམས་སུ་མྱོང་བ་འབྲས་བུ་ཡིན་པར་རིགས་པར་ཐལ། གང་གི་ཕྱིར་ཇི་ལྟར་ན་ཤེས་པ་འདི་འདོད་པ་དང་མི་འདོད་པའི་རང་བཞིན་ཏེ་རྣམ་པར་སྣང་བ་དེ་ལྟར་དུ་ཕྱི་རོལ་གྱི་དོན་ནི་འདོད་པ་དང་མི་འདོད་པའི་རྣམ་པར་ངེས་པ་སྟེ་འཇོག་པའི་ཕྱིར། གལ་ཏེ་ཕྱི་རོལ་གཞལ་བྱ་ལ་རང་རིག་འབྲས་བུ་ཡིན་ན་འཛིན་རྣམ་ཚད་མར་འགྱུར་རོ་ཞེ་ན། ཕྱི་རོལ་གཞལ་བྱར་བྱས་པ་དེའི་ཚེ་ཆོས་ཅན། སྔོ་སོགས་དོན་དུ་སྣང་བའི་གཟུང་རྣམ་འདི་ཉིད་ནི་དོན་རིག་དེའི་ཚད་མ་ཡིན་ཏེ། གང་གི་ཕྱིར་ཇི་ལྟར་ན་དོན་གྱི་བདག་སྟེ་རྣམ་པ་འདོད་པ་དང་མི་འདོད་པ་དེ་ཤེས་པ་ལ་གནས་པ་སྟེ་སྣང་བ་དེ་ལྟ་བུར་ཕྱི་རོལ་གྱི་དོན་འདི་ནི་འདོད་པ་དང་མི་འདོད་པ་དེ་ལྟར་དུ་གནས་སོ་ཞེས་ངེས་པ་སྟེ་འཇོག་པར་བྱེད་པའི་ཕྱིར། འཛིན་པའི་བདག་སྟེ་རྣམ་པ་ཆོས་ཅན། ཤེས་པ་ཀུན་ལ་ཁྱོད་ཡོད་དུ་ཟིན་ཀྱང་ནི་ཕྱི་རོལ་གཞལ་བྱར་བྱས་པ་ལ་ལྟོས་པར་བྱ་བའི་ཚད་མ་མིན་ཏེ། ཁྱོད་ཀྱི་བྱེད་པ་འཇུག་པའི་ཡུལ་རང་ལས་དོན་གཞན་མིན་པའི་ཕྱིར། དེས་ན་དོན་གྱི་རྣམ་པ་སྣང་བའི་སྒོ་ནས་དོན་རྟོགས་པར་འཇོག་པའི་དོན་སྣང་གི་ཤེས་པ་རྣམས་དོན་ལ་རང་གི་བདག་ཉིད་རིག་པ་ཡིན་ནོ། །དེའི་ཕྱིར་དོན་སྣང་གི་ཤེས་པ་ཆོས་ཅན། དོན་གྱི་རྣམ་པ་སྣང་བ་དེ་ཉིད་ཀྱི་སྒོ་ནས་དོན་རིག་པར་འདོད་པ་ཡིན་ཏེ། རྒྱུ་མཚན་འདི་ལྟར་དོན་གྱི་རྣམ་པ་མེད་པར་དོན་གྱི་བདག་ཉིད་སྣང་བ་མ་ཡིན་ལ་དོན་རིག་པ་ནི་ཡིན་པའི་ཕྱིར། དེས་ན་ཤེས་བྱ་ཆོས་ཅན། རང་རིག་པའི་རང་བཞིན་དུ་གྱུར་པའི་དོན་རིག་དེའི་སྒྲུབ་བྱེད་ཀྱི་ཚད་མ་དེ་བློ་ལ་གནས་པའི་དོན་ཏེ་གཟུང་རྣམ་ཡིན་ལ་གཟུང་རྣམ་དེའི་རྣམ་པར་བཞག་པར་བྱ་བ་ཡང་རང་རིག་པའི་རང་བཞིན་དུ་གྱུར་པའི་དོན་རིག་དེ་ཡིན་ཏེ། གང་གི་ཕྱིར་ཇི་ལྟར་ན་ཤེས་པ་ལ་འདོད་མི་འདོད་དུ་གནས་པ་སྟེ་སྣང་བ་དེ་ལྟར་དུ་ཕྱི་རོལ་གྱི་དོན་དེ་ནི་འདོད་པ་དང་མི་འདོད་པ་དེར་རབ་གསལ་སྟེ་རྟོགས་པར་འཇོག་པའི་ཕྱིར། གལ་ཏེ་ཕྱི་རོལ་གཞལ་བྱ་ལ་རང་རིག་འབྲས་བུ་ཡིན་ན་ཚད་འབྲས་ཀྱི་རྣམ་གཞག་འདིར་དོན་རིག་འབྲས་བུར་བཤད་པ་འགལ་ལོ་ཞེ་ན། ཕྱི་རོལ་གཞལ་བྱར་བྱས་པའི་ཚེ་ན་ཆོས་ཅན། རང་རིག་འབྲས་བུར་བཤད་པ་དང་དོན་རིག་འབྲས་བུར་བཤད་པ་མི་འགལ་ཏེ། རྗེས་ཀྱི་དྲན་ཤེས་ཀྱི་དོན་སྣང་གི་ཤེས་པ་རྣམས་དོན་ལ་རང་རིག་ཡིན་ཡང་ཐ་སྙད་དུ་དོན་རིག་དུ་འདོད་པའི་ཕྱིར་ཏེ། ཤེས་པའི་དོན་དམ་ཡུལ་དུ་འཇོག་པར་བྱེད་པའི་ཤེས་པ་རང་ལ་སྣང་བའི་དོན་དེ་ཤེས་པ་དེའི་བདག་ཉིད་ཡིན་པའི་ཕྱིར། དོན་སྣང་གི་ཤེས་པ་ཆོས་ཅན། ཕྱི་རོལ་གཞལ་བྱར་བྱས་པའི་ཚེ་ཚད་འབྲས་ཡུལ་ཐ་དད་པའང་མིན་ཏེ། རང་ལ་སྣང་བའི་དོན་དེ་ཉིད་ཚད་མའི་བྱེད་པ་འཇུག་པའི་ཡུལ་ཡིན་ལ་དེ་ཉིད་རིག་པའང་འབྲས་བུ་ཡིན་པ་དེའི་ཕྱིར། འོ་ན་ཇི་ལྟར་ན་རང་རིག་འབྲས་བུར་བཤད་ཅེ་ན། ཕྱི་རོལ་གཞལ་བྱ་ལ་རང་རིག་འབྲས་བུ་ཡིན་པར་བཤད་པ་ཆོས་ཅན། ཐ་སྙད་ཀྱི་དབང་དུ་བྱས་པ་མ་ཡིན་ཏེ། དོན་རིག་གི་རང་གི་ངོ་བོ་རིགས་པས་དཔྱོད་པའི་དབང་དུ་བྱས་པ་ཡིན་པའི་ཕྱིར་ཏེ། ཐ་སྙད་དུ་དོན་རིག་ཏུ་འདོད་པའི་ཤེས་པ་རྣམས་རང་རིག་དེའི་བདག་ཉིད་ཡིན་པའི་ཕྱིར། དེ་དག་གིས་གཞན་གྱི་ངོར་ཕྱི་རོལ་གྱི་དོན་ཁས་བླངས་ནས་འབྲས་བུའི་རྟོག་པ་གསུམ་པ་བཤད་ནས། ད་རྣམ་རིག་ཙམ་གྱི་ཚུལ་ལ་འཇུག་པར་བཞེད་ནས་ཤེས་པས་ཕྱི་རོལ་གྱི་དོན་དངོས་སུ་མི་རིགས་པར་དོན་གྱི་རྣམ་པ་སྣང་བའི་སྒོ་ནས་དོན་རྟོགས་པར་འདོད་པའི་མདོ་སྡེ་པ་ལ་སྐྱོན་བསྟན་པའི་བཤད་པ་དེ། གལ་ཏེ་རྣམ་པ་དང་བཅས་པའི་ཕྱོགས་ལ་ཤེས་པ་རང་གི་དངོས་སུ་ཕྱི་རོལ་གྱི་དོན་རྟོགས་པ་མ་ཡིན་གྱི་རྣམ་པར་སྣང་བའི་སྒོ་ནས་དོན་རྟོགས་པ་འདོད་ན། འོ་ན་ཕྱི་རོལ་དོན་དུ་སྨྲ་བ་ལ་འདྲ་བ་བསྐྱེད་བྱེད་གཞལ་བྱར་འདོད་པ་མི་རིགས་པར་འགྱུར་གྱི་འོན་ཀྱང་དོན་སྣང་གི་དབང་པོའི་ཤེས་པ་ཆོས་ཅན། ཕྱི་རོལ་དེ་དང་འདྲ་བའམ་འདྲ་བ་ལས་གཞན་མི་འདྲར་ཡང་རུང་སྔོ་སོགས་གཟུང་བའི་རྣམ་པ་དང་དེ་སོགས་འཛིན་པའི་རྣམ་པ། དེ་ལྟར་སྣང་བའི་རྒྱུ་ནི་ཕྱི་རོལ་གྱི་དོན་ཡང་ཡིན་པ་ཙམ་གྱི་སྒོ་ནས་ཕྱི་རོལ་གྱི་དོན་ནི་གཞལ་བྱ་ཉིད་དུ་འདོད་དགོས་པར་ཐལ། ཕྱི་རོལ་གྱི་དོན་དང་འདྲ་བ་སྐྱེས་པའི་སྒོ་ནས་དེ་གཞལ་བྱར་འདོད་པ་གང་ཞིག་ཕྱི་རོལ་གྱི་དོན་དང་འདྲ་བ་མ་གྲུབ་པའི་ཕྱིར། ཕྱི་མ་དེར་ཐལ། ཕྱི་རོལ་གྱི་དོན་ནི་ཚད་མ་གང་གིས་ཀྱང་མ་རྟོགས་པའི་ཕྱིར། ཕྱི་རོལ་གྱི་དོན་དུ་སྨྲ་བས་རྒྱུ་ཡིན་པ་ཙམ་གྱིས་གཞལ་བྱར་འདོད་ན་ཧ་ཅང་ཐལ་ཆེས་པར་མཐོང་ནས་ཟུར་ན་གནས་པའི་རྒོལ་བ་འགའ་ཞིག་ན་རེ། དོན་སྣང་གི་ཤེས་པ་དེ་ཆོས་ཅན། ཇི་ལྟར་ཕྱི་རོལ་གྱི་དོན་འཛིན་ཏེ་མི་འཛིན་པར་ཐལ། ཇི་ལྟར་རྣམ་པ་འགའ་ཞིག་ལྟར་རྒྱུ་རྐྱེན་འགའ་ཞིག་ལས་དོན་དང་དངོས་ཏེ་འདྲ་བ་མེད་པར་སྣང་བ་ཅན་ཡིན་པའི་ཕྱིར་ཞེ་ན། ཐལ་བ་དེ་ལྟར་བརྗོད་པ་བདེན་མོད་དོན་དང་འདྲ་བ་མེད་པར་དོན་རྟོགས་པར་འདོད་པ་དེ་རྣམ་རིག་པ་ངས་ཀྱང་མི་ཤེས་སོ། །གལ་ཏེ་ཕྱི་རོལ་གྱི་དོན་མེད་ན་ཤེས་པ་གཅིག་ཉིད་ལ་ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་ཇི་ལྟར་འཐད་ཅེ་ན། དོན་དམ་པར་ཤེས་པ་གཅིག་ཉིད་ལ་ཚད་འབྲས་གཞལ་གསུམ་དུ་མེད་ཀྱང་ཐ་སྙད་དུ་མ་རིག་པའི་རྗེས་སུ་འགྲོ་བའི་བློ་འཁྲུལ་པ་ལ་ཇི་ལྟར་སྣང་བ་བཞིན་དུ་རྣམ་གཞག་བྱས་སོ་ཞེས་སྟོན་པའི་ཕྱིར་དུ། མདོར། གང་ཚེ་སྣང་བ་དེ་གཞལ་བྱ། །ཚད་མ་དང་དེའི་འབྲས་བུ་ནི། །འཛིན་རྣམ་རིག་པའོ་དེའི་ཕྱིར། །དེ་གསུམ་ཐ་དད་དུ་མ་བྱས། །ཞེས་པ་འགྲེལ་པ་དེ། དོན་དམ་པར་བློ་གཅིག་གི་བདག་ཉིད་ལ་གཟུང་འཛིན་རིག་པ་གསུམ་དུ་རྣམ་པར་དབྱེད་མེད་ཀྱང་མ་རིག་པའི་རྗེས་སུ་འགྲོ་བའི་མཐོང་བ་ཕྱིན་ཅི་ལོག་པ་རྣམས་ཀྱིས་གཟུང་བ་དང་འཛིན་པར་མྱོང་བ་སྟེ་རིག་པ་དང་ཐ་དད་དང་ལྡན་པ་བཞིན་དུ་རྟོག་པར་འགྱུར་ཏེ། དཔེར་ན། སྒྱུ་མའི་སྔགས་དང་སྨན་སོགས་ཀྱིས་དབང་པོ་བསླད་པ་རྣམས་ལ་འཇིམ་དུམ་ལ་སོགས་སྒྱུ་མའི་རྫས་རྣམས་རྟ་གླང་ལ་སོགས་པ་དེའི་གཟུགས་དང་བྲལ་བ་ཡང་འཇིམ་དུམ་ལ་སོགས་ལས་རྣམ་པ་གཞན་དུ་རྟ་གླང་ལ་སོགས་སུ་སྣང་བ་བཞིན་ནོ། །གལ་ཏེ་སྔགས་དང་སྨན་སོགས་ཀྱི་ནུས་པས་འཇིམ་དུམ་ལ་སོགས་རྟ་གླང་སོགས་སུ་སྐྱེས་པ་དེར་མཐོང་བས་དཔེ་མ་གྲུབ་བོ་ཞེ་ན། དེ་ལྟར་ཡང་མ་ཡིན་ཏེ། འཇིམ་དུམ་ལ་སོགས་པ་དེ་དག་སྔགས་དང་སྨན་སོགས་ཀྱིས་མ་བསླད་པའི་མིག་ཅན་གྱི་སྐྱེས་བུས་རྟ་གླང་ལ་སོགས་པ་དེ་ལྟར་དུ་མཐོང་བ་མེད་པའི་ཕྱིར་རོ། །སྔགས་དང་སྨན་སོགས་ཀྱི་ནུས་པས་དེར་སྐྱེས་སུ་ཆུག་ཀྱང་བླ་སྟེ་འཁྲུལ་གཞི་མེད་པའི་དཔེ་གསལ་པོ་གཞན་ཡང་ཡོད་དེ། དཔེར་ན་རྩ་ཤིང་མེད་པའི་མྱ་ངམ་གྱི་ཐང་ན་ཐག་རིང་པོའི་ཆུང་ངུའི་འཇིམ་དུམ་ལ་སོགས་པ་ཡང་ཆེན་པོ་རིའི་ཚད་ཙམ་ལ་སོགས་པར་སྣང་བ་བཞིན་ནོ། །དེས་ན་གཟུང་བ་འཛིན་པ་རིག་པ་གསུམ་པོ་དག་དོན་དམ་པར་ཐ་དད་དུ་ཡོད་པ་མིན་ཡང་གཟུང་རྣམ་གཞལ་བྱ་འཛིན་རྣམ་འཇལ་བྱེད་རང་རིག་འབྲས་བུ་གནས་པའི་ཐ་སྙད་འདི་ཆོས་ཅན། དེ་ཁོ་ན་ཉིད་ཇི་ལྟ་བའི་དབང་དུ་བྱས་པ་མ་ཡིན་ཏེ། མ་རིག་པའི་རྗེས་སུ་འགྲོ་བའི་འཁྲུལ་པ་ལ་ཇི་ལྟར་རྗེས་སུ་སྣང་བ་བཞིན་དུ་བྱས་པའི་ཕྱིར། གལ་ཏེ་ཤེས་པ་གཅིག་ལ་གཟུང་འཛིན་རིག་པ་གསུམ་དུ་འཁྲུལ་པ་ལ་ཇི་ལྟར་སྣང་བ་བཞིན་དུ་རྣམ་གཞག་བྱས་པ་དེ་ལྟ་མིན་པར་དོན་དམ་པར་ཐ་དད་དུ་གྲུབ་ན། གཟུང་འཛིན་རིག་པ་སྣ་ཚོགས་ཀྱི་ངོ་བོར་སྣང་བ་ཅན་གྱི་དངོས་པོ་དོན་སྣང་གི་བློ་གཅིག་ཆོས་ཅན། རང་ལ་ཇི་ལྟར་སྣང་བ་ལྟར་གྱི་གཟུང་འཛིན་རིག་པ་གསུམ་གྱི་རྣམ་པ་ཇི་ལྟར་བདེན་པར་འགྱུར་ཏེ་མི་འགྱུར་བར་ཐལ། དེར་བདེན་ན་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་གཅིག་ཡིན་པ་ཉིད་དེ་ཉམས་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་གཟུང་འཛིན་རིག་པ་གསུམ་དུ་སྣང་བ་དེ་ཤེས་པ་གཅིག་གི་ཆར་བདེན་ན། ཤེས་བྱ་ཆོས་ཅན། རྫས་གཞན་དང་གཞན་དུ་གྱུར་པའི་ཚོར་བ་བདེ་སྡུག་ལ་སོགས་པ་འདི་ལ་ཡང་རྫས་གཞན་ཉིད་ཡིན་པ་ཉམས་ནས་རྫས་ཐ་དད་དུ་མི་འགྲུབ་པར་ཐལ། དེའི་ཕྱིར་རོ། །གཞན་ཡང་ཤེས་པ་གཅིག་ལ་གཟུང་འཛིན་རིག་པ་གསུམ་དུ་སྣང་བ་ཆོས་ཅན། གཅིག་ཏུ་བདེན་པ་མ་ཡིན་པར་ཐལ། བློ་མ་འཁྲུལ་བས་གཅིག་གི་རང་བཞིན་དུ་མཐོང་བ་མེད་པའི་ཕྱིར་ཁྱབ་སྟེ། བློ་མ་འཁྲུལ་བས་དངོས་པོ་རྣམས་ཐ་དད་མེད་པར་གཅིག་ཏུ་མཐོང་བ་ཡིན་ན་ཐ་དད་མེད་པར་གཅིག་ཏུ་ངེས་པར་འགྱུར་བའི་ཕྱིར། དེས་ན་ཤེས་པ་གཅིག་ལ་གཟུང་འཛིན་རིག་པ་གསུམ་དུ་སྣང་བའི་དངོས་པོ་དེ་དག་ཆོས་ཅན། རིགས་པ་གང་གིས་རྣམ་པར་དཔྱད་ན་དེ་ཁོ་ན་ཉིད་དུ་ན་བདེན་པ་དེའི་དངོས་པོར་མེད་དེ། གང་གི་ཕྱིར་ན་ཁྱོད་ལ་གཅིག་དང་དུ་མའི་རང་བཞིན་གང་ཡང་བདེན་པར་མེད་པའི་ཕྱིར། གལ་ཏེ་བདེན་རྫུན་ཆོས་མཐུན་པ་ཉིད་དུ་མཐོང་བ་ལ་སོགས་དེའི་བདག་ཉིད་མིན་པ་ལ་དེའི་བདག་ཉིད་དུ་ཞེན་པས་འཇིག་རྟེན་པ་དག་གི་འཁྲུལ་པ་སྐྱེ་བར་མཐོང་སྟེ། དཔེར་ན་ཉ་ཕྱིས་དང་དངུལ་གཉིས་དཀར་བར་ཆོས་མཐུན་པས་ཉ་ཕྱིས་ལ་དངུལ་དུ་སྒྲོ་བཏགས་པའི་བློ་སྐྱེ་བ་བཞིན་ནོ། །རྣམ་རིག་པ་འདི་ལ་ནི་གཟུང་འཛིན་བདེན་རྫུན་ཆོས་མཐུན་པར་མཐོང་བ་དེ་མེད་དེ་འགྲོ་བ་འདི་ལ་གཟུང་འཛིན་བདེན་པ་དེའི་བདག་ཉིད་གཅིག་ཀྱང་མཐོང་བ་མེད་པའི་ཕྱིར་རོ། །དེས་ན་གཟུང་འཛིན་ཐ་དད་དུ་འཁྲུལ་པ་སྐྱེ་བ་མི་འཐད་དོ་ཞེ་ན། བདེན་རྫུན་ཆོས་མཐུན་པར་མཐོང་བ་ལ་ལྟོས་པའི་རྟོག་བཅས་ཀྱི་འཁྲུལ་པ་འདིའང་ཡོད་པ་ཡིན་མོད་འཁྲུལ་པ་ཐམས་ཅད་དེ་ཙམ་དུ་མ་ཟད་དོ། །ནང་གི་མ་རིག་པའི་བག་ཆགས་ཀྱིས་བསླད་པ་ལས་བྱུང་བའི་གཟུང་འཛིན་ཐ་དད་དུ་སྣང་བའི་བློ་གང་ཡིན་དེ་ནི་ཆོས་ཅན། བདེན་རྫུན་ཆོས་མཐུན་པར་མཐོང་བ་དང་གཟུང་འཛིན་ཐ་དད་དུ་སྒྲོ་འདོགས་པ་ཡོད་པ་ཅན་ཉིད་ལ་ལྟོས་ནས་གཟུང་འཛིན་ཐ་དད་དུ་འཁྲུལ་པ་སྐྱེ་དགོས་པ་མེད་པར་ཐལ། ནང་གི་ཉེས་པ་མ་རིག་པའི་བག་ཆགས་ལས་བྱུང་བའི་རྒྱུ་མཚན་གྱིས་རང་གི་རང་བཞིན་གྲུབ་ཙམ་གྱིས་ནི་ཕྱིན་ཅི་ལོག་གཟུང་འཛིན་ཐ་དད་དུ་སྣང་བ་ཅན་ཡིན་པའི་ཕྱིར། དཔེར་ན་རབ་རིབ་ལ་སོགས་པས་དཀྲུགས་པའི་ཟླ་བ་གཉིས་དང་སྐྲ་སོགས་སུ་སྣང་བའི་ཤེས་པ་རྣམས་ཟླ་གཉིས་དང་སྐྲ་སོགས་སུ་བདེན་རྫུན་ཆོས་མཐུན་པར་མཐོང་བ་ལ་མ་ལྟོས་པར་རང་གྲུབ་ཙམ་གྱིས་འཁྲུལ་པར་སྐྱེ་བ་བཞིན་ནོ། །དོན་དམ་པར་ཤེས་པ་གཅིག་ལ་གཟུང་འཛིན་རིག་པ་གསུམ་དུ་མེད་ཀྱང་ཐ་སྙད་དུ་འཁྲུལ་པ་ལ་ཇི་ལྟར་སྣང་བ་ལྟར་གྱི་ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་བྱེད་པ་དེ་ལ་བློ་རང་གི་ངོ་བོ་ནི་ཡོངས་སུ་གཅོད་པར་བྱེད་པའི་འཛིན་པའི་རྣམ་པར་འདོད་པ་དེ་ཆོས་ཅན། བདག་ཉིད་གསལ་ཞིང་རིག་པ་ཡིན་ཏེ། གསལ་ཞིང་རིག་པ་དེའི་བདག་ཉིད་ཡིན་པའི་ཕྱིར། དེའི་ཕྱིར་ན་དེ་ཆོས་ཅན། རང་རིག་པ་དེའི་སྒྲུབ་བྱེད་ཀྱི་ཚད་མ་ཡིན་ཏེ་ཤེས་པ་ཀུན་ལ་ཁྱོད་རྒྱུ་མཚན་དུ་བྱས་ནས་རང་རིག་གི་ཐ་སྙད་འཇུག་པའི་ཕྱིར། དེས་ན་ཕྱི་རོལ་གྱི་དོན་མེད་ཀྱང་ཤེས་པ་རང་གི་བདག་ཉིད་ལ་ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་སྦྱར་དུ་རུང་བར་གཞན་ལ་གྲགས་པའི་དཔེས་གསལ་བར་སྟོན་པ་དེ། དཔེར་ན་ཕྱི་རོལ་དོན་སྨྲ་བ་ལ་འདོད་ཆགས་ལ་སོགས་པའི་སེམས་དང་སེམས་བྱུང་ཉམས་སུ་མྱོང་བའི་རང་རིག་ཚད་མ་ལ་ཤེས་པ་རང་གི་བདག་ཉིད་ཡུལ་དུ་བཞག་པ་ན་ཚད་འབྲས་གཞལ་གསུམ་གྱི་རྣམ་གཞག་བྱེད་པ་དེ་བཞིན་དུ་ཤེས་པ་རང་གི་བདག་ཉིད་ལ་གཞལ་བྱ་འཇལ་བྱེད་འབྲས་བུར་གནས་པའི་ཐ་སྙད་འདི་ནི་རྣམ་རིག་པའི་ལུགས་ལ་ཡང་བག་ཆགས་བརྟན་པོ་ལས་བྱུང་བའི་ཤེས་པ་ཀུན་ལ་སྦྱར་བར་བྱའོ། །ཇི་ལྟར་སྦྱར་ཞེ་ན། རྣམ་རིག་པའི་ལུགས་དེ་ལའང་ཆགས་སོགས་ཤེས་པ་དེ་དག་ཆོས་ཅན། ཤེས་པ་རང་གི་བདག་ཉིད་མྱོང་བར་རུང་སྟེ་ཉམས་སུ་མྱོང་བའི་བདག་ཉིད་ཡིན་པའི་ཕྱིར། དེ་ལྟར་སྟེ་དེའི་ཕྱིར་ཤེས་པ་རང་ཉིད་ཉམས་སུ་མྱོང་བར་རུང་བའི་འཛིན་རྣམ་ཉིད་དོ། །ཚད་མ་བདག་ཉིད་ཀྱི་གཟུང་རྣམ་གཞལ་བྱ་རང་རིག་པ་འབྲས་བུ་ཡིན་ནོ། །སློབ་དཔོན་གྱིས་རང་རིག་པ་ཚད་མའོ་ཞེས་གསུངས་པ་ཁ་ཅིག་གིས་རང་རིག་པ་ཞེས་པའི་སྒྲ་རང་རིག་བྱ་བའི་ཆ་ལ་བསམས་ནས་གལ་ཏེ་རང་རིག་ཚད་མ་ཡིན་ན་ཚད་མ་དང་འབྲས་བུ་ཐ་དད་མེད་པར་འགྱུར་རོ་སྙམ་པའི་དོགས་པ་བསལ་ནས་རྣམ་པར་ཤེས་པ་སྨྲ་བ་ལ་ཚད་མའི་རྣམ་གྲངས་བསྟན་པའི་ཕྱིར་བཤད་པ་དེ། ཤེས་པ་བདག་གི་ངོ་བོ་ལ་ཡོངས་སུ་གཅོད་པའི་བདག་ཉིད་ལ་འཛིན་པ་རྣམ་པ་ཞེས་ཀྱང་བརྗོད་ལ་ཤེས་པ་རང་ཉིད་ཉམས་སུ་མྱོང་བར་རུང་བ་ཉིད་ཅེས་བྱ་བར་ཡང་བརྗོད་པ་ཆོས་ཅན། རྣམ་པར་ཤེས་པ་སྨྲ་བ་ལ་རང་རིག་པ་སྒྲུབ་བྱེད་ཀྱི་ཚད་མ་ཡིན་ཏེ། ཁྱོད་ལ་ཤེས་པ་འདི་རྣམས་རང་རིག་པའི་དངོས་པོར་འཇོག་པའི་ཕྱིར། དེས་ན་སློབ་དཔོན་ཕྱོགས་གླང་ཆོས་ཅན། རང་རིག་བྱ་བའི་ཆ་ལ་དགོངས་ནས་རང་རིག་པ་ཚད་མར་བཤད་པ་མ་ཡིན་ཏེ། རང་གི་ངོ་བོ་ཡོངས་སུ་གཅོད་པའི་འཛིན་རྣམ་གྱི་ཆ་ལ་དགོངས་ནས་རང་རིག་པ་ཚད་མ་ཞེས་ནི་རབ་ཏུ་བཤད་པའི་ཕྱིར། དེ་ལྟར་ཚད་མ་དང་འབྲས་བུ་ལ་ལོག་པར་རྟོག་པ་དག་བསལ་ནས། བྱེ་བྲག་སྨྲ་བ་དག་གི་ཤེས་པ་རྣམས་རྣམ་པ་མེད་པར་དོན་ཐུག་ཕྲད་དུ་འཛིན་པར་འདོད་པ་བཀག་ནས་བློ་རང་ཉིད་ཡུལ་དང་ཤེས་པའི་ཚུལ་གཉིས་སུ་བསྟན་པའི་ཕྱིར་བཤད་པ་དེ། སྒོ་ལྔའི་རྣམ་པར་ཤེས་པ་ཐམས་ཅད་དག་ཆོས་ཅན། གཟུགས་སོགས་དེ་ལས་གཞན་དབང་ཡིད་ལ་སོགས་པ་རྒྱུ་ཡིན་ན་ཡང་རྣམ་པ་འགས་ཏེ་རྟེན་འབྲེལ་གྱི་ཆོས་ཉིད་ཀྱིས་གཟུགས་སོགས་ཡུལ་གྱི་རྣམ་པར་སྐྱེ་བར་འགྱུར་ཏེ། གཟུགས་སོགས་ཡུལ་རྣམས་གཟུང་དོན་དུ་བྱས་པ་ལས་ནི་བྱུང་བའི་ཕྱིར། དཔེར་ན་ཟས་དང་དུས་དང་འབྱུང་བ་སོགས་པ་རྣམས་བུ་སྐྱེ་བའི་རྒྱུ་ཡིན་ཡང་བུ་དེ་ནི་ཕ་མ་གང་རུང་གཅིག་གི་གཟུགས་འཛིན་པར་འགྱུར་གྱི་གཞན་ཟས་དུས་ལ་སོགས་པ་འགའི་རྣམ་པ་འཛིན་པ་མ་ཡིན་པ་བཞིན་ནོ། །གཞན་ཡང་དེ་ཆོས་ཅན། གཟུགས་སོགས་དེ་ལས་གཞན་དབང་ཡིད་སོགས་དང་ཡུལ་གཟུགས་སོགས་དག་ནི་ཁྱོད་ཀྱི་རྒྱུ་ཉིད་དུ་མཚུངས་ན་ཡང་གཟུགས་སོགས་ཀྱི་རྣམ་པ་ཇི་ལྟ་བའི་རྗེས་སུ་བྱེད་པ་དེའི་ཆ་ནས་གཟུགས་སོགས་དེ་ཁྱོད་ཀྱི་ཡུལ་ཉིད་ཡིན་པར་འདོད་དེ། གཟུགས་སོགས་ཁྱོད་ཀྱི་ཡུལ་ཡིན་ཞིང་གཟུགས་སོགས་ཀྱི་རྣམ་པ་ཇི་ལྟ་བའི་རྗེས་སུ་བྱེད་པ་མེད་པར་གཟུགས་སོགས་ཁྱོད་ཀྱི་ཡུལ་དེར་མི་འགྱུར་བའི་ཕྱིར། གཞན་ཡང་མིག་ཤེས་ལ་སོགས་གཟུང་དོན་རང་མཚན་དང་ལྡན་པའི་སེམས་ལ་གཟུགས་སོགས་དོན་གྱི་རྣམ་པ་མེད་པར་ཐུག་ཕྲད་དུ་འཛིན་པའི་དགོས་པ་སྲིད་ན་ཡང་འདས་པའི་དོན་གཟུགས་སོགས་ནི་འཛིན་ཅིང་དྲན་པའི་རྟོག་པ་ལ་ཆོས་ཅན། བློ་རང་ཉིད་ཡུལ་དང་ཤེས་པའི་ཚུལ་གཉིས་སུ་གྲུབ་པ་ཡིན་ཏེ། རང་ལ་གཟུགས་སོགས་སུ་སྣང་བ་གྲུབ་ཅིང་དེ་རང་ལས་དོན་གཞན་མ་ཡིན་པའི་ཕྱིར། དེའི་ཕྱིར་རང་རིག་ཡིན་པར་ཡང་གྲུབ་པ་ཡིན་ནོ། །གལ་ཏེ་འདས་པའི་གཟུགས་སོགས་ཀྱི་སྤྱི་དེ་དེ་འདྲའི་དྲན་རྟོག་དེའི་གཟུང་དོན་ཡིན་ཞིང་རྣམ་པ་ནི་མེད་དོ་ཞེ་ན། དེ་ཆོས་ཅན། འདས་པའི་གཟུགས་སོགས་ཀྱི་རིགས་གཟུང་དོན་དུ་ཡོད་པ་མ་ཡིན་པར་ཐལ། སྔོ་སོགས་ཀྱིས་མཚོན་པའི་ཁ་དོག་དབྱིབས་སོགས་ཀྱི་རྣམ་པ་ཐ་དད་ཅན་དུ་སྣང་བའི་ཕྱིར། ཁྱབ་སྟེ། སྤྱི་ནི་ཁ་དོག་སོགས་ཀྱི་རྣམ་པ་དེ་དང་ལྡན་པ་མ་ཡིན་པའི་ཕྱིར། གཞན་ཡང་རིགས་དེའང་རྟག་གམ་མི་རྟག །མི་རྟག་ན་གསལ་བ་རྣམས་ལ་རྗེས་འགྲོ་བྱེད་པར་མི་འགྱུར་ཞིང་རྟག་ནའང་ཇི་ལྟར་ན་དྲན་རྟོག་སྐྱེད་བྱེད་ཡིན་ཏེ་མ་ཡིན་པར་ཐལ་ལོ། །གལ་ཏེ་འདས་པའི་གཟུགས་སོགས་ཀྱི་མིང་དང་མཚན་མ་ཞེས་པའི་ལྡན་མིན་འདུ་བྱེད་དེ་དེའི་གཟུང་དོན་ཡིན་ཞིང་རྣམ་པ་མེད་དོ་ཞེ་ན། དེ་མ་ཡིན་ཏེ། ཤེས་པ་ལས་དོན་གཞན་པའི་འདས་པའི་གཟུགས་སོགས་ཀྱི་མིག་སོགས་རྫས་སུ་ཡོད་པ་ནི་སྔར་དོན་འཇུག་པར་མི་འགྱུར་རོ་ཞེས་སོགས་སུ་རིགས་པ་ཡང་དག་གིས་བཀག་ཟིན་ཏོ། །

གཞན་ཡང་འདས་པའི་གཟུགས་སོགས་འཛིན་པའི་དྲན་རྟོག་གི་ཚུལ་འདི་ཆོས་ཅན། གཟུང་དོན་དང་ལྡན་པ་མ་ཡིན་ཏེ། གཟུང་དོན་གྱི་ནུས་པ་གྲུབ་པ་མ་ཡིན་པའི་ཕྱིར། གཟུང་དོན་ལ་མི་ལྟོས་པར་འདོད་པ་ཙམ་དང་རྗེས་སུ་འབྲེལ་བའི་ཕྱིར། གལ་ཏེ་དེ་འདྲའི་དྲན་རྟོག་རྣམ་པ་དང་གཟུགས་སོགས་མྱོང་བའི་དབང་ཤེས་ལ་རྣམ་པ་མེད་དོ་ཞེ་ན། ཤེས་བྱ་ཆོས་ཅན། འདས་པའི་གཟུགས་སོགས་འཛིན་པའི་དྲན་རྟོག་དེ་ནི་དོན་ཇི་ལྟར་ན་འདས་པའི་གཟུགས་སོགས་ཀྱི་རྣམ་པ་དེ་དང་ལྡན་པར་འགྱུར་ཏེ་མི་འགྱུར་བར་ཐལ། གཟུགས་སོགས་མྱོང་བའི་དབང་ཤེས་དེ་ཡང་དོན་གཟུགས་སོགས་ཀྱི་རྣམ་པས་སྟོང་པ་དེ་ཡིན་པའི་ཕྱིར། ཁྱབ་སྟེ། གཟུགས་སོགས་ཀྱི་རྣམ་པ་མི་གསལ་བ་འདི་འདྲ་དང་ལྡན་པའི་ཤེས་པ་ནི་གཟུགས་སོགས་ལས་དངོས་སུ་སྐྱེས་པའི་ཕྱིར་རོ་ཞེ་ན། དེ་ཆོས་ཅན། འདས་པའི་དོན་གཟུགས་སོགས་ལས་དངོས་སུ་སྐྱེས་པ་མིན་པར་ཐལ། ཁྱོད་ཀྱི་ཚེ་ན་དེ་འགགས་ནས་མེད་པའི་ཕྱིར། གཞན་ཡང་དེ་འདྲའི་དྲན་རྟོག་དེ་རྣམ་པ་དང་ལྡན་པའི་རྒྱུ་མཚན་ཅི་དྲིས་པས་དེ་འདས་པའི་གཟུགས་སོགས་ལས་སྐྱེས་པའི་ཕྱིར་ཞེ་ན། གཟུགས་སོགས་མྱོང་བའི་དབང་ཤེས་ལའང་ཆོས་ཅན། དྲན་རྟོག་དེ་ལྟར་དུ་འདས་པའི་གཟུགས་སོགས་ཀྱི་རྣམ་པ་དང་ལྡན་པ་དེར་འགྱུར་བར་ཐལ། དེ་ལས་སྐྱེས་པའི་ཕྱིར། དེ་འདྲའི་དྲན་རྟོག་ཆོས་ཅན། རང་ལ་སྣང་བའི་རྣམ་པ་དེ་ནི་དོན་གཟུགས་སོགས་ཀྱིས་བྱས་པ་མིན་པར་ཐལ། དེ་རང་ལ་གསལ་བའི་རྣམ་པས་དབེན་པ་མི་གསལ་བའི་རྣམ་པར་སྣང་བའི་ཕྱིར་རོ། །

གལ་ཏེ་དེ་ལ་སྣང་བའི་རྣམ་པ་དེ་ནི་ཤེས་པ་ལས་ཐ་དད་པའི་ཕྱི་རོལ་གྱི་དོན་ཡིན་ནོ་ཞེ་ན། ལྷ་སྦྱིན་གྱིས་དྲན་པའི་འདས་པའི་གཟུགས་སོགས་ཀྱི་དོན་དེ་ཆོས་ཅན། རང་ཡུལ་དེར་གནས་པའི་སྐྱེས་བུ་གཞན་གྱིས་ཀྱང་ལྷ་སྦྱིན་གྱིས་རྟོགས་པ་དེ་བཞིན་དུ་རྟོགས་པར་འགྱུར་བར་ཐལ། ལྷ་སྦྱིན་གྱི་ཤེས་པ་ལས་དོན་གཞན་པའི་ཕྱི་རོལ་གྱི་དོན་ཡིན་པའི་ཕྱིར། གལ་ཏེ་དེ་འདྲའི་ལྷ་སྦྱིན་བདག་ཉིད་ཀྱི་ཤེས་པ་ཁོ་ན་ལ་རྟག་ཏུ་ཡུལ་དུ་འབྲེལ་བ་ཡིན་པས་སྐྱོན་མེད་དོ་ཞེ་ན། དེ་འདྲའི་དོན་དེ་ཆོས་ཅན། སྒྲས་བརྗོད་པ་ལས་ཀྱང་སྐྱེས་བུ་གཞན་གྱིས་རྟོགས་པར་མི་འགྱུར་བར་ཐལ། ལྷ་སྦྱིན་གྱི་ཤེས་པ་ཁོ་ནའི་ཡུལ་ཡིན་པའི་ཕྱིར། གལ་ཏེ་འཆད་ཉན་བྱེད་པའི་སྐྱེས་བུ་གཉིས་ཀྱིས་རྟོགས་པའི་དོན་དེ་འཆད་ཉན་བྱེད་པའི་སྐྱེས་བུ་སོ་སོ་རེ་རེ་བའི་བློ་དག་དང་འབྲེལ་བ་ཡིན་པས་སྐྱོན་མེད་དོ་ཞེ་ན། དེ་འདྲའི་དོན་དེ་ཆོས་ཅན། འཆད་པ་པོ་དང་ཉན་པ་པོའི་སེམས་དག་གིས་དོན་གཅིག་ཏུ་མངོན་པར་ཞེན་པའི་བདག་ཉིད་ཅན་དུ་མཚམས་སྦྱོར་བར་མི་འགྱུར་བར་ཐལ། འཆད་ཉན་བྱེད་པའི་སྐྱེས་བུ་རྣམས་ཀྱིས་རང་རང་གི་བློ་དང་འབྲེལ་བའི་དོན་རེ་རེ་ཁོ་ན་རྟོགས་པ་ཡིན་པའི་ཕྱིར། གལ་ཏེ་འཆད་ཉན་བྱེད་པའི་སྐྱེས་བུ་གཉིས་ཀྱིས་རྟོགས་པའི་དོན་དེ་དོན་ཐ་དད་པ་ཡིན་ཀྱང་རྣམ་པ་འདྲ་བ་ལས་གཅིག་པར་ཐ་སྙད་བྱེད་པ་ཡོད་པས་སྐྱོན་མེད་དོ་ཞེ་ན། འཆད་ཉན་བྱེད་པའི་སྐྱེས་བུ་གཉིས་ཆོས་ཅན། དོན་ཐ་དད་པ་གཉིས་རྣམ་པ་འདྲ་བ་ལས་གཅིག་པོ་དེར་སྣང་ཞིང་བཟུང་བ་མ་ཡིན་པར་ཐལ། རྒྱུ་མཚན་ཇི་ལྟར་ན་དོན་ཐ་དད་པའི་བདག་ཉིད་སོ་སོར་བཟུང་བའི་ཕྱིར་རོ། །དེས་ན་དེ་གཉིས་ཀྱི་བློ་ཆོས་ཅན། གཟུང་དོན་རང་མཚན་མེད་པ་ཅན་དུ་འགྱུར་བར་ཐལ། དོན་ཐ་དད་པ་གཉིས་གཅིག་ཏུ་བཟུང་བ་དེ་ཚེའི་ཕྱིར། སྐྱེས་བུ་དེ་གཉིས་ཀྱི་བློ་ཆོས་ཅན། དོན་ཐ་དད་པ་གཉིས་ཐ་དད་པའི་བདག་ཉིད་དུ་ཇི་ལྟར་བཟུང་སྟེ་མི་གཟུང་བར་ཐལ། དོན་ཐ་དད་པ་གཉིས་ཐ་དད་པ་དེར་སྣང་བ་མིན་པར་རྣམ་པ་འདྲ་བ་ལས་གཅིག་ཏུ་བཟུང་བའི་ཕྱིར། འདོད་ན། ཁྱེད་གཟུང་དོན་རང་མཚན་མེད་པ་ཅན་དུ་འགྱུར། དེ་དོན་ཐ་དད་པའང་ཐ་དད་མི་འཛིན་པ་གཅིག་ཏུ་བཟུང་བ་དེ་ཚེའི་ཕྱིར། ད་སློབ་དཔོན་གྱིས། ཡུལ་ཤེས་དེའི་ཤེས་པ་ཡིས། །བྱེ་བྲག་ལས་ནི་ཚུལ་གཅིག་ཉིད། །ཅེས་པའི་རིགས་པས་བློ་ཚུལ་གཉིས་སུ་སྒྲུབ་པ་དེ། སྔོ་སོགས་ཉམས་སུ་མྱོང་བའི་དབང་པོའི་རྣམ་པར་ཤེས་པ་དེ་ཡང་ནི་ཆོས་ཅན། བློ་རང་ཉིད་གཟུང་འཛིན་གྱི་ཆ་གཉིས་ལ་བརྟེན་པར་གྱུར་པ་ཡིན་ཏེ། དེ་ལྟར་དུ་རང་ཉིད་ལས་གཟུང་བའི་རྣམ་པ་གཅིག་གིས་ཁྱད་པར་དུ་འཕགས་པ་ཅན་གྱི་དེ་སྟེ་རང་ཉིད་དྲན་པའི་ཤེས་པ་ཡིས་དམིགས་པར་འགྱུར་བའི་ཕྱིར། ཁྱབ་སྟེ། ཤེས་པ་རང་ཉིད་གཟུང་འཛིན་ཆ་གཉིས་ཅན་ཡིན་པ་ལས་གཞན་དུ་གཟུང བ་དེའི་རྣམ་པ་ཅན་མིན་ན་ཇི་ལྟར་རང་ཉིད་དྲན་པའི་ཤེས་པ་ལ་གཟུང་འཛིན་ནི་ཆ་གཉིས་ཅན་དུ་གནས་པ་སྟེ་སྣང་བར་འགྱུར་ཏེ་མི་འགྱུར་བའི་ཕྱིར་རོ། །རྟགས་ཀྱང་གྲུབ་སྟེ། འདི་ལྟར་དོན་ཤེས་དང་དོན་ཤེས་དྲན་པའི་དྲན་ཤེས་དང་པོ་དང་གཉིས་པ་ལ་སོགས་པ་རྣམས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མའི་ཤེས་པ་གཟུང་བའི་རྣམ་པ་གཅིག་སྟེ་རེ་རེས་ལྷག་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་འཆད་པ་དེ། ཤེས་པ་གཉིས་པ་སྔོ་འཛིན་དབང་ཤེས་དྲན་པའི་དྲན་ཤེས་དང་པོ་དེ་ནི་ཆོས་ཅན། སྔོ་འཛིན་དབང་ཤེས་ལས་གཟུང་རྣམ་གཅིག་གིས་ལྷག་པ་ཡིན་ཏེ། རང་གི་ཡུལ་དོན་སྔོན་པོ་དང་སྔོ་འཛིན་དབང་ཤེས་ཀྱི་ངོ་བོའི་སྒོ་ནས་གཟུང་རྣམ་གཉིས་དང་ཤེས་པ་བདག་གི་འཛིན་པའི་རྣམ་པ་འགའ་ཞིག་ཅན་དུ་རང་དྲན་པ་གསུམ་པའི་ཤེས་པ་དྲན་ཤེས་གཉིས་པ་ཡིས་རྟོགས་པར་འགྱུར་བའི་ཕྱིར། གལ་ཏེ་དོན་ཤེས་དོན་གྱི་འབྲས་བུ་ཡིན་པ་ཉིད་ཀྱིས་དོན་ཤེས་དྲན་ན་དོན་ཡང་དྲན་པར་འགྱུར་བ་དེའི་ཕྱིར་ན་འཁྲུལ་པའི་ཤེས་པས་དོན་ཤེས་དོན་གྱི་རྣམ་ལྡན་དུ་སྲེ་བ་སྟེ་དྲན་ཞིང་སྒྲོ་འདོགས་པ་ཙམ་ཡིན་གྱི་རྣམ་པ་ནི་མེད་དོ་ཞེ་ན། རྒྱུ་སྣང་བ་དང་ཡིད་བྱེད་ལའང་ཆོས་ཅན། དོན་ཤེས་ཁྱོད་ཀྱིས་རྣམ་ལྡན་དུ་དྲན་ཞིང་སྒྲོ་འདོགས་པ་སྟེ་འགྱུར་བར་ཐལ། དོན་ཤེས་ཁྱོད་ཀྱི་འབྲས་བུ་ཡིན་པའི་ཕྱིར། དེ་བཞིན་དུ་འབྲས་བུ་ཐམས་ཅད་ཀྱང་རང་གི་རྒྱུ་དང་ལྷན་ཅིག་ཏུ་འཛིན་ཞིང་དྲན་པར་འགྱུར་བར་ཐལ། དོན་ཤེས་དོན་གྱི་འབྲས་བུ་ཡིན་པས་དོན་དང་ལྷན་ཅིག་དྲན་ཞིང་སྒྲོ་འདོགས་པའི་ཕྱིར། འདོད་ན་དེའི་ཕྱིར་རྫ་མཁན་དང་འཇིམ་པ་སོགས་དྲན་པ་མེད་པར་རྫའི་བུམ་པ་དྲན་པར་མི་འགྱུར་བར་ཐལ་ལོ། །གལ་ཏེ་དོན་དང་སྣང་བ་ཡིད་བྱེད་ལ་སོགས་པ་དོན་ཤེས་ཀྱི་རྒྱུར་མཚུངས་པ་ཡིན་ཀྱང་དོན་ཤེས་ལ་དོན་གྱིས་བྱས་པའི་ཕུལ་དུ་བྱུང་བའི་ཁྱད་པར་འགའ་ཞིག་ཡོད་པས་དོན་ཤེས་དོན་གྱི་རྣམ་ལྡན་དུ་དྲན་པ་མ་ཡིན་ནོ་ཞེ་ན། དོན་གྱིས་བྱས་པའི་ཕུལ་དུ་བྱུང་བའི་ཁྱད་པར་གང་ལས་དོན་གྱི་ཤེས་པ་དོན་དང་རྣམ་ལྡན་དུ་འདྲེ་བ་བསྟན་པ་སྟེ་དྲན་ཞིང་སྒྲོ་འདོགས་པར་བྱེད་པའི་དོན་ཤེས་ཀྱི་ཁྱད་པར་ཆོས་ཅན། དོན་ཤེས་དོན་དང་འདྲ་བ་ལས་གཞན་ཅིར་འགྱུར་ཏེ་དེ་ཡིན་པར་ཐལ། ཁྱོད་རྒྱུ་མཚན་དུ་བྱས་ནས་དོན་ཤེས་དོན་གྱི་རྣམ་ལྡན་དུ་དྲན་ཞིང་སྒྲོ་འདོགས་པའི་ཕྱིར། ཁྱབ་སྟེ། དཔེར་ན་འཚེ་མ་སྤུན་གཉིས་དང་མིག་འཁྲུལ་མཁན་གྱི་སྒོ་ང་གཉིས་ལ་སོགས་པ་ཐ་དད་ཡིན་ཀྱང་རྣམ་པ་འདྲ་བས་ཕན་ཚུན་གཅིག་ལ་གཅིག་སྒྲོ་འདོགས་པར་མཐོང་བའི་ཕྱིར་རོ། །

དེས་ན་ཤེས་པ་གཉིས་པ་སྔོ་འཛིན་དབང་ཤེས་དྲན་པའི་དྲན་ཤེས་དང་པོ་དེ་ཆོས་ཅན། འཛིན་རྣམ་གྱི་རང་བཞིན་གཅིག་ཁོ་ན་ལ་རྣམ་པར་གནས་པར་ཐལ། ཤེས་པ་དང་པོ་རང་གི་དྲན་ཡུལ་སྔོ་འཛིན་དབང་ཤེས་དེ་རང་བཞིན་སྟེ་གཟུང་འཛིན་གྱི་རྣམ་པ་གཉིས་པ་ཅན་མིན་པར་འཛིན་རྣམ་རྐྱང་པ་ཅན་ཡིན་པའི་ཕྱིར། འདོད་ན། རང་ཉིད་ངེས་པར་འཛིན་ཅིང་དྲན་པའི་སེམས་ཀྱིས་རང་གི་དྲན་ཡུལ་སྔོ་འཛིན་དབང་ཤེས་ལས་རྣམ་པ་ཐ་དད་དུ་འབྱེད་པར་འགྱུར་བ་མ་ཡིན་པར་ཐལ། དེ་དང་འཛིན་རྣམ་རྐྱང་པ་ཅན་དུ་མཚུངས་པའི་ཕྱིར། དེས་ན་སྔོ་སོགས་དོན་གྱི་ངོ་བོ་སྟེ་རྣམ་པ་རུ་མདུན་ན་གནས་པ་བཞིན་དུ་གསལ་བར་སྣང་བར་གྱུར་པའི་བློ་དབང་ཤེས་དེ་ཆོས་ཅན། དོན་ཤེས་དོན་གྱི་རྣམ་ལྡན་དུ་སྲེ་བ་སྟེ་དྲན་ཞིང་སྒྲོ་འདོགས་པར་བྱེད་པའི་སྔོ་སོགས་དོན་གྱི་རྣམ་པ་དང་འབྲེལ་བ་ཅན་དུ་བློ་གཉིས་པ་རང་དྲན་པའི་དྲན་ཤེས་དང་པོ་དམིགས་པར་འགྱུར་བར་ཐལ། དེ་ལྟ་མ་ཡིན་ན་རང་ཉིད་དྲན་པའི་དྲན་ཤེས་ལས་རྣམ་པ་ཐ་དད་དུ་མི་ཕྱེད་པར་ཐལ་བའི་སྐྱོན་ཡོད་པ་དེའི་ཕྱིར། གཞན་ཡང་དོན་ཤེས་དོན་གྱི་རྣམ་ལྡན་ཡིན་པས་དེར་དྲན་པ་ལས་གཞན་དུ་དོན་གྱི་འབྲས་བུ་ཡིན་པས་དེར་དྲན་པ་ཡིན་ན། ཤེས་པ་དང་པོ་སྔོ་འཛིན་དབང་ཤེས་ཆོསས་ཅན། ཁྱོད་གཅིག་པུ་ཉིད་སྔོན་པོ་དང་ཡུལ་ཡུལ་ཅན་དུ་འབྲེལ་བ་དྲན་པར་འགྱུར་བར་ཐལ། ཁྱོད་གཅིག་པུ་དོན་སྔོན་པོ་ལས་དངོས་སུ་བྱུང་བའི་ཕྱིར། ཤེས་པ་ཕྱི་མ་ཕྱི་མ་སྔོ་འཛིན་དབང་ཤེས་དྲན་པའི་དྲན་ཤེས་དང་པོ་དང་གཉིས་པ་ལ་སོགས་པ་རྣམས་ཆོས་ཅན། སྔོ་འཛིན་དབང་ཤེས་ཀྱི་ཡུལ་སྔོན་པོ་དང་ཡུལ་ཡུལ་ཅན་དུ་འབྲེལ་བ་དྲན་པ་མིན་པར་ཐལ། སྔ་མའི་སྔོ་འཛིན་དབང་ཤེས་ཀྱི་དོན་སྔོན་པོ་དང་རྒྱུ་འབྲས་སུ་དངོས་སུ་འབྲེལ་བ་ཚད་མས་མཐོང་བ་མེད་པའི་ཕྱིར། དེ་ལྟར་ཕྱི་རོལ་གྱི་དོན་ལ་བརྟེན་པའི་སློབ་དཔོན་གྱི་རིགས་པས་བློ་ཚུལ་གཉིས་སུ་བསྒྲུབས་ནས། ལྷན་ཅིག་དམིགས་ངེས་ལ་བརྟེན་པའི་རྣམ་རིག་པའི་རིགས་པས་བློ་ཚུལ་གཉིས་སུ་བསྒྲུབ་པ་ནི། སྔོ་སོགས་དོན་དུ་སྣང་བའི་དབང་ཤེས་ཀྱི་ཡུལ་ནི་ཆོས་ཅན། རང་སྣང་མཁན་གྱི་ཤེས་པ་དེ་ལས་རྫས་གཞན་པའི་ཕྱི་རོལ་ཉིད་དུ་རིགས་པའི་རྣམ་པ་གང་གིས་འགྲུབ་པར་འགྱུར་ཏེ་མི་འགྲུབ་པར་ཐལ། རང་སྣང་མཁན་གྱི་བློ་དང་ལྷན་ཅིག་ཏུ་ཤེས་པ་གཅིག་གིས་ཅིག་ཆར་དུ་ནི་མྱོང་བར་ངེས་པར་འགྱུར་བའི་ཕྱིར་རོ། །སྔོ་སོགས་དོན་དུ་སྣང་བ་དེ་ཤེས་པ་ལས་དོན་གཞན་མ་ཡིན་ཀྱང་ཤེས་པ་ལས་ཐ་དད་དུ་སྣང་བ་ཡང་དཔེར་ན་རབ་རིབ་ཀྱིས་དཀྲུགས་པའི་རྣམ་ཤེས་འཁྲུལ་པ་ལས་ཟླ་བ་གཉིས་ལ་སོགས་པ་རང་ལས་དོན་གཞན་དུ་མེད་པར་ཡང་རང་ལས་དོན་ཐ་དད་དུ་སྣང་བ་བཞིན་ནོ། །ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་ཁྱབ་པའི་ཡུལ་སྟོན་པ་ནི་ཤེས་བྱ་ཆོས་ཅན། ལྷན་ཅིག་དམིགས་ངེས་ཡིན་ན་རྫས་གཞན་མ་ཡིན་པས་ཁྱབ་པར་ཐལ། སྔོ་སེར་སོགས་རྫས་ཐ་དད་པ་དག་ལ་ནི་ཤེས་པ་གཅིག་གིས་ལྷན་ཅིག་མྱོང་ཞིང་དམིགས་པའི་ངེས་པ་ཡོད་པ་མ་ཡིན་པའི་ཕྱིར། དབང་ཤེས་དང་དབང་ཤེས་ཀྱིས་དམིགས་པའི་དོན་དེ་དག་ཡང་རྫས་ཐ་དད་མིན་པར་ཐལ། མྱོང་བ་དབང་ཤེས་དམིགས་པ་མེད་པར་དེས་དམིགས་པའི་དོན་འགའ་ཡང་དམིགས་པ་མེད་པའམ་དེས་དམིགས་པའི་དོན་འགའ་ཡང་དམིགས་པ་མེད་པར་དོན་དམིགས་པའི་མྱོང་བ་དབང་ཤེས་ཡང་མྱོང་བར་འགྱུར་བ་མ་མཐོང་བས་དེས་ནའི་ཕྱིར། དེའི་ཕྱིར་ན་ཤེས་པ་རང་གི་དུས་ན་རང་ལ་སྣང་བའི་དོན་སྣང་མཁན་གྱི་ཤེས་པ་ལས་རྫས་གཞན་མིན་པ་བཟློག་པར་རབ་ཏུ་དཀའ་བ་ཉིད་ཡིན་པས་བློ་རང་ཉིད་ཡུལ་ཤེས་ཀྱི་ཚུལ་གཉིས་སུ་གྲུབ་པ་ཡིན་ནོ། །གལ་ཏེ་རྒྱུ་གཞན་དབང་ཡིད་དག་ནི་ནུས་ལྡན་དུ་ཡོད་པ་ཡང་དབང་ཡིད་ལས་ཐ་དད་པའི་རྒྱུ་མེད་ན་དབང་པོའི་བློ་རྣམས་སྐྱེ་བ་མེད་པའི་ཕྱིར་དབང་ཡིད་ལས་ཐ་དད་པའི་དབང་ཤེས་ཀྱི་རྒྱུ་ཡོད་པར་རྗེས་སུ་དཔོག་པར་འགྱུར་ལ། དབང་ཡིད་ལས་ཐ་དད་པའི་རྒྱུ་ཡང་ཕྱི་རོལ་གྱི་དོན་ཡིན་ནོ་ཞེ་ན། གལ་ཏེ་རྣམ་རིག་པས་དབང་ཤེས་རྣམས་རང་གི་བག་ཆགས་སད་བྱེད་ཀྱི་རང་གི་མཚུངས་པ་དེ་མ་ཐག་རྐྱེན་ལས་ངེས་པར་རེས་འགའ་སྐྱེ་བར་མི་སྨྲ་ན་འབྲས་བུ་དབང་ཤེས་སྐྱེ་བ་མེད་པའི་རྟགས་ལས་རྒྱུ་ཕྱི་རོལ་གཟུང་དོན་དུ་ཡོད་པར་འགྲུབ་པ་ལ་དབང་ཤེས་རྣམས་ཆོས་ཅན། དབང་ཡིད་ནུས་ལྡན་དུ་ཡོད་པའི་སྐབས་འགའ་སྐྱེ་བ་མེད་པ་ཙམ་ལས་ཕྱི་རོལ་གཟུང་དོན་དུ་ཡོད་པར་མི་འགྲུབ་པར་ཐལ། དེའི་སྐབས་འགར་རེས་འགའ་སྐྱེ་བ་མེད་པ་དེ་རང་གི་བག་ཆགས་སད་བྱེད་ཀྱི་རང་གི་མཚུངས་པ་དེ་མ་ཐག་རྐྱེན་མེད་པའི་རྒྱུ་མཚན་ལས་ཡིན་པའི་ཕྱིར། གལ་ཏེ་ཕྱི་རོལ་གྱི་དོན་མེད་ན་ས་བོན་ལས་མྱུ་གུ་སྐྱེ་བ་དང་དུ་བ་ལས་མེ་གྲུབ་པ་ཞེས་པའི་ཐ་སྙད་མི་འཐད་པར་ཐལ། དེ་འདྲའི་ཐ་སྙད་དེ་ཕྱི་རོལ་གྱི་དོན་ཁོ་ན་ལ་བརྟེན་པ་ཅན་ཡིན་པའི་ཕྱིར་ཞེ་ན། ས་བོན་མྱུ་གུའི་བྱེད་པ་པོ་དང་དུ་བ་མེའི་ཤེས་བྱེད་ཀྱི་ཐ་སྙད་དུ་གནས་པ་གང་ཡིན་དེ་ཡང་ཆོས་ཅན། ཕྱི་རོལ་གྱི་དོན་མེད་པས་ཁྱོད་མི་འཐད་པ་མ་ཡིན་པར་ཐལ། གལ་ཏེ་ས་བོན་ལས་མྱུ་གུ་སྐྱེ་བ་དང་དུ་བ་མེ་ལས་གྲུབ་པ་དེའི་ངོར་སྣང་ཞིང་སྣང་བ་དེ་ལྟར་ཐ་སྙད་དུ་ངེས་འབྲེལ་སྟེ་མི་སླུ་བའི་བློ་ལ་བརྟེན་ནས་ཁྱོད་ལ་རྟོག་པར་བྱེད་ན་ཚད་མ་དང་འགལ་བ་དག་ནི་ཅི་ཞིག་ཡོད་སྟེ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལ་འགལ་བ་ཡོད་དེ་དུ་བ་མེས་བསྐྱེད་པར་འགྱུར་བ་མིན་པར་ཐལ། དུར་སྣང་སྔར་བྱུང་ཞིང་མེར་སྣང་ཕྱིས་བྱུང་བའི་ཕྱིར། འདོད་ན་དེའི་ཕྱིར་འབྲས་བུ་དུ་བ་ལས་རྒྱུ་མེད་རྟོགས་པ་མིན་པར་ཐལ་ལོ། །གལ་ཏེ་དུར་སྣང་དེ་མེར་སྣང་གི་རྒྱུ་དག་ཡིན་ན་ཡང་དུར་སྣང་གང་ལས་མེར་སྣང་ངེས་པར་རྟོགས་པར་འགྱུར་ཏེ་མི་འགྱུར་བར་ཐལ། རྒྱུ་འབྲས་ལ་འཁྲུལ་པ་སྲིད་པའི་ཕྱིར་རོ་ཞེ་ན། དུར་སྣང་ལས་མེར་སྣང་གྲུབ་པ་དེ་ལའང་དུ་བར་སྣང་བཞིན་པའི་བློ་ཆོས་ཅན། ཁྱོད་རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར་མེར་སྣང་བཞིན་པའི་བློ་དེ་ལྟ་བ་ཉིད་སྒྲུབ་པའི་རྟགས་མ་ཡིན་པར་ཐལ། ཁྱོད་ལས་དེའི་གཞིར་རང་གི་བག་ཆགས་གསལ་བར་སད་པ་ཅན་གྱི་རང་དང་རྒྱུ་ཚོགས་གཅིག་པའི་མེར་སྣང་བའི་བློ་མ་འོངས་པ་ཉིད་རྟོགས་པར་འགྱུར་བའི་ཕྱིར། དེའི་རྒྱུ་མཚན་དུ་བར་སྣང་བཞིན་པའི་བློ་དག་ཆོས་ཅན། དེར་ཐལ། མེ་དེར་སྣང་བའི་བློ་མ་འོངས་པ་ན་འབྱུང་རུང་གི་བག་ཆགས་སྙིང་པོར་ཡོད་པ་ཅན་གྱི་སེམས་རྒྱུད་དེས་གསལ་བ་སྟེ་བསྐྱེད་པར་བྱེད་པའི་ཕྱིར། དེས་ན་དུ་བ་ཆོས་ཅན། ཕྱི་རོལ་གྱི་མེའམ་མེར་སྣང་ལས་སྐྱེས་པས་མེ་ལས་སྐྱེས་བར་བཞག་པ་མ་ཡིན་ཏེ། མེར་སྣང་གི་བག་ཆགས་སྙིང་པོར་ཡོད་པ་ཅན་གྱི་སེམས་རྒྱུད་ལས་སྐྱེས་པས་མེ་ལས་སྐྱེས་པར་བཞག་པ་ཡིན་པའི་ཕྱིར། དེས་ན་མཁས་པ་སེམས་ཙམ་པ་རྣམས་ལ་ནི་ཕྱི་རོལ་མེད་ཀྱང་བློའི་རྒྱུ་འབྲས་དང་བསྒྲུབ་བྱ་སྒྲུབ་བྱེད་ལ་སོགས་བརྗོད་པའི་རྣམ་གཞག་འཐད་དོ། །འདི་ཡོད་པས་ཅི་ལྟར་བཤད་པའི་སྐྱོན་མེད་དོ། །གལ་ཏེ་ཕྱི་རོལ་གྱི་དོན་མེད་ན་སློབ་དཔོན་གྱིས་ཡུལ་ཤེས་དེའི་ཤེས་པ་ཡིས་ཞེས་སོགས་ཕྱི་རོལ་ལ་བརྟེན་ནས་བློ་ཚུལ་གཉིས་སུ་བསྒྲུབ་པའི་རིགས་པ་དེ་ཇི་ལྟར་ཡིན་ཞེ་ན། སློབ་དཔོན་ཕྱོགས་གླང་ཆོས་ཅན། ཕྱི་རོལ་ཁས་བླངས་པ་ལ་བརྟེན་ནས་སུ་བློ་ཚུལ་གཉིས་སུ་སྒྲུབ་པའི་རིགས་པ་བརྗོད་པ་ལ་དགོས་པ་ཡོད་དེ། དེ་ལྟར་བརྗོད་པ་དེ་ཤེས་པ་ལ་སྣང་བ་དེ་དངམས་ནས་ཕྱི་རོལ་གྱི་དོན་དུ་སྨྲ་བ་རྣམས་རྗེས་སུ་བཟུང་བའི་ཆེད་ཡིན་པའི་ཕྱིར། དོན་ལ་བློ་ཚུལ་གཉིས་དེ་ཡང་ནི་སྔར་ཇི་ལྟར་བཤད་པའི་ལྷན་ཅིག་མྱོང་བའི་ངེས་པ་སྟེ་དམིགས་ངེས་ཀྱི་རྟགས་ཀྱིས་གྲུབ་པ་ཡིན་ནོ། །དེ་དག་གིས་རྣམ་རིག་པའི་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ལ་བརྟེན་པའི་རིགས་པས་བློ་ཚུལ་གཉིས་སུ་བསྒྲུབས་ནས། ཡང་ཕྱི་རོལ་དོན་དུ་སྨྲ་བའི་ལུགས་ལ་བློ་ཚུལ་གཉིས་སུ་སྒྲུབ་པའི་རིགས་པ་གཞན་ཡང་སྟོན་པ་དེ། ཤེས་བྱ་ཆོས་ཅན། བློ་རང་ཉིད་ཡུལ་དང་ཤེས་པའི་ཚུལ་གཉིས་སུ་གྲུབ་པ་ཡིན་ཏེ། དབང་པོ་གསལ་མི་གསལ་བར་མའི་ཁྱད་པར་གྱིས་ཤེས་པ་གསལ་མི་གསལ་འདྲེན་མའམ་བར་མ་ལ་སོགས་པའི་སྣང་བ་ཐ་དད་འཛིན་པའི་ཤེས་པ་གསུམ་དོན་གཅིག་ལ་དམིགས་པ་ཡོད་པའི་ཕྱིར། གལ་ཏེ་ཤེས་པ་དེ་དོན་ལ་བརྟེན་པ་དོན་གྱི་རྣམ་པ་དེར་སྣང་བ་མིན་ནོ་ཞེ་ན། དོན་བུམ་གཟུགས་ཆོས་ཅན། བདག་རྐྱེན་དབང་སོགས་ལ་གསལ་མི་གསལ་བར་མའི་ཁྱད་པར་ལས་སྐྱེས་པའི་དོན་ཅན་གྱི་ཡིད་དེ་རང་གི་ཡུལ་ཅན་གྱི་ཤེས་པ་ཡུལ་ཅན་གྱི་རང་བཞིན་སྟེ་རྣམ་པ་གཅིག་ཉིད་དུ་འགྱུར་བར་ཐལ། ཁྱོད་ཀྱིས་རང་བཞིན་གཅིག་ཡིན་ཞིང་རྣམ་པ་བརྟན་པར་སྣང་བ་ཡིན་པའི་ཕྱིར། གལ་ཏེ་ཤེས་པ་དེ་དོན་ལས་དོན་གྱི་རྣམ་ལྡན་དུ་སྐྱེས་ན་དོན་གཅིག་ཐ་དད་དུ་སྣང་བ་མི་འཐད་དེ་དོན་གྱི་རང་བཞིན་གཅིག་པའི་ཕྱིར་ཞེ་ན། དབང་ཤེས་དེ་ནི་ཆོས་ཅན། དོན་ལ་བརྟེན་ནས་འབྱུང་བར་འགྱུར་ཞིང་དོན་དེའི་ངོ་བོ་སྟེ་རྣམ་པའི་རྗེས་སུ་བྱེད་པ་ཡིན་ཡང་དོན་གཅིག་ཏུ་གསལ་མི་གསལ་སོགས་ཐ་དད་དུ་སྣང་བ་མི་འགལ་བར་ཐལ། དོན་ལས་གཞན་བདག་རྐྱེན་དབང་པོ་དང་ཉེར་ལེན་བག་ཆགས་གསལ་མི་གསལ་ལ་སོགས་འགའ་ཞིག་ལས་ཀྱང་གསལ་མི་གསལ་སོགས་ཀྱི་ཆ་འགའ་ཡིས་རྣམ་པ་ཐ་དད་དུ་འགྱུར་བའི་ཕྱིར། དཔེར་ན་འདི་ལྟར་ཕ་ལ་བརྟེན་ནས་བུ་དེ་ཕ་དེའི་གཟུགས་དང་འདྲ་བར་འབྱུང་བ་ཡིན་ཡང་ལས་དང་འབྱུང་བ་ལ་སོགས་པ་འགའ་ཞིག་ལས་ཁ་དོག་དབྱིབས་སོགས་ཀྱི་ཆ་འགའ་ཡིས་ཕ་ལས་ཐ་དད་པར་དམིགས་པ་བཞིན་ཡིན་ནོ། །གཞན་ཡང་རིགས་པ་འདིས་ཀྱང་བློ་ཚུལ་གཉིས་སུ་གྲུབ་སྟེ། མར་མེ་ལ་སོགས་པའི་རྩེ་མོར་དཀྱིལ་འཁོར་ལྟ་བུ་རྨ་བྱའི་མདོངས་ཀྱི་རྣམ་པ་ཅན་གྱི་སྔོ་དང་དམར་དང་སེར་པོ་སོགས་ཀྱི་མདང་གསལ་བར་རབ་རིབ་ཀྱིས་དཀྲུགས་པའི་མིག་མི་གསལ་བའི་ཤེས་པས་མཐོང་བར་འགྱུར་རོ། །མར་མེའི་རྩེ་མོར་ཁྲ་སྒོར་བ་མཐོང་བའི་དབང་ཤེས་འཁྲུལ་པ་ཆོས་ཅན། བློ་ཚུལ་གཉིས་པ་ཡིན་ཏེ། མར་མེའི་རྩེ་མོར་ཁྲ་སྒོར་བ་སྣང་ཞིང་སྣང་བ་དེ་ཤེས་པ་རང་ལས་དོན་གཞན་མ་ཡིན་པའི་ཕྱིར། གལ་ཏེ་དེ་ལ་སྣང་བའི་ཁྲ་སྒོར་བ་དེ་སྣང་བ་ལྟར་གྱི་ཕྱི་རོལ་གྱི་དངོས་པོ་ཡིན་ཞེ་ན། དེ་ལ་སྣང་བའི་ཁྲ་སྒོར་བ་དེ་ཆོས་ཅན། དབང་པོ་སྐྱོན་མེད་ཀྱི་མིག་ཤེས་གསལ་པོ་ལ་ཁྱོད་འཛིན་པའི་ནུས་པ་ཞེས་མེད་དེ་ཡོད་པར་ཐལ། རང་འཛིན་ཤེས་པ་ལ་སྣང་བ་ལྟར་གྱི་ཕྱི་རོལ་གྱི་དངོས་པོ་ཡིན་པའི་ཕྱིར། དེ་འདྲ་དེ་མཐོང་བའི་དབང་ཤེས་ཆོས་ཅན། རང་གི་བདག་རྐྱེན་དབང་པོ་ཉམས་པའང་ཇི་ལྟར་ཡིན་མ་ཡིན་པར་ཐལ། ཡང་དག་པར་གྲུབ་པའི་ཕྱིའི་ཁྲ་སྒོར་བ་མཐོང་བའི་ཤེས་པ་ཡིན་པའི་ཕྱིར། ཡང་རབ་རིབ་ཀྱིས། རང་གི་བདག་རྐྱེན་དབང་པོའི་སྐྱོན་སྦྱངས་པ་ཡིན་པར་ཐལ། རབ་རིབ་དེས་ཡུལ་གསལ་བའི་མིག་གི་དབང་པོ་སྐྱོན་མེད་ཀྱི་ཤེས་པའི་ཡུལ་ལས་འདས་པའི་ཁྲ་སྒོར་བ་མཐོང་བར་བྱས་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་གཞན་དབང་ཤེས་སྐྱོན་མེད་ཀྱིས་མཐོང་བའི་དོན་ཁྲ་སྒོར་དབེན་པའི་མར་མེའི་རྩེ་མོ་དེ་ཡང་དབང་ཤེས་སྐྱོན་མེད་ལ་གསལ་བ་ལྟར་ཁྱོད་ལ་ཡང་ཇི་ལྟ་བུར་ན་གསལ་བ་མ་ཡིན་ཏེ་ཡིན་པར་ཐལ། དབང་ཤེས་སྐྱོན་མེད་ཀྱི་ཡུལ་ལས་འདས་པའི་ཁྲ་སྒོར་བ་ཡང་གསལ་བར་མཐོང་བའི་ཕྱིར། ཡང་མར་མེའི་རྩེ་མོ་ལས་གཞན་ཁྲ་སྒོར་བ་ནི་ཁྱོད་ཀྱི་རྒྱུ་མ་ཡིན་པར་ཐལ། སྣང་དབང་ཡིད་ལ་བྱེད་པ་ལས་གཞན་མར་མེ་གཅིག་གིས་ཁྱོད་བསྐྱེད་པའི་ནུས་པ་རྟོགས་ལ་ཁྲ་སྒོར་བས་ཁྱོད་བསྐྱེད་པའི་ནུས་པ་མ་རྟོགས་པ་དེས་ནའི་ཕྱིར། འདོད་ན་ཁྲ་སྒོར་བ་ཁྱོད་ཀྱི་གཟུང་ཡུལ་ཡང་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། དེ་ཁྱོད་ཀྱི་རྒྱུ་མིན་པར་ཐལ། གལ་ཏེ་ཁྲ་སྒོར་བ་དེ་ཉིད་བློ་དེའི་རྒྱུ་ཡིན་ཞེ་ན། དེའི་ཕྱིར་ཇི་ལྟར་ན་ཁྱོད་སྐྱེ་བ་མར་མེ་ལ་ལྟོས་པར་འགྱུར་ཏེ་མི་འགྱུར་བར་ཐལ་ལོ། །གལ་ཏེ་མར་མེའི་རྩེ་མོ་དང་ཁྲ་སྒོར་བ་གཉིས་ཀ་བློ་དེའི་རྒྱུའོ་ཞེ་ན། དེ་གཉིས་ཀ་དག་ཀྱང་ཁྱོད་ཀྱི་རྒྱུ་མ་ཡིན་པར་ཐལ། སྣང་དབང་སོགས་ནུས་ལྡན་དུ་ཡོད་པ་ན་མར་མེ་ཉེ་བ་ཙམ་གྱིས་ཁྱོད་སྐྱེ་བ་ཡོད་པའི་ཕྱིར། གལ་ཏེ་ཚུལ་གཉིས་པ་མ་ཡིན་ན་ཉེ་རིང་བར་མ་ལ་སོགས་པའི་ཁྱད་པར་གྱིས་བུམ་གཟུགས་གཅིག་ལ་ལྟ་བའི་དབང་ཤེས་གསུམ་ཆོས་ཅན། བུམ་གཟུགས་དེ་གསལ་མི་གསལ་བར་མར་སྣང་བ་ལ་སོགས་པའི་ཁྱད་པར་མི་རུང་བར་ཐལ། དེ་རྣམ་མེད་རྗེན་ཆེར་དུ་སྣང་ནས་འཛིན་པར་འདྲ་བའི་ཕྱིར། གལ་ཏེ་ཡུལ་དབང་བར་གྱི་སྣང་བའི་ཁྱད་པར་ལས་ཉེ་རིང་སོགས་ལ་ལྟ་བའི་དབང་ཤེས་ལས་བུམ་གཟུགས་དེ་གསལ་མི་གསལ་ལ་སོགས་པ་དེར་འགྱུར་བས་སྐྱོན་མེད་དོ་ཞེ་ན། ཡུལ་དབང་བར་གྱི་སྣང་བ་དེས་བུམ་གཟུགས་དེ་ནི་ཆོད་པ་སྟེ་བསྒྲིབས་པ་དང་མ་ཆོད་པ་སྟེ་མ་བསྒྲིབས་པ་དག་གང་དྲིས་པས། གཉིས་པ་ན་དེ་གསུམ་ཆོས་ཅན། བུམ་གཟུགས་གསལ་བར་མཐོང་བར་མཚུངས་པར་ཐལ། དེ་མ་བསྒྲིབས་པར་རྣམ་མེད་རྗེན་ཆེར་དུ་སྣང་ནས་འཛིན་པར་འདྲ་བའི་ཕྱིར། དང་པོ་ན། དེ་གཏན་ནས་མི་མཐོང་བར་མཚུངས་པར་འགྱུར་བར་ཐལ། དེ་བསྒྲིབ་ཅིང་རྣམ་པའང་མེད་པའི་ཕྱིར། གལ་ཏེ་ཐག་རིང་ནས་ལྟ་བའི་ཡུལ་དབང་བར་གྱི་སྣང་བ་མི་གསལ་བས་བུམ་གཟུགས་དེའི་ཆ་ཕྲ་མོ་འགའ་ཞིག་མི་མཐོང་ལ་ཐག་ཉེ་ལ་དེ་ལས་བཟློག་པའི་ཕྱིར་གསལ་མི་གསལ་སོགས་ཐ་དད་དུ་སྣང་ངོ་ཞེ་ན། འོ་ན་བུམ་གཟུགས་དེ་ཕྱིའི་ཆ་ཤས་མེད་པའི་ཡན་ལག་ཅན་ཞིག་ཡིན་ནམ་ཡན་ལག་གི་རྡུལ་ཕྲན་དུ་མ་ཡིན། དང་པོ་ན། བུམ་གཟུགས་ཆོས་ཅན། རང་འཛིན་དབང་ཤེས་ཀྱིས་རང་གི་ཆ་འགའ་ཞིག་མཐོང་བ་དང་མི་མཐོང་བ་ཐ་དད་པའི་ཁྱད་པར་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། ཕྱི་རོལ་གྱི་དོན་ཆ་ཤས་མེད་པའི་ཡན་ལག་ཅན་གཅིག་ཡིན་ཞིང་རྣམ་པ་མེད་པའི་ཕྱིར། གཉིས་པ་ན། སྔར་ལྟར་མཐོང་མི་མཐོང་ཐ་དད་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། ཆ་ཤས་མེད་པའི་ཕྲ་རྡུལ་དུ་མ་ཐ་དད་པ་ཡིན་ཞིང་རྣམ་པ་མེད་པའི་ཕྱིར། གཞན་ཡང་གལ་ཏེ་ཡུལ་དབང་བར་གྱི་སྣང་བ་གསལ་མི་གསལ་ཐ་དད་པ་ཁྱད་པར་ཅན་གྱིས་བློ་ལ་ཡུལ་གསལ་མི་གསལ་ཐ་དད་དུ་སྣང་བར་འདོད་ན། བུམ་གཟུགས་གཅིག་ཆོས་ཅན། དོན་གཞན་ཡུལ་དབང་བར་གྱི་སྣང་བ་གསལ་མི་གསལ་ཐ་དད་པའི་རྒྱུ་མཚན་གང་ལས་རང་འཛིན་ཤེས་པ་ལ་གསལ་མི་གསལ་ཐ་དད་པར་སྣང་བར་འགྱུར་ཏེ་མི་འགྱུར་བར་ཐལ། ཐ་དད་མེད་པའི་གཅིག་ཡིན་པའི་ཕྱིར། གཞན་ཡང་ཐག་རིང་ནས་ལྟ་བའི་ཚེ་ཡུལ་དབང་བར་གྱི་སྣང་བ་དེ་ཡང་རྒྱུ་མཚན་ཅིས་མི་གསལ་དྲིས་པས་དེའི་ཚེ་རྡུལ་དང་དུ་བ་ཁུག་རྣ་སོགས་ཀྱིས་བསྒྲིབས་པའི་ཕྱིར་མི་གསལ་ལོ་ཞེ་ན། རྡུལ་དང་དུ་བ་སོགས་དེ་ཐག་ཉེ་ནས་ལྟ་བའི་ཚེ་འདིར་ཡང་སྒྲིབ་བྱེད་ཅིས་མ་ཡིན་དྲིས་པས་དེའི་ཚེ་སྲབ་ལ་ཉུང་བའི་ཕྱིར་སྒྲིབ་པར་མི་ནུས་སོ་ཞེ་ན། ཐག་ཉེ་ནས་ལྟ་བའི་ཚེ་ན་ཆོས་ཅན། ཡུལ་དབང་བར་གྱི་སྣང་བའི་རྡུལ་དེའང་སྲབ་ལ་ཉུང་བ་དེ་ལྟ་ཉིད་དུ་ཐལ། དེའི་སྒྲིབ་རྡུལ་སྲབ་བ་ཉུང་ཞིང་རྒྱུ་མཚན་མཚུངས་པའི་ཕྱིར། འདོད་ན་དེའི་སྣང་བ་མི་གསལ་བར་ཐལ་ལོ། །གལ་ཏེ་ཐག་ཉེ་ལས་གཞན་དུ་ཐག་རིང་ནས་ལྟ་བའི་ཚེ་དེའི་སྒྲིབ་རྡུལ་མཐར་ཐུག་ལ་མང་བས་སྣང་བ་མི་གསལ་ལོ་ཞེ་ན། ཐག་རིང་ནས་ལྟ་བའི་ཚེ་ན། དེའི་སྣང་རྡུལ་སྲབ་མིན་མཐུག་ལ་མང་བ་ཡོད་པ་ཉིད་ཡིན་པར་ཐལ། དེའི་སྒྲིབ་རྡུལ་མཐུག་ལ་མང་བ་ཡོད་ཅིང་རྒྱུ་མཚན་མཚུངས་པའི་ཕྱིར། འདོད་ན་དེའི་སྣང་བ་གསལ་བར་ཐལ་ལོ། །གཞན་ཡང་ཁྱེད་ཀྱི་ལུགས་ལ་སྐྱེས་བུ་གཅིག་གི་མིག་གི་ཐོག་དེ་ཡང་ཆོས་ཅན། རང་གི་མིག་ཤེས་ལ་ཆེས་གསལ་བར་སྣང་བར་འགྱུར་བར་ཐལ། ཁྱོད་དང་མིག་དབང་བར་གྱི་སྣང་བ་མིག་ཤེས་ལ་ཆེར་གསལ་བ་ཡིན་པའི་ཕྱིར་ཏེ། ཁྱོད་མིག་དབང་ལ་ཤིན་ཏུ་ཉེ་བའི་ཕྱིར། གལ་ཏེ་ཐག་ཉེ་རིང་ནས་ལྟ་བའི་ཡུལ་དབང་གི་བར་དེ་ཡང་མཐོང་བ་མེད་པ་ཆོས་དང་ཆོས་མིན་གྱི་ལས་ལ་བརྟེན་ནས་གསལ་མི་གསལ་གྱི་རང་བཞིན་དུ་འགྱུར་བའི་ལས་གཟུགས་རྫས་གཞན་ཞིག་འབྱུང་བར་འགྱུར་བས་དེའི་སྣང་བ་གསལ་མི་གསལ་དུ་འགྱུར་གྱི་རྣམ་པ་མེད་དོ་ཞེ་ན། ཡུལ་དབང་བར་གྱི་གཟུགས་ལས་གསལ་མི་གསལ་དེ་དག་རྣམས་ཕན་ཚུན་དུ་གཅིག་གིས་གཅིག་བསྒྲིབས་པར་འགྱུར་རམ་མི་འགྱུར། དང་པོ་ནི་དེའི་ཕྱིར་ཐག་ཉེ་རིང་ནས་ལྟ་བའི་མིག་ཤེས་གཉིས་པོ་དེ་ཆོས་ཅན། ཁྱེད་གཉིས་ལ་གང་ཉེ་བའི་ཡུལ་དབང་བར་གྱི་ལས་གཟུགས་སོགས་གསལ་མི་གསལ་གང་རུང་གཅིག་སྣང་བར་འགྱུར་བར་ཐལ། དེ་འདྲ་དེ་ཁྱོད་ཀྱི་གཟུང་དོན་ཡིན་པ་གང་ཞིག་ཁྱོད་གཉིས་ལ་ཐག་རིང་བའི་ཡུལ་དབང་བར་གྱི་ལས་གཟུགས་སྣང་བ་ནི་ཐག་ཉེ་བའི་ཡུལ་དབང་བར་གྱི་ལས་གཟུགས་དེ་སྒྲིབ་པར་བྱེད་པའི་ཕྱིར། གཉིས་པ་ན་ཁྱོད་གཉིས་ཀྱི་དུས་ཅིག་ཆར་དུ་གསལ་དང་མི་གསལ་གྱི་རང་བཞིན་དུ་གྱུར་པའི་ཡུལ་དབང་བར་གྱི་གཟུགས་དེ་དག་མཐོང་བར་འགྱུར་བར་ཐལ། དེ་གཉིས་གཅིག་གིས་གཅིག་མ་བསྒྲིབས་པར་ཁྱེད་གཉིས་ཀྱིས་མཐོང་རུང་དུ་ཡོད་པའི་ཕྱིར། གལ་ཏེ་མཐོང་བ་མེད་པ་ཆོས་དང་ཆོས་མིན་གྱི་ལས་ཀྱིས་དེ་གཉིས་གང་རུང་གཅིག་བསྒྲིབས་པས་གཉིས་ཀ་མི་སྣང་ངོ་ཞེ་ན། མ་མཐོང་བ་ཆོས་དང་ཆོས་མིན་གྱི་ལས་ཆོས་ཅན། ཁྱོད་ཀྱིས་ཐག་ཉེ་རིང་ནས་ལྟ་བའི་མིག་ཤེས་ཅན་གྱི་སྐྱེས་བུ་དེའི་རྒྱུད་ལ་དེའི་ལས་གཟུགས་གསལ་མི་གསལ་དུ་སྣང་བ་བསྐྱེད་པའི་སྒོ་ནས་ལས་འབྲས་མྱོང་བར་ཅི་བྱེད་སྟེ་མི་བྱེད་པར་ཐལ། རྒྱུ་མཚན་གང་གིས་དེའི་རྒྱུད་ལ་དེ་བསྐྱེད་པའི་སྒོ་ནས་དོན་ཕན་པ་དང་དོན་མིན་གནོད་པ་གང་ཡང་མེད་པའི་ཕྱིར། དེས་ན་ཤེས་པ་རྣམ་པ་མེད་པར་ཡུལ་གཅིག་གསལ་མི་གསལ་དུ་སྣང་བའི་རྒྱུ་མཚན་གཞན་དག་གིས་དཔྱད་པ་དེ་རྣམས་ཐམས་ཅད་མི་རིགས་པ་དེའི་ཕྱིར་ཕྱི་རོལ་གྱི་དོན་ལ་བརྟེན་ནས་སྐྱེས་པར་གྱུར་པའི་མྱོང་བ་དབང་ཤེས་ཆོས་ཅན། དོན་གཅིག་རྒྱུ་བག་ཆགས་དང་དབང་པོ་གསལ་མི་གསལ་ཇི་ལྟ་བ་བཞིན་དུ་རྣམ་པ་ཡང་གསལ་མི་གསལ་ཐ་དད་དུ་འཛིན་པར་བྱེད་དེ། དོན་གཅིག་གསལ་མི་གསལ་ཐ་དད་དུ་འཛིན་པ་གྲུབ་པ་གང་ཞིག་རྒྱུ་སོགས་བཤད་མ་ཐག་པ་དེ་ལས་ལྷག་མ་ཁྱོད་ཀྱིས་དེ་ལྟར་དུ་འཛིན་པའི་རྒྱུ་མཚན་གཞན་གྱིས་བརྟགས་པའི་ཡུལ་དབང་བར་གྱི་སྣང་བ་གསལ་མི་གསལ་སོགས་ནི་བློ་གྲོས་ངན་པས་ཀུན་ནས་བསླངས་པའི་ལུགས་ངན་འགའ་ཞིག་ཡིན་པའི་ཕྱིར། གཞན་ཡང་ཤེས་པ་རྣམ་པ་མེད་པར་དངོས་པོ་སྐད་ཅིག་མར་འདོད་པ་རྣམས་ལ་ཁྱད་པར་དུ་གནོད་བྱེད་བཤད་པ་ནི། སྒྲ་དང་མར་མེ་སོགས་དང་ཤེས་པ་སྔ་མ་རྣམས་ཆོས་ཅན། ཅི་རིགས་ནས་རང་འཛིན་མངོན་སུམ་དང་དེ་ལས་གཅིག་ཤོས་ཀྱི་རང་དྲན་པའི་ཤེས་པ་ལ་གང་གིས་གསལ་བར་འགྱུར་ཏེ་མི་འགྱུར་བར་ཐལ། རང་འཛིན་མངོན་སུམ་དང་རང་དྲན་པའི་ཤེས་པ་དེའི་དུས་ན་ཁྱོད་རྣམས་ཤིག་ནས་མེད་པའི་ཕྱིར་ཏེ། ཁྱེད་རྣམས་དེའི་བསྐྱེད་བྱེད་ཡིན་པ་ཉིད་ཀྱིས་དེའི་སྔ་ལོགས་མའི་སྐད་ཅིག་མ་ཡིན་པའི་ཕྱིར། གལ་ཏེ་སྒྲ་སོགས་འཛིན་པའི་ཤེས་པ་རྣམས་རང་གི་དུས་ན་རང་རྒྱུ་སྒྲ་སོགས་འགགས་ཀྱང་རང་དང་དུས་མཉམ་པའི་སྒྲ་སོགས་གཟུང་དོན་དུ་བྱས་ནས་འཛིན་ནོ་ཞེ་ན། དེ་འདྲའི་ཤེས་པ་ཆོས་ཅན། རང་དང་དུས་མཉམ་པའི་སྒྲ་སོགས་གཟུང་དོན་དུ་བྱས་ནས་འཛིན་པ་མ་ཡིན་པར་ཐལ། དེས་ཁྱོད་ལ་ཕན་འདོགས་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། ཕན་འདོགས་བྱེད་མ་ཡིན་པའི་དོན་གཞན་རང་གི་གཟུང་དོན་དུ་གསལ་ན་དོན་ཀུན་རང་གི་གཟུང་དོན་དུ་གསལ་བར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར། གལ་ཏེ་ཤེས་པ་རང་དང་དུས་མཉམ་པའི་སྒྲ་སོགས་དེ་རང་མཚན་ལ་ཕན་འདོགས་བྱེད་མ་ཡིན་ཀྱང་། རང་གི་རྒྱུ་ལས་སྐྱེས་པའི་རིགས་ཡིན་པས། རང་གི་གཟུང་དོན་དུ་འཛིན་པར་ངེས་པ་ཡིན་ནོ་ཞེ་ན། གལ་ཏེ་ཤེས་པ་ལ་འདི་ཁོ་བོའི་རྒྱུ་རིགས་ཡིན་པས་གཟུང་བར་བྱའོ། །གཞན་ནི་དེ་མ་ཡིན་པས་གཟུང་བར་བྱ་བ་མ་ཡིན་ནོ་སྙམ་པའི་རྟོག་པ་ཡོད་ན་དེ་ལྟར་ངེས་པ་འཐད་མོད་ཀྱི། དབང་ཤེས་ལ་དེ་ལྟར་རྟོག་པ་འདི་ཡང་མེད་པས་དེ་ལྟར་ངེས་པ་མི་འཐད་དོ། །དེས་ན་སྒྲ་སོགས་དེ་བྱས་པའི་སྒྲ་སོགས་འཛིན་པའི་ཤེས་པ་ལ་ཆོས་ཅན། རང་གི་དུས་ན་སྒྲ་སོགས་དེ་མེད་ཀྱང་། སྒྲ་སོགས་དེ་གསལ་བར་མཐོང་ཞེས་བརྗོད་པ་འཐད་པ་ཡིན་ཏེ། རང་ཉིད་དོན་སྒྲ་སོགས་ཀྱི་རྣམ་པ་ཅན་དུ་སྣང་བ་ཉིད་ཀྱི་ཕྱིར། ཤེས་པ་དང་ལྷན་ཅིག་སྐྱེས་པའི་དོན་གཞན་སྒྲ་སོགས་ནི་ཆོས་ཅན། ཤེས་པ་ལ་རྣམ་པ་གཏོད་པར་མི་བྱེད་པར་ཐལ། དེ་ལ་ཕན་འདོགས་བྱེད་མིན་པའི་ཕྱིར། འདོད་ན། དེའི་གཟུང་དོན་དུ་གསལ་བར་ཇི་ལྟར་འགྱུར་ཏེ། མི་འགྱུར་བར་ཐལ། ཤེས་པ་ལ་རང་གི་རྣམ་པ་སྣང་བའི་སྒོ་ནས་རྣམ་པ་གཏོད་བྱེད་མ་ཡིན་པའི་ཕྱིར། གལ་ཏེ་སྒྲ་སོགས་མི་རྟག་པ་འཛིན་པ་ལ་རྣམ་པ་ཡོད་མོད་རྡོ་རྗེ་སོགས་རྟག་པ་འཛིན་པ་ལ་རྣམ་པ་མེད་དོ་ཞེ་ན། བརྟན་པ་གང་གི་དངོས་པོར་འདོད་པའི་རྡོ་རྗེ་ཕ་ལམ་དང་རྡོ་བ་ལ་སོགས་ཀྱི་དོན་ཡང་ཆོས་ཅན། འགྲོ་བ་སྟེ་དངོས་པོ་ཀུན་གྱི་དངོས་འབྲས་བསྐྱེད་པའི་དུས་བཞིན་དུ་རང་འཛིན་ཤེས་པ་ཅིག་ཅར་དུ་རང་ཉིད་ཀྱིས་བསྐྱེད་པར་འགྱུར་བར་ཐལ། རྐྱེན་གཞན་ལ་ལྟོས་མེད་དུ་དེ་བསྐྱེད་པའི་ཕྱིར། གལ་ཏེ་རྟག་ཀྱང་ལྷན་ཅིག་བྱེད་པའི་རྐྱེན་གྱིས་ཕན་འདོགས་པའི་ཕྱིར་རྡོ་རྗེ་ལ་སོགས་པ་འདིའི་རང་འཛིན་ཤེས་པ་དེ་དག་རིམ་བཞིན་འབྱུང་ངོ་ཞེ་ན། རྡོ་རྗེ་ལ་སོགས་པ་ཆོས་ཅན། སྐད་ཅིག་སྔ་ཕྱི་སོ་སོར་གཞན་དང་གཞན་ཡིན་པར་ཐལ། རྐྱེན་ལ་ལྟོས་ནས་རང་འཛིན་ཤེས་པ་རིམ་བཞིན་བསྐྱེད་བྱེད་ཡིན་པའི་ཕྱིར། འདོད་ན། རྡོ་རྗེ་ལ་སོགས་པ་འདིར་ཡང་ཆོས་ཅན། རང་འཛིན་ཤེས་པ་ལ་དངོས་སུ་སྣང་བ་མ་ཡིན་པར་ཐལ། དེའི་དུས་ན་ཁྱོད་ཞིག་ནས་མེད་པའི་ཕྱིར། ཞེས་སོགས་ཀྱི་སྐྱོན་ནི་སྔར་གང་གིས་ཤེས་པ་མེད་གསལ་འགྱུར་ཞེས་སོགས་སུ་བརྗོད་པ་བཞིན་ནོ། །དེ་དག་གིས་སློབ་དཔོན་དང་རང་གི་རིགས་པ་དུ་མས་བློ་ཚུལ་གཉིས་སུ་བསྒྲུབས་ནས། ད་དུས་ཕྱིས་དྲན་པ་ལས་ཀྱང་སྟེ། །ཚུལ་གཉིས་དང་ནི་རང་རིག་གྲུབ། །མ་མྱོང་བར་འདི་མེད་ཕྱིར་རོ། །ཞེས་པའི་སློབ་དཔོན་གྱི་རིགས་པ་གཞན་གྱིས་ཀྱང་བློ་ཚུལ་གཉིས་སུ་སྒྲུབ་པ་དེ། འགྲེལ་བྱེད་ཁ་ཅིག་ན་རེ། སྔར་ཡུལ་ཤེས་དེའི་ཤེས་པ་ཡིས་ཞེས་པས་བློ་ཡུལ་དང་ཤེས་པའི་ཚུལ་གཉིས་སུ་བསྒྲུབས་ནས་དུས་ཕྱིས་དྲན་པ་ལས་ཀྱང་ཞེས་པ་འདིས་ནི་བློ་རིག་བྱ་རིག་བྱེད་ཀྱི་ཚུལ་གཉིས་སུ་བསྒྲུབ་བོ་ཞེས་ཟེར་རོ། །དེ་མི་རིགས་ཏེ་འདི་ལྟར། དབང་ཤེས་རྣམས་ཆོས་ཅན། བྱེ་བྲག་སྨྲ་བ་སོགས་ཀྱི་ངོར་གཟུགས་སོགས་དང་ཁྱོད་རིག་བྱ་རིག་བྱེད་དུ་རྟགས་ཡང་དག་གིས་སྒྲུབ་མི་དགོས་ཏེ། གཟུགས་སོགས་དེ་རྣམ་པ་མེད་པར་བདག་ཉིད་ཀྱི་རང་གི་ངོ་བོས་མྱོང་བ་ལ་བྱེ་བྲག་སྨྲ་བ་སོགས་ཀྱིས་དེ་ལྟ་མ་ཡིན་ནོ་ཞེས་བརྩད་པའི་དགོས་པ་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར། དེས་ན་དགོས་པ་དེ་དག་གིས་ཤེས་པ་དེ་དོན་གྱི་རང་བཞིན་ཏེ་རྣམ་ལྡན་ཉིད་དུ་མ་གྲུབ་པས་དེའི་ངོར་དེར་བསྒྲུབ་དགོས་པས། དེ་ཆོས་ཅན། དོན་གྱི་རྣམ་ལྡན་དེར་ཡང་གྲུབ་སྟེ། དུས་ཕྱིས་ཡང་དག་པའི་དོན་རྟོགས་ཐ་དད་དུ་དྲན་པའི་ཕྱིར། དེ་ཉིད་འཆད་པ་དེ། གལ་ཏེ་རྣམ་པ་མེད་ན་དེ་ཆོས་ཅན། ཤེས་པ་འདི་ནི་གཟུགས་རྟོགས་པ་འདི་ལྟར་ཡིན་ནོ་སྒྲ་རྟོགས་པ་འདི་ལྟར་ནི་མིན་ཞེས་ཁྱོད་རྣམས་དོན་རྟོགས་ཐ་དད་དུ་འབྱེད་པའི་དྲན་པ་འདི་མེད་པར་འགྱུར་བར་ཐལ། ཁྱོད་རྣམས་རྣམ་པ་ཐ་དད་པར་མྱོང་བ་མེད་པའི་ཕྱིར་ཏེ། རང་རང་གི་སྤྱོད་ཡུལ་གྱི་རྣམ་པ་ཐ་དད་དུ་ཤར་བས་རྣམ་པ་ཐ་དད་དུ་ཕྱེ་བ་མེད་པའི་ཕྱིར། གལ་ཏེ་རྣམ་པ་མེད་ཀྱང་རྒྱུ་དབང་སོགས་ཐ་དད་པས་དོན་རྟོགས་ཐ་དད་དུ་འབྱེད་དོ་ཞེ་ན། དེ་ཆོས་ཅན། རྣམ་པ་མེད་པར་རྒྱུ་དབང་སོགས་ཐ་དད་པ་འགའ་ཞིག་ལས་ཀྱང་ཁྱེད་རྣམས་དོན་རྟོགས་ཐ་དད་དུ་རྣམ་པར་འབྱེད་པ་མིན་པར་ཐལ། ཁྱེད་རྣམས་ཡུལ་ཀུན་ལ་ཉམས་སུ་མྱོང་བ་ཙམ་དུ་འདྲ་བའི་ཕྱིར། གལ་ཏེ་ཉམས་མྱོང་ཙམ་དུ་འདྲ་ཡང་མི་འདྲ་བའི་ཁྱད་པར་ཕྲ་མོ་ཡོད་པས་དོན་རྟོགས་ཐ་དད་དུ་དྲན་ནོ་ཞེ་ན། དེ་ཆོས་ཅན། ཁྱེད་རྣམས་ལ་མི་འདྲའི་ཁྱད་པར་ཕྲ་མོ་ཡོད་ཀྱང་དོན་རྟོགས་ཐ་དད་དུ་རྣམ་པར་འབྱེད་པར་དྲན་པའི་བློ་མེད་པར་ཐལ། རྣམ་པ་ཐ་དད་པའི་ཁྱད་པར་གསལ་བར་མྱོང་བ་མེད་པའི་ཕྱིར། དཔེར་ན་འཚེ་མ་སྤུན་གཉིས་དང་མིག་འཁྲུལ་མཁན་གྱི་སྒོ་ང་གཉིས་མི་འདྲ་བའི་ཁྱད་པར་ཕྲ་མོ་ཡོད་ཀྱང་ཐ་དད་དུ་མི་ཕྱེད་པ་སོགས་བཞིན་ནོ། །ད་ནི་བྱེ་བྲག་སྨྲ་བ་སོགས་གང་དག་བློ་རང་ལ་བྱེད་པ་འགལ་བས་རང་གིས་རང་རིག་པ་མ་ཡིན་གྱི་བློ་རྫས་གཞན་གྱིས་མྱོང་བར་འདོད་པ་རྣམས་བསལ་ནས་བློ་རང་རིག་པར་སྒྲུབ་པ་ནི། མདོར། ཤེས་པ་གཞན་གྱིས་ཉམས་མྱོང་ན། །ཐུགས་མེད་དེ་ལའང་དྲན་པ་སྟེ། །ཞེས་པ་འགྲེལ་ཏེ། དེ་ལ་རེ་ཞིག་བློ་ཚུལ་གཉིས་སུ་སྒྲུབ་པའི་རིགས་པས་ཞར་ལ་རང་རིག་པར་གྲུབ་བོ་ཞེས་སྟོན་པ་དེ། བློ་ཚུལ་གཉིས་སྒྲུབ་པར་བྱེད་པའི་རིགས་པས་དུས་ཕྱིས་དོན་རྟོགས་ཐ་དད་དུ་དྲན་པའི་རྟགས་ཀྱིས་ཀྱང་རང་རིག་པ་ཕལ་ཆེར་ཞར་ལ་གྲུབ་པ་ཡིན་ཏེ། རང་རིག་མེད་པར་དོན་རྟོགས་ཐ་དད་དུ་མྱོང་བ་མེད་པའི་ཕྱིར་རོ། །ཇི་ལྟར་ན་ཚུལ་གཉིས་གྲུབ་པས་རང་རིག་གྲུབ་ཅེ་ན། དབང་ཤེས་ཆོས་ཅན། རང་མྱོང་བར་གྲུབ་སྟེ། རང་གི་ངོ་བོར་གྱུར་པའི་གཟུང་བའི་རྣམ་པ་སྣང་ཞིང་མྱོང་བ་དེ་ཚེ་སྟེ་དེའི་ཕྱིར། གལ་ཏེ་བློ་ཚུལ་གཉིས་པ་ཡིན་ཀྱང་ཤེས་པ་སྔ་མ་རྣམས་ཕྱི་མས་མྱོང་བ་ཡིན་གྱི་རྣམ་པ་མེད་དོ་ཞེ་ན། བློ་སྔ་མ་དེའི་དངོས་པོ་སྟེ་རྣམ་པ་ཅན་གྱི་བློ་ཕྱི་མ་དེ་ཡིས་ནི་ཆོས་ཅན། ཤེས་པ་སྔ་མ་དེ་ཇི་ལྟར་མྱོང་བ་ཡིན་ཏེ་མ་ཡིན་པར་ཐལ། ཤེས་པ་སྔ་མ་དེ་རང་གི་དུས་ན་འགགས་པའི་ཕྱིར། ཡང་དེ་ཆོས་ཅན། རང་མ་མྱོང་བར་མ་ཟད་མ་ལུས་པ་ཤེས་པ་སྔ་མ་ཉམས་སུ་མྱོང་བའང་ལྡོག་པར་འགྱུར་བར་ཐལ། ཁྱེད་ཀྱིས་རང་གི་ངོ་བོའང་མྱོང་བ་མེད་པའི་ཕྱིར། གཞན་ཡང་ཤེས་པ་རང་མི་རིག་པ་མངོན་སུམ་དང་ཡང་འགལ་ཏེ། བློ་རང་ཉིད་ལ་འཛིན་ཅིང་མྱོང་བར་བྱེད་པའི་བློ་དེ་ནི་ཆོས་ཅན། ཁ་ཕྱི་རོལ་དུ་མངོན་པར་ཕྱོགས་ནས་སྣང་བར་ཐལ། རང་ལས་རྫས་གཞན་པའི་དོན་ཡུལ་དུ་སྣང་བ་དང་ལྡན་པའི་ཤེས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྟག་ཏུ་བདག་ཉིད་ལ་ཁ་ནང་དུ་མངོན་པར་ཕྱོགས་པའི་ཕྱིར་རོ། །གཞན་ཡང་ཁྱེད་ལྟར་ན་སྔོར་སྣང་དབང་ཤེས་དེ་ཆོས་ཅན། ཁྱོད་ཀྱིས་རང་ཡུལ་སྔོ་སོགས་གང་གི་རྣམ་པར་སྣང་བ་གང་ཡིན་དེའང་མྱོང་བ་མིན་པར་ཐལ། དེ་རང་ལས་རྫས་གཞན་པའི་ཕྱི་རོལ་ཡིན་པའི་ཕྱིར། ཞེས་པའི་སྐྱོན་ཡང་ཐོབ་བོ། །གལ་ཏེ་དོན་དེ་དང་འདྲ་བ་ལས་དོན་དེ་མྱོང་བའི་རྒྱུ་མཚན་ཅི་ཡོད་དེ་མེད་པར་འདྲ་བས་མྱོང་བར་འཇོག་ཅེས་འདོད་ན། ཚེ་མ་སྤུན་སོགས་འདྲ་བའི་དངོས་པོ་ཐམས་ཅད་ཆོས་ཅན། ཕན་ཚུན་གཅིག་གིས་གཅིག་མྱོང་བ་ཉིད་ཡིན་པར་ཐལ། འདྲ་བའི་ཕྱིར་ཅེས་པའི་སྐྱོན་ཐོབ་པར་འགྱུར་རོ། །གལ་ཏེ་བློར་གྱུར་པའི་འདྲ་བས་དོན་དེ་མྱོང་བར་འཇོག་གོ་ཞེ་ན། ཤེས་བྱ་ཆོས་ཅན། འདྲ་བ་ཙམ་ལས་མྱོང་བར་འཇོག་པ་འཐད་པ་མ་ཡིན་པར་ཐལ། མྱོང་བར་འཇོག་པ་ལ་བློ་འགྱུར་བའི་འདྲ་བ་དགོས་པ་དེ་ནའི་ཕྱིར། གལ་ཏེ་མྱོང་བ་ཡང་འདྲ་བ་ལ་ལྟོས་དགོས་ཏེ་དོན་མྱོང་བ་བཞིན་ནོ་ཞེ་ན། ཤེས་པ་དེའི་མྱོང་བ་ཆ་དེ་ཆོས་ཅན། དོན་དེ་དང་ནི་འདྲ་བའི་རྒྱུ་ཅན་དོན་འདྲ་བས་རྣམ་པར་བཞག་བྱ་མིན་པར་ཐལ། རང་ཉིད་མྱོང་བའི་བདག་ཉིད་དུ་སྐྱེས་པའི་ཆ་ལས་དེར་གྲུབ་པའི་ཕྱིར། གལ་ཏེ་དེ་ལྟ་ཡིན་ན་དོན་འདྲ་བ་དོན་མེད་དོ་ཞེ་ན། དོན་འདྲ་བ་འདི་ནི་ཆོས་ཅན། རང་ཉིད་མྱོང་བའི་ཆ་དེ་ཉིད་ཁྱོད་ཀྱི་རྣམ་པར་བཞག་བྱ་མ་ཡིན་པས་ཁྱོད་དོན་མེད་པ་མ་ཡིན་པར་ཐལ། འཇིག་རྟེན་ན་སྟེ་ཐ་སྙད་དུ་ལས་གཟུགས་སོགས་ཀྱི་བྱ་བ་དོན་རྟོགས་ཐ་དད་པའི་རྣམ་གཞག་གི་རྒྱུར་འགྱུར་བའི་ཕྱིར། གལ་ཏེ་ཤེས་པས་རང་མྱོང་ན་སྔོ་སོགས་མྱོང་བ་གྲགས་པ་ཇི་ལྟར་ཡིན་ཞེ་ན། སྔོ་སོགས་སུ་སྣང་བའི་དབང་ཤེས་ཆོས་ཅན། དོན་གཞན་ཕྱི་རོལ་གྱི་བདག་ཉིད་མྱོང་བ་ལས་སྔོ་སོགས་མྱོང་བར་གྲགས་པ་མིན་པར་ཐལ། རང་གི་ངོ་བོར་གྱུར་པའི་རང་བཞིན་རྣམ་པ་མྱོང་བ་ལ་འཁྲུལ་པའི་བློས་ཕྱི་རོལ་དེའི་སྔོ་སོགས་མྱོང་བར་སྒྲོ་འདོགས་པ་ལས་སྔོ་སོགས་མྱོང་བར་གྲགས་པ་ཙམ་ཡིན་པའི་ཕྱིར། གལ་ཏེ་བློ་ལ་སྔོ་སོགས་སུ་སྣང་བའི་ཕྱིའི་སྔོ་སོགས་མ་ཡིན་པར་སྔོ་སོགས་ཀྱི་དངོས་ཏེ་རྣམ་པ་སྣང་བ་ཡིན་ན་ཕྱི་རོལ་གྱི་དོན་ཡོད་པ་ལ་སྒྲུབ་བྱེད་ཀྱི་ཚད་མ་གང་སྟེ་མེད་པར་ཐལ་ལོ་ཞེ་ན། སྔོར་སྣང་དབང་པོའི་བློ་དེ་ནི་ཆོས་ཅན། ཇི་ལྟར་ན་སྔོ་སོགས་གཟུང་དོན་དུ་བྱས་ན་མྱོང་བ་ཡིན་ཏེ་མ་ཡིན་པར་ཐལ། སྔོ་སོགས་ཀྱི་དངོས་ཏེ་རྣམ་པ་ཅན་མིན་པའི་ཕྱིར། ད་ནི་འདྲ་ལས་མྱོང་མ་ཡིན་གྱི་གཞུང་འཛུགས་པ་དེ། ཤེས་པའི་མྱོང་བ་བདག་ཉིད་ཀྱི་ཆ་འདི་དེ་ནི་ཆོས་ཅན། དོན་དང་འདྲ་བ་ཉིད་ཀྱིས་ཅི་ཞིག་ཉེ་བར་སྒྲུབ་སྟེ་དེའི་བསྒྲུབ་བྱ་མ་ཡིན་པར་ཐལ། གང་གི་ཚེ་དོན་དང་འདྲ་བའི་རྒྱུ་མཚན་ཅན་མ་ཡིན་པར་རང་ཉིད་མྱོང་བའི་བདག་ཉིད་དུ་སྐྱེས་པའི་ཆ་ལས་གྲུབ་པའི་ཕྱིར། གཞན་ཡང་འདྲ་བས་མྱོང་བར་འཇོག་ན་བདག་ཉིད་ཀུན་དང་འདྲ་བས་མྱོང་བར་འཇོག་གམ་ཆ་འགའ་ཞིག་འདྲ་བས་མྱོང་བར་འཇོག་དང་པོ་ལྟར་ན། དབང་པོའི་ཤེས་པ་ཆོས་ཅན། ཤེས་པ་ཉིད་མིན་པར་འགྱུར་བར་ཐལ། དོན་དང་བདག་ཉིད་ཀུན་གྱིས་འདྲ་བའི་ཕྱིར། གཉིས་པ་ལྟར་ན། ཡུལ་ཐམས་ཅད་ཆོས་ཅན། ཤེས་པ་ཐམས་ཅད་ཀྱིས་མྱོང་བར་འགྱུར་བར་ཐལ། ཤེས་པ་དང་ཆ་འགའ་ཞིག་གིས་མཚུངས་པའི་ཕྱིར། གལ་ཏེ་ཤེས་པས་སྔོ་སོགས་གཟུང་དོན་དུ་བྱས་ནས་ཉམས་སུ་མྱོང་བར་འདོད་དེ། ཇི་ལྟར་ཡང་སྔོ་སོགས་ལས་སྐྱེས་ཤིང་ངོ་སྟེ་སྔོ་སོགས་དང་འདྲ་བའི་ཕྱིར་ཞེ་ན། དོན་ལས་སྐྱེས་ཤིང་དོན་དང་འདྲ་བར་མྱོང་བར་འཇོག་པ་དེ་བཞིན་དུ་སྔོ་འཛིན་ཤེས་པ་ཕྱི་མ་དེ་ཆོས་ཅན། སྔོ་འཛིན་ཤེས་པ་སྔ་མ་དེ་ཡང་གཟུང་དོན་དུ་བྱས་ནས་ཉམས་སུ་མྱོང་བར་འགྱུར་བར་ཐལ། ཉམས་མྱོང་སྔོ་འཛིན་ཤེས་པ་སྔ་མ་ལས་སྐྱེས་ཤིང་ངོ་བོ་སྟེ་དེ་དང་འདྲ་བའི་ཕྱིར། གལ་ཏེ་ཁོ་བོས་དོན་གཟུགས་སོགས་གཟུང་དོན་དུ་བྱས་ནས་མྱོང་ཞེས་ངེས་པ་དེ་བཞིན་དུ་ཤེས་པ་ཕྱི་མས་ཉམས་མྱོང་ཤེས་པ་སྔ་མ་འདི་གཟུང་དོན་དུ་བྱས་ནས་ཉམས་སུ་མྱོང་ཞེས་ངེས་པ་མིན་པ་དེའི་ཕྱིར་ཉེས་པ་མེད་ཅེ་ན། སྔོ་འཛིན་ཤེས་པ་ཆོས་ཅན། ཁྱོད་འཇུག་པའི་དུས་རྟག་ཏུ་སྔོ་སོགས་གཟུང་དོན་དུ་ཡོད་པ་མ་ཡིན་པར་ཐལ། ཁྱོད་སྔོ་སོགས་གཟུང་དོན་ལའང་འཇུག་པའི་དུས་རྟག་ཏུ་འདི་གཟུང་དོན་དུ་བྱས་ནས་ཉམས་སུ་མྱོང་ངོ་ཞེས་པའི་ངེས་པ་དེ་ནི་སྐྱེ་བ་མེད་པའི་ཕྱིར་རོ། །གལ་ཏེ་འདི་ཉམས་སུ་མྱོང་ངོ་ཞེས་པའི་ངེས་པ་དེ་རྟག་ཏུ་མེད་ཀྱང་དེ་ཡོད་པ་ཉིད་ཀྱི་རྒྱུ་མཚན་དོན་གཞན་ལས་སྐྱེས་ཤིང་དོན་དང་འདྲ་བ་ཡོད་པས་སྐྱོན་མེད་དོ་ཞེ་ན། མྱོང་བ་སྔོ་འཛིན་ཤེས་པ་ཕྱི་མ་དེ་ཆོས་ཅན། ཁྱོད་ལ་སྔོ་འཛིན་ཤེས་པ་སྔ་མ་འདི་མྱོང་ངོ་ཞེས་པའི་ངེས་པ་མེད་པའང་ཅིའི་ཕྱིར་ཡོད་པར་ཐལ། དེ་ལས་སྐྱེས་ཤིང་དེ་དང་འདྲ་བའི་ཕྱིར། གཞན་ཡང་ཤེས་པ་རང་རིག་པའི་སྒྲུབ་བྱེད་གཞན་ཡང་ཡོད་དེ། དཀར་སོགས་མཐོང་བའི་ཚེ་ན་དཀར་སོགས་མངོན་པར་གསལ་བའི་རང་བཞིན་དུ་གྱུར་པའི་རིག་པ་གསལ་བར་སྐྱེ་བ་ནི་ཡོད་མོད་དེ་སྐྱེས་བུ་སྟེ་ཤེས་པའི་སྣང་བ་འདི་གང་ཡིན། དེ་ཅི་དཀར་སོགས་མངོན་པར་གསལ་བའི་ཤེས་པ་ལས་རྫས་གཞན་པའི་དངོས་པོ་ཡིན་ནམ་འོན་ཏེ་དེའི་བདག་ཉིད་དུ་གྱུར་པ་ཡིན། གལ་ཏེ་དེ་ལས་རྫས་གཞན་པའི་དངོས་པོ་ཡིན་ན་དཀར་སོགས་གསལ་བའི་ཤེས་པ་ནི་ཆོས་ཅན། ཇི་ལྟར་ན་དཀར་སོགས་གསལ་བར་འགྱུར་ཏེ་མི་འགྱུར་བར་ཐལ། རང་ཉིད་གསལ་བ་མིན་པའི་ཕྱིར། ཁྱབ་སྟེ། ཤེས་པ་ནི་རང་གསལ་བ་ཡིན་པའི་སྒོ་ནས་ཡུལ་དེ་གསལ་བར་བྱེད་པ་ཡིན་ལ་རང་གསལ་བ་མིན་པ་ལ་འགྲོ་བ་ཡུལ་དེ་མ་ལུས་པ་གསལ་བར་ནུས་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་དཀར་སོགས་གསལ་བའི་ཤེས་པ་དེ་གསལ་བའི་རང་བཞིན་གྱི་ཤེས་པ་རྫས་གཞན་གྱིས་གསལ་བ་ཡིན་ན། དེ་ལྟ་ནའང་དཀར་སོགས་གསལ་བའི་ཤེས་པ་ཆོས་ཅན། རང་གསལ་བྱེད་ཀྱི་ཤེས་པ་རྫས་གཞན་དེ་ཡང་དེ་ལས་རྫས་གཞན་ཤེས་པས་གསལ་དགོས་པ་སོགས་ཐུག་པ་མེད་པར་བརྒྱུད་དགོས་པར་ཐལ་བར་འགྱུར་བ་དེའི་ཕྱིར། གཞན་བློ་རང་རིག་མེད་ན་སྐྱོན་གཞན་ཡང་ཡོད་དེ། མཐོང་བ་དཀར་འཛིན་གྱི་ཤེས་པ་ཆོས་ཅན། ཇི་ལྟར་ན་ཁྱོད་ཀྱི་དཀར་སོགས་འཛིན་ནོ་ཞེས་དཀར་སོགས་དེའི་ཁྱད་པར་དུ་བྱས་པར་དྲན་པར་འགྱུར་ཏེ་མི་འགྱུར་བར་ཐལ། ཁྱོད་དང་དཀར་པོ་ཡུལ་ཡུལ་ཅན་དུ་འབྲེལ་བར་ཤེས་པ་མེད་པའི་ཕྱིར། རྟགས་གྲུབ་སྟེ། གང་གི་ཕྱིར་དཀར་སོགས་དང་དཀར་སོགས་འཛིན་པའི་ཤེས་པ་གཉིས་ལས་གཅིག་ཡུལ་རྟོགས་པའི་ཚེ་གཉིས་པ་ཡུལ་ཅན་མཐོང་བའི་ཤེས་པ་ཡོད་པ་མ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། དེ་གཉིས་དག་ཡུལ་ཡུལ་ཅན་དུ་འབྲེལ་བར་མཐོང་བ་ན་དཀར་སོགས་འཛིན་པའི་ཤེས་པ་དེས་དཀར་སོགས་མཐོང་ཞེས་བྱ་བར་ངེས་པར་འགྱུར་གྱི་གཞན་དུ་ན་དེ་ལྟ་མ་ཡིན་པའི་ཕྱིར། གལ་ཏེ་གང་གིས་དཀར་སོགས་མཐོང་བའི་ཤེས་པ་དཀར་སོགས་དང་འདྲ་བར་ནི་དཀར་སོགས་མྱོང་བ་ལས་དུས་ཕྱིས་འབྱུང་བའི་སེམས་གཞན་གྱིས་མཐོང་ཞིང་དྲན་པར་འགྱུར་བ་དེ་ཙམ་ལ་དཀར་སོགས་འཛིན་པས་དཀར་སོགས་མཐོང་ཞེས་བརྗོད་ཅེ་ན། དཀར་སོགས་འཛིན་པའི་ཤེས་པ་འདི་ཆོས་ཅན། རང་རིག་གྲུབ་པར་ཐལ། དཀར་སོགས་དང་འདྲ་བར་དུས་ཕྱིས་དྲན་པའི་ཕྱིར། ཅི་སྟེ་དེ་འདྲའི་ཤེས་པ་དེ་རང་གི་དངོས་པོ་སྟེ་ངོ་བོ་མི་རིག་ན། དེའི་ཕྱིར་ཇི་ལྟར་ན་ཡུལ་གཞན་དཀར་སོགས་ཀྱི་ངོ་བོ་རིག་སྟེ་མི་རིག་པར་ཐལ་ལོ། །གལ་ཏེ་རང་རིག་མེད་ཀྱང་དོན་འདྲ་བ་ལས་དོན་མྱོང་བར་འཇོག་གོ་ཞེ་ན། རང་རིག་མེད་པར་དཀར་སོགས་དང་འདྲ་བ་ལས་ནི་དཀར་སོགས་མྱོང་བར་འཇོག་ཅེས་པའང་མི་རིགས་པར་ཐལ། དེ་འདྲ་དེ་སྔར་ཉིད་ནས་རིགས་པ་ཡང་དག་གིས་རྣམ་པར་བསལ་བ་ཡིན་པའི་ཕྱིར། གཞན་ཡང་དེ་ནི་ཆོས་ཅན། ཇི་ལྟར་ན་མཐོང་བ་དཀར་སོགས་དང་འདྲ་བ་ཡིན་པར་རྗེས་ཀྱི་ངེས་ཤེས་དེས་ངེས་པར་འགྱུར་ཏེ་མི་འགྱུར་བར་ཐལ། དོན་དཀར་སོགས་ནི་སྔར་རང་དུས་ན་ཚད་མས་མཐོང་བ་ཡོད་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། ཚད་མས་ཆོས་མཐུན་པར་མཐོང་བ་དག་ནི་ཕན་ཚུན་འདྲ་བར་འཛིན་པ་ཡིན་པའི་ཕྱིར། ཤེས་པ་དོན་དང་འདྲ་བ་ཉིད་ཀྱང་མི་འདོད་པ་གང་ཡིན་པའི་བྱེ་བྲག་སྨྲ་བ་དེའི་ལུགས་ལ་ཆོས་ཅན། དོན་དང་ཤེས་པ་གཉིས་ཚད་མས་མཐོང་བ་མེད་པར་ཐལ། ཤེས་པ་དོན་དང་འདྲ་བ་མེད་པ་ལ་རང་རིག་ཀྱང་མེད་པའི་ཕྱིར། འདོད་ན། དེའི་ཚེ་འདི་ནི་དོན་དང་འདི་ནི་ཤེས་པ་དེ་དག་གི་ཐ་སྙད་སྨོས་སུ་ག་ལ་ཡོད་དེ་མེད་པར་ཐལ་ལོ། །ཅི་སྟེ་རང་དང་དཀར་སོགས་སུ་སྣང་བ་དེ་ཤེས་པ་རང་གི་དངོས་པོ་སྟེ་བདག་ཉིད་ཡིན་ནོ་ཞེ་ན། འོ་ན་དེའི་ཕྱིར་དེ་ཆོས་ཅན། རང་ཉིད་རབ་ཏུ་གསལ་བར་འགྱུར་བར་ཐལ་ལོ། །དེ་དག་གི་དོན་བསྡུ་བ་ནི། གལ་ཏེ་ཤེས་པ་རང་རིག་མེད་ན་དེ་ཆོས་ཅན། དོན་ནམ་ཡུལ་མི་གསལ་བ་ཉིད་དུ་འགྱུར་བར་ཐལ་ལོ། །གང་གི་ཕྱིར་རང་ཉིད་མི་གསལ་བ་ཡིན་པའི་ཕྱིར་ཞེས་པའི་སྐྱོན་ཡོད་དོ་ཞེ་ན། དེ་དག་གིས་བློ་རང་རིག་མེད་པ་བསལ་ནས་ཞར་ལ་རང་བློ་མངོན་གྱུར་མ་ཡིན་པར་འདོད་པར་གནོད་པ་བསྟན་པའི་ཕྱིར་བཤད་པ་དེ། བློ་བདག་ཉིད་རིག་པ་མིན་པར་འདོད་པའི་ཕྱོགས་དག་ལ་ཤེས་པས་དོན་ཀུན་མཐོང་བ་མེད་པར་ཐལ་ཞེས་པའི་རིགས་པ་འདི་ཡིས་ནི་རང་བློ་མངོན་སུམ་གྱིས་གྲུབ་པའི་མངོན་གྱུར་མིན་པར་སྨྲ་བ་གང་ཡིན་པའི་རྒྱལ་དཔོག་པ་དེ་ལའང་གནོད་བྱེད་ཀྱི་ལན་བཏབ་པའོ། །རང་བློ་མངོན་གྱུར་ཡིན་པ་སྒྲུབ་བྱེད་གཞན་ཡང་ཡོད་དེ། བདེ་སྡུག་འདོད་པ་དང་མི་འདོད་པ་ལ་སོགས་པ་ཆོས་ཅན། རང་རྒྱུད་ལ་མངོན་སུམ་གྱིས་མངོན་གྱུར་དུ་གྲུབ་སྟེ། རྟེན་དབང་པོ་དང་དམིགས་པ་ཡུལ་དང་གོམས་པ་ཡིད་བྱེད་སྔ་མའི་ཁྱད་པར་ལས་སིམ་གདུང་བར་མ་ལ་སོགས་པའི་ཁྱད་པར་ཐ་དད་པར་མྱོང་བར་འཇུག་པ་ཅན་ཡིན་པའི་ཕྱིར། དེས་ན་དེ་དག་ཆོས་ཅན། རང་རིག་མེད་པར་རང་ལས་རྫས་གཞན་པའི་ཤེས་པས་མྱོང་བ་མ་ཡིན་ཏེ། བློ་རང་ཉིད་ལས་རྫས་ཐ་དད་པའི་ཤེས་པ་གཞན་དེ་ཁྱེད་རྣམས་ཤེས་ཤིང་མྱོང་བ་གང་ཡིན་པ་ནི་ཅུང་ཟད་ཀྱང་ཚད་མས་རྟོགས་པ་མ་ཡིན་པའི་ཕྱིར། གལ་ཏེ་བདེ་སོགས་དེ་རང་ལས་ཤེས་པ་རྫས་གཞན་གྱིས་རིག་ཅིང་མྱོང་བ་ཡིན་ན། ལྷ་སྦྱིན་གྱི་བདེ་སོགས་དེ་ཆོས་ཅན། གཞན་མཆོད་སྦྱིན་གྱི་ཤེས་པས་ཀྱང་སྤྱོད་ཅིང་མྱོང་བར་འགྱུར་བར་ཐལ། རང་རིག་མེད་པར་རང་ལས་རྫས་གཞན་གྱི་ཤེས་པས་མྱོང་དགོས་པའི་ཕྱིར། གལ་ཏེ་ལྷ་སྦྱིན་གྱི་བདེ་སོགས་དེས་བསྐྱེད་པ་དང་དེར་སྣང་བའི་བློས་ལྷ་སྦྱིན་གྱི་བདེ་སོགས་དེ་རིག་པ་ཡིན་གྱི་གཞན་གྱིས་ནི་མིན་པས་སྐྱོན་མེད་དོ་ཞེ་ན། ལྷ་སྦྱིན་གྱི་བདེ་སོགས་ལ་དམིགས་པར་བྱེད་པའི་གཞན་མཆོད་སྦྱིན་གྱི་ཡིད་རྟོག་དེ་ལ་ཡང་ཆོས་ཅན། ལྷ་སྦྱིན་གྱི་བདེ་སོགས་ལས་སྐྱེས་པ་དང་དེར་སྣང་བ་གཉིས་པོ་འདི་ཁྱོད་ལ་གདོན་མི་ཟ་བར་ཡོད་པར་ཐལ། ཅི་སྟེ་ལྷ་སྦྱིན་གྱི་བདེ་སོགས་དེ་ལས་སྐྱེས་པ་མིན་ཞིང་དེར་སྣང་བ་ཅན་ཡང་མ་ཡིན་ན་བློ་རང་ཉིད་གཟུང་ཡུལ་མེད་པར་ཅན་དུ་གྱུར་བའི་སྐྱོན་ཡོད་པའི་ཕྱིར། གལ་ཏེ་ལྷ་སྦྱིན་གྱི་བདེ་སོགས་ཀྱི་སྤྱི་དེ་གཟུང་དོན་ཡིན་པས་སྐྱོན་མེད་དོ་ཞེ་ན། དེ་ཆོས་ཅན། ལྷ་སྦྱིན་གྱི་བདེ་སོགས་ཀྱི་སྤྱི་དག་ཀྱང་མི་འཛིན་པར་ཐལ། ལྷ་སྦྱིན་གྱི་བདེ་སོགས་དེ་མ་བཟུང་བའི་ཕྱིར། ལྷ་སྦྱིན་གྱི་བདེ་སོགས་ཀྱི་སྤྱི་དེ་ཆོས་ཅན། མཆོད་སྦྱིན་གྱི་ཡིད་རྟོག་སྐྱེད་བྱེད་མ་ཡིན་པར་ཐལ། ཁྱོད་ཅུང་ཟད་ཀྱང་དངོས་པོར་གྲུབ་པ་མིན་ནོ་ཞེས་ཀྱང་སྔར་ནས་བཤད་ཟིན་པའི་ཕྱིར། གང་གི་ཕྱིར་ཇི་སྐད་བཤད་པའི་རྒྱུ་མཚན་དེའི་ཕྱིར་ལྷ་སྦྱིན་གྱི་བདེ་སོགས་ལ་དམིགས་པའི་མཆོད་སྦྱིན་གྱི་ཡིད་བློ་རྟོག་པ་དེ་ཆོས་ཅན། རང་རྒྱུད་ལས་མངོན་སུམ་གྱིས་གྲུབ་པའི་མངོན་གྱུར་དང་བདག་རིག་ཡིན་པར་གྲུབ་སྟེ། རང་ལ་དོན་བདེ་སོགས་སུ་སྣང་བ་དེ་ཤེས་པ་རང་ལས་རྫས་གཞན་མིན་པ་དེས་ནའི་ཕྱིར། གལ་ཏེ་མཆོད་སྦྱིན་གྱི་ཡིད་རྟོག་གིས་ལྷ་སྦྱིན་གྱི་བདེ་སོགས་དེ་ལ་འཛིན་པར་བྱེད་ཀྱང་མངོན་སུམ་ཉིད་དུ་འཛིན་པ་ནི་མིན་པས་གཞན་གྱིས་ཀྱང་ནི་དེ་སྤྱོད་འགྱུར་གྱི་སྐྱོན་མེད་པར་ཐལ། ལྷ་སྦྱིན་རང་གི་ཡིད་རྟོག་གིས་རང་གི་བདེ་སོགས་ལ་མངོན་སུམ་དུ་འཛིན་པས་དེ་མྱོང་བྱེད་མེད་པའི་སྐྱོན་མེད་དོ་ཞེ་ན། ལྷ་སྦྱིན་གྱི་བདེ་སོགས་འཛིན་པའི་ལྷ་སྦྱིན་གྱི་ཡིད་རྟོག་དང་མཆོད་སྦྱིན་གྱི་ཡིད་རྟོག་གཉིས་ཆོས་ཅན། ལྷ་སྦྱིན་གྱི་བདེ་སོགས་མངོན་སུམ་དུ་འཛིན་པ་དང་མི་འཛིན་པའི་ཐ་དད་པའི་ཁྱད་པར་དེ་གང་ལས་ཡིན་ཏེ་མི་རིགས་པར་ཐལ། དེ་ཁྱེད་གཉིས་ཀས་གཟུང་དོན་དུ་བྱས་ནས་འཛིན་པར་མཚུངས་པའི་ཕྱིར། གལ་ཏེ་ལྷ་སྦྱིན་གྱི་རྟོག་པས་རང་གི་བདེ་སོགས་མྱོང་སྟེ་མྱོང་བའི་རྒྱུ་མ་མཐོང་བ་ཆོས་དང་ཆོས་མིན་གྱི་ལས་ཡོད་པའི་ཕྱིར་དང་། དེ་བདག་གི་དོན་གཅིག་ལ་ལྡན་པ་སྟེ་འདུ་བ་ཅན་ཡིན་པའི་ཕྱིར་དང་དབང་ཕྱུག་དགའ་བ་སོགས་ཀྱི་ཕྱིར་རོ། །མཆོད་སྦྱིན་གྱི་རྟོག་པས་ནི་མ་ཡིན་རྒྱུ་མཚན་དེ་དག་མེད་པའི་ཕྱིར་རོ། །དེས་ན་བདེ་སོགས་དེ་རིམ་པ་བཞིན་རང་གཞན་གྱིས་མྱོང་བ་དང་མི་མྱོང་སོ་སོར་ངེས་པ་ཡིན་ནོ་ཞེ་ན། ལྷ་སྦྱིན་གྱི་བདེ་སོགས་ལ་རྟོག་པའི་མཆོད་སྦྱིན་གྱི་རྟོག་པ་ཆོས་ཅན། གཞན་ལྷ་སྦྱིན་གྱི་བདེ་སོགས་ནི་རྣམ་པ་ཀུན་ཏུ་གཟུང་དོན་དུ་འཛིན་ཅིང་མྱོང་བར་མི་འགྱུར་བར་ཐལ། དེ་མྱོང་བའི་རྒྱུ་མཚན་མ་མཐོང་སོགས་དེ་དག་མེད་པའི་ཕྱིར། ཡང་ལྷས་སྦྱིན་གྱིས་བདེ་སོགས་ལ་རྟོག་པའི་ལྷས་སྦྱིན་དང་གནོད་སྦྱིན་གྱི་རྟོག་པ་གཉིས་ཆོས་ཅན། ལྷས་སྦྱིན་གྱི་བདེ་སོགས་མྱོང་བ་དང་མ་མྱོང་བའི་དབྱེ་བ་མི་འཐད་པར་ཐལ། དེ་རང་གི་གཟུང་དོན་དུ་མཚུངས་པའི་ཕྱིར་ཅེས་པའང་སྔར་ནས་རིགས་པ་གང་གིས་བསལ་ཟིན་ཏོ། །གཞན་ཡང་རྒྱང་འཕེན་པ་དང་རྒྱལ་དཔོག་པས་རྣལ་འབྱོར་མངོན་སུམ་མི་འདོད་ཀྱང་རྣལ་འབྱོར་མངོན་སུམ་འདོད་པའི་བྱེ་བྲག་སྨྲ་བ་རིག་པ་ཅན་པ་བྱེ་བྲག་པ་གང་དག་གི་ལུགས་ལ། གཞན་རྒྱུད་ཀྱི་བདེ་སྡུག་མངོན་སུམ་དུ་དམིགས་པའི་རྣལ་འབྱོར་པ་དེ་ཡང་ཆོས་ཅན། གཞན་གྱི་བདེ་སྡུག་ལ་དམིགས་པ་ཙམ་གྱིས་བདེ་སྡུག་ཅན་གྱི་སྐྱེས་བུ་དེ་བཞིན་དུ་བདེ་སྡུག་གིས་སིམ་པ་དང་གདུང་བར་འགྱུར་བར་ཐལ། རང་རྒྱུད་ཀྱི་རྣལ་འབྱོར་མངོན་སུམ་གྱིས་གཞན་གྱི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་མྱོང་བ་དང་བདེ་སྡུག་ཅན་གྱི་སྐྱེས་བུས་བདེ་སྡུག་ཉམས་སུ་མྱོང་ཚུལ་མཚུངས་པའི་ཕྱིར། གལ་ཏེ་རྣལ་འབྱོར་པ་དེ་དག་ལ་ནད་ལ་སོགས་སྡུག་བསྔལ་གྱི་རྒྱུ་ཡུལ་དབང་འདུས་པ་མེད་པས་དེ་ལས་བྱུང་བ་སྡུག་བསྔལ་བ་ནི་དེ་དག་ལས་སྐྱེ་བ་ཡིན་ནོ་ཞེ་ན། ཁྱོད་ཀྱི་ལུགས་ལ་སྡུག་བསྔལ་མྱོང་བ་ལ་མྱོང་བྱེད་རང་ཉིད་སྡུག་བསྔལ་གྱི་བདག་ཉིད་དུ་སྐྱེས་པར་འགྱུར་བ་ཉིད་དགོས་པ་ནི་མིན་ལ་འོན་ཀྱང་སྡུག་བསྔལ་ལ་དམིགས་པའི་ཤེས་པ་སྐྱེས་པ་ཙམ་གྱིས་ཆོག་པ་ཡིན་ལ་དེ་ཙམ་ནི་རྣལ་འབྱོར་པ་ལའང་ཡོད་པས་དེ་བཞིན་གདུང་བར་འགྱུར་གྱི་སྐྱོན་སོ་ན་གནས་སོ། །སྐྱོན་དེ་ཁྱོད་ལའང་མཚུངས་པ་མ་ཡིན་ནམ་ཞེ་ན། མི་མཚུངས་ཏེ། གཞན་གྱི་བདེ་བ་དང་སྡུག་བསྔལ་ལ་སོགས་མྱོང་བ་མིན་པར་དམིགས་པ་ཙམ་གྱིས་གདུང་བ་དང་ཕན་འདོགས་པ་རྒྱུ་མ་ཡིན་ཏེ། རྒྱུ་མཚན་འདི་ལྟར། ཤེས་པ་ཡུལ་གྱི་རྣམ་ལྡན་དུ་འདོད་པའི་ལུགས་ལ་ཆོས་ཅན། གཞན་གྱི་བདེ་སྡུག་དམིགས་པ་ཙམ་གྱིས་བདེ་སྡུག་ཅན་གྱི་སྐྱེས་བུ་དེ་ལྟར་དུ་བདེ་བས་སིམ་པ་དང་སྡུག་བསྔལ་གྱིས་གདུང་བར་མི་འགྱུར་བར་ཐལ། གང་གི་ཚེ་མྱོང་བ་པོ་རང་ཉིད་སྡུག་བསྔལ་གྱི་རང་གི་ངོ་བོར་སྣང་བ་ནི་གདུང་བ་ཡིན་ལ་སྡུག་བསྔལ་དེ་དམིགས་པ་ཙམ་ནི་དེ་ཤེས་པ་ཡིན་གྱི་མྱོང་བ་མ་ཡིན་པ་དེ་ཚེའི་ཕྱིར། དམིགས་པ་ལ་མྱོང་བས་མ་ཁྱབ་པ་དེས་ན་ཤེས་བྱ་ཆོས་ཅན། ཤེས་པ་ཐམས་ཅད་ཀྱིས་དམིགས་མྱོང་དག་ནི་ཐ་དད་ཡིན་ཏེ། ཤེས་པ་དོན་དང་འདྲ་བ་ཙམ་གྱིས་དོན་དམིགས་པར་འཇོག་ལ་ཤེས་པ་རང་ཉིད་སིམ་གདུང་ལ་སོགས་པར་གསལ་བ་ཙམ་གྱིས་བདག་ཉིད་མྱོང་བར་འཇོག་པ་ཡིན་པའི་ཕྱིར། རང་བློ་མངོན་གྱུར་མ་ཡིན་པར་འདོད་པ་ལ་སྐྱོན་གཞན་ཡང་ཡོད་དེ། རང་བློ་ནི་ཆོས་ཅན། རང་རྒྱུད་ལ་རྟགས་ལས་རྟོགས་དགོས་པར་འགྱུར་བར་ཐལ། རང་རྒྱུད་ལ་མངོན་སུམ་གྱིས་གྲུབ་པ་མེད་ཅིང་ཚད་མས་གྲུབ་པའི་ཕྱིར། འདིར་ན་རང་རྒྱུད་ལ་ཁྱོད་སྒྲུབ་པའི་རྟགས་དེ་ཡང་མིག་སོགས་དབང་པོའི་གཟུགས་སོགས་དོན་ནམ་བློ་རང་ཉིད་དམ་ཡང་ན་ཡིད་བྱེད་སྔ་མ་གང་རུང་ཡིན་པར་འགྱུར་བར་ཐལ། ཁྱོད་ཀྱི་རྒྱུ་འབྲས་ཀྱི་ཚོགས་པ་འདི་དག་ཙམ་དུ་ཟད་ཅིང་རང་རྒྱུད་ལ་རྟགས་ཀྱིས་བསྒྲུབ་དགོས་པའི་ཕྱིར། གལ་ཏེ་བདག་ཡིད་འཕྲད་པ་སོགས་བློའི་རྒྱུ་ཚོགས་ཡིན་ནོ་ཞེ་ན། དེ་ཆོས་ཅན། རང་གི་རྐྱེན་གསུམ་ལས་གཞན་པའི་རང་གི་རྒྱུ་ཚོགས་སུ་འབྲེལ་བ་ཅན་གྱི་བདག་ཡིད་ཕྲད་པ་སོགས་དོན་གཞན་ཡོད་པ་མིན་ཏེ། དེ་དག་གིས་ཁྱོད་ལ་ཕན་འདོགས་པའི་ནུས་པ་མཐོང་བ་མེད་པའི་ཕྱིར། དེས་ན་རྟག་པ་བཞི་པ་དེ་ལ་མིག་སོགས་དབང་པོ་ཆོས་ཅན། རང་རྒྱུད་ལ་རང་བློ་སྒྲུབ་པའི་རྟགས་ཡང་དག་མིན་པར་ཐལ། རང་བློ་ལ་འཁྲུལ་བའི་ཕྱིར། གཟུགས་སོགས་དོན་ཡང་ཆོས་ཅན། དེར་ཐལ། དབང་པོ་དེ་བཞིན་རང་བློ་ལ་འཁྲུལ་པའི་ཕྱིར། བློ་རང་ཉིད་དང་ཡིད་བྱེད་ཡང་ཆོས་ཅན། དེར་ཐལ། རང་རྒྱུད་ལ་ཚད་མས་མ་གྲུབ་པ་ཉིད་ཀྱི་ཕྱིར་ཏེ། ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ་མ་གྲུབ་པ་ནི་རྟགས་ཉིད་དུ་རིགས་པ་མིན་པའི་ཕྱིར་རོ། །གལ་ཏེ་དོན་ཙམ་མ་ཡིན་པར་དོན་གསལ་རྟགས་ཡིན་པར་འདོད་ན་དོན་གསལ་བའི་བློ་རྟགས་ཡིན་ནམ་བློས་གསལ་བའི་དོན་རྟགས་ཡིན། དང་པོ་ནི་མི་རིགས་ཏེ། དོན་གསལ་བའི་བློ་དེ་ཉིད་ཤེས་པ་མིན་ནམ་ཏེ་ཡིན་ལ་ཤེས་པ་ཚད་མས་མ་གྲུབ་པའི་ཕྱིར་རོ། །གཉིས་པ་ཡང་མི་རིགས་ཏེ། དོན་གསལ་བའི་བློ་རྟགས་མ་ཡིན་པར་བསྟན་པ་འདིས་ནི་བློས་གསལ་བར་གྱུར་པའི་དོན་རྟགས་ཡིན་པར་བསལ་ཏེ། དོན་གསལ་བའི་བློ་ཚད་མས་ཉམས་སུ་མྱོང་མིན་ཏེ། མ་གྲུབ་ན་བློ་དེས་གསལ་བར་གྱུར་པའི་དོན་ཡང་ཚད་མས་མ་ངེས་པའི་ཕྱིར། འོན་ཏེ་དོན་གསལ་བ་དེ་དོན་ཉིད་ཀྱི་ཁྱད་པར་སྔར་བློ་ཡུལ་དུ་མི་གསལ་བ་འགའ་ཞིག་ཕྱིས་གསལ་བ་ཡིན་པར་འདོད་ཅེ་ན། ཕྱིའི་དོན་ལ་ཆོས་ཅན། སྔར་བློ་ཡུལ་དུ་མི་གསལ་བ་ཕྱིས་གསལ་བའི་ཁྱད་པར་འགའ་ཡང་མེད་པར་ཐལ། སྐྱེ་བ་དང་ནི་འཇིག་པ་མེད་པའི་ཕྱིར། གལ་ཏེ་སྔར་བློ་ཡུལ་དུ་མི་གསལ་བ་ཕྱིས་གསལ་བའི་ཁྱད་པར་དེ་ཡོད་པར་འདོད་ན་ཡང་། ཁྱོད་སྐད་ཅིག་གིས་འཇིག་པར་འགྱུར་བར་ཐལ། རང་འཛིན་ཤེས་པ་སྐད་ཅིག་སོ་སོར་བསྐྱེད་པའི་ཕྱིར། གལ་ཏེ་རྟགས་སུ་འདོད་པའི་དོན་གྱི་ཁྱད་པར་དེའང་བློས་ཤེས་པ་རྟགས་ཡིན་པའམ་བློས་ཤེས་པར་མ་གྱུར་པའི་དོན་རྟགས་ཡིན། གལ་ཏེ་བློས་ཤེས་རྟགས་ཡིན་ན། རང་རྒྱུད་ལ་ཆོས་ཅན། བློས་དེས་ཤེས་པ་ཞེས་བྱ་བའི་དོན་དེ་ཚད་མས་གང་ལ་གྲུབ་སྟེ་མ་གྲུབ་པར་ཐལ། ཤེས་པ་ཚད་མས་ཡོངས་སུ་བཅད་པའམ་གྲུབ་པ་མེད་པའི་ཕྱིར། གལ་ཏེ་དེ་འདྲའི་དོན་དེ་ཚད་མས་མ་གྲུབ་ཀྱང་དོན་ལ་གྲུབ་པས་རྟགས་སུ་རུང་ངོ་ཞེ་ན། བློས་ཤེས་པ་ཉིད་དུ་གྱུར་པའི་དོན་དེ་ནི་ཆོས་ཅན། ཁྱོད་ཚད་མས་བཅད་པའམ་གྲུབ་པ་མེད་ཀྱང་ཇི་ལྟར་ན་རང་རྒྱུད་ལ་རང་བློ་གོ་བྱེད་ཀྱི་རྟགས་ཡིན་མ་ཡིན་པར་ཐལ། དེ་ཡིན་ན་ཚད་མས་གྲུབ་དགོས་པ་ལ་མ་གྲུབ་པའི་ཕྱིར། གལ་ཏེ་སྤྱིར་སྐྱེས་བུ་གཞན་གྱིས་མཐོང་བ་ཡིན་ཞིང་ད་ལྟ་རང་རྒྱུད་ལ་རང་བློ་བསྒྲུབ་དགོས་ཀྱི་ལྷ་སྦྱིན་གྱིས་མཐོང་བར་གྱུར་པ་མིན་པའི་དོན་གཅིག་དེ་སྒྲུབ་ཀྱི་རྟགས་སོ་ཞེ་ན། དེའི་ཕྱིར་ཤེས་བྱ་ཆོས་ཅན། སྐྱེས་བུ་གཞན་གྱིས་མཐོང་བར་གྱུར་ཅིང་ལྷ་སྦྱིན་གྱིས་མ་མཐོང་བའི་དོན་དེ་ཡང་ལྷ་སྦྱིན་རང་རྒྱུད་ལ་རང་བློ་སྒྲུབ་པའི་རྟགས་ཡིན་པར་ཐལ་ལོ། །གལ་ཏེ་དེ་འདྲའི་དོན་དེ་ལྷ་སྦྱིན་གྱིས་ལན་འགར་ཡང་མཐོང་བར་འགྱུར་བ་མེད་པས་རྟགས་སུ་མི་འགྱུར་ཞེ་ན། སྐྱེས་བུ་གཞན་གྱིས་མཐོང་ཞིང་ལྷ་སྦྱིན་གྱིས་མ་མཐོང་བའི་དོན་དེ་ཆོས་ཅན། ལྷ་སྦྱིན་རང་རྒྱུད་མ་གྲུབ་ཏུ་ཟིན་ཀྱང་ལྷ་སྦྱིན་རང་རྒྱུད་ལ་རང་བློ་རྟོགས་པའི་རྟགས་སུ་འགྱུར་བར་ཐལ། ཟིན་ཀྱང་སྐྱེས་བུའི་རང་བློ་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལ་མི་འཁྲུལ་བའི་རྟགས་ཀྱི་ཁྱད་པར་དེ་ཁྱོད་ལའང་ཡོད་པའི་ཕྱིར། དེས་ན་ཤེས་བྱ་ཆོས་ཅན། རང་ཆོས་རང་བློ་ལ་ལྟོས་པ་མེད་ཅན་གྱི་དོན་ཆོས་ཡན་གར་བ་ལས་རང་བློ་རྗེས་སུ་དཔོག་པ་རིགས་པ་མ་ཡིན་པར་ཐལ། བློས་ཤེས་པའམ་བློས་ཤེས་པར་མ་གྱུར་བའི་དོན་གྱིས་རང་རྒྱུད་ལ་བློ་བསྒྲུབ་མི་ནུས་པ་དེའི་ཕྱིར། གལ་ཏེ་བློ་ཆོས་འགའ་ཞིག་རྟགས་ཡིན་ནོ་ཞེ་ན། རྟགས་སུ་འདོད་པ་གང་ཡིན་པའི་རང་བློའི་ཆོས་ཆོས་ཅན། རང་རྒྱུད་ལ་མངོན་སུམ་གྱིས་གྲུབ་པར་ཐལ། རང་རྒྱུད་ལས་རང་བློ་སྒྲུབ་པའི་རྟགས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རང་བློ་ལས་གཞན་ཇི་ལྟར་ཡིན་ཏེ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་རིགས་གཞན་ནོ་ཞེ་ན། དེ་ཆོས་ཅན། རང་བློ་ལས་རིགས་ཐ་དད་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། རང་བློ་དང་རྒྱུ་ཚོགས་མཚུངས་པ་ལས་སྐྱེས་པའི་ཕྱིར། དེ་ལྟ་མ་ཡིན་ན་རང་བློ་དེ་ལའང་འཁྲུལ་པ་ཅན་ཡིན་པར་ཐལ། དེ་དང་རྒྱུ་ཚོགས་དོན་གཞན་ལས་སྐྱེས་པའི་ཕྱིར། གལ་ཏེ་རང་བློའི་འབྲས་བུར་གྱུར་པའི་ཆོས་འགའ་ཞིག་རྟགས་ཡིན་ནོ་ཞེ་ན། རང་བློ་དེ་ཆོས་ཅན། གཟུགས་སོགས་ཡུལ་ལྔ་པོ་དང་མིག་སོགས་དབང་པོ་ལྔ་དང་དམིགས་པ་ཤེས་པ་དག་ལས་གང་རུང་རང་རྒྱུད་ལ་ཁྱོད་སྒྲུབ་པའི་འབྲས་རྟགས་ཡིན་པར་ཐལ། དེ་སྒྲུབ་ཀྱི་འབྲས་རྟགས་ཡོད་པ་གང་ཞིག་དེ་དག་ལས་མ་གཏོགས་པའི་ཁྱོད་ཀྱི་འབྲས་བུ་གཞན་ཁྱོད་ཉེ་བར་མཚོན་བྱེད་ཡོད་པ་མ་ཡིན་པའི་ཕྱིར། དེ་རྣམས་ལ་དབང་པོ་དང་ཤེས་པ་གཉིས་ནི་ཆོས་ཅན། རང་རྒྱུད་ལ་རང་བློ་སྒྲུབ་པའི་འབྲས་རྟགས་མ་ཡིན་པར་ཐལ། དབང་པོ་སྟེ་མངོན་སུམ་གྱི་ཡུལ་ལས་འདས་པའི་ཕྱིར། གཟུགས་སོགས་དོན་ལྔ་དག་ཀྱང་ཆོས་ཅན། སྐྱེས་བུའི་རྒྱུད་ལ་གཟུགས་འཛིན་དབང་ཤེས་སོགས་སྒྲུབ་པའི་འབྲས་རྟགས་མ་ཡིན་པར་ཐལ། ཁྱོད་རྣམས་མ་ཡིན་ཐམས་ཅད་ལྟ་སྨོས་ཅི་དགོས། ཁྱེད་རྣམས་གང་རུང་གཅིག་ཀྱང་གཟུགས་སོགས་མཐོང་བའི་དབང་ཤེས་སོགས་ཕན་འདོགས་བྱེད་དུ་སྐྱེས་པའི་གནས་སྐབས་ལས་གཞན་དུ་སྐྱེ་སྲིད་པ་བྲལ་བའི་ལྡོག་པ་ཚད་མས་རྟོགས་པ་མེད་པའི་ཕྱིར། ཇི་སྐད་བཤད་པའི་ཚུལ་དེ་ལྟར་ཚད་མས་ཤེས་ཤིང་གྲུབ་པ་མེད་པའི་དབང་སོགས་གང་ཡིན་དེ་རང་རྒྱུད་ལ་རང་བློ་སྒྲུབ་པའི་རྟགས་ཡིན་ནོ་ཞེས་བྱ་བ་ནི་བབ་ཆོལ་ཡིན་ནོ་ཞེས་དཔྱས་སོ། །གཞན་ཡང་། སྤྱི་རང་རྒྱུད་ལ་བློ་སྒྲུབ་པའི་རྟགས་བརྗོད་པ་དང་། གཡོ་མགུལ་ལ་སོགས་པ་ཡོད་ནའང་ཁྱོད་ཀྱི་ལུགས་ལ་དེ་དག་ཀྱང་རྟགས་སུ་མི་འཐད་དེ། འདི་ལྟར། དེ་དག་ཆོས་ཅན། ཇི་ལྟར་ན་རང་རྒྱུད་ལ་རང་བློ་རྟོགས་པའི་རྟགས་སུ་འགྱུར་ཏེ་མི་འགྱུར་བར་ཐལ། བློ་དེ་དང་ལྷན་ཅིག་དུ་འབྲེལ་བ་ཚད་མས་མཐོང་བ་མེད་པའི་ཕྱིར། ཁྱབ་སྟེ། རྟགས་དག་ནི་རང་དང་ལྷན་ཅིག་དུ་འབྲེལ་བ་མ་མཐོང་བའི་ཆོས་རྣམས་གསལ་བྱེད་དུ་འགྱུར་བ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་རྟགས་བརྗོད་པ་དང་གཡོ་འགུལ་ལ་སོགས་པ་དེ་ཉིད་ལས་རང་རྒྱུད་ལ་བློ་སྒྲུབ་པའི་སྔར་དེའི་མཐུན་དཔེ་གཞན་རྒྱུད་ལ་བློ་དེའི་རྟགས་ཀྱིས་གྲུབ་པ་ཉིད་དུ་བྱས་ནས་དུས་ཕྱིས་རང་རྒྱུད་ལ་བློ་སྒྲུབ་པར་བརྗོད་པས་སྐྱོན་མེད་དོ་ཞེ་ན་ནི། ལྷ་སྦྱིན་ཆོས་ཅན། རང་རྒྱུད་ལ་བློ་རྟགས་ཀྱིས་སྒྲུབ་པའི་མཐུན་དཔེ་ཐུག་མེད་དུ་བསྒྲུབ་དགོས་པར་འགྱུར་བར་ཐལ། དེ་སྒྲུབ་པའི་སྔར་དེའི་མཐུན་དཔེ་གཞན་རྒྱུད་ལ་བློ་རྟགས་ཀྱིས་བསྒྲུབ་དགོས་ཤིང་དེ་ལ་ཡང་ནི་དེའི་སྔར་གཟུགས་སོགས་མཐོང་བའི་དབང་ཤེས་ལས་སྐྱེས་པ་ལས་གཞན་དུ་སྐྱེ་སྲིད་པ་བྲལ་བའི་ལྡོག་པ་ཁྱེད་རྣམས་གང་ཡིན་ཀྱང་ཚད་མས་རྟོགས་པ་མེད་པའི་ཕྱིར། དེའི་མཐུན་དཔེ་གཞན་ཞིག་གི་རྒྱུད་ལ་བློ་རྟགས་ཀྱིས་བསྒྲུབ་པར་བྱ་དགོས་པ་ཡིན་པའི་ཕྱིར། འདོད་ན། རང་རྒྱུད་ལ་རང་བློ་རྟགས་གང་ལས་ཀྱང་མི་རྟོགས་པར་ཐལ་ལོ། །

དེ་དག་གི་དོན་བསྡུ་བ་ནི་དོན་ཙམ་གྱིས་བློ་སྒྲུབ་མི་ནུས་པ་དེའི་ཕྱིར། ཤེས་བྱ་ཆོས་ཅན། རང་རིག་པའི་བློ་ལས་དོན་གྲུབ་ཀྱི་རང་རིག་མེད་པའི་དོན་ཙམ་ལས་ཇི་ལྟར་ཡང་བློ་དེ་གྲུབ་པ་མིན་པར་ཐལ། བློ་དེ་ཚད་མས་མ་གྲུབ་པར་དོན་ཉིད་ཚད་མས་རབ་ཏུ་གྲུབ་པ་མེད་པའི་ཕྱིར་རོ། །གཞན་ཡང་བརྗོད་པ་དང་གཡོ་འགུལ་སོགས་ཀྱི་རྟགས་ལས་གཞན་རྒྱུད་ལ་བློ་སྒྲུབ་པའང་མི་འཐད་དེ། བརྗོད་པ་དང་གཡོ་འགུལ་སོགས་ཆོས་ཅན། རང་རྒྱུད་ལ་བློ་མངོན་སུམ་གྱིས་གྲུབ་ཅིང་དེ་ལས་ཁྱོད་སྐྱེས་པར་མཐོང་ནས་ཁྱོད་དང་ལྡན་པའི་གཞན་རྒྱུད་ལ་སེམས་ཡོད་པར་རྗེས་སུ་དཔོག་པར་མི་འགྱུར་བར་ཐལ། བདག་རྒྱུད་ལ་ཁྱོད་བློ་དང་འབྲེལ་བ་ཚད་མས་མཐོང་བ་མེད་པའི་ཕྱིར། གཞན་ཡང་དབང་ཤེས་རྣམས་གཟུང་དོན་ཕྱི་རོལ་གྱི་རྟགས་ལས་རང་རྒྱུད་ལ་གྲུབ་དུ་ཆུག་ཀྱང་ཡིད་ཀྱི་བློ་རྟོག་པ་ལ་ཆོས་ཅན། གཟུང་དོན་ཕྱི་རོལ་གྱི་རྟགས་རབ་ཏུ་གྲུབ་པ་ཡོད་པ་མ་ཡིན་པར་ཐལ། གཟུང་དོན་རང་མཚན་པ་མེད་པར་བག་ཆགས་ཙམ་གྱི་རྗེས་སུ་འབྲང་བ་ཡིན་པའི་ཕྱིར། གཞན་ཡང་རང་རིག་མེད་པར་འདོད་པ་ཁྱོད་ཀྱི་ལུགས་ལ་བློ་སྔ་མ་ནི་བློ་ཕྱི་མ་གཞན་གྱི་ཇི་ལྟར་རབ་ཏུ་གསལ་བར་འགྱུར་ཏེ་མི་འགྱུར་ཏེ། དེའི་རྒྱུ་མཚན་བློ་ཕྱི་མ་ཆོས་ཅན། བློ་སྔ་མ་ཁྱོད་ཀྱི་གསལ་བྱ་ཁྱོད་དེའི་གསལ་བྱེད་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། དེ་དང་ཁྱོད་གཉིས་ཀ་གསལ་བ་མིན་པའི་བདག་ཉིད་དུ་མཚུངས་པའི་ཕྱིར། གལ་ཏེ་རང་མི་གསལ་བས་གསལ་བ་མ་ཡིན་ན་ཡུལ་གཟུགས་སོགས་ནི་ཇི་ལྟར་གསལ་བ་ཡིན་ཏེ་མ་ཡིན་པར་ཐལ་ལོ་ཞེ་ན། ཡུལ་གཟུགས་སོགས་ཆོས་ཅན། རང་མི་གསལ་ཡང་གསལ་བའི་ཐ་སྙད་སྦྱར་དུ་རུང་སྟེ། གསལ་བ་དབང་ཤེས་ལ་རང་གི་ངོ་བོ་ཉིད་དེ་རྣམ་པ་འཕོ་བའི་སྒོ་ནས་གསལ་བའི་ཐ་སྙད་བྱེད་པའི་ཕྱིར་རོ། །གསལ་བ་དབང་ཤེས་དེའང་ཆོས་ཅན། གསལ་བྱེད་དོན་གཞན་ལ་མ་ལྟོས་པར་རང་ཉིད་རབ་ཏུ་གསལ་བ་ཡིན་ཏེ། གསལ་བ་དེའི་ངོ་བོ་ཉིད་དམ་རང་བཞིན་ཡིན་པའི་ཕྱིར། ཚུལ་དེ་ལྟར་བློ་ཕྱི་མ་ལ་བློ་སྔ་མའི་རྣམ་པ་སྣང་བར་འདོད་ན། དེའི་ཕྱིར་བློ་ཕྱི་མ་ནི་ཆོས་ཅན། རང་ཉིད་རིག་པར་གྲུབ་པར་ཐལ་ལོ། །གལ་ཏེ་བློ་ཕྱི་མ་རང་ཉིད་གསལ་བ་དེ་ལྟ་མིན་པར་བློ་སྔ་མའི་གསལ་བྱེད་ཡིན་ན། ཡུལ་གཟུགས་སོགས་ཡང་ནི་ཆོས་ཅན། བློ་སྔ་མའི་གསལ་བྱེད་ཡིན་པར་ཐལ། བློ་ཕྱི་མ་དང་ལྷན་ཅིག་ཏུ་མི་གསལ་བར་ཆོས་མཚུངས་པ་ཉིད་ཡིན་པའི་ཕྱིར། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ངེད་ཀྱི་ལུགས་ལ་བློ་རྣམས་རང་ཉིད་རབ་ཏུ་གསལ་བའི་ངོ་བོའི་རང་བཞིན་ཡིན་པའི་སྒོ་ནས་རབ་ཏུ་གསལ་བ་ཡིན་ཞིང་གཞན་གཟུགས་སོགས་ནི་ཤེས་པ་དེར་ངོ་བོ་སྟེ་རྣམ་པ་འཕོ་བའི་སྒོ་ནས་གསལ་བ་ནི་རབ་ཏུ་གསལ་བ་ཉིད་ཀྱི་ཐ་སྙད་འདོགས་པར་བྱེད་དོ། །བློ་གཞན་སྔ་མ་ཆོས་ཅན། བློ་ཕྱི་མ་འདྲ་བ་ཡིན་ཡང་དེ་ཡིས་ནི་ཁྱོད་རབ་ཏུ་གསལ་བར་མི་འདོད་དེ། གསལ་བྱེད་དོན་གཞན་ལ་ལྟོས་པར་རང་ཉིད་རབ་ཏུ་གསལ་བའི་ཕྱིར། གལ་ཏེ་དོན་དང་འདྲ་བས་དོན་གསལ་བ་ཇི་ལྟར་ཡིན་ཞེ་ན། དབང་ཤེས་ཆོས་ཅན། དོན་གཟུགས་སོགས་དེའི་ངོ་བོ་སྟེ་རྣམ་པ་སྣང་བའི་སྒོ་ནས་དོན་སོགས་རབ་ཏུ་གསལ་བ་ཡིན་ཞེས་ཐ་སྙད་བྱེད་པ་ཡིན་ཏེ། དོན་གཟུགས་སོགས་རྣམས་རང་གི་ངོ་བོས་གསལ་བ་མ་ཡིན་པར་དོན་གཟུགས་སོགས་གསལ་ཞིང་རིག་པའི་ཐ་སྙད་ཡོད་པའི་ཕྱིར། དེས་ན་བློ་སྔ་ཕྱི་གཉིས་ཀར་རང་ཉིད་གསལ་བ་ཡིན་ན་གསལ་བྱ་གསལ་བྱེད་དུ་མི་རིགས་ཏེ་དཔེར་ན་སྒྲོན་མེ་གཉིས་བཞིན་ནོ། །རང་ཉིད་མི་གསལ་བར་གསལ་བྱེད་དོན་གཞན་ལ་ལྟོས་ནས་གསལ་བྱ་གསལ་བྱེད་དུ་རིགས་ཏེ་དཔེར་ན་མར་མེའི་འོད་དང་བུམ་པའི་གཟུགས་ཀྱང་དེ་དང་དེར་བརྟེན་ནས་གསལ་བྱ་གསལ་བྱེད་ཀྱི་ངོ་བོའི་ཐ་སྙད་རབ་ཏུ་རྒྱས་པར་བྱེད་པ་བཞིན་ནོ། །དེ་དག་གིས་བློ་ཡུལ་གྱི་རྣམ་ལྡན་དུ་གྱུར་པའི་རྟགས་ཀྱིས་རང་རིག་བསྒྲུབས་ནས། ད་དུས་ཕྱིས་དྲན་པའི་རྟགས་ཀྱིས་རང་རིག་སྒྲུབ་པ་ནི། ཤེས་བྱ་ཆོས་ཅན་གང་ལས་ཤེས་པས་གཟུགས་སོགས་མཐོང་ཞིང་ཐོས་པ་དྲན་པ་འདིར་འགྱུར་བའི་རྒྱུ་མཚན་གཟུགས་སོགས་ལས་གཞན་ཤེས་པས་དེའང་མཐོང་ཞིང་མྱོང་བ་ཡོད་པར་གདོན་མི་ཟ་སྟེ། ཤེས་པས་གཟུགས་སོགས་མཐོང་ཞིང་ཐོས་པ་དྲན་པ་ཡོད་པའི་གང་ཟག་གི་དམིགས་རྐྱེན་ཡུལ་དང་བདག་རྐྱེན་དབང་པོ་ཡོད་པ་ཙམ་གྱིས་ཤེས་པས་གཟུགས་སོགས་མཐོང་ཤིང་ཐོས་སོ་ཞེས་བྱ་བར་ངེས་པ་སྐྱེ་བ་མ་ཡིན་པར་དེས་ནའི་ཕྱིར། དེའི་ཕྱིར་ན་དུས་ཕྱིས་དོན་རྟོགས་ཐ་དད་དུ་དྲན་པའི་རྟགས་ལས་ཀྱང་བློ་རྣམས་བདག་ཉིད་རིག་པ་གྲུབ་པ་ཡིན་ནོ། །གལ་ཏེ་དུས་ཕྱིས་དྲན་པའི་རྟགས་ཀྱིས་བློ་མྱོང་བར་ཡོད་པར་བསྒྲུབས་ན། གྲུབ་ཟིན་སྒྲུབ་པར་འགྱུར་ཏེ། ཤེས་པ་རྣམས་ནི་ཤེས་པ་རྫས་གཞན་གྱིས་རིག་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། ཡི་གེ་ཐུང་ངུ་རིང་པོ་སོགས་འཛིན་པའི་ཤེས་པ་ཡོད་པར་མི་འགྱུར་བར་ཐལ། དེ་འཛིན་པ་དྲན་པ་མེད་པའི་ཕྱིར་ཏེ། དེ་མྱོང་བྱེད་མེད་པའི་ཕྱིར། གལ་ཏེ་ཉན་ཤེས་སྐད་ཅིག་མ་གཅིག་གིས་ཡི་གེ་རིང་པོ་འཛིན་ཅིང་དེ་ཤེས་པ་ཕྱི་མས་མྱོང་བས་སྐྱོན་མེད་དོ་ཞེ་ན། ཉན་ཤེས་སྐད་ཅིག་མ་གཅིག་ཆོས་ཅན། ཡི་གེ་རིང་པོ་འཛིན་པར་མི་འགྱུར་བར་ཐལ། ཡི་གེ་རིང་པོའི་ཆ་ཤས་སྔ་ཕྱི་རྣམས་མ་རྫོགས་ཀྱི་བར་དུ་ཡུན་རིང་གནས་པ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་དུ་གནས་པ་ཡིན་ན། བློ་ཉན་ཤེས་སྐད་ཅིག་མ་གཅིག་ཆོས་ཅན། ཁྱོད་ལ་ཡི་གེ་རིང་པོའི་ཆ་ཤས་སྔ་ཕྱི་རྣམས་ཅིག་ཅར་སྣང་བར་ཐལ། དེ་རྣམས་གོ་རིམ་མེད་པར་གནས་ཤིང་ཐོས་པའི་ཕྱིར། འདོད་ན། ཡི་གེ་རིང་པོ་འཛིན་པར་མི་འགྱུར་བར་ཐལ། ཡི་གེ་རིང་པོའི་ཆ་ཤས་སྔ་ཕྱི་རྣམས་གོ་རིམ་མེད་པར་ཅིག་ཅར་དུ་འཛིན་པའི་ཕྱིར། གཞན་ཡང་ཡི་གེ་རིང་པོའི་ཆ་ཤས་སྔ་ཕྱི་རིམ་ཅན་དུ་འབྱུང་བ་ཡང་ཆོས་ཅན། ཇི་ལྟར་ན་རང་འཛིན་ཤེས་པ་གོ་རིམ་མེད་པར་ཅིག་ཅར་དུ་ནི་སྐྱེད་པར་བྱེད་དེ་མི་བྱེད་པར་ཐལ། ཁྱོད་རྣམས་ཕན་ཚུན་འདྲེ་བ་སྟེ་ལྷན་ཅིག་ཏུ་ཚོགས་པ་མེད་པའི་ཕྱིར། གལ་ཏེ་ཡི་གེ་རིང་པོའི་ཆ་ཤས་སྔ་མ་དེ་མཐའ་སྟེ་ཕྱི་མའི་བར་དུ་གནས་ནས་ཐོས་པས་སྐྱོན་མེད་དོ་ཞེ་ན། འབད་རྩོལ་མཉམ་པོས་ཀུན་ནས་བསླངས་བའི་ཨ་རིང་གཅིག་ཆོས་ཅན། འོག་ཏུ་སྟེ་ཁྱོད་ཀྱིས་ཆ་ཤས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མའི་སྒྲ་ནི་ཇེ་ཆེར་འཕེལ་ནས་མཐར་སྐད་གསང་མཐོན་པོ་ཐོས་པར་འགྱུར་བར་ཐལ། ཁྱོད་ཀྱི་ཆ་ཤས་སྔ་མ་རྣམས་ཕྱི་མའི་བར་དུ་གནས་ནས་ཐོས་པའི་ཕྱིར། ཡི་གེ་ཨ་རིང་གི་ཆ་ཤས་ཐ་མའི་དུས་དེར་ནི་ཆོས་ཅན། ཡི་གེ་རིང་པོའི་ཆ་ཤས་སྔ་ཕྱི་རིམ་ལྡན་དུ་འཛིན་པའི་བློ་ཡང་མེད་པར་འགྱུར་བར་ཐལ། དེ་རིམ་མིན་ཅིག་ཅར་དུ་འཛིན་པའི་ཕྱིར། འདོད་ན་ཨ་རིང་འཛིན་པའི་བློ་ཡང་མེད་པར་ཐལ་ལོ། །

གལ་ཏེ་ཡི་གེ་རིང་པོའི་ཆ་ཤས་སྔ་མ་འཛིན་པའི་ཉན་ཤེས་དེ་དེའི་ཆ་ཤས་ཕྱི་མའི་བར་དུ་གནས་ནས་ཡི་གེ་རིང་པོ་འཛིན་པས་སྐྱོན་མེད་དོ་ཞེ་ན། ཡི་གེ་རིང་པོའི་ཆ་ཤས་སྔ་མ་དེའི་འོག་དེའི་ཆ་ཤས་ཕྱི་མའི་དུས་ན་ཆོས་ཅན། ཡི་གེ་རིང་པོའི་ཆ་ཤས་སྔ་མ་འཛིན་པའི་བློ་རང་ཉིད་ནི་གནས་པ་མ་ཡིན་པར་ཐལ། དེའི་ཡུལ་ཡི་གེ་རིང་པོའི་ཆ་ཤས་སྔ་མ་ནི་གནས་པ་མེད་པའི་ཕྱིར། གལ་ཏེ་དེ་འདྲའི་བློ་རང་ཉིད་ཡི་གེ་རིང་པོའི་ཆ་ཤས་ཕྱི་མའི་བར་དུ་གནས་ན། དེ་འདྲའི་བློ་དེ་ཆོས་ཅན། ཕྱིས་ཡི་གེ་རིང་པོའི་ཆ་ཤས་ཕྱི་མ་རྫོགས་པའི་རྗེས་སུ་ཡང་མི་འཇིག་པར་ཐལ། དེའི་སྔར་མི་འཇིག་པ་སྔ་ཕྱི་ཁྱད་པར་མེད་པའི་ཕྱིར་རོ། །གཞན་ཡང་ཡི་གེ་རིང་པོའི་ཆ་ཤས་སྔ་ཕྱི་གོ་རིམ་མེད་པར་ཅིག་ཅར་དུ་སྐྱེས་པ་ཡུན་དུ་གནས་ནས་ཐོས་པར་འདོད་པ་ལ་ཡང་ཡི་གེ་ཨ་རིང་གཅིག་ཆོས་ཅན། ཕྱིས་ཀྱང་མི་འཇིག་པར་ཐལ། སྔར་མི་འཇིག་པ་གང་ཞིག་ཁྱད་པར་མེད་པའི་ཕྱིར་ཞེས་པའི་སྐྱོན་འདི་ཡོད་ལ། དེར་མ་ཟད་རང་ཀུན་སློང་གི་རྩོལ་བ་ཕྱི་མ་ཕྱི་མ་དོན་མེད་དུ་འགྱུར་བར་ཐལ། ལན་གཅིག་བཙལ་བ་སྟེ་རང་ཀུན་སློང་གི་རྩ་བ་ཁོ་ན་ལས་རང་གི་ཆ་ཤས་ཀུན་རྫོགས་པར་སྐྱེས་པའི་ཕྱིར་ཞེས་པ་འདི་ཡང་ཡོད་དོ། །གཞན་ཡང་དཔྱོད་པ་པས་རླུང་དང་འབྲེལ་བའི་ལྡན་པ་དང་རྣམ་དབྱེ་ལ་སོགས་པ་ཡི་གེ་སྔ་ཕྱི་རྣམས་སྔར་གྲུབ་ཟིན་ཅིག་ཅར་དུ་གསལ་བར་འདོད་པ་ལའང་དེ་ཆོས་ཅན། རང་ཀུན་སློང་གི་འབད་རྩོལ་ཕྱི་མ་ཕྱི་མ་ཁྱོད་གསལ་བྱེད་དུ་དོན་མེད་པར་ཐལ། རང་གསལ་བྱེད་ཀྱི་འབད་རྩོལ་དང་པོས་ཀྱང་ཁྱོད་ཀྱི་ཆ་ཤས་ཀུན་ཅིག་ཅར་དུ་རྫོགས་པར་གསལ་ཟིན་པའི་ཕྱིར་ཞེས་པའི་སྐྱོན་འདི་རྗེས་སུ་གནས་པ་ཉིད་དོ། །གལ་ཏེ་ཉན་ཤེས་སྐད་ཅིག་དུ་མ་རྒྱུན་ཆགས་སུ་འབྱུང་བ་ཡིས་ནི་ཡི་གེ་རིང་པོ་དེ་འཛིན་ལ་དེ་ཡང་རང་ལས་དུས་ཕྱིས་བྱུང་བའི་ཤེས་པ་རྫས་གཞན་གྱིས་མྱོང་བས་སྐྱོན་མེད་དོ་ཞེ་ན། ཡི་གེ་རིང་པོ་གཅིག་འཛིན་པའི་ཉན་ཤེས་སུ་འབྱུང་བའི་བློ་ཆོས་ཅན། ཡི་གེ་རིང་པོ་འཛིན་པའི་བློ་མྱོང་བར་ཐལ། དེ་འཛིན་པའི་སྐད་ཅིག་ཐ་མའི་བློ་གང་ཡིན་དེ་ཁོ་ན་མྱོང་བའི་ཕྱིར། ཁྱབ་སྟེ། ཡི་གེ་རིང་པོ་འཛིན་པའི་སྐད་ཅིག་ཐ་མའི་བློ་དེ་ཡང་ཡི་གེ་རིང་པོ་འཛིན་པའི་བློ་མིན་པའི་ཕྱིར། འདོད་ན། ཡི་གེ་རིང་པོ་འཛིན་པའི་བློ་ཆོས་ཅན། དུས་ཕྱིས་དྲན་པར་མི་འགྱུར་བར་ཐལ། མྱོང་བྱེད་མེད་པའི་བློ་ཡིན་པ་དེས་ནའི་ཕྱིར། གལ་ཏེ་ཡི་གེ་རིང་པོ་འཛིན་པའི་བློ་སྔ་ཕྱི་རྣམས་སོ་སོ་ཐ་དད་དུ་མྱོང་བྱེད་རྫས་གཞན་རེ་རེ་བར་དུ་སྤེལ་ནས་མྱོང་བས་མྱོང་བར་བྱེད་མེད་པའི་སྐྱོན་མེད་ཅེ་ན། ཡི་གེ་རིང་པོ་དེའི་སྒྲའི་ཆ་ཤས་ཐོས་པའི་ཉན་ཤེས་ནི་ཆོས་ཅན། དེའི་ཆ་ཤས་བར་ཆོད་པ་མེད་པར་སྣང་བར་མི་འགྱུར་བར་ཐལ། རང་གི་སྐད་ཅིག་སྔ་ཕྱིའི་བར་དུ་མྱང་བྱེད་རྫས་གཞན་གྱིས་ཆོད་པའི་ཕྱིར། གལ་ཏེ་དེའི་བར་ཆོད་པར་སྣང་ཡང་འཇུག་པ་མྱུར་བས་བར་ཆོད་དུ་ཐོས་པར་སྦྱོར་ཞིང་སྒྲོ་འདོགས་པར་བྱེད་པས་སྐྱོན་མེད་ཅེ་ན། དེའང་རིགས་པ་མ་ཡིན་ཏེ། སྔར་ཡི་གེའང་ཅིག་ཅར་ཐོས་པར་འགྱུར་ཞེས་སོགས་སུ་རིགས་པ་ཡང་དག་གིས་བསལ་བ་ཡིན་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་ཤེས་པས་ཡུལ་བར་ཆད་པ་མཐོང་ན་ཡང་འཇུག་པ་མྱུར་བས་བར་རྣམ་པར་ཆད་པ་མེད་པར་འཁྲུལ་བར་འགྱུར་ན། ཡི་གེ་ཐུང་ངུ་ཨ་ཨི་གཉིས་བརྗོད་པའི་ཚེ་ན་དེ་ཐོས་པའི་ཉན་ཤེས་དེ་ཡང་ཆོས་ཅན། ཨ་ཨི་གཉིས་ཀྱི་བར་རྣམ་པར་ཆད་པ་མེད་པར་འཁྲུལ་པར་འགྱུར་བར་ཐལ། དེ་ཐོས་པ་འཇུག་པ་མྱུར་བའི་ཕྱིར། གཞན་ཡང་འཇུག་པ་མྱུར་བས་བར་མེད་པར་སྒྲོ་འདོགས་པའི་བློ་དེ་དབང་ཤེས་ཡིན་ནམ་ཡིད་ཤེས་རྟོག་པ་ཡིན། དང་པོ་ལྟར་ན། དབང་པོའི་ཤེས་པ་རྣམས་ཆོས་ཅན། དབང་པོ་སྟེ་ཁྱོད་ཀྱིས་ཡུལ་བར་རྣམ་པར་བཅད་པ་མཐོང་ན་ཡང་བར་ཆད་མེད་པར་སྒྲོ་འདོགས་པ་མི་རུང་བར་ཐལ། དེ་ལྟ་ཡིན་ན་དབང་པོའི་བློ་སྟེ་ཁྱོད་རྣམས་ཀུན་ཕྱིན་ཅི་ལོག་གི་ཡུལ་ཅན་དུ་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །དེ་ཉིད་འཆད་པ་དེ། ཡི་གེའི་བདག་ཉིད་ཀུན་གྱི་ཐུང་བའི་མཐའ་ཨ་ཐུང་ལྟ་བུ་གཅིག་ཀྱང་མིག་ལན་གཅིག་འཛུམ་པའི་ཡུན་ཚད་ཙམ་དུ་གནས་པ་ཡིན་ལ་དེའི་ཡུན་ཚད་དེ་ཡང་དུས་རིམ་གྱིས་རྡུལ་ཕྲན་གཅིག་གོག་པ་དུ་མར་ཕྱིན་པ་དག་དང་འབྲེལ་བའི་ཡུན་གྱིས་རྫོགས་པར་འགྲུབ་དགོས་ལ། རྡུལ་ཕྲན་གཅིག་འགོག་པ་ལན་ཅིག་བསྒྲེས་པའི་དུས་ཀྱང་ཆོས་ཅན། དུས་མཐའི་སྐད་ཅིག་མར་འདོད་དེ། དུས་ཆུང་བའམ་ཐུང་བའི་མཐར་ཐུག་པ་ཡིན་པའི་ཕྱིར། དེ་ལྟར་བློ་ཉན་ཤེས་ཀྱང་ཆོས་ཅན། ཡི་གེ་རིང་ཐུང་སོགས་ཀྱི་ཆ་ཤས་སྔ་ཕྱི་རིམ་གྱིས་རྟོགས་པར་འགྱུར་གྱི་ཅིག་ཆར་རྟོགས་པ་མ་ཡིན་ཏེ། ཁྱོད་དུས་མཐའི་སྐད་ཅིག་མ་ཡིན་པ་གང་ཞིག་ཡི་གེ་ཤིན་ཏུ་ཐུང་ངུ་ཡང་སྐད་ཅིག་དུ་མ་དང་འབྲེལ་བའི་ཡུན་གྱིས་རྫོགས་པར་འགྲུབ་དགོས་པ་དེའི་ཕྱིར། དེས་ན་ཤེས་བྱ་ཆོས་ཅན། ཡི་གེ་རིང་ཐུང་དང་གཟུགས་སོགས་ཡུལ་ལ་འཇུག་པའི་ཤེས་པ་རྣམས་མྱོང་བྱེད་རྫས་གཞན་གྱིས་སྐད་ཅིག་སྔ་ཕྱིའི་བར་ཆོད་ནའང་བར་ཆོད་པ་མེད་པར་སྣང་བ་ཅན་གྱི་བློ་ཐམས་ཅད་ལོག་པའི་དོན་ཅན་དུ་འགྱུར་བར་ཐལ། ཡི་གེ་རིང་ཐུང་ལ་སོགས་པའི་ཡུལ་རྣམས་ཤེས་པས་སྐད་ཅིག་སྔ་ཕྱི་རིམ་གྱིས་འཛིན་པ་ཡིན་གྱི་ཅིག་ཅར་དུ་འཛིན་པ་མ་ཡིན་པ་དེའི་ཕྱིར། གཞན་ཡང་དབང་པོའི་ཤེས་པའི་འཁྲུལ་ཚུལ་ལས་གཞན་དུ་དངོས་པོ་སྐད་ཅིག་སྔ་ཕྱི་རྣམས་ནི་དེ་ཉིད་འདིའོ་ཞེས་གཅིག་ཏུ་སྦྱོར་ཞིང་སྒྲོ་འདོགས་པར་བྱེད་པའི་བློ་དེ་ནི་ཆོས་ཅན། རྣམ་རྟོག་ཅན་ཡིན་ཏེ། དངོས་པོ་སྐད་ཅིག་སྔ་ཕྱི་རྣམས་ཐ་དད་དུ་མཚོན་ཞིང་རྟོགས་པ་མེད་པར་སྔར་གྱི་དེ་ཉིད་འདིའོ་ཞེས་གཅིག་ཏུ་འཁྲུལ་པ་ཅན་གྱི་དྲན་པ་ཡིན་པའི་ཕྱིར། དེས་ན་དེ་སྟེ་ཁྱོད་ལ་ནི་དབང་ཤེས་ཀྱི་གཟུང་དོན་དུ་གྱུར་པའི་ཡི་གེ་རྣམས་གསལ་བར་སྣང་བ་ཉིད་ག་ལ་ཞིག་སྟེ་མ་ཡིན་པར་ཐལ། བརྗོད་པ་སྒྲ་དང་དོན་རྗེས་སུ་འབྲེལ་བ་འཛིན་པའི་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། དབང་པོའི་ཤེས་པས་གཟུང་བའི་དོན་ལ་རྗོད་བྱེད་ཀྱི་སྒྲ་དངོས་སུ་སྦྱོར་བ་ཡོད་པ་མིན་ཞེས་ལན་དུ་མར་བཤད་ཟིན་པའི་ཕྱིར་རོ། །གལ་ཏེ་དབང་པོའི་ཤེས་པས་ཡུལ་བར་ཆོད་པ་མཐོང་བ་ཡིན་ཡང་རྗེས་ཀྱི་རྟོག་པས་བར་ཆོད་པ་མེད་པར་སྦྱོར་བར་བྱེད་ན། དོན་གཟུགས་སོགས་དང་དེའི་མྱོང་བ་དབང་ཤེས་རྣམས་ནི་ཆོས་ཅན། རང་གི་ཡུལ་ཅན་ལ་བར་ཆོད་པ་སྣང་ཞེས་བྱ་བ་དེ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། རང་གི་ཡུལ་ཅན་ལ་བར་རྒྱུན་མ་འཆད་པར་སྣང་བ་ལ་རིགས་པ་དམ་པས་གནོད་པ་ཅན་གྱི་ཚད་མ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལ་གནོད་བྱེད་ཡོད་དེ་ཤེས་པ་རྣམས་རང་ལས་དུས་ཕྱིས་འབྱུང་བའི་ཤེས་པ་རྫས་གཞན་གྱིས་མྱོང་བའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་མྱོང་བྱེད་ཡོད་ལ་རང་གིས་མི་མྱོང་རང་དང་དུས་མཉམ་པའི་བློ་རྫས་གཞན་གྱིས་ཀྱང་མི་མྱོང་སྟེ། བློ་རྣམས་བློ་ཕྱི་མ་རེ་རེ་ཁོ་ན་བསྐྱེད་པའི་ནུས་པ་ངེས་པའི་ཕྱིར་ཞེ་ན། བློ་རྣམས་བློ་ཕྱི་མ་རེ་རེ་ཁོ་ན་བསྐྱེད་པའི་ནུས་པ་ངེས་པ་དེ་ནི་སྒྲུབ་བྱེད་གང་ལས་སྒྲུབ་པར་འདོད་དྲིས་པས། གལ་ཏེ་སྐྱེས་བུ་གཅིག་གི་རྒྱུད་ལ་བློ་གཉིས་ཅིག་ཅར་དུ་འབྱུང་བ་མཐོང་བ་མེད་པའི་ཕྱིར་ཞེ་ན། བློ་གཉིས་ཅིག་ཅར་དུ་འབྱུང་བ་མཐོང་བ་མེད་པ་དེ་ཉིད་ཆོས་ཅན། སྐྱེས་བུ་གཅིག་གི་རྒྱུད་ལ་བློ་གཉིས་ཅིག་ཅར་དུ་འབྱུང་བ་མེད་པའི་སྒྲུབ་བྱེད་ཡང་དག་མ་ཡིན་པར་ཐལ། སྐྱེས་བུ་གཅིག་གི་རྒྱུད་ལ་བློ་གཉིས་ཅིག་ཅར་དུ་འབྱུང་བ་ཡོད་མེད་དཔྱད་པ་བྱ་བ་ཡིན་པ་འདི་ལྟར་ཁྱོད་ཀྱང་སྐྱེས་བུ་གཅིག་གི་རྒྱུད་ལ་དཔྱད་པར་བྱ་བ་ཡིན་པའི་ཕྱིར། གལ་ཏེ་དེའི་སྒྲུབ་བྱེད་ཡོད་དེ། མདོ་ལས། སེམས་གཉིས་ལྷན་ཅིག་འབྱུང་བ་གང་ཡིན་པ་དེ་ནི་གནས་མ་ཡིན་ཏེ་སྐབས་མེད་པའི་ཕྱིར་རོ་ཞེས་གསུངས་ཤེ་ན། དེ་འདྲའི་ལུང་དེ་ཆོས་ཅན། སྐྱེས་བུ་གཅིག་གི་རྒྱུད་ལ་བློ་གཉིས་ཅིག་ཅར་དུ་འབྱུང་བ་མེད་པར་བསྟན་པ་མ་ཡིན་པར་ཐལ། ཤེས་པ་སྔ་མ་དེ་རྣམས་རང་དང་རིགས་མཐུན་པའི་ཤེས་པ་ཕྱི་མ་རེ་རེ་ཁོ་ན་བསྐྱེད་པའི་ནུས་པ་ངེས་པ་ཙམ་དུ་བསྟན་པའི་ཕྱིར། དེས་ན་ཤེས་བྱ་ཆོས་ཅན། དེ་རྣམས་དེ་ལྟར་ངེས་པར་འགྱུར་བ་ཡིན་ཏེ། འདི་ལྟར་རྣམ་པར་རྟོག་པ་དུ་མ་རྣམས་ནི་སྔ་ཕྱི་རིམ་གྱིས་འབྱུང་བར་ཡང་དག་པར་རྟོགས་ཀྱི་ཅིག་ཅར་དུ་འབྱུང་བར་རྟོགས་པ་མེད་པའི་ཕྱིར། སྐྱེས་བུ་གཅིག་གི་རྒྱུད་ལ་བློ་རིག་མཐུན་གཉིས་ཅིག་ཅར་དུ་འབྱུང་བ་མེད་པར་བསྟན་པ་འདིས་ནི་དཔྱོད་པ་བ་གང་གིས་མངོན་སུམ་གྱིས་མཐོང་བའི་དོན་ལ་དེ་ཉིད་འདིའོ་ཞེས་གཅིག་ཏུ་ངོ་ཤེས་པར་བྱེད་པ་རྟོག་པ་དག་ཡུལ་གསལ་བར་སྣང་བས་མངོན་སུམ་དུ་རྟོག་ཅིང་འདོད་པ་དེ་ཡང་བསལ་བ་ཡིན་ཏེ། དེ་མངོན་སུམ་ཡིན་ན་སྐྱེས་བུ་གཅིག་གི་རྒྱུད་ལ་ཤེས་པ་རིགས་མཐུན་དུ་མ་ཅིག་ཅར་དུ་འབྱུང་དགོས་པ་ལ་དེ་འབྱུང་བ་མེད་པའི་ཕྱིར་རོ། །སྐྱོན་གཞན་ཡང་ཡོད་དེ། སྐྲ་དང་མར་མེ་སོགས་སྐད་ཅིག་སྔ་ཕྱི་ཐ་དད་ཅིང་མིག་འཁྲུལ་མཁན་གྱི་སྒོ་ང་གཉིས་སོགས་ཕན་ཚུན་ཐ་དད་པ་ལ་འདིའོ་ཞེས་གཅིག་ཏུ་ངོ་ཤེས་ཤིང་རྟོག་པའི་བློ་དེ་ཆོས་ཅན། མངོན་སུམ་ཡིན་པར་ཐལ། ཁྱོད་ལ་ཡང་ཡུལ་གསལ་བར་སྣང་བ་ཡོད་པའི་ཕྱིར་ཏེ། སྔར་མངོན་སུམ་གྱིས་མཐོང་བའི་དོན་དེ་ཉིད་འདིའོ་ཞེས་ཤེས་པ་ཡིན་པའི་ཕྱིར་རོ། །འདོད་ན། དེ་འདྲའི་བློ་ཆོས་ཅན། ཇི་ལྟར་མངོན་སུམ་ཡིན་པར་འགྱུར་ཏེ་མ་ཡིན་པར་ཐལ། དངོས་པོ་ཐ་དད་པ་གཉིས་འདིའོ་ཞེས་གཅིག་ཏུ་ངོ་ཤེས་པའི་འཁྲུལ་ཤེས་ཡིན་པའི་ཕྱིར། དེས་ན་རིག་བྱེད་ཀྱི་ཡི་གེ་ཨ་ཨི་སོགས་ཆོས་ཅན། ཁྱོད་སྔ་ཕྱི་གཅིག་ཏུ་ངོ་ཤེས་པ་ཙམ་ལས་གཅིག་ཏུ་གནས་པའི་ངེས་པ་མེད་པར་ཐལ། སྔ་ཕྱི་གཅིག་ཏུ་ངོ་ཤེས་པ་དེ་མངོན་སུམ་མ་ཡིན་པར་འཁྲུལ་ཤེས་ཡིན་པ་དེའི་ཕྱིར། དེ་འདྲའི་ངོ་ཤེས་དེ་མངོན་སུམ་མ་ཡིན་པར་མ་ཟད་དབང་ཤེས་ཀྱང་མ་ཡིན་ཏེ་འདི་ལྟར། སྔར་གྱི་དོན་དེ་ཉིད་ནི་འདིའོ་ཞེས་བྱ་བར་ངོ་ཤེས་པའི་བློ་དེ་ཡང་ཆོས་ཅན། ཇི་ལྟར་དབང་ཤེས་ཀྱི་ཤེས་པ་ཡིན་ཏེ་མ་ཡིན་པར་ཐལ། སྔོན་མྱོང་བའི་དོན་དྲན་པ་ལས་སྔར་གྱི་དོན་དེའི་ཆོས་ཕྱིས་ཀྱི་དོན་དེ་ལ་སྒྲོ་འདོགས་པ་མེད་པར་ཁྱོད་མེད་པའི་ཕྱིར། གལ་ཏེ་བློ་གཉིས་ཅིག་ཅར་དུ་འབྱུང་ན་ཤེས་པ་རྣམས་རང་དང་དུས་མཉམ་པའི་ཤེས་པ་རྫས་གཞན་གྱིས་མྱོང་ངོ་ཞེ་ན། དེ་ཡང་མི་རིགས་ཏེ། དོན་གཟུགས་སོགས་དང་གཟུགས་སོགས་འཛིན་པའི་ཤེས་པ་མྱོང་བ་དག་ཅིག་ཅར་འབྱུང་བར་ནི་ཁྱེད་ཀྱང་འདོད་པ་མིན་ཞིང་དོན་ལ་ཡང་མི་འཐད་དེ། སྐྱེས་བུ་གཅིག་གི་རྒྱུད་ལ་འདི་ནི་གཟུགས་སོ་འདི་ནི་གཟུགས་འཛིན་པའི་ཤེས་པའོ་ཞེས་དོན་གཟུགས་སོགས་དང་གཟུགས་སོགས་འཛིན་པའི་ཤེས་པ་སྣང་བ་དག་སོ་སོ་ཐ་དད་པར་རྟོགས་པའི་དྲན་པའང་ཡོད་པ་མ་ཡིན་པའི་ཕྱིར། གལ་ཏེ་དོན་དང་དོན་ཤེས་ཀྱི་སྣང་བ་དེ་དག་བློ་རང་ཉིད་ལས་དུས་ཕྱིས་བྱུང་བའི་བློ་རྣམ་པ་གཅིག་པ་ཅན་གཅིག་གིས་གཅིག་དུ་བཟུང་བས་ཐ་དད་དུ་མ་མྱོང་བར་ཟད་ཀྱི་དོན་ལ་ཐ་དད་ཡིན་ནོ་ཞེ་ན། སྔོ་སོགས་དོན་དུ་སྣང་བའི་དབང་པོའི་རྣམ་ཤེས་ཆོས་ཅན། ཁྱོད་དང་རྣམ་པས་དབེན་པའི་སྔོ་སོགས་ཕྱི་རོལ་གྱི་དོན་འབའ་ཞིག་པ་རྣམས་དུས་ཕྱིས་འབྱུང་བའི་བློ་རྣམ་པ་གཅིག་པ་ཅན་གཅིག་གིས་གཅིག་ཏུ་བཟུང་བ་མིན་ཏེ། དེ་ཡིན་ན་ཁྱོད་རྣམས་ཐ་དད་མེད་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །གལ་ཏེ་དོན་དང་དོན་ཤེས་དེ་དག་དུས་ཕྱིས་འབྱུང་བའི་དྲན་ཤེས་ཀྱིས་སོ་སོར་དྲན་པས་ཐ་དད་མེད་པའི་སྐྱོན་མེད་དོ་ཞེ་ན། ཤེས་བྱ་ཆོས་ཅན། དོན་དང་དོན་ཤེས་གང་ཡིན་དེ་དག་ཕྱིས་ནས་རྗེས་སུ་སྐྱེས་པའི་དྲན་ཤེས་ཀྱིས་ཇི་ལྟར་སོ་སོར་དྲན་པ་ཡིན་ཏེ་མ་ཡིན་པར་ཐལ། ཡུལ་ལེགས་པར་རྟོགས་པའི་ཤེས་པའི་ཁྱད་པར་གྱིས་དོན་མྱོང་བའི་ཤེས་པ་ལེགས་པར་རྟོགས་པ་མེད་པའི་ཕྱིར། དོན་དང་དོན་ལ་དུས་མཉམ་པའི་མྱོང་བྱེད་རྫས་གཞན་ཡོད་པར་འདོད་པའི་ལུགས་ལ་དོན་དང་དོན་ཤེས་ཀྱི་སྣང་བ་སྣ་ཚོགས་པ་སྟེ་སོ་སོ་ཐ་དད་དུ་རྟོག་པ་ཡོད་པར་ཐལ་ཞེས་རྩོད་པའི་སྐྱོན་འདི་ནི། དོན་དང་དོན་གྱི་ཡིད་དེ་དོན་ཤེས་དག་གི་མྱོང་བྱེད་རྫས་གཞན་ཐ་དད་པ་སྔ་ཕྱི་རིམ་བཞིན་སྐྱེ་བར་འདོད་པ་ལའང་འདོན་པར་དཀའ་སྟེ་འཇུག་པས་ལན་གདབ་མི་ནུས་སོ། །སོ་སོར་རྟོག་པའང་ཡོད་པ་མ་ཡིན་གྱི་སྦྱོར་བ་འགོད་དོ། །དེའི་བསལ་བ་སྟོན་པ་དེ་འདི་ལྟར་སྔོན་པོར་སྣང་བའི་དབང་ཤེས་ནི་ཆོས་ཅན། ཁྱོད་མྱོང་བ་ལ་མྱོང་བྱེད་རྫས་གཞན་དགོས་པ་མ་ཡིན་ཏེ། ཁྱོད་སྔོན་པོ་ལ་སོགས་པའི་གཟུང་རྣམ་གཅིག་པ་ཅན་ཉིད་དམ་ཁྱོད་མྱོང་བྱེད་ནི་འཛིན་རྣམ་གཅིག་པ་ཅན་དུ་ཚད་མས་རྟོགས་པའི་ཕྱིར། མདོར། དེ་ལའང་དྲན་པ་སྟེ། དེ་བཞིན་ཡུལ་གཞན་ལ་འཕོ་བ། །མེད་འགྱུར་དེ་ཡང་འདོད་ཕྱིར་རོ། །ཞེས་པ་འགྲེལ་པ་སྟེ། གཞན་ཡང་ཤེས་པ་རྣམས་ཤེས་པ་རྫས་གཞན་གྱིས་རྗེས་སུ་མྱོང་བར་འགྱུར་བར་འདོད་པ་དེའི་ལུགས་ལའང་ཆོས་ཅན། ཤེས་པ་སྔ་མ་མྱོང་བྱེད་ལ་མྱོང་བྱེད་རྫས་གཞན་འདོད་དགོས་པར་འགྱུར་ཏེ། དེ་དུས་ཕྱིས་དྲན་པའང་མཐོང་བའི་ཕྱིར་རོ། །དེས་ན་ཤེས་པ་སྔ་མ་མྱོང་བྱེད་དེ་ནི་མྱོང་བྱེད་གང་གིས་མྱོང་བ་ཡིན་དྲིས་པས། གལ་ཏེ་དེ་ཡང་རང་ལས་རྫས་གཞན་གྱི་ཤེས་པ་ཕྱི་མས་མྱོང་ངོ་ཞེ་ན། ཐུག་མེད་འགྱུར་ཞེས་པའི་ལན་ཡོད་ཀྱང་རེ་ཞིག་དེ་ལྟ་ཡིན་ན། ཤེས་པ་སྔ་མ་སྔ་མ་ཤེས་པ་ཕྱི་མ་ཕྱི་མ་རྫས་གཞན་གྱིས་མྱོང་བའི་ཤེས་རིག་གི་ཕྲེང་བ་སྔ་ཕྱི་རྗེས་སུ་འབྲེལ་བ་ཅན་དུ་འབྱུང་བ་ན་ཤེས་པ་ཕྱི་མ་འདི་བསྐྱེད་བྱེད་དེ་ནི་གང་ཞིག་ཡིན་དྲིས་པས། གལ་ཏེ་དེ་ཡང་རང་གི་སྔ་ལོགས་ཀྱི་བློ་དེ་ཉིད་ཡིན་ཞེ་ན། དེ་ལྟ་ཡིན་ན་ཤེས་པ་ཕྱི་མ་དེ་ཡུལ་གཞན་གྱི་ཕྱི་རོལ་གྱི་དོན་ལ་འཕོ་བར་མི་འགྱུར་ཏེ། དེའི་རྒྱུ་མཚན། མྱང་བྱ་བློ་སྔ་མ་དེ་དག་ཆོས་ཅན། རང་མྱོང་བྱེད་ཀྱི་ཤེས་པ་ཕྱི་མ་དེ་དག་གིས་ཁྱོད་མི་འཛིན་པར་ཇི་ལྟར་གཞན་ཕྱི་རོལ་གྱི་དོན་འཛིན་པར་འགྱུར་ཏེ་མི་འགྱུར་བར་ཐལ། ཁྱོད་དེ་དག་གི་གཟུང་བའི་མཚན་ཉིད་ཀྱི་གྱུར་པ་སྟེ་གཟུང་དོན་ཡིན་ཞིང་ཕྱི་རོལ་གྱི་དོན་ལས་ཁྱོད་དེ་དག་བསྐྱེད་བྱེད་དུ་ཉེ་བའི་ཕྱིར། གལ་ཏེ་ཕྱི་རོལ་གྱི་དོན་ཉེ་བས་ཤེས་པ་སྔ་མས་ཕྱི་མ་བསྐྱེད་པའི་གེགས་བྱེད་པའི་ཤེས་པ་ཕྱི་མ་ཕྱི་རོལ་ལ་འཕོའོ་ཞེ་ན། གང་གི་ཡན་ལག་ཤེས་པ་སྔ་མ་དེ་ནི་ཆོས་ཅན། རང་ལ་དམིགས་པའི་ཤེས་པ་ཕྱི་མ་དེ་དག་བསྐྱེད་པ་ལ་ནང་ལས་གཞན་ཕྱིའི་ཡན་ལག་གང་གིས་དམིགས་བྱེད་འགྱུར་ཏེ་མི་འགྱུར་བར་ཐལ། ཁྱོད་བདག་ལ་དམིགས་པའི་ཤེས་པ་ཕྱི་མ་བསྐྱེད་བྱེད་ཀྱི་རང་བཞིན་དུ་རང་རྒྱུ་ལས་ངེས་པའི་ཕྱིར། གཞན་ཡང་ཤེས་བྱ་ཆོས་ཅན། ཕྱི་རོལ་དོན་ཉེ་བ་ཙམ་གྱིས་ཤེས་པས་རང་མྱོང་བྱེད་བསྐྱེད་པ་དེ་ལ་གེགས་བྱེད་ནུས་པ་མ་ཡིན་པར་ཐལ། དེ་མི་ནུས་པ་ལས་གཞན་དུ་ནུས་ན་ཡུལ་ཕྱི་རོལ་གྱི་དོན་ནི་ཉེ་བ་ན་དེ་ཉེ་བའི་ཕུང་པོ་ལྔ་ཆར་ཅན་གྱི་སྐྱེས་བུ་འགས་ཀྱང་བློ་མྱོང་བར་མི་འགྱུར་བའི་ཕྱིར་ཏེ། ཕུང་པོ་ལྔ་ཆར་ཅན་གྱི་སྐྱེས་བུ་ལ་ཕྱི་རོལ་གྱི་དོན་དེ་ཉེ་བ་མིན་པའི་གནས་སྐབས་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར། དེས་ན་ཕུང་པོ་ལྔ་ཆར་ཅན་གྱི་སྐྱེས་བུའི་བློ་ཆོས་ཅན། རང་དྲན་པའི་དྲན་པ་ཡང་མེད་པར་ཐལ། ཁྱོད་དྲན་པའི་རྩ་བ་མྱོང་བྱེད་མེད་པའི་ཕྱིར། དེས་ན་རྒྱུ་མྱོང་བྱེད་མེད་པར་འབྲས་བུ་དྲན་པ་ཡོད་པར་འདོད་པ་ཨ་རེ་མཛེས་ཞེས་དཔྱས་སོ། །གལ་ཏེ་དབང་ཤེས་རྣམས་ལ་གཟུང་དོན་ཕྱི་རོལ་དོན་ཡོད་པས་ཤེས་པ་ཕྱི་མ་ཕྱི་རོལ་ལ་འཕོ་རུ་ཆུག་ཀྱང་འདས་མ་འོངས་སོགས་དངོས་མེད་ཀྱི་ཡུལ་ཅན་དུ་གྱུར་པའི་ད་ལྟར་གྱི་རྣམ་རྟོག་གང་དག་ཆོས་ཅན། ད་ལྟ་འདས་མ་འོངས་སོགས་ཀྱི་དོན་ལ་དཔྱོད་ཅིང་འཛིན་པ་མི་སྲིད་པར་འགྱུར་བར་ཐལ་ལོ། །དེ་ལ་ཁྱོད་འཛིན་བྱེད་དུ་འཕོ་བའི་རྒྱུ་ནི་མེད་པའི་ཕྱིར་ཏེ། དེ་ཁྱོད་ཀྱི་གཟུང་དོན་དུ་ཉེ་བ་ནམ་ཡོད་པ་མ་ཡིན་པའི་ཕྱིར། གལ་ཏེ་ཤེས་པ་སྔ་མ་རྣམས་ལ་བདག་ལ་དམིགས་པའི་ཤེས་པ་ཕྱི་མ་བསྐྱེད་པའི་ནུས་པ་རིམ་གྱིས་ཟད་པ་ན་ཤེས་པ་ཕྱི་མ་ཡུལ་གཞན་ཕྱི་རོལ་ལ་འཕོ་བར་འགྱུར་རོ་ཞེ་ན། ཕྱི་རོལ་གྱི་དོན་ལ་འཕོས་པའི་བློ་དེ་ཆོས་ཅན། རང་བསྐྱེད་བྱེད་ཀྱི་ཉེར་ལེན་ཡོད་པ་གང་ལས་ཡིན་ཏེ་མེད་པར་ཐལ། སྔར་རང་གི་དེ་མ་ཐག་རྐྱེན་གྱི་བློ་ལ་ཁྱོད་སྐྱེད་པའི་ནུས་པ་ཟད་ཅིང་མེད་པའི་ཕྱིར། ཁྱབ་སྟེ། བློ་སྔོན་མ་ནུས་པ་ཅན་དུ་མེད་པར་བློ་ཕྱི་མ་སྐྱེ་བ་ཡོད་པ་མ་ཡིན་པའི་ཕྱིར། དེའི་རྒྱུ་མཚན་སྐྱེས་བུ་རྣམས་ཡིད་ཤེས་དོན་གཞན་གཟུགས་མཛེས་སོགས་ལ་ལྷག་པར་ཆགས་པས་ཡུལ་གཞན་སྒྲ་སོགས་འཛིན་པའི་ཤེས་པ་བསྐྱེད་པའི་དེ་མ་ཐག་རྐྱེན་གྱི་ནུས་པ་ཉམས་པ་ན་ཡུལ་གཞན་སྒྲ་སོགས་འཛིན་པའི་ཤེས་པ་སྐྱེ་བ་ཚད་མས་མ་རྟོགས་པའི་ཕྱིར། གལ་ཏེ་དེ་ལ་ཁ་ཅིག་ན་རེ། བཤད་མ་ཐག་པའི་རིགས་པས་ཀུན་གཞི་འཇུག་ཤེས་ཀྱི་རྒྱུ་ཡིན་པས་ཤེས་པ་རིགས་མི་མཐུན་དུ་མ་ཅིག་ཅར་དུ་སྐྱེ་བར་འདོད་པ་ལ་གནོད་པ་ཡིན་ཏེ། ཀུན་གཞི་འཇུག་ཤེས་ཀྱི་རྒྱུ་ཡིན་ན། ཡིད་ཤེས་གཟུགས་མཛེས་སོགས་ལ་ཆགས་པའི་རྒྱུད་ལའང་ཀུན་གཞི་ཡོད་པས་ཡུལ་གཞན་སྒྲ་སོགས་འཛིན་པའི་ཤེས་པ་སྐྱེ་བར་ཐལ་ལོ་ཞེ་ན། བཤད་མ་ཐག་པའི་རིགས་པས་དེ་ལྟར་འདོད་པ་ལ་གནོད་པ་མ་ཡིན་ནོ་ཞེས་སྟོན་པ་དེ། ཡིད་ཤེས་གཟུགས་མཛེས་ལ་ཆགས་བཞིན་པའི་སྐྱེས་བུ་ཆོས་ཅན། སྤྱིར་ཀུན་གཞི་ལས་སྐབས་འགར་ཅིག་ཅར་དུ་ཤེས་པ་རིགས་མཐུན་དུ་མ་སྐྱེ་ཡང་རང་རྒྱུད་ཀྱི་ད་ལྟའི་ཀུན་གཞི་ལས་ཡུལ་གཞན་སྒྲ་སོགས་འཛིན་པའི་ཤེས་པ་འབྱུང་བ་མིན་པའི་རྒྱུ་མཚན་ཡོད་དེ། རང་རྒྱུད་ཀྱི་ད་ལྟ་གཟུགས་མཛེས་སོགས་ལ་ལྷག་པར་ཆགས་བཞིན་པའི་ཤིན་ཏུ་གསལ་བ་སེམས་གཅིག་གིས་རང་རྒྱུད་ཀྱི་ད་ལྟའི་ཀུན་གཞི་ལས་ཡུལ་གཞན་སྒྲ་སོགས་འཛིན་པའི་ཤེས་པ་སྐྱེ་བའི་ནུས་པ་ཉམས་པར་བྱས་པའི་ཕྱིར། གཞན་ཡང་བློ་སྔོན་མེད་པར་བློ་མ་ཡིན་གྱི་གཞུང་འཛུགས་པ་དེ་ཤེས་པ་ཕྱི་མ་སྐྱེ་བ་ཤེས་པ་སྔ་མ་ལ་ལྟོས་པ་དེ་ལྟ་མ་ཡིན་ན་ཡིད་དེ་ཤེས་པ་སྔ་མ་རྣམས་ཤེས་པ་ཕྱི་མ་བསྐྱེད་ནུས་སུ་འཇུག་པ་མཚུངས་པ་མ་ཡིན་ཏེ་ཤེས་པ་ཕྱི་མ་རྣམས་གཞན་སྔ་མ་ལ་ལྟོས་པར་མི་འགྱུར་བར་ཐལ། དེ་ལྟ་ཡིན་ན་ཡིད་ཤེས་གཟུགས་མཛེས་པ་ལ་ཆགས་བཞིན་པའི་སྐབས་སུ་ཡང་སྒྲ་སོགས་འཛིན་པའི་ཤེས་པ་གཞན་སྐྱེ་བར་ཐལ་ལོ། །ཡང་ཤེས་བྱ་ཆོས་ཅན། ཤེས་པ་ཕྱི་མ་སྐྱེ་བ་སྔ་མ་ལ་ལྟོས་པ་རབ་ཏུ་གྲུབ་པ་ཡིན་ཏེ། ཡིད་ཤེས་རྟོག་པ་དུ་མ་སྔ་ཕྱི་རིམ་བཞིན་སྐྱེ་བ་ཡིན་གྱི་ཅིག་ཅར་མི་སྐྱེ་བའི་ཕྱིར་རོ། གལ་ཏེ་བྱེ་བྲག་པ་ན་རེ། ཤེས་པའི་རྒྱུ་ཡིད་དེ་རྡུལ་ཕྲན་ཙམ་གྱི་རྟག་པ་གཅིག་ཡིན་པའི་ཕྱིར་སྣའི་དབང་པོའི་སྒོར་ཞུགས་ནས་ཡུལ་གཞན་དྲི་ལ་ཆགས་པ་ན་ཡུལ་དང་དབང་པོ་གཞན་ལ་མི་འགྲོ་བའི་ཕྱིར་གཟུགས་སོགས་འཛིན་པའི་ཤེས་པ་གཞན་མི་སྐྱེ་བ་ཡིན་གྱི་ཤེས་པ་ཕྱི་མ་སྐྱེ་བ་སྔ་མ་ལ་ལྟོས་པ་ནི་མ་ཡིན་ནོ་ཞེ་ན། ཤེས་བྱ་ཆོས་ཅན། ཤེས་པའི་རྒྱུ་ཡིད་གཅིག་ཡིན་པ་ཤེས་པ་རེ་རེ་ཁོ་ན་སྐྱེ་བར་ངེས་པ་མིན་པར་ཐལ། འཇུག་ཤེས་དྲུག་གི་རྐྱེན་གསུམ་ནུས་ལྡན་དུ་ཡོད་པའི་སྐབས་ལ་ལར་ཤེས་པ་དུ་མ་ཅིག་ཅར་འབྱུང་བ་ཡོད་པའི་ཕྱིར་རོ། །གཞན་ཡང་ཡིད་དེ་ཡུལ་དྲུག་ལ་འཇུག་པ་མཚུངས་ལ་ཆ་མཉམ་པའི་གནས་སྐབས་ཐམས་ཅད་ཀྱི་ཚེ་ན་ཆོས་ཅན། དྲི་ལས་གཞན་གཟུགས་སོགས་རྟོགས་པའི་ཤེས་པ་སྐྱེ་བར་མི་འགྱུར་བར་ཐལ། ཡིད་དེ་སྣའི་དབང་པོའི་སྒོར་ཞུགས་པ་མཚུངས་པའི་ཕྱིར། གཞན་ཡང་ཤེས་པ་སྔ་ཕྱི་དུ་མའང་ཆོས་ཅན། ཅིག་ཅར་སྐྱེ་བར་འགྱུར་བར་ཐལ། བདག་དང་ཡིད་རྟག་པ་ལྡན་པ་སྟེ་ཕྲད་པ་ཙམ་ལས་སྐྱེ་བ་ཡིན་པའི་ཕྱིར། གལ་ཏེ་རྒྱུ་ཡིད་དེ་རྟག་པ་གཅིག་ཡིན་པས་དེ་ལས་ཤེས་པ་དུ་མ་ཅིག་ཅར་མི་སྐྱེ་སྟེ་བྱེད་པ་གཅིག་ལ་བྱ་བ་ཡང་གཅིག་ཡིན་པའི་ཕྱིར་ཞེ་ན། མར་མེའི་འོད་གཅིག་ཆོས་ཅན། ཇི་ལྟར་ན་དབང་ཤེས་དུ་མས་མཐོང་སྟེ་མི་མཐོང་བར་ཐལ། བྱེད་པ་གཅིག་ཡིན་པའི་ཕྱིར། གཞན་ཡང་ཡིད་ཆོས་ཅན། རིམ་གྱིས་ཀྱང་ཤེས་པ་དུ་མ་བསྐྱེད་པའི་ནུས་མེད་དུ་འགྱུར་བར་ཐལ། ཅིག་ཅར་དུ་ཤེས་པ་དུ་མ་བསྐྱེད་པའི་ནུས་པ་མེད་པ་གང་གི་ཕྱིས་ཀྱང་སྔར་གྱི་སྐབས་དང་བྱེ་བྲག་མེད་པའི་ཕྱིར་རོ། །ཡིད་རྟག་པ་ཤེས་པའི་རྒྱུ་ཡིན་ན་ཤེས་པ་དུ་མ་ཅིག་ཅར་དུ་བསྐྱེད་དགོས་ལ་དེ་ལྟ་མ་ཡིན་ན་རིམ་གྱིས་ཀྱང་མི་བསྐྱེད་པར་བསྟན་པ་འདིས་ནི་འབྱུང་བའི་ལུས་རྟག་པ་དང་སྐྱེས་བུ་སྟེ་བདག་རྟག་པ་ཤེས་པའི་རྒྱུར་འདོད་པ་ལ་ཡང་གནོད་བྱེད་བཤད་པ་ཡིན་ནོ། །གལ་ཏེ་བྱེ་བྲག་པས་བདག་གི་ཡོན་ཏན་འདུ་བྱེད་ལས་བློ་རེ་ཁོ་ན་སྐྱེ་བར་ངེས་སོ་ཞེ་ན། དེ་རྟག་གམ་མི་རྟག །རྟག་ན་བློ་དུ་མ་ཅིག་ཅར་སྐྱེ་བའི་སྐྱོན་སོ་ན་གནས་ལ། མི་རྟག་ན་དེ་ཕྱིས་རྒྱུ་གང་ལས་སྐྱེས་དྲིས་པས། བློ་སྔ་མ་ཉིད་ལས་སྐྱེས་སོ་ཞེ་ན། དེ་ལྟར་ཡིན་མོད་ཀྱང་བློ་སྔ་མ་ནུས་པ་ཅན་ལས་བློ་ཕྱི་མ་སྐྱེ་བ་ཁོ་བོ་ཅག་གི་འདོད་པ་ཉིད་དུ་གྲུབ་བོ། །གལ་ཏེ་བློ་སྔ་མ་བློ་ཕྱི་མའི་སྐྱེད་བྱེད་ཡིན་གྱི་གཟུང་ཡུལ་མ་ཡིན་པས་བློ་ཕྱི་མ་ཕྱི་རོལ་ལ་འཕོའོ་ཞེ་ན། བློ་ཕྱི་མའི་གཟུང་བར་གྱུར་པའི་བློ་སྔ་མ་ཆོས་ཅན། རང་བློ་ཕྱི་མའི་གཟུང་ཡུལ་ཉིད་ཡིན་པ་ལས་གཞན་དེའི་སྐྱེད་བྱེད་མིན་པར་ཐལ། རང་བློ་ཕྱི་མ་རང་འཛིན་བྱེད་དུ་སྐྱེད་བྱེད་ཡིན་པའི་ཕྱིར། ཁྱབ་སྟེ་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། གལ་ཏེ་དེ་ལ་ཕྱི་རོལ་གྱི་སྣང་བས་མ་ངེས་སོ་ཞེ་ན། ཕྱི་རོལ་གྱི་སྣང་བ་ཆོས་ཅན། རང་འཛིན་དབང་ཤེས་ཀྱི་གཟུང་བའི་ཡུལ་མ་ཡིན་བཞིན་དུ་དེ་སྐྱེད་བྱེད་དུ་མེད་པར་ཐལ། དེའི་གཟུང་ཡུལ་ཡིན་པའི་སྒོ་ནས་དེ་སྐྱེད་བྱེད་ཡིན་པའི་ཕྱིར། གཞན་ཡང་སྣང་བ་དེ་སྔར་རགས་པ་ཕྲ་བར་སོང་བ་ཐག་ཉེ་བ་རིང་བར་སོང་བའི་བར་དུ་སྒྲིབ་བྱེད་ཀྱིས་ཆོད་པ་སོགས་གཟུང་ཡུལ་མ་ཡིན་པ་སྲིད་དུ་ཆུག་ཀྱང་ཕྱོགས་དང་དུས་ཀྱི་ཆ་ཤས་མེད་པའི་བློ་སྔ་མ་ཆོས་ཅན། ཆ་ཕྲ་བ་ཐག་རིང་བ་སྒྲིབ་བྱེད་ཀྱིས་ཆོད་པ་ལ་སོགས་པའི་སྒོ་ནས་རང་བློ་ཕྱི་མའི་གཟུང་ཡུལ་དུ་མི་འགྱུར་བ་མ་ཡིན་པར་ཐལ། ཁྱོད་ལ་རགས་པ་ཕྲ་བར་སོང་བ་སོགས་མེད་པའི་ཕྱིར། གལ་ཏེ་བློ་སྔ་མ་ལ་བློ་ཕྱི་མའི་གཟུང་བའི་ནུས་པ་དང་ཉེར་ལེན་གྱི་ནུས་པ་གཉིས་ཡོད་པ་ལས་བློ་ཕྱི་མ་ཕྱི་རོལ་ལ་འཕོས་པ་ན་དེའི་གཟུང་བའི་ནུས་པ་ཉམས་པར་འགྱུར་གྱི་སྐྱེད་བྱེད་ཉེར་ལེན་བདག་ཉིད་ཀྱི་ནུས་པ་གཞན་ཉམས་པ་མིན་པས་བློ་ཕྱི་མ་ཕྱི་རོལ་ལ་འཕོ་ཞེ་ན། བློ་སྔ་མ་ལ་ནི་ཆོས་ཅན། རང་བློ་ཕྱི་མའི་གཟུང་ཡུལ་ཡིན་པ་ལས་གཞན་དེར་རང་འཛིན་བྱེད་དུ་སྐྱེད་བྱེད་ཀྱི་ནུས་པ་མེད་དེ་དེའི་གཟུང་བའི་མཚན་ཉིད་ཅན་ཡིན་པའི་ཕྱིར་ཁྱབ་སྟེ། དཔེར་ན་གཟུགས་སོགས་ཕྱི་རོལ་གྱི་དོན་རྣམས་རང་འཛིན་གྱི་བློའི་གཟུང་ཡུལ་དེ་ལྟ་མིན་པར་ནི་རང་འཛིན་གྱི་བློ་ལ་དངོས་སུ་ཕན་འདོགས་པའི་ནུས་པ་མེད་པ་བཞིན་ནོ། །རྟགས་ཀྱང་གྲུབ་སྟེ། བློ་སྔ་མ་དེ་ཡང་ཆོས་ཅན། རང་བློ་ཕྱི་མའི་གཟུང་ཡུལ་དེ་ཉིད་དུ་རྣམ་པར་གནས་པར་ཐལ། དེ་རང་འཛིན་བྱེད་དུ་སྐྱེད་བྱེད་དེར་ཡོད་པ་དེའི་ཕྱིར། ཁྱབ་སྟེ། གཟུང་བའི་མཚན་ཉིད་ནི་རང་འཛིན་ཤེས་པ་རང་འཛིན་བྱེད་དུ་བསྐྱེད་པ་དེ་ལས་གཞན་གཟུང་ཡུལ་འདིའི་དངོས་པོ་ངེས་པ་སྟེ་འཇོག་བྱེད་ཅི་ཡོད་དེ་མེད་པའི་ཕྱིར་རོ། །གལ་ཏེ་ཇི་སྐད་བཤད་པའི་མཚན་ཉིད་ཕྱི་རོལ་གྱི་གཟུང་བའི་མཚན་ཉིད་ཡིན་གྱི་ནང་གི་ཤེས་པའི་གཟུང་བའི་མཚན་ཉིད་མ་ཡིན་པས་བློ་སྔ་མ་ཕྱི་མའི་གཟུང་ཡུལ་མ་ཡིན་ཞེ་ན། བློ་སྔ་མ་ཆོས་ཅན། རང་བློ་ཕྱི་མ་ལ་ལྟོས་ནས་ནང་ཤེས་པའི་གཟུང་ཡུལ་ཡིན་པར་ཐལ། དེའི་ཡུལ་ཡིན་པའི་སྒོ་ནས་དེའི་ཉེར་ལེན་བྱེད་ཅིང་མྱོང་བའི་ངོ་བོར་གནས་པ་ཡིན་པའི་ཕྱིར། ཁྱབ་སྟེ། རང་འཛིན་ཤེས་པའི་ཉེར་ལེན་དང་རང་མྱོང་བའི་ངོ་བོར་གནས་པ་ནི་ནང་སེམས་ཀྱི་གཟུང་བའི་མཚན་ཉིད་ཡིན་པའི་ཕྱིར། གལ་ཏེ་བཤད་མ་ཐག་པའི་མཚན་ཉིད་འདིས་དབང་ཐོབ་པའི་རྣལ་འབྱོར་པའི་ཤེས་པས་ཆ་ཕྲ་བ་དང་ཐག་རིང་བ་ལ་སོགས་པའི་ཕྱི་རོལ་གྱི་ཡུལ་དང་ནང་གི་གཞན་སེམས་སོགས་གཟུང་ཡུལ་དུ་བྱས་ནས་འཛིན་པ་ལ་མ་ཁྱབ་བོ་ཞེ་ན། ཕྲ་བ་དང་རིང་བ་ལ་སོགས་པའི་ཕྱི་རོལ་གྱི་ཡུལ་དང་། ནང་གི་གཞན་སེམས་སོགས་གཟུང་ཡུལ་དུ་མི་འགྱུར་བ་དེ་ལྟར་གཟུགས་སོགས་ཕྱི་དང་སེམས་སོགས་ནང་གི་གཟུང་བའི་མཚན་ཉིད་དཔྱོད་པའི་རྣམ་གཞག་འདི་ཆོས་ཅན། དབང་ཐོབ་པའི་རྣལ་འབྱོར་པས་ཕྲ་རིང་སོགས་ཀྱི་ཡུལ་དང་གཞན་སེམས་གཟུང་ཡུལ་དུ་བྱས་ནས་འཛིན་པ་ལ་མ་ཁྱབ་པས་གཟུང་ཡུལ་གྱི་རྣམ་གཞག་མི་འཐད་པ་མ་ཡིན་པར་ཐལ། ཁྱོད་མ་དག་པའི་བློ་ཅན་ཐ་མལ་པ་ཁོ་ནའི་དབང་དུ་བྱས་པའི་གཟུང་ཡུལ་གྱི་མཚན་ཉིད་དཔྱོད་པ་ཙམ་ཡིན་པའི་ཕྱིར། གལ་ཏེ་སྐབས་འདིར་ཐ་མལ་པའི་དབང་དུ་བྱས་པའི་གཟུང་བའི་མཚན་ཉིད་དཔྱོད་པ་ཡིན་གྱི་དབང་ཐོབ་པའི་རྣལ་འབྱོར་པའི་དབང་དུ་བྱས་པའི་གཟུང་བའི་མཚན་ཉིད་མི་དཔྱོད་པ་ཅི་ཞེ་ན། སྐབས་འདིར་ཆོས་ཅན། དབང་ཐོབ་པའི་རྣལ་འབྱོར་པའི་དབང་དུ་བྱས་པའི་གཟུང་ཡུལ་གྱི་མཚན་ཉིད་མི་དཔྱོད་པའི་རྒྱུ་མཚན་ཡོད་དེ། དབང་ཐོབ་པའི་རྣལ་འབྱོར་པས་ཡུལ་རྟོགས་པའི་རྟོགས་ཚུལ་ཐ་མལ་པ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་ཅིང་བློ་ཡི་ཡུལ་ལས་འདས་པའི་ཕྱིར་རོ། །དེས་ན་ཡུལ་གཟུགས་སོགས་དེས་ན་སྔར་རགས་པ་ཕྲ་བར་སོང་ན་ཉེ་བ་རིང་བར་སོང་བ་བར་དུ་སྒྲིབ་བྱེད་ཀྱིས་ཆོད་པ་སོགས་ཀྱི་ངོ་བོ་ཡིས་སྔར་གཟུང་བར་གྱུར་བ་ཕྱིས་གཟུང་བ་མིན་པ་ཉིད་དུ་འགྱུར་བ་སྲིད་ན་ཡང་གཟུགས་སོགས་འཛིན་པའི་བློ་སྔ་མ་ཆོས་ཅན། རགས་པ་ཕྲ་བར་སོང་བ་ལ་སོགས་པའི་སྒོ་ནས་རང་བློ་ཕྱི་མའི་གཟུང་ཡུལ་དུ་མི་འགྱུར་བར་མ་ཡིན་པར་ཐལ། ཁྱོད་ལ་རགས་པ་ཕྲ་བར་སོང་བ་སོགས་སྔར་མེད་གང་ཞིག་ཕྱིས་གསར་དུ་སྐྱེས་པ་ནི་ཅི་ཞིག་ཡོད་དེ་མེད་པའི་ཕྱིར། ཆ་མེད་པ་ལ་ཞེས་པ་ལྟར་རོ། །ཇི་སྐད་བཤད་པའི་རྒྱུ་མཚན་དེའི་ཕྱིར་ཁྱོད་ཀྱི་ལུགས་ལ་བློ་ཕྱི་མས་རང་བློ་སྔ་མ་འཛིན་པར་འགྱུར་ལ་དེ་ལྟ་ཡིན་ན་དོན་སྣང་གི་བློ་ཕྱི་མ་ཆོས་ཅན། དོན་གཞན་ཕྱི་རོལ་གྱི་དོན་རྟོགས་པར་མི་འགྱུར་བར་ཐལ། རང་གི་དེ་མ་ཐག་པའི་རྒྱུའི་སེམས་སྔ་མ་གང་ཡིན་དེ་ཉིད་ཁོ་ན་འཛིན་པར་འགྱུར་བ་དེས་ནའི་ཕྱིར། གལ་ཏེ་གཟུང་ལས་བསྐྱེད་བྱེད་གཞན་མིན་ཏེ་ཞེས་པའི་བློ་སྔ་མ་ལ་བློ་ཕྱི་མའི་འཇུག་ཡུལ་གྱི་ནུས་པ་ལས་གཞན་ཉེར་ལེན་མེད་པ་མི་འཐད་དེ། དངོས་པོ་དུ་མ་ཡང་ནུས་པ་དངོས་པོ་བ་གཅིག་ཡོད་པས་འབྲས་བུ་གཅིག་བྱེད་ལ་དངོས་པོ་གཅིག་ལ་ཡང་ནུས་པ་དངོས་པོ་བ་དུ་མ་ཡོད་པས་འབྲས་བུ་དུ་མ་བྱེད་པའི་ཕྱིར་རོ་ཞེ་ན། ཤེས་བྱ་ཆོས་ཅན། དངོས་པོ་རྣམས་ལ་ནུས་པ་དངོས་པོ་བ་གཅིག་དང་དུ་མ་ཡོད་པས་འབྲས་བུ་གཅིག་དང་དུ་མ་བྱེད་པ་མ་ཡིན་པར་ཐལ། དངོས་པོ་རྣམས་ལ་རང་ལས་མ་གཏོགས་པའི་ནུས་པ་དངོས་པོ་བ་གཅིག་དང་དུ་མ་མེད་ཀྱང་ངོ་བོ་ཉིད་ཀྱིས་ཏེ་རང་རྒྱུ་ལས་འབྲས་བུ་གཅིག་དང་དུ་མ་སྐྱེད་བྱེད་དུ་སྐྱེས་པའི་ཕྱིར་ཞེས་སྔར་བརྗོད་ཟིན་ཏོ། །གལ་ཏེ་རྒྱུ་གཅིག་ལས་འབྲས་བུ་དུ་མ་སྐྱེ་བ་ཡིན་པའམ་འབྲས་བུ་གཅིག་ཁོ་ན་སྐྱེའོ་ཞེ་ན། ཤེས་བྱ་ཆོས་ཅན། རྒྱུ་གཅིག་ལས་འབྲས་བུ་གཅིག་ཁོ་ན་སྐྱེ་བ་དང་རྒྱུ་དུ་མ་ལས་འབྲས་བུ་དུ་མ་ཁོ་ན་སྐྱེ་བ་མ་ཡིན་པར་ཐལ། རྒྱུ་འབྲས་འགའ་ཞིག་ནི་རྒྱུ་གཅིག་ལས་འབྲས་བུ་དུ་མ་སྐྱེ་བ་དང་རྒྱུ་གཅིག་ལས་འབྲས་བུ་དུ་མ་སྐྱེ་བ་མཐོང་ལ་རྒྱུ་འབྲས་འགའ་ཞིག་ནི་རྒྱུ་དུ་མ་ལས་འབྲས་བུ་དུ་མ་སྐྱེ་བ་དང་རྒྱུ་དུ་མ་ལས་འབྲས་བུ་གཅིག་སྐྱེ་བ་མཐོང་བའི་ཕྱིར། དེས་ན་རྒྱུ་རིགས་འདྲ་སྔ་མ་གཅིག་ལས་འབྲས་བུའང་རིགས་འདྲ་ཕྱི་མ་གཅིག་སྐྱེ་བ་ཡོད་ཀྱི་འབྲས་བུ་ཐམས་ཅད་རྒྱུ་གཅིག་ཁོ་ན་ལས་སྐྱེ་བར་མ་ངེས་ཏེ་འབྲས་བུ་རྣམས་ནི་རྒྱུ་རྐྱེན་དུ་མ་ཚོགས་པ་དག་ལས་འབྱུང་དགོས་པའི་ཕྱིར། འོ་ན་དེ་བཞིན་གཅིག་ཀྱང་དུ་མ་བྱེད་ཅེས་པ་དང་འགལ་ལོ་ཞེ་ན། ཤེས་བྱ་ཆོས་ཅན། དེ་བཞིན་གཅིག་ཀྱང་དུ་མ་བྱེད། །ཅེས་པ་དང་། མ་ཡིན་འགའ་ཞིག་གཅིག་ལས་གཅིག། ཅེས་པའི་དོན་འགལ་བ་ཡིན་པར་ཐལ། རྐྱེན་ལ་ལྟོས་མེད་ཀྱི་རྒྱུ་རེ་རེ་བས་འབྲས་བུ་མི་བསྐྱེད་པ་ལ་བསམས་ནས་མ་ཡིན། འགའ་ཞིག་གཅིག་ལས་གཅིག་ཅེས་བརྗོད་པ་ཡིན་ལ། དངོས་པོ་གཅིག་ཀྱང་འབྲས་བུ་ལ་ལའི་ཉེར་ལེན་དང་ལ་ལའི་ལྷན་ཅིག་བྱེད་རྐྱེན་གྱི་ཚོགས་པ་གཉིས་སུ་འགྱུར་བའི་ཕྱིར། དངོས་པོ་དེ་ནི་འབྲས་བུ་དུ་མ་བྱེད་ཅེས་བརྗོད་པའི་ཕྱིར་རོ། །གལ་ཏེ་བློ་གཞན་ཕྱི་མས་ཕྱི་རོལ་དོན་དང་ནི་རྣམ་ཤེས་སྔ་མ་གཉིས་ཅིག་ཅར་དུ་འཛིན་པར་འགྱུར། ཡི་གེ་ཨ་ཨི་གཉིས་ལས་དོན་ཨི་གཅིག་ལ་དཔྱོད་པ་ལ་སོགས་པའི་རྟོག་པ་ཆོས་ཅན། བརྗོད་པ་ཨ་ཨི་གཉིས་རིམ་མིན་ཅིག་ཅར་ཉིད་དུ་སྣང་བར་འགྱུར་བར་ཐལ། སྔ་མ་ཨ་ལ་རྟོག་པའི་ཤེས་པ་དང་ཕྱི་མ་རང་གི་གཟུང་ཡུལ་གྱི་ཨི་གཉིས་ཅིག་ཅར་སྣང་བ་ཅན་ཉིད་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་རྟག་ཏུ་རིམ་གྱིས་མཐོང་བ་དང་ཐོས་པས་བསལ་ལོ། །གཞན་ཡང་ཡི་གེ་ཨ་གཅིག་ཀྱང་ཆོས་ཅན། ཁྱོད་ཐ་མལ་པའི་ཤེས་པ་ལ་ལན་གཉིས་གཉིས་སུ་དངོས་སུ་སྣང་བར་འགྱུར་བར་ཐལ། བདག་ཉིད་འཛིན་པའི་ཤེས་པ་དེ་དང་དེ་རིག་ཅིང་མྱོང་བའི་ཤེས་པ་ལས་དངོས་སུ་སྣང་བའི་ཕྱིར། གལ་ཏེ་བློ་ཕྱི་མ་ཡུལ་གཞན་ཕྱི་རོལ་གྱི་དོན་ལ་འཕོ་བ་ན་ཐ་མ་འཕོ་བའི་བློ་དེ་ཕྱི་མས་ཉམས་སུ་མྱོང་བ་མིན་པས་སྐྱོན་མེད་ཅེ་ན། ལྷ་སྦྱིན་ཆོས་ཅན། གཞན་མཆོད་སྦྱིན་ཉམས་སུ་མྱོང་བའི་དོན་གཞན་དུ་རང་རྒྱུད་ཀྱི་ཤེས་པ་སྔ་མ་ཐམས་ཅད་མྱོང་བ་མེད་པར་འགྱུར་བར་ཐལ། རང་རྒྱུད་ཀྱི་བློ་ཕྱི་མས་སྔ་མ་མི་མྱོང་བ་གང་ཞིག །ཕྱི་མ་ལས་གཞན་པའི་སྔ་མ་མྱོང་བྱེད་མེད་པའི་ཕྱིར། གལ་ཏེ་ལྷ་སྦྱིན་བདག་གིས་མྱོང་བ་མངོན་སུམ་ཡིན་ཞིང་གཞན་གྱིས་མྱོང་བར་འགྱུར་བ་མངོན་སུམ་མ་ཡིན་པས་མི་མཚུངས་སོ་ཞེ་ན། ལྷ་སྦྱིན་ཆོས་ཅན། བདག་གིས་མྱོང་བ་མངོན་སུམ་ཡིན་ལ་གཞན་གྱིས་མྱོང་བ་མངོན་སུམ་མ་ཡིན་པའི་རྣམ་དབྱེ་མི་འཐད་པར་ཐལ། རྒྱུ་མཚན་གང་གིས་དབྱེ་བ་དེ་སྐད་བརྗོད་པར་འགྱུར་བའི་བདག་གིས་མྱོང་བ་དེ་ཚད་མས་གང་ལས་གྲུབ་སྟེ་མ་གྲུབ་པའི་ཕྱིར། གལ་ཏེ་རང་མི་གསལ་བ་ལ་གསལ་བའི་ཐ་སྙད་མི་རུང་བ་མིག་སོགས་དབང་པོ་ལ་གསལ་བའི་ཐ་སྙད་ཇི་ལྟར་འདོགས་ཤེ་ན། གསལ་བ་དབང་ཤེས་ཀྱི་རྒྱུར་གྱུར་པའི་དབང་པོ་རྣམས་ཆོས་ཅན། རང་ཉིད་གསལ་བར་མ་གྲུབ་པར་འགྱུར་ན་ཡང་གསལ་བའི་ཐ་སྙད་སྦྱར་དུ་རུང་སྟེ། གཟུགས་སོགས་གསལ་བའི་རང་འབྲས་དབང་ཤེས་ཀྱི་རྒྱུ་བྱེད་པའི་སྒོ་ནས་གསལ་བའི་ཐ་སྙད་འདོགས་པའི་ཕྱིར། དེས་ན་ཤེས་བྱ་ཆོས་ཅན། གསལ་བར་འདོད་པའི་ཤེས་པ་རང་ཉིད་མི་གསལ་བར་ཡུལ་གཟུགས་སོགས་གསལ་བ་མ་ཡིན་ཏེ། གལ་ཏེ་ཤེས་པ་རང་ཉིད་གསལ་བར་མ་གྲུབ་ཀྱང་ཡུལ་གཟུགས་སོགས་གསལ་ན་འགྲོ་བ་ཡུལ་གཟུགས་འདི་རྣམས་ཐམས་ཅད་གསལ་བར་འགྱུར་བའི་ཕྱིར་རོ། །ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ལས་མངོན་སུམ་གྱི་ལེའུ་ཡི་དངོས་བསྟན་ཙམ་ལེགས་པར་བཤད་པ་སྟེ་གསུམ་པའོ།། །།


previousརིགས་པའི་འདོད་འཇོ་ལས་ལེའུ་གསུམ་པའི་རྣམ་བཤད།next