Nitartha Digital Library
Tibetan
 
previousམཇུག་བྱང་།།no next

མཇུག་བྱང་།།

ཇི་སྐད་བཤད་པའི་མཇུག་བསྡུས་ཏེ་མཉན་སོགས་མཚུངས་པར་བསྟན་པའི་དགོས་པ་སྟོན་པ་དེ། ལྡོག་པ་ཅན་སྲོག་སོགས་དེ་སྒྲ་རྟག་སྒྲུབ་ཀྱི་མཉན་བྱ་དང་མཚུངས་པར་བསྟན་པའི་ཕྱིར་དུ་མཉན་བྱ་ལྡོག་པ་ཅན་གྱི་དཔེར་བརྗོད་དུ་མཛད་པ་ལས་སྲོག་སོགས་དེ་གཏན་ཚིགས་ཡང་དག་མིན་པ་ཉིད་དུ་རྟོགས་པའི་ཚུལ་འདིས་སྲོག་སོགས་དང་མཚུངས་པའི་ལྡོག་པ་རྐྱང་པ་ཅན་གྱི་རྟགས་ཐམས་ཅད་རྟགས་ཡང་དག་མ་ཡིན་པར་དཔག་པར་བྱའོ། །དེ་དག་གི་ལྡོག་པ་ཅན་སྨོས་པའི་དགོས་པ་བསྟན་ནས་མ་དམིགས་པ་མ་སྨོས་པའི་རྒྱུ་མཚན་སྟོན་པ་དེ། ཅིའི་ཕྱིར་ཕྱོགས་ཆོས་ཅན་གྱི་རབ་དབྱེ་འདིར་མ་དམིགས་པའི་རྟགས་ཀྱི་དཔེར་བརྗོད་མ་བསྟན་ཞེ་ན། ཕྱོགས་ཆོས་ཅན་གྱི་རབ་དབྱེ་བསྟན་པའི་སྐབས་འདིར་ཆོས་ཅན། འབྲས་རང་གི་རྟགས་ལས་ཐ་དད་པར་རྒྱུ་དང་ཁྱབ་བྱེད་མ་དམིགས་པའི་རྟགས་ཀྱི་དཔེ་བརྗོད་མ་བཤད་པའི་རྒྱུ་མཚན་ཡོད་དེ། འབྲས་རང་གི་རྟགས་ཀྱི་ལྡོག་པ་བསྟན་པ་ན་རྒྱུ་དང་ཁྱབ་བྱེད་ཀྱི་ངོ་བོ་ལྡོག་པ་ཉིད་ཀྱི་འབྲས་བུ་དང་ཁྱབ་བྱའི་དོན་ལྡོག་པར་བརྗོད་པ་ལས་རྒྱུ་དང་ཁྱབ་བྱེད་མ་དམིགས་པའི་རྟགས་ཀྱི་དཔེ་བརྗོད་ཡང་གྲུབ་པར་འགྱུར་བའི་ཕྱིར། གལ་ཏེ་རྒྱུ་དང་ཁྱབ་བྱེད་ལ་སོགས་མ་དམིགས་པའི་རྟགས་རྣམས་སྣང་རུང་གི་ཁྱད་པར་ལ་ལྟོས་པ་སློབ་དཔོན་གྱིས་གསུང་གི་མཚམས་གང་ལས་ཤེས་ཤེ་ན། སློབ་དཔོན་ཕྱོགས་གླང་ཆོས་ཅན། རྒྱུ་དང་ཁྱབ་བྱེད་མ་དམིགས་པའི་རྟགས་ཀྱིས་འབྲས་བུ་དང་ཁྱབ་བྱ་ལ་སོགས་པ་མེད་པར་གྱུར་པ་དེ་ལའང་སྣང་རུང་གི་ཁྱད་པར་ལ་ལྟོས་དགོས་པར་བཤད་དེ། མི་སྣང་དོན་ལ་སྟེ་སྣང་རུང་གི་དོན་མ་དམིགས་པས་དེ་མེད་པར་སྒྲུབ་པའི་རྟགས་དེ་ལྡོག་ཁྱབ་ལ་ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་ཁྱོད་ཀྱིས་བསྟན་པའི་ཕྱིར་རོ། །

གང་ལས་ཇི་ལྟར་དུ་བསྟན་ན། སྐྱེས་བུའི་བདག་དེ་གང་དུ་ཡང་ཚད་མས་མཐོང་རུང་དུ་མེད་པའི་རྒྱུ་མཚན་ལས་སྲོག་སོགས་དེ་མི་མཐུན་ཕྱོགས་བདག་མེད་ལ་ལྡོག་པ་མེད་པའི་ཕྱིར་ན་གསོན་ལུས་བདག་བཅས་སུ་སྒྲུབ་པའི་ལྡོག་ཁྱབ་ལ་ཐེ་ཚོམ་ཟ་བའི་གཏན་ཚིགས་ཡིན་ནོ་ཞེས་ཁྱོད་ཀྱིས་བསྟན་བཅོས་རིགས་བརྟག་སོགས་སུ་བཤད་པའི་ཕྱིར། རྒྱུ་དང་ངོ་བོ་ལྡོག་ཉིད་ཀྱིས་ཞེས་པའི་གཞུང་འཛུགས་པ་དེ། ཤེས་བྱ་ཆོས་ཅན། འབྲས་རང་གི་ལྡོག་ཁྱབ་བསྟན་པའི་ཤུགས་ལས་རྒྱུ་དང་ཁྱབ་བྱེད་མ་དམིགས་པའི་རྟགས་ཀྱི་དཔེ་བརྗོད་ཀྱང་འགྲུབ་སྟེ། རྒྱུ་དང་ཁྱབ་བྱེད་མ་དམིགས་པའི་རྟགས་འདིས་ནི་ཆོས་ཅན་དངོས་པོར་གྲུབ་པའི་སྟེང་ལའང་འབྲས་བུ་དང་ཁྱབ་བྱ་དངོས་པོའི་ཆ་ཁས་བླངས་པ་མེད་པར་དེ་དག་རྣམ་པར་གཅད་ཙམ་གྱི་མེད་དགག་ཉིད་སྒྲུབ་པར་བྱེད་ལ་སྔ་མ་འབྲས་རང་གི་རྟགས་དེ་དག་གིས་ནི་རྒྱུ་དང་ཁྱབ་བྱེད་ཀྱི་མ་ཡིན་དགག་གི་ངོ་བོ་སྒྲུབ་པར་བྱེད་པའི་ཕྱིར་རོ། །གལ་ཏེ་མ་དམིགས་པའི་རྟགས་ཐམས་ཅད་ཀྱིས་མེད་དགག་སྒྲུབ་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། མ་དམིགས་པའི་རྟགས་དེ་ལ་སྟེ་དེའི་ནང་ནས་རང་བཞིན་མ་དམིགས་པའི་རྟགས་ཀྱིས་མེད་པའི་ཐ་སྙད་ཙམ་སྒྲུབ་ཀྱི་མེད་པའི་དོན་སྒྲུབ་པ་མ་ཡིན་ཏེ། ཤེས་བྱ་ཆོས་ཅན། དམིགས་སུ་རུང་བའི་དོན་རྣམས་ཀྱི་ཡོད་པ་ནི་ཚད་མས་དམིགས་པ་ལས་དོན་གཞན་མིན་ཏེ། ཚད་མས་དམིགས་པའི་དོན་ལ་ཡོད་པའི་ཐ་སྙད་བྱེད་པའི་ཕྱིར། རྒྱུ་མཚན་དེའི་ཕྱིར་ན་སློབ་དཔོན་ཕྱོགས་གླང་ཆོས་ཅན། མ་དམིགས་པའི་རྟགས་ཐམས་ཅད་ཀྱིས་མེད་དགག་སྒྲུབ་པར་བཞེད་པ་མ་ཡིན་ཏེ། མེད་པའི་དོན་གྲུབ་ཀྱང་ཐ་སྙད་མ་ཤེས་པ་ཤེས་པར་བྱ་བའི་ཕྱིར་དུ་རང་བཞིན་མ་དམིགས་པའི་རྟགས་ཀྱི་དེས་བརྗོད་ན་བཞེད་པ་ཡིན་པའི་ཕྱིར། གལ་ཏེ་རང་བཞིན་མ་དམིགས་པའི་རྟགས་ཀྱི་དགག་བྱ་ཅི་ཞིག་བཀག་ཅིང་བསྒྲུབ་བྱ་ཅི་ཞིག་སྒྲུབ་ཅེ་ན། སྣང་རུང་བུམ་པས་དག་པའི་མདུན་གྱི་གཞི་དེར་ཆོས་ཅན། སྣང་རུང་བུམ་པའི་ཡུལ་ཅན་སྣང་རུང་བུམ་པ་ཡོད་ངེས་ཀྱི་ཤེས་བརྗོད་ཐ་སྙད་དོན་མཐུན་དང་སྣང་རུང་བུམ་པ་ཡོད་མེད་ཀྱི་ཐེ་ཚོམ་འགོག་པར་འགྱུར་ཏེ། ཡུལ་སྣང་རུང་བུམ་པ་ཚད་མས་དམིགས་པ་མེད་པའི་ཕྱིར། དཔེར་ན། དོན་ལ་མེ་མ་ཡིན་ཞིང་མེ་ཡིན་མིན་ཐེ་ཚོམ་ཟ་བའི་ཁ་དོག་དམར་འབར་བ་ཆོས་ཅན། མེ་མ་ཡིན་ཏེ། སྲེག་པར་བྱེད་པ་མིན་པའི་ཕྱིར་ཞེས་བྱ་བ་བཞིན་ནོ། །དེས་ན་སྣང་རུང་བུམ་པ་ཚད་མས་མ་དམིགས་པ་ཆོས་ཅན། སྣང་རུང་བུམ་པས་དག་པའི་མདུན་གྱི་གཞི་འདིར་སྣང་རུང་བུམ་པ་མེད་པར་སྒྲུབ་པ་མ་ཡིན་ཏེ། དམིགས་སུ་རུང་བའི་བུམ་པ་མེད་པ་ནི་ཁྱོད་ལས་དོན་གཞན་མ་ཡིན་པས་ཁྱོད་གྲུབ་ན་དེ་ཡང་གྲུབ་པ་ཡིན་པའི་ཕྱིར། འོ་ན་དེས་ཅི་ཞིག་སྒྲུབ་ཅེ་ན། དེ་ཆོས་ཅན། ཁྱོད་རྟགས་སུ་ཡོད་པ་ལས་དེའི་སྟེ་ཁྱོད་ཀྱི་རྒྱུ་མཚན་ཅན་གྱིས་སྣང་རུང་བུམ་པས་དག་པའི་མདུན་གྱི་གཞིར་འདིར་སྣང་རུང་བུམ་པ་མེད་པའི་སྒྲ་ཤེས་ཏེ་ཤེས་བརྗོད་ཐ་སྙད་འཇུག་རུང་སྒྲུབ་པར་བྱེད་དེ། དེ་སྒྲུབ་པའི་སྣང་རུང་བུམ་པ་མེད་པར་སྒྲུབ་པ་གང་རུང་ཡིན་པས་སྣང་རུང་བུམ་པ་མེད་པར་བསྒྲུབ་པ་མ་ཡིན་པ་དེའི་ཕྱིར། གལ་ཏེ་རྒྱུ་འབྲས་བུ་ལ་འཁྲུལ་སྲིད་པས་དེས་ཇི་ལྟར་སྒྲུབ་ཅེ་ན། སྣང་རུང་བུམ་པས་དག་པའི་མདུན་གྱི་གཞི་འདིར་ཆོས་ཅན། སྣང་རུང་བུམ་པ་མེད་པའི་ཤེས་བརྗོད་ཐ་སྙད་དོན་མཐུན་དེ་སྣང་རུང་བུམ་པ་ཚད་མས་མ་དམིགས་པའི་འབྲས་བུ་ཡིན་ཡང་ཁྱོད་ལ་སྣང་རུང་བུམ་པ་ཚད་མས་མ་དམིགས་པའི་རྟགས་དེ་ལས་དེ་འདྲའི་བློ་སྒྲ་སྟེ་ཤེས་བརྗོད་ཐ་སྙད་དོན་མཐུན་ཐེ་ཚོམ་མེད་པར་འགྲུབ་སྟེ། སྣང་རུང་གི་དོན་དེ་ཚད་མས་མ་མཐོང་ན་སྣང་རུང་གི་དོན་དེ་མེད་ཅེས་བྱ་བའི་ཐ་སྙད་འདི་ནི་གནག་རྫིའི་བར་གྱི་སྐྱེ་བོ་ཐམས་ཅད་ཀྱིས་ཀྱང་གྲུབ་པའི་ཕྱིར། གལ་ཏེ་སྣང་རུང་གི་དོན་མ་དམིགས་པ་ལ་མེད་པའི་ཐ་སྙད་སྐྱེ་བོ་ཀུན་ལ་གྲུབ་ན་དེ་མཐོང་ནས་དེའི་རྒྱུ་མཚན་ཅན་གྱིས་སྣང་རུང་མ་དམིགས་པ་ལ་མེད་པའི་ཐ་སྙད་ཇི་ལྟར་མི་འཇུག་ཅེ་ན། འཇིམ་རིལ་དུ་མ་བསྲེས་པའི་མདུན་གྱི་འཇིམ་གོང་འདིར་ཆོས་ཅན། གཞན་བྱེ་བྲག་པ་དག་གིས་ཁྱོད་ལ་ཡན་ལག་ཅན་གྱི་རྫས་མེད་པའི་ཐ་སྙད་ཀྱི་ཡུལ་ཡན་ལག་གི་རྫས་སྣང་རུང་མ་དམིགས་པར་གྲུབ་ཟིན་ཡོད་ནའང་ཁྱོད་ལ་ཡན་ལག་གི་རྫས་མེད་པའི་ཐ་སྙད་རྗེས་སུ་མ་བརྗོད་པའི་རྒྱུ་མཚན་ཡོད་དེ། བྱེ་བྲག་པ་རྣམས་སྣང་རུང་མ་དམིགས་པ་དེ་མེད་པའི་ཐ་སྙད་ཀྱི་རྒྱུ་མཚན་དུ་རྨོངས་ནས་མི་ཤེས་པའི་ཕྱིར། དེས་ན་ཡན་ལག་ཅན་གྱི་རྫས་སྣང་རུང་མ་དམིགས་པ་ཆོས་ཅན། མདུན་གྱི་འཇིམ་གོང་ལ་ཡན་ལག་ཅན་གྱི་རྫས་མེད་པའི་དོན་སྒྲུབ་པ་མ་ཡིན་ཏེ། སྣང་རུང་མ་དམིགས་པ་ལ་མེད་པའི་ཐ་སྙད་གྲུབ་ཟིན་པའི་དོན་རྣམས་དང་མདུན་གྱི་འཇིམ་གོང་ལ་ཡན་ལག་གི་རྫས་སྣང་རུང་མ་དམིགས་པར་ཆོས་མཐུན་པར་བསྟན་པའི་སྒོ་ནས་དེ་ལ་དེ་སྣང་རུང་མ་དམིགས་པ་ལ་མེད་པའི་ཐ་སྙད་ཀྱི་བརྡ་བ རྟེན་པར་བྱེད་པར་འབའ་ཞིག་ཡིན་པའི་ཕྱིར། དཔེ་ཇི་ལྟར་ན་མེ་ཕན་འདོགས་བྱེད་དུ་ཡོད་ན་སྐྱེ་བར་མཐོང་བ་དང་མེད་ན་སྐྱེ་བར་མ་མཐོང་བའི་རྗེས་སུ་འགྲོ་ལྡོག་གི་རྟགས་ལས་མེ་དུ་བའི་རྒྱུ་དང་དུ་བ་མེའི་འབྲས་བུའི་ཐ་སྙད་བྱར་རུང་ཉིད་དུ་སྒྲུབ་པ་བཞིན་ནོ། །གལ་ཏེ་ཇི་ལྟར་ན་དེས་དེའི་ཐ་སྙད་སྒྲུབ་ཀྱི་དོན་མི་སྒྲུབ་ཅེ་ན། མེ་ཕན་འདོགས་བྱེད་དུ་ཡོད་ན་སྐྱེ་བ་མེད་ན་མེ་སྐྱེ་བའི་རྗེས་སུ་འགྲོ་ལྡོག་བྱེད་པ་དེ་ཆོས་ཅན། མེ་དུ་བའི་རྒྱུ་དུ་བ་མེའི་འབྲས་བུ་ཡིན་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་དོན་སྒྲུབ་པ་མ་ཡིན་ཏེ། ཐ་སྙད་ཟོར་ཡང་བར་བྱ་བའི་དོན་དུ་ཁྱོད་གཉིས་ལ་དུ་བ་མེའི་འབྲས་བུ་དང་བསྐྱེད་བྱ་མེ་དུ་བའི་རྒྱུ་དང་སྐྱེད་བྱེད་སོགས་ཀྱི་སྒྲ་སྟེ་ཐ་སྙད་བཀོད་པ་ཙམ་ཡིན་པའི་ཕྱིར། དེ་དག་གིས་ཞར་ལ་འོངས་པའི་དོན་རྣམས་བསྟན་ནས་མཇུག་བསྡུས་ཏེ་དཀྱུས་མའི་དོན་སྟོན་པ་དེ། རང་བཞིན་མ་དམིགས་པའི་རྟགས་འདི་ནི་ཆོས་ཅན། ཀུན་བཏུས་སུ་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་རབ་དབྱེ་བཤད་པ་ལས་རང་བཞིན་གྱི་རྟགས་ལས་ཐ་དད་པར་ཁྱོད་ཀྱི་དཔེར་བརྗོད་མ་བསྟན་པའི་རྒྱུ་མཚན་ཡོད་དེ། ཁྱོད་རྣམ་གཞག་གི་རྒྱུ་ལས་རྣམ་གཞག་གི་འབྲས་བུ་བསྒྲུབ་པའི་རྟགས་ཡིན་པས་ན་ཁྱོད་རང་བཞིན་རྟགས་ཀྱི་ནང་དུ་འདུས་པའི་ཕྱིར། གལ་ཏེ་མ་དམིགས་པ་འདི་ཇི་ལྟར་ཚད་མས་གྲུབ་པར་འགྱུར་ཏེ་མ་དམིགས་དངོས་པོར་མེད་པ་ཙམ་ལས་དམིགས་པ་མེད་པར་ངེས་པའི་བློ་མི་སྐྱེ་བའི་ཕྱིར་རོ་ཞེ་ན། རྟགས་སུ་དགོད་བྱའི་མི་དམིགས་པ་དེ་ཉིད་དག་འཛིན་དབང་པོའི་མངོན་སུམ་ཉིད་ཡིན་པས་སྐྱོན་མེད་དོ་ཞེས་སྟོན་པ་དེ། མདུན་གྱི་གཞི་འདིར་ཆོས་ཅན། སྣང་རུང་བུམ་པ་མ་དམིགས་པ་ཙམ་ལས་སྣང་རུང་བུམ་པ་མ་དམིགས་པ་མེད་པར་ཐལ་བའི་བློ་སྐྱེ་བ་མེད་པ་ཡིན་ཏེ། སྣང་རུང་བུམ་པས་དག་པའི་ས་ཕྱོགས་དམ་པ་གཅིག་དམིགས་པ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ལས་སྣང་རུང་བུམ་པས་དག་པའི་ས་ཕྱོགས་འདི་ནི་དམིགས་སོ་ཞེས་བྱ་བའམ་སྣང་རུང་བུམ་པ་ནི་མ་དམིགས་སོ་ཞེས་རྟོགས་པ་ཅན་གྱི་བློ་གཉིས་སྐྱེ་བར་འགྱུར་བ་ཡིན་པའི་ཕྱིར་ཏེ། མྱོང་བ་ཁྱད་པར་ཅན་ཐ་དད་པ་ལས་དེའི་ཡུལ་དུ་གྱུར་པའི་དོན་རྣམ་པ་ཁྱད་པར་ཅན་ཐ་དད་དུ་རྟོགས་པར་འགྱུར་བའི་ཕྱིར། ཡང་ཤེས་བྱ་ཆོས་ཅན། དོན་ཐ་དད་དུ་རྟོགས་པ་མྱོང་བའི་ཁྱད་པར་ཐ་དད་དུ་རྟོགས་པ་ལ་ལྟོས་པ་བཞིན་དུ་མྱོང་བའི་ཁྱད་པར་ཐ་དད་དུ་རྟོགས་པ་ཡང་མྱོང་བའི་ཁྱད་པར་དོན་གཞན་ལ་ལྟོས་དགོས་པ་མ་ཡིན་པར་ཐལ། རྣམ་པ་ཐ་དད་པ་དེ་ལྟ་བུའི་བདག་ཉིད་ཅན་དུ་མྱོང་བའི་རང་རིག་འདི་ནི་རྣམ་པ་ཐ་དད་པའི་བློ་རྣམས་ཐ་དད་དུ་འབྱེད་པའི་རྒྱུ་མཚན་ཡིན་པའི་ཕྱིར། དེ་དག་གི་དོན་བསྡུ་བ་ནི། ཇི་སྐད་བཤད་པའི་རྒྱུ་མཚན་དེའི་ཕྱིར་རྣམ་པ་ཐ་དད་པའི་བློ་རྣམས་ཐ་དད་དུ་དབྱེ་བ་ནི། རང་ཉིད་ཉམས་སུ་མྱོང་བའི་རང་རིག་ལས་གྲུབ་པར་འགྱུར་ལ་རང་རིག་ལས་ཐ་དད་དུ་གྲུབ་པའི་མྱོང་བ་དེ་དག་གིས་དེའི་ཡུལ་དུ་གྱུར་པའི་དོན་རྣམས་ཐ་དད་དུ་གྲུབ་པར་འགྱུར་རོ། །གལ་ཏེ་དེ་ལྟ་མིན་པར་དོན་བཞིན་དུ་མྱོང་བའི་ཁྱད་པར་ཐ་དད་དུ་རྟོག་པ་ཡང་མྱོང་བའི་ཁྱད་པར་དོན་གཞན་ལ་ལྟོས་དགོས་ན། ཤེས་བྱ་ཆོས་ཅན། མྱོང་བའི་ཁྱད་པར་ཐ་དད་དུ་རྟོགས་པའི་རྒྱུ་མཚན་གཞན་དང་གཞན་ཕྱི་མཐའ་ཐུག་མེད་དུ་འགྱུར་བར་ཐལ། མྱོང་བའི་ཁྱད་པར་ཐ་དད་དུ་རྟོགས་པ་མྱོང་བ་དོན་གཞན་ལ་ལྟོས་དགོས་ལ་དེའི་ཁྱད་པར་ཐ་དད་དུ་རྟོགས་པ་ཡང་དེ་ལས་གཞན་པའི་མྱོང་བའི་དོན་གཞན་ལ་ལྟོས་དགོས་པའི་ཕྱིར། འདོད་ན། དོན་དང་ཤེས་པ་འགའ་ཡང་ཐ་དད་དུ་གྲུབ་པར་མི་འགྱུར་བར་ཐལ། དོན་ཐ་དད་དུ་རྟོགས་པ་མྱོང་བའི་ཁྱད་པར་ཐ་དད་དུ་རྟོགས་པ་ལ་ལྟོས་དགོས་ཅིང་འདོད་པ་ལྟར་དེའི་ཕྱིར། སྣང་རུང་བུམ་པ་ལས་རང་བཞིན་ཁྱད་པར་ཅན་སྣང་རུང་བུམ་པས་དག་པའི་ས་ཕྱོགས་ཀྱི་མྱོང་བ་མངོན་སུམ་ཆོས་ཅན། གཞན་སྣང་རུང་བུམ་པ་བསལ་ཞིང་མེད་པ་ནི་ཁྱོད་ལས་གཞན་མ་ཡིན་ཏེ། སྣང་རུང་བུམ་པ་མེད་པར་ངེས་པའི་རྒྱུ་མཚན་ཡིན་པའི་ཕྱིར། དེར་མ་ཟད་སྣང་རུང་བུམ་པ་མ་དམིགས་པ་དེ་ཡང་ཡིན་ཏེ། རྟགས་སྔ་མ་དེའི་ཕྱིར། དེས་ན་ཤེས་བྱ་ཆོས་ཅན། སྣང་རུང་བུམ་པ་མ་དམིགས་པ་འདི་ནི་རང་ཉིད་ཉམས་སུ་མྱོང་བའི་མངོན་སུམ་ལས་རྟོགས་པར་འགྱུར་ཏེ། སྣང་རུང་བུམ་པ་དེ་ལས་ཁྱད་པར་ཅན་སྣང་རུང་བུམ་པས་དག་པའི་ས་ཕྱོགས་དམིགས་པའི་མངོན་སུམ་དེ་ཉིད་སྣང་རུང་བུམ་པ་མ་དམིགས་པ་ཡིན་པ་དེས་ནའི་ཕྱིར། དེས་ན་རང་ཉིད་རྒྱུར་ཡོད་པ་ཙམ་གྱིས་སྣང་རུང་བུམ་པ་མེད་པའི་ཐ་སྙད་འཇུག་པ་ཅན་གྱི་སྣང་རུང་བུམ་པས་དག་པའི་ས་ཕྱོགས་དམིགས་པའི་མངོན་སུམ་དེ་ཉིད་སྣང་རུང་བུམ་པ་མེད་པའི་རྣམ་གཞག་སྟེ་ཐ་སྙད་གོ་བྱེད་ཀྱི་རྟགས་ཡིན་ནོ། །གལ་ཏེ་སྣང་རུང་མ་དམིགས་པ་དེ་དགག་གཞི་དམིགས་པའི་མངོན་སུམ་ཡིན་པ་ལས་གཞན་དུ་དགག་བྱ་དམིགས་པའི་བློ་བཀག་ཙམ་གྱི་མེད་དགག་ཡིན་ན། ཤེས་བྱ་ཆོས་ཅན། སྣང་རུང་བུམ་པ་མེད་པའི་སྒྲུབ་བྱེད་མ་དམིགས་པའི་རྟགས་ཐུག་མེད་དུ་འགྱུར་བར་ཐལ། དོན་སྣང་རུང་བུམ་པ་དེ་བུམ་པའི་བློ་མ་དམིགས་པའམ་བཀག་ཙམ་ལས་རྟོགས་པར་འགྱུར་ཞིང་སྣང་རུང་བུམ་པ་དམིགས་པའི་བློ་དམིགས་པ་མེད་པའམ་བཀག་ཙམ་དེ་ཉིད་ཀྱང་མི་དམིགས་སྒྲུབ་བྱེད་གཞན་གྱིས་རྟོགས་དགོས་པར་འགྱུར་བ་ཡིན་པའི་ཕྱིར། གལ་ཏེ་དེ་ལྟར་ན་སྣང་རུང་གི་དངོས་པོ་མེད་པར་དགག་གཞི་དམིགས་པའི་མངོན་སུམ་ལ་རྟོགས་ནས་སྣང་མི་རུང་གི་དངོས་པོ་གང་ལས་རྟོགས་ཞེ་ན། ཤེས་བྱ་ཆོས་ཅན། མ་དམིགས་པའི་རྟགས་ཀྱིས་སྣང་མི་རུང་གི་དངོས་པོ་གཞི་གཞན་དུ་བཞག་པ་སྟེ་ཡོད་ངེས་ཙམ་འགོག་པར་འགྱུར་གྱིས་མེད་ངེས་སྒྲུབ་པར་མི་ནུས་ཏེ། མི་སྣང་བ་སྟེ་སྣང་མི་རུང་གི་དངོས་པོ་ཚད་མས་མ་དམིགས་པ་ཙམ་གྱིས་མེད་པར་ངེས་པར་མི་རུང་བའི་ཕྱིར། དཔེར་ན་སེམས་ཅན་གཞན་གྱི་རྒྱུད་ལ་ཡོད་པའི་རྟགས་མེད་པའི་སྟེ་སྣང་མི་རུང་གི་རྣམ་རྟོག་དང་ཆགས་སོགས་ཕྲ་མོ་ལ་སོགས་མ་དམིགས་པ་ཙམ་གྱིས་མེད་པར་མི་འགྲུབ་པ་བཞིན་ནོ། །དེས་ན་སྐལ་དོན་ཚད་མས་མ་དམིགས་པ་འདིས་ནི་ཆོས་ཅན། མདུན་གྱི་གཞི་འདིར་སྐལ་དོན་ལྡོག་པ་སྟེ་མེད་ངེས་སུ་སྒྲུབ་པར་ནུས་པ་མ་ཡིན་ཏེ། སྐལ་དོན་མེད་པར་ངེས་པའི་འབྲས་བུ་མེད་པ་ཅན་ཡིན་པའི་ཕྱིར། འོ་ན་མེད་པ་ཉིད་གང་གིས་སྒྲུབ་ཅེ་ན། མེད་པ་སྒྲུབ་པའི་གཏན་ཚིགས་ལ་དང་པོ་སྣང་རུང་མ་དམིགས་པའི་དབང་དུ་བྱས་པ་ཡིན་ཏེ། ཚུལ་གསུམ་ཚད་མས་ངེས་པའི་རྟགས་ཀྱིས་ཡོད་པའམ་མེད་པ་སྒྲུབ་ནུས་པའི་ཕྱིར། འོ་ན་སྣང་རུང་མ་དམིགས་པ་རྟགས་སུ་ཇི་ལྟར་སྦྱོར་ཞེ་ན། སྣང་རུང་མ་དམིགས་པ་རང་གི་སྦྱོར་བ་དག་ལ་ཆོས་ཅན། རྟགས་སུ་སྦྱོར་ཚུལ་གཉིས་ཡོད་དེ། དགག་པ་དེའི་རང་གི་ངོ་བོ་རྟགས་སུ་སྦྱོར་བའི་འབྲེལ་ཟླ་མ་དམིག་པའམ་དགག་བྱའི་དོན་ལ་གནོད་བྱེད་ཀྱི་ངོ་བོ་རྟགས་སུ་སྦྱོར་བའི་འགལ་ཟླ་དམིགས་པ་རྣམས་སུ་ཡོད་པའི་ཕྱིར། གལ་ཏེ་རྟགས་དོན་གཞན་ལ་ཇི་ལྟར་གནོད་ཅེ་ན། དེ་གནོད་བྱེད་དེ་དག་འགལ་བའི་ཕྱིར། འགལ་བ་ཇི་ལྟ་བུ་ཞེ་ན། གནོད་བྱ་རྒྱུས་མ་གཏུགས་པར་ཡོད་པ་ན་གནོད་བྱེད་སྟོབས་ལྡན་ཉེ་བར་ཡོད་པའི་སྟོབས་ཀྱིས་གནོད་བྱའི་རྒྱུ་མཚན་མེད་པར་འགྱུར་བའི་ཕྱིར་ན་འགལ་བར་འགྱུར་ཏེ་དཔེར་ན་ཚ་རེག་དང་གྲང་རེག་བཞིན་ནོ། །ཡང་ན་རྣམ་བཅད་ཡོངས་གཅོད་ཀྱི་སྒོ་ནས་ཕན་ཚུན་ཐ་དད་དུ་གྲུབ་པའི་ཕྱིར་ཡང་འགལ་བར་འགྱུར་ཏེ་དཔེར་ན་བརྟན་དངོས་རྟག་པ་དང་ནི་འཇིག་པ་མི་རྟག་པ་བཞིན་ནོ། །ཡང་ན་འགལ་བའི་ཟླ་བོ་གྲུབ་པའི་ཚད་མ་གཞན་གྱིས་གཅིག་ཤོས་ལ་གནོད་པའི་ཕྱིར་ཡང་འགལ་ཟླ་སྒྲུབ་བྱེད་ཀྱི་རྟགས་དང་དགག་བྱ་འགལ་བར་འགྱུར་ཏེ་དཔེར་ན་འཇིག་ངེས་སུ་གྱུར་པ་ལ་འཇིག་རྒྱུ་དོན་གཞན་ལ་ལྟོས་པ་དང་བཅས་པ་བཞིན་ནོ། །འཇིག་རྒྱུ་དོན་གཞན་ལ་ལྟོས་པ་ཆོས་ཅན། འཇིག་ངེས་དང་ཚད་མའི་གནོད་འགལ་ཡིན་པར་ཐལ། འཇིག་ངེས་ལ་གནོད་པ་ཅན་གྱི་ཚད་མ་བསྒྲུབ་པའི་སྒོ་ནས་འཇིག་ངེས་འགོག་པའི་ཕྱིར། གནོད་པ་ཅན་གྱི་ཚད་མ་ཇི་ལྟར་ཞེ་ན། བུམ་སོགས་ཀྱི་དངོས་པོ་ཆོས་ཅན། ཉེ་བར་གདོན་མི་ཟ་བར་འཇིག་ངེས་སུ་གང་ལ་ཡོད་དེ་མེད་པར་ཐལ། འཇིག་རྒྱུ་དོན་གཞན་ལས་འཇིག་པར་སྐྱེ་བའི་ཕྱིར། གལ་ཏེ་བུམ་སོགས་ཀྱི་དངོས་པོའི་རྒྱུ་ལས་བུམ་སོགས་ཀྱི་དངོས་པོ་རྣམས་འཇིག་པར་འབྱུང་བ་ཡིན་པས་བུམ་སོགས་ཀྱི་དངོས་པོ་རྣམས་གདོན་མི་ཟ་བར་འཇིག་གོ་ཞེ་ན། དེ་ལྟ་བུའི་བརྒྱུད་པའི་དུབ་པས་ཅི་ཞིག་བྱ་སྟེ་གལ་ཏེ་བུམ་སོགས་ཀྱི་དངོས་པོའི་རྒྱུ་དེས་བུམ་སོགས་ཀྱི་དངོས་པོའི་འཇིག་པ་དོན་གཞན་བསྐྱེད་པའི་བུམ་སོགས་ཀྱི་དངོས་པོ་དེ་ནི་འཇིག་པར་འགྱུར་བར་འདོད་ན་བུམ་སོགས་ཀྱི་དངོས་པོའི་རྒྱུ་དེས་བུམ་སོགས་ཀྱི་དངོས་པོ་དེ་ཉིད་འཇིག་པའི་ངང་དུ་བསྐྱེད་ན་སྐྱོན་ཅི་ཞིག་འགྱུར་ཏེ་སྐྱོན་ཅུང་ཟད་ཀྱང་མེད་དོ། །གཞན་ཡང་བུམ་སོགས་ཀྱི་དངོས་པོ་དེ་ནི་ཆོས་ཅན། རང་གི་རྒྱུ་ལས་བྱུང་བའི་འཇིག་པ་དོན་གཞན་དེས་རང་གི་བདག་ཉིད་ལ་ཕན་འདོགས་བྱེད་པ་གང་སྟེ་མ་ཡིན་པར་ཐལ། རང་གྱི་རྒྱུ་ལས་རང་གི་བདག་ཉིད་དུ་གྲུབ་ཟིན་པའི་ཕྱིར། འདོད་ན། རང་གི་རྒྱུ་ལས་བྱུང་བའི་འཇིག་པ་དོན་གཞན་དེ་ཡིས་འཇིག་པར་བྱས་པ་ལ་ལྟོས་བྱ་གང་ཅི་ཞིག་སྟེ་མི་ལྟོས་པར་ཐལ། དེའི་རང་གི་བདག་ཉིད་ལ་ཕན་འདོགས་བྱེད་པ་མིན་པའི་ཕྱིར། དེས་ན་བུམ་སོགས་ཀྱི་དངོས་པོ་ཆོས་ཅན། དུ་བ་ཡང་ནི་འཇིག་པ་དེ་ལྟ་མིན་པར་ཇི་ལྟར་འགྱུར་ཏེ་རང་གྲུབ་ཙམ་ནས་འཇིག་ངེས་ཡིན་པར་ཐལ། འཇིག་རྒྱུ་དོན་གཞན་ལ་ལྟོས་མེད་དུ་འཇིག་པའི་ཕྱིར། དཔེར་ན་ཁྱོད་རང་གི་ལུགས་ལ་ཡང་བུམ་སོགས་ཀྱི་དངོས་པོ་དེ་ཉིད་འཇིག་ཁ་མར་གྱུར་པའི་སྐད་ཅིག་ཐ་མ་ལ་ཅུང་ཟད་ཀྱང་སྡོད་པ་ལ་བརྟེན་པར་མི་འདོད་པར་འཇིག་ངེས་སུ་འདོད་པ་བཞིན་ནོ། །

གལ་ཏེ་བུམ་སོགས་ཀྱི་དངོས་པོ་རྣམས་འཇིག་རྒྱུ་དོན་གཞན་ལ་ལྟོས་པ་མེད་པར་གྲུབ་ཙམ་ནས་འཇིག་ན་སྐད་ཅིག་ཀྱང་དངོས་པོར་ཡོད་པ་མིན་པར་འགྱུར་ཞེ་ན། ཤེས་བྱ་ཆོས་ཅན། གྲུབ་ཙམ་ནས་འཇིག་པ་ཡིན་ན་དངོས་མེད་ཡིན་པ་དེ་ལྟར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། གྲུབ་ཙམ་ནས་འཇིག་པ་དེ་ལྟར་གྱུར་པ་ཡིན་ན་དེ་དངོས་པོ་ཉིད་ཡིན་དགོས་པའི་ཕྱིར། ལྟོས་མེད་རྟགས་ཀྱི་སྦྱོར་བ་སྟོན་པ། དེ་ཆོས་ཅན། གང་དག་ལ་ཆོས་དེ་ཡོད་ན་རྒྱུ་གཞན་ལ་ལྟོས་མེད་དུ་ཡོད་པར་ངེས་པ་ཡིན་ཏེ། དཔེར་ན་འབྲས་བུ་བསྐྱེད་པའི་ལས་ལ་གེགས་བྱེད་པ་མེད་པ་ཅན་གྱི་རྒྱུ་ཚོགས་ཐ་མས་འབྲས་བུ་བསྐྱེད་པར་ངེས་པ་བཞིན་དུ་བུམ་སོགས་ཀྱི་དངོས་པོ་དེ་དག་ལ་ཡང་འཇིག་རྒྱུ་དོན་གཞན་ལ་ལྟོས་མེད་དུ་འཇིག་པ་དེ་ཡོད་དོ། །

རྟོགས་དཀའ་བར་བསྟན་པའི་སྒོ་ནས་གཞུང་གི་ཆེ་བ་བ རྗོད་པ་ནི། ཆོས་ཀྱི་གྲགས་པ་ཁོ་བོའི་གཞུང་རྣམ་འགྲེལ་འདི་ནི་ཐོག་མ་ཡང་རང་གི་བློ་གྲོས་ཀྱི་རྒྱ་མཚོ་ལས་བྱུང་ཞིང ། མཐར་ཡང་རྩོམ་པ་པོ་རང་གི་བློ་གྲོས་ཀྱི་ལུས་ཉིད་ལ་ཐིམ་ཞིང་ནུབ་པ་ཉིད་དུ་འགྱུར་རོ། །དེ་ཇི་ལྟ་བུ་ཞེ་ན། སྤྲིན་གྱི་ཆུ་ནི་མ་བླངས་ཀྱང་། །རྒྱ་མཚོའི་ཆུ་ནི་ཟད་མི་འགྱུར། །ཞེས་གསུངས་པས། རྒྱ་མཚོ་ལས་སྤྲིན་གྱིས་ཆུ་བླངས་ཏེ་འཛམ་བུའི་གླིང་དུ་ཆར་བབ་པ་ཆུ་བོ་ཆེན་པོ་རྣམས་འབྱུང་བའི་ཕྱིར། གངྒཱ་ལ་སོགས་པའི་ཆུ་བོ་ཆེན་པོ་བཞི་ནི་དང་པོ་ཡང་རྒྱ་མཚོ་ལས་བྱུང་ཞིང་རྒྱ་མཚོ་ལས་གཞན་དེ་དག་ཤོང་བའི་སྣོད་མེད་པའི་ཕྱིར་མཐར་ཡང་རྒྱ་མཚོ་ཉིད་ལ་ཐིམ་ཞིང་ནུབ་པ་ཉིད་དུ་འགྱུར་བ་བཞིན་ནོ། །ཅིའི་ཕྱིར་ཞེ་ན། འགྲོ་བ་རྣམས་ལ་རྩོམ་པ་པོ་རང་དང་མཚུངས་པར་ལེགས་བཤད་རྣམ་འགྲེལ་འདིའི་ཚིག་དོན་རང་ཉིད་འདས་པའི་འོག་ཏུ་སླར་འཛིན་པར་བྱེད་པ་མི་རྙེད་པ་ཅན་ཡིན་པའི་ཕྱིར་རོ། །

གལ་ཏེ་བློ་དང་བརྩོན་འགྲུས་ཞན་པའི་སྐྱེ་བོས་འདིའི་དོན་ཇི་བཞིན་མི་རྟོགས་པ་བདེན་པས་དེ་དག་ཕུལ་དུ་བྱུང་བ་དང་ལྡན་པའི་སྐྱེ་བོ་རྣམས་ཀྱིས་རང་གི་དགོངས་པ་ཇི་ལྟ་བ་བཞིན་རྟོགས་པར་འགྱུར་བས་སླར་འཛིན་བྱེད་པ་མི་རྙེད་ཅེས་པ་མི་རིགས་སོ་སྙམ་ན། མ་ཡིན་ཏེ། བློ་གྲོས་ཞན་པས་མི་རྟོགས་པར་མ་ཟད་བློའི་ནུས་པ་ཆུང་བ་མེད་པ་དེ་དག་གིས་ཀྱང་གཞུང་དེའི་ཟབ་མོའི་དེ་ཁོ་ན་ཉིད་རྟོགས་པ་མེད་པ་ཅན་ཡིན་པའི་ཕྱིར་དང་། བརྩོན་འགྲུས་ཞན་པར་མ་ཟད་མནོན་པར་སྦྱོར་བའི་བརྩོན་འགྲུས་ཤིན་ཏུ་ལྷག་པར་གྱུར་པ་དེ་དག་གིས་ཀྱང་རིགས་པའི་བསྟན་བཅོས་གཞན་ལས་མཆོག་ཏུ་གྱུར་པའི་གཞུང་འདིའི་ཚིག་དོན་གྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་མཐོང་བ་མེད་པ་དང་ལྡན་པའི་ཕྱིར་རོ། །

དེ་ལྟར་ཤིན་ཏུ་རྟོགས་པར་དཀའ་བའི་ཕྱིར་བློ་གྲོས་དང་སྐལ་པ་ངན་པའི་སྐྱེ་བོ་རྣམས་ཀྱིས་འབྱུང་པོའི་བྱ་རྣམས་ཉི་མའི་འོད་ཟེར་སྤོང་བ་བཞིན་དུ་གཞུང་མཆོག་འདི་སྤོང་ཡང་། ཤེས་བྱའི་གནས་ལུགས་ཇི་བཞིན་རྣམ་པར་འབྱེད་པ་ལ་གཞན་དྲིང་མི་འཇོག་པའི་བློ་གྲོས་ཀྱི་སྤོབས་པ་ཐོབ་པར་འདོད་པའི་སྐལ་ལྡན་རྣམས་ཀྱིས་བརྟེན་པ་རིགས་སོ་ཞེས་སྟོན་པ་ནི། ཆོས་ཀྱི་གྲགས་པའི་གཞུང་ལུགས་རྣམ་འགྲེལ་འདི་ནི་ཉིན་མོར་བྱེད་པ་དང་ཆོས་མཚུངས་པ་ཡིན་ཏེ་ཉི་མའི་དཀྱིལ་འཁོར་དང་རྣམ་པ་ལྔས་ཆོས་མཐུན་པའི་ཕྱིར། འདི་ལྟར་ཉི་མ་ལ་ནི་ཆོས་ལྔ་ཉེ་བར་གནས་ཏེ། ལྔ་གང་ཞེ་ན། སྐྱེ་རྒུ་རྣམས་ལ་བླང་དོར་གྱི་ཡུལ་གསལ་བར་སྟོན་པས་ཚུལ་དང་ཚུལ་མིན་འབྱེད་པ་དང་། བསྐལ་བ་འཇིག་པའི་ཚེ་རྩི་ཤིང་ལ་སོགས་པའི་ཚང་ཚིང་བསྲེག་པར་བྱེད་པ་དང་། ཀུན་གྱི་བགྲོད་པར་བྱ་བའི་ལམ་ཕྱིན་ཅི་མ་ལོག་པར་གསལ་བར་བྱེད་པ་དང་། པདྨོའི་ཚལ་ཀུན་རྒྱས་པར་བྱེད་པ་དང་། སྲིན་བྱ་ལ་སོགས་འབྱུང་པོའི་བྱ་རྣམས་ཀྱིས་ཟེར་མི་བཟོད་པས་སྤངས་པའོ། །དེ་བཞིན་དུ་གཞུང་ལུགས་འདིས་ཀྱང་ཤེས་བྱའི་གནད་རྣམས་གསལ་བར་སྟོན་པས་ཚུལ་དང་ཚུལ་མིན་རྣམ་པར་འབྱེད་པ་ལ་མཁས་པའི་ཕྱིར་དང་། རྟག་ཆད་སྤང་པ་དབུ་མའི་ལམ་སྟོན་པའི་ཚ་ཟེར་གྱིས་རྟག་ཆད་ཀྱི་མཐར་ལྷུང་བའི་ལྟ་བ་ངན་པ་གནས་ལུགས་མཐོང་བ་ལ་སྒྲིབ་པའི་ཚང་ཚིང་དྲ་བ་བསྲེག་པར་བྱེད་པའི་ཕྱིར་དང་། འཕགས་པ་འཇམ་དཔལ་རང་ཉིད་ཀྱིས་དངོས་སུ་བྱོན་ནས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པའི་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཡང་དག་པ་ཕྱིན་ཅི་མ་ལོགས་པའི་རིགས་པ་གདུལ་བྱ་རྣམས་ལ་ཇི་ལྟ་བ་བཞིན་སྟོན་པར་བྱེད་པའི་ཕྱིར་དང་། བློ་གྲོས་ཀྱི་མིག་རྣམ་པར་དག་པ་དང་ལྡན་པའི་མཁས་པ་རྣམས་ཀྱིས་ལེགས་བཤད་ཀྱི་སྦྲང་རྩིས་གཏམས་པའི་བློ་གྲོས་ཀྱི་པད་མོ་རྒྱས་པར་བྱེད་པ་ཡིན་པའི་ཕྱིར་དང་། ཇི་སྐད་བཤད་པའི་ཡོན་ཏན་དེ་རྣམས་དང་དེ་ལས་གཞན་པའི་ཡོན་ཏན་བརྒྱ་ཡིས་མཚོན་པའི་དཔག་ཏུ་མེད་པ་དང་ལྡན་ཡང་འདིའི་རིགས་པའི་ཚ་ཟེར་རྟག་ཆད་ཀྱི་མཐར་ལྟའི་མུན་པ་ལ་མངོན་པར་ཞེན་པ་རྣམས་ཀྱིས་མི་བཟོད་པས་བློ་ངན་ཉིན་མོ་དང་འདྲ་བའི་དབུ་མའི་ལམ་གྱིས་འཇིགས་པ་རྣམས་ཀྱིས་རིང་དུ་སྤངས་པའི་ཕྱིར་རོ། །ཚད་མ་རྣམ་འགྲེལ་ལས་གཞན་གྱི་དོན་གྱི་ཚིག་ལེའུར་བྱས་པའི་དངོས་བསྟན་ཙམ་གྱི་ཚིག་དོན་ལེགས་པར་བཤད་པ་སྟེ་ལེའུ་བཞི་པའོ། །

ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པ་རྫོགས་སོ། །སྔ་རབས་འགྲེལ་པའི་བཤད་སྒྲོས་མང་པོ་དག །ཚིག་གི་རྗེས་འབྲངས་རྨོངས་རྣམས་མགུ་ན་ཡང་། །གཞུང་ལུགས་སྐབས་དོན་ངེས་པའི་གེགས་བྱེད་ཕྱིར། །སྐབས་དོན་ལས་གཞན་བཤད་པ་འདིར་མ་སྤྲོས། །བློ་དང་བརྩོན་འགྲུས་ཞན་པའི་སྐྱེ་བོ་ཡིས། །གཞན་ལུགས་དགོངས་དོན་བདེ་བླག་རྟོགས་བྱའི་ཕྱིར། །གསལ་ལ་མ་ནོར་ཉུང་ངུར་བསྡུས་པ་ཡི། །རྣམ་བཤད་རིགས་པའི་འདོད་འཇོ་འདི་བྱས་སོ། །མཁས་པའི་ཁྱུ་མཆོག་འགྱུར་འདོད་ཤེས་ལྡན་དོན་གཉེར་ལ། །ལེགས་བཤད་འོ་མ་རིགས་ཚུལ་མར་གྱི་སྙིང་པོ་འདྲ། །རྫོགས་ལྡན་སྤྲིན་ལས་ཆར་བཞིན་འདོད་རྒུར་སྦྱིན་བྱེད་པ། །རྣམ་བཤད་འདི་ནི་རྣམ་དག་རིགས་པའི་འདོད་འཇོ་ཡིན། །དེ་ལས་བྱུང་བའི་དགེ་བས་འགྲོ་བ་ཀུན། །གནས་གསུམ་ཤེས་བྱའི་དེ་ཉིད་ལེགས་རྟོགས་ཤིང་། །མ་རིག་མུན་པའི་ཐིབས་པོ་རབ་གསལ་ཏེ། །ཀུན་མཁྱེན་རྒྱལ་པོའི་གོ་འཕང་ཐོབ་པར་ཤོག །རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་རྣམ་བཤད་རིགས་པའི་འདོད་འཇོ་ཞེས་བྱ་བ་འདི་ནི། བདེ་བར་གཤེགས་པའི་གསུང་རབ་མཐའ་དག་གི་དོན་ཚུལ་བཞིན་དུ་རྣམ་པར་འབྱེད་པ་ལ་གཞན་གྱི་དྲིང་མི་འཇོག་པའི་བློ་གྲོས་ཀྱིས་སྤོབས་པ་དགེ་བ་ཅན་ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བ་རྫོགས་སོ། །བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག །མངྒ་ལཾ་བྷ་ཝནྟུ།། །།


previousམཇུག་བྱང་།།no next