Nitartha Digital Library
Tibetan
 
previousརིགས་པའི་འདོད་འཇོ་ལས་ལེའུ་བཞི་པའི་རྣམ་བཤད། next

རིགས་པའི་འདོད་འཇོ་ལས་ལེའུ་བཞི་པའི་རྣམ་བཤད།

དེ་ལྟར་ཚད་མའི་མཚན་ཉིད་སྟོན་པའི་མངོན་སུམ་གྱི་ལེའུ་བསྟན་ནས། དེའི་འོག་ཏུ་རང་དོན་རྗེས་དཔག་འཆད་པ་སྐབས་སུ་བབ་ཀྱང་དེ་ཉིད་དགོས་པའི་དབང་གིས་སྔར་བཤད་ནས། འདིར་སྐབས་སུ་བབ་པ་རྒོལ་བ་རང་ཉིད་ཀྱི་ཚུལ་གསུམ་པའི་རྟགས་ལས་བསྒྲུབ་བྱ་ཇི་ལྟ་བ་བཞིན་དུ་རྟོགས་ཀྱང་དེ་གཞན་ལ་སྟོན་པ་ལ་མི་མཁས་པའི་བྱིས་པ་རྣམས་རྗེས་སུ་བཟུང་བའི་དོན་དུ། སློབ་དཔོན་གྱིས། གཞན་དོན་རྗེས་སུ་དཔག་པ་ནི། །རང་གིས་མཐོང་དོན་རབ་གསལ་བྱེད། །ཅེས་གཞན་དོན་རྗེས་དཔག་གི་མཚན་ཉིད་གསུངས་པ་དེ་འཆད་དེ། དེ་ལ་གཞུང་དེའི་མདོར་བསྡུས་པའི་དོན་ནི། རྒོལ་བ་རང་གི་ཚད་མས་མཐོང་བའི་ཚུལ་གསུམ་པའི་རྟགས་ལས་རྟགས་ཅན་ཤེས་པ་སྐྱེས་པ་དེ་ཁོ་ན་ལྟ་བུ་གཞན་གྱི་རྒྱུད་ལ་ཡང་ཚད་མས་མཐོང་བའི་ཚུལ་གསུམ་པའི་རྟགས་ལས་རྟགས་ཅན་ཤེས་པ་བསྐྱེད་པར་འདོད་པས་ན། རྒོལ་བ་རང་གི་ཚད་མས་མཐོང་བའི་ཚུལ་གསུམ་པའི་རྟགས་ཕྱི་རྒོལ་ལ་གསལ་བར་སྟོན་པའི་ངག་ནི་གཞན་དོན་རྗེས་དཔག་ཞེས་པའི་དོན་ནོ། །ཅིའི་ཕྱིར་ངག་རྗེས་དཔག་ཡིན་ཞེ་ན། རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ཚུལ་གསུམ་པའི་རྟགས་སྟོན་པ་གཞན་དོན་རྗེས་དཔག་གོ་ཞེས་སྨོས་པས་ཆོག་མོད་རང་གིས་མཐོང་བ་སྨོས་པས་ཅི་ཞེ་ན། གཞན་ཕྱིར་རྒོལ་ལ་བསྒྲུབ་བྱ་བསྟན་པར་བྱ་བའི་ཕྱིར་དུ་རྒོལ་བ་བདག་ཉིད་ཀྱི་ཚད་མས་མཐོང་བ་མིན་ཡང་གཞན་ཕྱི་རྒོལ་དག་གི་ལུང་ཙམ་ལས་མཐོང་བའི་དོན་ཡང་སྒྲུབ་བྱེད་རྟགས་ཡང་དག་ཏུ་འགྱུར་ཏེ། དཔེར་ན་རྒོལ་བ་གྲངས་ཅན་པས་ཕྱི་རྒོལ་སངས་རྒྱས་པ་ལ་བློ་དང་བདེ་བ་ཆོས་ཅན། སེམས་མེད་དེ། སྐྱེ་འཇིག་ཅན་ཡིན་པའི་ཕྱིར་ཞེས་བཀོད་པ་ན། རྟགས་སྐྱེ་འཇིག་ཅན་དེ་གྲངས་ཅན་རང་ལུགས་ལ་ཚད་མས་མ་གྲུབ་ཀྱང་སངས་རྒྱས་པའི་ལུང་གིས་གྲུབ་པས་དེ་སྒྲུབ་ཀྱི་རྟགས་སུ་འགྱུར་བ་བཞིན་ཞེས་སེར་སྐྱ་བ་ཁ་ཅིག་སེམས་པར་བྱེད་དོ། །དེས་ན་རྒོལ་བ་རང་གི་ཚད་མས་མ་གྲུབ་པར་ཕྱི་རྒོལ་གྱི་ལུང་ཙམ་གྱིས་གྲུབ་པའི་དོན་ཡང་རྟགས་ཡང་དག་ཡིན་ནོ་སྙམ་པའི་ལོག་རྟོག་དེ་སྤངས་ནས། གཞན་དོན་རྗེས་དཔག་ཡིན་ན་རྒོལ་བ་རང་གི་ཚད་མས་གྲུབ་པའི་ཚུལ་གསུམ་པའི་རྟགས་ཕྱི་རྒོལ་ལ་གསལ་བར་སྟོན་པའི་ངག་ཡིན་པ་ཞིག་དགོས་ཞེས་བསྟན་པའི་ཕྱིར་དུ་གཞན་དོན་རྗེས་དཔག་གི་མཚན་ཉིད་དུ་བདག་གིས་མཐོང་བ་ཞེས་པའི་ཚིག་སྨོས་སོ། །གལ་ཏེ་ཅིའི་ཕྱིར་རྒོལ་བ་རང་གི་ཚད་མས་མ་གྲུབ་པར་ཕྱི་རྒོལ་གྱི་ལུང་ཙམ་གྱིས་གྲུབ་པའི་དོན་རྟགས་སུ་མི་འགྱུར། གང་གིས་ན་དེ་སྤང་པའི་ཕྱིར་དུ་བདག་གིས་མཐོང་བ་ཞེས་པའི་ཚིག་སྨྲོས་ཞེས་ན། ཤེས་བྱ་ཆོས་ཅན། རྒོལ་བ་རང་གི་ཚད་མས་མ་གྲུབ་པར་ཕྱི་རོལ་གྱི་ལུང་ཙམ་གྱིས་གྲུབ་པའི་དོན་རྒོལ་བའི་འདོད་ཡུལ་གྱི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྟགས་ཡང་དག་ཏུ་མི་འགྱུར་བར་ཐལ། དངོས་པོ་སྟོབས་ཞུགས་ཀྱི་རྟགས་དང་རྗེས་དཔག་གི་ནུས་པ་འཇུག་པ་ཡུལ་ཚིག་ཙམ་ཚད་མ་ཉིད་དུ་འདོད་པ་རིགས་པ་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དངོས་པོ་སྟོབས་ཞུགས་ཀྱི་རྟགས་དང་རྗེས་དཔག་གི་ནུས་པ་འཇུག་པའི་ཡུལ་དེར་ནི་ཆོས་ཅན། དངོས་པོ་སྟོབས་ཞུགས་ཀྱི་རྟགས་དང་རྗེས་དཔག་རྣམས་ཁྱོད་འཇལ་བྱེད་སྒྲུབ་བྱེད་འཇུག་པ་དོན་ཡོད་པར་མི་འགྱུར་བར་ཐལ། རྒོལ་བའི་དམ་བཅའ་བསྟན་པའི་ཚིག་ཙམ་གྱིས་ཁྱོད་གྲུབ་ནས་དངོས་པོ་སྟོབས་ཞུགས་ཀྱི་དཔེ་རྟགས་ལ་སོགས་རྣམས་ཁྱོད་སྒྲུབ་བྱེད་དུ་དོན་མེད་པའི་ཕྱིར། གཞན་ཡང་ཤེས་བྱ་ཆོས་ཅན། སྔ་མ་ལྟར་དུ་ཐལ། ལུང་གི་དོན་ལ་རྒོལ་བ་རང་གི་ཚད་མས་ཡོངས་སུ་བརྟགས་ནས་ཚད་མས་ཡོངས་སུ་དག་པའི་ལུང་དེ་རྒོལ་བའི་འདོད་ཡུལ་གྱི་བསྒྲུབ་བྱའི་དོན་འགའ་ཞིག་སྒྲུབ་བྱེད་ཀྱི་ཚད་མར་ཁས་ལེན་པར་རིགས་པའི་ཕྱིར། གཞན་ཡང་སྐྱེ་འཇིག་གི་བློ་བདེ་སེམས་མེད་དུ་སྒྲུབ་པ་དེའི་ཚེ་སངས་རྒྱས་པས་ལུང་ཁས་བླངས་ན་ལུང་ཙམ་གྱིས་གྲུབ་པའི་དོན་སངས་རྒྱས་པས་དེ་སྒྲུབ་ཀྱི་རྟགས་སུ་ཁས་ལེན་པར་འཐད་པ་རིགས་ན་ཡང་། དེའི་ཚེ་སངས་རྒྱས་པས་ལུང་ཁས་མ་བླངས་པའི་ཕྱིར་ལུང་ཙམ་གྱིས་གྲུབ་པའི་དོན་སངས་རྒྱས་པ་ལ་དེ་སྒྲུབ་ཀྱི་རྟགས་སུ་མི་འགྱུར་ཞེས་སྟོན་པ་དེ། སངས་རྒྱས་པ་ཆོས་ཅན། སྐྱེ་འཇིག་གིས་བློ་བདེ་སེམས་མེད་དུ་སྒྲུབ་པ་དེའི་ཚེ་བློ་བདེ་སྐྱེ་འཇིག་ཅན་དུ་སྟོན་པའི་ལུང་དེ་ནི་ཁྱོད་ལ་ཡང་ཚད་མ་མ་ཡིན་པར་ཐལ། དེའི་ཚེ་ཁྱོད་ཀྱི་བློ་ངོར་བློ་བདེ་སྐྱེ་འཇིག་ཅན་དུ་སྟོན་པའི་ལུང་ལ་གནོད་པར་བྱ་བའི་ཕྱིར་དུ་གཞན་བློ་བདེ་སེམས་མེད་ལ། སྒྲུབ་བྱེད་ཡང་དག་བརྗོད་པའི་ཕྱིར། འདོད་ན། བློ་བདེ་སྐྱེ་འཇིག་ཅན་དུ་སྟོན་པའི་ལུང་དེས་གྲུབ་པའི་སྐྱེ་འཇིག་གིས་བློ་བདེ་སེམས་མེད་དུ་སྒྲུབ་པའི་ཕྱོགས་ཆོས་དང་བསྒྲུབ་བྱ་མ་ལུས་པར་གྲུབ་པ་མ་ཡིན་པར་ཐལ། འདོད་པ་དེ་བས་ནའོ། །གལ་ཏེ་རྒོལ་བ་གང་གིས་ཁས་བླངས་པ་དེ་ལུང་དེ་དང་ལྡན་པ་ཁོ་ན་ལ་ལུང་དེ་ཚད་མར་གྲུབ་པས་བློ་བདེ་སྐྱེ་འཇིག་ཅན་དུ་སྟོན་པའི་ལུང་དེ་སངས་རྒྱས་པ་ཁོ་ན་ལ་ཚད་མར་གྲུབ་བོ་ཞེ་ན། རྒོལ་བ་གང་གིས་ལུང་གང་ཡིན་པ་སྟེ་རྒོལ་བ་དང་ལུང་ལ་འབྲེལ་བ་ཅུང་ཟད་ཀྱང་མེད་དོ། །དེས་ན་བློ་བདེ་སྐྱེ་འཇིག་ཅན་དུ་སྟོན་པའི་ལུང་ཆོས་ཅན། ཁྱོད་སངས་རྒྱས་པ་ཁོ་ན་ལ་ལྡན་ལ་གྲངས་ཅན་པ་ལ་མི་ལྡན་པའི་ཁྱད་པར་མེད་པར་ཐལ། ཁྱོད་སངས་རྒྱས་པ་དང་གྲངས་ཅན་པ་གཉིས་ཀ་ལ་འབྲེལ་མེད་དོན་གཞན་དུ་མཚུངས་པའི་ཕྱིར། གལ་ཏེ་དེ་འདྲའི་ལུང་དེ་སངས་རྒྱས་པ་དང་ངོ་བོ་ཉིད་ཀྱི་འབྲེལ་བ་མ་གྲུབ་ཀྱང་ཁས་བླངས་ཀྱི་འབྲེལ་བ་གྲུབ་བོ་ཞེ་ན། དེ་ཆོས་ཅན། སྐྱེ་འཇིག་གིས་བློ་བདེ་སེམས་མེད་དུ་སྒྲུབ་པ་དེའི་ཚེ་སངས་རྒྱས་པ་དང་ཁས་བླངས་ཀྱི་འབྲེལ་བ་ཡང་མ་གྲུབ་པར་ཐལ། དེའི་ཚེ་སངས་རྒྱས་པས་ཁས་བླངས་པ་བཏང་བའི་ཕྱིར། དེས་ན་དེ་འདྲའི་ལུང་དེ་ཆོས་ཅན། སངས་རྒྱས་པ་ལ་ཡང་ཚད་མར་ཇི་ལྟར་གྲུབ་པ་ཡིན་ཏེ་མ་ཡིན་པར་ཐལ། སངས་རྒྱས་པའི་བློ་ངོར་རང་གི་དོན་ལ་ཚད་མས་གནོད་པར་གྱུར་པའི་ལུང་ཡིན་པའི་ཕྱིར། དེས་ན་སངས་རྒྱས་པ་ཆོས་ཅན། དེ་འདྲའི་ལུང་དེ་ཉིད་ཀྱིས་ནི་ལུང་དེ་དང་འགལ་བ་བློ་བདེ་སེམས་མེད་དུ་ཁས་ལེན་པ་ཇི་ལྟར་འཐད་པར་འགྱུར་ཏེ་མི་འགྱུར་བར་ཐལ། དེ་འདྲའི་ལུང་གི་དོན་བློ་བདེ་སེམས་ཡོད་དེ་ལས་གཞན་པའི་བློ་བདེ་སེམས་མེད་དུ་ཁས་ལེན་པ་འཐད་ན་དེ་ལྟར་ཁས་ལེན་པ་དེ་དེ་འདྲའི་ལུང་དེ་དོར་བའི་ཡན་ལག་ཡིན་ཅིང་དེའི་ཚེ་ལུང་དེ་ཚད་མར་ཁས་ལེན་པར་རིགས་པ་མིན་པའི་ཕྱིར། དེ་ལྟར་ན་གཞན་གྱི་ལུང་ལས་གྲགས་པའི་རྟགས་ཀྱིས་བློ་བདེ་སེམས་མེད་དུ་མི་འགྲུབ་པར་བསྟན་ནས་རང་གི་ལུང་ལ་ཡང་ཚད་མ་གང་གིས་ཀྱང་བློ་བདེ་སེམས་མེད་དུ་མི་འགྲུབ་པར་སྟོན་པ་སྟེ། གྲངས་ཅན་པ་ཆོས་ཅན། རང་རྒྱུད་ཀྱི་བློ་བདེ་སེམས་མེད་དུ་རྟོགས་པའི་རྟོགས་པ་དེ་སྒྲུབ་བྱེད་གང་ལས་བྱུང་བར་གྱུར་བའི་བློ་བདེ་སེམས་མེད་ཀྱི་སྒྲུབ་བྱེད་དེ་ནི་བསྟན་བྱ་སངས་རྒྱས་པ་ལ་ཡང་ཅིས་མ་བརྗོད་དེ་བརྗོད་པར་རིགས་པར་ཐལ། སངས་རྒྱས་པ་ལ་བློ་བདེ་སེམས་མེད་དུ་སྒྲུབ་པའི་རྒོལ་བ་ཡིན་པའི་ཕྱིར།

གལ་ཏེ་ཁོ་བོ་ཅག་གི་ལུང་ལས་བློ་བདེ་སེམས་མེད་དུ་རྟོགས་ཤིང་ཁོ་བོ་ཅག་གི་ལུང་ཁྱེད་ཚད་མར་ཁས་ལེན་པས་ལུང་སྒྲུབ་བྱེད་དུ་མ་བསྟན་ཏོ་ཞེ་ན། བློ་བདེ་སེམས་མེད་དུ་སྟོན་པའི་ལུང་དེ་བརྗོད་བྱ་རིགས་པས་གྲུབ་ནས་ལུང་ཚད་མར་ཁས་ལེན་ནམ། བརྗོད་བྱར་རིགས་པས་མ་གྲུབ་པར་རང་གི་འདོད་པ་ཙམ་གྱིས་ལུང་ཚད་མར་ཁས་ལེན། གཉིས་པ་ལྟར་ན། ལུང་དེ་ཁྱོད་ལ་ཡང་སྒྲུབ་བྱེད་དུ་མི་འགྱུར་བར་ཐལ། དང་པོ་ལྟར་ན། གྲངས་ཅན་པ་ཆོས་ཅན། རིགས་པ་གང་གིས་བློ་བདེ་སེམས་མེད་དུ་སྟོན་པའི་ལུང་ཚད་མར་འཛིན་པའི་སྒྲུབ་བྱེད་དེ་ནི་སངས་རྒྱས་པ་ལ་སྟོན་པར་རིགས་པར་ཐལ། བློ་བདེ་སེམས་མེད་དུ་སྟོན་པའི་ལུང་དེ་བརྗོད་བྱ་རིགས་པས་གྲུབ་ནས་བློ་བདེ་སེམས་མེད་ཀྱི་སྒྲུབ་བྱེད་དུ་ཁས་ལེན་པ་གང་ཞིག་སངས་རྒྱས་པ་ལ་བློ་བདེ་སེམས་མེད་དུ་སྒྲུབ་པའི་རྒོལ་བ་ཡིན་པའི་ཕྱིར། དེས་ན་དེ་འདྲའི་ལུང་དེ་ཚད་མར་གྲུབ་ཅིང་ལུང་དེས་གྲུབ་པའི་རིགས་པ་ནི་སངས་རྒྱས་པ་འདིས་ཀྱང་ཅིས་མི་འཛིན་ཏེ་འཛིན་པར་བྱེད་པས་བློ་བདེ་སེམས་མེད་དུ་སྟོན་པའི་ལུང་སངས་རྒྱས་པ་ལ་ཡང་སྟོན་པར་རིགས་སོ་ཞེས་པའི་དོན་ནོ། །གལ་ཏེ་རང་རྒྱུད་ཀྱི་རྣལ་འབྱོར་མངོན་སུམ་གྱིས་བློ་བདེ་སེམས་མེད་དུ་རྟོགས་པ་ལ་རྣལ་འབྱོར་མངོན་སུམ་སོ་སོ་རང་གིས་རིག་པ་ཡིན་གྱི་གཞན་ལ་བསྟན་པར་མི་ནུས་པས་རྣལ་འབྱོར་མངོན་སུམ་དེའི་སྒྲུབ་བྱེད་དུ་མ་བསྟན་ནོ་ཞེ་ན། བློ་བདེ་སེམས་མེད་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་དེ་ངོ་བོ་གཞན་ལ་བསྟན་པར་མི་ནུས་ཀྱང་རྒྱུ་མེད་དུ་འབྱུང་བར་མི་རིགས་པས་དེའི་རྒྱུ་སངས་རྒྱས་པ་ལ་སྟོན་པར་རིགས་སོ་ཞེས་སྟོན་པ་དེ། གྲངས་ཅན་པ་ཆོས་ཅན། སྔར་ནི་ཐ་མལ་པར་གྱུར་པ་ལ་ཕྱིས་སྒྲུབ་བྱེད་གང་གིས་བློ་བདེ་སེམས་མེད་དུ་རྟོག་པའི་རྣལ་འབྱོར་མངོན་སུམ་བསྐྱེད་པར་རྟོགས་ནས་དེ་ཉམས་སུ་བླངས་པས་དབང་པོ་སྟེ་བློ་བདེ་སེམས་མེད་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་འབྱུང་བའི་སྒྲུབ་བྱེད་དེ་དག་སངས་རྒྱས་པ་ལ་ཡང་སྟོན་པར་རིགས་པར་ཐལ། སངས་རྒྱས་པ་ལ་བློ་བདེ་སེམས་མེད་དུ་སྒྲུབ་པའི་རྒོལ་བ་གང་ཞིག་སངས་རྒྱས་པ་ལ་བློ་བདེ་སེམས་མེད་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་གྱི་སྒྲུབ་བྱེད་བསྟན་པ་ན་སངས་རྒྱས་པས་སྒྲུབ་བྱེད་དེའི་དོན་ཏེ་འབྲས་བུ་རྣལ་འབྱོར་མངོན་སུམ་སྐྱེད་པའི་ནུས་པ་ཤེས་ནས་དེ་ཉམས་སུ་བླངས་པ་ལས་བློ་བདེ་སེམས་མེད་དུ་རྟོགས་པར་ནུས་པ་ཡིན་པའི་ཕྱིར། དེ་ལྟར་ན་བློ་བདེ་སེམས་མེད་དུ་མངོན་རྗེས་གང་གིས་ཀྱང་རྟོགས་པར་མི་ནུས་པས་བློ་བདེ་སེམས་མེད་དེ་དོན་འགའ་ཞིག་དེའི་སྒྲུབ་བྱེད་དུ་དཔྱོད་པ་ནི་བློ་གྲོས་ངལ་བ་འབའ་ཞིག་པར་ཟད་ཅེས་སྟོན་པ་དེ། བློ་བདེ་སེམས་མེད་ཀྱི་དོན་དག་ལ་ཆོས་ཅན། ཁྱོད་དོན་འགའ་ཞིག་གི་བསྒྲུབ་བྱ་དང་དོན་འགའ་ཞིག་ཁྱོད་ཀྱི་སྒྲུབ་བྱེད་དུ་རིགས་པས་དཔྱོད་པ་ལ་འཐད་པ་ཅུང་ཟད་ཀྱང་མེད་པར་ཐལ། ཁྱོད་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་ལ་དོན་གང་དང་འབྲེལ་བ་རྣམ་པར་ཆད་པ་ཅན་ཡིན་པས་སྤྱིའི་ཚུལ་གྱིས་ཀྱང་རྗེས་དཔག་གི་སྤྱོད་ཡུལ་དུ་རུང་བ་མ་ཡིན་པའི་ཕྱིར། གཞན་ཡང་ལུང་ཙམ་གྱིས་གྲུབ་པ་རྟགས་ཡང་དག་ཡིན་ན་ཉེས་པ་གཞན་ཡང་ཡོད་དེ། ཤེས་བྱ་ཆོས་ཅན། སྐྱེས་བུའི་བསམ་པའི་དབང་ཙམ་གྱིས་དེ་ཉིད་རྟགས་ཡང་དག་དང་། དེ་ཉིད་མིན་པ་རྟགས་ལྟར་སྣང་དུ་འཇོག་པར་རིགས་པར་ཐལ། སྐྱེས་བུའི་འདོད་པས་ཁས་བླངས་པ་ཙམ་གྱིས་ལུང་ཚད་མར་འགྱུར་ཞིང་ལུང་ཙམ་གྱིས་གྲུབ་པའི་དོན་རྟགས་ཡང་དག་ཏུ་འགྱུར་བའི་ཕྱིར། འདོད་ན་གཏན་ཚིགས་ཡང་དག་དེ་དང་དེར་སྣང་བའི་གཏན་ཚིགས་ལྟར་སྣང་གི་རྣམ་གཞག་མཐའ་གཅིག་ཏུ་ངེས་པ་མེད་པར་འགྱུར་བར་ཐལ་ལོ། །ཁྱབ་སྟེ། སྐྱེས་བུའི་བསམ་པ་དེ་ན་དངོས་པོ་ལ་བརྟེན་པ་མིན་པར་རང་དགར་ཡང་འཇུག་པའི་ཕྱིར་རོ། །གཞན་ཡང་ཤེས་བྱ་ཆོས་ཅན། ཚུལ་གསུམ་དོན་ལ་མ་གྲུབ་པར་གཞན་གྱིས་ཁས་བླངས་པ་ཙམ་ཡང་རྟགས་ཡང་དག་ཏུ་འགྱུར་བར་ཐལ། གཞན་གྱིས་ཁས་བླངས་པའི་ལུང་ཙམ་གྱིས་སྒྲུབ་པའི་དོན་ཡང་རྟགས་ཡང་དག་ཏུ་འགྱུར་བའི་ཕྱིར། འདོད་པར་མི་རིགས་ཏེ། ཚུལ་གཉིས་དོན་ལ་མེད་པར་སྐྱེས་བུས་རྟགས་སུ་ཤེས་པ་སྟེ། འདོད་པ་ཙམ་གྱིས་སྒྲུབ་བྱེད་རྟགས་ཡང་དག་ཏུ་འགྱུར་བ་མིན་པར་ཐལ། རྟགས་ཡང་དག་ཡིན་ན་ཚུལ་གསུམ་དོན་ལ་ཡོད་ཅིང་ཡོད་པ་ལྟར་ཚད་མས་ཤེས་པ་ལ་ལྟོས་པ་དང་བཅས་པ་གཅིག་དགོས་པ་ཡིན་པའི་ཕྱིར། གལ་ཏེ་སྒྲུབ་བྱེད་སྐྱེ་འཇིག་ཅན་དོན་ལ་མ་གྲུབ་ཀྱང་བསྒྲུབ་བྱ་བློ་བདེ་སེམས་མེད་དོན་ལ་ཡོད་དམ་སྙམ་ན། སྐྱེ་འཇིག་གི་རྟགས་ལས་བློ་བདེ་སེམས་མེད་དུ་རྟོགས་པའི་བློ་ཆོས་ཅན། རང་གི་ཞེན་ཡུལ་བློ་བདེ་སེམས་མེད་དེ་དོན་ལ་ཡོད་ཀྱང་ཚད་མས་རྟོགས་པ་མེད་པ་དང་མཚུངས་པར་ཐལ། དེ་སྒྲུབ་བྱེད་ཡང་དག་གི་དངོས་པོ་དང་འབྲེལ་བ་མེད་པར་སྒྲུབ་བྱེད་ལྟར་སྣང་ཙམ་ལས་བློ་བདེ་སེམས་མེད་དུ་ཞེན་པ་ཙམ་ཡིན་པའི་ཕྱིར། གཞན་ཡང་སྐྱེ་འཇིག་ཅན་ཆོས་ཅན། བློ་བདེ་སེམས་མེད་དུ་སྒྲུབ་པའི་འབྲས་རང་མ་དམིགས་པའི་རྟགས་གསུམ་གང་རུང་ཡིན་པར་དངོས་པོ་སྟེ་དོན་ལ་གྲུབ་པ་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། རང་བཞིན་དང་ནི་འབྲས་བུའི་སྣང་བ་མཐོང་མེད་དེ་མ་དམིགས་པའི་རྟགས་དང་གསུམ་པོ་དེ་ཁོ་ན་ལྐོག་གྱུར་གོ་བྱེད་ཀྱི་རྟགས་སུ་འབྲེལ་གྱི་དེ་གསུམ་ལས་གཞན་པའི་ལྐོག་གྱུར་གོ་བྱེད་ཀྱི་རྟགས་ཡང་དག་མེད་པའི་ཕྱིར། འདོད་ན་གྲངས་ཅན་རང་ལུགས་ལ་ཡང་བློ་བདེ་སེམས་མེད་སྒྲུབ་བྱེད་ཀྱི་རྟགས་ཡང་དག་ཅིའི་ཕྱིར་མ་གྲུབ་སྟེ་གྲུབ་པར་རིགས་པར་ཐལ་ལོ། །གལ་ཏེ་སྐྱེ་འཇིག་ཅན་དེ་རྟགས་དེ་གསུམ་གང་ཡང་མ་ཡིན་པར་དེ་གསུམ་ལས་གཞན་ཡིན་ནོ་སྙམ་ན། དེ་ཆོས་ཅན། གཞན་སངས་རྒྱས་པ་རྣམས་ཀྱིས་ཀྱང་ཁྱོད་ཀྱི་རྟགས་ལས་བློ་བདེ་སེམས་མེད་དུ་རྟོགས་པར་མི་རིགས་པར་ཐལ། འབྲས་རང་མ་དམིགས་པ་གསུམ་ལས་གཞན་པའི་རྟགས་ཡིན་པའི་ཕྱིར། གལ་ཏེ་ཁྱེད་ལྟར་ན་གཞན་གྱི་ཁས་བླངས་རྟགས་སུ་མི་རུང་ན་ཁྱེད་དང་སྔོན་གྱི་སློབ་དཔོན་རྣམས་ཀྱིས་གཞན་གྱིས་ཁས་བླངས་རྟགས་སུ་བཀོད་ནས་གཞན་གྱི་མི་འདོད་པའི་ཆོས་ཐལ་བར་སྒྲུབ་པ་ཇི་ལྟར་རུང་ཞེ་ན། གཞན་གྱིས་ཀུན་བརྟགས་པའི་ཆོས་ཀྱིས་གཞན་གྱིས་མི་འདོད་པའི་ཆོས་ཐལ་བར་སྒྲུབ་པ་དཔེར་ན་བྱེ་བྲག་པས་བ་ལང་གི་སྤྱི་ཡུལ་དུས་གནས་སྐབས་ཐ་དད་པའི་བ་ལང་གི་གསལ་བ་དུ་མ་ལ་འཕྲོད་འདུས་འབྲེལ་བའི་ཆ་མེད་དུ་འདོད་པ་ལ། སངས་རྒྱས་པས་བ་ལང་གི་སྤྱི་ཆོས་ཅན། དུ་མ་ཡིན་པར་ཐལ། ཡུལ་དུས་གནས་སྐབས་ཐ་དད་པའི་བ་ལང་གི་གསལ་བ་དུ་མ་འཕྲོད་འདུ་འབྲེལ་བའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྟགས་སུ་གཟུང་བྱ་དེས་ཐལ་ཆོས་སུ་གཟུང་བྱ་དེ་རང་རྒྱུད་དུ་སྒྲུབ་པ་མ་ཡིན་ཡང་ཁྱོད་བཀོད་དོན་ཡོད་དེ། གཅིག་ཁྱོད་ཀྱི་ཐལ་ཆོས་གཟུང་བྱ་དུ་མ་དེ་མེད་ན་གཞན་རྟགས་སུ་གཟུང་བྱ་དུ་མ་དང་འབྲེལ་བ་དེ་ཡང་དགག་པ་སྟེ་མེད་དོ་ཞེས་ཤེས་པར་བྱ་བའི་ཕྱིར་རམ་ཆེད་ཡིན་པའི་ཕྱིར་རོ། ཁྱོད་ཀྱི་ཐལ་ཆོས་སུ་གཟུང་བྱ་དུ་མ་མེད་ན་རྟགས་སུ་གཟུང་བྱ་དུ་མ་དང་འབྲེལ་བ་ཡང་མེད་པར་ཐལ། ཁྱོད་ཀྱི་རྟགས་སུ་གཟུང་བྱ་དུ་མ་དང་འབྲེལ་བ་དང་ཁྱོད་ཀྱི་ཐལ་ཆོས་སུ་གཟུང་བྱ་དུ་མ་གཉིས་ཁྱབ་བྱ་ཁྱབ་བྱེད་ཀྱི་དངོས་པོར་འབྲེལ་བ་ཡིན་པའི་ཕྱིར། དེ་དག་གིས་རང་སྨོས་པའི་རྣམ་བཅད་ཀྱི་དགོས་པ་བསྟན་ནས་ད་དོན་སྒྲ་སྨོས་པའི་རྣམ་བཅད་ཀྱི་དགོས་པ་སྟོན་པ་དེ། གཞན་དོན་རྗེས་དཔག་གི་མཚན་ཉིད་ཀྱི་ཚིག་ཟུར་དུ་དོན་ཞེས་སྨོས་པ་དེ་ནི་ཆོས་ཅན། དོན་ཡོད་དེ། སྒྲ་སྟེ་ལུང་དག་དང་རྟོག་པས་སྒྲོ་བཏགས་པའི་བདག་ཉིད་ཅན་གྱི་རྟགས་ཐམས་ཅད་རྟགས་ཡང་དག་ཉིད་མིན་པར་བསྒྲུབ་པའི་དོན་ནམ་ཆེད་ཡིན་པའི་ཕྱིར། དེ་འདྲའི་རྟགས་དེ་ཇི་ལྟ་བུ་ཞེ་ན། སྒྲ་ཆོས་ཅན། རྟག་པའམ་མི་རྟག་པར་ལུང་ལས་བཤད་པའི་ཕྱིར་དང་། ཕྱོགས་དང་མཐུན་ཕྱོགས་གང་རུང་ཡིན་པའི་ཕྱིར་ཅེས་པ་ལྟ་བུའོ། །

འོ་ན་དེ་འདྲའི་རྟགས་དེ་རྟགས་ཡང་དག་མ་ཡིན་པར་ཅི་ཞེ་ན། ཤེས་བྱ་ཆོས་ཅན། ལུང་དང་རྟོག་པས་སྒྲོ་བཏགས་པའི་རྟགས་ཐམས་ཅད་ཡང་དག་མ་ཡིན་པར་ཐལ། རྟགས་ཡང་དག་ཡིན་ན་དུ་སོགས་ཚུལ་གསུམ་པའི་དོན་ལས་ལ་མེ་ལྡན་སོགས་བསྒྲུབ་བྱའི་དོན་ནི་སྒྲུབ་པའི་རྟགས་ལྟ་བུ་ཞིག་དགོས་པའི་ཕྱིར་རོ། དེས་ན་ལུང་དང་རྟོག་པས་སྒྲོ་བཏགས་པའི་རྟགས་དག་ནི་རང་གི་བསྒྲུབ་བྱ་ལ་འཁྲུལ་པ་སྲིད་པ་ཡིན་པར་ཐལ། རྟོགས་པ་དང་ལུང་དག་ནི་བྱེད་པ་པོའི་འདོད་པ་ཙམ་དང་རྗེས་སུ་འབྲེལ་བས་དེ་འདྲའི་རྟགས་དེ་དངོས་པོའི་གནས་ལུགས་ལས་གཞན་དུའང་འཇུག་པ་སྲིད་པའི་ཕྱིར། ཞར་ལ་རང་གི་སྡེ་པ་ཕྱོགས་ཚིག་སྒྲུབ་ངག་དུ་འདོད་པ་འགོག་པ་ནི། སློབ་དཔོན་གྱིས། ཚུལ་གསུམ་པའི་རྟགས་སྟོན་པ་གཞན་དོན་རྗེས་དཔག་གོ་ཞེས་གསུངས་པའི་ཕྱིར་དོན་གྱིས་ན་ཕྱོགས་ཚིག་སྒྲུབ་བྱེད་མ་ཡིན་པར་སློབ་དཔོན་གྱིས་བཤད་པར་རིག་པར་བྱའོ། །ཅིའི་ཕྱིར་ཞེ་ན་ཕྱོགས་ཚིག་ནི་དངོས་དང་བརྒྱུད་པའི་སྒོ་ནས་སྒྲུབ་བྱེད་མ་ཡིན་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་། ཤེས་བྱ་ཆོས་ཅན། འབྲས་བུ་དང་ཁྱབ་བྱའི་དོན་གྱིས་རང་ཕྱོགས་སུ་གྲུབ་པའི་གཞིར་རྒྱུ་དང་ཁྱབ་བྱེད་ཀྱི་དོན་རྟོགས་པའི་འགྱུར་བའི་ཕྱིར་ཏེ། འབྲས་བུ་དང་ཁྱབ་བྱའི་དོན་དེ་རྒྱུ་དང་ཁྱབ་བྱེད་ཀྱི་དོན་ལ་མི་འཁྲུལ་བའི་ཕྱིར། རྒྱུ་དང་ཁྱབ་བྱེད་ལ་སོགས་པ་དངོས་སུ་སྒྲུབ་པ་ལ་ཕྱོགས་ཚིག་དང་གཏན་ཚིགས་བརྗོད་པའི་ཚིགས་དེ་དག་ཅུང་ཟད་ཀྱང་ནུས་པ་མེད་དེ་ཆོས་ཅན་ལ་འབྲེལ་བ་མེད་པའི་ཕྱིར། དེས་ན་ཕྱོགས་ཚིག་དེ་དག་ཆོས་ཅན། རང་གི་ངོ་བོ་ཉིད་ལས་བསྒྲུབ་བྱ་དངོས་སུ་སྒྲུབ་པར་བྱེད་པར་གནས་པ་མ་ཡིན་ཏེ། བསྒྲུབ་བྱ་དངོས་སུ་སྒྲུབ་པའི་ནུས་པ་མེད་པ་དེས་ནའི་ཕྱིར། གལ་ཏེ་ཕྱོགས་ཚིག་སྒྲུབ་བྱེད་མ་ཡིན་ན་སློབ་དཔོན་གྱིས་སྒྲ་ལ ས་བྱུང་བ་ནི་རྗེས་དཔག་ལས་ཚད་མ་གཞན་མ་ཡིན་ནོ་ཞེས་ཚིག་ཚད་མར་གསུངས་པ་ཇི་ལྟར་ཡིན་ཞེ་ན། སྒྲ་མི་རྟག་ཅེས་སོགས་ཀྱི་ཕྱོགས་ཀྱི་ཚིག་དེ་ཆོས་ཅན། རང་སྨྲ་བ་པོ་ལ་རང་ཀུན་ནས་སློང་བའི་བསམ་པ་ཡོད་དོ་ཞེས་སྟོན་པར་བྱེད་པ་ལ་ཚད་མ་སྟེ་རྟགས་ཡང་དག་ཡིན་ཏེ། རང་ཀུན་སློང་གི་བསམ་པ་ལ་མི་འཁྲུལ་བ་ཡིན་པའི་ཕྱིར། དེ་ཙམ་ལ་དགོངས་ནས་སློབ་དཔོན་གྱིས་ཚིག་ཚད་མར་གསུངས་པ་ཡིན་ནོ། །དེས་ན་དེ་ཆོས་ཅན། སྒྲ་མི་རྟག་པར་དངོས་སུ་སྒྲུབ་བྱེད་མིན་ཏེ། ཁྱོད་ལས་སྒྲ་མི་རྟག་པ་ལ་ཐེ་ཚོམ་དེ་དག་སྐྱེ་བ་ཡིན་གྱི་ངེས་པ་མི་སྐྱེ་བའི་ཕྱིར། དེ་ལྟར་ན་ཕྱོགས་ཚིག་དང་རྟགས་ཚིག་གཉིས་དངོས་སུ་སྒྲུབ་བྱེད་མ་ཡིན་པར་མཚུངས་ཀྱང་བརྒྱུད་ནས་སྒྲུབ་བྱེད་ཡིན་མིན་གྱི་ཁྱད་པར་ཡོད་དེ། འདི་ལྟར། དེ་ཆོས་ཅན། བརྒྱུད་པ་ཡིས་ཀྱང་བསྒྲུབ་བྱ་སྒྲུབ་པའི་ནུས་པ་མེད་དེ། བསྒྲུབ་པར་བྱ་བ་སྒྲ་མི་རྟག་པ་ཙམ་དངོས་སུ་བརྗོད་པའི་ཕྱིར། གཏན་ཚིགས་བརྗོད་པའི་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་ཚིགས་ཆོས་ཅན། ཉེ་བར་བཏགས་པའམ་བརྒྱུད་ནས་སྒྲ་མི་རྟག་པའི་སྒྲུབ་བྱེད་དུ་བཞག་སྟེ། རང་ཉིད་ལ་སྒྲ་མི་རྟག་པ་དངོས་སུ་སྒྲུབ་པའི་ནུས་པ་མེད་ཀྱང་སྒྲ་མི་རྟག་པ་དངོས་སུ་སྒྲུབ་ནུས་ཀྱི་ཚུལ་གསུམ་སྟོན་པར་བྱེད་པའི་ངག་ཡིན་པའི་ཕྱིར་རོ། །རིགས་པ་འདིས་ཀྱང་སློབ་དཔོན་གྱི་ཕྱོགས་ཚིག་དེ་བརྒྱུད་ནས་སྒྲུབ་བྱེད་དུ་མི་བཞེད་དེ། སློབ་དཔོན་ཕྱོགས་གླང་ཆོས་ཅན། ཕྱོགས་ཚིག་དེ་བརྒྱུད་ནས་ཀྱང་བསྒྲུབ་བྱ་སྒྲུབ་བྱེད་དུ་མི་བཞེད་དེ། ཕྱོགས་ཚིག་དེས་བསྒྲུབ་བྱ་སྒྲུབ་པའི་ནུས་པ་མེད་པའི་ཕྱོགས་ཙམ་དེ་ནི་བརྗོད་པར་ཁྱོད་ཀྱིས་བཤད་པའི་ཕྱིར། ཚིག་གང་གིས་ནི། དེ་ལ་དཔག་བྱ་བསྟན་པ་ནི། །གཏན་ཚིག་དོན་གྱི་ཡུལ་དུ་འདོད། །ཅེས་པའི་ཚིག་ཉིད་ཀྱིས་བཤད་དོ། །གལ་ཏེ་རྟགས་ཚིག་ཏུ་མ་ཟད་ཕྱོགས་ཚིག་དེ་ལའང་བསྒྲུབ་བྱ་སྒྲུབ་པའི་ནུས་པ་ཡོད་དེ། དེ་ལ་བརྟེན་ནས་གཏན་ཚིགས་ཀྱི་ཚིག་འཇུག་པའི་ཕྱིར་ཞེ་ན། ཕྱིར་རྒོལ་སྒྲ་རྟག་མི་རྟག་ཐེ་ཚོམ་ཟ་བའི་རྒྱུ་མཚན་གྱིས་སྒྲ་རྟག་མི་རྟག་མཐའ་ཅིག་ཏུ་ཤེས་པར་འདོད་པའི་དྲིས་པ་ན་རྒོལ་བས་སྒྲ་མི་རྟག་པའི་སྒྲུབ་བྱེད་འགོད་པར་འདོད་ནས་སྦྱོར་བ་འགོད་པའི་སྐབས་ལ་སོགས་པ་རྣམས་ཆོས་ཅན། སྒྲ་མི་རྟག་སྒྲུབ་ཀྱི་སྒྲུབ་ངག་གི་ཡན་ལག་ཏུ་ཐལ། ཁྱོད་ལ་བརྟེན་ནས་སྒྲ་མི་རྟག་སྒྲུབ་ཀྱི་ཚིག་འཇུག་པ་དེ་ནི་ཡིན་པའི་ཕྱིར། གལ་ཏེ་རྒོལ་བའི་ཚིག་ཡིན་པ་ཞིག་སྒྲུབ་ངག་གི་ཡན་ལག་ཡིན་པས་ཐེ་ཚོམ་སོགས་དེར་མི་འགྱུར་རོ་ཞེ་ན། རྒོལ་བས་སྒྲ་རྟག་གོ་ཞེས་སྒྲ་མི་རྟག་པའི་མི་མཐུན་ཕྱོགས་ཁས་ལེན་པའི་ཚེ་ན་ཡང་ཆོས་ཅན། ཁྱོད་ཀྱང་སྒྲ་མི་རྟག་སྒྲུབ་ཀྱི་སྒྲུབ་ངག་གི་ཡན་ལག་ཏུ་ཐུག་མེད་དེ་ཧ་ཅང་ཐལ་ཆེ་བར་འགྱུར་བར་ཐལ། ཁྱོད་ལ་བརྟེན་ནས་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་ཚིག་འཇུག་པའི་རྒོལ་བའི་ཚིག་དེ་ཡིན་པར་མཚུངས་པའི་ཕྱིར། དེའི་རྒྱུ་མཚན་ཡང་། རྒོལ་བས་ཕྱིར་རྒོལ་ལ་རྒོལ་བའི་ཕྱིར་དུ་སྒྲ་རྟག་གོ་ཞེས་པ་ན་ཕྱི་རྒོལ་ལ་སྒྲ་རྟག་པའི་ཐེ་ཚོམ་སྐྱེ་བས་དེ་བཟློག་པའི་དོན་དུ་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་ཚིག་འཇུག་པའི་ཕྱིར་རོ། །གཞན་ཡང་ཤེས་བྱ་ཆོས་ཅན། ཕྱོགས་ཚིག་ལ་ནང་གི་ཡན་ལག་བསྒྲུབ་བྱ་དངོས་སུ་སྒྲུབ་པའི་ནུས་པ་མེད་དེ། ནང་གི་ཡན་ལག་བསྒྲུབ་བྱ་དངོས་སུ་སྒྲུབ་པའི་ནུས་པ་ནི་ཚུལ་གསུམ་དག་ཁོ་ན་ལ་ཡང་དག་པར་གནས་པའི་ཕྱིར་དང་། ཕྱོགས་ཚིག་ཚུལ་གསུམ་ལ་དྲན་པ་བསྐྱེད་པའི་ནུས་པ་ཡང་མེད་དེ། ཚུལ་གསུམ་དེ་ལ་དྲན་པ་བསྐྱེད་པའི་ནུས་པ་ནི་ཚུལ་གསུམ་དེ་ཉིད་ཀྱི་རྟགས་ཚིག་ཁོ་ན་ལ་ཡང་དག་པར་གནས་པའི་ཕྱིར་རོ། །གལ་ཏེ་ཀུན་བཏུས་འགྲེལ་བྱེད་ཁ་ཅིག་ན་རེ། ཚུལ་གསུམ་ལ་དྲན་པ་བསྐྱེད་པའི་སྒོ་ནས་ཕྱོགས་ཚིག་སྒྲུབ་པའི་ཡན་ལག་ཏུ་མི་སྨྲའི། རྟགས་ཀྱི་བྱེད་པ་འཇུག་པའི་ཡུལ་བསྟན་པ་མེད་པར་གཏན་ཚིགས་འཇུག་པ་མེད་པའི་ཕྱིར་ན་ཕྱོགས་ཚིག་གིས་རྟགས་ཀྱི་བྱེད་པ་འཇུག་པའི་ཡུལ་དག་བསྟན་པ་ཉིད་ལས་བསྒྲུབ་བྱ་ལ་ནུས་པ་གྲུབ་པར་འདོད་དོ་ཞེ་ན། འདི་ལ་བཤད་ཟིན་དེ་མེད་ཀྱང་ཞེས་པས་ཕྱོགས་ཚིག་དེ་རྟགས་ཚིག་འཇུག་པའི་རྟེན་ཡིན་པས་ཕྱོགས་ཚིག་སྒྲུབ་པའི་ཡན་ལག་དུ་འདོད་པའི་ཕྱོགས་འདི་ལ་དེ་ནི་ཐེ་ཚོམ་གྱིས་ཤེས་པར་ཞེས་སོགས་སུ་ལན་བཤད་ཟིན་ལ། གཞན་ཡང་ཤེས་བྱ་ཆོས་ཅན། གཞན་དོན་རྗེས་དཔག་གི་ཡན་ལག་ཏུ་རྟགས་ཀྱི་བྱེད་པ་འཇུག་པའི་ཡུལ་དངོས་སུ་བསྟན་མི་དགོས་པར་ཐལ། རྟགས་ཀྱི་བྱེད་པ་འཇུག་པའི་ཡུལ་དེ་དངོས་སུ་བསྟན་པ་མེད་ཀྱང་སྒྲ་ནི་བྱས་པ་ཡིན་ལ་གང་བྱས་པ་འདི་འདྲ་ཀུན་མི་རྟག་ཅེས་བརྗོད་པ་ཙམ་གྱིས་ཀྱང་དེའི་དོན་གྱིས་སྒྲ་དེ་འཇིག་པར་རྟོགས་པའི་བློ་སྐྱེ་བར་འགྱུར་བའི་ཕྱིར། དེའི་ཕྱིར་ན་ཕྱོགས་དངོས་སུ་བསྟན་པ་མེད་ན་ཡང་བསྒྲུབ་བྱ་འགྲུབ་པ་ལ་གེགས་མེད་པའི་ཕྱིར་ན་ཚུལ་གསུམ་ལས་ཚུལ་གང་ཡང་རུང་བ་ཉིད་མ་བསྟན་ན་སྒྲུབ་ངག་གི་ཡན་ལག་མ་ཚང་བ་ཡིན་པར་སློབ་དཔོན་གྱིས་བརྗོད་པ་ཡིན་གྱི་ཕྱོགས་མ་བསྟན་པ་སྒྲུབ་ངག་གི་སྐྱོན་དུ་གསུངས་པ་ནི་མེད་དོ། །གཞན་གྱི་སྡེ་པས་ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཏུ་འདོད་པ་ལ་ཁས་བླངས་ནང་འགལ་གྱི་སྒོ་ནས་སུན་འབྱིན་པ་སྟོན་པ་དེ། གལ་ཏེ་ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཡིན་ན་རིག་པ་ཅན་པས་བསྒྲུབ་བྱ་བརྗོད་པ་དམ་བཅའོ་ཞེས་དམ་བཅའི་མཚན་ཉིད་ཁྱབ་ཆེས་ཏེ་འདི་ལྟར། ཕྱོགས་སྒྲུབ་བྱེད་ཡིན་ན་ཕྱོགས་བརྗོད་པ་ཡང་སྒྲུབ་ངག་གི་ཡན་ལག་ཏུ་མི་རིགས་ཤིང་ཕྱོགས་སྒྲུབ་བྱེད་ཡིན་ན་སྒྲུབ་བྱེད་དུ་གྱུར་པའི་མ་གྲུབ་པ་བརྗོད་པ་ཡང་དམ་བཅའི་མཚན་ཉིད་དུ་སྨྲས་པར་འགྱུར་བས། དཔེ་རྟགས་མ་གྲུབ་པ་བརྗོད་པ་ལ་ཡང་མཚན་ཉིད་ཚང་བའི་ཕྱིར་དམ་བཅར་འགྱུར་རོ། །གལ་ཏེ་བསྒྲུབ་བྱ་བརྗོད་པ་དམ་བཅའི་མཚན་ཉིད་དུ་ཁྱོད་ཀྱང་ཁས་ལེན་དགོས་པས་ཉེས་པ་དེ་ཁྱེད་ལ་ཡང་མཚུངས་སོ་ཞེ་ན། ཕྱོགས་གླང་ཆོས་གྲགས་ཆོས་ཅན། ཁྱོད་ཀྱིས་བསྒྲུབ་བྱ་བརྗོད་པ་དམ་བཅའོ་ཞེས་བསྒྲུབ་བྱ་བརྗོད་པ་དམ་བཅའི་མཚན་ཉིད་དུ་སྨྲས་པ་དེ་ལ་གཏན་ཚིགས་ལྟར་སྣང་སྟེ་དཔེ་རྟགས་མ་གྲུབ་པ་བརྗོད་པ་ཡང་དམ་བཅར་ཐལ། བསྒྲུབ་བྱ་བརྗོད་པའི་ཕྱིར་ཞེས་པའི་སྐྱོན་དེ་རང་ལ་འབྱུང་བར་འཐད་པ་མིན་ཏེ། ཁྱོད་ཀྱི་ལུགས་ལ་དཔེ་རྟགས་མ་གྲུབ་པ་བརྗོད་པ་སྒྲུབ་བྱེད་ཀྱི་དབང་དུ་བྱས་པའི་མ་གྲུབ་པ་བརྗོད་པ་ཉིད་ཡིན་གྱི་བསྒྲུབ་བྱ་བརྗོད་པ་མིན་པའི་ཕྱིར། དེ་ཉིད་ཀྱི་གཞུང་འཛུགས་པ་དེ། དེ་ཆོས་ཅན། སྒྲུབ་བྱེད་དུ་མ་གྱུར་བ་ཞེས་པའི་ཁྱད་པར་གྱི་ཚིག་མེད་པར་བསྒྲུབ་བྱ་བརྗོད་པ་དམ་བཅའོ་ཞེས་དམ་བཅའི་མཚན་ཉིད་སྤྱིར་བརྗོད་ན་ཡང་དཔེ་རྟགས་མ་གྲུབ་པ་བརྗོད་པ་དམ་བཅར་ཐེ་ཚོམ་སྐྱེ་བར་མི་འགྱུར་ཏེ། དཔེ་རྟགས་མ་གྲུབ་པ་བརྗོད་པ་དང་དམ་བཅའི་ཚིག་གཉིས་བསྒྲུབ་བྱ་སྒྲུབ་བྱེད་དུ་གྱུར་པའི་མ་གྲུབ་པ་ཙམ་རྗོད་བྱེད་དུ་རིགས་ཤིན་ཏུ་ཐ་དད་པ་ཡིན་པའི་ཕྱིར། ཁྱབ་སྟེ། རིགས་ཅིག་པ་ཞིག་ལ་ཕན་ཚུན་ཐེ་ཚོམ་སྐྱེ་བར་འགྱུར་གྱི་རིགས་ཤིན་ཏུ་ཐ་དད་པ་ལ་ཕན་ཚུན་ཐེ་ཚོམ་སྐྱེ་བ་མེད་པའི་ཕྱིར། གལ་ཏེ་དེ་གཉིས་རིགས་མི་གཅིག་པ་ལས་གཞན་དུ་མ་གྲུབ་པ་བརྗོད་པ་ཙམ་དུ་རིགས་གཅིག་པས་དཔེ་རྟགས་མ་གྲུབ་པ་བརྗོད་པ་དམ་བཅར་ཐེ་ཚོམ་སྐྱེ་བར་འགྱུར་ན། དེའི་ཕྱིར་ཤེས་བྱ་ཆོས་ཅན། རྫ་མཁན་རྫ་བུམ་བྱེད་དོ་ཞེས་བསྒྲུབ་བྱ་སྟེ་མ་གྲུབ་པ་བརྗོད་པ་ཀུན་དམ་བཅར་ཐེ་ཚོམ་སྐྱེ་བར་ཐལ་བར་འགྱུར་རོ། །གལ་ཏེ་ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཏུ་འདོད་པ་གཞན་དག་གི་ལུགས་ལ་ཡང་དཔེ་རྟགས་མ་གྲུབ་པ་བརྗོད་པ་དམ་བཅར་འགྱུར་བའི་སྐྱོན་མེད་དེ། མ་གྲུབ་པ་བརྗོད་པའི་ཕྱིར། ཁྱབ་སྟེ། གྲུབ་ཟིན་བརྗོད་པ་ཞིག་སྒྲུབ་བྱེད་ཀྱི་ཡན་ལག་ཡིན་པའི་ཕྱིར་རོ་ཞེ་ན། དེ་ལྟར་ཡིན་པ་དེ་ནི་བསྒྲུབ་བྱ་བསྟན་པའི་ཕྱོགས་ཚིག་དག་ནི་ཆོས་ཅན། ཅི་ལྟར་སྒྲུབ་བྱེད་ཀྱི་ཡན་ལག་ཡིན་མ་ཡིན་པར་ཐལ། མ་གྲུབ་པ་བརྗོད་པའི་ཕྱིར། དེ་ལྟར་རང་ལུགས་ཀྱི་ཕྱོགས་ཚིག་སྒྲུབ་བྱེད་མ་ཡིན་པའི་རིགས་པ་བསྟན་ནས། གཞན་ལུགས་ཀྱི་ཕྱོགས་ཚིག་སྒྲུབ་བྱེད་མ་ཡིན་པའི་རིགས་པ་འགོག་པ་ནི། པཎྜི་ཏ་མང་པོས་ལེན་པའི་བུ་ལ་སོགས་རིགས་སྒོའི་འབྲེལ་བྱེད་ཁ་ཅིག་གིས། དང་པོ་རིགས་པ་ཅན་སོགས་ཀྱི་དོགས་པ་འདི་ལྟར་བསུ་སྟེ། ཕྱོགས་ཚིག་ཆོས་ཅན། སྒྲུབ་ངག་ཡིན་ཏེ་དེ་ལྟར་སྣང་བ་དང་བཅས་པ་སྒྲུབ་པར་བྱེད་པའི་དུས་སུ་བརྗོད་པའི་ཕྱིར་དཔེ་རྟགས་ཀྱི་ཚིག་བཞིན་ནོ་ཞེས་བཀོད་ནས། མངོན་སུམ་ཡང་སྒྲུབ་ངག་དུ་ཐལ། དེའི་ཕྱིར་ཞེས་ལན་འདེབས་སོ། །གལ་ཏེ་ཚིག་ཡིན་པའི་རྟགས་ཀྱི་ཁྱད་པར་འགོད་ཅེ་ན། འོ་ན་སུན་འབྱིན་ཡང་དེར་ཐལ། དེའི་ཕྱིར་ཞེས་ལན་འདེབས་སོ། །དེ་ལྟ་བུའི་སྒྲུབ་བྱེད་དང་ལན་དེ་རྣམས་ཤིན་ཏུ་མི་འཐད་དེ། འདི་ལྟར། ཕྱོགས་ཚིག་སྒྲུབ་ངག་ཡིན་པའི་སྒྲུབ་བྱེད་དུ་བཀོད་པའི་ལྟར་སྣང་བ་དང་བཅས་པ་སྒྲུབ་པར་བྱེད་པའི་དུས་སུ་བརྗོད་པ་དང་ཚིག་ཡིན་པ་སོགས་ཕྱོགས་ཚིག་སྒྲུབ་ངག་ཡིན་པའི་སྒྲུབ་བྱེད་དུ་བཀོད་པའི་རྟགས་ཀྱི་ཁྱད་པར་རྣམས་ཆོས་ཅན། ཕྱོགས་ཚིག་སྒྲུབ་ངག་ཡིན་པའི་སྒྲུབ་བྱེད་ཡང་དག་ཏུ་རིགས་པ་མ་ཡིན་པར་ཐལ། དེ་སྒྲུབ་བྱེད་ཀྱི་འདོད་ཡུལ་གྱི་བསྒྲུབ་བྱ་དང་འབྲེལ་བ་མེད་ལ་མི་མཐུན་ཕྱོགས་དང་འགལ་བ་མེད་པའི་ཕྱིར་ཁྱབ་སྟེ། འདི་ལྟར་བསྒྲུབ་བྱ་དང་འབྲེལ་བ་མེད་ལ་མི་མཐུན་ཕྱོགས་དང་འགལ་བ་མེད་པའི་རྟགས་དེ་ནི་སྒྲུབ་བྱེད་ཡང་དག་ཏུ་རིགས་པ་ཉིད་མ་ཡིན་ནོ་ཞེས་སྔར་ལན་མང་དུ་བཤད་ཟིན་ཏོ། །ཕྱོགས་ཚིག་སྒྲུབ་ངག་ཡིན་པའི་སྒྲུབ་བྱེད་དུ་ལྟར་སྣང་བ་དང་བཅས་པ་སྒྲུབ་པར་བྱེད་པའི་དུས་སུ་བརྗོད་པ་དང་ཚིག་ཡིན་པ་སོགས་ཕྱོགས་ཚིག་སྒྲུབ་ངག་ཡིན་པའི་སྒྲུབ་བྱེད་དུ་བཀོད་ནས་དེ་ལ་མངོན་སུམ་སོགས་ཀྱིས་མ་ངེས་སོ་ཞེས་ལན་འདེབས་པའི་རིགས་སྒོའི་འགྲེལ་བྱེད་ནི་ཆོས་ཅན། མཁས་པས་བཞད་གད་ཀྱི་གནས་ཡིན་ཏེ། སྒྲུབ་བྱེད་ལྟར་སྣང་བརྒྱུད་མར་བཀོད་ནས་དེ་ལ་སུན་འབྱིན་ལྟར་སྣང་བརྒྱུད་མར་ལན་འདེབས་པའི་རྒོལ་བ་ཡིན་པའི་ཕྱིར་རོ། །དེ་དག་གིས་སྒྲུབ་བྱེད་གཞན་དོན་རྗེས་དཔག་གི་མཚན་ཉིད་བསྟན་ནས་དེ་བསྒྲུབ་བྱ་ཕྱོགས་ཀྱི་མཚན་ཉིད་སྟོན་པ་དེ། གལ་ཏེ་ཕྱོགས་དངོས་སུ་བསྟན་བྱ་མ་ཡིན་ན་ཕྱོགས་ཀྱི་མཚན་ཉིད་གསུངས་པ་དོན་མེད་དོ་ཞེ་ན། ཕྱོགས་སྒྲུབ་བྱེད་རྟགས་ཡང་དག་དངོས་སུ་བརྗོད་པའི་ཤུགས་ལ་རྟོགས་པར་བྱ་བའི་དོན་ཅན་ཡིན་ལ། དངོས་སུ་བསྟན་བྱ་མ་ཡིན་ཡང་འགའ་ཞིག་ལ་བསྒྲུབ་བྱ་ཡིན་པ་ལ་མ་ཡིན་པ་དང་མ་ཡིན་པ་ལ་ཡིན་པར་རྨོངས་པའི་ལོག་རྟོག་མཐོང་བས་དེ་མེད་པར་བྱ་བའི་ཕྱིར་དུ་སློབ་དཔོན་གྱིས་ཀུན་ལས་བཏུས་སུ། ངོ་བོ་ཁོ་ན་བསྟན་བྱ་ལ། །རང་ཉིད་འདོད་དང་མ་གསལ་བ། །ཞེས་ཕྱོགས་ཀྱི་མཚན་ཉིད་གསུངས་པ་ཡིན་ནོ། །དེ་འཆད་པ་དེ། ཕྱོགས་དེའི་མཚན་ཉིད་ཀྱི་ངོ་བོ་དང་ཁོ་ནའི་ཚིག་ཕྲད་དང་བདག་ཉིད་དང་འདོད་པ་ཞེས་པའི་ཚིག་བཞི་དེ་དག་གིས་རྣམ་བཅད་ལ་གོ་རིམ་བཞིན་དུ། སྒྲ་མཉན་བྱ་ལྟ་བུ་ཕྱི་རྒོལ་གྱིས་གྲུབ་ཟིན་དང་། དཔེ་རྟགས་མ་གྲུབ་པ་ལྟ་བུ་སྒྲུབ་བྱེད་དུ་གྱུར་བཞིན་པ་དང་། ལུང་དོན་རྟག་པ་ནམ་མཁའི་ཡོན་ཏན་ལྟ་བུ་རྒོལ་བའི་འདོད་ཡུལ་མ་ཡིན་པ་དང་། མིག་སོགས་གཞན་དོན་བྱེད་ཙམ་ལྟ་བུ་སྐབས་ཀྱི་རྟེན་མ་ཡིན་པ་རྣམས་ཕྱོགས་ཡིན་པ་སེལ་ཏེ། དེའི་རྒྱུ་མཚན་དེ་དག་གིས་ཡོངས་གཅོད་ལ་གོ་རིམ་བཞིན་དུ། ཕྱོགས་ཡིན་ན་ཕྱི་རྒོལ་གྱིས་མ་གྲུབ་པ་སྟེ་གྲུབ་མ་ཟིན་དང་སྒྲུབ་བྱེད་དུ་གྱུར་བཞིན་པ་མེད་པ་དང་རྒོལ་བས་ཁས་བླངས་ཏེ་འདོད་ཡུལ་དུ་བྱས་པ་དང་རྒོལ་བས་བསྒྲུབ་བྱར་དོན་གྱིས་བརྗོད་པ་ཞིག་དགོས་སོ་ཞེས་ཡོངས་སུ་བཟུང་བའི་ཕྱིར་རོ། །དེས་མདོར་བསྟན་ནས་དེ་དག་སོ་སོར་རྒྱས་པར་བཤད་པ་ལ་དང་པོར་འདོད་སྒྲ་སྨོས་པའི་དགོས་པ་རྒྱས་པར་བཤད་པ་ནི། ཕྱོགས་ཀྱི་མཚན་ཉིད་དུ་འདོད་པ་ཞེས་པའི་ཚིག་སྨོས་པ་ཆོས་ཅན། དོན་ཡོད་དེ། བདག་དོན་བྱེད་པ་དེ་མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་འདོད་ཡུལ་གྱི་བསྒྲུབ་བྱར་དངོས་སུ་མ་བརྗོད་ན་ཡང་རྒོལ་བས་འདོད་པས་ཁྱབ་པའི་དེ་སྒྲུབ་ཀྱི་འདོད་ཡུལ་གྱི་སྒྲུབ་བྱར་འདོད་དོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། བཞིན་ཞེས་པས་ནི་དཔེ་ཅན་ཉིད་དཔེར་བཀོད་པའོ། །གལ་ཏེ་བདག་དོན་བྱེད་པ་དེ་མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་འདོད་ཡུལ་གྱི་བསྒྲུབ་བྱར་དངོས་སུ་མ་བརྗོད་ན་དེ་དེ་སྒྲུབ་ཀྱི་འདོད་ཡུལ་གྱི་བསྒྲུབ་བྱར་འདོད་པར་ཇི་ལྟར་ཤེས་ན། གྲངས་ཅན་པ་ཆོས་ཅན། བདག་དོན་བྱེད་པ་དེ་མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་འདོད་ཡུལ་གྱི་བསྒྲུབ་བྱར་དངོས་སུ་མ་བརྗོད་ན་ཡང་དེ་དེར་འདོད་པ་ཡིན་པར་ཐལ། བདག་དོན་བྱེད་པ་འདོད་ཡུལ་གྱི་བསྒྲུབ་བྱར་བྱས་ནས་དེ་སྒྲུབ་པའི་ཕྱིར་དུ་མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་སྒྲུབ་བྱེད་མ་འཆོལ་བར་སྨྲ་བའི་སྐབས་ལས་བདག་དོན་བྱེད་པ་དེ་དེ་སྒྲུབ་ཀྱི་འདོད་ཡུལ་གྱི་བསྒྲུབ་བྱར་འདོད་པར་རྟོགས་པར་འགྱུར་བ་ཡིན་པའི་ཕྱིར་རོ། །གལ་ཏེ་ཕྱོགས་ཀྱི་མཚན་ཉིད་ཀྱི་འདོད་སྒྲ་དེས་རྒོལ་བའི་འདོད་ཡུལ་བསྒྲུབ་བྱར་སྟོན་པས་རྒོལ་བ་ལས་གཞན་པའི་འདོད་པ་ཐམས་ཅད་ཕྱོགས་ཡིན་པ་སེལ་ན་དེས་བསྟན་བཅོས་མཁན་པོའི་འདོད་པ་ཕྱོགས་ཡིན་པ་ཡང་སེལ་བས་བསྟན་བཅོས་མཁན་པོའི་འདོད་པ་ཕྱོགས་ཡིན་པ་སེལ་བའི་དོན་དུ་ཕྱོགས་ཀྱི་མཚན་ཉིད་དུ་རང་སྒྲ་སྨོས་པ་དོན་མེད་དོ་ཞེ་ན། སློབ་དཔོན་ཕྱོགས་གླང་ཆོས་ཅན། ཕྱོགས་ཀྱི་མཚན་ཉིད་ཀྱི་འདོད་སྒྲ་དེས་རྒོལ་བ་ལས་གཞན་པའི་འདོད་པ་ཐམས་ཅད་ཕྱོགས་ཡིན་པ་བཟློག་ན་ཡང་བསྟན་བཅོས་མཁན་པོའི་འདོད་པ་ཕྱོགས་ཡིན་པ་སེལ་བའི་དོན་དུ་ཕྱོགས་ཀྱི་མཚན་ཉིད་དུ་རང་སྒྲ་མོས་པ་དོན་ཡོད་དེ། ཕྱོགས་ཀྱི་མཚན་ཉིད་ཀྱི་རང་སྒྲ་འདི་ནི་བསྟན་བཅོས་མཁན་པོའི་འདོད་པ་ཕྱོགས་ཡིན་ནམ་སྙམ་པའི་དོགས་པ་ཡོད་པས་དེ་འདྲའི་དོགས་པའི་གནས་བཟློག་པ་དེའི་དོན་དུ་བྱས་པ་ཡིན་པའི་ཕྱིར། དེས་ན་ཀུན་བཏུས་ཀྱི་འགྲེལ་པར་ཡང་བདག་ཉིད་ཀྱི་སྒྲས་ནི་བསྟན་བཅོས་ལ་མི་ལྟོས་པར་ཁས་བླངས་པ་སྟོན་པར་བྱེད་པའོ་ཞེས་བསྟན་བཅོས་མཁན་པོའི་འདོད་པ་ཕྱོགས་ཡིན་པ་སེལ་བའི་དོན་དུ་རང་སྒྲ་བཤད་པ་ཡིན་ནོ། །

འོ་ན་ཅིའི་ཕྱིར་ཕྱོགས་ཀྱི་མཚན་ཉིད་ཀྱི་འདོད་སྒྲ་དེ་བདག་དོན་བྱེད་པ་དེ་མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་འདོད་ཡུལ་གྱི་བསྒྲུབ་བྱར་འདོད་པར་ཤེས་པར་བྱ་བའི་དོན་དུ་སྨོས་ཤེ་ན། གྲངས་ཅན་གྱི་མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་རྟགས་ལ་སྐྱོན་བརྗོད་པའི་ཆེད་དུ་སྨོས་ཏེ། བདག་དོན་བྱེད་པ་དེ་དེ་སྒྲུབ་ཀྱི་འདོད་ཡུལ་གྱི་བསྒྲུབ་བྱ་ཡིན་ན་རྟགས་དེ་སྒྲུབ་ཀྱི་འདོད་ཡུལ་གྱི་བསྒྲུབ་བྱ་དང་འགལ་ཞིང་བསྒྲུབ་བྱའི་ཆོས་མཐུན་དཔེ་ལ་རྗེས་འགྲོ་མེད་པའི་སྐྱོན་ཡོད་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་། འདོད་ཡུལ་གྱི་བདག་དོན་དེ་ནི་སྒྲའི་ཉེ་བར་འགོད་ཚུལ་ལ་ལྟོས་ནས་མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཀྱི་ཁྱད་པར་དག་དང་རེས་འགའ་ཆོས་ཅན་གྱི་ཁྱད་པར་ཡིན་པར་སློབ་དཔོན་གྱིས་བརྗོད་དེ། འདི་ལྟར། མིག་སོགས་ཆོས་ཅན་འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་གྱི་དོན་བྱེད་དེ་འདུས་ཤིང་བསགས་པ་ཡིན་པའི་ཕྱིར་ཞེས་བཀོད་པ་ན། འདུས་བསགས་དེ་ཆོས་ཅན། འདུས་པ་མ་ཡིན་པའི་ཡུལ་ཅན་དེ་དེ་སྒྲུབ་ཀྱི་ཆོས་ཀྱི་ཁྱད་པར་ཡིན་ཏེ། དེ་དེ་སྒྲུབ་ཀྱི་ཆོས་ཀྱི་ཁྱད་པར་དུ་རྒོལ་བའི་བློས་བཟུང་ཞིང་སྒྲས་བརྗོད་པའི་ཕྱིར། མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་ཆོས་ཅན། གཞན་དོན་བྱེད་དེ། འདུས་ཤིང་བསགས་པ་ཡིན་པའི་ཕྱིར་ཞེས་བཀོད་པ་ན། འདུས་བསགས་དེ་ཆོས་ཅན། འདུས་པ་མ་ཡིན་པའི་ཡུལ་ཅན་དེ་དེ་སྒྲུབ་ཀྱི་ཆོས་ཅན་ཀྱི་ཁྱད་པར་ཡིན་ཏེ། དེ་དེ་སྒྲུབ་ཀྱི་ཁྱད་པར་དུ་རྒོལ་བའི་བློས་བཟུང་ཞིང་སྒྲས་བརྗོད་པའི་ཕྱིར་རོ། །གལ་ཏེ་བདག་དོན་བྱེད་པ་དེ་མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་ཆོས་དང་ཆོས་ཅན་གྱི་ཁྱད་པར་དུ་བཟུང་ན་སྐྱོན་ཅི་ཡོད་ཅེ་ན། དེར་བཟུང་ན་འདུས་བསགས་དེ་ནི་ཆོས་ཅན། ཁྱོད་མིག་སོགས་དེ་འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་དོན་བྱེད་པར་སྒྲུབ་པའི་ཆོས་ཀྱི་ཁྱད་པར་འགོག་པའི་འགལ་རྟགས་ཡིན་པར་ཐལ། འདུས་པ་མ་ཡིན་པའི་ཡུལ་ཅན་དེ་ཁྱོད་ཀྱི་དེ་སྒྲུབ་ཀྱི་ཆོས་ཀྱི་ཁྱད་པར་ཡིན་པ་གང་ཞིག་དེ་ཁྱོད་ཀྱིས་མིག་སོགས་ཀྱི་སྟེང་དུ་འགོག་པའི་སྒོ་ནས་ཁྱོད་དེ་སྒྲུབ་ཀྱི་འདོད་ཡུལ་གྱི་བསྒྲུབ་བྱ་ལ་གནོད་བྱེད་ཡིན་པའི་ཕྱིར་རོ། །དེ་ཆོས་ཅན། ཁྱོད་མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་དེ་གཞན་དོན་བྱེད་པར་སྒྲུབ་པའི་ཆོས་ཅན་གྱི་ཁྱད་པར་འགོག་པའི་འགལ་རྟགས་ཡིན་པར་ཐལ། འདུས་པ་མ་ཡིན་པའི་ཡུལ་ཅན་དེ། ཁྱོད་ཀྱི་དེ་སྒྲུབ་ཀྱི་ཆོས་ཅན་གྱི་ཁྱད་པར་ཡིན་པ་གང་ཞིག །དེ་ཁྱོད་ཀྱིས་མིག་སོགས་ཀྱི་སྟེང་དུ་འགོག་པའི་སྒོ་ནས་ཁྱོད་དེ་སྒྲུབ་ཀྱི་འདོད་ཡུལ་གྱི་བསྒྲུབ་བྱ་ལ་གནོད་བྱེད་ཡིན་པའི་ཕྱིར། དེས་ན་རྟགས་འདོད་ཡུལ་གྱི་བསྒྲུབ་བྱ་དང་འགལ་བར་མ་ཟད་སྐྱོན་གཞན་ཡང་ཡོད་དེ། ཇི་སྐད་དུ་སློབ་དཔོན་དབྱིག་གཉེན་སོགས་ཀྱིས་གྲངས་ཅན་གྱིས་མིག་སོགས་གཞན་དོན་བྱེད་པར་སྒྲུབ་པ་འདི་ལ་གཞན་ནི་བདག་ལ་འདོད་པས་བདག་གཞན་གྱི་སྒྲས་བརྗོད་ན་བདག་དེ་དཔེ་ལ་མ་གྲུབ་བོ་ཞེས་བཤད་པ་བཞིན་དུ་བདག་དོན་བྱེད་པ་དེ་དེ་སྒྲུབ་ཀྱི་མཐུན་དཔེར་རྗེས་འགྲོ་མེད་པའི་སྐྱོན་ཡང་ཡོད་དེ། འདུས་བསགས་ཆོས་ཅན། ཁྱོད་ཀྱིས་མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་སྒྲུབ་བྱའི་ཆོས་དེ་མཐུན་དཔེ་ལ་རྗེས་འགྲོ་མེད་པར་ཐལ། བདག་དོན་བྱེད་པ་དེ་ཁྱོད་ཀྱིས་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་གང་ཞིག །བདག་དོན་བྱེད་པ་དེ་མཐུན་དཔེ་མལ་ཆ་སོགས་ལ་མ་གྲུབ་པའི་ཕྱིར། གལ་ཏེ་བདག་དོན་བྱེད་པ་དེ་བསྒྲུབ་བྱར་སྐབས་སུ་བབ་པ་ཡིན་ཀྱང་དངོས་སུ་མ་སྨོས་པས་དེ་སྒྲུབ་ཀྱི་འདོད་ཡུལ་གྱི་བསྒྲུབ་བྱ་མ་ཡིན་ནོ་ཞེ་ན། འདུས་བསགས་ཆོས་ཅན། ཁྱོད་ཀྱི་མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་འདོད་ཡུལ་གྱི་བསྒྲུབ་བྱ་ཅི་ཡིན་ཏེ་མེད་པར་ཐལ། རྒོལ་ཕྱི་རྒོལ་མིག་སོགས་གཞན་དོན་བྱེད་པ་གང་ལ་རྩོད་པའི་ཚེ་ཁྱོད་རྩོད་གཞིའི་སྒྲུབ་བྱེད་དུ་བཀོད་པ་གང་ཞིག །བདག་དོན་བྱེད་པ་དེ་ཁྱོད་ཀྱིས་དེ་སྒྲུབ་ཀྱི་འདོད་ཡུལ་གྱི་བསྒྲུབ་བྱ་མིན་པའི་ཕྱིར། གལ་ཏེ་འདོད་ཡུལ་བསྒྲུབ་བྱ་ཡིན་པ་ལས་གཞན་དུ་མ་ཡིན་པར་ངག་ཏུ་སྨྲས་པ་ཙམ་བསྒྲུབ་བྱ་ཡིན་ན། བྷ་དྲི་ཧ་རིས། ཤེས་པ་ལྡན་དང་ཕྱི་དོན་དང་། །རང་གི་ངོ་བོ་དག་ཀྱང་སྟེ། །དེ་དེ་སྒྲ་བརྗོད་པས་རྟོགས་པས། །སྤྱིར་ནི་འབྲེལ་བར་རབ་ཏུ་གནས། །ཞེས་རྗོད་བྱེད་ཀྱི་སྒྲས་བརྗོད་འདོད་ཤེས་པ་དང་བརྗོད་བྱ་ཕྱི་རོལ་དང་སྒྲ་རང་གི་ངོ་བོ་དང་གསུམ་གོ་བར་བྱེད་དེ། དཔེར་ན་གོ་བོ་ཞེས་པ་ན་བརྗོད་འདོད་དང་བ་ལང་དང་ངག་དང་ཨོ་དང་ཨུ་རྣམས་གོ་བར་བྱེད་པ་བཞིན་ནོ་ཞེས་པ་ལ། དེའི་རྗེས་འབྲང་སྒྲ་བྱེ་བྲག་ཏུ་བཤད་པ་ཡོད་པར་སྨྲ་བས་བ་ལང་ཞེས་སོགས་རིགས་ཀྱི་སྒྲ་ལྷ་སྦྱིན་ཞེས་སོགས་མིང་གི་སྒྲ་དེ་གཉིས་ཀ་ཡང་བརྡའི་སྔ་རོལ་ནས་ཕྱི་རོལ་གྱི་དོན་ལྡན་ཡིན་ལ་རང་གི་ངོ་བོ་དོན་ལྡན་མ་ཡིན་པར་འདོད་ལ། སྒྲ་བྱེ་བྲག་ཏུ་བཤད་དུ་མེད་པར་སྨྲ་བས་རིགས་ཀྱི་སྒྲ་སྔར་དང་འདྲ་ཞིང་མིང་གི་སྒྲ་ཕྱི་རོལ་གྱི་དོན་ལྡན་མ་ཡིན་ལ་བརྡའི་སྔ་རོལ་ན་རང་གི་ངོ་བོའི་དོན་ལྡན་ཡིན་པར་འདོད་པ་ན། སྒྲ་བྱེ་བྲག་ཏུ་བཤད་དུ་མེད་སྨྲ་དེས་ཡོད་སྨྲ་དེ་ལ་མིང་གི་སྒྲ་ཆོས་ཅན། མིང་དང་མིང་ཅན་གཞན་དུ་འབྲེལ་བའི་བརྡའི་སྔ་རོལ་ནས་དོན་ལྡན་ཡིན་ཏེ། སྒྲའི་རྣམ་དབྱེ་བརྒྱད་གང་རུང་དང་ལྡན་པའི་ཕྱིར་ཞེས་བཀོད་པའི་ཚེ་ན་རྟགས་དེ་ཆོས་ཅན། མིང་གི་སྒྲ་ལ་སྒྲ་བྱེ་བྲག་ཏུ་བཤད་དུ་མེད་སྨྲ་བའི་རྒོལ་བས་མི་འདོད་པའི་ཕྱི་རོལ་གྱི་དོན་ལྡན་དུ་སྒྲུབ་པར་ཐལ། མིང་གི་སྒྲ་ལ་རང་གི་ངོ་བོའི་དོན་ལྡན་ནམ་ཕྱི་རོལ་གྱི་དོན་ལྡན་གང་རུང་བསྒྲུབས་ནས་རང་གི་ངོ་བོའི་དོན་ལྡན་མི་སྒྲུབ་པའི་ཕྱིར། མིང་གི་སྒྲ་ལ་རང་གི་ངོ་བོའི་དོན་ལྡན་མི་སྒྲུབ་པར་ཐལ། རང་གི་ངོ་བོའི་དོན་ལྡན་དེ་ཁྱོད་ཀྱིས་དེ་སྒྲུབ་ཀྱི་བསྒྲུབ་བྱར་དངོས་སུ་མ་སྨྲས་པའི་ཕྱིར། འམ་གྱིས་བསྡུས་པ་འདུས་བསགས་ཆོས་ཅན། ཁྱོད་སངས་རྒྱས་པའི་བློ་ངོར་མིག་སོགས་གཞན་དོན་བྱེད་ཙམ་དུ་སྒྲུབ་པའི་རྟགས་སུ་བཀོད་པ་འབྲས་མེད་དུ་འགྱུར་བར་ཐལ། སངས་རྒྱས་པས་མིག་སོགས་གཞན་དོན་བྱེད་ཙམ་དུ་གྲུབ་ཟིན་མ་བརྗེད་པའི་ཕྱིར། དེས་ན་ངག་ཏུ་དངོས་སུ་མ་སྨྲས་ཀྱང་ཞེ་ནས་འདོད་པ་འདོད་ཡུལ་གྱི་བསྒྲུབ་བྱ་ཡིན་པས་དེ་ལས་བཟློག་ཕྱོགས་སུ་སྒྲུབ་པ་དང་དེ་མ་ཚང་བའི་རྟགས་ནི་འདོད་ཡུལ་དང་འགལ་ཞིང་བསྒྲུབ་བྱའི་ཆོས་དཔེ་ལ་རྗེས་འགྲོ་མེད་པའི་སྐྱོན་དུ་འགྱུར་བ་ཡིན་ནོ། །གྲངས་ཅན་པའི་མིག་སོགས་གཞན་དོན་བྱེད་ཙམ་དུ་གྲུབ་པའི་རྟགས་ལ་སྐྱོན་བརྗོད་པའི་རིགས་པ་འདིས་ནི་རྒྱང་འཕེན་པས་སྐྱེ་བ་སྔ་ཕྱི་མེད་པར་སྒྲུབ་པར་འདོད་ནས་ཟོལ་གྱི་སྦྱོར་བ་འདི་ལྟར་དུ་བུམ་པ་ཆོས་ཅན། ལུས་སེམས་རྫས་གཅིག་པའི་སྐྱེས་བུའི་ལུས་དང་བུམ་པ་གང་རུང་གི་ཟླ་བཅས་སུ་ཡོད་དེ། ཨུཏྤལ་མ་ཡིན་པའི་ཕྱིར་རྩིག་པ་བཞིན་ཞེས་པའི་གཉིས་བཅས་ཀྱི་སྦྱོར་བ་བཀོད་པ་ལ་བསྒྲུབ་བྱའི་ཆོས་དཔེ་རྗེས་འགྲོ་མེད་པ་དང་རྟགས་འདོད་ཡུལ་གྱི་བསྒྲུབ་བྱ་དང་འགལ་བའི་སྐྱོན་དག་ཀྱང་བསྟན་པ་ཡིན་ནོ། །ཅི་སྟེ་ཡང་དེ་འདྲའི་ལུས་བུམ་གང་རུང་གི་ཟླ་བཅས་དེ་བསྒྲུབ་བྱར་འདོད་པ་མ་ཡིན་གྱི་དེ་འདྲའི་ཟླ་བཅས་ཀྱི་སྤྱི་དེ་བསྒྲུབ་པར་བྱ་བར་འདོད་པས་སྐྱོན་མེད་དོ་ཞེ་ན། བུམ་པ་དེ་ཉིད་ཆོས་ཅན། ལུས་བུམ་གང་རུང་གི་ཟླ་བཅས་ཀྱི་སྤྱི་གྲུབ་པ་མ་ཡིན་པར་ཐལ། ཁྱོད་བུམ་པ་དེ་ལས་དོན་གཞན་དུ་མེད་ཅིང་དེ་འདྲའི་ལུས་དེ་ཡང་ཁྱོད་ལས་དོན་གཞན་དུ་མི་འགྱུར་བའི་ཕྱིར། དེས་ན་བུམ་པ་དེ་དེ་འདྲའི་ལུས་བུམ་གང་རུང་གི་ཟླ་བཅས་ཀྱི་སྤྱི་དོན་གཞན་དུ་མེད་བཞིན་དུ་དེ་ལྟར་ཡོད་ཅེས་པའི་རྒྱང་འཕེན་པ་རྣམས་ཀྱི་ཐ་སྙད་འདི་དེ་ཆོས་ཅན། དངོས་པོའི་གནས་ལུགས་མི་ཤེས་པའི་མངོན་ཞེན་གྱིས་ཀུན་ནས་བསླངས་པ་ཡིན་ཏེ། བརྗོད་བྱས་སྟོང་པ་བརྗོད་པའི་ཐ་སྙད་ཡིན་པའི་ཕྱིར། གལ་ཏེ་ཆོས་ཅན་སྒྲའི་མི་རྟག་པ་དེ་བུམ་པ་ལ་རྗེས་སུ་མི་འགྲོ་བ་དང་དཔེ་བུམ་པའི་མི་རྟག་པ་ཆོས་ཅན་སྒྲ་ལ་རྗེས་སུ་མི་འགྲོ་བའི་ཁྱད་པར་སོ་སོར་ཕྱེ་ནས་རྟོགས་ན་ཁྱོད་ཀྱིས་བྱས་པས་སྒྲ་འཇིག་པར་སྒྲུབ་པ་ལའང་ཆོས་རྗེས་འགྲོ་མེད་པ་དང་རྟགས་འགལ་བའི་སྐྱོན་གཉིས་བཅས་ཀྱི་སྦྱོར་བ་ལ་བཀོད་པ་ལྟར་མཚུངས་སོ་ཞེ་ན། བྱས་པ་ཆོས་ཅན། སྒྲ་བུམ་གཉིས་ཀྱི་མི་རྟག་པ་གཅིག་ལ་གཅིག་རྗེས་སུ་མི་འགྲོ་བས་ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་དཔེ་ལ་རྗེས་འགྲོ་མེད་པ་དང་རྟགས་བསྒྲུབ་བྱ་དང་འགལ་བའི་སྐྱོན་ཅན་མ་ཡིན་པར་ཐལ། ཁྱོད་ཀྱི་སྒྲ་བུམ་གཉིས་ཀ་ལ་རྗེས་སུ་འགྲོ་བའི་སྤྱི་འཇིག་པ་ཙམ་གྲུབ་པ་དེས་སྒྲ་ཡང་སྤྱི་མི་རྟག་པ་ཙམ་དང་ལྡན་པ་དེ་ལྟར་དུ་ཁྱོད་ཀྱིས་གྲུབ་པའི་ཕྱིར་རོ། །དེས་ན་སྒྲ་བུམ་གཉིས་ཀ་ལ་རྗེས་སུ་འགྲོ་བའི་སྤྱི་མི་རྟག་པ་ཙམ་གྲུབ་པ་དེ་གཞན་དུ་བུམ་པ་ལའང་དེ་འདྲའི་ལུས་བུམ་གང་རུང་གི་ཟླ་བཅས་ཀྱི་སྤྱི་དོན་གཞན་དེ་ཡོད་པར་གྱུར་ན་དེ་འདྲའི་ལུས་བུམ་གང་རུང་གི་ཟླ་བཅས་དེ་དང་ལྡན་པར་འགྱུར་བ་ལ་དེ་འདྲའི་ལུས་བུམ་གང་རུང་གི་ཟླ་བཅས་ཀྱི་སྤྱི་དོན་གཞན་དེ་མེད་པ་ཡིན་ནོ། །གལ་ཏེ་སྤྱི་མི་རྟག་པ་ཙམ་དེ་ཆོས་ཅན། སྒྲ་ལས་གཞན་ལ་རྗེས་འགྲོ་མེད་པར་ཐལ། སྒྲའི་ཁྱད་པར་དུ་བྱས་པ་ཅན་ཡིན་པའི་ཕྱིར་ཞེ་ན། མི་རྟག་པ་ཙམ་ཆོས་ཅན། སྒྲས་ཁྱད་པར་དུ་བྱས་པས་སྒྲ་ལས་གཞན་ལ་རྗེས་འགྲོ་མེད་པ་མ་ཡིན་པར་ཐལ། སྒྲ་དེས་མ་འབྲེལ་བ་བཟློག་པ་སྟེ་མི་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པའི་ཕྱིར། དེས་ན་རྣམ་གཅོད་ལ་མི་ལྡན་རྣམ་གཅོད་དང་གཞན་ལྡན་རྣམ་གཅོད་རྣམ་པ་གཉིས་སུ་ཡོད་པ་ཡིན་ཞིང་མི་རྟག་པ་དེ་སྒྲས་གཞན་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་ན་ཆོས་གཞན་ལ་རྗེས་འགྲོ་མེད་པའི་སྐྱོན་དུ་འགྱུར་བ་ལ། མི་རྟག་པ་དེ་སྒྲས་མི་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པའི་ཕྱིར་ཆོས་གཞན་གང་ལ་རྗེས་འགྲོ་མེད་པར་འགྱུར་བ་མ་ཡིན་ནོ། །གལ་ཏེ་སྤྱི་མི་རྟག་པ་ཙམ་དེ་གློག་ལ་སོགས་ལའང་གྲུབ་ཟིན་པས་བྱས་པས་སྒྲ་ལ་སྤྱི་མི་རྟག་པ་ཙམ་སྒྲུབ་པ་གྲུབ་ཟིན་སྒྲུབ་པར་འགྱུར་རོ་ཞེ་ན། བྱས་པ་དེ་ཆོས་ཅན། སྤྱི་མི་རྟག་པ་ཙམ་དེ་ཁྱོད་ཀྱིས་སྒྲ་ལ་སྒྲུབ་པར་བྱས་པ་ཡིན་པས་ཁྱོད་སྒྲ་ལ་གྲུབ་ཟིན་སྒྲུབ་པའི་སྐྱོན་དུ་འགྱུར་བ་ཉིད་མ་ཡིན་པར་ཐལ། ཁྱོད་སྒྲ་ལ་མི་རྟག་པ་ཙམ་དེ་མི་ལྡན་རྣམ་གཅོད་དུ་མ་གྲུབ་པ་སྒྲུབ་བྱེད་ཡིན་པའི་ཕྱིར། དེས་ན་ཆོས་ཅན་སྒྲས་ཁྱད་པར་དུ་བྱས་པ་ཅན་གྱི་ཆོས་མི་རྟག་པ་དེ་ནི་སྒྲ་ལས་གཞན་ལ་རྗེས་འགྲོ་མེད་པ་སྐྱོན་དང་ལྡན་པ་མིན་ནོ། །འདོད་ཡུལ་བསྒྲུབ་བྱར་བསྟན་པ་འདིས་ནི་བྱེ་བྲག་པ་དག་རྟགས་བྱས་པ་ཆོས་ཅན་སྒྲའི་སྟེང་དུ་ཆོས་ཅན་སྒྲས་ཁྱད་པར་དུ་བྱས་པ་ཅན་གྱི་ཆོས་མི་རྟག་པའི་སྤྱི་དོན་གཞན་དང་ཆོས་མི་རྟག་དག་གིས་ཁྱད་པར་དུ་བྱས་པ་ཅན་གྱི་ཆོས་ཅན་སྒྲའི་སྤྱི་དོན་གཞན་དག་འགོག་པས་བྱས་པས་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་འགལ་བར་འདོད་པ་དག་ནི་བསལ་བ་ཡིན་ཏེ། དེའི་རྒྱུ་མཚན་བྱས་པས་ཆོས་ཅན་སྒྲ་ལ་དེ་ལྟར་གྱི་ཚོགས་པ་དོན་གཞན་གཉིས་པོ་དེ་མི་སྒྲུབ་པའི་ཕྱིར། དེ་ཉིད་སྒྲུབ་པ་དེ། བྱས་པ་ཆོས་ཅན། ཁྱོད་ཀྱིས་ཆོས་ཅན་སྒྲ་ལ་དེ་ལྟར་གྱི་ཚོགས་པ་དོན་གཞན་གཉིས་པོ་དག་བསལ་བས་ཁྱོད་སྒྲ་མི་རྟག་སྒྲུབ་ཀྱི་རྟག་འགལ་བ་མ་ཡིན་ཏེ། གང་གི་ཕྱིར་ཁྱོད་ཀྱིས་ཆོས་ཅན་སྒྲ་འདིར་དེ་ལྟར་གྱི་ཚོགས་པ་དོན་གཞན་གཉིས་པོ་དེ་སྒྲུབ་པར་འདོད་པ་མིན་གྱི་སྤྱི་དོན་གཞན་གྱིས་དབེན་པའི་ཆོས་མི་རྟག་པ་འབའ་ཞིག་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། དེ་དག་གིས་འདོད་སྒྲ་སྨོས་པའི་རྣམ་གཅོད་ཀྱི་དགོས་པ་བསྟན་ནས་ད་རང་སྒྲ་སྨོས་པའི་རྣམ་བཅད་ཀྱི་དགོས་པ་སྟོན་པ་དེ། ཕྱོགས་ཀྱི་མཚན་ཉིད་དུ་བདག་ཉིད་ཀྱི་སྒྲ་སྨོས་པ་ཆོས་ཅན། དོན་ཡོད་དེ། ཆོས་ཅན་སྒྲ་ལྟ་བུ་གཅིག་ལ་ཕྱི་ནང་གི་བསྟན་བཅོས་ལས་རྟག་པ་ནམ་མཁའི་ཡོན་ཏན་དང་མི་རྟག་པ་ལ་སོགས་པའི་ཆོས་རྣམས་དུ་མ་རྣམ་པར་བཞག་ཀྱང་རྩོད་པའི་དུས་སུ་རྒོལ་བ་བདག་ཉིད་ཀྱིས་འདོད་ཡུལ་དུ་བྱས་པའི་དོན་ཉིད་བསྒྲུབ་བྱ་ཡིན་གྱི་རྒོལ་བས་མི་འདོད་པའི་ལུང་དོན་བསྒྲུབ་བྱ་མ་ཡིན་ནོ་ཞེས་རྟོགས་པའི་ཆེད་ཡིན་པའི་ཕྱིར། གལ་ཏེ་རྒོལ་བས་མི་འདོད་པའི་ལུང་དོན་བསྒྲུབ་བྱར་འདོད་པ་ཡོད་དམ་གང་གིས་ན་དེ་བཟློག་པའི་དོན་དུ་རང་སྒྲ་སྨྲོས་ཤེ་ན། ཡོད་དེ་རང་གཞན་གྱི་སྡེ་པ་འགའ་ཞིག་དེ་ལྟར་འདོད་པའི་ཕྱིར་རོ། །དེས་དང་པོར་གཞན་སྡེའི་འདོད་པ་འགོག་པ་དེ། གཞན་སྡེ་ཁ་ཅིག་ན་རེ། གལ་ཏེ་རྒོལ་བས་བསྟན་བཅོས་ཁས་བླངས་པའི་ཕྱིར་བསྟན་བཅོས་ཀྱི་དོན་ཐམས་ཅད་སྒྲུབ་བྱར་གཟུང་དགོས་པས་རྩོད་པའི་དུས་སུ་རྒོལ་བས་བཀོད་པའི་རྟགས་དེས་ལུང་དོན་གཅིག་ལ་རབ་ཏུ་གནོད་ན་གཏན་ཚིག་འགལ་བ་དང་དམ་བཅའ་དག་བསལ་བའི་སྐྱོན་དུ་འགྱུར་རོ་ཞེ་ན། རྒོལ་བ་དེ་དག་གིས་ལྟར་ན་བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པ་ན་དྲི་རྟག་པའི་ཡོན་ཏན་བཟློག་པས་ཀྱང་སྒྲ་མི་རྟག་སྒྲུབ་ཀྱི་གཏན་ཚིག་འགལ་བར་འགྱུར་བར་ཐལ། དེ་བཟློག་པའི་སྒོ་ནས་གཟུགས་ཅན་གྱི་ལུང་དོན་གཅིག་ལ་གནོད་པར་འགྱུར་བའི་ཕྱིར། གལ་ཏེ་སྒྲ་ལ་དྲི་ཟའི་ཡོན་ཏན་སྒྲུབ་པའི་སྐབས་མིན་པའི་ཕྱིར་སྐྱོན་དེར་འགྱུར་བ་མིན་ནོ་ཞེ་ན། དེ་ཆོས་ཅན། སྒྲ་ལ་རྟག་པ་ནམ་ཡོན་བཀག་པས་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་འགལ་བ་མ་ཡིན་པར་ཐལ། སྒྲ་ལ་དྲི་ཟའི་ཡོན་ཏན་སྒྲུབ་པའི་སྐབས་མ་ཡིན་པ་དེ་ནི་གཞན་རྟག་པ་ནམ་ཡོན་ལའང་མཚུངས་པའི་ཕྱིར་རོ། །ཅི་སྟེ་ཆོས་ཅན་སྒྲ་དེ་སྒྲ་མི་རྟག་སྒྲུབ་ཀྱི་སྐབས་འདིར་སྐབས་སུ་བབ་ལ་རྟག་པ་ནམ་ཡོན་ཡང་སྒྲའི་ཆོས་ཡིན་པས་སྐབས་སུ་བབ་པ་ཡིན་ཞེ་ན། དངོས་པོ་ལ་ནི་སྒྲ་དང་རྟོག་པ་ནམ་ཡོན་ཆོས་དང་ཆོས་ཅན་དུ་འབྲེལ་བ་ཅི་ཙམ་ཡང་མེད་པ་ལུང་ལས་བཤད་པ་ཙམ་གྱིས་དེ་གཉིས་ཆོས་དང་ཆོས་ཅན་དུ་འབྲེལ་བར་རྟོག་པ་ཡིན་ན། བྱས་པས་སྒྲ་རྟག་པ་ནམ་ཡོན་ལ་གནོད་པ་དེ་ལ་ཡང་བྱས་པ་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་འགལ་བའི་རྒྱུ་མཚན་བསྟན་བཅོས་ཀྱི་དོན་ལ་གནོད་པ་འབའ་ཞིག་ཉིད་དུ་ཟད་པས་སྒྲ་མི་རྟག་པར་སྒྲུབ་པ་ན་ཞེས་པའི་སྐྱོན་སོ་ན་གནས་སོ། །ཅི་སྟེ་ཆོས་ཅན་སྒྲའི་ཆོས་ཡིན་པ་དང་བསྒྲུབ་བྱ་སྤྱིའི་ཕྱོགས་གཅིག་ཡིན་པའི་ཕྱིར་བསྒྲུབ་བྱའི་ཆོས་བཞིན་ཞེས་སོགས་ཀྱི་སྒྲུབ་བྱེད་ཀྱིས་སྒྲ་རྟག་པ་ནམ་ཡོན་དེ་སྒྲ་མི་རྟག་སྒྲུབ་ཀྱི་བསྒྲུབ་བྱར་རྒོལ་བས་འདོད་པ་ཡིན་ནོ་ཞེས་བརྗོད་ན། རྒོལ་བའི་རྒྱུད་ལ་བསྒྲུབ་བྱ་ལ་དཔག་འདོད་སྐྱེ་ཚུལ་དང་དེ་གཞན་གྱིས་རྟོགས་པའི་ཚུལ་འདི་ལྟར་ཡིན་ཏེ། རྩོད་པའི་ཚེ་ཕྱི་རྒོལ་གྱིས་སྒྲ་རྟག་པར་འདོད་པ་དང་ཐེ་ཚོམ་ཟ་ནས་སྒྲུབ་བྱེད་འདྲི་བ་ལ་སོགས་པའི་གནས་སྐབས་འགས་རྒོལ་བའི་རྒྱུད་ལ་དེ་སྒྲུབ་ཀྱི་བསྒྲུབ་བྱ་དཔག་འདོད་སྐྱེ་བར་འགྱུར་ཏེ། སྐབས་དེ་དག་ལ་བརྟེན་ནས་དེ་སྒྲུབ་ཀྱི་སྒྲུབ་བྱེད་འགོད་པའི་ཕྱིར། རྒོལ་བས་དེ་སྒྲུབ་ཀྱི་སྒྲུབ་བྱེད་འགོད་པ་ལ་སོགས་པའི་གནས་སྐབས་དེ་དག་གིས་ཆོས་ཅན། རྒོལ་བའི་རྒྱུད་ལ་དེ་སྒྲུབ་ཀྱི་བསྒྲུབ་བྱ་དཔག་འདོད་དེ་ཡོད་པར་རྟོགས་པར་བྱེད་དེ། ཁྱོད་དེ་དག་ལ་མི་འཁྲུལ་བའི་ཕྱིར། དེས་ན་ཇི་སྐད་བཤད་པའི་རྒྱུ་མཚན་དེ་དག་མེད་པར་ནན་གྱིས་སྒྲ་མི་རྟག་སྒྲུབ་ཀྱི་རྒོལ་བས་ཁྱོད་སྒྲ་རྟག་པ་ནམ་ཡོན་འདི་སྒྲ་མི་རྟག་སྒྲུབ་ཀྱི་བསྒྲུབ་བྱར་འདོད་ཅེས་པ་འདི་གསལ་བར་དབང་ཕྱུག་སྟེ་རྒྱལ་པོ་ངན་པའི་སྤྱོད་པ་བཞིན་དུ་འགྱུར་བ་ཡིན་ནོ། །གཞན་ཡང་ཆོས་ཅན་སོགས་ཀྱི་སྒྲུབ་བྱེད་མི་འཐད་དེ། སྒྲ་མི་རྟག་སྒྲུབ་ཀྱི་རྒོལ་བ་ཆོས་ཅན། འབྲས་བུའི་རྟགས་ཅན་མིན་པའི་བསྒྲུབ་བྱ་སྤྱིའི་ཕྱོགས་གཅིག་ཡིན་པ་སོགས་བརྗོད་པའི་རྟགས་ཀྱིས་ཁྱོད་སྒྲ་རྟག་པ་ནམ་ཡོན་སྒྲ་མི་རྟག་པ་སྒྲུབ་ཀྱི་བསྒྲུབ་བྱར་འདོད་པར་མི་འཁྲུལ་བར་ཐལ། དེས་དེ་འདོད་པར་སྒྲུབ་པ་དེ་ལ་སྒྲ་མི་རྟག་སྒྲུབ་ཀྱི་སྒྲུབ་བྱེད་འགོད་པ་སོགས་མངོན་སུམ་གྱིས་གྲུབ་པའི་འཁྲུལ་པ་ཡིས་གནོད་པར་འགྱུར་བའི་ཕྱིར། གཞན་ཡང་བྱས་པ་ཆོས་ཅན། ཁྱོད་སྒྲ་རྟག་པ་ནམ་ཡོན་གྱི་ལུང་དོན་ལ་གནོད་པས་གཞན་སྒྲ་མི་རྟག་སྒྲུབ་ཀྱི་བསྒྲུབ་བྱ་ལ་ཅི་ཞིག་གནོད་དེ་མི་གནོད་པར་ཐལ། རྟག་པ་ནམ་ཡོན་མེད་ན་མི་རྟག་པ་མི་འབྱུང་བ་མིན་པའི་ཕྱིར། གལ་ཏེ་བྱས་པས་སྒྲ་རྟག་པ་ནམ་ཡོན་ལ་གནོད་ན་རྒོལ་བས་ཁས་བླངས་པའི་ལུང་ལ་གནོད་པས་རྒོལ་བས་བཀོད་པའི་རྟགས་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་ནོ་ཞེ་ན། དེ་ཆོས་ཅན། སྒྲ་རྟག་སྟོན་གྱི་ལུང་ལ་གནོད་པས་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་འགལ་བ་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། དངོས་པོ་སྟོབས་ཞུགས་ཀྱི་རྟགས་དང་རྗེས་དཔག་རྣམས་རང་གི་སྤྱོད་ཡུལ་འགྲུབ་པ་ལུང་ལ་ལྟོས་པ་མེད་པར་ཡང་བཤད་པའི་ཕྱིར་རོ། །ཡང་དེ་སྟེ་ཁྱོད་ཀྱིས་སྒྲུབ་པའི་སྒྲ་མི་རྟག་པ་དེ་ནི་སྒྲ་རྟག་སྟོན་གྱི་ལུང་གིས་གཞན་དུ་བྱར་མི་ནུས་པར་ལེགས་པར་གྲུབ་སྟེ། རྟགས་སྔར་ལྟར་རོ། །གལ་ཏེ་དངོས་པོ་སྟོབས་ཞུགས་ཀྱི་ཡུལ་ལ་རིགས་པས་དཔྱོད་པ་དེའི་ཚེ་རྒོལ་བ་བསྟན་བཅོས་ལ་ལྟོས་པ་མ་ཡིན་ན་དེའི་ཚེ་རྒོལ་བས་རྩོད་པའི་རྟེན་ལུང་དོར་བར་འགྱུར་རོ་ཞེ་ན། རྒོལ་བ་ཆོས་ཅན། དངོས་པོ་སྟོབས་ཞུགས་ཀྱི་ཡུལ་ལ་རིགས་པས་དཔྱོད་པ་དེའི་ཚེ་རྒོལ་བས་ཁས་བླངས་པའི་ལུང་དོར་བའི་ཉེས་པ་ཡོད་པ་མིན་པར་ཐལ། དེའི་ཚེ་ལུང་ཁས་བླངས་པ་མེད་པའི་ཕྱིར། ཡང་ན་ལུང་ཆོས་ཅན། དེ་འདྲ་དེའི་ཚེ་རྒོལ་བས་ཁྱོད་ཁས་བླངས་པ་ཡོད་ཀྱང་གནོད་སྒྲུབ་ཀྱི་ཡན་ལག་མིན་པར་ཐལ། དེ་འདྲའི་འདི་ནི་རྒོལ་བས་ཁྱོད་ཁས་ལེན་པའི་ཐབས་ཡིན་པའི་ཕྱིར། གལ་ཏེ་དངོས་པོ་སྟོབས་ཞུགས་ཀྱི་ཡུལ་ལ་རིགས་པས་དཔྱོད་པ་དེའི་ཚེ་ལུང་ཁས་མི་ལེན་ན་དུས་ནམ་གྱི་ཚེ་ལུང་ཁས་ལེན་ཞེ་ན། སྔར་བཤད་པ་དེ་ལྟར་ལུང་ལ་མི་ལྟོས་པར་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་མངོན་རྗེས་ཀྱི་ཡུལ་གཉིས་རྣམ་པར་དག་ཅིང་གཏན་ལ་ཕེབས་ནས་མཐོ་རིས་ལ་སོགས་ཤིན་ལྐོག་ལ་དཔྱོད་པའི་དུས་དེ་ནི་ཆོས་ཅན། བསྟན་བཅོས་རྣམ་དག་ཡོངས་འཛིན་པ་སྟེ་ཚད་མར་འདོད་པ་དུས་ཡིན་ཏེ། ལུང་ཚད་མར་ཁས་མི་ལེན་ན་ཤིག་ལྐོག་ལ་སྤྱོད་པའི་སྐབས་མེད་པ་གང་ཞིག་དེའི་སྐབས་ཡིན་པའི་ཕྱིར། ཤིན་ལྐོག་ལ་དཔྱོད་པ་དེའི་ཚེ་རྒོལ་བས་ཚད་མར་ཁས་བླངས་པའི་བསྟན་བཅོས་ཀྱི་ལུང་དང་འགལ་བའི་དོན་ལ་གནོད་པར་འགྱུར་ཏེ། ཚད་མར་ཁས་བླངས་པའི་ལུང་དེས་གྲུབ་པའི་དོན་ལ་ལུང་དེ་དང་འགལ་བར་སེམས་ཏེ་ཁས་ལེན་པ་མི་རུང་བའི་ཕྱིར་ཡང་གནས་གསུམ་པ་ལུང་གི་ཡུལ་ཤིན་ལྐོག་ལ་རྟོག་དཔྱོད་འཕོ་བ་ན་བསྟན་བཅོས་ཚད་མར་ཁས་ལེན་པར་རིགས་པ་དང་ལྡན་པ་ཡིན་ཏེ། ལུང་ཚད་མར་ཁས་བླངས་པའི་ཚེ་ལུང་གནོད་སྒྲུབ་ཏུ་འགྱུར་བའི་ཕྱིར་རོ། །དེས་ན་ལུང་གནོད་སྒྲུབ་དུ་འཇུག་པའི་སྐབས་དེར་ཡང་ཆོས་ཅན། སྐབས་ཀྱི་བསྒྲུབ་བྱའི་ཆོས་དང་མེད་པ་མི་འབྱུང་བའི་འབྲེལ་བ་གྲུབ་པའི་དོན་ལ་གནོད་པའི་རྟགས་དེ་ཉིད་སྤང་བར་བྱ་ཡི་གཞན་འབྲེལ་མེད་ཀྱི་ལུང་དོན་ལ་གནོད་པའི་རྟགས་སྤང་བྱ་མིན་ཏེ། སྐབས་ཀྱི་འདོད་ཡུལ་བསྒྲུབ་བྱ་ལ་གནོད་ན་རྟགས་འགལ་བར་འགྱུར་གྱི་འབྲེལ་མེད་ཀྱི་ལུང་དོན་ལ་གནོད་པས་རྟགས་འགལ་བར་འགྱུར་ན་རྟགས་འགལ་བ་ཐུག་པ་མེད་པར་ཧ་ཅང་ཐལ་ཆེས་པར་འགྱུར་བའི་ཕྱིར་རོ། གཞན་ཡང་མངོན་ལྐོག་སོགས་ཀྱི་ཡུལ་ལ་དཔྱད་པ་ཀུན་ལ་བསྟན་བཅོས་དག་ཚད་མར་གཟུང་དགོས་ཞེས་པའི་ལུགས་འདི་ཆོས་ཅན། རིགས་པ་གང་གིས་བྱས་ཏེ་ཁྱོད་ལ་རིགས་པ་ཅུང་ཟད་ཀྱང་མེད་པར་ཐལ། དེ་ནི་སྟེ་ཁྱོད་ལྟར་ཡིན་ན་གྲུབ་མཐའམ་ལུང་ཤེས་པ་མེད་པའི་ཕྱུགས་རྫི་སོགས་ཀྱི་སྐྱེ་བོ་རྣམས་ཀྱིས་དུ་བའི་རྟགས་ལས་དུ་ལྡན་གྱི་ལ་ལ་མེ་རྟོགས་པར་མི་འགྱུར་བ་སོགས་ཀྱི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དེ་ཡང་ཕྱུགས་རྫི་སོགས་ཀྱིས་ལུང་ཁས་ལེན་པའི་སྒྲུབ་བྱེད་མེད་དེ། ཕྱུགས་རྫི་སོགས་ཀྱི་སྐྱེ་བོ་ཆོས་ཅན། ལུང་དང་ངོ་བོ་ཉིད་ཀྱི་འབྲེལ་བ་གྲུབ་ནས་དཔྱོད་པ་ཀུན་ལ་ལུང་ཁས་ལེན་པ་མ་ཡིན་ལ་ལུང་གི་སྐྱོན་ཡོན་མཐོང་ནས་ཀྱང་དཔྱོད་པ་ཀུན་ལ་ལུང་ཁས་ལེན་པ་མ་ཡིན་ཏེ། ཁྱོད་དང་པོར་སྐྱེས་པ་ན་ལུང་ཡན་ལག་དུ་མེད་པར་རེང་ཕུར་རམ་ཅིག་བུར་སྐྱེས་པར་འགྱུར་ཞིང་ལུང་དོན་ལ་རིགས་པས་གྲུབ་པའི་ཡོན་ཏན་དང་གནོད་པའི་ཉེས་པ་མ་མཐོང་བ་ཡིན་པའི་ཕྱིར། དེས་ན་ཀྱེ་མ་མི་འདོད་བཞིན་དུ་རྗེས་སུ་འབྲེལ་བའི་མི་ཟད་པའི་གདོན་དང་འདྲ་བའི་གྲུབ་མཐའ་དཔྱོད་པ་ཀུན་ལ་ལུང་ཁས་ལེན་དགོས་ཞེས་པ་འདི་ནི་དང་པོ་ནས་ངོ་བོ་ཉིད་དུ་གྲུབ་པ་མེད་ན་སུ་ཡིས་གསར་དུ་བགོས་པ་ཡིན་ཞེས་དཔྱས་སོ། །གལ་ཏེ་སྒྲུབ་བྱེད་ཀྱི་རྟགས་ཡང་དག་གཅིག་ཉིད་ལ་བསྟན་བཅོས་ཀྱི་དོན་ཀུན་གྱིས་ཁྱབ་པ་མཐུན་དཔེའི་སྟེང་ལ་བསྟན་པ་ཞིག་སྒྲུབ་བྱེད་དུ་འགྱུར་བས་ལུང་དོན་ལ་གནོད་ན་རྟགས་འགལ་བར་འགྱུར་རོ་ཞེ་ན། ཤེས་བྱ་ཆོས་ཅན། རྟགས་ཡང་དག་ཡིན་པ་ཅུང་ཟད་ཀྱང་མེད་པར་ཐལ། ལུང་དོན་ཀུན་གྱིས་ཁྱབ་པའི་རྟགས་འདི་ན་འཇིག་རྟེན་འདས་ལུགས་ཏེ་མེད་པ་ཡིན་པའི་ཕྱིར། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་མི་རྟག་པ་ནི་ཆོས་ཅན། རྟག་པ་ནམ་ཡོན་མ་གྲུབ་པས་ཁྱོད་མ་གྲུབ་པར་ནི་ཇི་ལྟར་འགྱུར་ཏེ་མ་ཡིན་པར་ཐལ། ཁྱོད་རྟག་པ་ནམ་ཡོན་དང་འབྲེལ་མེད་པའི་ཕྱིར། དེ་སྒྲུབ་ཀྱི་རྟགས་བྱས་པ་ཆོས་ཅན། ཁྱོད་ཀྱི་སྒྲ་ལ་མི་རྟག་པ་དེ་སྒྲུབ་པ་ཡིན་ན་སྒྲ་རྟག་པ་ནམ་ཡོན་ལ་གནོད་པས་སྒྲ་མི་རྟག་སྒྲུབ་ཀྱི་གཏན་ཚིགས་སྐྱོན་ལྡན་ཇི་ལྟར་ཡིན་ཏེ། མ་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པ་དེའི་སྒྲུབ་བྱེད་ཡང་དག་ཏུ་བརྗོད་པའི་ཕྱིར། གལ་ཏེ་རྟགས་ཡང་དག་ལ་ལུང་དོན་ཀུན་གྱིས་ཁྱབ་པ་མཐུན་དཔེའི་སྟེང་དུ་བསྟན་དགོས་པ་མ་ཡིན་ཡང་ཆོས་ཅན་དེའི་ཆོས་སུ་ལུང་ལས་བཤད་པ་ཀུན་གྱིས་ཁྱབ་པ་མཐུན་དཔེའི་སྟེང་དུ་དགོས་སོ་ཞེ་ན། ཤེས་བྱ་ཆོས་ཅན། རྟགས་ཡང་དག་ལ་རང་གི་ཆོས་ཅན་དེའི་ཆོས་སུ་ལུང་ལས་བཤད་པ་ཀུན་གྱིས་ཁྱབ་པ་མཐུན་དཔེའི་སྟེང་དུ་བསྟན་དགོས་པ་མ་ཡིན་པར་ཐལ། ཆོས་ཅན་ངག་སྨྲའི་སྐྱེས་བུ་དང་དུ་ལྡན་ལ་ཆོས་སུ་ལུང་ལས་བཤད་པ་མ་ལུས་པས་ཁྱབ་པ་མཐུན་དཔེར་ཁས་བླངས་པ་མེད་པ་ཁོ་ནར་ནི་སྐྱེ་བོ་རྣམས་ཀྱིས་ཚིག་དང་དུ་སོགས་ཀྱི་རྟགས་ལས་སེམས་ལྡན་དང་མེ་སོགས་རྗེས་སུ་དཔོག་པར་བྱེད་པའི་ཕྱིར། གལ་ཏེ་དེ་ལྟ་ན་ཡང་ལུང་ཤེས་པའི་ངོར་ལུང་དོན་ལ་གནོད་པའི་རྟགས་ཀྱིས་བསྒྲུབ་བྱ་སྒྲུབ་མི་ནུས་སོ་ཞེ་ན། རང་བཞིན་མི་རྟག་པ་དང་རྒྱུ་མེ་དག་སྒྲུབ་པར་བྱེད་པའི་དོན་བྱས་པ་དང་དུ་བ་ཆོས་ཅན། རྒོལ་བ་འགའི་སྨྲ་བའི་ལུང་དོན་སྒྲ་རྟག་པ་ནམ་ཡོན་སོགས་ལ་གནོད་པས་རང་གི་ཁྱབ་བྱེད་དང་རྒྱུ་ལ་འབྲེལ་བ་ངོ་བོ་ཉིད་ལས་ལྡོག་པ་མ་ཡིན་པར་ཐལ། རང་གི་ཁྱབ་བྱེད་དང་རྒྱུ་ལ་ངོ་བོ་ཉིད་ཀྱིས་མི་འཁྲུལ་བའི་ཕྱིར། དེས་ན་ལུང་ཤེས་པའི་རྒོལ་བ་གཞན་དག་ཆོས་ཅན། ཁྱོད་ཀྱི་བློ་ངོར་རང་གིས་བཀོད་པའི་བྱས་པ་དང་དུ་བའི་གཏན་ཚིགས་དེས་རང་ཕྱོགས་སུ་གྲུབ་པའི་གཞིར་སྒྲ་མི་རྟག་པ་དང་། ལ་མེ་དག་ཇི་ལྟར་རྟོགས་པར་བྱེད་པར་འགྱུར་བ་ཡིན་ཏེ། འགྱུར་བར་ཐལ། རང་གིས་བཀོད་པའི་རྟགས་བྱས་པ་དང་དུ་བ་དེ་ནི་རང་གི་འདོད་པའི་བསྒྲུབ་བྱའི་དོན་མི་རྟག་པ་དང་མེ་ལ་མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་པར་ཚད་མས་རྟོགས་པའི་ཕྱིར། གལ་ཏེ་ཐམས་ཅད་དེ་ལྟ་ཡིན་ན་ཡང་རྒོལ་བས་ཁས་བླངས་པའི་ལུང་དོན་ལ་གནོད་པའི་རྟགས་འགོད་མཁན་རྒོལ་བ་སྐྱོན་ཅན་ཡིན་ནོ་ཞེ་ན། སྒྲ་མི་རྟག་སྒྲུབ་ཀྱི་རྒོལ་བ་དེ་ཆོས་ཅན། ཁྱོད་ཀྱིས་བྱས་པ་དེ་སྒྲ་རྟག་པ་ནམ་ཡོན་ལ་གནོད་བྱེད་དུ་བརྗོད་པའི་ཉེས་པ་ཁོ་ནས་བྱས་པ་དེ་བསྟན་བཅོས་ཀྱི་དོན་སྒྲ་རྟག་པ་ནམ་ཡོན་ལ་གནོད་བྱེད་དུ་གསར་དུ་སྐྱེས་པ་མིན་པར་ཐལ། ཁྱོད་ཀྱིས་དེ་དེ་ལ་གནོད་བྱེད་ཀྱི་གཏན་ཚིགས་སུ་བརྗོད་དམ་མ་བརྗོད་ཀྱང་རུང་དེས་དེ་ལ་དངོས་པོའི་སྟོབས་ཀྱིས་འགལ་ན་སྟེ་གནོད་པའི་ཕྱིར། འདོད་ན། དེ་འདྲའི་རྒོལ་བ་ཆོས་ཅན། ཁྱོད་ཀྱིས་བྱས་པ་དེ་དེ་ལ་གནོད་བྱེད་དུ་བརྗོད་པའི་སྐབས་འདིར་ཚར་བཅད་ཀྱི་གནས་ཅི་བྱས་ཏེ་མ་བྱས་པས་རྒོལ་བ་ཚར་བཅད་ཀྱི་གནས་མ་ཡིན་པར་ཐལ་ལོ། །གལ་ཏེ་རྒོལ་བས་ཁས་བླངས་པའི་ལུང་དོན་ལ་མ་བརྟགས་པར་གནོད་བྱེད་བརྗོད་པའི་ཕྱིར་རྒོལ་བ་སྐྱོན་ཅན་ནོ་ཞེ་ན། དེ་ཆོས་ཅན། བྱས་པ་དེ་དེ་ལ་གནོད་བྱེད་དུ་བརྗོད་པའི་ཆ་ཁོ་ནས་མི་རིགས་པ་བྱེད་པའི་ཚར་བཅད་ཀྱི་གནས་མིན་པར་ཐལ། གལ་ཏེ་ཁྱོད་ཀྱིས་དེ་དེ་ལ་གནོད་བྱེད་དུ་མ་བརྗོད་ན་ཡང་དེས་དེ་ལ་གནོད་པ་མིན་ནམ་ཅིས་ཏེ་ཡིན་པའི་ཕྱིར། འདོད་ན། ཅིས་ན་དེའི་ཆ་ཁོ་ནས་རྒོལ་བ་སྐྱོན་ཡིན་ཏེ། མ་ཡིན་པར་ཐལ་ལོ། །གལ་ཏེ་ལུང་དོན་ལ་དངོས་པོའི་སྟོབས་ཀྱིས་གནོད་པའི་རྟགས་འགོད་མཁན་རྒོལ་བ་སྐྱོན་ཅན་མ་ཡིན་ན། མ་གྲུབ་པ་སོགས་ཀྱི་རྟགས་ལྟར་སྣང་འགོད་མཁན་ཡང་རྒོལ་བ་སྐྱོན་ཅན་མ་ཡིན་ནོ་ཞེ་ན། དེ་མི་མཚུངས་ཏེ། སྒྲ་མི་རྟག་པར་སྒྲུབ་པ་ན་མིག་གི་གཟུང་བྱ་སོགས་གཏན་ཚིགས་ལྟར་སྣང་འགོད་མཁན་རྒོལ་བ་ཆོས་ཅན། རྒོལ་བ་སྐྱོན་ཅན་དུ་འགྱུར་ཏེ། དེ་སྒྲུབ་ཀྱི་རྟགས་ཡང་དག་འགོད་མཁན་ཁས་བླངས་ནས་དེ་སྒྲུབ་ཀྱི་དོན་མེད་པའི་རྟགས་ལྟར་སྣང་བརྗོད་པའི་རྒོལ་བ་ཡིན་པའི་ཕྱིར་ཏེ། ཕྱི་རྒོལ་གཞན་དག་ལ་ཁྱོད་ཀྱིས་བཀོད་པའི་རྟགས་ཀྱིས་རང་གི་འདོད་ཡུལ་སྒྲ་མི་རྟག་པ་ཉིད་ནི་སྒྲུབ་པའི་ནུས་པ་མེད་པའི་ཕྱིར། དེས་ན་དེ་སྒྲུབ་ཀྱི་རྒོལ་བ་ཆོས་ཅན། བྱས་པས་དེ་སྒྲུབ་ཀྱི་སྐབས་འདིར་ཁྱོད་རྒོལ་བ་སྐྱོན་ཅན་མ་ཡིན་ཏེ། ཁྱོད་ཀྱིས་བཀོད་པའི་རྟགས་བྱས་པ་དེས་སྒྲ་མི་རྟག་པ་དེ་སྒྲུབ་ནུས་པའི་ཕྱིར། གཞན་ཡང་གལ་ཏེ་བསྟན་བཅོས་ལ་ལར་བཤད་པའི་སྒྲ་རྟག་པ་ནམ་ཡོན་ལ་སོགས་པ་འགའ་ཞིག་དེ་སྒྲུབ་ཀྱི་བསྒྲུབ་བྱར་རིགས་པས་གྲུབ་པ་མིན་ཡང་བྱས་པས་འགོག་ན་རིགས་པས་གྲུབ་པའི་བསྒྲུབ་བྱ་གཞན་དག་ཀྱང་འགོག་པར་བྱེད་དོ་ཞེས་བྱ་བ་འདི་ནི་རྒྱལ་རིགས་ངན་པའི་ལུགས་ཡིན་གྱི་རིགས་པ་སྨྲ་བའི་ཚུལ་ནི་མ་ཡིན་ནོ། །ཡང་ཤེས་བྱ་ཆོས་ཅན། ལུང་ཤེས་པའི་ངོར་རྟགས་ཀུན་ཏུ་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་རྣམ་གཞག་འདི་ཉམས་ནས་མེད་པར་འགྱུར་བར་ཐལ། ལུང་ཤེས་པའི་ངོར་རྟགས་ཡང་དག་ཡིན་ན་ལུང་དོན་ཀུན་དང་འགལ་བ་མེད་པ་ཞིག་དགོས་པ་གང་ཞིག་ལུང་དོན་ཀུན་འགལ་བ་མེད་པར་མཚུངས་པར་བྱས་ནས་ནི་སྒྲུབ་བྱེད་ཡང་དག་བརྗོད་པར་ནུས་པ་མ་ཡིན་པ་དེས་ནའི་ཕྱིར། གལ་ཏེ་ཆོས་ཅན་སྒྲ་ལ་རྟག་པ་ནམ་ཡོན་མ་ཡིན་པ་བྱས་པས་སྒྲུབ་ཅིང་རྟག་པ་ནམ་ཡོན་ལུང་གིས་གྲུབ་པས་འགལ་བ་ལ་མི་འཁྲུལ་བའི་རྟགས་ཀྱི་སྐྱོན་དུ་འགྱུར་རོ་ཞེ་ན། ཆོས་ཅན་སྒྲ་ལྟ་བུ་གཅིག་ལ་རྟག་མི་རྟག་ལ་སོགས་པའི་འགལ་བ་དག་གཞི་མཐུན་དུ་མི་རུང་བའི་ཕྱིར་ན་སྒྲ་མི་རྟག་པ་ཚད་མས་གྲུབ་ན་འགལ་ཟླ་རྟག་པ་ངེས་པར་གྲུབ་པ་ལ་ཚད་མས་གནོད་པར་འགྱུར་ན་ཡང་། སྒྲ་འདིར་ནི་ཆོས་ཅན། ཁྱོད་ཀྱི་སྟེང་དུ་རྟགས་ནམ་ཡོན་མ་ཡིན་པ་དང་རྟག་པ་ནམ་ཡོན་གཉིས་རྟག་མི་རྟག་དེ་འདྲའི་འགལ་བ་ནུས་མཚུངས་སུ་ཡོད་པ་མ་ཡིན་པར་ཐལ། ཁྱོད་ཀྱི་སྟེང་དུ་མི་རྟག་པ་ཙམ་ཡིན་པ་དེ་རྟག་པ་ནམ་ཡོན་ལས་ཆེས་སྟོབས་དང་ལྡན་པའི་ཕྱིར་ཏེ། ཁྱོད་ཀྱི་སྟེང་དུ་སྔ་མ་དེ་དངོས་པོ་སྟོབས་ཞུགས་ཀྱིས་གྲུབ་ལ་ཕྱི་མ་དེ་ལུང་ཙམ་གྱིས་བཞག་པའི་ཕྱིར། གལ་ཏེ་རྟག་པ་ནམ་ཡོན་མ་ཡིན་པ་དང་མི་རྟག་པ་དེ་དག་གནོད་བྱ་གནོད་བྱེད་ནི་མིན་ཞིང་དེར་ཡང་མ་ཟད་བྱས་པ་དེ་རྟག་པ་ནམ་ཡོན་དང་འབྲེལ་བ་མེད་ཀྱང་རྟགས་ནམ་ཡོན་ལ་གནོད་ན་བསྟན་བཅོས་ཀྱི་དོན་སླད་པའམ་བཀག་པའི་ཕྱིར་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་འགལ་བར་འགྱུར་རོ་ཞེ་ན། དེ་ལྟ་ཡིན་ན་རྟགས་ཐམས་ཅད་ཀྱི་བསྒྲུབ་བྱ་ལ་རྟགས་ཐམས་ཅད་ཀྱིས་གནོད་པར་འགྱུར་ཏེ། བྱས་པ་ཆོས་ཅན། རྩོལ་བྱུང་གིས་སྒྲ་རྟག་པ་ནམ་ཡོན་ལ་གནོད་པས་ཁྱོད་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་འགལ་བར་ཐལ། དེས་དེ་ལ་གནོད་པས་ལུང་དོན་གཅིག་བཀག་པའི་ཕྱིར། ཡང་ཁྱོད་ཀྱིས་དྲིས་ལ་རྟག་པས་ཡོན་ཏན་བཀག་པས་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་འགལ་བར་ཐལ། དེ་བཀག་པས་ལུང་དོན་གཅིག་བཀག་པའི་ཕྱིར་རོ། །གལ་ཏེ་རྟག་པ་ནམ་ཡོན་དེ་སྒྲའི་ཆོས་སུ་འབྲེལ་བ་ཡོད་པ་དེས་ན་བྱས་པའི་སྒྲའི་སྟེང་དུ་རྟགས་ནམ་ཡོན་དེ་ཉིད་ལ་གནོད་པས་སྒྲ་མི་རྟག་སྒྲུབ་ཀྱི་བསྒྲུབ་བྱ་ལ་གནོད་པར་འགྱུར་གྱི་དྲི་རྟག་པས་ཡོན་ཏན་ལ་གནོད་པས་དེར་མི་འགྱུར་རོ་ཞེ་ན། བྱས་པ་ཆོས་ཅན། སྒྲ་རྟག་པ་ནམ་ཡོན་ལ་གནོད་པས་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་འགལ་བ་མ་ཡིན་པར་ཐལ། དེ་ཁྱོད་ཀྱི་དེ་སྒྲུབ་ཀྱི་བསྒྲུབ་བྱ་མ་ཡིན་པའི་ཕྱིར། ཁྱབ་སྟེ། རྟགས་ཀུན་རང་རང་གི་བསྒྲུབ་བྱ་ལ་ལྟོས་ནས་བསྒྲུབ་བྱ་འགོག་ན་སྐྱོན་ཅན་དང་སྒྲུབ་ན་ཡོན་ཏན་ཅན་དུ་དཔྱད་པར་བྱ་བ་ཡིན་པའི་ཕྱིར་རོ། །ཡང་རྟག་པ་ནམ་ཡོན་མེད་ན་སྒྲ་མི་རྟག་སྒྲུབ་ཀྱི་བསྒྲུབ་བྱ་མི་འབྱུང་བའི་འབྲེལ་བ་དེ་ནི་འདིར་ཚད་མས་རྟོགས་པ་མེད་ཀྱི། འོན་ཀྱང་བྱས་པས་སྒྲ་རྟག་པ་ནམ་ཡོན་ལ་གནོད་པས་དེ་སྒྲུབ་ཀྱི་རྟགས་འགལ་བ་འདིར་ནི་བསྟན་བཅོས་ཀྱི་དོན་ལ་གནོད་པ་འབའ་ཞིག་གི་སྒོ་ནས་དེ་འདྲའི་སྐྱོན་དུ་འགྱུར་བ་ཡིན་ན། ལུང་དོན་བཀག་པ་དེ་ནི་ཆོས་ཅན་གཞན་ལ་ལུང་དོན་བཀག་པ་དང་རྟགས་གཞན་གྱི་ཆོས་ཅན། གཞན་ལ་ལུང་དོན་བཀག་པར་བྱས་པ་ལའང་མཚུངས་པར་ཐམས་ཅད་ཐམས་ཅད་ཀྱིས་གནོད་འགྱུར་གྱི་སྐྱོན་སོ་ན་གནས་སོ། །ད་རང་གི་སྡེ་པས་ལུང་དོན་བསྒྲུབ་བྱར་འདོད་པ་འགོག་པ་དེ། གལ་ཏེ་རྒོལ་བས་བསྟན་བཅོས་ཁས་བླངས་པའི་ཕྱིར་བསྟན་བཅོས་ལས་མཐོང་བའི་དོན་མ་ལུས་པ་བསྒྲུབ་བྱར་ཁས་བླངས་དགོས་སོ་ཞེས་རང་སྡེ་ཁ་ཅིག་ཟེར་རོ། །ལུང་ལས་བཤད་པའི་དཔེ་དང་གཏན་ཚིགས་མ་གྲུབ་པར་སྨྲ་བ་སྟེ་བརྗོད་པའི་ངག་ཆོས་ཅན། དམ་བཅའ་ཡིན་པར་ཐལ་བར་འགྱུར་ཏེ། བསྒྲུབ་བྱ་བརྗོད་པའི་ཕྱིར། གལ་ཏེ་སྒྲུབ་བྱེད་དུ་བཀོད་པའི་དཔེ་རྟགས་མ་གྲུབ་པ་བརྗོད་པ་དམ་བཅའ་མ་ཡིན། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་སེལ་བའི་དོན་དུ་ཕྱོགས་ཀྱི་མཚན་ཉིད་དུ་རིགས་སྒོར་འདོད་པར་སྨོས་པའི་ཕྱིར་ཞེ་ན། དཔེ་རྟགས་མ་གྲུབ་པ་ཆོས་ཅན། ཁྱོད་བསྒྲུབ་བྱ་ཡིན་པ་འདོད་པ་ཞེས་པའི་ཚིག་ལས་ལྡོག་པ་མ་ཡིན་པར་ཐལ། བསྒྲུབ་བྱ་ཡིན་པ་རིགས་པས་ཐོབ་པའི་ཕྱིར་ཏེ། ལུང་དོན་ཡིན་པའི་ཕྱིར་རོ། །གལ་ཏེ་དཔེ་རྟགས་མ་གྲུབ་པ་རྒོལ་བས་བསྒྲུབ་བྱར་མི་འདོད་པས་བསྒྲུབ་བྱ་མིན་ཞེ་ན། ཆོས་གཞན་རྟག་པ་ནམ་ཡོན་སོགས་ཀྱི་ལུང་དོན་ཡང་ཆོས་ཅན། སྒྲ་མི་རྟག་སྒྲུབ་ཀྱི་བསྒྲུབ་བྱ་མིན་པར་ཐལ། དེར་རྒོལ་བས་མི་འདོད་པའི་ཕྱིར། འདོད་ན། བྱས་པས་ཁྱོད་ལ་གནོད་པས་བྱས་པ་དེ་དེ་སྒྲུབ་ཀྱི་རྟགས་འགལ་བ་ཅི་ཞིག་ཡིན་ཏེ་མ་ཡིན་པར་ཐལ། བྱས་པས་སྒྲ་མི་རྟག་པར་སྒྲུབ་པ་དེའི་ཚེ། ཁྱོད་དེ་སྒྲུབ་ཀྱི་བསྒྲུབ་བྱ་དང་བསྒྲུབ་བྱའི་འབྲེལ་ཡུལ་གང་ཡང་མིན་པའི་ཕྱིར། གཞན་ཡང་ལུང་དོན་བསྒྲུབ་བྱར་འདོད་ན། ཕྱོགས་ཀྱི་མཚན་ཉིད་ཀྱི་རང་ཉིད་ཀྱི་སྒྲ་ཡང་ཆོས་ཅན། ཕྱོགས་ཀྱི་མཚན་ཉིད་ཀྱི་ཚིག་ཟུར་དུ་སྨོས་པ་དོན་མེད་དུ་འགྱུར་བར་ཐལ། ཕྱོགས་ཀྱི་མཚན་ཉིད་ཀྱི་ཕྱི་རོལ་དུ་གྱུར་པའི་དོན་ཅན་ཡིན་པའི་ཕྱིར། ལུང་དོན་བསྒྲུབ་བྱ་ཡིན་པ་མི་གཅོད་པའི་ཕྱིར་ཏེ། དེ་བསྒྲུབ་བྱ་ཡིན་པའི་ཕྱིར།

གལ་ཏེ་རྩོད་པའི་དུས་སུ་རྒོལ་བ་རང་ཉིད་བསྟན་བཅོས་ལ་འདོད་པ་ཙམ་གྱིས་འཇུག་པར་ཤེས་པའི་དོན་དུ་རང་སྒྲ་སྨོས་པས་དོན་མེད་དུ་མི་འགྱུར་རོ་ཞེ་ན། དེ་ལྟར་ཡིན་པ་འདོད་ན་དེ་ཆོས་ཅན། ཁྱོད་རྩོད་པའི་དུས་སུ་རྒོལ་བ་རང་ཉིད་འདོད་པ་ཙམ་གྱིས་བསྟན་བཅོས་ལ་འཇུག་མི་ནུས་སྙམ་པའི་དོགས་པ་སེལ་བའི་དོན་དུ་ཁྱོད་སྨོས་དགོས་པ་མ་ཡིན་པར་ཐལ། དེ་འདྲའི་དགོས་པ་འདི་རྒྱུ་གང་ལས་ཡིན་མེད་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་ཕྱོགས་ཀྱི་མཚན་ཉིད་ཀྱི་རང་སྒྲ་དེ་རྒོལ་བ་རྟོག་ལྡན་དག་འདོད་པ་ཙམ་གྱིས་བསྟན་བཅོས་ལ་འཇུག་པའི་དོན་ཡིན་ནམ། རྒོལ་བ་བླུན་པོ་དག་དེ་འདྲའི་དོན་ཡིན། དང་པོ་ལྟར་ན་རྒོལ་བ་རྟོག་ལྡན་ཆོས་ཅན། རང་གི་འདོད་པ་ཙམ་གྱིས་བསྟན་བཅོས་ལ་འཇུག་པའི་དོན་དུ་ཕྱོགས་ཀྱི་མཚན་ཉིད་དུ་རང་སྒྲ་སྨྲོས་མི་དགོས་པར་ཐལ། བསྟན་བཅོས་ཀྱི་དོན་དེ་ནི་ཚད་མས་བཀག་པ་མེད་ཅིང་གྲུབ་ན་ཁྱོད་རང་གི་འདོད་པ་ཙམ་གྱིས་བསྟན་བཅོས་འཛིན་པ་གང་གིས་བཟློག་པར་ནུས་ཏེ་མི་ནུས་ལ། བསྟན་བཅོས་ཀྱི་དོན་དེ་ཚད་མས་བཀག་ན་རང་ཉིད་ཀྱི་ཚིག་ཙམ་ལས་གང་གིས་ཁྱོད་བསྟན་བཅོས་ལ་འཇུག་པར་འགྱུར་ཏེ་མི་འགྱུར་བའི་ཕྱིར།

གཉིས་པ་ལྟར་ན་རྒོལ་བ་བླུན་པོ་དེ་དག་ཆོས་ཅན། དེ་ལྟར་མི་དགོས་པར་ཐལ། སྔར་ཡང་གྲུབ་མཐའ་སྟེ་ལུང་ནི་རང་གི་འདོད་པ་ཙམ་གྱིས་འཛིན་ལ། དེ་ནི་ཕྱིས་ཀྱང་ཅི་ཞིག་ལྟར་ཏེ་རྒྱུ་མཚན་མེད་པར་རང་གི་འདོད་པ་ཙམ་གྱིས་ལུང་གཞན་འཛིན་པ་ནི་ཅིས་མི་ཐོབ་སྟེ་ཐོབ་པའི་ཕྱིར། གལ་ཏེ་རང་སྒྲ་མ་སྨོས་ཀྱང་རྒོལ་བ་བསྟན་བཅོས་ལ་འཇུག་པས་དེའི་དོན་དུ་སྨོས་མི་དགོས་ན། རྒོལ་བའི་འདོད་ཡུལ་བསྒྲུབ་བྱར་ཤེས་པའི་དོན་དུ་ཡང་རང་སྒྲ་སྨོས་མི་དགོས་པར་འགྱུར་ཏེ་མ་སྨོས་ཀྱང་རྒོལ་བའི་འདོད་ཡུལ་བསྒྲུབ་བྱར་བྱེད་པའི་ཕྱིར་རོ་ཞེ་ན། ཕྱོགས་ཀྱི་མཚན་ཉིད་འདིར་ནི་རང་ཉིད་ཀྱི་སྒྲ་སྨོས་པར་མཛད་པ་ཆོས་ཅན། དོན་ཡོད་དེ། རྒོལ་བས་མི་འདོད་པའི་ལུང་དོན་རྟག་པ་ནམ་ཡོན་སྒྲ་མི་རྟག་སྒྲུབ་ཀྱི་བསྒྲུབ་བྱའོ་ཞེས་སོགས་ཀྱི་ལོག་པར་རྟོག་པ་བསལ་བའི་ཆེད་དུ་ཡིན་པའི་ཕྱིར། དེ་སེལ་ནུས་པར་ཐལ། བྱས་པ་དེ་སྒྲ་རྟག་པ་ནམ་ཡོན་ལ་གནོད་པས་སྒྲ་མི་རྟག་སྒྲུབ་ཀྱི་འདོད་ཡུལ་གྱི་བསྒྲུབ་བྱ་ལ་གནོད་པ་མེད་པ་དང་། དེ་དེ་སྒྲུབ་ཀྱི་འདོད་ཡུལ་གྱི་བསྒྲུབ་བྱ་མིན་པ་དང་། བྱས་པས་དེ་ལ་གནོད་པས་དེ་སྒྲུབ་ཀྱི་འདོད་ཡུལ་གྱི་བསྒྲུབ་བྱ་ལ་གནོད་ན་རྟགས་གཞན་གྱིས་དེ་ལ་གནོད་པས་ཀྱང་དེ་སྒྲུབ་ཀྱི་འདོད་ཡུལ་གྱི་བསྒྲུབ་བྱ་ལ་གནོད་པའི་སྐྱོན་ལ་སོགས་ཐུག་པ་མེད་པར་བསྟན་པའི་ཕྱིར་རོ། །གལ་ཏེ་ཕྱི་ནང་གི་གཞུང་ལུགས་ཀྱིས་སྒྲོ་བཏགས་པས་བྱས་པའི་ཁྱད་པར་ཅན་དེ་དག་རྩོད་གཞིའི་ཆོས་སྣ་ཡིན་པ་ཡོངས་སུ་སྤངས་ནས་རྒོལ་བ་གཉིས་ཀ་ལ་རབ་ཏུ་གྲགས་ཤིང་གྲུབ་པའི་རྩོད་གཞིའི་ཆོས་ཅན་དག་ནི་བཟུང་བའི་དོན་དུ་རང་ཉིད་ཀྱི་སྒྲ་བརྗོད་དོ་ཞེས་རང་སྡེ་གཞན་དག་ནི་ཟེར་རོ། །ཤེས་བྱ་ཆོས་ཅན། རྒོལ་བ་གཉིས་ཀ་ལ་གྲུབ་པའི་རྩོད་གཞིའི་ཆོས་ཅན་བཟུང་བའི་དོན་དུ་ཕྱོགས་ཀྱི་མཚན་ཉིད་དུ་རང་སྒྲ་སྨོས་མི་དགོས་པར་ཐལ། རྒོལ་བ་གཉིས་ཀས་རྩོད་གཞིའི་ཆོས་ཅན་གྱི་སྟེང་དུ་ཁྱད་པར་གྱི་ཆོས་ལ་དཔེ་བྱེད་པ་ཉིད་ཀྱིས་སྐབས་ཀྱིས་རྩོད་གཞིའི་རྟེན་ཆོས་ཅན་ནི་རྒོལ་བ་གཉིས་ཀ་ལ་རབ་ཏུ་གྲགས་ཤིང་གྲུབ་པར་འགྱུར་བའི་ཕྱིར་ཏེ། རྒོལ་བ་རང་རང་གི་འདོད་པས་བརྟགས་པའི་ཁྱད་པར་ཅན་གྱི་དངོས་པོ་སྟེ་ཆོས་རྣམས་ལ་རྒོལ་བ་གཉིས་ཀ་རྩོད་པ་མེད་པའི་ཕྱིར་རོ། །ཅི་སྟེ་རང་སྒྲ་དེས་རྩོད་གཞིའི་ཆོས་ཅན་དེའི་རྒོལ་བ་གཉིས་ཀ་ལ་གྲུབ་ཟིན་པར་བསྟན་པའི་སྒོ་ནས་བསྒྲུབ་བྱ་མིན་པར་བརྗོད་དོ་ཞེ་ན། ཤེས་བྱ་ཆོས་ཅན། གྲུབ་ཟིན་གྱི་ཆོས་ཅན་བསྒྲུབ་བྱ་ཡིན་པ་སེལ་བའི་དོན་དུ་དེར་རང་སྒྲ་སྨྲོས་མི་དགོས་པར་ཐལ། ཕྱོགས་ཀྱི་མཚན་ཉིད་དུ་སྨྲོས་པའི་རང་གི་ངོ་བོ་ཉིད་སྟེ་ངོ་བོ་ཁོ་ན་བསྟན་བྱ་བ་ཞེས་བྱ་བའི་ཚིག་འདི་ཉིད་ཀྱིས་དོན་དེ་རྟོགས་པར་འགྱུར་བའི་ཕྱིར། དེའི་རྒྱུ་མཚན་ཡང་། ཕྱི་རྒོལ་གྱིས་གྲུབ་ཟིན་དང་སྒྲུབ་བྱེད་ཀྱི་ངོ་བོར་བསྟན་པ་དག་བསྒྲུབ་བྱར་དོགས་པ་ཡོད་པ་ཡིན་པས་དེ་སེལ་བའི་དོན་དུ་བསྒྲུབ་བྱའི་མཚན་ཉིད་དུ་སྨོས་པའི་ངོ་བོ་ཁོ་ན་བསྟན་བྱ་བ་ཞེས་བྱ་བའི་ཚིག་འདི་ནི་འབྲས་བུ་དགོས་པ་དང་ལྡན་པ་འགྱུར་བའི་ཕྱིར་རོ། །གལ་ཏེ་ཆོས་ཅན་རང་མཚན་པ་བསྒྲུབ་བྱ་ཡིན་པ་གཅོད་པའི་དོན་དུ་རང་སྒྲ་སྨོས་ཅེ་ན། ཕྱོགས་ཀྱི་མཚན་ཉིད་སྟོན་པའི་སྐབས་འདིར་ནི་ཆོས་ཅན། ཆོས་ཅན་རང་མཚན་པ་བསྒྲུབ་བྱ་ཡིན་པ་སེལ་བའི་དོན་དུ་རང་ཉིད་ཅེས་པའི་ཚིག་དེ་སྐད་མ་བསྟན་ཀྱང་ཕྱོགས་ཀྱི་མཚན་ཉིད་ལ་མ་ཁྱབ་ཁྱབ་ཆེས་ཀྱི་འགལ་བ་ཅུང་ཟད་མེད་དེ། ཆོས་ཅན་རང་མཚན་པ་བསྒྲུབ་བྱ་མིན་པ་དེ་སྐབས་གཞན་དུ་རྗེས་སུ་དཔག་པ་སྤྱིའི་ཡུལ་ཅན་ཉིད་དུ་བཤད་པས་སེལ་བ་ཡིན་པའི་ཕྱིར། གཞན་ཡང་གལ་ཏེ་ཆོས་ཅན་རང་མཚན་པ་བསྒྲུབ་བྱར་བྱས་ན་དེ་ལས་སྐྱོན་ཅི་འགྱུར་གང་གིས་ན་དེ་སེལ་བའི་དོན་དུ་རང་སྒྲ་སྨོས་དྲིས་པས། དེ་རྟགས་ཀྱིས་སྒྲུབ་པར་མི་ནུས་པའི་ཕྱིར་རོ། །ཅིའི་ཕྱིར་དྲིས་པས། དེ་བསྒྲུབ་བྱའི་ཆོས་དཔེ་རྟགས་ལ་རྗེས་འགྲོ་མེད་པའི་ཕྱིར་ཞེ་ན། བསྒྲུབ་བྱའི་ཆོས་དཔེ་རྟགས་ལ་རྗེས་འགྲོ་མེད་པ་འདི་ཆོས་ཅན། ཕྱོགས་སྐྱོན་མ་ཡིན་པར་ཐལ། དཔེ་རྟགས་དེ་དག་གི་སྐྱོན་མིན་ནམ་ཏེ་ཡིན་པའི་ཕྱིར། ཁྱབ་སྟེ། དམ་བཅའི་ཡན་ལག་ལས་ཡན་ལག་ཕྱི་མ་དཔེ་རྟགས་ལ་ལྟོས་པའི་སྐྱོན་ཐམས་ཅད་ཕྱོགས་སྐྱོན་དུ་འདོད་པ་མིན་པའི་ཕྱིར་རོ། །གལ་ཏེ་དེ་དག་ཕྱོགས་སྐྱོན་ཡིན་ཏེ་ཕྱོགས་འགྲུབ་པ་ལ་གནོད་པའི་ཕྱིར་རོ་ཞེ་ན། དེ་ལྟ་ནའང་དཔེ་དང་གཏན་ཚིགས་ལ་སོགས་པའི་ཉེས་པ་ཀུན་ཀྱང་ཆོས་ཅན། ཕྱོགས་ཀྱི་སྐྱོན་དུ་འགྱུར་བར་ཐལ། ཁྱོད་ཐམས་ཅད་ཀྱིས་ཀྱང་ཕྱོགས་འགྲུབ་པ་ལ་གནོད་པའམ་སྒྲུབ་མི་ནུས་པའི་ཕྱིར་རོ། །དེས་ན་སྒྲུབ་བྱེད་དུ་བཀོད་པའི་སྐྱོན་ཐམས་ཅད་ཕྱོགས་སྐྱོན་དུ་མི་འགྱུར་བ་དེའི་ཕྱིར་དཔེ་རྟགས་ལ་མི་ལྟོས་པར་དམ་བཅས་པ་དེ་ཙམ་དང་འབྲེལ་བའི་སྐྱོན་ཐམས་ཅད་ཕྱོགས་ཀྱི་སྐྱོན་དུ་འདོད་པ་ཡིན་གྱི་གཞན་དཔེ་རྟགས་ཀྱི་སྐྱོན་ཐམས་ཅད་ཕྱོགས་སྐྱོན་དུ་འདོད་པ་མིན་ཏེ། དཔེར་ན་དམ་བཅས་པ་ཙམ་གྱིས་མངོན་སུམ་རྗེས་དཔག་ལ་སོགས་དང་འགལ་བ་སྒྲ་མཉན་བྱ་མ་ཡིན་ནོ་བུམ་པ་རྟག་གོ་ཞེས་པ་བཞིན་ནོ། །དེས་ན་ཕྱོགས་ཀྱི་མཚན་ཉིད་ཀྱི་ངོ་བོ་ལ་སོགས་པའི་ཚིག་ལྔ་ཆོས་ཅན། ཤེས་བྱེད་ཀྱི་རྒྱུ་དཔེ་རྟགས་ལ་སོགས་པའི་མཚན་ཉིད་ཀྱི་བསལ་བྱ་ལ་ལྟོས་པ་མེད་པར་ཏེ་དེ་དག་ཁོ་ན་སེལ་བྱེད་མ་ཡིན་ཏེ། རྒོལ་བའི་འདོད་ཡུལ་ལ་ཕྱོགས་ཀྱི་མཚན་ཉིད་ཀྱིས་མ་ཁྱབ་པ་དང་ལྡོག་པ་སྟེ་རྒོལ་བས་མི་འདོད་པའི་དོན་ལ་ཕྱོགས་ཀྱི་མཚན་ཉིད་ཀྱིས་ཧ་ཅང་ཁྱབ་ཆེས་པའི་སྐྱོན་དག་སྤོང་བའི་ཕྱིར་དུ་བཤད་པ་ཡིན་པའི་ཕྱིར། དེ་ལ་ཚིག་དེ་དག་གིས་མ་ཁྱབ་ཁྱབ་ཆེས་གང་དང་གང་གིས་སེལ་བར་བྱེད་ཅེ་ན། ཕྱོགས་ཀྱི་མཚན་ཉིད་ཀྱི་རང་ཉིད་དང་ཁོ་ནའི་ཚིག་ཕྲད་དང་ངོ་བོའི་དང་མ་བསལ་བ་དང བཅས་པ་དག་ཆོས་ཅན། ལྡོག་པ་སྟེ་ཕྱོགས་ཀྱི་མཚན་ཉིད་ལ་ཁྱབ་ཆེས་པ་སེལ་བར་བྱེད་པ་ཡིན་ཏེ། ཅི་རིགས་ནས་རྒོལ་བས་འདོད་ཡུལ་དུ་བྱས་པ་དང་སྒྲུབ་བྱེད་དུ་བཀོད་བཞིན་མ་ཡིན་པ་དང་། ཕྱི་རྒོལ་གྱིས་གྲུབ་མ་ཟིན་དང་། མངོན་རྗེས་ཀྱི་ཚད་མས་བསལ་བ་རྣམས་ཕྱོགས་ཡིན་པ་ཤེས་པའི་དོན་དུ་སྨོས་པ་ཡིན་པའི་ཕྱིར། དེའི་མཚན་ཉིད་ཀྱི་འདོད་སྒྲས་ཆོས་ཅན། ཕྱོགས་ཀྱི་མཚན་ཉིད་ལ་མ་ཁྱབ་པ་སེལ་བར་བྱེད་དེ། ངག་ཏུ་དངོས་སུ་མ་སྨྲས་ཀྱང་རྒོལ་བའི་བཞེད་པས་འདོད་ཡུལ་དུ་བྱས་པའི་དོན་ཕྱོགས་ཡིན་པར་ཤེས་པའི་དོན་དུ་སྨོས་པ་ཡིན་པའི་ཕྱིར། གལ་ཏེ་ཚིག་དེ་དག་མ་ཁྱབ་ཁྱབ་ཆེས་དག་སེལ་བའི་དོན་དུ་སྨོས་ན་སློབ་དཔོན་གྱིས་དོན་དམ་པར་ཕྱོགས་ཀྱི་མཚན་ཉིད་གང་ཞིག་བཞེད་ཅེ་ན། རྒོལ་བས་བསྒྲུབ་བྱར་ཁས་བླངས་པ་དོན་དམ་པར་ཕྱོགས་ཀྱི་མཚན་ཉིད་དུ་སློབ་དཔོན་བཞེད་དེ། རིགས་སྒོ་ལས། བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་ནི་ཕྱོགས་སོ་ཞེས་གསུངས་པའི་ཕྱིར་རོ། །དེ་འདྲ་དེ་དོན་དམ་པར་ཕྱོགས་ཀྱི་མཚན་ཉིད་དུ་ཇི་ལྟར་འགྱུར་ཞེ་ན། ཤེས་བྱ་ཆོས་ཅན། ཕྱོགས་ཀྱི་མཚན་ཉིད་ཀྱི་རང་ཉིད་ཅེས་སོགས་ཀྱི་ཚིག་དེ་དག་གི་བསལ་བྱའི་དོན་དེ་རྣམས་ཕྱོགས་ཉིད་དུ་མེད་དེ། ཚད་མས་བསལ་བའི་དོན་ཕྱོགས་ཡིན་པར་འདོད་པ་ལ་གནོད་པ་འབབ་པའི་ཕྱིར་དང་། ལྷག་མ་ཕྱིར་རྒོལ་གྱིས་གྲུབ་ཟིན་དང་སྒྲུབ་བྱེད་དུ་བཀོད་བཞིན་པ་དང་རྒོལ་བས་མི་འདོད་པ་དང་ངག་དུ་སྨྲས་པ་ཙམ་གྱིས་དོན་དེ་དག་ལ་བསྒྲུབ་བྱར་ཁས་བླངས་ཞེས་པའི་མཚན་ཉིད་འཇུག་པ་མེད་པའི་ཕྱིར་རོ། །གལ་ཏེ་ཕྱོགས་ཀྱི་མཚན་ཉིད་ཀྱི་རང་ཉིད་དང་འདོད་པ་ཞེས་པའི་ཚིག་གིས་སྒྲུབ་བྱེད་དུ་བཀོད་པའི་དཔེ་རྟགས་མ་གྲུབ་པ་ད་ལྟ་རྒོལ་བས་བསྒྲུབ་བྱར་མི་འདོད་པའི་ཕྱིར་རོ། །དེས་ན་སེལ་བའི་དོན་དུ་ཁོ་ན་སྨོས་པ་དོན་མེད་དོ་ཞེ་ན། ཀུན་ལས་བཏུས་སུ་ཕྱོགས་ཀྱི་མཚན་ཉིད་དུ་རང་ཉིད་དང་འདོད་པ་བརྗོད་པའི་ཚིག་ཆོས་ཅན། བསྟན་བྱ་བ་ཁྱད་གཞི་སྟོན་པའི་ཚིག་དུ་མ་འབྲེལ་ན་ཁྱོད་ཀྱིས་ཁོ་ནའི་ངེས་བཟུང་གི་དོན་སྒྲུབ་བྱེད་དུ་བཀོད་པའི་དཔེ་རྟགས་མ་གྲུབ་པ་ད་ལྟ་བསྒྲུབ་བྱ་ཡིན་པར་རྟོགས་པར་བྱེད་དེ། རྒོལ་བ་རང་ཉིད་བསྒྲུབ་བྱར་འདོད་པ་ཕྱོགས་ཡིན་ཞེས་པ་ཙམ་གྱི་ཚིག་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཡང་ཁྱོད་ཀྱིས་སྒྲུབ་བྱེད་དུ་བཀོད་པའི་དཔེ་རྟགས་མ་གྲུབ་པ་ད་ལྟ་བསྒྲུབ་བྱ་མ་ཡིན་པར་རྟོགས་པར་མི་ནུས་ཏེ། ཁྱོད་དུས་གསུམ་གྱི་ཡུན་དུ་གྱུར་པའི་བྱེད་པའི་རྐྱེན་གྱི་མཐའ་ཅན་གྱི་བསྟན་བྱ་བ་ཁྱད་གཞི་སྟོན་པའི་ཚིག་ཏུ་འབྲེལ་བའི་ཕྱིར། དེའི་ཕྱིར་ཁོ་ནའི་ངེས་བཟུང་མ་སྨོས་ན་སྒྲུབ་བྱེད་དུ་བཀོད་པའི་དཔེ་རྟགས་མ་གྲུབ་པ་ད་ལྟ་བསྒྲུབ་བྱར་འགྱུར་བའི་སྐྱོན་དེ་འོང་བར་གཟིགས་ནས་ད་ལྟ་ལས་དུས་གཞན་མ་འོངས་པ་ན་བསྒྲུབ་བྱར་འགྱུར་བའི་དཔེ་རྟགས་མ་གྲུབ་པ་ད་ལྟ་བསྒྲུབ་བྱ་ཡིན་པ་བཅད་པའི་ཕྱིར་དུ་སློབ་དཔོན་གྱིས་ཀུན་བཏུས་སུ་ཁོ་ནའི་ངེས་བཟུང་བཤད་པ་ཡིན་ནོ། །གལ་ཏེ་འདོད་པའི་ཚིག་ལ་ཡོད་པ་ནི་ཥྛའི་མིང་ཅན་གྱིས་རྐྱེན་ཀ་ཏ་བ་དེ་ལྟའི་དུས་གོ་བྱེད་ཀྱི་ཡན་ལག་ཡིན་པའི་ཕྱིར་དེ་འདྲའི་ཀ་ཏ་དེས་སྒྲུབ་བྱེད་དུ་བཀོད་པའི་དཔེ་རྟགས་མ་གྲུབ་པ་ད་ལྟ་བསྒྲུབ་བྱ་ཡིན་པ་སེལ་ཏེ། དེ་ད་ལྟ་བསྒྲུབ་བྱར་མི་བྱེད་པའི་ཕྱིར་རོ་ཞེ་ན། འདོད་པ་ཚིག་ལ་ཡོད་པ་ནི་ཥྛའི་མིང་ཅན་གྱི་རྐྱེན་ཀ་ཏ་བ་དེ་ཆོས་ཅན། ཀུན་བཏུས་སུ་ཕྱོགས་ཀྱི་མཚན་ཉིད་སྟོན་པའི་སྐབས་འདིར་ཁྱོད་འདོད་ཚིག་ལ་ད་ལྟའི་དུས་གོ་བྱེད་ཀྱི་ཡན་ལག་ཡིན་པའི་རྒྱུ་མཚན་གྱིས་སྒྲུབ་བྱེད་དུ་བཀོད་པའི་དཔེ་རྟགས་མ་གྲུབ་པ་ད་ལྟ་བསྒྲུབ་བྱ་ཡིན་པ་སེལ་བའི་ཡན་ལག་མིན་པར་ཐལ། ཁྱོད་འདོད་ཚིག་ལ་ད་ལྟའི་དུས་གོ་བྱེད་ཀྱི་ཡན་ལག་མ་ཡིན་པའི་ཕྱིར་ཏེ། ཁྱོད་མ་འོངས་པའི་ཡུལ་ཅན་བསྟན་བྱ་བ་ཁྱད་གཞི་སྟོན་པའི་ཚིག་ཏུ་འབྲེལ་བའི་ཕྱིར་རོ། །གལ་ཏེ་མ་འོངས་པར་ཁྲིད་བྱེད་བྱ་བའི་སྒྲ་ཡོད་པའི་ཕྱིར་ཀུན་བཏུས་སུ་ཁོ་ནའི་ངེས་བཟུང་སྦྱོར་ན་རིགས་སྒོར་ཡང་ཁོ་ནའི་ངེས་བཟུང་སྦྱོར་དགོས་ཏེ། མ་འོངས་པར་ཁྲིད་བྱེད་བསྒྲུབ་བྱའི་སྒྲ་ཡོད་པའི་ཕྱིར་རོ་ཞེ་ན། རིགས་སྒོར་ཕྱོགས་ཀྱི་མཚན་ཉིད་ཀྱི་འདོད་པར་གྱུར་པའི་ཚིག་དག་ཆོས་ཅན། ཁྱོད་ལ་ནི་ཥྛའི་མིང་ཅན་གྱི་རྐྱེན་ཀ་ཏ་བ་དེ་ད་ལྟའི་དུས་གོ་བྱེད་ཀྱི་ཡན་ལག་ཉིད་དུ་འདོད་པ་ཡིན་ཏེ། བསྟན་བྱ་བ་ཁྱད་གཞི་སྟོན་པའི་ཚིག་ཏུ་མ་འབྲེལ་བའི་འདོད་པ་ཞེས་པའི་ཚིག་ཡིན་པའི་ཕྱིར། དེས་ན་ཁྱོད་ལ་ཡོད་པའི་ན་ཥྛའི་མིང་ཅན་གྱི་རྐྱེན་ཀ་ཏ་བ་དེ་ཡིས་བསྒྲུབ་བྱེད་དུ་བཀོད་པའི་དཔེ་དང་གཏན་ཚིགས་མ་གྲུབ་པ་ལ་སོགས་ད་ལྟ་བསྒྲུབ་བྱ་ཡིན་པ་འགོག་ནུས་ཏེ། ཁྱོད་ལ་ན་ཥྛའི་མིང་ཅན་གྱི་རྐྱེན་ཀ་ཏ་བ་དེ་ད་ལྟའི་དུས་གོ་བྱེད་ཀྱི་ཡན་ལག་ཏུ་ཡོད་པ་གང་ཞིག་རྒོལ་བའི་འདོད་ཡུལ་བསྒྲུབ་བྱར་སྟོན་པའི་ཚིག་ཡིན་པའི་ཕྱིར། དེས་ན་རིགས་སྒོར་ཁོ་ན་སྨོས་དགོས་པ་མ་ཡིན་ནོ། །ཡང་ཕྱོགས་ཀྱི་མཚན་ཉིད་ཀྱི་རང་སྒྲ་ཆོས་ཅན། རྒོལ་བས་འདོད་པ་ཙམ་གྱིས་བསྟན་བཅོས་ལ་འཇུག་པར་ཤེས་པའི་དོན་དུ་ཁྱོད་སྨོས་པ་ཡང་མི་རིགས་པར་ཐལ། ཁྱོད་དེ་འདྲའི་དོན་རྗོད་བྱེད་མིན་པའི་ཕྱིར། དེའི་རང་ཉིད་ཀྱི་སྒྲ་ཆོས་ཅན། བསྟན་བཅོས་ཀུན་ལ་ལྟོས་པ་མེད་པར་རྒོལ་བ་བདག་ཉིད་ཀྱིས་འདོད་པའི་འདོད་ཡུལ་དེ་ནི་བསྒྲུབ་བྱ་ཉིད་དུ་བསྟན་པར་ཐལ། ཁྱོད་ལ་བསྟན་བྱ་ཡོད་པ་གང་ཞིག་དེ་ལས་གཞན་ཁྱོད་ཀྱི་བསྟན་བྱར་མི་འཐད་པ་དེས་ནའི་ཕྱིར། སྔར་བཤད་པ་དེ་དག་གི་མཇུག་བསྡུས་ཏེ་སྟོན་པ་དེ། རང་ཉིད་ཀྱི་སྒྲས་རྒོལ་བའི་འདོད་ཡུལ་བསྒྲུབ་བྱར་བསྟན་པ་དེས་ན་རྒོལ་བས་མི་འདོད་པའི་རྟག་པ་ནམ་ཡོན་ལ་དོན་གཅིག་ཏུ་འབྲེལ་བའི་སྒྲ་མི་རྟག་སོགས་རྒོལ་བས་འདོད་པའི་དོན་ལ་བྱས་པས་གནོད་པ་ཡིན་ན་ཡང་སྒྲ་མི་རྟག་སྒྲུབ་ཀྱི་ཕྱོགས་བསལ་བ་དང་གཏན་ཚིགས་འགལ་བའི་སྐྱོན་མེད་པ་ཉིད་ཡིན་ཏེ། རྒོལ་བས་ཇི་ལྟར་འདོད་ཡུལ་དུ་བྱས་པའི་བསྒྲུབ་བྱ་སྒྲ་མི་རྟག་པ་ལ་གནོད་པ་མེད་པའི་ཕྱིར་ཞེས་བསྟན་ཏོ། །དེ་དག་གིས་རང་སྒྲ་སྨོས་པའི་དགོས་པ་བསྟན་ནས་ད་མ་བསལ་བ་སྨོས་པའི་དགོས་པ་སྟོན་པ་དེ་སྔར་རྒོལ་བས་ཁས་བླངས་པ་བཟུང་ངོ་ཞེས་པའི་རྒོལ་བས་བསྒྲུབ་བྱར་ཁས་བླངས་པ་དེ་ཡང་མངོན་རྗེས་ཀྱི་ཚད་མ་དག་གིས་བཀག་པ་མེད་པ་ཡིན་པར་སློབ་དཔོན་འདོད་དེ། ཇི་སྐད་དུ་ཀུན་བཏུས་སུ། མངོན་སུམ་དོན་དང་རྗེས་དཔག་དང་། །ཡིད་ཆེས་གྲགས་པས་རང་རྟེན་ལའོ། །ཞེས་གསུངས་པའི་ཕྱིར་རོ། །ཅིའི་ཕྱིར་ཚད་མས་བསལ་བ་ཕྱོགས་མ་ཡིན་ཞེ་ན། ཤེས་བྱ་ཆོས་ཅན། མངོན་སུམ་ལ་སོགས་པའི་ཚད་མས་བསལ་བ་གཏན་ཚིགས་ཡང་དག་གི་བྱེད་པ་འཇུག་པའི་རྟེན་ནམ་ཡུལ་མ་ཡིན་ཏེ། གཏན་ཚིགས་ཡང་དག་ནི་ཐེ་ཚོམ་སྟེ་བསྒྲུབ་བྱ་སྒྲུབ་བསལ་མེད་པ་ཞིག་ལ་སྒྲུབ་བྱེད་དུ་བརྗོད་པའི་ཕྱིར། གལ་ཏེ་ཚད་མས་བསལ་བ་ཕྱོགས་མ་ཡིན་ན་ཚད་མ་གཉིས་སུ་ངེས་པ་ཚད་མས་བསལ་བའང་གཉིས་སུ་ངེས་མོད་ཚད་མས་བསལ་བ་བཞིར་ཇི་ལྟར་གྱུར་ཞེ་ན། སློབ་དཔོན་ཕྱོགས་གླང་ཆོས་ཅན། ཚད་མ་གཉིས་སུ་ངེས་ཀྱང་ཚད་མས་གནོད་པ་དེ་ནི་རྣམ་པ་བཞིར་བཤད་པའི་རྒྱུ་མཚན་ཡོད་དེ། གནོད་བྱེད་ཚད་མ་ལ་མངོན་སུམ་གཅིག་དང་རྗེས་སུ་དཔག་པ་ལ་དངོས་པོ་སྟོབས་ཞུགས་ཡིད་ཆེས་གྲགས་པའི་རྗེས་དཔག་དང་གསུམ་དུ་དབྱེ་བའི་རྒྱུ་མཚན་གྱིས་བསལ་བ་བཞིར་བཤད་པ་ཡིན་པའི་ཕྱིར། གལ་ཏེ་ཡིད་ཆེས་དང་གྲགས་པ་གཉིས་རྗེས་དཔག་གི་དབྱེ་བ་ཡིན་ན་དེའི་རྟེན་རྟགས་གཉིས་པོ་དེ་རྟགས་གང་དུ་འདུ་ཞེ་ན། སེལ་བྱེད་ཚད་མ་བཞི་ཡོད་པ་དེ་ལ་རྒོལ་བས་ཚད་མར་ཁས་བླངས་པའི་རྒོལ་བའི་རང་ཚིག་དང་བསྟན་བཅོས་ཆོས་ཅན། རང་ཉིད་ཚད་མར་ཁས་ལེན་པ་པོའི་བློ་ངོར་ཁྱོད་གཉིས་འབྲས་རྟགས་སུ་འདུ་སྟེ། རང་ཉིད་ཚད་མར་ཁས་ལེན་པ་པོས་རང་གི་བསྟན་བྱའི་དོན་གྱི་འབྲས་བུར་ཁས་བླངས་པའི་སྒོ་ནས་རང་གི་བསྟན་བྱའི་དོན་ལ་མི་འཁྲུལ་བར་འདོད་པའི་ཕྱིར་རོ། །འགྲོ་བ་ལ་གྲགས་པའི་ལུགས་རྣམ་པར་འཇོག་པར་བྱེད་པའི་རྟགས་རྟོག་ཡུལ་ན་ཡོད་པ་ཆོས་ཅན། རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་དུ་སྒྲུབ་པའི་ཚེ་རང་བཞིན་གྱི་རྟགས་སུ་འདུ་བ་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག་ཟླ་བའི་སྒྲས་བརྗོད་རུང་གི་རང་བཞིན་ཡིན་པའི་ཕྱིར། གལ་ཏེ་སེལ་བྱེད་སྐབས་ཀྱི་ཡིད་ཆེས་ཞེས་པའི་ཡིད་ཆེས་པ་དེ་གང་ཞེ་ན། རང་ཚིག་སྨྲ་བ་པོའི་རྒོལ་བ་བདག་དང་རྒོལ་བས་ཚད་མར་ཁས་བླངས་པའི་བསྟན་བཅོས་རྩོམ་པ་པོ་གཞན་ཆོས་ཅན། རྒོལ་བས་ཡིད་ཆེས་ཀྱི་གནས་སུ་ཁས་བླངས་པ་ཡིན་ཏེ། རང་གི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚད་མས་ངེས་པ་དང་ལྡན་པའི་སྒོ་ནས་རང་ཚིག་དང་བསྟན་བཅོས་བརྗོད་པར་རྒོལ་བས་མངོན་པར་འདོད་པ་ཡིན་པའི་ཕྱིར། དེའི་ཕྱིར་ན་རང་ཚིག་དང་བསྟན་བཅོས་གཉིས་སེལ་བྱེད་སྐབས་སུ་ཡིད་ཆེས་ཞེས་གནོད་བྱེད་གཅིག་ཏུ་བསྡུས་ནས་བཤད་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང་། རྒོལ་བས་ཚད་མར་ཁས་བླངས་པའི་བསྟན་བཅོས་ཆོས་ཅན། ཁྱོད་རྒོལ་བའི་རང་གི་ཚིག་དང་སེལ་བྱེད་སྐབས་སུ་ཡིད་ཆེས་ཞེས་གནོད་བྱེད་གཅིག་ཏུ་བསྡུས་ནས་ལྷན་ཅིག་ཏུ་བཤད་པ་ལ་རྒྱུ་མཚན་ཡོད་པ་ཡིན་ཏེ། ཁྱོད་རྒོལ་བའི་རང་ཚིག་གཉིས་རྒོལ་བས་རང་གི་བསྟན་བྱའི་དོན་གྱི་འབྲས་བུར་ཁས་བླངས་པར་མཚུངས་པའི་ཕྱིར་རོ། །གལ་ཏེ་དེ་གཉིས་ལྷན་ཅིག་ཏུ་བཤད་པའི་རྒྱུ་མཚན་ཡོད་མོད་དགོས་པ་ཅི་ཡོད་ཅེ་ན། དེ་འདྲའི་བསྟན་བཅོས་འདི་ཆོས་ཅན། ཁྱོད་རྒོལ་བའི་རང་གི་ཚིག་དང་སེལ་བྱེད་སྐབས་སུ་ཡིད་ཆེས་ཞེས་གནོད་བྱེད་གཅིག་ཏུ་བསྡུས་ནས་ལྷན་ཅིག་བཤད་པ་ལ་དགོས་པ་ཡོད་དེ། ཇི་ལྟར་རྩོད་པའི་སྐབས་སུ་རྒོལ་བ་བདག་གི་ཚིག་ཚད་མར་ཁས་ལེན་པ་མིན་ན་གཞན་ལ་དོན་སྟོན་པའི་ཆེད་དུ་རྒོལ་བ་བདག་གི་ཚིག་འཇུག་པར་མི་འགྱུར་བ་དེ་བཞིན་དུ་བསྟན་བཅོས་ཚད་མར་མི་བ རྟེན་ནམ་ཁས་མི་ལེན་ན་བསྟན་བཅོས་དེར་གྲགས་པའི་ཤིན་ཏུ་ལྐོག་གྱུར་གྱི་དོན་ལ་དཔྱོད་པ་ཡང་མི་རིགས་སོ་ཞེས་ཁྱོད་རྒོལ་བའི་རང་ཚིག་དང་ནུས་པ་མཚུངས་པར་བསྟན་པའི་ཆེད་ཡིན་པའི་ཕྱིར། ཡང་ཁྱོད་རྒོལ་བའི་རང་ཚིག་དང་ནུས་པ་མཚུངས་པར་བསྟན་པ་ལ་ཡང་དགོས་པ་ཡོད་དེ། རྒོལ་བའི་རང་ཚིག་དེ་རྩོད་པའི་སྐབས་ཀྱི་རྟེན་ཡིན་པས་རྒོལ་བས་ཚད་མར་ཁས་བླངས་པ་ཙམ་གྱིས་གནོད་སྒྲུབ་དུ་འཇུག་པ་བཞིན་དུ་གང་ལ་བསྟན་བཅོས་ཁས་བླངས་ནས་དཔྱོད་དགོས་པ་དེའི་སྐབས་ཀྱི་རྟེན་ཆོས་ཅན་ཉིད་ལ་ཁྱོད་གནོད་བྱེད་དམ་སྒྲུབ་བྱེད་ཡན་ལག་དུ་འགྱུར་གྱི་གཞན་དུ་ནི་མ་ཡིན་ཞེས་པའི་དོན་འདི་བསྟན་པའི་ཆེད་དུ་ཡིན་པའི་ཕྱིར། རྒྱུ་མཚན་དེས་ན་རྒོལ་བའི་ཚིག་དང་བསྟན་བཅོས་གཉིས་པོ་འདི་ཆོས་ཅན། ཁྱོད་གཉིས་ལ་གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ་ཞེས་ཚད་མས་བསལ་བའི་དཔེ་བརྗོད་པ་དག་ཀྱང་མཚུངས་པ་ཉིད་དུ་བསྟན་པ་ལ་རྒྱུ་མཚན་ཡོད་པ་ཡིན་ཏེ། ཁྱོད་གཉིས་རྒོལ་བས་ཚད་མས་ཁས་བླངས་པ་ཙམ་གྱིས་གནོད་སྒྲུབ་དུ་འཇུག་པར་མཚུངས་པའི་ཕྱིར། དེས་ན་ཤེས་བྱ་ཆོས་ཅན། གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དེ་ཞེས་པའི་ཚིག་དེ་རང་ཚིག་འགལ་བ་དང་བསྟན་བཅོས་དང་འགལ་བ་གཉིས་ཀའི་དཔེ་བརྗོད་དུ་རུང་བ་ཡིན་ཏེ། གཞལ་བྱའི་དོན་ཅན་གྱི་ཚད་མ་རྣམས་ཡོད་པ་མིན་ན་བསྟན་བཅོས་དང་རྒོལ་བ་རང་ཚིག་གཉིས་རྒོལ་བས་ཚད་མར་ཁས་བླངས་པ་ཙམ་གྱིས་རང་གི་དོན་ལ་མི་སླུ་བའི་ཚིག་ཏུ་མི་རུང་བའི་ཕྱིར་རོ། །གལ་ཏེ་འདིའི་སྐབས་ཀྱི་ཆོས་ཅན་ཚད་མ་དེ་བསྟན་བཅོས་འབའ་ཞིག་གིས་མི་གྲུབ་ན་ལུང་དང་འགལ་བའི་དཔེ་བརྗོད་དུ་ཇི་ལྟར་རུང་ཞེ་ན། གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ་ཞེས་པའི་ཚིག་ཆོས་ཅན། རང་ཚིག་འགལ་བའི་དམ་བཅའ་ལ་བསལ་བའི་དཔེར་བརྗོད་ཡིན་ཏེ། ཚིག་རང་ཉིད་ཀྱིས་རང་གི་ནུས་པ་ཉམས་པར་བྱས་པའི་ཚིག་ཡིན་པའི་ཕྱིར། ལུང་དང་འགལ་བའི་དམ་བཅའ་ལ་ནི་ཕྱོགས་མཚོན་ཙམ་བསྟན་པའི་དཔེར་བརྗོད་ཡིན་ཏེ། ལུང་དང་འགལ་བ་དམ་བཅའ་དངོས་མ་ཡིན་ནས་ལུང་དང་འགལ་བའི་དམ་བཅའ་དངོས་དང་ཁྱོད་དམ་བཅས་པའི་ཤུགས་ལས་འོངས་པའི་ཚད་མས་རང་གི་དངོས་ཀྱི་བསྟན་བྱ་ལ་གནོད་པར་མཚུངས་པའི་ཕྱིར། ལུང་དང་འགལ་བ་དེ་ལ་བསལ་བའི་དཔེ་ནི་དཀར་པོའི་ཆོས་ནི་མ་འོངས་པ་ན་བདེ་བ་མི་འགྲུབ་བོ་ཞེས་དམ་བཅས་པ་ཆོས་ཅན། ལུང་དང་འགལ་བའི་དམ་བཅའི་བསལ་བའི་དཔེ་ཡིན་ཏེ། ཆོས་ཅན་ལུང་གིས་གྲུབ་པའི་སྟེང་དུ་ལུང་དང་འགལ་བ་དམ་བཅས་པ་ཡིན་པའི་ཕྱིར། གལ་ཏེ་ཆོས་ཅན་ཚད་མས་གྲུབ་པའི་སྟེང་དུ་ལུང་དང་འགལ་བ་དམ་བཅའ་ན་ཅིར་འགྱུར་ཞེ་ན། དེ་ཅིར་ཡང་མ་འགྱུར་ཏེ་ལུང་ཁས་བླངས་པ་མེད་པའི་ཕྱིར་རོ། །

ལུང་ཁས་བླངས་ན་ཅིར་འགྱུར་ཞེ་ན། ལུང་ཁས་བླངས་པ་དེ་ལ་བརྟེན་པ་མིན་པའི་དངོས་པོ་སྒྲ་ལྟ་བུ་ལ་བྱེ་བྲག་པས་སྔར་སྒྲ་རྟག་སྟོན་གྱི་བསྟན་བཅོས་ལ་བརྟེན་ནས་སྒྲ་རྟག་པ་ནམ་ཡོན་དུ་ཁས་བླངས་ནས། ཕྱིས་བསྟན་བཅོས་དང་འགལ་བ་སྒྲ་རྟག་པ་ནམ་ཡོན་མ་ཡིན་པར་ཚད་མས་མ་ངེས་པ་བཞིན་དུ་སྒྲ་རྟག་པ་ནམ་ཡོན་མ་ཡིན་པར་བརྗོད་ཅིང་དམ་བཅས་ན་ཡང་། བྱེ་བྲག་པས་སྒྲ་རྟག་སྟོན་གྱི་ལུང་ལ་བརྟེན་ནས་སྒྲ་རྟག་པ་ནམ་ཡོན་དུ་དམ་བཅས་པ་ཆོས་ཅན། སྒྲ་མི་རྟག་པ་ཡིན་པར་ཚད་མས་མ་ངེས་བཞིན་དུ་སྒྲ་མི་རྟག་ཡིན་པར་དམ་བཅས་པ་ལ་གནོད་པ་མ་ཡིན་པར་ཕན་ཚུན་གེགས་བྱེད་ཙམ་དུ་འགྱུར་བ་ཡིན་ཏེ། དེ་དང་ཁྱོད་གཉིས་པོ་དག་དམ་བཅའ་འགལ་བ་ནུས་པ་མཚུངས་པ་ཙམ་ཡིན་པའི་ཕྱིར་ཏེ། དེ་ཡང་སྟེ་ཁྱོད་ཀྱང་སྒྲ་རྟག་པ་ནམ་ཡོན་མ་ཡིན་པར་དམ་བཅས་པ་དེའི་ཚེ་སྒྲ་རྟག་པ་ནམ་ཡོན་དུ་དམ་བཅས་པའི་བྱེ་བྲག་པའི་རང་ཚིག་གི་བདག་ཉིད་ཡིན་པའི་ཕྱིར། དཔེར་ན་ཁོ་བོའི་མ་མོ་བཤམ་མོ་ཞེས་པའི་རང་གི་ཚིག་སྔ་ཕྱི་གཉིས་ཕན་ཚུན་གེགས་བྱེད་པ་ཙམ་ཡིན་གྱི་གནོད་བྱེད་མ་ཡིན་པ་བཞིན་ནོ། །དེས་ན་དམ་བཅའ་འགལ་བ་དེ་དག་གང་ལ་རྒྱབ་རྟེན་ཚད་མ་ཡོད་པའི་དོན་དེ་ནི་གཞན་རྒྱབ་རྟེན་ཚད་མ་མེད་པའི་དོན་ལ་གནོད་བྱེད་དུ་འགྱུར་ཏེ། གང་ཚད་མས་གྲུབ་པའི་དོན་དེ་ནི་ཚད་མས་མ་གྲུབ་པའི་དོན་ལས་ཆེས་སྟོབས་དང་ལྡན་པའི་ཕྱིར། གལ་ཏེ་ཇི་སྐད་བཤད་པའི་དེ་ལྟ་མིན་པར་ལུང་ཙམ་གནོད་བྱེད་དུ་འཇུག་པར་འདོད་ན། བྱེ་བྲག་པས་སྒྲ་རྟག་སྟོན་གྱི་ལུང་ལ་བརྟེན་ནས་སྒྲ་རྟག་པ་ནམ་ཡོན་དུ་དམ་བཅའ་བ་ཆོས་ཅན། སྒྲ་རྟག་པ་ནམ་ཡོན་མ་ཡིན་པར་ཚད་མས་ངེས་བཞིན་དུ་དེར་དམ་བཅའ་བ་ལ་ཇི་ལྟར་གནོད་དེ་མི་གནོད་པར་ཐལ། དེ་དང་ཁྱོད་གཉིས་དམ་བཅའ་འགལ་བ་ནུས་པ་མཚུངས་པ་ཙམ་ཡིན་པའི་ཕྱིར། ཡང་སྒྲ་རྟག་པ་ནམ་ཡོན་མ་ཡིན་པར་ཇི་བཞིན་དོན་ཅན་གྱི་རྗེས་དཔག་ཚད་མས་ངེས་ནས་སྒྲ་རྟག་པ་ནམ་ཡོན་མ་ཡིན་པར་དམ་བཅས་པ་ལ་ཇི་ལྟར་གནོད་དེ་མི་གནོད་པར་ཐལ། དེ་རྒྱབ་རྟེན་ཚད་མ་ཅན་ཡིན་ལ་ཁྱོད་རྒྱབ་རྟེན་རིགས་པ་དང་བྲལ་བ་ཡིན་པའི་ཕྱིར། གལ་ཏེ་རིགས་པ་དང་བྲལ་བ་མ་གྲུབ་སྟེ་ལུང་གིས་གྲུབ་བོ་ཞེ་ན། དེ་ཡང་མི་རིགས་ཏེ། ལུང་རྣམས་ཚད་མ་ཡིན་པ་ནི་སྔར་ཉིད་ནས་རིགས་པ་ཡང་དག་གིས་རྣམ་པར་བཟློག་ཟིན་པ་ཡིན་པའི་ཕྱིར། དེས་ན་ཆོས་ཅན་ཚད་མས་གྲུབ་པ་ལ་ལུང་གིས་མི་གནོད་པ་དེའི་ཕྱིར་ན་ལུང་ཚད་མར་ཁས་བླངས་པས་དཔྱོད་དགོས་པའི་ཆོས་ཅན་དག་ལ་ལུང་དང་འགལ་བའི་སྐྱོན་འདི་འཇུག་པར་འདོད་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ལྟར་ན་ཆོས་ཅན་ཚད་མས་གྲུབ་པ་ལ་ལུང་གནོད་བྱེད་དུ་མི་འཇུག་ཅིང་ཆོས་ཅན་ལུང་གིས་གྲུབ་པ་ལ་ལུང་གནོད་བྱེད་དུ་འཇུག་པ་དེས་ན། རྒོལ་བས་ཚད་མར་ཁས་བླངས་པའི་ལུང་ཆོས་ཅན། རང་ཚད་མར་ཁས་ལེན་པའི་བློ་ངོར་རྗེས་དཔག་ལས་ཕྱི་རོལ་ཏུ་གྱུར་པ་མ་ཡིན་ཏེ། དེའི་བློ་ངོར་རང་དང་འགལ་བའི་དོན་ལ་གནོད་བྱེད་ཀྱི་ཚད་མ་གང་གིས་མངོན་སུམ་མ་ཡིན་པའི་ཕྱིར། རྗེས་དཔག་ལས་ཕྱི་རོལ་ཏུ་གྱུར་པ་མ་ཡིན་ཡང་། ཀུན་བཏུས་སུ་སེལ་བྱེད་ཀྱི་དབྱེ་བ་སྟོན་པའི་སྐབས་སུ་ཁྱོད་རྗེས་དཔག་ལས་ཐ་དད་དུ་བྱས་པ་ལ་དགོས་པ་ཡོད་པ་ཡིན་ཏེ། དེ་ལྟར་དུ་བྱས་པ་དེ་ཁྱོད་རྗེས་དཔག་དང་གནོད་ཡུལ་གྱི་ཁྱད་པར་ཐ་དད་བསྟན་པའི་ཆེད་ཡིན་པའི་ཕྱིར། གལ་ཏེ་བསྟན་བཅོས་དེ་རྗེས་དཔག་དང་གནོད་ཡུལ་གྱི་ཁྱད་པར་ཐ་དད་དུ་བསྟན་པའི་ཆེད་དུ་རྗེས་དཔག་ལས་ཐ་དད་དུ་བྱས་པ་དེ་ལྟ་མིན་ན་བསྟན་བཅོས་དེ་རྗེས་དཔག་གི་བསལ་བའི་དབྱེ་བ་བསྟན་པའི་ཆེད་དུ་རྗེས་དཔག་ལས་ཐ་དད་དུ་བསྟན་དགོས་པར་འགྱུར་ལ། དེ་ལྟ་ན་ཀུན་བཏུས་སུ་སེལ་བྱེད་ཀྱི་དབྱེ་བ་སྟོན་པའི་སྐབས་འདིར་ཆོས་ཅན། འབྲས་རང་མ་དམིགས་པའི་རྟགས་དང་རྗེས་དཔག་གི་དབྱེ་བ་གཞན་རྣམས་ཀྱང་བསྟན་དགོས་པ་ཧ་ཅང་ཐལ་ཆེས་པར་འགྱུར་ལ། བསྟན་བཅོས་དེ་རྗེས་དཔག་གི་བསལ་བའི་དབྱེ་བ་སྟོན་པའི་ཆེད་ཁོ་ནར་རྗེས་དཔག་ལས་ཐ་དད་དུ་བསྟན་པའི་ཕྱིར། གལ་ཏེ་རྟགས་དང་རྗེས་དཔག་གི་དབྱེ་བ་གཞན་རྣམས་ནི་རྗེས་དཔག་གི་ནང་དུ་འདུས་པས་ལོགས་སུ་བསྟན་མི་དགོས་སོ་ཞེ་ན། དེ་ཆོས་ཅན། བསྟན་བཅོས་ཀྱང་རྗེས་དཔག་ལས་ལོགས་ཤིག་ཏུ་བྱས་པ་དོན་མེད་དུ་འགྱུར་བར་ཐལ། བསྟན་བཅོས་དེ་རྗེས་དཔག་གི་ནང་དུ་འདུས་པའི་ཕྱིར་ཏེ། བསྟན་བཅོས་དེ་འབྲས་རྟགས་ཀྱི་ནང་དུ་འདུས་སོ་ཞེས་སྔར་བསྟན་ཟིན་པའི་ཕྱིར། གལ་ཏེ་ཐ་དད་དུ་བསྟན་དགོས་པ་ལ་ལྟོས་པ་ཡིན་ན་རིགས་སྒོར་ཚིག་བསྟན་བཅོས་ལས་ཐ་དད་དུ་བསྟན་པ་ལ་དགོས་པ་ཅི་ཡོད་ཅེ་ན། རིགས་སྒོར་རང་གི་ཚིག་ཀྱང་བསྟན་བཅོས་ལས་ཐ་དད་དུ་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། རྒྱབ་རྟེན་ཚད་མ་མེད་པའི་རང་ཚིག་འགལ་བ་ཙམ་བརྗོད་པ་ནི་ཕན་ཚུན་གེགས་བྱེད་པ་ཙམ་ཡིན་གྱི་གནོད་བྱེད་མ་ཡིན་ནོ་ཞེས་བསྟན་པའི་ཆེད་ཡིན་པའི་ཕྱིར། གལ་ཏེ་རྒོལ་བ་དེས་བསྟན་བཅོས་ཚད་མར་ཁས་བླངས་པའི་ཕྱིར་ན་བསྟན་བཅོས་ལ་ལྟོས་པ་དང་མི་ལྟོས་པའི་ཆོས་ཅན་གྱི་དངོས་པོ་ཀུན་ལ་བསྟན་བཅོས་གནོད་བྱེད་ཡིན་ནོ་ཞེ་ན། གལ་ཏེ་བསྟན་བཅོས་དེ་ཚད་མར་མི་འདོད་པའི་ཚེ་གནོད་བྱེད་ཡིན་ནམ་ཅི་བསྟན་བཅོས་ལ་མི་ལྟོས་པའི་ཆོས་ཅན་ལ་གནོད་བྱེད་ཡིན་དྲིས་པས། གལ་ཏེ་སྔར་བསྟན་བཅོས་ཁས་བླངས་ནས་ཕྱིས་བསྟན་བཅོས་དང་འགལ་བ་ཁས་ལེན་ན་རྒོལ་བའི་རང་ཚིག་འགལ་བར་འགྱུར་རོ་ཞེ་ན། བསྟན་བཅོས་ཆོས་ཅན། ཁྱོད་རང་ཚིག་དང་གནོད་ཚུལ་ཐ་དད་མེད་པར་འགྱུར་བར་ཐལ། ཁྱོད་དང་འགལ་བ་ཡང་རང་ཚིག་འགལ་བ་ཡིན་པའི་ཕྱིར། ཡང་རྒོལ་བས་ཚད་མར་ཁས་བླངས་པའི་བསྟན་བཅོས་འདི་ཆོས་ཅན། ཚད་མའི་མཚན་ཉིད་ཡོངས་སུ་རྫོགས་པའི་ཚད་མ་ཉིད་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། སྐྱེས་བུའི་འདོད་པ་ཙམ་གྱིས་ཚད་མར་བྱས་པའི་ཕྱིར། དེས་ན་ཆོས་ཅན་ཚད་མས་གྲུབ་པ་ལ་ལུང་གནོད་བྱེད་དུ་མི་འཇུག་པ་དེས་ན་མངོན་རྗེས་ལ་རབ་ཏུ་གྲགས་ཤིང་གྲུབ་པའི་དོན་དག་ལ་བསྟན་བཅོས་ཚད་མ་ཡིན་པས་དོར་ནའང་ཉེས་པ་ཅུང་ཟད་ཀྱང་མེད་ཀྱི་མཐོ་རིས་ལ་སོགས་ཤིན་ཏུ་ལྐོག་གྱུར་དག་ལ་དཔྱོད་པ་ན་བསྟན་བཅོས་ཚད་མར་འདོད་དགོས་ཏེ། བསྟན་བཅོས་ཚད་མར་མི་འདོད་ན་དེ་དག་ལ་དཔྱད་པ་ཉིད་མི་འཇུག་པའི་ཕྱིར་རོ། །ཤིན་ལྐོག་ལ་སྤྱོད་པ་ན་ཡང་ལུང་གང་རུང་རུང་ཁས་ལེན་པ་ནི་མ་ཡིན་ཏེ། ལུང་ལ་རིགས་པས་བརྟགས་ཤིང་དཔྱད་དགོས་ལ་ལུང་འདི་ལ་ཡང་རིགས་པས་བརྟན་ཅིང་དཔྱད་པ་ན་ཕལ་ཆེར་ནི་སྔ་ཕྱི་ནང་འགལ་བ་བརྗོད་པ་ཡིན་པའི་ཕྱིར་ཏེ། འདི་ལྟ་སྟེ་ཆགས་སོགས་ཆོས་མིན་སྡིག་པའི་རྩ་བར་བསྟན་ནས་སླར་ཡང་གང་གཱ་ལ་སོགས་པའི་ཁྲུས་ཀྱི་ཆོས་མིན་སྡིག་པ་དག་པར་འགྱུར་བའོ་ཞེས་བསྟན་པའི་ཕྱིར་རོ། །

འོ་ན་རྟོགས་ལྡན་གྱིས་ལུང་ཇི་ལྟར་འདྲ་བ་ཞིག་ཚད་མར་ཁས་ལེན་ཞེ་ན། རྟོགས་ལྡན་གྱིས་ལུང་ལ་རིགས་པས་དཔྱད་ནས་འཇུག་པ་ཆོས་ཅན། དོན་ཡོད་དེ། མཐོང་བ་མངོན་ལྐོག་སྟོན་པ་ལ་མངོན་རྗེས་ཀྱི་རིགས་པས་གྲུབ་ཅིང་གནོད་པ་མེད་པ་དང་མ་མཐོང་བ་ཤིན་ལྐོག་དག་སྟོན་པ་ལ་རང་ཚིག་འགལ་བས་གནོད་པ་མེད་པའི་བསྟན་བཅོས་གང་ཡིན་དེ་ཚད་མར་གཟུང་བར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་དག་གིས་ཁས་བླངས་འབྲས་རྟགས་ཀྱི་སྒོ་ནས་ཡིད་ཆེས་པའི་བསལ་བ་བསྟན་ནས་འགྲོ་ལ་གྲགས་པའི་རྟགས་ཀྱི་སྒོ་ནས་གྲགས་པའི་བསལ་བ་སྟོན་པ་དེ། ཟླ་བ་ཞེས་སོགས་འདོད་རྒྱལ་བའི་སྒྲའི་བརྗོད་བྱར་རུང་བ་ཉིད་ཆོས་ཅན། རང་དང་འགལ་བ་དམ་བཅས་པ་ལ་གནོད་པར་འགྱུར་ཏེ། ཁྱོད་དོན་ཐམས་ཅད་ལ་གྲུབ་པ་བཀག་པ་མེད་པའི་ཕྱིར་ཏེ། དེ་ལྟར་གྲུབ་པ་དེ་སྐྱེས་བུའི་འདོད་པ་ཙམ་དང་རྗེས་སུ་འབྲེལ་བའི་ཕྱིར། དེས་ན་དོན་ཐམས་ཅད་ལ་བརྗོད་བྱེད་དུ་རུང་བ་ལ་གནོད་པ་མེད་པའི་ངག་ཟླ་བ་ཞེས་སོགས་ཀྱི་སྒྲ་ཆོས་ཅན། རི་བོང་ཅན་ལ་སོགས་པའི་དོན་རྣམས་ཁྱོད་ཀྱི་བརྗོད་མི་རུང་དུ་ུདམ་བཅས་པ་ལ་གྲགས་པས་གནོད་དེ། དེ་ཁྱོད་ཀྱིས་བརྗོད་རུང་ཡིན་པར་འཇིག་རྟེན་པའི་སྐྱེ་བོ་རྣམས་ཀྱི་འདོད་པ་རྣམ་རྟོག་ཡིད་ཆེས་ཤིང་གཏིང་ཚུགས་པའི་ཚུལ་གྱིས་གྲུབ་པ་ཡིན་པའི་ཕྱིར། གལ་ཏེ་འདོད་རྒྱལ་བའི་སྒྲས་བརྗོད་རུང་ལ་ཅི་ཕྱིར་གྲགས་པ་ཞེས་བརྗོད་ཅེ་ན། འདོད་རྒྱལ་བའི་སྒྲས་བརྗོད་རུང་གི་ཆོས་དེ་ཆོས་ཅན། གྲགས་པའི་སྒྲ་ཡིས་བཏགས་ནས་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། གྲགས་པའི་རང་བཞིན་ཅན་གྱི་རྟོག་ཡུལ་ན་ཡོད་པའི་ཐ་སྙད་ལ་སྐྱེས་པ་སྟེ་དེས་གྲུབ་པའི་རྒྱུ་མཚན་གྱིས་ཁྱོད་ལ་གྲགས་པ་ཞེས་བཏགས་ནས་བརྗོད་པའི་ཕྱིར། གལ་ཏེ་བརྗོད་རུང་དེ་བརྗོད་མི་རུང་དང་དངོས་སུ་འགལ་བས་དེས་དེ་ལ་གནོད་པར་རིགས་མོད་མངོན་རྗེས་དང་ལུང་རྣམས་ནི་དམ་བཅའ་ལྟར་སྣང་བའི་དོན་དང་འགལ་བ་མེད་པས་དེས་དེ་ལ་ཇི་ལྟར་གནོད་ཅེ་ན། ཕྱོགས་གླང་ཆོས་གྲགས་ཆོས་ཅན། ཁྱོད་ཀྱིས་སྐབས་འགར་མངོན་རྗེས་སོགས་ཀྱིས་དམ་བཅའ་ལྟར་སྣང་བའི་དོན་ལ་གནོད་པར་བཤད་པ་དེ་མངོན་རྗེས་སོགས་ཀྱི་ཚད་མ་དངོས་ཀྱིས་གནོད་པར་བཤད་པ་མ་ཡིན་ཏེ། ཁྱོད་ཀྱིས་མངོན་སུམ་རྗེས་དཔག་སོགས་ཀྱིས་གྲུབ་པའི་གཞལ་བྱ་དེ་ལ་འཇལ་བྱེད་མངོན་རྗེས་སོགས་ཀྱི་སྒྲའམ་མིང་གིས་སྒྲོ་བཏགས་ནས་མངོན་རྗེས་སོགས་ཀྱིས་གནོད་པར་བརྗོད་པའི་ཕྱིར། འདོད་སྒྲའི་བརྗོད་བྱ་ཉིད་དོན་ལ་བཀག་མེད་ཕྱིར་ཅེས་པའི་གཞུང་འཛུགས་པ་དེ། སྐྱེས་བུའི་འདོད་པ་དེ་ལ་བརྟེན་ནས་འབྱུང་བ་ཅན་གྱི་ཟླ་བ་སོགས་ཀྱི་སྒྲ་ཆོས་ཅན། དོན་ཐམས་ཅད་ལ་བརྗོད་རུང་དུ་འཇུག་པ་འགག་ཏུ་མེད་པ་ཡིན་ཏེ། སྐྱེས་བུའི་འདོད་པ་ཙམ་གྱིས་འཇུག་པའི་ཕྱིར། རི་བོང་ཅན་གྱི་སྤྱི་རྣམ་ལ་སོགས་རྟོག་ཡུལ་ན་ཡོད་པའི་དོན་སྣ་ཚོགས་པ་ཆོས་ཅན། སྔར་བརྡ་བྱས་དང་མ་བྱས་པའི་རྗོད་བྱེད་ཀྱི་སྒྲ་རྣམས་ཀྱིས་བརྗོད་དུ་རུང་སྟེ། རྟོག་ཡུལ་ན་ཡོད་པའི་རང་བཞིན་ཉིད་ཡིན་པའི་ཕྱིར། དེས་ན་སྔར་བྱུང་བ་བརྡ་བྱས་པའམ་འབྱུང་འགྱུར་བ་བརྡ་མ་བྱས་པའི་འདོད་རྒྱལ་བའི་སྒྲ་ཡིས་བརྗོད་བྱར་རུང་བ་ཉིད་དེ་ཆོས་ཅན། ཁྱོད་ཀྱིས་རྟོག་པ་ལ་སྣང་བའི་དོན་ཐམས་ཅད་ལ་རང་གི་མི་མཐུན་ཕྱོགས་མཐའ་དག་གནོད་པ་སྟེ་འགོག་པར་འགྱུར་ཏེ། རྟོག་པ་ལ་སྣང་བའི་དོན་ཙམ་ཐམས་ཅད་དང་རྗེས་སུ་འབྲེལ་བ་ཅན་ཡིན་པའི་ཕྱིར། རྟོག་ཡུལ་ན་ཡོད་པའི་རྟགས་ཀྱིས་དོན་ཐམས་ཅད་སྒྲ་ཐམས་ཅད་ཀྱིས་བརྗོད་རུང་བར་སློབ་དཔོན་བཞེད་དོ་ཞེས་སྟོན་པ་དེ། རི་བོང་ཅན་གྱི་སྤྱི་རྣམས་ལ་སོགས་པའི་རྟོག་ཡུལ་ན་ཡོད་པ་དེ་ཆོས་ཅན། ཁྱོད་ལ་རྗོད་བྱེད་ཀྱི་སྒྲ་གང་ཡིན་དེ་ནི་དངོས་སུ་གྲགས་པ་མེད་ཀྱང་དེས་བརྗོད་དུ་རུང་བར་གྲུབ་པ་ཡིན་ཏེ། ཁྱོད་དངོས་པོ་སྟེ་དོན་ལ་རྗོད་བྱེད་ཀྱི་སྒྲ་ཀུན་གྱིས་བརྗོད་རུང་ཉིད་ཡིན་པ་དེའི་སྟོབས་ཉིད་ལས་དེ་ལ་སྟེ་ཁྱོད་རྗོད་བྱེད་ཀྱི་སྒྲ་ཀུན་གྱིས་བརྗོད་རུང་དུ་འབྲེལ་བ་དེས་ནའི་ཕྱིར། དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས། གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་ལ་སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བའི་དོན་གྱིས་ན་བསལ་བ་དེ་ཡང་ཕྱོགས་མ་ཡིན་ནོ་ཞེས་གསུངས་སོ། །

སློབ་དཔོན་གྱིས་གྲགས་རུང་གྲགས་པར་བཞེད་པ་ལས་གཞན་དུ་མི་བཞེད་ན། རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་འདིར་གནོད་བྱེད་དུ་བརྗོད་པའི་གཏན་ཚིགས་ཡོད་པ་དེ་ཆོས་ཅན། ཁྱོད་རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་དུ་སྒྲུབ་པའི་མཐུན་དཔེ་མེད་པའི་ཐུན་མོང་མ་ཡིན་པའི་རྟགས་ཉིད་དུ་མི་འགྱུར་བར་ཐལ། དེ་སྒྲུབ་ཀྱི་མཐུན་དཔེའི་དོན་དུ་མ་ཡོད་པའི་ཕྱིར་ཏེ། ཟླ་བར་གྲགས་པའི་དོན་དུ་མ་ཡོད་པའི་ཕྱིར་རོ། །སྒྲ་བྱུང་གྲགས་པ་ལ་གནོད་བྱེད་མེད་པར་སྟོན་པ་དེ། ཤེས་བྱ་ཆོས་ཅན། རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་དེ་ཚད་མས་འགོག་ན་རྗེས་དཔག་ལས་འགོག་པར་འགྱུར་བར་ཐལ། རྗོད་བྱེད་སྒྲའི་དོན་ལ་དབང་པོ་སྟེ་མངོན་སུམ་རྣམས་འཇལ་བྱེད་དུ་འཇུག་པ་མེད་པའི་ཕྱིར། འདོད་ན་དེ་རྗེས་དཔག་གིས་འགོག་མི་ནུས་པར་ཐལ། རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་དང་སྒྲུབ་པའི་རྟགས་སུ་གང་བཀོད་པ་ཐམས་ཅད་མཐུན་ཕྱོགས་ལ་མི་འཇུག་པའི་ཐུན་མོང་མ་ཡིན་པའི་རྟགས་འབའ་ཞིག་ཏུ་འགྱུར་བའི་ཕྱིར། གལ་ཏེ་རྟགས་ཡོད་པ་འབའ་ཞིག་ཐུན་མོང་མ་ཡིན་པར་བཤད་ཀྱི་རྟགས་གཞན་ནི་མ་ཡིན་ནོ་ཞེ་ན། ཀུན་བཏུས་སུ་རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་དུ་སྒྲུབ་པའི་མཐུན་ཕྱོགས་ལ་མི་འཇུག་པའི་གཏན་ཚིགས་ཀྱི་དཔེར་ཡོད་པ་བརྗོད་པ་ཆོས་ཅན། འབྲས་བུ་དགོས་པ་དང་ལྡན་པར་འདོད་དེ། ཟླ་བའི་སྒྲས་བརྗོད་མི་རུང་གང་ལ་རྟགས་ཡོད་པ་རྗེས་འགྲོ་མེད་པ་དེ་ལ་དེ་སྒྲུབ་ཀྱི་རྟགས་སུ་གང་བཀོད་པ་རྣམས་ཐུན་ཕྱོགས་ལ་མི་འཇུག་པའི་ཐུན་མོང་མིན་པའི་རྟགས་འབའ་ཞིག་པ་ཉིད་ངོ་བོ་ཉིད་ཅེས་དེ་ལྟར་རྟོགས་པའི་ཆེད་ཡིན་པའི་ཕྱིར། སྒྲ་བྱུང་གྲགས་པ་ལ་གནོད་བྱེད་མེད་པར་མ་ཟད་སྒྲུབ་བྱེད་ཡོད་པར་སྟོན་པ་དེ། སློབ་དཔོན་གྱིས་རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་ལ་སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་ལོ་ཞེས་སྒྲ་བྱུང་གྲགས་པས་གནོད་པར་གསུངས་པ་ཆོས་ཅན། དོན་ཡོད་དེ། ཟླ་བ་ཞེས་སོགས་འདོད་རྒྱལ་བའི་སྒྲ་ནི་བརྡ་ལ་བརྟེན་པ་ཅན་ཡིན་ལ་བརྡ་དེ་ཡང་སྐྱེས་བུའི་འདོད་པ་ཙམ་ལ་བརྟེན་པ་ཡིན་པས་འདོད་རྒྱས་བའི་སྒྲ་ཡིས་གྲུབ་པ་སྟེ་བརྗོད་རུང་ནི་དོན་གང་ལ་མི་འགྲུབ་པ་མིན་ནོ་ཞེས་སྒྲ་བྱུང་གྲགས་པ་ལ་སྒྲུབ་བྱེད་དེ་ལྟར་ཡོད་པར་རྟོགས་པའི་ཆེད་ཡིན་པའི་ཕྱིར་རོ། །སྒྲ་བྱུང་གྲགས་པ་གསུངས་པ་ལ་དགོས་པ་གཞན་ཡང་ཡོད་པར་སྟོན་ཏེ། སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་ཞེས་པའི་ལུང་ཆོས་ཅན། ཁྱོད་ཀྱི་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དུ་དཔག་པས་སྒྲུབ་པའི་དོན་རྣམས་ལ་བཟློག་ཕྱོགས་ཀྱི་དོན་སྒྲུབ་པའི་འགལ་བ་ལ་འཁྲུལ་པ་མེད་པ་ཅན་གྱི་རྟགས་མེད་པར་ཤུགས་ལ་སྟོན་པ་ཡིན་ཏེ། རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་དེ་སྒྲ་ལས་བྱུང་བའི་གྲགས་པ་ཞེས་སོགས་དེ་ལྟ་བུའི་གྲགས་པའི་རྗེས་དཔག་གིས་གྲུབ་པའི་རྒྱུ་མཚན་གྱིས་ཁྱོད་ཀྱིས་སྒྲ་བྱུང་གྲགས་པ་ལ་གནོད་བྱེད་ཀྱི་ཚད་མ་མེད་པར་དངོས་སུ་གསུངས་པ་ཡིན་པའི་ཕྱིར་རོ། །གཞན་ཡང་གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་ལ་ཞེས་པའི་ལུང་གི་དོན་རྣམས་གཞན་དུ་བཤད་པའི་ཕྱིར་ཡང་ན་ཞེས་སྨོས་ནས། དེ་འདྲའི་ལུང་དེ་ཆོས་ཅན། རི་བོང་ཅན་ཟླ་བ་ཞེས་སོགས་འཇིག་རྟེན་པའི་སྒྲས་བརྗོད་རུང་དུ་སྒྲུབ་པ་ལ་དངོས་པོ་སྟོབས་ཞུགས་ཀྱི་རྟགས་དང་རྗེས་དཔག་མེད་པར་བརྗོད་པ་ཡིན་ཏེ། རི་བོང་ཅན་ཟླ་བའི་སྒྲས་བརྗོད་དུ་རུང་བར་སྒྲུབ་པའི་རྟགས་སུ་བཀོད་པ་ཐམས་ཅད་མཐུན་དཔེ་མེད་པའི་ཐུན་མོང་མ་ཡིན་པའི་རྟགས་འབའ་ཞིག་ཏུ་བསྟན་པའི་ཕྱིར། དེ་ནས་དེ་འདྲའི་ལུང་གིས་དེ་ལྟར་བསྟན་པ་ཆོས་ཅན། དོན་ཡོད་དེ། དངོས་པོ་སྟོབས་ཞུགས་ཀྱི་རྗེས་སུ་དཔག་ལས་གྲགས་པའི་རྗེས་དཔག་དེ་ཡུལ་ཐ་དད་པའི་ཡུལ་ཅན་ཉིད་དུ་བསྟན་པའི་ཆེད་ཡིན་པའི་ཕྱིར། དེས་ན་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ལས་གྲགས་པའི་རྗེས་དཔག་ནུས་ཡུལ་ཐ་དད་དུ་བསྟན་པ་ཡང་ཆོས་ཅན། དགོས་པ་ཡོད་དེ། གྲགས་པ་དེ་དངོས་པོ་རྣམས་ཡོད་པ་དང་མེད་པའི་རྗེས་སུ་འཇུག་ལྡོག་བྱེད་པ་ཅན་གྱི་དངོསཔོ་སྟོབས་ཞུགས་ཀྱི་རྗེས་དཔག་ལས་ཡུལ་ཐ་དད་ཡིན་པས་གྲགས་པ་དེ་དངོས་པོའི་དབང་གིས་མི་འཇུག་པར་སྐྱེས་བུའི་འདོད་པ་ཙམ་ལ་སྐྱེས་པ་ཡིན་ནོ་ཞེས་བསྟན་པའི་ཆེད་ཡིན་པའི་ཕྱིར། དེ་དག་གིས་རང་ལུགས་ལ་གང་ལ་ཐུན་མོང་མ་ཡིན་པ་ཞེས་སོགས་ཀྱི་ལུང་གི་དོན་དང་དགོས་པ་བསྟན་ནས། ད་གཞན་དག་གི་ལུང་དེའི་དོན་དུ་འདོད་པ་འགོག་པ་དེ། རིགས་སྒོ་འགྲེལ་བྱེད་ཁ་ཅིག་ན་རེ། འཇིག་རྟེན་ན་ཟླ་བ་གཉིས་མེད་པའི་ཕྱིར་ཡོད་པ་དེ་རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་དུ་སྒྲུབ་པའི་རྟགས་ཐུན་མོང་མ་ཡིན་པ་ཡིན་ལ། དེའི་ཕྱིར། སློབ་དཔོན་གྱིས་གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་ལ་ཞེས་བཤད་ཅེས་ཟེར་རོ། །སློབ་དཔོན་ཕྱོགས་གླང་ཆོས་ཅན། འཇིག་རྟེན་ན་ཟླ་བ་གཉིས་མེད་པའི་རྒྱུ་མཚན་གྱིས་ཡོད་པ་དེ་རིང་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་དུ་སྒྲུབ་པའི་རྟགས་ཐུན་མོང་མ་ཡིན་པར་བཤད་པ་མ་ཡིན་པར་ཐལ། གྲགས་པ་མཐའ་དག་ལས་ལོག་པར་ཞུགས་པའི་བརྡ་སྤྲོད་པའི་བློ་ངོར་རི་བོང་ཅན་གྲགས་པའི་དབང་གིས་ཟླ་བའི་སྒྲས་བརྗོད་རུང་དུ་སྒྲུབ་པ་དེ་ལ་མཐུན་དཔེ་མེད་པ་ཅན་ཡིན་པའི་རྒྱུ་མཚན་གྱིས་ཡོད་པ་དེ་ནི་རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་དུ་སྒྲུབ་པའི་རྟགས་ཐུན་མོང་མ་ཡིན་པ་ཙམ་དུ་འདོད་ཅིང་བཤད་པའི་ཕྱིར། རྟགས་གྲུབ་སྟེ། བརྡ་སྤྲོད་པ་དེ་ཆོས་ཅན། ཁྱོད་ཀྱི་བློ་ངོར་རི་བོང་ཅན་གྲགས་པའི་དབང་གིས་ཟླ་བའི་སྒྲས་བརྗོད་རུང་དུ་སྒྲུབ་པའི་མཐུན་དཔེ་མེད་པར་ཐལ། ཁྱོད་ཀྱིས་གྲགས་པའི་དབང་གིས་ཟླ་བའི་སྒྲས་བརྗོད་རུང་གང་ཞིག་འདོད་པར་འགྱུར་ཏེ་ཅུང་ཟད་ཀྱང་མི་འདོད་པ་དེའི་ཕྱིར། ཟླ་བར་ཆེས་གྲགས་པའི་རི་བོང་ཅན་ཡང་གྲགས་པའི་དབང་གིས་ཟླ་བར་མི་འདོད་པའི་ཕྱིར་ཏེ། རྗོད་བྱེད་ཀྱི་སྒྲ་ཐམས་ཅད་དངོས་པོའི་དབང་གིས་འཇུག་པར་འདོད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་མ་ཡིན་པར་འཇིག་རྟེན་ན་ཟླ་བ་གཉིས་པའི་རྒྱུ་མཚན་གྱིས་གང་ལ་ཐུན་མོང་མ་ཡིན་པ་ཞེས་སོགས་བཤད་པ་ཡིན་ན། རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་དུ་དམ་བཅས་པའི་དཔེར་བརྗོད་གཅིག་པོ་ཁོ་ན་ལ་གྲགས་པས་གནོད་པའི་དབང་དུ་བྱས་ནས་སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་ལོ་ཞེས་སོགས་དེ་སྐད་བསྟན་པར་འགྱུར་ལ། དེ་ལྟ་ཡང་མ་ཡིན་ཏེ། སློབ་དཔོན་ཕྱོགས་གླང་ཆོས་ཅན། རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་དུ་དམ་བཅས་པའི་དཔེར་བརྗོད་གཅིག་པོ་འདི་ཉིད་ཁོ་ན་ལ་གྲགས་པས་གནོད་པའི་དབང་དུ་བྱས་ནས་སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་ལོ་ཞེས་སོགས་དེ་སྐད་བཤད་པ་མིན་པར་ཐལ། རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་དུ་དམ་བཅས་པ་ལ་གྲགས་པས་གནོད་པ་དེ་བཞིན་དུ་ཤིང་དེ་དག་གི་ཤིང་མིན་ནོ་ཞེས་བརྗོད་པ་ལ་ཡང་གྲགས་པས་གནོད་དོ་ཞེས་གྲགས་པའི་གནོད་པའི་མཚན་ཉིད་སྤྱིར་བསྟན་པའི་ཕྱིར་དུ་སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་ལོ་ཞེས་སོགས་དེ་སྐད་དུ་བཤད་པའི་ཕྱིར་རོ། །ཡང་རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་དུ་སྒྲུབ་པའི་མཐུན་དཔེ་ཟླ་བར་གྲགས་ཟིན་ཞིག་དགོས་པར་འདོད་པའི་ལུགས་འདིར་ཡང་ཆོས་ཅན། རི་བོང་ཅན་གྲགས་པའི་དབང་གིས་ཟླ་བའི་སྒྲས་བརྗོད་རུང་དུ་སྒྲུབ་པའི་མཐུན་དཔེ་མེད་པ་མ་ཡིན་པར་ཐལ། ག་པུར་དང་དངུལ་ཆུ་སོགས་ལ་ཡང་འཇིག་རྟེན་ན་སྙན་ངག་མཁན་ལ་སོགས་པས་ཟླ་བའི་སྒྲ་སྦྱོར་བར་མཐོང་བའི་ཕྱིར། ཟླ་བའི་སྒྲ་ཆོས་ཅན། རི་བོང་ཅན་ཁོ་ན་ལ་ཐུན་མོང་མིན་པར་འཇུག་པ་ཉིད་ཀྱང་ཅི་སྟེ་མ་ཡིན་པར་ཐལ། བརྡའི་དབང་ཁོ་ན་ལས་རྗོད་བྱེད་དུ་འཇུག་པར་འགྱུར་བ་ཡིན་པའི་ཕྱིར། གལ་ཏེ་ལ་ལར་ཏེ་རི་ཅན་ཁོ་ན་ལ་ཟླ་བའི་སྒྲ་དེ་རྗོད་བྱེད་དུ་གྲུབ་བོ་ཞེ་ན། དེའི་ཕྱིར་ཟླ་བའི་སྒྲ་དེ་ནི་ཆོས་ཅན། རི་ཅན་ལ་དངོས་པོའི་སྟོབས་ལས་རྗོད་བྱེད་དུ་གྲུབ་པ་ཡིན་པར་ཐལ་ལོ། །གལ་ཏེ་རི་བོང་ཅན་ལ་ཟླ་བའི་གྲགས་པས་རྗོད་བྱེད་དུ་གྲུབ་པར་ཁས་ལེན་ན། དེ་ཆོས་ཅན་རི་བོང་ཅན་མ་ཡིན་པ་ག་བུར་དང་དངུལ་ཆུ་སོགས་ལའང་གྲགས་པས་རྗོད་བྱེད་དུ་འཇུག་པ་བཟློག་དུ་མེད་པར་ཐལ། གྲགས་པའི་དབང་གིས་རྗོད་བྱེད་དུ་འཇུག་པ་གང་གི་ག་པུར་ལའང་གྲགས་པས་རྗོད་བྱེད་དུ་གྲགས་པའི་ཕྱིར། གལ་ཏེ་བརྡ་སྤྲོད་པའི་བློ་ངོར་ག་བུར་དང་དངུལ་ཆུ་ལ་སོགས་པ་ལ་ལར་ཟླ་བའི་སྒྲ་དེ་བརྗོད་བྱེད་དུ་གྲུབ་པས་རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་དུ་སྒྲུབ་པའི་མཐུན་དཔེ་མེད་པ་མ་གྲུབ་བོ་ཞེ་ན། ག་པུར་དང་དངུལ་ཆུ་སོགས་ཆོས་ཅན། བརྡ་སྤྲོད་པའི་བློ་ངོར་རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་དུ་སྒྲུབ་པའི་མཐུན་དཔེ་མ་ཡིན་པར་ཐལ། དེའི་ངོར་ཟླ་བའི་སྒྲ་དེ་ནི་ཁྱོད་ལ་དངོས་པོའི་སྟོབས་ལས་རྗོད་བྱེད་དུ་གྲུབ་པ་ཡིན་པའི་ཕྱིར། གལ་ཏེ་དེའི་ངོར་ག་པུར་སོགས་ལ་ཟླ་བའི་སྒྲ་དེ་གྲགས་པས་རྗོད་བྱེད་དུ་གྲུབ་པར་ཁས་ལེན་ན། ཟླ་བའི་སྒྲ་ཆོས་ཅན། དེའི་ངོར་རི་བོང་ཅན་ལའང་གྲགས་པས་རྗོད་བྱེད་དུ་གྲུབ་པ་བཟློག་ཏུ་མེད་པར་ཐལ། དེའི་ངོར་ག་པུར་སོགས་ལ་གྲགས་པས་རྗོད་བྱེད་དུ་གྲུབ་པས་གང་གི་ག་པུར་སོགས་དང་རི་བོང་ཅན་དུ་རྗོད་བྱེད་དུ་འཇུག་པར་ཁྱད་པར་མེད་པའི་ཕྱིར། གལ་ཏེ་བརྡ་སྤྲོད་པ་རི་ཅན་ལ་ཟླ་བའི་སྒྲ་དངོས་པོའི་རྒྱུ་མཚན་གྱིས་རྗོད་བྱེད་དུ་འཇུག་པ་བཟློག་པ་ཙམ་ཡིན་ཞེ་ན། རི་བོང་ཅན་ལ་ཟླ་བའི་སྒྲ་དངོས་པོའི་རྒྱུ་མཚན་གྱིས་རྗོད་བྱེད་དུ་འཇུག་པའི་དངོས་པོ་དེ་གྲུབ་བམ་མ་གྲུབ་དྲིས་པས། གྲུབ་ན་ཟླ་བའི་སྒྲ་ཆོས་ཅན། ཁྱོད་རི་བོང་ཅན་ལའང་དངོས་པོའི་རྒྱུ་མཚན་གྱིས་རྗོད་བྱེད་དུ་འཇུག་པ་བཟློག་པ་མེད་པར་ཐལ། ཁྱོད་རི་བོང་ཅན་ལ་དངོས་པོའི་རྒྱུ་མཚན་གྱིས་རྗོད་བྱེད་དུ་འཇུག་པའི་དངོས་པོ་དེ་གྲུབ་པའི་ཕྱིར་མ་གྲུབ་ན། ཁྱོད་རི་བོང་ཅན་ལ་དངོས་པོའི་རྒྱུ་མཚན་གྱིས་རྗོད་བྱེད་དུ་འཇུག་པ་བཟློག་ཀྱང་ཉེས་པ་ཡོད་པ་མ་ཡིན་པར་ཐལ། ཁྱོད་རི་བོང་ཅན་ལ་དངོས་པོའི་རྒྱུ་མཚན་གྱིས་རྗོད་བྱེད་དུ་འཇུག་པའི་དངོས་པོ་དེ་མེད་པའི་ཕྱིར། དེས་ན་རྒྱུ་མཚན་ཅན་གྱི་སྒྲ་རྒྱུ་མཚན་མེད་པར་མི་འཇུག་པ་ལ་གནོད་བྱེད་མེད་པ་དེའི་ཕྱིར་དངོས་པོའི་སྟོབས་ཀྱིས་འཇུག་པའི་ངེས་པ་མེད་པའི་བརྡ་ཅན་གྱི་ཟླ་བ་ཞེས་སོགས་འདོད་རྒྱལ་བའི་སྒྲ་ཆོས་ཅན། ཁྱོད་ལས་བྱུང་བའི་བརྗོད་རུང་གི་ཆོས་རྣམས་ཀྱི་བརྗོད་རུང་བ་དེ་དོན་རྣམས་ཐམས་ཅད་ལ་ཡོད་པ་ཉིད་ཡིན་ཏེ། ཁྱོད་འདོད་པ་ཙམ་གྱིས་དོན་ཐམས་ཅད་ལ་རྗོད་བྱེད་དུ་བརྡ་སྦྱར་བ་ལ་གེགས་བྱེད་པ་མེད་པའི་ཕྱིར་རོ། །དེས་ན་ཟླ་བ་ཞེས་སོགས་འདོད་རྒྱལ་བའི་སྒྲ་ཆོས་ཅན། ཁྱོད་ཀྱིས་བརྗོད་རུང་བ་ཉིད་དོན་ཐམས་ཅད་ལ་ཡོད་པ་འགོག་པ་ལ་ཁྱོད་བརྡ་སྦྱོར་བ་འགོག་ཏུ་མེད་པ་ལས་སྐྱེས་པའི་གྲགས་པ་ཞེས་བྱ་བའི་རྗེས་སུ་དཔོག་པ་བརྗོད་རུང་བའི་ཡུལ་ཅན་གྱིས་གནོད་པར་བྱེད་དེ། ཁྱོད་འདོད་པ་ཙམ་གྱིས་དོན་ཐམས་ཅད་ལ་རྗོད་བྱེད་དུ་བརྡ་སྦྱར་བ་དགག་ཏུ་མེད་པའི་ཕྱིར། རྗེས་དཔག་མེད་པར་བརྗོད་པ་ཡིན་ལ་རྩོད། གལ་ཏེ་གྲགས་པས་བསལ་བ་ཆད་པ་ན་དོན་ཐམས་ཅད་ཟླ་བ་ཞེས་སོགས་འདོད་རྒྱལ་བའི་སྒྲས་བརྗོད་རུང་དུ་སྒྲུབ་པའི་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་མེད་པར་བསྟན་པ་ཅི་ཞེ་ན། དེ་ལྟར་བསྟན་པའི་རིགས་པ་འདིས་ནི་ཆོས་ཅན། རི་ཅན་སོགས་ཀྱི་དོན་དེ་དག་རྣམས་ཟླ་བ་ཞེས་སོགས་འདོད་རྒྱལ་བའི་སྒྲས་བརྗོད་རུང་དེར་འགག་པ་གྲགས་པ་དང་འགལ་བར་བསྟན་པ་ཡིན་ཏེ། ཟླ་བ་ཞེས་སོགས་འདོད་རྒྱལ་བའི་བརྡ་ཡི་རྗེས་སུ་འཇུག་པའི་རྗོད་བྱེད་ཀྱི་སྒྲ་རྣམས་ལ་བརྗོད་བྱའི་དོན་མཐའ་ཅིག་ཏུ་ངེས་པ་ཡོད་པ་མིན་ཞེས་བརྗོད་པའི་ཕྱིར། དེ་དག་གི་སྐབས་ཀྱི་མཇུག་བསྡུ་བ་ནི། བཤད་མ་ཐག་པའི་རྒྱུ་མཚན་དེས་ན་བཤད་པའི་རྒྱུ་མཚན་ཅན་གྱི་སྒྲ་རྒྱུ་མཚན་མེད་པར་འཇུག་པ་འགོག་པའི་དོན་དམ་འདོད་རྒྱལ་བའི་སྒྲ་རྣམས་ཀྱི་དོན་དོན་དམ་པ་ཉིད་དུ་གྲུབ་པ་འགོག་པ་ལ་གནོད་པ་མེད་པར་བསྟན་པ་ཡིན་ནོ། །འདོད་རྒྱལ་བའི་སྒྲས་བརྗོད་མི་རུང་ལ་གྲགས་པས་གནོད་པ་དེས་ན་གྲགས་པའི་རྗེས་དཔག་ཆོས་ཅན། རྗེས་དཔག་ལས་ཕྱི་རོལ་དུ་གྱུར་པ་མ་ཡིན་ཡང་སེལ་བྱེད་སྐབས་སུ་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ལས་སེལ་བྱེད་ཐ་དད་དུ་བྱས་པ་ལ་དགོས་པ་ཡོད་པ་ཡིན་ཏེ། ཁྱོད་དེ་ལྟར་དུ་བསྟན་པ་དེ་ཁྱོད་དེ་དང་ནུས་ཡུལ་གྱི་ཁྱད་པར་ཐ་དད་དུ་བསྟན་པའི་ཆེད་ཡིན་པའི་ཕྱིར། དཔེར་ན་སྔ་མ་རང་ཚིག་དང་བསྟན་བཅོས་གཉིས་རྗེས་དཔག་ལ་ཐ་དད་དུ་བྱས་པ་བཞིན་ནོ། །གལ་ཏེ་ཀུན་བཏུས་སུ་དམ་བཅའ་ལྟར་སྣང་གི་དཔེར་བརྗོད་འཆད་པའི་སྐབས་སུ་ཡིད་ཆེས་དང་གྲགས་པས་གནོད་ཚུལ་རྒྱུ་མཚན་དང་བཅས་པ་རྒྱས་པར་བསྟན་ཅིང་མངོན་སུམ་དང་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་གིས་གནོད་ཚུལ་རྒྱུ་མཚན་དང་བཅས་པ་རྒྱས་པར་མི་སྟོན་པ་ཅི་ཞེ་ན། ཡིད་ཆེས་དང་གྲགས་པའི་རྗེས་དཔག་འདི་གཉིས་ནི་ཆོས་ཅན། ཀུན་བཏུས་སུ་དམ་བཅའ་ལྟར་སྣང་གི་དཔེ་བརྗོད་འཆད་པའི་སྐབས་སུ་ཁྱོད་གཉིས་ཀྱིས་གནོད་ཚུལ་རྒྱུ་མཚན་དང་བཅས་པ་རྒྱས་པར་རབ་ཏུ་བརྗོད་པ་ལ་དགོས་པ་ཡོད་དེ། ཁྱོད་གཉིས་དེ་ལྟར་བསྟན་པ་དེ་ཁྱེད་གཉིས་རྗེས་དཔག་ཏུ་གྲུབ་ཟིན་ཀྱང་མངོན་སུམ་དང་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ལས་སེལ་བྱེད་ཐ་དད་དུ་བཤད་པ་ལ་དགོས་པ་ཡོད་པར་བསྟན་པའི་ཆེད་ཡིན་པའི་ཕྱིར། ཇི་ལྟར་བརྗོད་ན། ཀུན་བཏུས་སུ་གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ་ཞེས་བྱ་བ་ནི་དམ་བཅས་པ་ཙམ་གྱིས་འགལ་བ་ཡིན་ལ། སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བའི་དོན་སྦྱོར་ནི་རི་བོང་ཅན་ཟླ་བ་མ་ཡིན་ཏེ། ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ་ཞེས་གསུངས་སོ། །མངོན་སུམ་དང་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ཆོས་ཅན། ཀུན་བཏུས་སུ་དམ་བཅའ་ལྟར་སྣང་གི་དཔེ་བརྗོད་འཆད་པའི་སྐབས་སུ་ཁྱེད་གཉིས་ཀྱིས་གནོད་ཚུལ་རྒྱུ་མཚན་དང་བཅས་པ་རྒྱས་པར་སྟོན་པ་མིན་པ་ལ་རྒྱུ་མཚན་ཡོད་ད། ཁྱོད་གཉིས་དངོས་པོ་སྟོབས་ཞུགས་ཀྱིས་གནོད་བསྒྲུབ་ཏུ་འཇུག་པའི་རྒྱུ་མཚན་གྱིས་ཁྱེད་གཉིས་ཀྱི་གནོད་ཚུལ་རྟོགས་པར་སླ་བའི་ཕྱིར། དེ་དག་གིས་གྲགས་པའི་བསལ་བ་བསྟན་ནས་མངོན་སུམ་གྱི་བསལ་བ་སྟོན་པ་དེ། མངོན་སུམ་གྱིས་གནོད་ཚུལ་འདི་རྟོགས་སླ་ཡང་འདི་ལ་ཡང་བརྗོད་པར་བྱ་བ་ཡོད་དེ། རྟོགས་ངོར་བྱས་མི་རྟག་སོགས་ཆོས་དུ་མའི་དངོས་པོ་ཉིད་དུ་གྲགས་པའི་སྒྲའི་ངོ་བོ་ཉིད་གང་ཞིག་ནི་ཆོས་ཅན། དོན་དམ་པར་རྟོག་པ་ལ་སྣང་བ་ལྟར་གྱི་བྱས་མི་རྟག་སོགས་ཀྱི་ཆོས་སྣ་ཚོགས་སུ་མེད་དེ། དེ་ལྟར་ཡོད་ན་དེ་ལྟར་དུ་སྣང་བའི་རང་འཛིན་གྱི་བློ་སྐྱེ་དགོས་པ་ལ་དེ་འདྲའི་ཆོས་སྣ་ཚོགས་སུ་སྣང་བའི་རང་འཛིན་གྱི་བློ་ནི་སྐྱེ་བ་མེད་པའི་ཕྱིར། དེས་ན་སེལ་བྱེད་སྐབས་སུ་མངོན་སུམ་དོན་དང་ཞེས་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། ཉན་ཤེས་མ་འཁྲུལ་བ་ལ་སྤྱི་གསལ་གཉིས་སུ་མེད་པར་སྣང་བར་གྱུར་པའི་སྒྲ་རང་མཚན་དེ་བསྟན་པའི་དོན་ནམ་ཆེད་ཡིན་པའི་ཕྱིར། དེ་ལྟར་སྣང་བར་གྱུར་པའི་དོན་འདི་ཉིད་ནི་ཆོས་ཅན། ཁྱོད་སྒྲའི་སྟེང་དུ་ཡོད་ན་མངོན་སུམ་གྱིས་གྲུབ་པའི་ཕྱིར། དེས་ན་སྒྲའི་ཐུན་མོང་མ་ཡིན་པའི་ངོ་བོ་ཉན་ཤེས་མ་འཁྲུལ་བ་ལ་སྤྱི་གསལ་གཉིས་སུ་མེད་པར་སྣང་བའི་དོན་དེ་ཉིད་ཆོས་ཅན། དོན་ཞེས་པའི་སྒྲས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་སྒྲ་དེ་ལ་དོན་དམ་པར་གྲུབ་པའི་ཕྱིར། དེའི་ལྷག་མ་སྒྲའི་བྱས་མི་རྟག་སོགས་ཀྱི་ཆོས་སྣ་ཚོགས་པ་ཆོས་ཅན། དོན་ཞེས་པའི་སྒྲའི་དངོས་ཀྱི་བརྗོད་བྱ་མ་ཡིན་ཏེ། མ་བྱས་རྟག་པ་སོགས་ལས་ལྡོག་པའི་མཚན་ཉིད་དམ་རང་བཞིན་ཅན་གྱི་སྒྲའི་སྤྱིའི་ཆོས་ཡིན་པའི་ཕྱིར་རོ། །དེས་ན་བྱས་མི་རྟག་སོགས་སྒྲའི་སྤྱིའི་ཆོས་དེ་ནི་ཆོས་ཅན། དབང་པོ་སྟེ་མངོན་སུམ་གྱི་སྤྱོད་ཡུལ་མིན་ཏེ། དོན་དམ་པར་དངོས་པོར་མེད་པའི་ངོ་བོ་ཡིན་པ་དེའི་ཕྱིར། རྒྱུ་མཚན་དེས་ན་མངོན་སུམ་གྱི་བསལ་བ་འཆད་པའ་ིསྐབས་སུ་བསྟན་བྱ་ཞེས་སྨོས་པས་ཆོས་ཅན། དགོས་པ་ཡོད་དེ། བྱས་མི་རྟག་སོགས་སྤྱིའི་ཆོས་རྣམས་མངོན་སུམ་གྱི་ཡུལ་མིན་པར་གྲུབ་པའི་ཕྱིར་ན་དེ་རྣམས་སྒྲའི་སྟེང་དུ་འོང་ཡང་མངོན་སུམ་གྱིས་གནོད་པ་ཡོད་པ་མིན་ཞེས་བསྟན་པའི་ཆེད་ཡིན་པའི་ཕྱིར། གལ་ཏེ་ཉན་ཤེས་མ་འཁྲུལ་བ་ལ་སྤྱི་གསལ་གཉིས་སུ་མེད་པར་སྣང་བའི་དོན་དེ་ཅིའི་ཕྱིར་རང་མིང་གིས་མི་བརྗོད། གང་གིས་ན་མཉན་བྱ་ཞེས་པའི་སྒྲས་བརྗོད་ཅེ་ན། དེ་འདྲའི་དོན་དེ་ཆོས་ཅན། རང་མིང་གི་ཡང་དངོས་ཀྱི་བརྗོད་བྱ་མ་ཡིན་ཏེ། རྣམ་པ་ཀུན་ཏུ་རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱའི་དངོས་པོ་མིན་པའི་ཕྱིར། སྤྱིའི་ཚུལ་གྱིས་ནི་མཉན་བྱ་ཞེས་པའི་སྒྲས་ཀྱང་བསྟན་ནུས་ལ་མཉན་བྱ་ཞེས་པའི་སྒྲས་བརྗོད་པ་ལ་དགོས་པ་གཞན་ཡང་ཡོད་དེ། རྣ་བའི་དབང་པོའི་སྤྱོད་ཡུལ་དུ་གྱུར་པའི་དོན་རང་མཚན་པ་དེ་ཆོས་ཅན། ཁྱོད་ལ་མཉན་བྱ་ཞེས་ཉན་ཤེས་ཀྱི་ཐ་སྙད་ཀྱིས་བཏགས་ནས་བཤད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཉན་ཤེས་ཀྱིས་གྲུབ་པ་དེའི་སྟོབས་ཀྱིས་སྒྲ་མཉན་བྱ་མ་ཡིན་པ་ལ་གནོད་པའི་ཕྱིར། དེ་དག་གིས་མངོན་སུམ་གྱི་བསལ་བ་བསྟན་ནས་འོ་ན་བསལ་བ་དེ་དག་བསལ་གཞི་གང་གི་སྟེང་དུ་བསལ་སྙམ་ན། སྐབས་ཀྱི་ཆོས་ཅན་གྱི་སྟེང་དུའོ་ཞེས་བསྟན་པའི་ཕྱིར་དུ། རང་རྟེན་ལ་ཞེས་པ་འཆད་དེ། ཀུན་ལས་བཏུས་སུ་རང་རྟེན་ལ་ཞེས་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། རྩོད་པའི་དུས་ཀུན་ཏུ་རྒོལ་བས་བདག་ཉིད་ཀྱིས་བསྒྲུབ་བྱར་འདོད་པའི་ཆོས་གང་ཡིན་པའི་ཆོས་དེ་དང་ལྡན་པའི་སྐབས་ཀྱི་ཆོས་ཅན་ལ་མངོན་སུམ་ལ་སོགས་པའི་ཚད་མས་གནོད་ན་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པར་འགྱུར་གྱི་རྒོལ་བས་མི་འདོད་པའི་ཆོས་གཞན་གྱི་ཆོས་ཅན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་མིན་ནོ་ཞེས་རྟོགས་པའི་ཆེད་ཡིན་པའི་ཕྱིར། དེའི་རྒྱུ་མཚན་ཤེས་བྱ་ཆོས་ཅན། སྐབས་གཞན་གྱི་ཆོས་ཅན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་མི་གནོད་པར་ཐལ། སྐབས་གཞན་དུ་རྒོལ་བས་མི་འདོད་པའི་ཆོས་ཅན་གཞན་ལ་གནོད་ཀྱང་སྐབས་ཀྱི་བསྒྲུབ་བྱ་འདི་ལ་ཅི་ཞིག་བཀག་སྟེ་མི་གནོད་པའི་ཕྱིར། གལ་ཏེ་དེ་ལྟ་བུའི་དོན་འདི་ཕྱོགས་ཀྱི་མཚན་ཉིད་ཀྱི་རང་ཉིད་ཀྱི་སྒྲ་ལས་ཀྱང་རྟོགས་པས་རང་རྟེན་ལ་སྨོས་པ་དོན་མེད་དོ་ཞེ་ན། འབྲེལ་མེད་ཀྱི་ཆོས་ཅན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་མི་གནོད་པའི་དོན་འདི་ཕྱོགས་ཀྱི་མཚན་ཉིད་ཀྱི་རང་ཉིད་ཀྱི་སྒྲ་ལས་རྟོགས་པ་སྲིད་ཀྱང་རང་གི་ཆོས་ཅན་སྨོས་པ་ནི་ཆོས་ཅན། དོན་ཡོད་དེ། སྐབས་ཀྱི་ཆོས་ཅན་ལ་གནོད་པས་ཀྱང་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པར་འགྱུར་ཞེས་གྲུབ་ཅིང་རྟོགས་པའི་དོན་ཡིན་པའི་ཕྱིར། དེས་ན་ཤེས་བྱ་ཆོས་ཅན། སྐབས་ཀྱི་ཆོས་ཅན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པར་ཐལ། སྐབས་ཀྱི་རྟེན་ཆོས་ཅན་འགལ་བ་སྟེ་བཀག་པར་གྱུར་པས་དེ་ལ་བརྟེན་པའི་སྐབས་ཀྱི་བསྒྲུབ་བྱ་འགལ་བ་སྟེ་བཀག་པར་འགྱུར་བའི་ཕྱིར། དེས་ན་རང་རྟེན་སྨོས་པས་གཞན་དུ་མ་སྨོས་ན་རྒོལ་བས་འདོད་ཡུལ་དུ་བྱས་པ་དེ་ལྟ་བུའི་རྣམ་པ་ཅན་གྱི་ཆོས་ཞིག་བསྒྲུབ་བྱ་ཡིན་ཞེས་ཕྱོགས་ཀྱི་མཚན་ཉིད་ཀྱི་སྐབས་སུ་བརྗོད་པའི་ཕྱིར་སྐབས་ཀྱི་བསྒྲུབ་བྱའི་ཆོས་དེ་ལ་གནོད་པ་ཉིད་ཁོ་ན་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་ཡིན་པར་འགའ་ཞིག་སེམས་པར་འགྱུར་སྲིད་པ་དེས་ན། དེ་བསལ་ནས་སྐབས་ཀྱི་ཆོས་ཅན་ལ་གནོད་ན་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པར་ཤེས་པའི་དོན་དུ་རང་གི་ཆོས་ཅན་སྨོས་པ་ཡིན་ནོ། །

གལ་ཏེ་སྐབས་ཀྱི་ཆོས་ཅན་ལ་གནོད་ན་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་འདི་ཡང་ཕྱོགས་ཀྱི་མཚན་ཉིད་དུ་རང་ཉིད་སྨོས་པའི་དོན་གྱིས་གྲུབ་པ་མིན་ནམ་ཞེ་ན། དེ་ལྟར་གྲུབ་པ་བདེན་ཏེ་འོན་ཀྱང་རྒོལ་བའི་འདོད་ཡུལ་གྱིས་ཁྱད་པར་དུ་མ་བྱས་པའི་ཆོས་ཅན་འགའ་ཞིག་བཀག་པ་ལ་ཡང་སྐབས་ཀྱི་བསྒྲུབ་བྱ་བཀག་པའི་སྐྱོན་དང་ལྡན་པར་ཁས་ལེན་ནོ། །དཔེར་ན་བྱེ་བྲག་པས་ནམ་མཁའ་དང་ཕྱོགས་དུས་ལ་སོགས་རྣམས་རྟག་པའི་རྗེས་སུ་འདོད་པ་ལ། སངས་རྒྱས་པས་ནམ་མཁའ་དང་ཕྱོགས་དུས་སོགས་ཆོས་ཅན། རྐྱེན་གཞན་དག་གིས་སྔོན་མེད་ཀྱི་རང་བཞིན་གསར་དུ་བསྐྱེད་དུ་མེད་པའི་རྟག་པའི་རྫས་མིན་ཏེ། ཅིག་ཅར་དུ་རང་འབྲས་སྒྲ་དང་ཕྱོགས་དུས་སོགས་འཛིན་པའི་རྣམ་རྟོག་གི་རྒྱུ་བྱེད་པ་མིན་པའི་ཕྱིར་ཞེས་བཤད་པ་ལ། བྱེ་བྲག་པས་སུན་འབྱིན་འདིར་བརྗོད་པ་ནི། ཅིག་ཅར་དུ་དོན་བྱེད་པས་སྟོང་པའི་རྟགས་དེས་རྟག་པའི་རྫས་འགོག་པ་དེ་བཞིན་དུ་ནམ་མཁའ་དང་ཕྱོགས་དུས་སོགས་རང་གི་ཆོས་ཅན་གྱི་ངོ་བོའང་དངོས་མེད་དུ་སྒྲུབ་པར་བྱེད་པས་སྐབས་ཀྱི་བསྒྲུབ་བྱ་བཀག་པའི་སྐྱོན་དུ་འགྱུར་རོ་ཞེས་བརྗོད་པར་བྱེད་དོ། །དེ་བཞིན་ཡིན་ན་ཅིག་ཅར་དུ་དོན་བྱེད་པས་སྟོང་པ་ཆོས་ཅན། དངོས་གྱུར་གྱི་ནམ་མཁའ་བཀག་པས་ཁྱོད་ནམ་མཁའ་དང་ཕྱོགས་དུས་སོགས་རྟག་དངོས་ཀྱིས་སྟོང་པར་སྒྲུབ་པའི་རྟགས་འགལ་བ་མ་ཡིན་པར་ཐལ། དེ་བཀག་པས་ཁྱོད་དེ་ལྟར་ཡུལ་གྱི་བསྒྲུབ་བྱ་ལ་གནོད་པ་འགའ་ཡང་མེད་པ་ཉིད་ཡིན་པའི་ཕྱིར། དཔེར་ན་རང་རྟེན་ལ་ཞེས་པའི་ཚིག་འདིས་ནི་སྐབས་ཀྱི་ཆོས་དང་ཆོས་ཅན་གཉིས་ཀའི་ཚོགས་པ་བསྒྲུབ་བྱ་ཉིད་ཡིན་པས་ན་སྐབས་ཀྱི་ཆོས་ཅན་ལ་གནོད་པ་གང་ཡིན་པ་དེས་བསྒྲུབ་པར་བྱ་བའི་ཆོས་འགོག་པར་འགྱུར་བས་སྐབས་ཀྱི་ཆོས་ཅན་ལ་གནོད་ན་སྐབས་ཀྱི་བསྒྲུབ་བྱ་དེ་ལ་གནོད་ཅེས་བསྟན་པ་ཡིན་ནོ། །དེས་ན་ཤེས་བྱ་ཆོས་ཅན། རྒོལ་བའི་འདོད་ཡུལ་གྱིས་ཁྱད་པར་དུ་མ་བྱས་པའི་ཆོས་ཅན་འབའ་ཞིག་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་མིན་པར་ཐལ། རྒོལ་བའི་འདོད་ཡུལ་གྱིས་ཁྱད་པར་དུ་བྱས་པའི་བསྒྲུབ་བྱའི་ཆོས་དེ་ལྟ་ཉིད་དུ་ལྡན་པའི་ཆོས་ཅན་ཡང་བསྒྲུབ་བྱ་ཉིད་ཡིན་པའི་ཕྱིར། གལ་ཏེ་སྐབས་ཀྱི་ཆོས་ཅན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་དེ་ལྟ་ན་སངས་རྒྱས་པས་གྲངས་ཅན་པ་ལ་བཀོད་པའི་རྟགས་འདིར་གནོད་པ་ཡོད་དེ། རྟགས་ཇི་ལྟར་ན། བདེ་སྡུག་དང་གཏི་མུག་སོགས་ཆོས་ཅན། རྐྱེན་གཞན་གྱིས་བསྐྱེད་ནུས་མིན་པའི་རྟག་པའི་རྫས་མ་ཡིན་ཏེ། ཅིག་ཅར་དུ་རང་འབྲས་སྒྲ་སོགས་ཐམས་ཅད་ཀྱི་རྒྱུ་བྱེད་པ་ཡིན་པའི་ཕྱིར་ཞེས་བྱ་བ་བཀོད་པ་ལ་གྲངས་ཅན་པས་སྔ་མ་བྱེ་བྲག་པ་བཞིན་དུ་རྒོལ་ཏེ། ཅིག་ཅར་དུ་དོན་བྱེད་པས་སྟོང་པའི་རྟགས་དེས་རྟག་པའི་རྫས་འགོག་པ་དེ་བཞིན་དུ་རང་གི་ཆོས་ཅན་བདེ་སོགས་མི་རྟག་པ་དེ་ཡང་བཀག་པས་སྐབས་ཀྱི་བསྒྲུབ་བྱ་བཀག་པའི་སྐྱོན་དུ་འགྱུར་རོ་ཞེས་ཟེར་རོ། །གལ་ཏེ་ཆོས་ཅན་བདེ་སོགས་མི་རྟག་པ་འདི་ལ་གཏན་ཚིགས་ཅིག་ཅར་དུ་དོན་བྱེད་པས་སྟོང་པ་དང་འགལ་བར་ངེས་ན་སྐབས་ཀྱི་བསྒྲུབ་བྱ་དང་འགལ་བར་འགྱུར་བ་ཉིད་ཡིན་ན་ཡང་དེ་དག་འགལ་བ་མ་ཡིན་ཏེ། རྟགས་རིམ་བཞིན་བྱེད་པ་སྟེ་ཅིག་ཅར་དུ་རང་འབྲས་སྒྲ་སོགས་ཀྱི་དངོས་རྒྱུ་མ་ཡིན་པ་འདི་ནི་ཆོས་ཅན། བདེ་སོགས་མི་རྟག་པ་དངོས་མེད་དུ་སྒྲུབ་པའི་ལྷག་ལྡན་གྱི་ཁྱད་པར་དུ་འདོད་པ་ཡིན་ཏེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་པའི་ཕྱིར་ཏེ། ཁྱོད་དང་མི་རྟག་ཉིད་འགལ་བ་མེད་པའི་ཕྱིར། དེའི་སྐབས་ཀྱི་དོན་བསྡུ་བ་ནི། རང་རྟེན་ལ་ཞེས་པའི་ཚིག་གིས་སྐབས་ཀྱི་བསྒྲུབ་བྱ་དེའི་རྟེན་ཆོས་ཅན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་ཡིན་གྱི་འབྲེལ་མེད་ཀྱི་ཆོས་ཅན་འབའ་ཞིག་ཉིད་དམ། ཆོས་གཞན་གྱི་རྟེན་ཆོས་ཅན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་མིན་ནོ་ཞེས་བསྟན་ཏེ། གང་གི་ཕྱིར་རྩོད་པའི་དུས་སུ་རྒོལ་བ་རང་ཉིད་འདོད་པའི་ཆོས་ཞིག་སྐབས་ཀྱི་ཆོས་ཅན་གྱི་སྟེང་དུ་བསྒྲུབ་བྱ་ཡིན་པ་དེའི་ཕྱིར། དཔེར་ན་ཕྱོགས་ཀྱི་མཚན་ཉིད་ཀྱི་རང་ཉིད་ཀྱི་སྒྲ་ཡིས་འབྲེལ་མེད་ཀྱི་ཆོས་གཞན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་མིན་ཞེས་བསྟན་པ་དེ་བཞིན་དུ་རང་གི་ཆོས་ཅན་གྱི་སྒྲས་ཀྱང་འབྲེལ་མེད་ཀྱི་ཆོས་ཅན་གཞན་ལ་གནོད་པ་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་ཡང་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །གལ་ཏེ་ཁྱད་པར་མ་གྲུབ་པར་ཁྱད་པར་ཅན་མ་གྲུབ་པས་གཉིས་ཀ་མ་གྲུབ་པ་རྣམས་ཀྱིས་ཀྱང་ཕྱོགས་སྒྲུབ་པར་མི་ནུས་པས་ཕྱོགས་སྐྱོན་ཡིན་མོད་ཅིའི་ཕྱིར་དེ་དག་ཀུན་བཏུས་སུ་ཕྱོགས་ཀྱི་སྐྱོན་དུ་མ་བཤད་ཅེ་ན། ཕྱོགསསྒྲུབ་པར་མི་ནུས་པ་ཙམ་གྱིས་ཕྱོགས་སྐྱོན་ཡིན་ན་སྒྲུབ་བྱེད་ཀྱི་སྐྱོན་ཐམས་ཅད་ཀྱང་ཕྱོགས་སྐྱོན་དུ་འགྱུར་ལ། དེ་ལྟར་ཡང་མི་རིགས་ཏེ་རྟེན་ཆོས་ཅན་མེད་པས་རྟགས་མ་གྲུབ་པ་དང་དཔེ་བསྒྲུབ་བྱའི་ཆོས་ཀྱི་སྟོང་པས་དཔེ་མ་གྲུབ་ལ་སོགས་སྒྲུབ་བྱེད་ཀྱི་སྐྱོན་ཐམས་ཅད་ཀྱིས་ཕྱོགས་ཉིད་ལ་གནོད་འགྱུར་བ་སྟེ་བསྒྲུབ་པར་མི་ནུས་པ་དེ་ལྟ་ཡིན་ན་ཡང་དེ་དག་ཐམས་ཅད་ཕྱོགས་སྐྱོན་མིན་ཏེ། དམ་བཅའ་བ་ཙམ་དང་འབྲེལ་བའི་སྐྱོན་ཐམས་ཅད་ཕྱོགས་སྐྱོན་ཡིན་གྱི་དམ་བཅའ་བའི་ཡན་ལག་ལས་ཡན་ལག་ཕྱི་མ་དཔེ་རྟགས་ལ་ལྟོས་པའི་སྐྱོན་གང་ཡིན་དེ་ནི་དཔེ་རྟགས་དེ་ཉིད་དང་རྗེས་སུ་འབྲེལ་བའི་སྐྱོན་ཡིན་གྱི་ཕྱོགས་སྐྱོན་ནི་མ་ཡིན་ནོ་ཞེས་སྔར་བཤད་པ་དེའི་ཕྱིར། གལ་ཏེ་ཀུན་བཏུས་སུ་སྒྲ་མཉན་བྱ་མ་ཡིན་བུམ་པ་རྟག་ཅེས་ཆོས་ཀྱི་ངོ་བོ་ལ་གནོད་པའི་དམ་བཅའ་ལྟར་སྣང་ཙམ་བསྟན་པ་ཡིན་གྱི་ཆོས་ཀྱི་ཁྱད་པར་དང་ཆོས་ཅན་གྱི་ངོ་བོ་དང་ཁྱད་པར་ལ་གནོད་པའི་དམ་བཅའ་ལྟར་སྣང་རྣམས་མ་བསྟན་པས་དེ་དག་དམ་བཅའ་ལྟར་སྣང་དུ་མི་ཤེས་སོ་ཞེ་ན། ཀུན་བཏུས་སུ་སྒྲ་མཉན་བྱ་མ་ཡིན་བུམ་པ་རྟག་ཅེས་སོགས་ཆོས་ཀྱི་ངོ་བོ་ལ་གནོད་པའི་དམ་བཅའ་ལྟར་སྣང་གི་དཔེ་བརྗོད་སྟོན་པའི་ཚིག་འདིས་ནི་ཆོས་ཅན། བསྒྲུབ་བྱའི་ཡན་ལག་ཏུ་གྱུར་པའི་ཆོས་ཅན་དང་ཆོས་ཀྱི་ཁྱད་པར་དང་ཆོས་ཅན་རང་གི་ངོ་བོ་ལ་གནོད་པའི་དམ་བཅའ་དག་ཀྱང་དམ་བཅའ་ལྟར་སྣང་དུ་བསྟན་པ་ཡིན་ཏེ། ཁྱོད་དམ་བཅའ་ལྟར་སྣང་ཐམས་ཅད་མཚོན་བྱེད་ཀྱི་དཔེར་བརྗོད་དུ་བསྟན་པའི་ཕྱིར། དེས་ན་དམ་བཅའ་ལྟར་སྣང་བཞི་ཡོད་པ་དེ་ལ་ཆོས་ཅན་གྱི་ངོ་བོ་དང་ཁྱད་པར་ལ་གནོད་པའི་དམ་བཅའ་གནོད་བྱེད་དང་བཅས་པའི་དོན་འདི་བསྟན་པའི་དོན་དུ་དམ་བཅའ་ལྟར་སྣང་གི་དཔེ་ཡི་ཕྱོགས་གཅིག་ཆོས་ཀྱི་ཁྱད་པར་ལ་གནོད་པའི་དམ་བཅའ་གནོད་བྱེད་དང་བཅས་པ་ཙམ་རྒྱས་པར་བརྗོད་པར་བྱའོ། །རྣམ་འགྲེལ་འདིར་བྱེ་བྲག་པའི་ཆོས་ཀྱི་ཁྱད་པར་ལ་གནོད་པའི་དམ་བཅའ་ལྟར་སྣང་གནོད་བྱེད་དང་བཅས་པ་རྒྱས་པར་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། ཁྱོད་ལ་དཔག་ནས་བྱེ་བྲག་པའི་ཆོས་ཅན་གྱི་ངོ་བོ་དང་ཁྱད་པར་ལ་གནོད་པའི་དམ་བཅའ་ལྟར་སྣང་གནོད་བྱེད་དང་བཅས་པ་རྟོགས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གལ་ཏེ་བྱེ་བྲག་པས་ཡན་ལག་ཅན་ནི་ཡན་ལག་ལས་གཞན་དུ་ཡོད་དེ། མངོན་སུམ་གྱིས་མཐོང་ཐོགས་སྒྲིབ་གཡོགས་ལ་སོགས་པ་བྱེད་པའི་ཕྱིར་རོ། །བྱེ་བྲག་པས་ཡན་ལག་ཅན་ནི་ཡན་ལག་ལས་གཞན་དུ་ཡོད་ཅེས་པའི་དམ་བཅའ་ཆོས་ཅན། ཁྱོད་ཀྱིས་ཡན་ལག་རྡུལ་ཕྲན་རྣམས་ཕན་ཚུན་ལྡན་པ་སྟེ་ཕྲད་པས་བསྐྱེད་པའི་དོན་ལྕིད་ལ་སོགས་པའི་ཆོས་གསུམ་ལྡན་གྱི་མཚན་ཉིད་ཅན་གྱི་རྫས་མངོན་སུམ་གྱིས་མཐོང་བ་ལ་བརྟེན་པ་སྟེ་མཐོང་རུང་ཞིག་ཡན་ལག་ལས་རྫས་གཞན་དུ་ཡོད་པར་དམ་བཅས་པ་ཡིན་པར་ཐལ། དེ་ལྟར་དམ་བཅས་པའམ་མངོན་སུམ་གྱིས་མ་མཐོང་བའི་ལྕིད་ལ་སོགས་པའི་ཆོས་གསུམ་ལྡན་གྱི་ཁྱད་པར་ཅན་ཡིན་པ་ཞིག་ཡན་ལག་ལས་གཞན་དུ་ཡོད་པར་དམ་བཅས་པ་གང་རུང་ཡིན་ནས་ཕྱི་མ་ལྟར་དམ་བཅའ་བ་ལ་དགོས་པ་མེད་པའི་ཕྱིར། དེ་མེད་པར་ཐལ། བྱེ་བྲག་པས་མངོན་སུམ་གྱིས་མ་མཐོང་བའི་ཡན་ལག་རྡུལ་ཕྲན་རྣམས་ལ་མཐོང་ཐོགས་སྒྲིབ་གཡོགས་ལ་སོགས་པའི་འབྲས་བུ་མེད་པར་མཐོང་ནས་མཐོང་ཐོགས་སྒྲིབ་གཡོགས་ལ་སོགས་པའི་འབྲས་བུ་ཅན་གྱི་ཆོས་གསུམ་ལྡན་གྱི་ཡན་ལག་ཅན་ཞིག་སྒྲུབ་པར་འདོད་ནས་ཁྱོད་དམ་བཅའ་བའི་ཕྱིར་རོ། །གཞན་ཡང་བྱེ་བྲག་པ་ཆོས་ཅན། ཁྱོད་ཀྱིས་སངས་རྒྱས་པའི་བློ་ངོར་ལྕིད་ལ་སོགས་པའི་ཆོས་གསུམ་ལྡན་གྱི་ཁྱད་པར་ཅན་མིན་པའི་ཡན་ལག་ཅན་ཡན་ལག་ལས་གཞན་དུ་ཡོད་པ་ཞིག་བསྒྲུབས་ན་གྲུབ་ཟིན་ལ་སྒྲུབ་པའི་སྐྱོན་ཉིད་དུ་འགྱུར་བར་ཐལ། སངས་རྒྱས་པས་དེ་འདྲའི་ཡན་ལག་ཅན་ཡན་ལག་ལས་གཞན་དུ་ཡོད་པར་གྲུབ་ཟིན་མ་བརྗེད་པའི་ཕྱིར། དེ་དག་གིས་བྱེ་བྲག་པའི་དམ་བཅའི་དོན་རྗེས་སུ་བརྗོད་ནས་དེ་ལ་གནོད་ཚུལ་བསྟན་པའི་ཕྱིར། སློབ་དཔོན་གྱིས། ཡན་ལག་ཅན་ནི་ཡན་ལག་ལས་གཞན་མ་ཡིན་ཏེ། སྲང་དམའ་བའི་ཁྱད་པར་མི་འཛིན་པའི་ཕྱིར། ཞེས་པའི་དང་པོ་འཆད་པ་དེ། གལ་ཏེ་བྱེ་བྲག་པའི་དམ་བཅའ་དེས་ཆོས་གསུམ་ལྡན་གྱི་ཡན་ལག་ཅན་གྱི་རྫས་ཡོད་པར་དམ་བཅས་ན་སྐྱོན་ཅིར་འགྱུར་ཞེ་ན། གལ་ཏེ་ཡན་ལག་ཅན་འདི་ཡན་ལག་ལས་མ་གཏོགས་པའི་ཡོན་ཏན་ལྕི་བ་དང་དེས་དྲངས་པའི་འོག་ཏུ་འགྲོ་བའི་བྱ་བ་དང་ལྡན་པར་འགྱུར་ན། ལྕིད་མཉམ་པའི་འཇིམ་རིལ་བཅུ་ཚན་གཉིས་ཕན་ཚུན་རིམ་གྱིས་བསྲེས་ནས་སྲང་ལ་བཅལ་བ་ན་རིམ་གྱིས་བསྲེས་པའི་འཇིམ་རིལ་དེ་དག་ཆོས་ཅན། ཁྱོད་སྔར་མ་བསྲེས་པའི་འཇིམ་རིལ་བཅུ་ཚན་དེ་དང་སྲང་གྲངས་མཉམ་པོར་བཅལ་ན་ཁྱོད་སྲང་མགོ་ཐུར་དུ་དམའ་བ་དག་ཏུ་འགྱུར་བར་ཐལ། ཁྱོད་དེ་དང་སྔར་ལྕིད་མཉམ་པོར་ཡོད་པ་ལ་ཕྱིས་དེ་ལ་མེད་པའི་ཁྱོད་ལ་ཡན་ལག་གི་རྫས་དགུའི་ལྕིད་ལྷག་པོ་ཡོད་པའི་ཕྱིར། དེ་ལྟར་ཐལ་བ་ལས་དེས་ན་དེ་ཆོས་ཅན། རང་གི་ཡན་ལག་ལ་མེད་པའི་ཡོན་ཏན་ལྕི་བ་དང་དེས་དྲངས་པའི་འོག་ཏུ་འགྲོ་བའི་བྱ་བ་ལ་ཐལ། དེ་ཡོད་ན་ཁྱོད་སྔར་མ་བསྲེས་པའི་འཇིམ་རིལ་བཅུ་ཚན་དེ་སྲང་གྲངས་མཉམ་པོར་བཅལ་ན་ཁྱོད་སྲང་མགོ་ཐུར་དུ་དམའ་བར་འགྱུར་དགོས་པ་ལ་དེར་མི་འགྱུར་བ་དེས་ནའི་ཕྱིར། འདོད་ན། དེའི་ཕྱིར་ཡན་ལག་ལ་མེད་པའི་ཡོན་ཏན་ལྕི་བ་དང་དེས་དྲངས་པའི་འོག་ཏུ་འགྲོ་བའི་བྱ་བ་གཉིས་ཀྱི་འཕྲོད་པ་དང་འདུ་བ་ཅན་གྱི་རྒྱུ་མིན་པར་ཐལ་ལོ། །རྒྱུ་མཚན་དེའི་ཕྱིར་ན་དེ་ཆོས་ཅན། ཆོས་གསུམ་ལྡན་གྱི་ཡན་ལག་ཅན་གྱི་རྫས་དེ་མངོན་སུམ་གྱིས་མཐོང་བ་མིན་པར་ཐལ། མཐོང་ཐོགས་སྒྲིབ་གཡོགས་ལ་སོགས་པའི་ཡན་ལག་ཅན་གྱི་འབྲས་བུ་སྲང་མགོ་ཐུར་དུ་དམའ་བ་སོགས་དང་རང་གི་ངོ་བོ་དག་གང་ཡང་ཚད་མས་མཐོང་བ་མེད་པའི་ཕྱིར། དེས་ན་བྱེ་བྲག་པས་ཡན་ལག་ཅན་ནི་ཡན་ལག་ལས་གཞན་དུ་ཡོད་ཅེས་པའི་དམ་བཅའ་ཆོས་ཅན། གང་མེད་ན་ཁྱོད་ཀྱི་ཆོས་ཀྱི་ངོ་བོ་གཞན་ཙམ་མི་འབྱུང་བའི་ཁྱད་པར་གཞན་ལྕི་བ་ལ་སོགས་པའི་ཆོས་གསུམ་ལ་ཚད་མས་གནོད་པ་ཡིན་པར་ཐལ། དེ་འདྲ་དེ་ཡོད་ན་ཚད་མས་མཐོང་དུ་རུང་བ་ལ་དེ་ཚད་མས་མཐོང་བ་མེད་པ་དེས་ནའི་ཕྱིར། གལ་ཏེ་རྡུལ་ཕྲ་མོ་གཉིས་ནས་བརྩམས་ཏེ་ཚོགས་ཆེན་པོའི་བར་གྱི་ཡན་ལག་ཅན་གྱི་རྫས་མང་པོའི་ཕྲེང་བ་དག་སྲང་ལ་བཅལ་བ་ཉིད་ཀྱི་ཕྱིར་ན་རྫས་གཞན་རེ་རེ་བ་རྣམས་ཀྱི་ལྕི་བ་ཉིད་ཡོད་ཀྱང་སྲང་ལ་བཅལ་བས་མི་རྟོགས་ཏེ། དཔེར་ན་རས་བལ་གྱི་ཚོགས་ཆེན་པོ་སྲང་ལ་འཇལ་བ་ན་རས་བལ་གྱི་འདབ་མ་རེ་རེ་བཞག་ཀྱང་ལྕིད་མི་རྟོགས་པ་བཞིན་ནོ། །དེས་ན་སྲང་ནི་དམའ་བ་དག་ཏུ་འགྱུར་ལ་རས་བལ་གྱི་འདབ་མས་མ་ངེས་སོ་ཞེས་བྱེ་བྲག་པ་གཞན་དག་ཟེར་རོ། །རྒོལ་བ་དེའི་ལུགས་ལ་ལྗིད་མཉམ་པའི་འཇིམ་རིལ་བཅུ་ཚན་གཉིས་ལས་བཅུ་ཚན་གཅིག་ཅིག་ཅར་དུ་ལྡན་པ་སྟེ་བསྡོམས་པ་དང་བཅུ་ཚན་གཅིག་སོ་སོར་ལྡན་པ་སྟེ་རིམ་གྱིས་བསྡོམ་པའི་རྡུལ་གྱི་ཚོགས་པ་དག་ཆོས་ཅན། ཁྱོད་གཉིས་སྲང་གྲངས་མཉམ་པོར་བཅལ་ན་ལྗིད་ཆེ་ཆུང་ཐ་དད་དུ་འགྱུར་བར་ཐལ། ཁྱོད་གཉིས་ལ་ཡན་ལག་ཅན་གྱི་རྫས་དགུའི་ལྕིད་ལྷག་པོ་ཡོད་མེད་ཀྱི་ཁྱད་པར་ཡོད་པ་དེའི་ཕྱིར། ཡང་གསེར་མ་ཤ་ཀའམ་འོལ་མ་སེ་ལ་སོགས་སྟོང་ཚན་གཉིས་ལ་སྟོང་ཚན་གཅིག་སོ་སོར་རིམ་གྱིས་སྲང་ལ་བཅལ་བ་དང་སྟོང་ཚན་གཅིག་ལྷན་ཅིག་ཏུ་ཅིག་ཅར་སྲང་ལ་བཅལ་བ་ན་དེ་གཉིས་ཆོས་ཅན། ཁྱོད་གཉིས་ལ་གྲངས་ཀྱི་རིམ་པ་སྟོང་དུ་མཚུངས་པར་མི་རུང་བར་ཐལ། ཁྱོད་གཉིས་ལ་ཡན་ལག་ཅན་གྱི་རྫས་སྟོང་གཅིག་ལ་གཅིག་གིས་མ་ཚང་བའི་ལྕིད་ལྷག་པོ་ཡོད་མེད་ཀྱི་ཁྱད་པར་ཡོད་པའི་ཕྱིར། གལ་ཏེ་ཡུངས་དཀར་གཉིས་ནས་བརྩམས་ཏེ་ཡན་ལག་ཅན་གྱི་ཚོགས་ཆེན་པོའི་བར་གོང་ནས་གོང་དུ་འཕེལ་བ་དང་ལྡན་པའི་ཡན་ལག་གི་འབྲས་བུ་ཡན་ལག་ཅན་གྱི་རྫས་མང་པོའི་ཕྲེང་བ་ལྕི་བ་དག་སྲང་ལ་བཅལ་བས་རྟོགས་པ་མ་ཡིན་པས་སྐྱོན་མེད་དོ་ཞེ་ན། ཤེས་བྱ་ཆོས་ཅན། སྲང་ལ་གཞལ་བས་རྟོགས་བྱར་གྱུར་པའི་ཡན་ལག་ཅན་གྱི་ལྕིད་ཅུང་ཟད་ཀྱང་མེད་པར་ཐལ། ཡུངས་དཀར་གཅིག་གི་ཚད་དུ་ལོངས་པའི་བར་གྱི་ཡན་ལག་ཅན་གྱི་ལྕིད་དག་ནི་ལྕིད་ཤིན་ཏུ་ཆུང་ངུ་ཡིན་པས་སྲང་ལ་བཅལ་བས་ཤིན་ཏུ་རྟོགས་དཀའ་ལ་དེ་ཡན་ལག་གྱི་ཡན་ལག་ཅན་གྱི་ལྕིད་ནི་སྲང་ལ་བཅལ་བས་མི་རྟོགས་པའི་ཕྱིར། འདོད་ན། ཡན་ལག་ཅན་དེའི་རྒྱུ་ཡན་ལག་རྡུལ་ཕྲན་གྱི་ལྕིད་ཉིད་སྲང་ལས་གཞལ་བྱའི་ལྕིད་ཡོད་པར་འགྱུར་བར་ཐལ། སྲང་ལས་གཞལ་བྱའི་ལྕིད་ཡོད་པ་གང་གི་འབྲས་བུ་ཡན་ལག་ཅན་གྱི་ལྕིད་ནི་སྲང་ལས་བཅལ་བས་མི་རྟོགས་པའི་ཕྱིར། གཞན་ཡང་རས་འདབ་བཞིན་ཞེས་པའི་དཔེ་ཡང་མི་མཚུངས་ཏེ། རས་བལ་གྱི་འདབ་མ་ཆོས་ཅན། ཁྱོད་ཡན་ལག་ལས་མ་གཏོགས་པའི་ཡན་ལག་གི་ལྕིད་ཡོད་ཀྱང་སྲང་ལ་བཅལ་བས་མི་རྟོགས་པའི་དཔེར་མི་རུང་བར་ཐལ། ཁྱོད་ཀྱི་ངོ་བོ་རང་འཛིན་མངོན་སུམ་གྱིས་མཐོང་ཞིང་ཁྱོད་དུ་མ་སྲང་ལ་བཅལ་བ་ན་འབྲས་བུ་སྲང་མགོ་ཐུར་དུ་དམའ་བ་སོགས་ཚད་མས་རྟོགས་པ་བཞིན་ཡན་ལག་ལས་མ་གཏོགས་པའི་ཡན་ལག་ཅན་གྱི་དོན་ནམ་རྫས་དེའི་ངོ་བོ་རང་འཛིན་མངོན་སུམ་གྱིས་མཐོང་བ་མེད་ཅིང་དེ་དུ་མ་སྲང་ལ་བཅལ་བ་ན་དེའི་འབྲས་བུ་སྲང་མགོ་ཐུར་དུ་དམའ་བ་ལ་སོགས་པའག་ཚད་མས་རྟོགས་པ་མེད་པའི་ཕྱིར། ཡང་གསེར་མ་ཤ་དང་འཇིམ་རིལ་གྱི་གོང་བུ་རྣམས་ཆོས་ཅན། རང་གི་ཡན་ལག་ལ་མེད་པའི་རང་གི་ཡོན་ཏན་གཟུགས་དྲི་ལ་སོགས་ལྷག་པོ་ཅུང་ཟད་ཀྱང་ཡོད་པ་མིན་པར་ཐལ། རང་གི་ཡན་ལག་ལ་མེད་པའི་རང་གི་ཡོན་ཏན་ལྕིད་ཉིད་ཚད་མས་རྟོགས་པ་མེད་པ་བཞིན་དུ་དེའི་སྟེ་རང་གི་ཡན་ལག་ལ་མེད་པའི་རང་གི་ཡོན་ཏན་གཟུགས་དྲི་ལ་སོགས་ཐམས་ཅད་ཚད་མས་རྟོགས་པ་མེད་པའི་ཕྱིར། གལ་ཏེ་ལྷག་པོ་མེད་ན་སྲང་དམའ་བའི་ཁྱད་པར་འཛིན་པ་མེད་པའི་ཕྱིར་ཞེས་ལྕིད་ཁོ་ན་འགོག་པ་ཅི་ཞེ་ན། སྲང་དམའ་བའི་ཁྱད་པར་འཛིན་པ་མེད་པའི་ཕྱིར་ཞེས་པའི་རྟགས་དེ་ནི་ཆོས་ཅན། ཡན་ལག་ལ་མེད་པའི་ཡོན་ཏན་ལྕིད་ཁོ་ན་འགོག་པ་མེད་པར་ཐལ། ཡན་ལག་ལ་མེད་པའི་ལྕིད་དེས་ཉེ་བར་མཚོན་ཏེ་ཡན་ལག་ལ་མེད་པའི་ཡོན་ཏན་ཐམས་ཅད་འགོག་པའི་ཕྱིར། དེས་ན་འཇིམ་རིལ་དུ་མ་རིམ་གྱིས་བསྲེས་པའི་འཇིམ་གོང་ཆོས་ཅན། རང་གི་ཡན་ལག་ལ་མེད་པའི་རང་གི་ཡོན་ཏན་གཟུགས་དྲི་ལ་སོགས་ལྷག་པོ་ཅུང་ཟད་ཀྱང་མེད་པར་ཐལ། དེ་ཡོད་ན་རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་རང་འཛིན་དབང་པོའི་མངོན་སུམ་གྱིས་མཐོང་བ་ལ་དེས་མཐོང་བ་མེད་པའི་ཕྱིར། ད་ནི་ཇི་སྐད་བཤད་པའི་རིགས་པས་རྩོད་པའི་དུས་སུ་རྒོལ་བ་དམ་བཅའ་ལྟར་སྣང་ལ་ཁས་བླངས་སོགས་ཀྱིས་གནོད་པ་འབབ་ཚུལ་གཞན་ཡང་ཅི་རིགས་པར་རྟོགས་པར་བྱའོ་ཞེས་སྟོན་པ་དེ། རྩོད་པའི་དུས་སུ་རྒོལ་བའི་དམ་བཅའ་ལ་ཁས་བླངས་སྔ་ཕྱི་དང་རང་གི་ཚིག་དངོས་ཤུགས་སོགས་མངོན་རྗེས་དང་གྲགས་པ་སོགས་ཀྱིས་གནོད་པ་དག་སྲིད་པས་ན་དམ་བཅའ་གང་ལས་ཁས་བླངས་ལ་སོགས་གང་གིས་གནོད་པ་ལ་དེ་དང་དེ་ལ་གནོད་ཚུལ་གྱི་དཔེར་བརྗོད་གཞན་ཡང་ཅི་རིགས་པར་རྟོགས་པར་བྱའོ། གང་ལས་ན། བྱེ་བྲག་པའི་ཆོས་ཀྱི་ཁྱད་པར་འགོག་པའི་དམ་བཅའ་ལ་གནོད་ཚུལ་གྱི་དཔེར་བརྗོད་རྒྱས་པར་སྔར་ཇི་སྐད་བཤད་པའི་ཕྱོགས་ཀྱིས་མཚོན་ནས་རྟོགས་པར་བྱའོ། །རྣམ་འགྲེལ་དུ་བྱེ་བྲག་པའི་ཆོས་ཀྱི་ཁྱད་པར་འགོག་པའི་དམ་བཅའ་ལ་གནོད་ཚུལ་གྱི་དཔེ་རྒྱས་པར་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ཁྱོད་ལས་དཔག་ནས་རྩོད་པའི་དུས་སུ་རྒོལ་བའི་དམ་བཅའ་ལ་ཁས་བླངས་སོགས་ཀྱིས་གནོད་ཚུལ་གྱི་དཔེར་བརྗོད་གཞན་ཡང་ཅི་རིགས་པར་ཤེས་པར་བྱའོ་ཞེས་བསྟན་པའི་ཆེད་ཡིན་པའི་ཕྱིར། དེ་དག་གིས་རང་ལུགས་ཀྱི་བསྒྲུབ་བྱའི་མཚན་ཉིད་བསྟན་ནས་གཞན་ལུགས་ཀྱི་བསྒྲུབ་བྱའི་མཚན་ཉིད་འགོག་པར་བཞེད་ནས་ཀུན་བཏུས་སུ། རིགས་པ་ཅན་པ་རྣམས་ན་རེ། བསྒྲུབ་བྱ་སྟོན་ཞེས་པ་འདི་ལ། གྲུབ་པ་མེད་ལ་དོན་བཅས་ཉིད། །དེ་ལྟ་ན་ནི་དཔེ་དང་རྟགས། །མ་གྲུབ་བརྗོད་པ་ཐལ་བར་འགྱུར། །ཅེས་གསུངས་པ་འཆད་དེ་རིགས་པ་ཅན་པས་སྒྲུབ་བྱ་སྟོན་པ་དམ་བཅའོ་ཞེས་བསྒྲུབ་བྱ་ཞེས་པའི་ཚིག་ཆོས་ཅན། ཁྱོད་ཀྱིས་དུས་སམ་ཕྱི་རྒོལ་ལ་རྟགས་ཀྱི་བསྒྲུབ་བྱའི་དོན་ཐམས་ཅད་སྟོན་པར་ཐལ། ཁྱོད་ཀྱིས་ཕྱི་རྒོལ་ལ་རྟགས་ཀྱི་བསྒྲུབ་བྱའི་དོན་སྟོན་པ་གང་གིས་ཁྱོད་དུས་གསུམ་གྱི་ཡུན་བྱ་བའི་རྐྱེན་གྱིས་མཐའ་ཅན་ཡིན་པའི་ཕྱིར། འདོད་ན། དཔེ་རྟགས་གྲུབ་པ་དེ་ལྟའི་བདག་ཉིད་ཡིན་པར་གཞན་དཔེ་རྟགས་མ་གྲུབ་པ་སྒྲ་རྟག་སྟེ་མིག་གི་གཟུང་བྱ་ཡིན་པའི་ཕྱིར་བློ་བཞིན་ཞེས་པ་དེ་ལྟར་སྒྲུབ་བྱེད་དུ་བཀོད་བཞིན་པའི་དཔེ་རྟགས་མ་གྲུབ་པ་དེ་ཆོས་ཅན། ཁྱོད་སྒྲུབ་བྱེད་དུ་བཀོད་བཞིན་པ་དེའི་ཚེ་རྒོལ་བ་བསྒྲུབ་བྱར་མི་འདོད་ནའང་བསྒྲུབ་བྱར་འགྱུར་བར་ཐལ། ཁྱོད་མ་འོངས་པ་ན་ཕྱིར་རྒོལ་ལ་རྟགས་ཀྱི་བསྒྲུབ་བྱའི་དོན་ཡིན་པའི་ཕྱིར།

གལ་ཏེ་བསྒྲུབ་བྱའི་སྒྲ་དཔེ་རྒོལ་བས་ད་ལྟ་བསྒྲུབ་བྱར་འདོད་པ་ཁོ་ན་སྟོན་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། བསྒྲུབ་བྱར་བྱ་བ་ཞེས་པའི་སྒྲ་ཆོས་ཅན། རྒོལ་བས་འདོད་ཡུལ་དུ་བྱས་པའི་ཁྱད་པར་ད་ལྟ་བསྒྲུབ་བྱར་འདོད་པ་ཁོ་ན་ལ་བརྟེན་པ་མིན་པར་ཐལ། ཤེས་བྱེད་སྐབས་ཀྱི་ཕྱི་རྒོལ་གྱིས་མ་གྲུབ་པའི་དོན་ཐམས་ཅད་རྟོགས་པར་བྱེད་པ་ཡིན་པ་དེའི་ཕྱིར། དེས་ན་སློབ་དཔོན་ཕྱོགས་གླང་ཆོས་ཅན། བསྒྲུབ་བྱ་སྟོན་པ་དམ་བཅའི་མཚན་ཉིད་དུ་སྨྲ་བ་ལ་སྒྲུབ་བྱེད་དུ་བཀོད་བཞིན་པའི་དཔེ་དང་གཏན་ཚིགས་མ་གྲུབ་པ་བརྗོད་པ་དག་སུན་འབྱིན་གྱི་དཔེར་བརྗོད་དུ་བྱས་པ་རྒྱུ་མཚན་ཡོད་པ་ཡིན་ཏེ། བསྒྲུབ་བྱ་ཞེས་པའི་སྒྲས་ཤེས་བྱེད་སྐབས་ཀྱི་ཕྱི་རྒོལ་གྱིས་གྲུབ་མ་ཟིན་ཙམ་ཐམས་ཅད་སྟོན་པའི་རྒྱུ་མཚན་དེས་ན་དེ་ལྟར་བསྟན་པའི་ཕྱིར། བསྒྲུབ་བྱ་ཞེས་པའི་སྒྲས་ཤེས་བྱེད་སྐབས་ཀྱི་ཕྱི་རྒོལ་གྱི་གྲུབ་མ་ཟིན་ཙམ་སྟོན་པ་ལས་གཞན་དུ་མ་གྲུབ་པ་ཐམས་ཅད་སྟོན་ན། རི་བོང་རྭ་དང་མོ་གཤམ་བུ་ལ་སོགས་མ་གྲུབ་པ་ཀུན་ཀྱང་བསྒྲུབ་བྱར་འགྱུར་ཞེས་པའི་སྐྱོན་འཕེན་པར་རིགས་པར་ཐལ་ལོ། །གལ་ཏེ་དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་མ་ཡིན་ཏེ། ལས་མ་ཡིན་པའི་ཕྱིར་དང་། དེ་བརྗོད་པ་དམ་བཅའི་ཡན་ལག་མ་ཡིན་པའི་ཕྱིར་དང་། གྲུབ་མཐའ་བཞིའི་སྐབས་ཀྱི་མ་གྲུབ་པ་མ་ཡིན་པའི་ཕྱིར་ཞེ་ན། གྲུབ་མཐའ་བཞི་གང་ཞེ་ན། རྒྱུད་ཐམས་ཅད་འགལ་བ་མེད་པ་རྒྱུད་ཐམས་ཅད་པའི་གྲུབ་མཐའ་སྟེ་ཚད་མས་གཞལ་བྱ་སྒྲུབ་ཅེས་པ་ལྟ་བུའོ། །རྒྱུད་མཐུན་པ་ལ་གྲུབ་ཅིང་མི་མཐུན་པ་ལ་མ་གྲུབ་སོ་སོའི་རྒྱུད་ཀྱི་གྲུབ་མཐའ་སྟེ་དངོས་པོ་ཐམས་ཅད་གཅིག་པའམ་ཐ་དད་པའམ་ཐམས་ཅད་རྟགས་པའམ་མི་རྟག་པ་ཅེས་པ་ལྟ་བུའོ། །གང་གྲུབ་པ་ན་སྐབས་གཞན་གྲུབ་པ་སྐབས་ཀྱི་གྲུབ་མཐའ་སྟེ་ལུས་ཅན་མ་ཡིན་པའི་བདག་ནི་ཤི་ནས་འབྲས་བུ་ལ་ལོངས་སྤྱོད་ཅེས་པས་བདག་ཡོད་པར་གྲུབ་པ་ལྟ་བུའོ། །མ་བརྟགས་པར་ཁས་བླངས་ནས་དེའི་ཁྱད་པར་ལ་སྤྱོད་པ་ཁས་བླངས་པའི་གྲུབ་མཐའ་སྟེ་མ་བརྟགས་པར་བདག་ཡོད་པར་ཁས་བླངས་ནས་དེ་རྟག་གམ་མི་རྟག་ཅེས་དཔྱོད་པ་ལྟ་བུའོ། །དེ་ལ་ངོ་བོ་རྣམས་རྐང་མིག་པས་བཤད་ལ་དཔེ་རྣམས་གསལ་བྱེད་པས་བཤད་དོ་ཞེས་པ་ཡ་མ་རིས་འཆད་དོ། །སྒྲུབ་བྱེད་དུ་བཀོད་བཞིན་པའི་དཔེ་རྟགས་མ་གྲུབ་པ་ཐམས་ཅད་ཆོས་ཅན། ལས་མ་ཡིན་པ་དང་ཁྱོད་བརྗོད་པ་དམ་བཅའི་ཡན་ལག་མ་ཡིན་པ་ལ་སོགས་པའི་རྟགས་ཀྱི་ཁྱད་པར་ཉེ་བར་བཀོད་པའི་ལན་གྱིས་ཁྱོད་བསྒྲུབ་བྱ་ཡིན་པ་ལས་རྣམ་པར་འབྱེད་ཅིང་བཟློག་ནུས་པ་མ་ཡིན་པར་ཐལ། ཕྱི་རྒོལ་འགའ་ཞིག་གིས་རྣམ་པ་འགའི་སྒོ་ནས་ཀྱང་ཕྱི་རྒོལ་འགའ་མ་གྲུབ་པའི་ཕྱིར་ན་ལས་ལ་སོགས་པར་འགྱུར་བ་དེས་ནའི་ཕྱིར། ཇི་ལྟར་ན། སྒྲུབ་བྱེད་དུ་བཀོད་བཞིན་པའི་ཚེ་སྒྲུབ་བྱེད་དེ་དམ་བཅའ་བའི་ཡན་ལག་མ་ཡིན་ནོ་ཞེས་རུང་བ་མིན་པར་ཐལ། སྔར་སྒྲུབ་བྱེད་དུ་བཀོད་བཞིན་པའི་དུས་ནས་ཕྱི་རྒོལ་གྱིས་མ་གྲུབ་པའི་རང་བཞིན་ཡིན་པའི་ཕྱིར། ཡང་གྲུབ་མཐའ་ཉིད་དུ་མཚུངས་པར་ཐལ། རྒོལ་བ་འགའ་ཞིག་གིས་ཁས་བླངས་པའི་དེ་ཡང་ཡིན་པའི་ཕྱིར། ཁྱབ་སྟེ། རྒོལ་བ་གང་གིས་ཁས་བླངས་པ་དེ་ནི་ཁས་བླངས་པའི་གྲུབ་མཐའི་མཚན་ཉིད་དུ་འགྱུར་བར་འདོད་པའི་ཕྱིར་རོ། །

གལ་ཏེ་བསྒྲུབ་བྱ་སྟོན་པ་དམ་བཅའོ་ཞེས་བསྒྲུབ་བྱ་དེ་ཆོས་དང་ཆོས་ཅན་གྱི་ཚོགས་པ་ཉིད་ཡིན་གྱི་ཤེས་བྱེད་སྐབས་ཀྱི་མ་གྲུབ་ཙམ་མ་ཡིན་པས་སྐྱོན་མེད་དོ་ཞེ་ནའང་དེ་དགག་པ་ལ། ཀུན་བཏུས་སུ། བསྒྲུབ་ཆོས་ཡིན་ན་ཆོས་མཐུན་མེད། །ཆོས་ཅན་བསྒྲུབ་བྱ་རྟགས་དོན་མེད། །ཅེས་འཆད་དེ་སྐྱེ་ལྡན་ཆོས་ཅན། སྒྲ་དང་མི་རྟག་པ་གཉིས་པོ་ཕན་ཚུན་གཅིག་གིས་གཅིག་ཁྱད་པར་དུ་བྱས་པ་ཅན་གང་རུང་ཁྱོད་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་ཡིན་པར་ཐལ། དེ་གཉིས་ཀྱི་ཚོགས་པ་དེ་ཁྱོད་ཀྱིས་དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡིན་པའི་ཕྱིར། དེའི་ཚེ་འདོད་ན། སྒྲ་མི་རྟག་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཀྱིས་སྒྲ་མི་རྟག་སྒྲུབ་ཀྱི་ཕྱི་རྒོལ་དེས་མི་རྟག་པས་ཁྱད་པར་དུ་བྱས་པའི་ཆོས་ཅན་སྒྲ་དང་མཐུན་དཔེ་བུམ་པ་གཉིས་ཁྱོད་དུ་ཆོས་མཐུན་པར་ཚད་མས་མ་ངེས་པའི་ཕྱིར། མ་ཁྱབ་ན། རིགས་པ་ཅན་པས་དཔེ་དང་ཆོས་མཐུན་པས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ནི་རྟགས་སོ་ཞེས་གཏན་ཚིགས་ཀྱི་མཚན་ཉིད་མ་གྲུབ་པར་འགྱུར་རོ། །

ཡང་བུམ་པ་ཆོས་ཅན། སྐྱེ་ལྡན་གྱི་སྒྲ་མི་རྟག་སྒྲུབ་ཀྱི་མཐུན་དཔེ་ཡང་དག་མ་ཡིན་པར་ཐལ། དེས་དེ་སྒྲུབ་ཀྱི་ཕྱི་རྒོལ་དཔེ་མི་རྟག་པས་ཁྱད་པར་དུ་བྱས་པའི་ཆོས་ཅན་སྒྲ་དང་མཐུན་དཔེ་ཁྱོད་གཉིས་སྐྱེ་ལྡན་དུ་ཆོས་མཐུན་པར་ཚད་མས་མ་ངེས་པའི་ཕྱིར། མ་ཁྱབ་ན། བསྒྲུབ་བྱ་དང་ཆོས་མཐུན་པས་དེའི་ཆོས་ཡོད་པ་ཅན་ནི་དཔེའོ་ཞེས་དཔེའི་མཚན་ཉིད་མ་གྲུབ་པར་འགྱུར་རོ། །གལ་ཏེ་ཚོགས་དོན་ལ་བསྒྲུབ་བྱའི་སྒྲ་འཇུག་པ་མི་སྲིད་པའི་ཕྱིར་ན་བསྒྲུབ་བྱའི་སྒྲ་ཤེས་འདོད་དང་ལྡན་པའི་ཆོས་ཅན་ལ་ཉེ་བར་བཏགས་ནས་འཇུག་པར་འདོད་དེ། ཁྱོད་ཀྱང་རྟགས་ཀྱི་མཚན་ཉིད་འཆད་པ་ན་ཤེས་འདོད་ཆོས་ཅན་ལ་བསྒྲུབ་བྱའི་སྒྲ་ཉེ་བར་འདོགས་པ་བཞིན་ནོ་ཞེ་ན། ཤེས་བྱ་ཆོས་ཅན། རྟགས་ཀྱི་མཚན་ཉིད་འཆད་པ་ན་ཤེས་འདོད་ཆོས་ཅན་ལ་བསྒྲུབ་བྱའི་སྒྲ་ཉེ་བར་བཏགས་པ་ལྟར་དམ་བཅའི་མཚན་ཉིད་འཆད་པ་ན་བསྟན་བཅོས་སུ་དེ་ལ་བསྒྲུབ་བྱའི་སྒྲ་ཉེ་བར་བཏགས་པས་ཅི་བྱ་སྟེ་དོན་མེད་པར་ཐལ། དེ་འཆད་པ་ན་དེའི་སྒྲ་ཉེ་བར་བཏགས་པ་ནི་མཐུན་དཔེའི་ཆོས་སོགས་ཚུལ་དང་པོ་ཡིན་པ་དགག་པའི་ཆེད་ཡིན་ལ། དམ་བཅའི་མཚན་ཉིད་འཆད་པ་ན་དེ་ལ་དེའི་སྒྲ་ཉེ་བར་བཏགས་པ་ལ་དགོས་པ་མེད་པའི་ཕྱིར། དེས་ན་བསྒྲུབ་བྱ་སྟོན་པ་དམ་བཅའོ་ཞེས་པའི་བསྒྲུབ་བྱའི་སྒྲ་ཆོས་ཅན། རང་གི་བརྗོད་བྱར་ཅི་ལྟར་རིགས་ཤིང་གྲགས་པ་ཆོས་དང་ཆོས་ཅན་གྱི་ཚོགས་དོན་ནམ་ཤེས་བྱེད་སྐབས་ཀྱི་ཕྱི་རྒོལ་གྱིས་གྲུབ་མ་ཟིན་གྱི་དོན་ལ་འཇིག་རྟེན་རང་ཉིད་འཇུག་པར་འགྱུར་བ་རིགས་པ་ཡིན་པར་ཐལ། དེ་ལས་གཞན་ཤེས་འདོད་ཆོས་ཅན་སོགས་ལ་འཇུག་པ་མི་རིགས་པའི་ཕྱིར། འདོད་ན། དེའི་ཕྱིར་དེ་ཚེ་གཏན་ཚིགས་དང་། །དཔེའི་མཚན་ཉིད་མ་གྲུབ་འགྱུར། །ཅེས་པ་དང་། དེ་ལྟ་ན་ནི་དཔེ་དང་རྟགས། །མ་གྲུབ་བརྗོད་པར་ཐལ་བར་འགྱུར། །ཞེས་པའི་སྐྱོན་སོ་ན་གནས་སོ། །གཞན་ཡང་ཀུན་བཏུས་སུ། སྔར་ངེས་བཟུང་ན་དོན་མེད་འགྱུར། གཅིག་ཤོས་ལྟར་ན་འདོད་མི་འགྱུར། །ཅེས་པ་འཆད་དེ། བསྒྲུབ་བྱ་གྲུབ་མ་ཟིན་སྟོན་པའི་ཕྱིར་རམ་སྒྲུབ་བྱེད་བསྒྲུབ་བྱ་ཡིན་པ་གཅོད་པའི་ཕྱིར་དུ། བསྒྲུབ་བྱ་སྟོན་པ་ཁོ་ན་དམ་བཅའོ་ཞེས་གཞན་ལྡན་རྣམ་གཅོད་དུ་སྦྱོར་རམ། སྒྲུབ་བྱེད་སྟོན་པ་དམ་བཅའ་ཁོ་ནའོ་ཞེས་མི་ལྡན་རྣམ་གཅོད་དུ་སྦྱོར། དང་པོ་ལྟར་ན་གང་ལ་སྒྲུབ་བྱེད་འགོད་པའི་བསྒྲུབ་བྱའི་དོན་དེ་ཆོས་ཅན། ཁྱོད་ཕྱི་རྒོལ་གྱིས་གྲུབ་མ་ཟིན་དུ་སྟོན་པའི་ཕྱིར་དུ་དམ་བཅའི་མཚན་ཉིད་ཀྱི་ཚིག་ཟུར་དུ་ཁོ་ནའི་ངེས་བཟུང་སྨོས་མི་དགོས་པར་ཐལ། ཁྱོད་བསྒྲུབ་པར་བྱ་བའི་ཕྱིར་དུ་ཁྱོད་ཀྱི་སྒྲུབ་བྱེད་སྟོན་པའི་ཤུགས་ཉིད་ལས་ཁྱོད་ཕྱི་རྒོལ་གྱིས་བསྒྲུབ་བྱ་སྟེ་གྲུབ་མ་ཟིན་ཉིད་དུ་རྟོགས་པའི་ཕྱིར་ཏེ། ཁྱོད་ཕྱི་རྒོལ་གྱིས་གྲུབ་ཟིན་ན་ཁྱོད་ཀྱི་སྒྲུབ་བྱེད་འགོད་པ་དོན་མེད་པའི་ཕྱིར། ཡང་སྒྲུབ་པར་བྱེད་པ་ཉིད་དུ་བཀོད་བཞིན་པའི་དཔེ་རྟགས་ཆོས་ཅན། ཁྱོད་སྒྲུབ་བྱེད་དུ་བཀོད་བཞིན་པའི་ཚེ་བསྒྲུབ་བྱ་ཡིན་པ་བཤད་པའི་དོན་དུ་དམ་བཅའི་མཚན་ཉིད་ཀྱི་ཚིག་ཟུར་དུ་ཁོ་ནའི་ངེས་བཟུང་སྨོས་པའི་དགོས་པ་ཡོད་པར་ཐལ། དེའི་ཚེ་ཕྱི་རྒོལ་གྱིས་ཁྱོད་ལ་བསྒྲུབ་བྱ་ཡིན་ནམ་སྙམ་པའི་དོགས་པའང་མེད་པའི་ཕྱིར་ཏེ། དེའི་ཚེ་ཁྱོད་ལ་དཔེ་དང་གཏན་ཚིགས་སོགས་ཀྱི་མཚན་ཉིད་ཀྱིས་ཁྱབ་པས་བསྒྲུབ་བྱ་དང་རིགས་མི་མཐུན་པའི་ཕྱིར། དེས་ན་བསྒྲུབ་བྱ་སྟོན་པ་ཁོ་ན་དམ་བཅའོ་ཞེས་དམ་བཅའི་སྔར་ཁོ་ནའི་ངེས་བཟུང་སྨོས་ན་རིགས་པ་ཅན་པ་དེ་ཡིས་ནི་དམ་བཅའི་མཚན་ཉིད་བརྗོད་པ་དོན་མེད་དེ། མཚན་ཉིད་ལ་རྣམ་གཅད་ཀྱི་དགོས་པ་མེད་པའི་ཕྱིར། དམ་བཅའི་སྔར་ཁོ་ནའི་ངེས་བཟུང་སྨོས་པ་དོན་མེད་པ་དེའི་ཕྱིར་ན་དེའི་ཤུགས་ཀྱིས་བསྒྲུབ་བྱ་སྟོན་པ་དམ་བཅའ་ཁོ་ནའོ་ཞེས་པ་དེར་བརྗོད་དགོས་པས་ཁོ་ནའི་ངེས་བཟུང་དེ་ཁྱབ་པ་སྟེ་མི་ལྡན་རྣམ་གཅོད་པ་བཞིའི་འབྲས་བུ་ཅན་ཡིན་པར་རྟོགས་པར་འགྱུར་ལ། དེ་ལྟ་མིན་ན་དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱར་ཐལ་བའི་སྐྱོན་སོ་ན་གནས་སོ། །ད་གཞན་ཕྱོགས་ཀྱི་དམ་བཅའི་སྐྱོན་འགོག་པར་བཞེད་ནས། ཀུན་བཏུས་སུ། རིགས་པ་ཅན་པ་ལ་བརྗོད་པ། གཏན་ཚིགས་དམ་བཅའ་དང་འགལ་བ། །དམ་བཅའི་སྐྱོན་ཞེས་རིགས་པ་མིན། ལེགས་པར་མ་བསླབ་པ་རྣམས་ཀྱིས། །དེ་ནི་ཆོས་མི་མཐུན་དཔེར་བརྗོད། །ཅེས་གསུངས་པ་འཆད་དེ། རིགས་པ་ཅན་པ་ན་རེ། སྒྲ་ཆོས་ཅན་རྟག་སྟེ་ཐམས་ཅད་མི་རྟག་པའི་ཕྱིར་ཅེས་པ་ལྟ་བུ་རྟགས་དམ་བཅའ་དང་འགལ་བ་དམ་བཅའི་དོན་ཡིན་ནོ་ཞེ་ན། དེ་མི་རིགས་ཏེ། རྟགས་དམ་བཅའ་དང་འགལ་བའི་དོན་ཡང་རྟགས་འདོད་ཡུལ་གྱི་བསྒྲུབ་བྱ་དང་འབྲེལ་བ་མེད་པ་ཡིན་ལ། དེ་ཡང་རྟགས་ཀྱིས་འདོད་ཡུལ་གྱི་བསྒྲུབ་བྱ་ལ་ཕན་པ་མེད་ཅིང་སྒྲུབ་པའི་ནུས་པས་དམ་བཅའ་འགལ་ལམ་རྟགས་འདོད་ཡུལ་གྱི་བསྒྲུབ་བྱའི་ཆོས་དང་ཆོས་ཅན་གྱི་སྟེང་དུ་ལྷན་ཅིག་མི་གནས་པས་དམ་བཅའ་འགལ། དེ་གཉིས་ལས་མི་འདའོ། །

གལ་ཏེ་དང་པོ་དེ་ལྟ་ཡིན་ན་ནི་འགལ་མ་ངེས་མ་གྲུབ་པའི་རྟགས་ཀྱི་སྐྱོན་ཐམས་ཅད་དམ་བཅའི་སྐྱོན་དུ་འགྱུར་ལ། དེ་ཡང་མི་རིགས་ཏེ་ཕྱོགས་ཀྱི་སྐྱོན་ནི་གཞན་དཔེ་རྟགས་ལ་ལྟོས་པ་མ་ཡིན་ན་ཞེས་ཀྱང་སྔར་རྒྱས་པར་བསྟན་ཟིན་ཏོ། །

གཉིས་པ་ལྟར་ནའང་རྟགས་འདོད་ཡུལ་གྱི་བསྒྲུབ་བྱའི་ཆོས་དང་ཆོས་ཅན་ལ་ལྷན་ཅིག་གནས་པ་མེད་པ་ཆོས་ཅན། དམ་བཅའི་སྐྱོན་མ་ཡིན་པར་ཐལ། རྟགས་མ་གྲུབ་ཡིན་པའི་ཕྱིར། གཞན་ཡང་སྒྲ་ཆོས་ཅན། རྟག་ཏེ་ཐམས་ཅད་མི་རྟག་པའི་ཕྱིར་ཅེས་པའི་སྦྱོར་བ་དེས་སྒྲ་ལ་མི་རྟག་པ་དེ་ལྟར་རྟགས་སུ་བརྗོད་པར་བྱེད་ན་སྒྲ་དེ་མི་རྟག་པའི་གཏན་ཚིགས་དང་ལྡན་པར་འགྱུར་བས་དེ་ལྟར་ན་རྟགས་མི་རྟག་པ་དེ་སྒྲ་རྟག་པ་དེ་ནི་བཟློག་པར་འགྱུར་བ་ཡིན་ཡང་། དེ་འདྲའི་སྦྱོར་བ་འདི་ཆོས་ཅན། སྒྲ་དེ་མི་རྟག་པའི་གཏན་ཚིགས་དང་ལྡན་པར་བརྗོད་པ་མ་ཡིན་པར་ཐལ། ཐམས་ཅད་མི་རྟག་པའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པའི་ཆོས་མི་མཐུན་དཔེའི་སྦྱོར་བ་ཆ་མཐུན་ཙམ་བསྟན་པ་ཡིན་གྱི། དེ་ཉིད་ལས་དོན་གཞན་པའི་ཁྱོད་ཀྱི་བརྗོད་བྱ་ཅི་ཞིག་མཐོང་བ་ཡོད་དེ་མེད་པའི་ཕྱིར། དེ་ཉིད་ཀྱི་གཞུང་འཛུགས་པ། དེ་ཆོས་ཅན། སྒྲ་དེ་མི་རྟག་པར་ཁྱབ་པ་སྟེ་འཕངས་པ་མ་ཡིན་པར་ཐལ། ཐམས་ཅད་ཀྱི་ཁྱད་པར་སྒྲ་ལ་ནི་ཆོས་གཞན་རྟག་པ་དམིགས་ཀྱིས་བསལ་ཏེ་བརྗོད་ནས་ཐམས་ཅད་མི་རྟག་ཅེས་པའི་སྤྱིར་སྟངས་ཀྱི་ཚིག་ནི་རྟག་པ་དམིགས་བསལ་གྱི་རྗེས་སུ་འཇུག་པར་སྨྲས་པ་ཙམ་ཡིན། དེ་ལྟར་མ་ཡིན་ན་ཁྱོད་ཀྱིས་ཐམས་ཅད་མི་རྟག་ཅེས་པའི་སྤྱི་སྟངས་ཀྱི་ཚིག་དེ་རྟག་པ་དམིགས་བསལ་གྱི་རྗེས་སུ་འཇུག་པར་སྨྲ་པ་ལ་འབྲས་བུ་དགོས་པའང་ཅི་ཞིག་ཡོད་དེ་མེད་པར་ཐལ། ཁྱོད་ཀྱིས་སྒྲ་ཡང་མི་རྟག་པར་འཕངས་པའི་ཕྱིར། དེའི་ཕྱིར་ན་སློབ་དཔོན་གྱི་སྒྲ་ལ་གནས་པ་མི་རྟག་པ་ཉིད་ཀྱིས་སྒྲ་རྟག་པ་སེལ་ཞེས་གསུངས་སོ། །དེས་ན་ཆོས་ཅན་སྒྲ་ནི་ཐམས་ཅད་ཡིན་པ་ལས་གཞན་དུ་ཐམས་ཅད་མ་ཡིན་པར་བརྗོད་པ་ཡིན་ཏེ། སྒྲ་མ་ཡིན་ལས་ཡུལ་གཞན་སྒྲ་ལ་ནི་ཐམས་ཅད་ལ་ཡོད་པར་འགལ་བ་རྟག་པ་སྨྲས་པའི་ཕྱིར། དེ་ལྟར་ན། ཐམས་ཅད་མ་ཡིན་པ་དེ་སྒྲ་རྟག་པར་སྒྲུབ་པའི་རྟགས་སུ་དཔང་པོ་བས་ཤེས་བྱ་ཐམས་ཅད་མ་ཡིན་པ་འགོད་དམ། སྒྲ་མ་ཡིན་ཐམས་ཅད་མ་ཡིན་པ་འགོད། དང་པོ་ལྟར་ན། སྒྲ་ཆོས་ཅན། ཤེས་བྱ་ཐམས་ཅད་མ་ཡིན་པ་དེ་ཡང་ཁྱོད་རྟག་པར་སྒྲུབ་པའི་རྟགས་སུ་འཐད་པ་མིན་པར་ཐལ། སྤྱི་ཤེས་བྱ་ཐམས་ཅད་དཔེ་ནི་ཁྱད་པར་ཁྱོད་མི་སྤོང་བའི་ཕྱིར། གལ་ཏེ་སྤྱིས་ཁྱད་པར་སྤོང་བ་ཡོད་དེ། དཔེར་ན་སྐབས་འགར་ཤིང་ཤ་པ་ཉིད་ཁོ་ན་ཤིང་ཡིན་ནམ་དྲིས་པ་ན་ཤིང་ཤ་པ་དེ་ཁོ་ན་ནི་ཤིང་མིན་ཞེས་པ་བཞིན་སྒྲ་ནི་ཐམས་ཅད་མ་ཡིན་ནོ་ཞེ་ན། སྒྲ་ཁོ་ན་ཐམས་ཅད་མ་ཡིན་པའི་ཚིག་ཆོས་ཅན། ཁྱོད་ཀྱིས་སྒྲ་ཁོ་ན་ཐམས་ཅད་མ་ཡིན་ཞེས་བརྗོད་པ་དེ་ཙམ་གྱིས་སྒྲ་དེ་ཐམས་ཅད་མ་ཡིན་པར་འགྱུར་བ་མིན་པར་ཐལ། ཐམས་ཅད་ཅེས་པ་དེ་མཉན་པ་གཅིག་ཉིད་ཁོ་ན་མི་འཇུག་པ་འགག་པར་འགྱུར་གྱི་སྒྲ་ཐམས་ཅད་ཡིན་པ་མ་བཀག་པའི་ཕྱིར། གལ་ཏེ་སྒྲ་ཐམས་ཅད་མ་ཡིན་ན་ཤེས་བྱ་ཆོས་ཅན། སྒྲ་མ་ཡིན་གྱི་ཁྱད་པར་ཀུན་ཐམས་ཅད་དེ་མིན་པར་ཐལ། སྒྲ་ཐམས་ཅད་མ་ཡིན་པ་གང་ཞིག་སྒྲ་ཐམས་ཅད་མ་ཡིན་ན་སྒྲ་མ་ཡིན་གྱི་ཁྱད་པར་ཀུན་ཐམས་ཅད་ཡིན་པ་དེ་མེད་པར་འགྱུར་དགོས་པའི་ཕྱིར། གལ་ཏེ་གཉིས་པ་ལྟར་རྟགས་སུ་འགོད་ན་སྒྲ་རྟགས་སུ་གྲུབ་ལ་སྒྲ་རྟགས་སུ་བཀོད་པར་སོང་བས་ཤེས་བྱ་ཆོས་ཅན། ཆོས་ཅན་སྒྲ་དེ་སྒྲ་རང་ཉིད་རྟག་པའི་སྒྲུབ་བྱེད་དུ་མ་གྲུབ་པར་ཐལ། ཆོས་ཅན་རང་ལས་ལྡོག་པ་ཐ་དད་མེད་པ་རང་ཉིད་སྒྲུབ་པའི་གཏན་ཚིགས་ཀྱི་དངོས་པོར་བཀོད་པར་གྱུར་པ་ནི་ཤེས་བྱེད་རྟགས་ཉིད་དུ་མ་གྲུབ་པའི་ཕྱིར་ཏེ། ཤེས་བྱ་ཤེས་བྱེད་ནི་ལྡོག་པ་ཐ་དད་དགོས་པའི་ཕྱིར། གལ་ཏེ་དངོས་པོ་ཀུན་ལ་དོན་དམ་པར་ཆོས་དང་ཆོས་ཅན་གྱི་རྣམ་དབྱེ་ཐ་དད་མེད་པའི་ཕྱིར་བྱས་པས་སྒྲ་མི་རྟག་སྒྲུབ་ལྟ་བུ་རང་བཞིན་གྱི་རྟགས་ཀུན་ལ་གཞི་རྟགས་ཆོས་གསུམ་ཐ་དད་མེད་པའི་ཉེས་པ་མཚུངས་སོ་ཞེ་ན། ཤེས་བྱ་ཆོས་ཅན། བྱས་པས་སྒྲ་མི་རྟག་སྒྲུབ་ཀྱི་གཞི་རྟགས་ཆོས་གསུམ་ཐ་དད་མེད་པ་མིན་པར་ཐལ། དེ་སྒྲུབ་ཀྱི་གཞི་རྟགས་ཆོས་གསུམ་ལྡོག་པ་ཐ་དད་པའི་ཁྱད་པར་ཡོད་པའི་ཕྱིར་རོ། །འོན་ཀྱང་རྟོག་པ་ལ་སྣང་བའི་སྒྲ་བྱས་མི་རྟག་སོགས་ཆོས་ཅན་ཐ་དད་ཀྱི་ཀུན་རྫོབ་པའི་དངོས་པོ་རྣམས་ཆོས་ཅན། དོན་དམ་པར་དེ་ཉིད་དང་གཞན་ཉིད་དུ་འགོག་པ་སྟེ་མ་གྲུབ་པར་འགྱུར་ཏེ། དོན་དམ་པ་རིགས་པས་རྣམ་པར་དཔྱད་ན་རྟོག་པ་ལ་སྣང་བ་དེ་ལྟ་བུར་འགྱུར་བའི་དངོས་པོར་མ་གྲུབ་པའི་ཕྱིར། གལ་ཏེ་དོན་དམ་པར་སྒྲ་བྱས་མི་རྟག་སོགས་ཆོས་དང་ཆོས་ཅན་ཐ་དད་པ་རྣམས་དེ་ཉིད་དང་གཞན་ཉིད་དུ་མ་གྲུབ་ན་དཔག་བྱ་དཔོག་བྱེད་ཀྱི་ཐ་སྙད་ཇི་ལྟར་འཇུག་ཅེ་ན། སྒྲ་བྱས་མི་རྟག་དཔག་བྱ་དཔོག་པར་བྱེད་པའི་དོན་གྱི་ཐ་སྙད་གནས་པ་འདི་ཆོས་ཅན། དོན་དམ་པར་གྲུབ་པའི་ཆོས་དང་ཆོས་ཅན་ཐ་དད་པའི་ཐ་སྙད་ལ་བརྟེན་པ་མ་ཡིན་ཏེ། རྟོག་པའི་ཤེས་པ་ལ་གྲུབ་པའི་ཆོས་དང་ཆོས་ཅན་ཐ་དད་ལ་བརྟེན་པ་རྣམ་པར་བརྟགས་པ་ཙམ་ཡིན་པའི་ཕྱིར། གལ་ཏེ་ཆོས་དང་ཆོས་ཅན་ཐ་དད་པའི་ཐ་སྙད་འདི་རྟོག་པའི་སྣང་ཡུལ་ལ་བརྟེན་པ་ཡིན་ན་དོན་རང་མཚན་ལ་མི་བསླུ་བར་ཇི་ལྟར་འཇུག་ཅེ་ན། སྒྲ་བྱས་མི་རྟག་སོགས་ཆོས་དང་ཆོས་ཅན་ཐ་དད་པའི་ཐ་སྙད་འདི་ཆོས་ཅན། རྟོག་པའི་སྣང་ཡུལ་ལ་བརྟེན་པ་ཡིན་ཀྱང་དོན་རང་མཚན་ལ་མི་བསླུ་བར་འཇུག་ཏུ་རུང་སྟེ། བདག་ཉིད་ཇི་ལྟའི་ཐ་དད་སྟེ་མ་བྱས་རྟག་པ་སོགས་ལས་ལྡོག་པའི་སྒྲ་རང་མཚན་གྱི་མཐར་ཐུག་པ་ཅན་གྱི་རྟོག་པའི་ཤེས་པ་ལ་སྒྲ་བྱས་མི་རྟག་སོགས་ཆོས་དང་ཆོས་ཅན་ཐ་དད་པར་སྣང་བར་གྱུར་པ་དེ་ནི་ཁྱོད་ཀྱི་རྟེན་ཡིན་པའི་ཕྱིར། དེ་ལྟར་ན་རང་བཞིན་གྱི་རྟགས་རྣམས་རྟགས་དང་རྟགས་ཅན་ཐ་དད་པ་ཡིན་ཀྱང་སྒྲ་རྟག་སྒྲུབ་ལ་སྒྲ་རྟགས་སུ་བཀོད་པ་འདིར་ནི་ཆོས་ཅན། མ་གྲུབ་པའི་རྟགས་སུ་བསྟན་ཏེ། རྣམ་པར་རྟོག་པའི་ཐ་སྙད་ཀྱིས་བཞག་པའི་ཆོས་ཅན་གྱི་ལྡོག་པ་དེ་ཉིད་སྒྲུབ་བྱེད་རྟགས་ཉིད་དུ་བྱས་པ་དེས་ནའི་ཕྱིར། རྟགས་དང་ཆོས་ཅན་གྱི་དོན་སྤྱི་ཐ་དད་དུ་རྟོག་པའི་བློ་ལ་སྣང་བ་དང་འབྲེལ་མེད་ཅན་ཏེ་མི་སྣང་བའི་ཕྱིར། གལ་ཏེ་དེ་ལྟ་ཡིན་ན་རྩོལ་བྱུང་གིས་རྩོལ་བྱུང་གི་སྒྲ་མི་རྟག་པ་སྒྲུབ་པ་ཡང་དམ་བཅའི་དོན་སྤྱི་ཕྱོགས་གཅིག་ཏུ་རྟགས་སུ་བཀོད་པའི་སྒྲུབ་པའི་རྟགས་སུ་འགྱུར་རོ་ཞེ་ན། གཞི་རྟགས་ཐ་དད་མེད་ན་ཐ་དད་མེད་པའི་སྐྱོན་ཡོད་པ་དེས་ན་དེའི་སྐྱོན་མེད་དེ། དཔེར་ན་རྩོལ་བྱུང་གི་སྒྲ་ནི་ཆོས་ཅན། མི་རྟག་སྟེ་རྩོལ་བྱུང་ཉིད་ཀྱི་ཕྱིར་ཞེས་བཀོད་པ་ན་རྩོལ་བྱུང་ཆོས་ཅན། དེ་སྒྲུབ་ཀྱི་རྟགས་དང་རྟགས་ཅན་ཐ་དད་པ་ཉིད་དུ་རུང་གི་དེ་སྒྲུབ་ཀྱི་དམ་བཅའི་དོན་གྱི་ཕྱོགས་གཅིག་རྟགས་སུ་བཀོད་པའི་མ་གྲུབ་པ་མ་ཡིན་པར་ཐལ། རྩོལ་བྱུང་གི་སྒྲ་ཁྱོད་ཀྱི་བྱེ་བྲག་ཁྱོད་རྩོལ་བྱུང་གི་སྒྲའི་སྤྱི་ཡིན་པས་ཁྱོད་དང་རྩོལ་བྱུང་གི་སྒྲ་གཉིས་ཆོས་ལྡོག་པ་ཐ་དད་ཡིན་པའི་ཕྱིར། བཞིན་ནི་དཔེ་ཅན་ཉིད་དཔེར་བཀོད་པའོ། །གཞན་ཡང་ཁྱོད་དེ་སྒྲུབ་ཀྱི་ཕྱོགས་བཏགས་པ་བསྒྲུབ་བྱའི་ཆོས་ཅན་གྱི་ཡན་ལག་སྟེ་ཁྱད་པར་བྱེད་ཆོས་ཡིན་ནའང་ཁྱོད་ཆོས་དང་ཐ་དད་མེད་པའི་མ་གྲུབ་པ་མིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་བསྒྲུབ་བྱ་འགྲུབ་པ་ལ་ཚད་མས་གནོད་པ་མེད་པའི་ཕྱིར། དཔེར་ན་གོང་བུ་རྭ་ཅན་གཡས་མ་འདི་ཆོས་ཅན། རྟ་མིན་ཏེ། རྭ་ཅན་ཉིད་ཀྱི་ཕྱིར་ཞེས་པ་བཞིན་ནོ། །རྩོལ་བྱུང་དེ་ཆོས་ཅན་རྩོལ་བྱུང་གི་སྒྲའི་ཁྱད་པར་བྱེད་ཆོས་ཡིན་པའམ་རྩོལ་བྱུང་གི་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པ་ལས་ཡང་ན་ཁྱོད་དེ་སྒྲུབ་ཀྱི་བསྒྲུབ་བྱ་རྗེས་དཔག་གིས་འཇལ་བའི་དུས་སུ་བསྒྲུབ་བྱའི་ཆོས་ཅན་གྱི་ཡན་ལག་སྟེ་ཁྱད་པར་བྱེད་ཆོས་མིན་པར་ཐལ། དེའི་དུས་སུ་ཆོས་ཅན་རྩོལ་བྱུང་གི་སྒྲ་མཚོན་པའི་བྱ་བ་མི་བྱེད་པའི་ཕྱིར་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་རྗེས་དཔག་འཇལ་བའི་དུས་སུ་ཆོས་ཅན། རྩོལ་བྱུང་གི་སྒྲ་དེ་རྟོགས་པ་སྟེ་མཚན་པའི་བྱ་བ་བྱས་ཟིན་ནས་ཁྱོད་ལྡོག་པའི་ཕྱིར། གཞན་ཡང་མཉན་བྱ་ཡང་ཕྱོགས་ཆོས་མ་གྲུབ་སྙམ་ན། ཁྱད་པར་མཉན་བྱ་ཡང་ཆོས་ཅན། སྒྲ་མི་རྟག་སྒྲུབ་ཀྱི་དམ་བཅའི་དོན་གྱི་ཕྱོགས་གཅིག་རྟགས་སུ་བཀོད་པས་མ་གྲུབ་པའི་རྟགས་ཉིད་དུ་འཐད་དུ་མ་ཡིན་པར་ཐལ། སྒྲ་དང་ཆོས་ཏེ་ལྡོག་པ་ཐ་དད་ཡིན་པའི་ཕྱིར། དེ་དག་གིས་བསྒྲུབ་བྱ་ཕྱོགས་ཀྱི་མཚན་ཉིད་བསྟན་ནས་ཕྱོགས་ཆོས་ཀྱི་རབ་དབྱེ་སྔོན་དུ་འགྲོ་བ་ཅན་གྱི་སྒྲུབ་བྱེད་གཏན་ཚིགས་ཀྱི་ཚུལ་སྟོན་པའི་ཕྱིར་དུ། ཀུན་བཏུས་སུ། གང་ཕྱིར་གཏན་ཚིགས་དག་དང་ནི། །དེ་སྣང་ཕལ་ཆེར་ཕྱོགས་ཆོས་ཉིད། །དེས་ན་གཏན་ཚིགས་སོགས་དོན་གྱི། །སྔོན་དུ་དེ་དབྱེ་བསྟན་པར་བྱ། །ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང་། །རྣམ་གཉིས་རེ་རེ་དག་ལ་ཡང་། །རྣམ་གསུམ་མི་མཐུན་ཕྱོགས་ལ་ཡང་། །ཡོད་མེད་རྣམ་པ་གཉིས་ཕྱིར་རོ། །ཞེས་སོགས་པ་འཆད་དོ། །གལ་ཏེ་སྒྲུབ་ངག་སྟོན་པའི་སྐབས་སུ་ཅིའི་ཕྱོགས་ཆོས་ཀྱི་དབྱེ་བ་འཆད་ཅེ་ན། ཕྱོགས་ཆོས་ཀྱི་རབ་ཏུ་དབྱེ་བ་ཡིས་སྐབས་སུ་བབ་པའི་གཏན་ཚིགས་ཀྱི་དོན་མདོར་བསྡུས་པར་ནི་གསུངས་པ་ཆོས་ཅན། དོན་ཡོད་པ་ཡིན་ཏེ། གཏན་ཚིགས་ཡང་དག་དང་ལྟར་སྣང་གི་རབ་ཏུ་དབྱེ་བ་དོན་རྒྱ་ཆེན་པོ་ཚིག་ཉུང་ངུས་བདེ་བར་བཟུང་བ་གྲུབ་ཅིང་རྟོགས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གལ་ཏེ་རྟགས་དེ་བསྒྲུབ་བྱའི་ཆོས་ཅན་གྱིས་ཁྱད་པར་དུ་བྱས་པའི་ཁྱད་པར་བྱེད་ཆོས་ཡིན་ན་ཆོས་ཅན་ལ་གཞན་ལ་རྗེས་སུ་འགྲོ་བར་འགྱུར་རོ་ཞེ་ན། རྟགས་དེ་ཆོས་ཅན་དེས་མི་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པ་ཡིན་གྱི་གཞན་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པ་མ་ཡིན་པས་སྐྱོན་མེད་དོ། །འོ་ན་རྣམ་གཅོད་དུ་མ་ཡོད་དམ་ཞེ་ན། ཡོད་དེ་ཆོས་ཀྱི་ཚིག་ཕྲད་ཁོ་ན་དང་ཉིད་ཅེས་སོགས་ངེས་བཟུང་གི་སྦྱར་ས་ཐ་དད་པས་རྣམ་གཅོད་ཀྱང་ཐ་དད་པར་བྱེད་པས་ན་འདི་ལྟར། དུ་ལྡན་གྱི་ལ་ལ་དུ་བ་ཡོད་པ་ཁོ་ནའོ་ཞེས་པ་ལྟ་བུ་ཁྱད་པར་གྱི་ཆོས་དང་ཁོ་ནའི་ངེས་བཟུང་ལྷན་ཅིག་སྦྱར་བ་ནི་མི་ལྡན་རྣམ་གཅོད་བྱེད་ལ། སྒྲ་ཁོ་ན་མཉན་བྱའོ་ཞེས་པ་ལྟ་བུ་ཁྱད་པར་ཅན་ཆོས་ཅན་དག་དང་ཁོ་ནའི་ངེས་བཟུང་ལྷན་ཅིག་སྦྱར་བ་ནི་གཞན་ལྡན་རྣམ་གཅོད་བྱེད་ཅིང་། བ་ལས་བེའུ་འབྱུང་སྲིད་པ་ཁོ་ནའོ་ཞེས་པ་ལྟ་བུ་བྱ་བ་དག་དང་ཁོ་ནའི་ངེས་བཟུང་ལྷན་ཅིག་བརྗོད་པ་ནི་ཤིན་ཏུ་མི་སྲིད་པ་རྣམ་པར་གཅོད་པར་བྱེད་དོ། །གལ་ཏེ་ངེས་བཟུང་དངོས་སུ་མ་སྦྱར་བ་ལས་ཀྱང་རྣམ་གཅོད་རྟོགས་པ་ཡོད་དམ་ཞེ་ན། ཡོད་དེ་བུམ་པར་ཆུ་འོན་གཅིག་ཅེས་པའི་ངག་ཆོས་ཅན། བུམ་པ་ཁོ་ནར་ཆུ་ཁོ་ན་ཁྱེར་འོང་དགོས་པ་ཁོ་ན་ཞེས་པའི་ངེས་བཟུང་དེ་དངོས་སུ་སྦྱར་བ་མེད་ཀྱང་དེའི་དོན་དེ་ཉིད་རྟོགས་པར་འགྱུར་བ་ཡོད་དེ། རང་སྨྲ་བ་པོས་དེ་ལྟར་བརྗོད་པར་འདོད་པ་ལས་དེ་ལྟར་དུ་སྦྱར་བའི་ངག་ཡིན་པའི་ཕྱིར། ཁྱབ་སྟེ། གང་གི་ཕྱིར་ངག་ནི་རང་སྨྲ་བའི་འདོད་པས་དམིགས་པའི་འགལ་ཟླ་རྣམ་པར་གཅོད་པའི་འབྲས་བུ་ཅན་ཡིན་པའི་ཕྱིར། རྣམ་གཅོད་གསུམ་ཡང་དཔེར་ན་ནག་པ་འཕོང་སྐྱེན་པ་ཁོ་ན་ཞེས་པས་འཕོང་སྐྱེན་པ་དེ་ནག་པ་ལ་མི་ལྡན་པ་གཅོད་པའམ། སྲིད་སྒྲུབ་ཁོ་ན་འཕོང་སྐྱེན་པ་དེ་སྲིད་སྒྲུབ་ལ་ལྡན་པ་གཅོད་པའམ། མཚོ་སྐྱེས་སྔོན་པོར་འགྱུར་སྲིད་པ་ཁོ་ན་ཞེས་པས་སྔོན་པོ་དེ་མཚོ་སྐྱེས་ལ་ཤིན་ཏུ་མི་སྲིད་པ་རྣམ་པར་གཅོད་པ་བཞིན་ནོ། །གལ་ཏེ་ནག་པ་འཕོང་སྐྱེན་ཁོ་ན་ཞེས་པའི་ངག་དེས་ནག་པ་འཕོང་མི་སྐྱེན་པ་རྣམ་པར་གཅོད་ན་གཏོང་བདེ་ལ་སོགས་པ་ཡང་གཅོད་པར་འགྱུར་ཏེ། དེ་དག་དེའི་བརྗོད་བྱ་མ་ཡིན་ཞིང་དེ་ལས་དོན་གཞན་ཡིན་པར་མཚུངས་པའི་ཕྱིར་ཞེ་ན། ངག་ལས་རྣམ་གཅོད་གསུམ་རྟོགས་པར་བྱེད་པ་དེ་ཡང་རྗོད་བྱེད་ཀྱི་སྒྲ་ནི་ཆོས་ཅན། རང་སྨྲ་བ་པོའི་འདོད་པས་དམིགས་པའི་འགལ་བའི་ཟླ་བོ་རྣམ་པར་གཅོད་པ་ཙམ་རང་གི་དོན་རྣམས་ལ་ནི་རྟོགས་པར་བྱེད་པར་འགྱུར་ཏེ། དེ་ལྟར་རྟོགས་པར་བྱེད་པར་འཇིག་རྟེན་ན་གྲགས་པའི་ཕྱིར་དང་དེའི་རྒྱུ་མཚན་ཡང་རང་སྨྲ་བ་པོའི་འདོད་པས་དམིགས་པའི་འགལ་ཟླ་གཅོད་པའི་དོན་རྟོགས་པར་བྱེད་ནུས་ལ་དེ་ལས་གཞན་རྟོགས་པར་བྱེད་མི་ནུས་པའི་ཕྱིར་ཏེ། རང་སྒྲུབ་པ་པོའི་བརྗོད་འདོད་ཀྱི་རྗེས་སུ་འབྲངས་ནས་དོན་སྟོན་པའི་ངག་ཡིན་པའི་ཕྱིར། རྣམ་གཅོད་གསུམ་ཡོད་པ་དེས་ན་མི་ལྡན་པ་རྣམ་པར་གཅོད་པ་ལས་གཅོད་གཞིའི་ཆོས་ཅན་གྱིས་ཆོས་ཏེ་རྟགས་དེ་ཁྱད་པར་བྱས་པ་ཡིན་པས་ཆོས་ཅན་དེ་ཡིས་ཁྱད་པར་དུ་བྱས་པ་ཅན་གྱི་ཆོས་ཏེ་རྟགས་དེ་དཔེ་ལ་རྗེས་འགྲོ་མེད་པའི་སྐྱོན་རྟེན་ཅན་ཡིན་ནོ། །དེ་དག་གིས་ཕྱོགས་ཆོས་ཀྱི་མིང་ལ་རྩོད་པ་སྤོང་བ་བསྟན་ནས་རྟགས་ཀྱི་དབྱེ་བ་སྨོས་པའི་དགོས་པ་སྟོན་པ་དེ། ཅིའི་ཕྱིར་ཕྱོགས་ཆོས་ཅན་ལ་འགྱུར་དབྱེ་ཅེ་ན། ཕྱོགས་ཆོས་ཅན་གྱི་རབ་དབྱེར། སྒྲ་ཆོས་ཅན་མི་རྟག་སྟེ་བྱས་པའི་ཕྱིར་དང་རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་པའི་གཏན་ཚིགས་ཡང་དག་གཉིས་དང་། རྩོལ་བ་ལས་མ་བྱུང་བའི་ཕྱིར་ཅེས་པའི་བཟློག་པ་སྟེ་འགལ་རྟགས་གཉིས་སྨོས་པ་ཆོས་ཅན། དོན་ཡོད་དེ། རང་བཞིན་དང་འབྲས་བུ་ཁོ་ན་རང་གི་ཁྱབ་བྱེད་དང་རྒྱུ་ལ་ངོ་བོ་ཉིད་ཀྱིས་འབྲེལ་བ་གྲུབ་པའི་སྒོ་ནས་རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར་རང་གི་ཁྱབ་བྱེད་དང་རྒྱུ་དག་སྒྲུབ་པར་བྱེད་ན་རྟགས་ཡང་དག་དང་འགོག་ན་འགལ་རྟགས་སུ་གྲུབ་ཅིང་རྟོགས་པའི་དོན་དུ་ཡིན་པའི་ཕྱིར། དེར་སྒྲ་ཆོས་ཅན། རྟག་སྟེ་མཉན་བྱ་ཡིན་པའི་ཕྱིར་དང་གཞལ་བྱ་ཡིན་པའི་ཕྱིར་ཞེས་ཁྱད་པར་ཐུན་མོང་མ་ཡིན་པ་དང་སྤྱི་ཐུན་མོང་བ་དག་སྨོས་པ་ཆོས་ཅན། དོན་ཡོད་དེ། རྗེས་འགྲོ་མེད་པའི་ལྡོག་པ་རྐྱང་པ་ཅན་དང་། ལྡོག་པ་མེད་པའི་རྗེས་འགྲོ་རྐྱང་པ་ཅན་གྱི་རྟགས་ཡང་དག་ཡོད་པར་རྩོད་པ་དགག་པའི་ཆེད་ཡིན་པའི་ཕྱིར། དེར་སྒྲ་ཆོས་ཅན། རྩོལ་བྱུང་དང་རྩོལ་མ་བྱུང་ཡིན་ཏེ་མི་རྟག་པའི་ཕྱིར་དང་། རྟག་སྟེ་ལུས་ཅན་མ་ཡིན་པའི་ཕྱིར་ཞེས་ལྷག་མ་ཐུན་མོང་བ་གསུམ་སྨོས་པ་ཆོས་ཅན། དོན་ཡོད་དེ། རྟགས་ཡང་དག་ལ་རང་གི་མི་མཐུན་ཕྱོགས་ལ་མེད་ངེས་ཀྱི་ལྡོག་པ་གཙོ་བོར་སྒྲུབ་པ་བྱེད་པའི་ཆེད་ཡིན་པའི་ཕྱིར། གལ་ཏེ་ཕྱོགས་ཆོས་ཅན་གྱི་རབ་དབྱེར་བྱས་པ་སོགས་རང་བཞིན་གྱི་རྟགས་ཁོ་ན་མཐུན་ཕྱོགས་ལ་ཁྱབ་པའི་རྟགས་ཀྱི་དཔེར་བསྟན་ལ། རྩོལ་བྱུང་ཉན་ཤེས་སོགས་འབྲས་བུའི་རྟགས་རྣམས་མཐུན་ཕྱོགས་ལ་ཁྱབ་པའི་རྟགས་ཀྱི་དཔེར་མ་བསྟན་པ་ཅི་ཞེ་ན། ཤེས་བྱ་ཆོས་ཅན། དེར་དེ་ལྟར་བསྟན་པའི་རྒྱུ་མཚན་ཡོད་དེ། དེ་བྱས་པ་ལྟ་བུའི་རང་བཞིན་གྱི་རྟགས་ལས་གཞན་རྩོལ་བྱུང་ཉན་ཤེས་ལྟ་བུ་འབྲས་བུའི་རྟགས་རྣམས་རང་གི་གོ་བྱ་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་ཡོད་པ་མིན་པའི་ཕྱིར་ཏེ། རྒྱུ་རྣམས་ནི་འབྲས་བུ་ལ་འཁྲུལ་པ་སྲིད་པའི་ཕྱིར་རོ། །རྒྱུ་མཚན་དེའི་ཕྱིར་འབྲས་རྟགས་རྣམས་ཆོས་ཅན། རང་གི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་སྟེ། དེ་ལ་འཇུག་ཅིང་ཁྱབ་བྱེད་དུ་མི་འཇུག་པའི་ཕྱིར། གལ་ཏེ་རྩོལ་བྱུང་ཉན་ཤེས་དེ་རང་རྒྱུ་མི་རྟག་པ་ལས་བྱུང་བ་མ་ཡིན་པར་སྒྲ་རྟག་པ་ལས་བྱུང་སྟེ་རྒྱུ་རིག་བྱེད་ཀྱི་སྒྲ་རྟག་པའི་ཕྱིར་རོ་ཞེ་ན། ལྕེ་རྐན་ལ་སོགས་པའི་སྔར་ནས་རྟག་པར་ཡོད་པའི་རིག་བྱེད་སྒྲའི་ཆ་ཤས་འཛིན་པའི་ཉན་ཤེས་ནི་ཆོས་ཅན། ལྕེ་རྐན་ལ་སོགས་པའི་རང་གི་རྐྱེན་རྩོལ་མ་དག་དུ་འབྱུང་བར་ངེས་པ་མིན་པར་ཐལ། ལྕེ་རྐན་ལ་སོགས་པའི་རྩོལ་བ་དེ་རིག་བྱེད་ཀྱི་སྒྲ་ཐོས་པའི་སྒྲིབ་བྱེད་སེལ་བ་དང་རང་གི་དབང་པོ་དང་རིག་བྱེད་སྒྲའི་ངོ་བོ་གང་ལ་ཡང་རྣམ་པ་ཀུན་ཏུ་ཕན་པ་ཉེ་བར་སྦྱོར་བ་མིན་པའི་ཕྱིར་རོ། །དེས་ན་རིག་བྱེད་ཀྱི་སྒྲ་ཆོས་ཅན། ལྕེ་རྐན་ལ་སོགས་པའི་རྩོལ་བ་ལ་མ་ལྟོས་པའི་དུས་འགའ་ཞིག་གི་ཚེ་རང་འབྲས་ཉན་ཤེས་བསྐྱེད་པར་མི་བྱེད་པ་འགལ་བར་ཐལ། དེ་ལ་ལྟོས་པ་མེད་པར་ཡང་རང་འབྲས་ཉན་ཤེས་བསྐྱེད་པའི་ཕྱིར་ཏེ་རྟག་པའི་ཕྱིར་རོ། །དེས་ན་རྩོལ་བྱུང་ཉན་ཤེས་འདི་འདྲ་བ་དེ་ཆོས་ཅན། རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར་རང་རྒྱུ་སྒྲ་མི་རྟག་པ་སྒྲུབ་པའི་འབྲས་རྟགས་ཡིན་ཏེ། རང་རྒྱུ་སྒྲ་རེས་འགའ་བ་སྟེ་མི་རྟག་པའི་འབྲས་བུར་གྲུབ་པའི་ཕྱིར། གཞན་ཡང་འབྲས་རྟགས་ཀྱི་དཔེར་སྨོས་པའི་རྩོལ་བྱུང་འདི་ཉིད་ཀྱིས་ནི་རང་བཞིན་རྟགས་ཀྱི་དཔེ་བརྗོད་དེ་ཉིད་ཡང་སྒྲུབ་ཀྱང་དེ་ལས་ཐ་དད་པ་བྱས་པ་རང་བཞིན་རྟགས་ཀྱི་དཔེར་བརྗོད་དུ་བྱས་པ་ནི་ཆོས་ཅན། དོན་ཡོད་དེ། འབྲས་རྟགས་དང་རང་བཞིན་རྟགས་ལ་ལྷན་ཅིག་ཏུ་རྩོལ་བྱུང་དཔེ་བརྗོད་དུ་བསྟན་ན་རང་བཞིན་གྱི་རྟགས་ཐམས་ཅད་ཀྱང་རྩོལ་བྱུང་འབྲས་རྟགས་དེ་དང་འདྲ་བར་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་སྙམ་དུ་དོགས་པར་འགྱུར་བས་དེ་འདྲའི་ཤེས་པའམ་དོགས་པར་མི་འགྱུར་བར་བྱ་བའི་ཆེད་ཡིན་པའི་ཕྱིར། གལ་ཏེ་གཞན་དོན་འདིར་རྟགས་ཀྱི་མཚན་ཉིད་མི་སྟོན་པར་དབྱེ་བ་འབའ་ཞིག་སྟོན་པ་དོན་མེད་དོ་ཞེ་ན། གཞན་དོན་འདིར་རྟགས་ཀྱི་རབ་ཏུ་དབྱེ་བ་ཙམ་བཤད་པ་དེ་ཆོས་ཅན། དོན་ཡོད་དེ། རང་དོན་རྗེས་སུ་དཔག་པར་བཤད་ཟིན་པའི་དོན་གཏན་ཚིགས་ཀྱི་དབྱེ་བ་བརྗོད་པར་བྱེད་པའི་སྒོ་ནས་རྟགས་བྱེ་བྲག་ཏུ་རྟོགས་པའི་དོན་དུ་ཡིན་པའི་ཕྱིར། རྟགས་ཀྱི་མཚན་ཉིད་ལ་ནི་རང་དོན་དུ་བཤད་པ་ལས་ཐ་དད་པ་ཅུང་ཟད་བརྗོད་དུ་མེད་པས་འདིར་མ་བཤད་དོ། །གལ་ཏེ་ཕྱོགས་ཆོས་ཅན་གྱི་སྐབས་འདིར་མཐུན་ཕྱོགས་ལ་ཆ་གཉིས་པ་ཅན་གྱི་རང་བཞིན་རྟགས་ཀྱི་དཔེ་བརྗོད་མ་བསྟན་པས་དེ་མི་རྟོགས་སོ་ཞེ་ན། འདིར་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཆ་གཉིས་སུ་འཇུག་པའི་རྟགས་ཀྱི་དབྱེ་བ་ཐམས་ཅད་བསྟན་པ་དེས་ན་ཕྱོགས་ཆོས་ཅན་གྱི་སྐབས་འདིར་ཆོས་ཅན། དེ་མ་བསྟན་པ་མ་ཡིན་པར་ཐལ། འབྲས་བུའི་རྟགས་ཀྱི་དཔེ་བརྗོད་དུ་སྨོས་པའི་རྩོལ་བྱུང་དེས་ནི་རང་བཞིན་རྟགས་ཀྱི་ཕྱོགས་གཅིག་ལ་བརྟེན་པ་མཐུན་ཕྱོགས་ལ་ཆ་གཉིས་པ་ཅན་དེའང་བཤད་པའི་ཕྱིར། དེས་དེ་བསྟན་པའི་རྒྱུ་མཚན་དེས་ན་འབྲས་རྟགས་ཀྱི་དཔེར་སྨོས་པའི་ལྕེ་རྐན་སོགས་ཀྱི་རྩོལ་བ་ལས་རིག་བྱེད་ཀྱི་སྒྲ་གསལ་བའི་ཉན་ཤེས་དང་མཐུན་ཕྱོགས་ལ་ཆ་གཉིས་པ་ཅན་གྱི་རང་བཞིན་རྟགས་ཀྱི་དཔེར་སྨོས་པའི་རྩོལ་བ་ལས་སྐྱེ་བ་གཉིས་རྩོལ་བྱུང་དུ་འདྲ་བས་རྩོལ་བྱུང་དེ་གཉིས་ཀའི་ཐུན་མོང་གི་དཔེར་བརྗོད་དོ། །ཕྱོགས་ཆོས་ཅན་གྱི་སྐབས་འདིར་ཆོས་ཅན། འབྲས་རྟགས་ཀྱི་དཔེར་སྨོས་པའི་རྩོལ་བྱུང་དེས་མཐུན་ཕྱོགས་ལ་ཆ་གཉིས་པ་ཅན་གྱི་རང་བཞིན་གྱི་རྟགས་ཀྱང་བསྟན་པའི་རྒྱུ་མཚན་ཡོད་དེ། འབྲས་རྟགས་སུ་རུང་བའི་རྩོལ་བྱུང་ཉན་ཤེས་དང་མཐུན་ཕྱོགས་ལ་ཆ་གཉིས་པ་ཅན་གྱི་རང་བཞིན་རྟགས་ཀྱི་རྩོལ་བྱུང་གཉིས་ལྕེ་རྐན་སོགས་ཀྱི་རྩོལ་བ་ལས་སྐྱེས་པ་འདྲ་བའི་ཕྱིར། གལ་ཏེ་ཕྱོགས་ཆོས་ཅན་འདིར་རྟགས་ཡང་དག་ལ་འབྲས་རང་གཉིས་ཁོ་ན་སྨོས་པ་ཅི་ཞེ་ན། ཕྱོགས་ཆོས་ཅན་འདིར་རྟགས་ཡང་དག་ལ་འབྲས་རང་འདི་གཉིས་སུ་རབ་ཏུ་ཕྱེ་བ་ཆོས་ཅན། དོན་ཡོད་དེ། གང་ཕན་འདོགས་བྱེད་དུ་ཡོད་པ་ན་འབྱུང་བ་མེད་ན་མི་འབྱུང་བའི་འབྲས་བུ་དེ་རྒྱུ་ལ་མི་འཁྲུལ་ཞིང་རང་གི་བདག་ཉིད་དུ་གྱུར་པའི་ཁྱབ་བྱེད་དང་ངོ་བོ་རྣམ་དབྱེར་མེད་པ་ཅན་གྱི་ཁྱབ་བྱ་གང་ཡིན་པ་དེ་ནི་ཁྱབ་བྱེད་དེ་དང་འཁྲུལ་པར་མི་འགྱུར་རོ་ཞེས་ཤེས་པར་བྱ་བའི་དོན་དུ་ཡིན་པའི་ཕྱིར། དེ་གཉིས་བསྟན་པས་འདི་ཡང་བཤད་དེ། གཞན་གྱིས་སྒྲོ་བཏགས་པའི་ལྡན་པ་ཅན་དང་འདུ་བ་ཅན་སོགས་གང་དག་ཡིན་པའི་རྟགས་དེ་དག་ཆོས་ཅན། བསྒྲུབ་བྱ་སྒྲུབ་ནུས་ཀྱི་གཏན་ཚིགས་ཡང་དག་མིན་པར་ཐལ། བསྒྲུབ་བྱ་ལ་འཁྲུལ་པ་སྲིད་པའི་ཕྱིར་ཏེ། ཁྱོད་མིན་བདག་གཅིག་དེ་བྱུང་དེ་འདྲའི་མེད་ན་མི་འབྱུང་བའི་འབྲེལ་བ་ཡོད་པ་མིན་པའི་ཕྱིར། ཞེས་བཤད་པ་ཡིན་ནོ། །གལ་ཏེ་ལྡན་འདུ་ཅན་དེ་དག་ལ་མེད་ན་མི་འབྱུང་བའི་འབྲེལ་བ་ཡོད་པ་ཡིན་ཞེ་ནའང་། ཤེས་བྱ་ཆོས་ཅན། རང་གི་བསྒྲུབ་བྱའི་ཆོས་ལ་མེད་ན་མི་འབྱུང་བའི་འབྲེལ་བ་དེ་ཉིད་རང་གི་བསྒྲུབ་བྱ་རྟོགས་པའི་བསྒྲུབ་བྱ་ཡིན་གྱི་བསྒྲུབ་བྱ་གོ་བ་ལ་ལྡན་འདུ་སོགས་དོན་མེད་པར་ཐལ། བསྒྲུབ་བྱའི་ཆོས་ལ་མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་པ་དེ་བསྒྲུབ་བྱ་ལ་མི་འཁྲུལ་བར་ངེས་པ་ཡིན་ལ། བསྒྲུབ་བྱ་ལ་མི་འཁྲུལ་བར་ངེས་པ་མེད་པ་ནི་སྒྲུབ་བྱེད་རྟགས་ཡང་དག་མིན་པའི་ཕྱིར། དེ་དག་གིས་རྟགས་ཡང་དག་གཉིས་སྨོས་པའི་དགོས་པ་བསྟན་ནས་ད་ལྡོག་པ་ཅན་སྨོས་པའི་དགོས་པ་སྟོན་པ་དེ། རིགས་པ་ཅན་པ་སོགས་ན་རེ། གསོན་ལུས་ཆོས་ཅན། བདག་བཅས་ཡིན་ཏེ། སྲོག་སོགས་དང་ལྡན་པའི་ཕྱིར་ཞེས་པའི་རྟགས་དེ་མི་མཐུན་ཕྱོགས་ལ་མེད་ངེས་ཀྱི་ལྡོག་པ་རྐྱང་པ་ཅན་ཡིན་གྱི་མཐུན་ཕྱོགས་ལ་ཡོད་ངེས་ཀྱི་རྗེས་འགྲོ་ཅན་མ་ཡིན་ཟེར་རོ། །ལྡོག་པ་ཅན་དུ་སྒྲོ་བཏགས་པའི་སྲོག་སོགས་ཉིད་ནི་ཆོས་ཅན། བདག་མེད་ན་མི་འབྱུང་བ་ཡིན་པར་ཐལ། བདག་མེད་ན་མེད་པར་ངེས་པ་ཉིད་ཀྱི་ཕྱིར། འདོད་ན། དེ་ཉིད་ཀྱི་ཕྱིར་ན་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་རྗེས་འགྲོ་གནས་པར་ཐལ་ལོ། །དེ་ལྟར་ཐལ་བ་ལས་བདག་མེད་ན་མི་འབྱུང་བ་དེ་ཡང་མེད་པར་ཐལ། བདག་དང་འབྲེལ་བ་མེད་པའི་དོན་གཞན་ཡིན་པའི་ཕྱིར། དེས་ན་ཁྱད་པར་སྲོག་སོགས་ནི་ཆོས་ཅན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་ངེས་ཀྱི་ལྡོག་པ་མེད་ལ་མཐུན་ཕྱོགས་ལ་ཡོད་ངེས་ཀྱི་རྗེས་འགྲོ་ཡང་ཡོད་པ་མ་ཡིན་པར་ཐལ། བདག་དང་བདག་གཅིག་དེ་འབྱུང་གི་འབྲེལ་བ་གང་ཡང་མེད་པ་དེའི་ཕྱིར། ཁྱབ་སྟེ། བསྒྲུབ་བྱའི་ཆོས་དེ་རང་གི་བདག་གཅིག་གམ་རྒྱུའི་དངོས་པོར་གྲུབ་ན་དེ་ལ་མེད་ངེས་ཀྱི་ལྡོག་པ་གྲུབ་པར་འགྱུར་བ་ཡིན་གྱི་དེ་ལས་གཞན་དུ་ནི་མ་ཡིན་པའི་ཕྱིར། གལ་ཏེ་འབྲེལ་བ་མེད་པས་ལྡོག་པ་མེད་ན་སློབ་དཔོན་གྱིས་མཉན་བྱ་ལྡོག་པ་ཅན་དུ་ཇི་ལྟར་བཤད་ཅེ་ན། མཉན་བྱ་ཆོས་ཅན། ཁྱོད་སློབ་དཔོན་གྱིས་སྒྲ་རྟག་སྒྲུབ་ཀྱི་ལྡོག་པ་འབའ་ཞིག་ཅན་དུ་བཤད་པ་ལ་རྒྱུ་མཚན་ཡོད་དེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་མ་མཐོང་བ་ཙམ་ལ་བརྟེན་ནས་སློབ་དཔོན་གྱིས་དེ་ལྟར་བཤད་པ་ཙམ་ཡིན་པའི་ཕྱིར། དེས་ན་ཁྱོད་དེ་སྒྲུབ་ཀྱི་མ་ངེས་པའི་རྟགས་སུ་ཐལ། དེ་སྒྲུབ་ཀྱི་ལྡོག་ཁྱབ་མ་ངེས་པའི་ཕྱོགས་ཆོས་ཅན་ཡིན་པ་དེའི་ཕྱིར། དེ་ལས་གཞན་དུ་ལྡོག་པ་གྲུབ་ན། དེ་སྒྲུབ་ཀྱི་བསྒྲུབ་བྱ་གོ་བར་བྱེད་པའི་རྟགས་ཡང་དག་ཏུ་འགྱུར་བར་ཐལ། དེ་སྒྲུབ་ཀྱི་ལྡོག་ཁྱབ་ཅན་གྱི་ཕྱོགས་ཆོས་གྲུབ་པའི་ཕྱིར། གལ་ཏེ་གསོན་ལུས་ལ་བདག་མེད་ན་གསོན་ལུས་ཆོས་ཅན། སྲོག་སོགས་དག་ནི་ལྡོག་པར་འགྱུར། བདག་ནི་ལྡོག་པའི་ཕྱིར་བུམ་སོགས་བཞིན་ནོ། ཁྱབ་སྟེ། སྲོག་སོགས་མེད་པས་བདག་མེད་ལ་ཁྱབ་པར་འགྱུར་བའི་ཕྱིར། དེས་ན་གསོན་ལུས་བདག་བཅས་སུ་གྲུབ་སྟེ་སྲོག་སོགས་པ་དེ་ཡིན་པའི་ཕྱིར་རོ་ཞེ་ན། ཤེས་བྱ་ཆོས་ཅན། བདག་མེད་པས་སྲོག་མེད་པའི་ཁྱབ་པ་དེ་ཡང་ཡོད་པ་མ་ཡིན་པར་ཐལ། བདག་སྲོག་འབྲེལ་མེད་དོན་གཞན་ཡིན་པའི་ཕྱིར། ཁྱབ་སྟེ། འབྲེལ་མེད་དོན་གཞན་ལྡོག་པར་འགྱུར་བའི་འབྲེལ་མེད་དོན་གཞན་ལྡོག་པར་མི་རུང་བའི་ཕྱིར། གལ་ཏེ་སྲོག་སོགས་དེ་བདག་དེའི་བདག་ཉིད་དམ་བདག་དེ་ལས་བྱུང་བས་བདག་སྲོག་འབྲེལ་བ་གྲུབ་བོ་ཞེ་ན། གལ་ཏེ་བདག་ནི་ཚད་མས་དམིགས་པ་ན་སྲོག་སོགས་དེ་ཡང་ཚད་མས་དམིགས་ལ་བདག་དེ་ཚད་མས་རྟོགས་པ་མེད་པར་སྲོག་སོགས་མེད་པའི་འབྲེལ་བ་འདི་གྲུབ་པར་འགྱུར་ན་ཡང་། སྲོག་སོགས་ཆོས་ཅན། བདག་མཐོང་ན་ཁྱོད་མཐོང་བ་དང་བདག་མ་མཐོང་ན་ཁྱོད་མ་མཐོང་བའི་རྗེས་སུ་འགྲོ་ལྡོག་གི་འབྲེལ་བ་དེ་གྲུབ་པ་མེད་པར་ཐལ། བདག་ཤིན་ཏུ་ལྐོག་ཏུ་གྱུར་པ་ལ་སྟེ་གང་དུ་ཡང་སྣང་རུང་མ་ཡིན་པའི་ཕྱིར། གཞན་ཡང་སྲོག་སོགས་མེད་པ་ལ་ཁྱབ་པའི་བདག་མེད་དེ་གང་ཡིན་པས། བུམ་སོགས་སོ་ཞེ་ན། བུམ་པ་སོགས་ཆོས་ཅན། ཁྱོད་ལ་བདག་མེད་ཅེས་ཚད་མས་གང་ལ་རྟོགས་ཏེ་མི་རྟོགས་པར་ཐལ། བདག་དེ་གཞི་གཞན་གང་ལ་ཡང་ཚད་མས་མཐོང་རུང་དུ་མེད་པའི་ངོ་བོ་ཅན་ཡིན་པའི་ཕྱིར། འདོད་ན་ཁྱབ་ལ་བདག་ལྡོག་པས་སྲོག་སོགས་ལྡོག་པའི་ཁྱབ་པའང་ཇི་ལྟར་ཚད་མས་རྟོགས་པ་མིན་ཏེ་མ་ཡིན་པར་ཐལ། ཁྱོད་ལ་བདག་ལྡོག་པར་ཚད་མས་ཤེས་པ་མེད་པའི་ཕྱིར། དེའི་རྒྱུ་མཚན་ཡང་། སྲོག་སོགས་དེ་གཞི་ལ་ལར་ཚད་མས་མཐོང་བ་ཡིས་གསོན་ལུས་ལ་ཡོད་བུམ་སོགས་ལ་མེད་པ་ཉིད་དུ་རྟོགས་པར་འགྱུར་བ་དེ་ལྟར་དུ། གལ་ཏེ་བདག་དེ་ཚད་མས་མཐོང་ན་གསོན་ལུས་ལ་ཡོད་བུམ་སོགས་ལ་མེད་པ་ཉིད་དུ་རྟོགས་པར་འགྱུར་བ་ལ་བདག་དེ་གང་དུ་ཚད་མས་མཐོང་བ་མེད་པས་ཡོད་མེད་ཀྱི་ཁྱད་པར་མི་རིགས་སོ། །གཞན་ཡང་གསོན་ལུས་ལ་བདག་མེད་པས་སྲོག་སོགས་མེད་པར་ཐལ་ཏེ་བུམ་སོགས་བཞིན་ཞེས་པ་ཡང་མ་ངེས་ཏེ། བུམ་པ་སོགས་ཆོས་ཅན། ཁྱོད་ལ་བདག་མེད་པའི་རྒྱུ་མཚན་གྱིས་སྲོག་སོགས་མཐོང་བ་མེད་པ་མ་ཡིན་པར་ཐལ། སྲོག་སོགས་ཀྱི་རྒྱུ་བློ་དང་ལུས་སོགས་ཕུལ་དུ་བྱུང་བ་ལ་སོགས་གང་ཞིག་མེད་པའི་རྒྱུ་མཚན་གྱིས་སྲོག་སོགས་མཐོང་བ་མེད་པའི་ཕྱིར། དེ་བཞིན་དུ་གསོན་ལུས་ལའང་ཆོས་ཅན། ལུས་ཁྱོད་ལ་གལ་ཏེ་བློ་དང་ལུས་སོགས་ཕུལ་དུ་བྱུང་བ་དེ་མེད་ན་སྲོག་སོགས་མེད་པར་རིགས་པ་ཡིན་གྱི་བདག་མེད་པའི་རྒྱུ་མཚན་གྱིས་སྲོག་སོགས་མེད་པར་རིགས་པ་མ་ཡིན་པར་ཐལ། བདག་སྲོག་འབྲེལ་མེད་དོན་གཞན་ཡིན་པའི་ཕྱིར། གལ་ཏེ་བུམ་སོགས་དེ་བདག་མེད་པའི་ཤི་བའི་ལུས་དང་སྲོག་མེད་ཙམ་དུ་ཅུང་ཟད་ཆོས་མཐུན་པའི་ཕྱིར་ཤི་བའི་ལུས་ལས་ཐ་དད་པའི་བུམ་སོགས་ཡང་བདག་མེད་དེར་རྟོག་ན། བུམ་སོགས་རྣམས་ཆོས་ཅན། བདག་དང་བཅས་པར་ཚད་མས་ཅིས་མི་དཔོག་སྟེ་དཔོག་པར་རིགས་པར་ཐལ། བདག་བཅས་སུ་འདོད་པའི་གསོན་ལུས་དང་ཚད་མའི་གཞལ་བྱ་ཉིད་དུ་མཚུངས་པའི་ཕྱིར། གལ་ཏེ་བུམ་སོགས་དེ་རང་གཞན་གཉིས་ཀས་བདག་བཅས་སུ་མི་འདོད་པས་དེར་དཔོག་པ་མི་རིགས་སོ་ཞེ་ན། བུམ་སོགས་ཆོས་ཅན། བདག་བཅས་སུ་དཔོག་པར་རིགས་པར་ཐལ། ཁྱོད་བདག་བཅས་སུ་ཚད་མས་གྲུབ་པའི་ཕྱིར། ཁྱབ་སྟེ། དེ་དང་དེར་ཚད་མས་གྲུབ་པ་ཉིད་ནི་དེ་དང་དེར་འདོད་པ་ཀུན་གྱི་རྒྱུ་ཡིན་པའི་ཕྱིར་ཏེ་ཚད་མས་གྲུབ་དེ་མེད་པར་དངོས་དང་དངོས་མེད་ཀྱི་རྣམ་གཞག་གང་གིས་ནུས་ཏེ་གང་ཡང་མི་ནུས་པའི་ཕྱིར་རོ། །གཞན་ཡང་བདག་སྲོག་རྗེས་སུ་འགྲོ་ལྡོག་མེད་པས་རྒྱུ་འབྲས་སུ་མི་འཐད་དོ་ཞེས་སྟོན་པ་དེ་འབྱུང་རྔུབ་ལ་སོགས་པའི་མཚན་ཉིད་ཅན་གྱི་སྲོག་དང་མིག་འབྱེད་འཛུམ་རྣམས་ཆོས་ཅན། བདག་རྟག་པ་ལས་སྐྱེས་པ་མ་ཡིན་པར་ཐལ། བློ་དང་ལུས་སོགས་ཕུལ་དུ་བྱུང་བ་དང་ནང་གི་རྩོལ་བ་ལས་སྐྱེས་པ་ཡིན་པའི་ཕྱིར། ལ་སོགས་པས་ཤིང་ཐོག་སྐྱུར་པོ་སོགས་ཀྱི་ཟས་སོགས་མཐོང་བ་ན་ལྕེ་དབང་འགྱུར་བའི་འགྲམ་ཆུ་ལྡང་བ་སོགས་ནི་ཆོས་ཅན། དེ་མ་ཡིན་པར་ཐལ། ཤིང་ཐོག་སྐྱུར་པོ་སོགས་ཀྱི་རོ་དྲན་པ་དང་དེ་མཐོང་བར་འདོད་པ་ལས་སྐྱེས་པའི་ཕྱིར། དྲན་འདོད་སོགས་དེ་དག་ཆོས་ཅན། དེར་ཐལ། ཡུལ་དབང་བློ་དང་ཡིད་བྱེད་སོགས་ལས་བྱུང་བའི་ཕྱིར། ཡུལ་དབང་ཡིད་བྱེད་སོགས་དེ་ཡང་ཆོས་ཅན། དེར་ཐལ། ཕན་ཚུན་རང་རང་གི་ལྷན་ཅིག་བྱེད་རྐྱེན་ལ་ལྟོས་པ་རང་རང་གི་རིགས་འདྲ་སྔ་མ་ལས་བྱུང་བའི་ཕྱིར། དེས་ན་བདག་གི་དངོས་པོར་འདོད་པའི་ནང་གི་སྐྱེ་མཆེད་དྲུག་པོ་འདི་ཆོས་ཅན། རང་གི་རིགས་འདྲ་སྔ་མ་སོགས་རྒྱུ་རྐྱེན་ཚོགས་པ་དེ་ཙམ་ལས་བྱུང་གི་བདག་འདི་ལས་བྱུང་བ་མ་ཡིན་པར་ཐལ། དེ་དག་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་ལ་བརྟེན་པ་ཡིན་པའི་ཕྱིར། དེ་ལས་གཞན་དུ་རྗེས་སུ་འགྲོ་ལྡོག་གི་ནུས་པ་མ་མཐོང་བའི་བདག་དེའང་བདག་གི་རྒྱུར་རྟོག་ན། འབྲས་བུ་རྣམས་ལ་རྒྱུ་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །གཞན་ཡང་ཤེས་བྱ་ཆོས་ཅན། སྒྲ་རྟག་སྒྲུབ་ཀྱི་མཉན་བྱ་དང་གསོན་ལུས་བདག་བཅས་སུ་སྒྲུབ་ཀྱི་སྲོག་སོགས་འདི་ནི་མཚུངས་པར་འགྱུར་བར་ཐལ། དེ་གཉིས་ཀའང་ལྡོག་ཁྱབ་འཁྲུལ་པ་ཉིད་དུ་མཚུངས་པའི་ཕྱིར། གལ་ཏེ་དེ་གཉིས་མཚུངས་པ་མ་ཡིན་ཏེ་སྲོག་སོགས་དེ་ལྡོག་ཁྱབ་མི་འཁྲུལ་བ་ཅན་ཡིན་ཡང་མཉན་བྱ་འདི་ནི་ལྡོག་ཁྱབ་འཁྲུལ་པའི་ཕྱིར་ཞེ་ན། མཉན་བྱ་དེ་ལྡོག་ཁྱབ་ཇི་ལྟར་འཁྲུལ་དྲིས་པས། མཉན་བྱ་དེ་དེ་སྒྲུབ་ཀྱི་སྒྲུབ་མིན་ཉིད་དེ་མི་མཐུན་ཕྱོགས་ཁོ་ན་ལས་ལྡོག་པ་མིན་པའི་ཕྱིར་རོ་ཞེ་ན། འོ་ན་དོན་གྱིས་མཉན་བྱ་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་སྟེ་མཐུན་ཕྱོགས་ལ་རྗེས་སུ་འཇུག་པ་མིན་ནོ་ཞེས་དེ་ལྟར་བརྗོད་པར་འགྱུར་བས་ན་མཉན་བྱ་མཐུན་ཕྱོགས་ལ་མི་འཇུག་པས་དེ་ནི་གཞན་སྲོག་སོགས་ལའང་མཚུངས་པས་སྲོག་སོགས་དེ་སྒྲུབ་ཀྱི་ཡོན་ཏན་ལྡོག་པ་ཅན་མ་ཡིན་པར་འགྱུར་ཏེ། རྗེས་འགྲོ་མེད་པའི་ཕྱིར། ཁྱབ་སྟེ། རྗེས་འགྲོ་མེད་ན་ལྡོག་པའང་མེད་པར་རིགས་པའི་ཕྱིར་རོ། །

གཞན་ཡང་སྲོག་སོགས་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་སྒྲུབ་མིན་ཉིད་དེ་མི་མཐུན་ཕྱོགས་ཁོ་ན་ལས་རྣམ་གཅད་དེ་དེ་ལ་མེད་དོ་ཞེས་པའི་ཚིག་གིས་དེ་སྒྲུབ་ཀྱི་བསྒྲུབ་བྱ་སྟེ་མཐུན་ཕྱོགས་ལ་གནས་པ་བརྗོད་པ་ཡིན་པར་ཐལ། དགག་པ་གཉིས་བརྗོད་པའི་ཚིག་གིས་རྣལ་མ་གོ་བར་བྱེད་པའི་ཕྱིར། དེས་ནི་ངེས་བཟུང་ཅན་གྱི་ལྡོག་པ་སྟོན་པའི་ཚིག་གིས་རྗེས་འགྲོའང་བསྟན་པ་དེ་ཉིད་ཀྱི་ཕྱིར་ན་གང་རུང་གཅིག་བསྟན་པ་གཅིག་ཤོས་དོན་གྱིས་གོ་བར་རྗེས་སུ་འགྲོ་ལྡོག་གང་རུང་གཅིག་སྟོན་པའི་ཚིག་གིས་གཉིས་ཀ་དངོས་ཤུགས་ལ་བསྟན་པར་སློབ་དཔོན་གྱིས་བརྗོད་དོ། །

ཇི་སྐད་བཤད་པའི་རྒྱུ་མཚན་དེའི་ཕྱིར་ཤེས་བྱ་ཆོས་ཅན། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་རྗེས་འགྲོ་མེད་པའི་རྟགས་ལས་མི་མཐུན་ཕྱོགས་ལ་མི་འཁྲུལ་བར་ངེས་པའི་ལྡོག་པ་འདི་འདྲ་གྲུབ་པ་མ་ཡིན་པར་ཐལ། མཐུན་ཕྱོགས་ལ་བཀག་པ་འགོག་པར་བྱེད་པ་ནི་མཐུན་ཕྱོགས་གྲུབ་པ་ལས་གཞན་ཅི་འདྲ་ཞིག་སྟེ་མཐུན་ཕྱོགས་སྒྲུབ་པའི་ངོ་བོར་ཡིན་པའི་ཕྱིར། གལ་ཏེ་སྲོག་སོགས་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལས་ལྡོག་པ་མེད་པ་ཡིན་ཏེ་བསྒྲུབ་བྱ་སྟེ་མཐུན་ཕྱོགས་བདག་དེ་དངོས་པོར་མེད་པས་དེ་ལས་ལྡོག་པ་ཞེས་འབྱུང་ཁུངས་སོགས་ཀྱི་ཐ་སྙད་མི་རུང་བའི་ཕྱིར། རྒྱུ་མཚན་དེས་ན་དེ་དེ་སྒྲུབ་ཀྱི་སྒྲུབ་མིན་ཉིད་དེ་མི་མཐུན་ཕྱོགས་ཁོ་ན་ལ་མེད་དོ་ཞེ་ན། སྲོག་སོགས་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་མེད་ཅེས་ཁྱོད་ལྡོག་པ་དེ་ཉིད་ནི་ཇི་ལྟར་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལས་ལྡོག་པར་འདོད་དེ་འདོད་པར་མི་རིགས་པར་ཐལ། དེ་འདྲའི་བདག་དེ་དངོས་པོར་མེད་པའི་ཕྱིར། དེས་ན་སྲོག་སོགས་ལྡོག་པ་མེད་པ་ནི་སྒྲུབ་པ་ཡིན་ལ་སྒྲུབ་པ་དེ་དངོས་པོར་ཡོད་པས་སྲོག་སོགས་དངོས་པོར་ཡོད་པ་དེ་མཐུན་ཕྱོགས་དངོས་པོར་མེད་ནའང་དེ་ལ་ཡོད་པ་ཡིན་ལ་སྲོག་སོགས་ལྡོག་པའི་དངོས་པོ་མེད་པའང་མཐུན་ཕྱོགས་དངོས་མེད་ལ་ཡོད་པ་མིན་ནོ་ཞེས་སྨྲ་བའི་གསལ་བྱེད་པ་བླུན་པོའི་སྤྱོད་ཡུལ་ལ་ལྟོས་ཤིག་ཞེས་དཔྱས་སོ། །གལ་ཏེ་སྲོག་སོགས་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་དེ་ལས་ལྡོག་པ་མེད་ན་གཏན་ཚིགས་སྲོག་སོགས་དེ་དེ་ལ་འཇུག་པར་འདོད་དམ་ཅི་དྲིས་པས། དེ་དེ་ལ་འཇུག་པ་དེ་ཡང་མིན་ཞེས་ན། སྲོག་སོགས་ཆོས་ཅན། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་འཇུག་པ་ཅི་སྟེ་འགོག་སྟེ་འགོག་པ་མི་རིགས་པར་ཐལ། དེ་ལ་ལྡོག་པ་བཀག་པའི་ཕྱིར། ཁྱབ་སྟེ། དེ་ལ་ལྡོག་པ་བཀག་པ་ནི་དེ་ལ་འཇུག་པ་འདི་ཉིད་ཡིན་པའི་ཕྱིར་རོ། །

གཞན་ཡང་དངོས་པོ་མེད་པ་ལ་དགག་པའི་ཐ་སྙད་མི་འཇུག་ན། དངོས་པོར་མེད་པ་འདིར་ནི་ཆོས་ཅན། མི་སྨྲ་ཐོབ་པ་སྟེ་ཁྱོད་ལ་ཐ་སྙད་གང་ཡང་བཏགས་སུ་མི་རུང་བར་ཐལ། ཡོད་དོ་ཡིན་ནོ་ཞེས་སོགས་སྒྲུབ་པའི་ཐ་སྙད་དེ་ཡང་འཇུག་པ་མེད་པ་ཡིན་ལ་མེད་དོ་མ་ཡིན་ནོ་ཞེས་སོགས་དགག་པའི་ཐ་སྙད་དེ་ཡང་འཇུག་པ་མེད་པའི་ཕྱིར། ཁྱབ་སྟེ། སྒྲུབ་པ་དང་དགག་པ་ལས་མ་གཏོགས་པར་སྒྲ་ལ་འབྱུང་བ་ཐ་སྙད་གཞན་ཡོད་པ་མིན་པའི་ཕྱིར། སྐྱོན་གཞན་ཡང་ཡོད་དེ། བློ་ཡུལ་དུ་འགྲོ་བའི་ཤེས་བྱ་ལ་ཆོས་ཅན། གཞི་འགར་དགག་བྱ་བཀག་པའི་དགག་པའི་དོན་ནི་མེད་པར་འགྱུར་བར་ཐལ། ཆོས་ཡོད་པ་རྣམས་ལ་དགག་པའི་ཐ་སྙད་འཇུག་པ་མེད། དགག་པའི་ཐ་སྙད་དེ་ནི་ཆོས་མེད་པ་རྣམས་ལའང་འཇུག་པར་ཡོད་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། རིགས་པ་འདི་ཡིས་ཡོད་མེད་གཉིས་ལས་མ་གཏོགས་པའི་ཐ་སྙད་ཀྱི་ཡུལ་མི་རིགས་པའི་ཕྱིར། གལ་ཏེ་ཡོད་པའི་དངོས་པོ་དེའི་ཡུལ་དུས་ལ་ལྟོས་ནས་འགོག་སྟེ་ཡུལ་གཞན་གྱི་འདས་པའི་བུམ་པ་ཡུལ་འདིར་ད་ལྟ་མེད་པ་བཞིན་ནོ་ཞེ་ན། དེ་ཡང་མི་རིགས་ཏེ། ཅི་ལྟར་ཆོས་དེ་ཡོད་པ་དེ་ལྟར་ནི་རྣམ་པ་གང་གིས་ཀྱང་མི་འགོག་ལ་ཇི་ལྟར་ཆོས་དེ་མེད་པ་དེ་ལྟར་ཡང་ནི་རྣམ་པ་གང་གིས་ཀྱང་འགོག་པར་མི་འགྱུར་བའི་ཕྱིར་རོ། །

ད་རང་ལུགས་ཀྱི་དགག་སྒྲུབ་ཀྱི་ཐ་སྙད་འཇུག་པའི་རྟེན་སྟོན་པ་ནི། འོ་ན་ཁྱོད་ཀྱི་ལུགས་ལ་དགག་སྒྲུབ་ཀྱི་ཐ་སྙད་ཇི་ལྟར་འཇུག་ཅེ་ན། ཤེས་བྱ་ཆོས་ཅན། འདིར་ནི་ཆོས་ཅན་སྒྲ་དོན་ལ་བརྟེན་ནས་སྒྲུབ་པ་དང་དགག་པའི་ཐ་སྙད་ཐམས་ཅད་འཇུག་པར་འདོད་པ་ཡིན་ཏེ། དགག་སྒྲུབ་ཀྱི་ཐ་སྙད་འཇུག་པ་གང་གི་ཕྱི་རོལ་གྱི་དངོས་པོ་དང་དངོས་མེད་ལ་དགག་སྒྲུབ་ཀྱི་ཐ་སྙད་དངོས་སུ་མི་འཇུག་པ་དེའི་ཕྱིར། གལ་ཏེ་སྒྲ་དོན་ཉིད་ཕྱི་རོལ་གྱི་དོན་རང་མཚན་ཡིན་ནོ་ཞེ་ན། སྒྲ་དོན་ཆོས་ཅན། ཕྱི་རོལ་ལ་བརྟེན་པའི་དོན་རང་མཚན་མིན་པར་ཐལ། ཕྱི་རོལ་ཡོད་དམ་མེད་ཀྱང་རུང་ཁྱོད་སེལ་ངོར་གནས་པའི་ཕྱིར། སྒྲ་དོན་ཇི་ལྟ་བུ་ཞེ་ན། དངོས་པོ་ལ་མངོན་པར་ཞེན་པའི་རྟོག་པའི་སྣང་ཡུལ་དང་དངོས་མེད་ལ་བརྟེན་ཅན་ཏེ་མངོན་པར་ཞེན་པའི་རྟོག་པའི་སྣང་ཡུལ་ལོ། །གལ་ཏེ་སྒྲ་དོན་ཕྱི་རོལ་རང་མཚན་མ་ཡིན་ན་སྒྲ་དོན་ལ་དགག་སྒྲུབ་བྱེད་པས་ཕྱི་རོལ་རང་མཚན་ལ་དགག་སྒྲུབ་བྱེད་པར་ཅི་ལྟར་འགྱུར་ཞེ་ན། བུམ་སོགས་ཀྱི་སྒྲ་དོན་ཆོས་ཅན། ཁྱོད་ཕྱི་རོལ་རང་མཚན་པ་དེ་འདྲར་མེད་ནའང་ཁྱོད་ལ་དགག་སྒྲུབ་བྱས་པས་ཕྱི་རོལ་རང་མཚན་ལ་དགག་སྒྲུབ་བྱས་པར་འགྱུར་བར་ཐལ། ཁྱོད་ལ་དེ་བྱས་པ་ན་ཆོས་ཅན་ཕྱི་རོལ་རང་མཚན་དེ་དགག་སྒྲུབ་དེ་དག་དང་ནི་འབྲེལ་བ་ལྟར་དུ་སེལ་ངོར་སྣང་བའི་ཕྱིར། གལ་ཏེ་བུམ་སོགས་ཀྱི་སྒྲ་དོན་དེ་ཕྱི་རོལ་རང་མཚན་དུ་མེད་ན་དེ་ལ་ཡོད་ཅེས་པའི་ཐ་སྙད་ཇི་ལྟར་འཇུག་ཞེ་ན། དེ་ཡང་ཆོས་ཅན། ཁྱོད་ཕྱི་རོལ་རང་མཚན་མ་ཡིན་ཀྱང་ཡོད་ཅེས་པའི་ཐ་སྙད་རྟེན་པ་སྟེ་འཇུག་པར་འདོད་དེ། ཁྱོད་དངོས་ཡུལ་དུ་བྱས་ནས་བུམ་སོགས་ཀྱི་སྒྲ་འཇུག་པ་ཉིད་ཡིན་པའི་ཕྱིར། ཕྱི་རོལ་རྟེན་མིན་གྱི་གཞུང་འཛུགས་པ་དེ། གལ་ཏེ་སྒྲ་དོན་ལ་དགག་སྒྲུབ་ཐ་སྙད་བྱེད་པ་དེ་དེ་ལྟར་མིན་པར་ཕྱི་རོལ་རང་མཚན་ལ་དེ་བྱེད་ན་བུམ་སོགས་ཕྱི་རོལ་གྱི་དོན་རྣམས་ཆོས་ཅན། ཁྱོད་ཀྱི་སྟེང་དུ་ཆོས་གཅིག་སྒྲུབ་པ་ན་རང་གི་བདག་ཉིད་དུ་གྱུར་པའི་ཆོས་ཐམས་ཅད་སྒྲུབ་པ་དང་ཆོས་གཅིག་བཀག་པ་ན་ཆོས་ཐམས་ཅད་བཀག་པར་འགྱུར་བར་ཐལ། ཁྱོད་ཀྱི་སྟེང་དུ་རང་གི་བདག་ཉིད་དུ་གྱུར་པའི་ཆོས་ཐམས་ཅད་ཐ་དད་མེད་པར་རྫས་གཅིག་ཡིན་པའི་ཕྱིར། གལ་ཏེ་ཕྱི་རོལ་གྱི་ཆོས་ཅན་རྣམས་ཀྱི་ཆོས་དེ་དག་དོན་ཐ་དད་ཡིན་པས་ཆོས་ཅན་གཅིག་གི་སྟེང་དུ་ཆོས་འགའ་ཞིག་བཀག་པ་དང་ཆོས་འགའ་ཞིག་སྒྲུབ་པར་མི་འགལ་ཏེ། དཔེར་ན་ཆོས་ཅན་གཅིག་གི་སྟེང་དུ་ལྷ་སྦྱིན་བཀག་པ་དང་མཆོད་སྦྱིན་སྒྲུབ་པ་མི་འགལ་བ་བཞིན་ནོ་ཞེ་ན། བུམ་པ་སའི་རང་བཞིན་ཡིན་ཞེས་སོགས་བསྒྲུབ་པ་དང་ནི་གསེར་གྱི་རང་བཞིན་མ་ཡིན་ནོ་ཞེས་སོགས་དགག་པ་དག་ཆོས་ཅན། ཆོས་ཅན་རྫ་བུམ་ལྟ་བུ་གཅིག་ལ་གཞི་མཐུན་དུ་འདུ་བར་མི་འགྱུར་བར་ཐལ། རྫས་ཐ་དད་ཡིན་པའི་ཕྱིར། དཔེར་ན་རྫས་གཞན་དང་གཞན་དུ་འགྱུར་བའི་ཆོས་ཅན་གཅིག་གི་བཀག་པའི་ཆོས་དང་ནི་སྒྲུབ་པའི་ཆོས་གཉིས་ཆོས་ཅན་གཅིག་གི་སྟེང་དུ་མི་འདུ་བ་བཞིན་ནོ། །གལ་ཏེ་ཁྱོད་ཀྱི་ལུགས་ལ་ཡང་སྒྲོ་བཏགས་ཀྱི་རང་བཞིན་དུ་གྱུར་པའི་སྒྲ་དོན་ལ་ཆོས་དང་ཆོས་ཅན་དང་དགག་སྒྲུབ་ཀྱི་ཐ་སྙད་ཇི་ལྟར་བྱེད་ཅེ་ན། སྒྲ་དོན་དེ་ཆོས་ཅན་དང་དགག་སྒྲུབ་ཀྱི་ཐ་སྙད་ཀྱི་རྟེན་དུ་འདོད་པའི་ལུགས་ལ་ཆོས་ཅན། ཆོས་ཅན་གཅིག་གི་སྟེང་དུ་ཆོས་གཅིག་དགག་པས་ཆོས་ཐམས་ཅད་བཀག་པ་དང་ཆོས་གཅིག་སྒྲུབ་པས་ཆོས་ཐམས་ཅད་སྒྲུབ་པའི་སྐྱོན་དུ་མི་འགྱུར་བར་ཐལ། ཆོས་སྣ་ཚོགས་ཀྱི་གཞིར་གྱུར་པའི་ཆོས་ཅན་བུམ་མ་ཡིན་ལས་ལོག་པ་ལྟ་བུ་གཅིག་གི་དབང་དུ་བྱས་ཏེ་མི་རྟག་པ་ལྟ་བུའི་ཆོས་གཅིག་བསྒྲུབ་པ་ན་སྒྲུབ་ཆོས་དེ་དེ་ལ་གསར་དུ་བརྟེན་པ་དང་གཞན་དགག་སྒྲུབ་གང་ཡང་མ་བྱས་པའི་ཆོས་རྣམས་གཏང་སྙོམས་པ་ལྟ་བུ་དང་མ་བྱས་པ་ལྟ་བུའི་ཆོས་འགོག་ན་དགག་ཆོས་དེས་གསར་དུ་ལེན་པ་དང་དེ་ལས་གཞན་འགལ་ཟླ་བྱས་པ་ལ་གསར་དུ་ལྟོས་པ་ལྟ་བུར་སྣང་བའི་ཕྱིར། གལ་ཏེ་སྒྲོ་བཏགས་པའི་སྤྱོད་ཡུལ་ཅན་གྱི་ཆོས་ཆོས་ཅན་དང་དགག་སྒྲུབ་ཀྱི་ཐ་སྙད་དེ་ལ་ཐ་སྙད་བྱེད་པ་པོའི་བདེན་པའི་ཤེས་པས་ཇི་ལྟར་མི་གནོད་དམ་ཞེ་ན། བུམ་པ་མི་རྟག་པ་ཡིན་ནམ་བྱས་པ་མ་ཡིན་ཞེས་སོགས་མེད་པའི་དོན་ཅན་ནམ་སྒྲོ་བཏགས་པའི་དཔྱོད་ཡུལ་ཅན་གྱི་འཇིག་རྟེན་པའི་ཐ་སྙད་ཆོས་ཅན། ཁྱོད་ཀྱི་དོན་ལ་ཐ་སྙད་བྱེད་པ་པོའི་བདེན་པའི་ཤེས་པས་གནོད་པར་མི་འགྱུར་བར་ཐལ། ཁྱོད་ཀྱི་དོན་དེ་རྣམ་པར་རྟོག་པའི་བློས་ཇི་ལྟར་བསྟན་ཅིང་སྒྲོ་བཏགས་པ་དེ་ཁོ་ན་བཞིན་ཐ་སྙད་བྱེད་པ་པོས་ཀྱང་དེ་ཁོ་ན་ཉིད་དུ་བདེན་རྫུན་དེ་ལ་རིགས་པས་མ་བརྟགས་པར་ཁས་ལེན་པའི་ཕྱིར་དང་། མ་བྱས་རྟག་པ་སོགས་ལས་ཐ་དད་པའི་དོན་བུམ་པ་རང་མཚན་ལ་བརྒྱུད་ནས་བ རྟེན་པའི་ཕྱིར་དང་། རེས་འགའ་མ་ཡིན་པར་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པའི་བག་ཆགས་བརྟན་པོ་ལས་འོངས་པའི་ཐ་སྙད་ཡིན་པའི་ཕྱིར། ད་ཇི་ལྟར་ཐ་དད་པའི་དོན་ལ་བརྟེན་ཚུལ་དང་སླད་པར་མི་ཤེས་པའི་ཚུལ་སྟོན་པ་དེ། བུམ་པ་ཆོས་ཅན། ཆུ་མི་སྐྱོར་བ་དང་དེ་དང་གྲང་བ་སྐྱོབ་པ་དེ་ལས་ཐ་དད་པའི་ལྡོག་པ་གཉིས་པོ་དེ་ཁྱེད་ཀྱི་སྟེང་དུ་དོན་གཅིག་པ་ཡིན་ཏེ། ཆུ་སྐྱོར་བ་དེའི་འབྲས་བུ་ཅན་ཡིན་པ་དང་གྲང་བ་སྐྱོབ་པ་དེའི་འབྲས་བུ་མེད་པ་ཅན་ཡིན་པའི་ཕྱིར། དེས་ན་བུམ་པས་ཆུ་སྐྱོར་ཞེས་སོགས་སྒྲུབ་ཆོས་གསར་དུ་འཕེལ་བ་ལྟ་བུ་དང་བུམ་པས་གྲང་བ་མི་སྐྱོབ་ཅེས་སོགས་དགག་ཆོས་གསར་དུ་འགྲིབ་པ་ལྟ་བུར་བྱེད་པའི་བསླད་པ་སྟེ་སྒྲོ་བཏགས་པའི་སྤྱོད་ཡུལ་ཅན་གྱི་ཐ་སྙད་དེ་དང་དེ་དག་ཆོས་ཅན། ཁྱོད་ཀྱི་དབང་གིས་བུམ་པ་དེ་དགག་སྒྲུབ་ཀྱི་ཆོས་དེ་དག་དང་གསར་དུ་འབྲེལ་བ་ལྟར་སྣང་བ་འགའ་ལས་ཆ་དེ་དེ་དག་དང་གསར་དུ་ལྡན་པ་ཉིད་མིན་ཡང་། དེ་དེ་དག་དང་ལྡན་པར་མཐོང་བས་ཏེ། སྒྲོ་འདོགས་ནས་དེ་དག་དང་ལྡན་པའི་བུམ་པ་རང་མཚན་ཐོབ་པ་ལ་སྦྱོར་བར་བྱེད་དེ། ཁྱོད་ཆུ་མི་སྐྱོར་བ་དང་གྲང་བ་སྐྱོབ་པ་ལས་ཐ་དད་པའི་བུམ་པ་རང་མཚན་ལ་བརྒྱུད་ནས་བརྟེན་པ་ཅན་གྱི་ཐ་སྙད་ཡིན་པའི་ཕྱིར། དེ་འདྲའི་ཐ་སྙད་དེ་དག་ཆོས་ཅན། ཐ་སྙད་བྱེད་པ་པོས་བསླད་པའམ་འཁྲུལ་པར་ཡང་ཤེས་པ་མ་ཡིན་ཏེ། ཁྱོད་ཀྱིས་ཇི་ལྟར་བསྟན་པའི་དགག་སྒྲུབ་ཀྱི་དོན་ལ་ཐ་སྙད་བྱེད་པའི་སྐྱེས་བུ་མི་བསླུ་བར་བྱེད་པ་དེས་ནའི་ཕྱིར། གཞན་ཡང་སྔར་བསྒྲུབ་བྱ་མེད་ལས་ཅེས་པ་མི་འཐད་དེ། རིགས་པ་ཅན་པ་ཆོས་ཅན། ཁྱོད་ཀྱི་བློ་ངོར་བདག་དེ་མེད་པ་མ་ཡིན་པར་ཐལ། བདག་ཡོད་པ་ཉིད་དུ་སྒྲུབ་བྱེད་འགོད་པའི་རྒོལ་བ་ཡིན་པའི་ཕྱིར། སངས་རྒྱས་པ་ཆོས་ཅན། ཁྱོད་ཀྱི་བློ་ངོར་བདག་མེད་མེད་པར་ཐེ་ཚོམ་དུ་འགྱུར་ནས་བདག་མེད་པར་མ་ངེས་པར་ཐལ། ཁྱོད་ཀྱི་བློ་ངོར་བདག་ཡོད་པའི་སྒྲུབ་བྱེད་ཡང་དག་མི་འཇུག་པའི་ཕྱིར། གལ་ཏེ་སངས་རྒྱས་པ་ཁྱོད་ཀྱིས་བདག་མེད་མེད་པར་ཁས་བླངས་པས་བདག་མེད་པར་སྨྲས་པ་ཡིན་ནོ་ཞེ་ན་རིགས་པ་ཅན་པ་ཆོས་ཅན། ཚད་མ་ཡིན་པའི་སངས་རྒྱས་པས་ཁས་བླངས་པ་ཙམ་ལས་ཁྱོད་ཀྱི་བདག་མེད་པ་ཉིད་ཀྱང་ཁས་ལེན་པར་རིགས་པ་མ་ཡིན་པར་ཐལ། དེ་ལྟར་རིགས་ན་གསོན་ལུས་ཀྱང་བདག་མེད་དུ་ཁས་ལེན་དགོས་པ་སོགས་ཧ་ཅང་ཐལ་ཆེས་པར་འགྱུར་བའི་ཕྱིར། དེས་ན་མཐུན་ཕྱོགས་དངོས་པོར་མེད་པ་ལས་རྟགས་ལྡོག་པ་མེད་དུ་ཆུག་ན་ཡང་སྲོག་སོགས་ཆོས་ཅན། དེ་སྒྲུབ་ཀྱི་མཐུན་ཕྱོགས་བདག་དེ་དང་དངོས་པོར་མེད་པའི་རྒྱུ་མཚན་གྱིས་དེ་ལས་ལྡོག་པར་ཐེ་ཚོམ་ཟ་ནས་དེ་ལས་ལྡོག་པར་མ་ངེས་པར་ཐལ། བདག་ཡོད་མེད་ཐེ་ཚོམ་ཟ་ནས་བདག་དེ་མེད་པར་མ་ངེས་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་བདག་མེད་ལས་ལྡོག་པར་ཡང་མ་ངེས་པར་ཐལ། བདག་དེ་ལ་ཡོད་མེད་ཐེ་ཚོམ་ཟ་ནས་བདག་དེ་ཡོད་པ་མ་ངེས་པའི་ཕྱིར། ཁྱབ་སྟེ་བདག་ཡོད་མེད་ཀྱི་ཕུང་པོ་གཉིས་ལས་གང་རུང་གཅིག་ལ་ཡོད་པར་ངེས་པར་གྲུབ་ན་གཞན་ཅིག་ཤོས་ལས་ལྡོག་པར་གྲུབ་པ་ཡིན་གྱི་གཞན་དུ་མི་འགྲུབ་པའི་ཕྱིར་རོ། །གལ་ཏེ་སྲོག་སོགས་དེ་མཐུན་ཕྱོགས་བདག་ལ་ཡོད་པར་མ་གྲུབ་ཀྱང་མི་མཐུན་ཕྱོགས་བདག་མེད་འགའ་ཞིག་ལ་མ་མཐོང་བས་མི་མཐུན་ཕྱོགས་མཐའ་དག་ལ་མེད་པར་གྲུབ་བོ་ཞེ་ན། སྲོག་སོགས་དེ་སྣང་རུང་གི་བདག་མེད་ལ་མ་མཐོང་བ་ཡིན་པ་མཐོང་མེད་དེ་སྣང་མི་རུང་གི་བདག་མེད་དག་ལ་མེད་པར་ཐེ་ཚོམ་ཟ་ནས་མེད་པར་མ་ངེས་ཏེ། རྒྱུ་མཚན་འདི་ལྟར། དེ་ཆོས་ཅན། བདག་འགའ་ལ་མ་མཐོང་བས་བདག་དེ་འགར་ཡང་མེད་པ་ངེས་པ་མེད་པར་ཐལ། བདག་མེད་ཀྱི་གསལ་བ་ཀུན་ལ་ཁྱབ་བྱེད་དུ་མཐོང་བ་མ་ཡིན་ཡང་བདག་མེད་དེའི་རིགས་སུ་གྱུར་པའི་དོན་འགའ་ཞིག་ལ་ཡོད་པ་སྲིད་པའི་ཕྱིར། དཔེར་ན་མཁྲེགས་པའི་རྡོ་རྗེ་ཕ་ལམ་མཚོན་གྱིས་མ་ཆོད་པར་མཐོང་ནས་དེ་དང་མཁྲེགས་པར་ཁྱད་པར་མེད་པའི་རྟགས་ཀྱིས་ཤིང་སོགས་ཀྱང་མཚོན་གྱིས་མ་ཆོད་པར་བསྒྲུབ་མི་ནུས་པ་བཞིན་ནོ། །

གཞན་ཡང་དེ་ཆོས་ཅན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་བདག་མེད་ལ་ཡོད་པར་ཐེ་ཚོམ་གང་ལས་ལྡོག་པར་འགྱུར་ཏེ་མི་འགྱུར་བར་ཐལ། དེ་ལ་ཡོད་པ་ལ་འགལ་བ་ཚད་མས་མ་མཐོང་བའི་ཕྱིར། དེའི་རྒྱུ་མཚན་ཡང་། གལ་ཏེ་སྲོག་སོགས་ལ་བདག་གིས་ཁྱབ་པའི་སྒོ་ནས་སྲོག་སོགས་མཐོང་བར་བདག་མེད་ལྡོག་པ་ཡིན་ན། དེའི་ཕྱིར་དེ་ཡང་ཆོས་ཅན། གཞི་ལ་ལར་བདག་དེའི་འབྲས་བུ་དང་ལ་ལར་བདག་དེའི་བདག་ཉིད་དུ་འབྲེལ་བར་ངེས་པ་ལས་གཞན་ཅི་ཡོད་དེ་གང་རུང་ཡིན་པར་ཐལ་ལོ། །རྒྱུ་མཚན་དེས་ན་སྲོག་སོགས་འདི་ནི་བདག་ལས་མ་ཟད་བདག་མེད་པ་ལས་ཀྱང་ལྡོག་པར་ཐེ་ཚོམ་ཟའོ་ཞེས་མཇུག་སྡུད་དོ། །གཞན་ཡང་སྲོག་སོགས་དེ་བདག་མེད་ལས་ལྡོག་ཅིང་སྲོག་སོགས་ཡོད་པར་བདག་མེད་ལྡོག་ཏུ་ཆུག་པ་དེ་ལྟ་ན་ཡང་རིགས་པ་ཅན་པ་ཆོས་ཅན། ཁྱོད་ཀྱི་ལུགས་ལ་གསོན་ལུས་དེ་བདག་མེད་པའི་རྒྱུ་མཚན་ལས་བདག་བཅས་སུ་འགྲུབ་པར་མི་འགྱུར་བར་ཐལ། རྒྱུ་མཚན་གང་གིས་ན་ཆོས་དེ་ལྡོག་པ་མེད་པ་དེ་ནི་ངེས་པར་དངོས་པོར་ཏེ་ཡོད་པར་ཁྱོད་འདོད་པ་མ་ཡིན་པའི་ཕྱིར། དཔེར་ན་སྲོག་སོགས་དེ་མཐུན་ཕྱོགས་བདག་ལ་ལྡོག་པ་མེད་ཀྱང་བདག་ལ་ཡོད་པ་མིན་པར་འདོད་པ་བཞིན་ནོ། །

གལ་ཏེ་གཏན་ཚིགས་སྲོག་སོགས་དེ་མཐུན་ཕྱོགས་བདག་ལས་ལྡོག་པ་མེད་པར་འདོད་ན་དེའི་རྒྱུ་མཚན་གྱིས་མཐུན་ཕྱོགས་ལ་རྗེས་འགྲོ་ཅན་དུ་ཡང་འདོད་དགོས་ལ་དེ་ལྟ་མ་ཡིན་པར་མཐུན་ཕྱོགས་ལ་ལྡོག་པ་མིན་པས་རྗེས་འགྲོ་ཅན་མིན་ན་བདག་མེད་ཡོད་པ་མ་ཡིན་པས་ཀྱང་བདག་བཅས་སུ་གྲུབ་པ་མིན་ཏེ་དགག་པ་བཀག་པ་སྒྲུབ་པར་མི་འདོད་པའི་ཕྱིར། གཞན་ཡང་རྒྱུ་འབྲས་ལ་ལྟོས་པ་གྲུབ་ཅིང་བདག་སྲོག་ལ་ལྡོག་པ་གྲུབ་བོ་ཞེས་སྟོན་པ་དེ། བདག་གི་རང་གི་བདག་ཉིད་དུ་བ་ཆོས་ཅན། གང་ལ་ཕན་འདོགས་བྱེད་དུ་མེད་ན་མི་འབྱུང་བ་ཅན་དུ་གྲུབ་པ་ཡིན་ཏེ། མེ་ཕན་འདོགས་བྱེད་དུ་ཡོད་ན་འཇུག་པ་སྟེ་སྐྱེ་བའི་ཕྱིར། དེའི་ཕྱིར་དུ་བ་དེ་ཆོས་ཅན། ཁྱོད་འཇུག་པ་སྟེ་ཡོད་ན་ཡང་མེ་འཇུག་བྱེད་དེ་ཡོད་པས་ཁྱབ་པ་ཡིན་ཏེ། མེ་དེ་ཉིད་ལྡོག་ན་ཁྱོད་ཀྱང་ལྡོག་པར་བྱེད་པའི་ཕྱིར། དེས་ན་འབྲས་བུ་དུ་བ་ཆོས་ཅན། མེ་མེད་ན་ཁྱོད་མི་འབྱུང་བའི་ཕྱིར་འབྲེལ་བ་དེ་ཡང་སྒྲུབ་བྱེད་ཁྱད་པར་བ་ལ་ལྟོས་པ་ཡིན་ཏེ། མེ་ཕན་འདོགས་བྱེད་དུ་ཡོད་ན་ཁྱོད་སྐྱེ་བ་མཐོང་བ་དང་དེ་མེད་ན་ཁྱོད་སྐྱེ་བར་མ་མཐོང་བའི་ཚད་མ་དེ་དག་མེ་དང་ཁྱོད་གཉིས་རྒྱུ་དང་འབྲས་བུ་ཉིད་དུ་སྒྲུབ་བྱེད་ཀྱི་ཚད་མ་ཡིན་པའི་ཕྱིར། དེས་ན་སྲོག་སོགས་དེ་ཆོས་ཅན། ཁྱོད་དོན་གཞན་གསོན་ལུས་བདག་བཅས་སུ་རྟོགས་པའི་སྒྲུབ་བྱེད་ཡང་དག་ཏུ་ཡོད་པ་མ་ཡིན་པར་ཐལ། ཁྱོད་ཡོད་ན་བདག་ཡོད་པའི་ངེས་པ་མེད་པའི་ཕྱིར་ཏེ། བདག་མེད་པ་ནི་དེ་དག་སྟེ་ཁྱོད་མེད་པར་མི་སྲིད་ཅིང་མ་གྲུབ་པའི་ཕྱིར་ཏེ་བདག་དེ་ཁྱོད་ལ་རྟག་ཏུ་ཁྱབ་བྱེད་དུ་ཡོད་པའི་ཕྱིར། གལ་ཏེ་རྒྱུ་འབྲས་ལ་ལྡོག་པ་མི་དགོས་ཏེ་རྒྱུ་ཡོད་པར་འབྲས་བུ་མཐོང་བ་ཙམ་གྱི་རྗེས་འགྲོས་ཀྱང་རྒྱུ་འབྲས་སུ་གྲུབ་བོ་ཞེ་ན། དུ་བ་ཆོས་ཅན། ཇི་ལྟར་ན་མེ་དེས་བསྐྱེད་པའི་རང་བཞིན་ཡིན་ཏེ་མ་ཡིན་པར་ཐལ། མེ་དེ་དག་མེད་པར་ཡང་རྒྱུ་གཞན་ལས་འབྱུང་བའི་ཕྱིར། ཁྱབ་སྟེ། འབྲས་བུའི་རང་བཞིན་འདྲ་མི་འདྲ་ཐ་དད་པ་རྣམས་རྒྱུའི་རང་བཞིན་འདྲ་མི་འདྲ་ཐ་དད་པ་རྣམས་ལས་འབྱུང་དགོས་པའི་ཕྱིར། དེས་ན་འབྲས་བུའི་དངོས་པོ་རྣམས་ཆོས་ཅན། རྒྱུ་ཚོགས་པའི་ནུས་པ་འདྲ་མི་འདྲ་ཐ་དད་པ་དུ་མས་བསྐྱེད་པ་ཡིན་ཏེ། རང་བཞིན་སྣ་ཚོགས་པའི་འབྲས་བུའི་ངོ་བོ་ཉིད་ཡིན་པའི་ཕྱིར། གལ་ཏེ་འབྲས་བུ་ཐ་དད་པ་རྣམས་རྒྱུ་ཐ་དད་པས་བྱེད་པ་མིན་ཞེ་ནེ། ཤེས་བྱ་ཆོས་ཅན། སྐད་ཅིག་གིས་འགྲོ་བའི་དངོས་པོ་འདི་རྣམས་ངོ་བོ་གཅིག་ཏུ་འགྱུར་བར་ཐལ། དངོས་པོ་རྣམས་ཐ་དད་དུ་བསྐྱེད་པའི་རྒྱུ་ཐ་དད་པ་མེད་པའི་ཕྱིར། གལ་ཏེ་མེ་མེད་བརྒྱ་བྱིན་གྱི་སྤྱི་བོ་ཡིས་མེ་མེད་ལས་རིགས་ཐ་དད་པའི་མེའི་མཐུས་དུ་བ་སྐྱེད་བྱེད་ཡིན་ཞིང་མེ་མེད་ལས་རིགས་ཐ་དད་མིན་པའི་མེ་མེད་ཀྱི་འབྲས་བུ་ཡང་སྐྱེད་བྱེད་ཡིན་པས་རྒྱུ་རིགས་འདྲ་བས་འབྲས་བུ་རིགས་མི་འདྲ་བ་བསྐྱེད་དོ་ཞེ་ན། མེ་མེད་བརྒྱ་བྱིན་གྱི་སྤྱི་བོ་གཅིག་ནི་ཆོས་ཅན། རང་བཞིན་ཉིད་ཡིན་པ་ཉམས་པར་ཐལ། མེ་དང་མེ་མིན་གྱི་རང་བཞིན་གཉིས་སུ་གནས་པའི་ཕྱིར་ཏེ། དུ་བའི་ཉེར་ལེན་དང་མེ་མེད་ཀྱི་རང་བཞིན་དུ་མར་གནས་པའི་ཕྱིར། དཔེར་ན་དོན་གཞན་དུ་བ་ནི་ཆོས་ཅན། བརྒྱ་བྱིན་གྱི་སྤྱི་བོ་དེ་ཁྱོད་ཀྱི་རྒྱུ་ཚོགས་དེ་ཉིད་དུ་ཐལ། ཁྱོད་དེས་བསྐྱེད་པའི་རང་བཞིན་ཡིན་པའི་ཕྱིར། གལ་ཏེ་དུ་བ་དེ་བརྒྱ་བྱིན་གྱི་སྤྱི་བོ་དེས་བསྐྱེད་པའི་རང་བཞིན་མ་ཡིན་ན། དེའི་ཕྱིར་དུ་བ་དེ་ནི་ཆོས་ཅན། བརྒྱ་བྱིན་གྱི་སྤྱི་བོ་དེ་ལས་ཇི་ལྟར་འབྱུང་སྟེ་མི་འབྱུང་བར་ཐལ་ལོ། །དེས་ན་ཤེས་བྱ་ཆོས་ཅན། རྒྱུ་དང་འབྲས་བུ་དག་ཕན་ཚུན་རང་བཞིན་མི་འཁྲུལ་བར་ངེས་པ་ཉིད་ཡིན་ཏེ། བརྒྱ་བྱིན་དེ་དུ་བའི་རྒྱུ་ཚོགས་ཡིན་ན་དུ་བའི་རྒྱུ་ཡིན་དགོས་ལ་དུ་བའི་རྒྱུ་མ་ཡིན་ན་དུ་བའི་རྒྱུ་ཚོགས་ཀྱང་མ་ཡིན་དགོས་པ་དེའི་ཕྱིར། དེས་ན་རྒྱུའི་རང་བཞིན་ཚད་མས་མཐོང་བ་བཞིན་དུ་འབྲས་བུའི་རང་བཞིན་ཚད་མས་མཐོང་བ་ཡང་རྒྱུ་དེ་རྟོགས་པར་འགྱུར་ཏེ། འབྲས་བུ་དེ་རྒྱུ་ལ་མི་འཁྲུལ་བ་དེས་ནའི་ཕྱིར། གལ་ཏེ་དཔེར་ན་རྒྱུ་རིགས་མི་འདྲ་བའི་ཆུ་དང་འོ་མ་གཉིས་ཀས་འབྲས་བུ་རིགས་འདྲ་བའི་འབྲས་ཆན་རུལ་པ་གཅིག་བསྐྱེད་པར་འགྱུར་བ་དེ་བཞིན་དུ་རྒྱུ་རིགས་མི་འདྲ་བ་དུ་མ་ལས་འབྲས་བུ་རིགས་འདྲ་བ་ཇི་ལྟར་མི་འབྱུང་བར་འགྱུར་བ་མཐོང་བས་བརྒྱ་བྱིན་ལས་དུ་བ་འབྱུང་ངོ་ཞེ་ན། འབྲས་ཆན་རུལ་བ་གཅིག་གི་རྒྱུ་བྱེད་པའི་ཆུ་དང་འོ་མ་གཉིས་ཀའང་ཆོས་ཅན། རིགས་གཅིག་པ་ཉིད་ཡིན་ཏེ། གཤེར་བའི་ནུས་པ་གང་ལས་འབྲས་བུ་འབྲས་ཆན་རུལ་པ་གཅིག་གིས་རྒྱུར་མཚུངས་པར་འགྱུར་བའི་ཕྱིར། ཅི་སྟེ་ཆུ་དང་འོ་མ་འདི་གཉིས་ནི་རྫས་ཐ་དད་ཅིང་ནུས་པ་གཅིག་པའི་བདག་ཉིད་དམ་མངོན་སུམ་ལ་ཐ་དད་དུ་སྣང་ཞིང་གཤེར་བ་ཉིད་དུ་གཅིག་པ་ཇི་ལྟར་ཡིན་ཞེ་ན། དེ་གཉིས་ཆོས་ཅན། རྫས་ཐ་དད་པ་ཡིན་ཀྱང་རིགས་གཅིག་ཅེས་བརྗོད་དུ་རུང་སྟེ། གཤེར་བ་དེའི་རང་བཞིན་ནམ་རྣམ་པ་ཅན་གྱི་བློ་ཐ་དད་མེད་པ་གཅིག་བསྐྱེད་པར་མཚུངས་པའི་ཕྱིར། དཔེ་དེ་བཞིན་དུ་མེའི་གསལ་བ་རྣམས་ནི་ཆོས་ཅན། རྫས་ཐ་དད་ཀྱང་མེར་རིགས་གཅིག་ཏུ་རྟོགས་པའི་ཤེས་པ་གཅིག་གི་རྟེན་ནམ་རྒྱུ་ཡིན་པར་མཚུངས་པའི་མེ་མ་ཡིན་ལས་ལྡོག་པའི་ཆ་གང་གིས་དུ་བ་ཆོས་ཅན། རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར་མེ་མ་ཡིན་ལས་ལོག་ཙམ་དེ་ལྟར་རྟོགས་པར་བྱེད་པ་ཡིན་ཏེ། མེ་མ་ཡིན་ལས་ལོག་པ་ཙམ་དེས་བསྐྱེད་པའི་འབྲས་བུ་ཡིན་པ་དེས་ནའི་ཕྱིར། དུ་བ་ཆོས་ཅན། མེ་ཙམ་དེ་ལས་འཁྲུལ་པ་མེད་པ་ཅན་ཡིན་ཏེ། མེར་ཤེས་པའི་བློ་རྒྱུར་གྱུར་པའི་མེ་ཙམ་གྱི་ཡན་ལག་གཞན་བུད་ཤིང་སོགས་གྲོགས་སུ་ཡོད་པ་ལ་ལྟོས་པ་ཉིད་ལས་བྱུང་བའི་ཕྱིར། དུ་བ་མེ་ལ་མི་འཁྲུལ་བ་དེ་ལྟར་དུ་འབྲས་བུ་གཞན་རྣམས་ཀྱང་རང་གི་རྒྱུ་ལ་མི་འཁྲུལ་བ་དེ་བཞིན་དུ་འགྲུབ་པར་ཤེས་པར་བྱའོ། །གལ་ཏེ་མེ་མེད་བརྒྱ་བྱིན་གྱི་སྤྱི་བོ་དེ་མེ་མིན་ན་དེའི་ཕྱིར། བརྒྱ་བྱིན་ལས་བྱུང་བའི་རྫས་སྔོ་འཕྱུར་བ་དེ་དུ་བ་མིན་པར་ཐལ་ལོ། །ཁྱབ་སྟེ། དུ་བའི་རྟེན་ཏེ་ཉེར་ལེན་དང་བུད་ཤིང་གི་འགྱུར་བ་ཡན་ལག་སྟེ་དེ་ལྷན་ཅིག་བྱེད་རྐྱེན་དུ་ཡོད་པའི་དངོས་པོ་ཞིག་ལ་མེར་འཇོག་པའི་ཕྱིར། གལ་ཏེ་བརྒྱ་བྱིན་ལས་བྱུང་བའི་རྫས་སྔོ་འཕྱུར་བ་དེ་དུ་བ་ཡིན་ན་དེའི་ཕྱིར་བརྒྱ་བྱིན་སྤྱི་དེ་མེ་དེ་ཉིད་དུ་ཐལ་ལོ། །དེས་ན་འབྲས་བུ་རྒྱུ་ལ་མི་འཁྲུལ་བར་བསྟན་ནས། རང་བཞིན་ཁྱབ་བྱེད་ལ་མི་འཁྲུལ་བར་བཤད་ཟིན་དྲན་པ་ལ་སྦྱོར་བ་དེ། ཇི་ལྟར་རིགས་པའི་རང་གི་རྒྱུ་སྟེ་སྒྲུབ་བྱེད་ལ་ལྟོས་ནས་རང་བཞིན་གྱི་རྟགས་ཀྱང་བསྒྲུབ་བྱའི་ཆོས་ལ་མེད་ན་མི་འབྱུང་སྟེ་མི་འཁྲུལ་བར་ཤེས་པར་བྱ་སྟེ་འཇིག་པ་དང་བྱས་པའི་འབྲེལ་བ་དེ་ཉིད་གོང་དུ་རྒྱུ་མེད་ཕྱིར་ན་འཇིག་པ་ནི་ཞེས་སོགས་སུ་ཇི་སྐད་བཤད་པ་བཞིན་དུ་རིག་པར་བྱ་བ་ཡིན་ནོ། །


previousརིགས་པའི་འདོད་འཇོ་ལས་ལེའུ་བཞི་པའི་རྣམ་བཤད། next