Nitartha Digital Library
Tibetan
 
no previousཕར་ཕྱིན་ངག་དོན་རིན་ཆེན་སྤུངས་པ། next

ཕར་ཕྱིན་ངག་དོན་རིན་ཆེན་སྤུངས་པ།

ཕར་ཕྱིན་མངོན་རྟོགས་རྒྱན་རྩ་འགྲེལ་དང་བཅས་པའི་ངག་དོན་རིན་ཆེན་སྤུངས་པ་བཞུགས་ལགས་སོ། །

སྔོན་དུ་འགྲོ་བའི་དོན་བཤད་པ།

ༀ་སྭསྟི། ༼མ་དཔེ་མ་གསལ།༽ནས་ནི་ཚིག་ལེའུར་བྱས་པའི་རྒྱན། །བདེ་བླག་རྟོགས་ཕྱིར་ངག་དོན་བྲི་བར་བྱ། །འདིར་ལས་དང་པོ་པ་རྣམས་ཀྱི་རྒྱན་འགྲེལ་པ་དང་བཅས་པའི་ངག་དོན་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་འདིི་བྲིའོ། །དེ་ལ་རྩ་བའི་སྦྱོར་བ་རྣམས་ནི་དེའི་འགྲེལ་པའི་ཡང་ཡིན་ལ་འགྲེལ་པའི་སྦྱོར་བ་རྣམས་ནི་དེའི་རྩ་བའི་ཡང་ཡིན་པར་ཤེས་པར་བྱ་ཞིང་། ཆོས་ཅན་དང་། རྟགས་དང་ཆོས་དམིགས་བསལ་མེད་པ་རྣམས་ནི། སྔ་མའི་ཆོས་ཅན་སོགས་བླང་བར་བྱའོ། །ཤེ་རབ་ཕ་རོལ་ཕྱིན་པ་སོགས་ལ། སློབ་དཔོན་སེང་གེ་བཟང་པོ་ཆོས་ཅན། རྒྱན་གྱི་འགྲེལ་པ་དོན་གསལ་རྩོམ་པ་ལ་དགོས་པ་ཡོད་དེ། རྒྱན་ཡུམ་གསུམ་པོ་ཀུན་གྱི་རྒྱན་དུ་འགྱུར་བར་བྱ་བའི་ཆེད་ཡིན་པའི་ཕྱིར་རོ། །འཕགས་པ་ཐོགས་མེད་སོགས་ལ། འཕགས་པ་ཐོགས་མེད་ཆོས་ཅན། ཤེར་ཕྱིན་གྱི་རྣམ་བཤད་མཛད་པའི་རྒྱུ་མཚན་ཡོད་དེ། ཤེར་ཕྱིན་གྱི་དོན་གཞན་གྱིས་མི་རྟོགས་པར་གཟིགས་ཤིང་། རང་གིས་རྗེ་བཙུན་ལ་གསན་ནས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཕྱིར། འགྲོ་དོན་སོགས་ལ། སློབ་དཔོན་དབྱིག་གཉེན་ཆོས་ཅན། ཐོགས་མེད་ཀྱིས་རྣམ་བཤད་མཛད་པའི་རྗེས་སུ། ཤེར་ཕྱིན་གྱི་རྣམ་བཤད་མཛད་པ་ལ་དགོས་པ་ཡོད་དེ། དེས་མཁྱེན་གསུམ་ཙམ་ལས་མ་བཤད་ཅིང་། རང་གིས་ཤེར་ཕྱིན་རྫོགས་པར་བཀྲོལ་བའི་ཆེད་ཡིན་པའི་ཕྱིར། ཤེར་ཕྱིན་གྱི་དགོངས་པ་ཚུལ་བཞིན་མ་བཀྲོལ་ཏེ། སེམས་ཙམ་གྱི་གྲུབ་མཐའ་ལ་བརྟེན་ནས་བཀྲོལ་བའི་ཕྱིར། འཕགས་པའི་ཁོངས་སུ་སོགས་ལ། འཕགས་གྲོལ་ཆོས་ཅན། དབྱིག་གཉེན་གྱིས་རྣམ་བཤད་མཛད་པའི་རྗེས་སུ་ཤེར་ཕྱིན་གྱི་རྣམ་བཤད་མཛད་པའི་རྒྱུ་མཚན་ཡོད་དེ། དེས་ཤེར་ཕྱིན་གྱི་དགོངས་པ་ཚུལ་བཞིན་མ་བཀྲོལ་བར་གཟིགས་པའི་ཕྱིར། ཡོད་དེ། རང་གི་བློ་གྲོས་འཕེལ་བའི་ཆེད་ཡིན་པའི་ཕྱིར། ཤེར་ཕྱིན་གྱི་དགོངས་པ་ཚུལ་བཞིན་དུ་བཀྲོལ་ཏེ། ཤེར་ཕྱིན་གྱི་དགོངས་པ་ཇི་ལྟར་གནས་པ་བཞིན་བཀྲོལ་བའི་ཕྱིར། དད་པའི་ས་སོགས་ལ། བཙུན་གྲོལ་ཆོས་ཅན། འཕགས་གྲོལ་གྱིས་རྣམ་བཤད་མཛད་པའི་རྗེས་སུ་ཤེར་ཕྱིན་གྱི་རྣམ་བཤད་མཛད་པ་ལ་དགོས་པ་ཡོད་དེ། རང་གི་བློ་གྲོས་འཕེལ་བའི་ཆེད་ཡིན་པའི་ཕྱིར། རྒྱན་ཡུམ་ཀུན་གྱི་རྒྱན་དུ་འགྱུར་བར་མ་བཤད་དེ། ཉི་ཤུ་ལྔ་པ་ཙམ་གྱི་རྒྱན་དུ་འགྱུར་བར་བཤད་པའི་ཕྱིར། དེ་ལྟའི་སོགས་ལ། སེང་བཟང་ཆོས་ཅན། བློ་གྲོས་ཁྱད་པར་ཅན་དང་ལྡན་ཏེ། མཁས་པ་སྔ་མ་འགའ་ཞིག་གིས་མ་རྙེད་པའི་ཤེར་ཕྱིན་གྱི་ཚིག་དོན་གསལ་བར་རྙེད་ཅིང་རྟོགས་པའི་ཕྱིར་རོ། །དེ་ལྟའི་ཤིན་ཏུ་རྙེད་དཀའི་སོགས་ལ། རྒྱན་གྱི་འགྲེལ་པ་རྩོམ་པར་རིགས་ཏེ། རྒྱན་གྱི་ཚིག་དོན་ཚང་བར་གཞན་གྱིས་རྙེད་པར་དཀའ་ཞིང་རང་གིས་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ཚང་བར་རྙེད་པའི་ཕྱིར། རྣམ་པ་ཀུན་ཏུ་སོགས་ལ། སངས་རྒྱས་ཀྱིས་བྱིན་གྱིས་མ་བརླབས་པར་རང་དབང་དུ་རྒྱན་གྱི་ཚིག་གི་དོན་ཚང་བར་མི་རྙེད་དེ། རྒྱན་གྱི་ཚིག་དོན་མ་ལུས་པ་སངས་རྒྱས་དང་བྱང་འཕགས་རྣམས་ཁོ་ནའི་སྤྱོད་ཡུལ་ཡིན་པའི་ཕྱིར། འགྲེལ་པ་བརྩོམ་པ་ལ་རང་དོན་གྱི་དགོས་པ་ཡོད་ཏེ། རང་རྒྱུད་ལ་བསོད་ནམས་ཁྱད་པར་ཅན་འཕེལ་བའི་ཆེད་ཡིན་པའི་ཕྱིར། འཕགས་པ་བྱམས་པ་སོགས་ལ། བྱམས་པ་ཆོས་ཅན། རྒྱན་གྱི་ཐོག་མར་འབྲས་ཡུམ་ལ་བསྟོད་ཕྱག་མཛད་པ་ལ་རང་གཞན་གྱི་དགོས་པ་ཡོད་དེ། རང་ཉིད་དམ་པའི་སྤྱོད་པ་དང་མཐུན་པར་བསྟན་པའི་ཆེད་ཡིན་པའི་ཕྱིར། སོ་སོ་རང་སོགས་ལ། དེའི་རྒྱུ་མཚན་ཡོད་དེ། འབྲས་ཡུམ་ལ་རབ་དུ་དང་བ་ནི། བདེ་ལེགས་ཀུན་གྱི་རྒྱུའི་གཙོ་བོ་ཡིན་པར་སོ་སོ་རང་རིག་ཡེ་ཤེས་རྟོགས་པའི་ཕྱིར། གཞན་དག་སོགས་ལ། གཞན་དོན་གྱི་དགོས་པ་ཡོད་དེ། གདུལ་བྱ་གཞན་དག་འབྲས་ཡུམ་ལ་དང་བ་བསྐྱེད་ནས་དེ་ལ་གཞུག་པའི་ཆེད་ཡིན་པའི་ཕྱིར། ཚིགས་སུ་བཅད་པ་སོགས་ལ། རྒྱན་གྱི་མཆོད་བརྗོད་ཆོས་ཅན། འབྲས་ཡུམ་གྱི་ཆེ་བའི་བདག་ཉིད་བརྗོད་པ་ཡིན་ཏེ། དེས་མཁྱེན་གསུམ་གྱི་སྒོ་ནས་འཕགས་པའི་བཞེད་དོན་སྒྲུབ་པར་བསྟན་པས་སོ། །དེས་ཐོས་སོགས་ལ། དབང་རྟུལ་འབྲས་ཡུམ་ལ་དང་བའི་རྐྱེན་བྱེད་དེ། སྔ་མའི་བསྒྲུབ་བྱ་དེའི་ཕྱིར། ཁྱབ་སྟེ་དབང་རྟུལ་ནི་ཚིག་ཙམ་གྱིས་ངེས་པར་སྐྱེ་བའི་ཕྱིར། ཆོས་ཀྱི་སོགས་ལ། དབང་རྣོན་འབྲས་ཡུམ་ལ་དང་བའི་རྐྱེན་བྱེད་དེ། ཁྱོད་ཀྱི་བརྗོད་བྱ་འབྲས་ཡུམ་གྱི་སྲས་འཕགས་བཞི་བསྐྱེད་པ་ལ་དོན་གནོད་བྱེད་མེད་པའི་ཕྱིར། དེར་ཐལ། གནོད་བྱེད་ཡོད་ན། གཅིག་དང་དུ་བྲལ་སོགས་སྐྱེ་བ་འགོག་པའི་ཚད་མས་གནོད་དགོས་པ་ལ་དེས་མི་གནོད་པའི་ཕྱིར་ཏེ། དེས་སྐྱེ་བ་འགོག་པ་དོན་དམ་དུ་ཡིན་ལ། ཡུམ་གྱིས་འཕགས་བཞི་སྐྱེད་པ་ཀུན་རྫོབ་དུ་ཡིན་པའི་ཕྱིར། ཤེར་ཕྱིན་སོགས་ལ། འབྲས་ཡུམ་ཆོས་ཅན། མཁྱེན་པ་གསུམ་ཀའི་རང་བཞིན་ཡིན་ཏེ། གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་ཡིན་པའི་ཕྱིར། སངས་རྒྱས་སོགས་ལ། འཕགས་བཞི་བསྐྲུན་པའི་ཡུམ་ཡིན་ཏེ། སྔ་མའི་སྒྲུབ་བྱ་དེའི་ཕྱིར། དེ་ལ་ནས་གཙོ་བོ་ཡིན་ནོའི་བར་ལ། མཆོད་བརྗོད་ལ་བརྟེན་ནས་འབྲས་ཡུམ་ལ་དང་བ་སྐྱེས་པ་ཆོས་ཅན། ལེགས་པ་ཀུན་ཐོབ་པའི་རྒྱུའི་གཙོ་བོ་ཡིན་ཏེ། དེ་ལ་བརྟེན་ནས་ཡུམ་བརྗོད་བྱར་སྟོན་པའི་གསུང་རབ་ལ་ཐོས་སོགས་ཀྱིས་ཞུགས་པ་ལས་ལེགས་པའི་མཆོག་རྣམ་མཁྱེན་ཐོབ་པའི་ཕྱིར། དེ་ལ་ནས་ཡིན་ཞིང་དག་གི་བར་ལ། བྱམས་པ་ཆོས་ཅན། རྒྱན་གྱི་ཐོག་མར་མཁྱེན་གསུམ་གྱི་སྒོ་ནས་འབྲས་ཡུམ་ལ་བསྟོད་པའི་རྒྱུ་མཚན་ཡོད་དེ། ཤེར་ཕྱིན་ལ་བསྟོད་པ་སྐབས་སུ་བབ་ཅིང་མཁྱེན་གསུམ་གྱིས་མངོན་རྟོགས་བརྒྱད་ཀྱི་རང་བཞིན་གྱི་ཤེར་ཕྱིན་ཀུན་བསྡུས་པའི་ཕྱིར། དེས་ཀྱང་ནས་བསྟོད་ཀྱི་བར་ལ་དགོས་པ་ཡོད་དེ། མཁྱེན་གསུམ་གྱིས་འཕགས་བཞིའི་བཞེད་དོན་ཐམས་ཅད་སྒྲུབ་ནུས་སོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཉན་ཐོས་སོགས་ལ། རང་རྒྱལ་ཆོས་ཅན། མཆོད་བརྗོད་ཀྱིས་མ་བསྟན་པ་མ་ཡིན་ཏེ། ཉན་ཐོས་ཞི་ཚོལ་ཞེས་པའི་ཚིག་གི་རིམ་པ་གཅིག་གིས་ཉན་ཐོས་ཀྱི་ཕྱོགས་སུ་བསླན་ནས་བསྟན་པའི་ཕྱིར། དེའི་རྒྱུ་མཚན་ཡོད་དེ། དེ་དང་རང་དོན་དུ་ཉེར་ཞི་དོན་གཉེར་དུ་མཚུངས་པའི་ཕྱིར། དེ་དང་ཁྱད་པར་བ་གཏན་མེད་མིན་ཏེ། གཟུང་རྟོག་སྤངས་པ་སོགས་རྣམ་ཐར་ཅུང་ཟད་ཙམ་གཅིག་གིས་ལྷག་པའི་ཕྱིར། མྱང་འདས་སོགས་ལ། འབྲས་ཡུམ་ཆོས་ཅན། ཉན་རང་གི་བཞེད་དོན་བསྒྲུབ་པར་མཛད་དེ། གཞི་སྐྱེ་མེད་དུ་ཤེས་པའི་སྒོ་ནས། དེ་དག་གིས་མྱང་འདས་གཉིས་ཐོབ་པར་མཛད་པའི་ཕྱིར། བྱང་སེམས་སོགས་ལ། བྱང་སེམས་ཀྱི་བཞེད་དོན་སྒྲུབ་པར་མཛད་དེ། ལམ་གསུམ་སྐྱེ་མེད་དུ་རྟོགས་པའི་སྒོ་ནས་དེ་དག་གིས་འགྲོ་བ་མཐའ་དག་གི་དོན་བསྒྲུབ་པར་མཛད་པའི་ཕྱིར། རྣམ་པ་ཐམས་ཅད་སོགས་ལ། སངས་རྒྱས་ཀྱི་བཞེད་དོན་སྒྲུབ་པར་མཛད་དེ། རྣམ་རྟགས་མཚན་མའི་ཆོས་རྣམས་སྐྱེ་མེད་དུ་རྟོགས་པའི་སྒོ་ནས་སངས་རྒྱས་ཀྱི་གདུལ་བྱ་རྣམས་ལ་ཆོས་འཁོར་བསྐོར་བར་མཛད་པའི་ཕྱིར། དེ་ནི་མ་ཡིན་ཏེ་ནས་བསྡུས་པའི་ཕྱིར་གྱི་བར་ལ། རྒྱན་ཆོས་ཅན། གཞི་གཉེན་རྣམ་པ་གང་རུང་རེ་རེ་བརྗོད་བྱར་བསྡུས་པའི་སྐྱོན་ཆགས་པ་མ་ཡིན་ཏེ། དེ་གསུམ་ཆར་བརྗོད་བྱར་བསྡུས་པའི་ཕྱིར། དེར་ཐལ། འཕགས་བཞིའི་མངོན་རྟོགས་མཐའ་དག་བསྡུས་པའི་ཕྱིར་ཏེ། མཁྱེན་པ་གསུམ་ཀ་བསྡུས་པའི་ཕྱིར། རབ་འབྱོར་ནས་ཐམས་ཅད་ཤེས་པའི་བར་ལ། ཉན་རང་ཆོས་ཅན། ཁྱོད་ཀྱི་མངོན་རྟོགས་མཐའ་དག་གཞི་ཤེས་ཀྱིས་བསྡུས་ཏེ། གཞི་ཕུང་སོགས་གང་ཟག་གི་བདག་མེད་ཙམ་དུ་རྟོགས་པའི་ཡེ་ཤེས་ཡོད་ཅིང་ལམ་དང་རྣམ་པ་ཐམས་ཅད་སྐྱེ་མེད་དུ་ཤེས་པ་མེད་པའི་ཕྱིར། རབ་འབྱོར་ནས་ལམ་ཤེས་ཉིད་ཀྱི་བར་ལ། བྱང་སེམས་ཆོས་ཅན། ཁྱོད་ཀྱི་མངོན་རྟོགས་མཐའ་དག་ལམ་ཤེས་ཀྱིས་བསྡུས་པ་ཡིན་ཏེ། ཐེག་པ་གསུམ་གྱི་ལམ་ཐམས་ཅད་ཤེས་དགོས་ཤིང་། རྫོགས་སྨིན་མ་སྦྱངས་པར་ཡང་དག་པའི་མཐའ་མངོན་དུ་བྱར་མི་རུང་བ་དེ་ཡིན་པའི་ཕྱིར། རྟགས་ཟུར་སྔ་མ་དེར་ཐལ། ལམ་གསུམ་གྱིས་རིགས་ཅན་གསུམ་གྱི་སྐལ་པ་དང་འཚམ་པར་དོན་བྱེད་པ་དེ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། དེ་གསུམ་ལ་བྱས་པར་ཡང་དག་མཐའ་མངོན་དུ་བྱས་ནས་གཞན་དོན་རྒྱུན་ཆད་པའི་སྐྱོན་ཡོད་པའི་ཕྱིར། རྣམ་པ་གང་དག་ནས། རྣམ་མཁྱེན་ཉིད་ཅེས་པའི་བར་ལ། སངས་རྒྱས་ཆོས་ཅན། ཁྱོད་ཀྱི་མངོན་རྟོགས་མཐའ་དག་རྣམ་མཁྱེན་གྱིས་བསྡུས་ཏེ། རྣམ་རྟགས་མཚན་མས་བསྡུས་པའི་ཆོས་རྣམས་ཀྱི་ཇི་ལྟ་ཇི་སྙེད་ཀྱི་རང་བཞིན་མ་ལུས་པར་ཐུགས་སུ་ཆུད་པའི་ཕྱིར། ཐམས་ཅད་ཤེས་པ་ནས་སྤངས་པ་ཅན་ལ། གཞི་གང་ཟག་གི་བདག་མེད་པ་རྟོགས་པའི་གཞི་ཤེས་ཆོས་ཅན། གང་ཟག་གི་བདག་དུ་རྨོངས་པ་སྤངས་པའི་འབྲས་བུ་ཅན་ཡིན་ཏེ། གསུམ་སོགས་གཞིའི་ཆོས་རྣམས་མི་རྟག་སོགས་བཅུ་དྲུག་དུ་མངོན་སུམ་དུ་རྟོགས་པའི་ཕྱིར། ལམ་ཤེས་ཉིད་སོགས་ལ། ལམ་ཤེས་ཆོས་ཅན། སེམས་ཅན་ལ་བསྡུས་པ་དང་སྨིན་པ་དང་། བསྡུས་པ་སྨིན་གྲོལ་བྱེད་པའི་འབྲས་བུ་ཅན་ཡིན་ཏེ། ལམ་གསུམ་གྱིས་ངེས་པར་འབྱུང་ཞིང་རྫོགས་སྨིན་མ་སྦྱངས་པར་དེ་ཁོ་ན་ཉིད་མངོན་དུ་མི་བྱེད་པའི་རྟེན་ཅན་ཡིན་པའི་ཕྱིར། རྣམ་མཁྱེན་སོགས་ལ། རྣམ་མཁྱེན་ཆོས་ཅན། དོན་གཉིས་ཕུན་སུམ་ཚོགས་པའི་འབྲས་བུ་ཅན་ཡིན་ཏེ། ཆོས་རྣམ་ཀྱི་གནས་ལུགས་སྐྱེ་མེད་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག་ཡིན་པའི་ཕྱིར། དེ་ལྟ་བས་ན་སོགས་རྒྱན་ཆོས་ཅན། འཕགས་བཞིའི་མངོན་རྟོགས་རྫོགས་པར་བསྟན་ཏེ། གཞི་གཉེན་རྣམ་པ་ཐམས་ཅད་བརྗོད་བྱར་བསྡུས་པའི་ཕྱིར། དོན་ལས་སོགས་ལ། བྱམས་པ་ཆོས་ཅན་རྒྱན་གྱི་ཐོག་མར་དགོས་འབྲེལ་བརྗོད་པ་ལ་དགོས་པ་ཡོད་དེ། རྒྱན་གྱི་དགོས་སོགས་ཆོས་བཞི་ལ་དོན་འགྱུར་གྱི་ཐེ་ཚོམ་བསྐྱེད་ནས་གཞན་དེ་ལ་བཞུག་པའི་ཆེད་ཡིན་པའི་ཕྱིར། རྣམ་པ་ཐམས་ཅད་ནས་བསྟན་པའི་བར་ལ། ཡུམ་གསུམ་ལས་བསྟན་པའི་རྣམ་མཁྱེན་སོགས་མངོན་རྟོགས་བརྒྱད་ཆོས་ཅན། རྒྱན་གྱི་བརྗོད་བྱ་ཡིན་ཏེ་དེའི་གཏན་ལ་དབབ་བྱ་ཡིན་པའི་ཕྱིར། རྗོད་བྱེད་ནས་མྱོང་བའི་བར་ལ། ཕྱི་རོལ་པ་དང་ཉན་རང་གི་ཐོས་བསམ་སྒོམ་གསུམ་གྱི་ཤེས་པའི་ཡུལ་མ་ཡིན་ཏེ། ཡུམ་གསུམ་རྒྱན་དང་བཅས་པ་ཁྱོད་རྟོགས་པའི་ཐབས་དང་། ཁྱོད་དེ་དག་གི་ཐབས་ཀྱིས་བསྒྲུབ་པར་བྱ་བའི་ཚུལ་དུ་འབྲེལ་བ་ཡིན་པའི་ཕྱིར། ཁྱབ་སྟེ་ཕྱི་རོལ་པ་དང་། ཉན་རང་དག་ཡུམ་གསུམ་རྒྱན་དང་བཅས་པ་ལ་ཐོས་སོགས་ཀྱིས་མི་འཇུག་པའི་ཕྱིར། བྱང་སེམས་ནས་མྱོང་པའི་བར་ལ། གང་གིའང་སྤྱོད་ཡུལ་མ་ཡིན་པ་མ་ཡིན་ཏེ། བྱང་སེམས་ཀྱི་ཐོས་བསམ་སྒོམ་གསུམ་གྱིས་ཤེས་པའི་ཡུལ་ཡིན་པའི་ཕྱིར། ཤིན་ཏུ་གསལ་བར་ནས། དགོས་པའི་ཡང་དགོས་པའི་བར་ལ། རྒྱན་ལ་བརྟེན་ནས་དེའི་བརྗོད་བྱ་མངོན་རྟོགས་བརྒྱད་མངོན་དུ་གྱུར་པ་ཆོས་ཅན། རྒྱན་གྱི་ཉིང་དགོས་ཡིན་ཏེ། རྒྱན་ལ་ཐོས་སོགས་ཀྱིས་ཞུགས་པའི་དགོས་པ་མཐར་ཐུག་ཡིན་པའི་ཕྱིར། ཆེད་དུ་སོགས་ལ། རྒྱན་ལ་བརྟེན་ནས་དེའི་བརྗོད་བྱ་ཐོས་བསམ་གྱིས་བདེ་བླག་དུ་རྟོགས་པ་ཆོས་ཅན། རྒྱན་གྱི་དགོས་པ་ཡིན་ཏེ། དེའི་ཉིང་དགོས་བསྒྲུབ་པའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར། དེ་ལྟར་སོགས་ལ་བྱམས་པ་ཆོས་ཅན། རྒྱན་གྱི་ཐོག་མར་ལུས་རྣམ་གཞག་མཛད་པ་ལ་དགོས་པ་ཡོད་དེ། འཆད་པ་པོས་འཆད་སླ་ཞིང་ཉན་པ་པོས་བཟུང་བདེ་བའི་ཆེད་ཡིན་པའི་ཕྱིར། དེ་ལ་སོགས་ལ། ལུས་རྣམ་གཞག་གི་ཚིགས་བཅད་དང་པོ་གཉིས་ཆོས་ཅན། རྒྱན་གྱི་ལུས་མདོར་བསྟན་པ་ཡིན་ཏེ། རྒྱན་གྱི་བརྗོད་བྱ་མཐའ་དག་དངོས་པོ་བརྒྱད་དུ་བསྡུས་ནས་དེ་དག་གི་རྐང་གྲངས་ཙམ་བསྟན་པའི་ཕྱིར། ཚིགས་བཅད་ལྷག་མ་བཅུ་གསུམ་ཆོས་ཅན། རྒྱན་གྱི་ལུས་ཅུང་ཟད་རྒྱས་པར་བཤད་པ་ཡིན་ཏེ། དངོས་པོ་བརྒྱད་པོ་དོན་བདུན་ཅུར་ཕྱེ་ནས། དེ་དག་གི་རྐང་གྲངས་ཙམ་བསྟན་པའི་ཕྱིར། བསྡུས་པའི་དོན་སོགས་ལ་སེང་བཟང་ཆོས་ཅན། ཡན་ལག་རྒྱས་བཤད་ཀྱི་སྔ་རོལ་དུ་ལུས་རྣམ་གཞག་རྒྱས་པར་མ་བཀྲོལ་བའི་རྒྱུ་མཚན་ཡོད་དེ། བཀྲོལ་ནས་ཡན་ལག་རྒྱས་བཤད་དང་བཟློས་པར་འགྱུར་བའི་ཕྱིར།

སྐབས་དང་པོའི་ངག་དོན་བཤད་པ།

དེ་ལྟར་སོགས་ལ་རྣམ་མཁྱེན་ཆོས་ཅན། སྐབས་བརྒྱད་ཀྱི་དང་པོར་བསྟན་པའི་རྒྱུ་མཚན་ཡོད་དེ། བྱང་སེམས་ཀྱི་ཐོབ་བྱའི་འབྲས་བུ་མཐར་ཐུག་ཐོས་བསམ་གྱིས་གཏན་ལ་དབབ་བྱའི་ཡུལ་ཡིན་པའི་ཕྱིར། སངས་རྒྱས་སུ་གྲུབ་ནས་སོགས་ལ་ཐེག་ཆེན་སེམས་བསྐྱེད་ཆོས་ཅན། རྣམ་པ་གཉིས་སུ་ཡོད་དེ། གཞན་དོན་དུ་རྫོགས་པའི་བྱང་ཆུབ་དོན་གཉེར་གྱིས་སེམས་སྦྱིན་སོགས་སྒྲུབ་པའི་བྱ་བས་མ་ཟིན་པ་སྨོན་པ་གཙོ་བོར་གྱུར་པ་དང་། སྒྲུབ་བྱའི་བྱ་བས་ཟིན་པ་འཇུག་པ་གཙོ་བོར་གྱུར་པ་གཉིས་ཡོད་པའི་ཕྱིར། འོན་ཀྱང་སོགས་ལ། སེམས་བསྐྱེད་པ་ནི་ཞེས་སོགས་ཀྱི་གཞུང་ཆོས་ཅན། འདོད་པ་སེམས་བསྐྱེད་དུ་བསྟན་པའི་ཉེས་པ་མེད་དེ། འབྲས་བུ་སེམས་བསྐྱེད་ལ་རྒྱུ་གཞན་དོན་དོན་གཉེར་གྱི་འདོད་པའི་མིང་གིས་བཏགས་ནས་བསྟན་པའི་ཕྱིར། དེ་ལྟ་སོགས་ལ། དེ་ལྟར་བཏགས་པའི་དགོས་པ་ཡོད་དེ། གཞན་དོན་དོན་གཉེར་གྱི་འདུན་པ་ཡོད་ན་སེམས་བསྐྱེད་སོགས་ཐེག་ཆེན་གྱི་ཆོས་ཐམས་ཅད་གོང་ནས་གོང་དུ་འཕེལ་བར་འགྱུར་རོ་ཞེས་ཤེས་པར་བྱེད་པའི་ཆེད་ཡིན་པའི་ཕྱིར། རྣམ་པ་གཅིག་དུ་སོགས་ལ་ཆོས་ཅན་དང་སྒྲུབ་བྱ་སྔ་མ་ལ། གྲོགས་ཅན་སེམས་བསྐྱེད་ལ་གྲོགས་རྫོགས་བྱང་དོན་གཉེར་གྱི་སྨོན་ལམ་གྱི་མིང་གིས་བཏགས་པའི་ཕྱིར། དེ་ལྟར་བཏགས་པ་ལ་དགོས་པ་ཡོད་དེ། བྱང་སེམས་རྣམས་ལ་གཞན་དོན་དུ་བྱང་ཆུབ་འདོད་པའི་སྨོན་པ་དང་མཚུངས་ལྡན་གྱི་སེམས་སྐྱེའོ་ཞེས་ཤེས་པར་བྱ་བའི་ཕྱིར། དེ་དང་དེ་ནི་སོགས་ལ། བྱམས་པ་ཆོས་ཅན། གཞན་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་དང་མཚུངས་ལྡན་གྱི་སེམས་དེ་ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་དུ་རང་དགར་བཞག་པ་མིན་ཏེ། དེ་ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་དུ་ཡུམ་གསུམ་ཆར་ལས་མདོར་རྒྱས་ཀྱི་སྒོ་ནས་བསྟན་པའི་ཕྱིར། སློབ་དཔོན་གྱི་ལུགས་སོ། །འཕགས་པ་ལྟར་ན་ཆོས་ཅན་དང་། སྒྲུབ་བྱ་སྔ་མ་ལ། ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་དུ། ཉི་ཤུ་ལྔ་པ་ལ་མདོར་རྒྱས་ཀྱི་སྒོ་ནས་བསྟན་པའི་ཕྱིར། རྒྱལ་བའི་སོགས་ནས་བསྟན་ཏེ་བར་ལ། ཉི་ཤུ་རྩ་ལྔ་པ་ཆོས་ཅན། གཞན་དོན་དུ་བྱང་ཆུབ་འདོད་པ་དང་མཚུངས་ལྡན་གྱི་སེམས་ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་དུ་བསྟན་ཏེ། གཞན་དོན་བྱང་ཆུབ་སེམས་བསྐྱེད་ཀྱི་དམིགས་ཡུལ་དུ་མདོ་རྒྱས་ཀྱི་སྒོ་ནས་བསྟན་པའི་ཕྱིར། གཙུག་ལག་གི་སོགས་ལ། སེམས་བསྐྱེད་སྟོན་པའི་སྐབས་འདིར་ཆོས་ཅན། སེམས་བསྐྱེད་ཀྱི་མཚན་ཉིད་སྟོན་པའི་ཡུམ་རྒྱས་བསྡུས་ཀྱི་ཚིག་ཁུངས་སུ་མ་བྲིས་པའི་རྒྱུ་མཚན་ཡོད་དེ། ཚིག་མངས་སུ་དོགས་པའི་ཕྱིར། འདུན་སོགས་གསུམ་ལ། ཐེག་ཆེན་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་གྱི་སྐབས་ཀྱི་སེམས་བསྐྱེད་ཆོས་ཅན། རིམ་བཞིན་འདུན་པ་བསམ་པ་ལྷག་པའི་བསམ་པ་དང་ལྡན་པའི་སེམས་བསྐྱེད་ཡིན་ཏེ། བྱང་ཆུབ་དོན་གཉེར་གྱི་འདུན་པ་དང་ཕྱིན་དྲུག་གི་ཕན་བདེ་སྒྲུབ་འདོད་ཀྱི་བསམ་པ་དང་དྲན་པ་ཉེར་བཞག་སོགས་སྒོམ་འདོད་ཀྱི་ལྷག་བསམ་གཙོ་བོར་གྱུར་པའི་སེམས་བསྐྱེད་ཡིན་པའི་ཕྱིར། སྦྱོར་བ་ཞེས་པ་ལ་སྦྱོར་ལམ་གྱི་སེམས་བསྐྱེད་ཆོས་ཅན། སྦྱོར་ལྡན་ཡིན་ཏེ། དབང་དུ་བྱ་བའི་ཕྱིར། སྦྱོར་བ་གཉིས་ལྡན་གྱི་མཁྱེན་གསུམ་སྒོམ་པའི་སེམས་བསྐྱེད་ཡིན་པའི་ཕྱིར། སྦྱིན་པ་ནས་ཡེ་ཤེས་ཀྱི་བར་ལ། ས་དང་པོ་ནས་བཅུ་པའི་བར་གྱི་སེམས་བསྐྱེད་ཆོས་ཅན། རིམ་བཞིན་སྦྱིན་ལྡན་ནས་ཡེ་ཤེས་ལྡན་གྱི་བར་ཡིན་ཏེ། རང་གི་མཐུན་ཕྱོགས་ཀྱིས་དག་པའི་སྦྱིན་པའི་ཕར་ཕྱིན་ནས་ཡེ་ཤེས་ཀྱི་བར་གྲོགས་སུ་ལྡན་པའི་སེམས་བསྐྱེད་ཡིན་པའི་ཕྱིར། མངོན་ཤེས་སོགས་ལྔ་ལ། ས་བཅུ་པའི་ཁྱད་པར་གྱི་ལམ་གྱིས་བསྡུས་པའི་སེམས་བསྐྱེད་ཆོས་ཅན། མངོན་ཤེས་ལྡན་ཡིན་ཏེ། མངོན་ཤེས་དྲུག་གི་སྒོ་ནས་སེམས་ཅན་གྱི་དོན་ཐོགས་མེད་དུ་སྒྲུབ་པའི་སེམས་བསྐྱེད་ཡིན་པའི་ཕྱིར། ཚོགས་གཉིས་ལྡན་ཡིན་ཏེ། ཕྱིན་དྲུག་གི་ཚོགས་གཉིས་ཀྱིས་ཡོངས་སུ་གང་བའི་སེམས་བསྐྱེད་ཡིན་པའི་ཕྱིར། བྱང་ཕྱོགས་ལྡན་ཡིན་ཏེ། དུས་གསུམ་གྱི་འཕགས་པ་ཐམས་ཅད་གཤེགས་ཤིང་གཤེགས་པར་འགྱུར་བའི་ལམ་ཡིན་པའི་ཕྱིར། སྙིང་རྗེ་དང་ལྷག་མཐ ོང་ལྡན་ཡིན་ཏེ། མི་གནས་པའི་མྱང་འདས་སུ་བདེ་བླག་དུ་འགྲོ་བའི་ལམ་ཡིན་པའི་ཕྱིར། གཟུངས་སྤོབས་ལྡན་ཡིན་ཏེ། ཐོས་པ་དང་མ་ཐོས་པའི་ཆོས་ཡིན་ཞིང་མི་ཟད་པར་བྱེད་པའི་ལམ་ཡིན་པའི་ཕྱིར། ཆོས་ཀྱི་དགའ་སྟོན་ཞེས་པ་ལ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཆོས་ཅན། ཆོས་ཀྱི་དགའ་སྟོན་ལྡན་ཡིན་ཏེ། ཐར་འདོད་ཀྱི་གདུལ་བྱ་ལ་ཆོས་ཀྱི་སྡོམ་བཞི་སྟོན་པའི་ཕྱིར། བགྲོད་གཅིག་ལ། སངས་རྒྱས་ཀྱི་རྣམ་གཞག་མི་རྟོག་ཡེ་ཤེས་ཆོས་ཅན། བགྲོད་པ་གཅིག་པའི་ལྡན་ཡིན་ཏེ། ཐབས་ཤེས་གཉིས་ཀྱིས་གཞན་དོན་བྱ་བ་ལ་ཐ་མི་དད་ཡིན་པའི་ཕྱིར། ཆོས་ཀྱི་སྐུ་ལྡན་ལ། དེའི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཆོས་ཅན། ཆོས་ཀྱི་སྐུ་ལྡན་ཡིན་ཏེ། མཛད་པ་བཅུ་གཉིས་སྟོན་པའི་སྒོ་ནས་སེམས་ཅན་གྱི་དོན་སྒྲུབ་པའི་སེམས་བསྐྱེད་ཡིན་པའི་ཕྱིར། དེ་ལྟར་ན་སོགས་ལ། སེམས་སྐྱེད་ཉེར་གཉིས་ཆོས་ཅན། ལས་དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་བསྡུས་ཏེ། དང་པོ་བཞིས་མོས་སྤྱོད། དེ་ནས་བཅུས་ས་བཅུ་དང་། ལྔས་ཁྱད་པར་ལམ་དང་། ཐ་མ་གསུམ་གྱིས་སངས་རྒྱས་ཀྱི་ས་བསྡུས་པའི་ཕྱིར། དབྱེ་བ་སོགས་ནས་གདམས་ངག་གི་བར་ལ། གདམས་ངག་སྟོན་པའི་ཡུམ་གསུམ་གྱི་མདོ་ཆོས་ཅན། ཐེག་ཆེན་གདམས་ངག་ཡིན་ཏེ། ཐེག་ཆེན་སེམས་བསྐྱེད་ཀྱི་དོན་དུ་གཉེར་བྱའི་དོན་མ་ཐོབ་པ་ཐོབ་པ་དང་ཐོབ་པ་མི་ཉམས་ཤིང་འཕེལ་བའི་དོན་དུ་འདོམས་པའི་གདམས་ངག་ཡིན་པའི་ཕྱིར། བྱང་ཆུབ་ཀྱི་སེམས་ཀྱི་སོགས་ལ་དེ་ཆ ོས་ཅན། སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པའི་གདམས་ངག་ཡིན་ཏེ། སེམས་ཅན་མྱ་ངན་ལས་འདའ་བ་དང་། ཆོས་སྐུ་ཐོབ་པའི་དོན་དུ་སེམས་བསྐྱེད་ཀྱི་དོན་དུ་གཉེར་བྱ་རྣམས་མི་དམིགས་པའི་ཚུལ་གྱིས་བསྒྲུབ་པར་བྱའོ་ཞེས་འདོམས་བྱེད་ཡིན་པའི་ཕྱིར། སྡུག་བསྔལ་སོགས་ལ་སྡུག་བདེན་ལ་འདོམས་པ་ཡིན་ཏེ། སྡུག་བསྔལ་ཤེས་བྱར་ཞེན་པའི་གཉེན་པོར་ཟག་བཅས་འབྲས་བུས་བསྡུས་པའི་ཆོས་རྣམས་སྟོང་ཉིད་དུ་རྟོགས་པར་བྱའོ་ཞེས་འདོམས་བྱེད་ཡིན་པའི་ཕྱིར། ཀུན་འབྱུང་ཞེས་སོགས་ལ། ཀུན་བདེན་ལ་འདོམས་པ་ཡིན་ཏེ། ཀུན་འབྱུང་སྤང་བྱར་ཞེན་པའི་གཉེན་པོར་ཟག་བཅས་རྒྱུས་བསྡུས་ཀྱི་ཆོས་རྣམས་སྟོང་པར་རྟོགས་པར་བྱའོ་ཞེས་འདོམས་བྱེད་ཡིན་པའི་ཕྱིར། འགོག་པ་སོགས་ལ། འགོག་བདེན་ལ་འདོམས་པ་ཡིན་ཏེ། འགོག་པ་མངོན་དུ་བྱ་བར་ཞེན་པའི་གཉེན་པོར་རྣམ་བྱང་འབྲས་བསྡུས་ཀྱི་ཆོས་རྣམས་སྟོང་པར་རྟོགས་པར་བྱའོ་ཞེས་འདོམས་བྱེད་ཡིན་པའི་ཕྱིར། ལམ་སོགས་ལ། ལམ་བདེན་ལ་འདོམས་པ་ཡིན་ཏེ། ལམ་བསྟེན་བྱར་ཞེན་པའི་གཉེར་པོར་རྣམ་བྱང་རྒྱུས་བསྡུས་ཀྱི་ཆོས་རྣམས་སྟོང་པར་རྟོགས་པར་བྱའོ་ཞེས་འདོམས་བྱེད་ཡིན་པའི་ཕྱིར། སངས་རྒྱས་སོགས་ལ། སངས་རྒྱས་དཀོན་མཆོག་ལ་འདོམས་པ་ཡིན་ཏེ། སངས་རྒྱས་སྐྱབས་གནས་སུ་ཞེན་པའི་གཉེན་པོར་དམིགས་བྱ་དམིགས་བྱེད་མཉམ་ཉིད་དུ་ཤེས་པའི་ཡེ་ཤེས་མཐར་ཐུག་སངས་རྒྱས་ཡིན་ནོ་ཞེས་འདོམས་བྱེད་ཡིན་པའི་ཕྱིར། ཆོས་ལ་སོགས་ལ། ཆོས་དཀོན་མཆོག་ལ་འདོམས་པ་ཡིན་ཏེ། ཆོས་ལ་ཆགས་བྲལ་དུ་ཞེན་པའི་གཉེན་པོར་མཁྱེན་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པར་རྟོགས་པར་བྱའོ་ཞེས་འདོམས་བྱེད་ཡིན་པའི་ཕྱིར། དགེ་འདུན་ལ། དགེ་འདུན་དཀོན་མཆོག་ལ་འདོམས་པ་ཡིན་ཏེ། དགེ་འདུན་ཡོན་གནས་སུ་ཞེན་པའི་གཉེན་པོར་བྱང་འཕགས་རྣམས་སྐྱེ་མེད་དུ་རྟོགས་པར་བྱའོ་ཞེས་འདོམས་བྱེད་ཡིན་པའི་ཕྱིར། སངས་རྒྱས་སོགས་ལ་ཐེག་ཆ ེན་དགྲ་བཅོམ་ཆོས་ཅན། སྐབས་འདིའི་དགེ་འདུན་དུ་མི་བགྲང་བའི་རྒྱུ་མཚན་ཡོད་དེ། སངས་རྒྱས་དཀོན་མཆོག་གི་ཁོངས་སུ་རྟོགས་པའི་ཕྱིར། འབྲས་བུ་ནས་བརྒྱད་པོའི་བར་ལ། སྐབས་འདིའི་དགེ་འདུན་ཆོས་ཅན། རྩ་བའི་དབྱེ་བ་བརྒྱད་དུ་ཡོད་དེ། འབྲས་གནས་གསུམ་ཞུགས་པ་བཞི་རང་རྒྱལ་རྣམས་སུ་ཡོད་པའི་ཕྱིར། དབང་པོ་རྟུལ་པོ་སོགས་ལ། ཡན་ལག་གི་དབྱེ་བ་ཉི་ཤུར་ཡོད་དེ། རྒྱུན་ཞུགས་ཞུགས་གནས་ལྔ་ཕྱིར་འོང་ཞུགས་གནས་གསུམ་ཕྱིར་མི་འོང་ཞུགས་གནས་བཅུ་དགྲ་བཅོམ་ཞུགས་པ་རང་རྒྱལ་རྣམས་སུ་ཡོད་པའི་ཕྱིར། བརྩོན་འགྲུས་སོགས་ལ་མ་ཞེན་པ་ལ་འདོམས་པ་ཡིན་ཏེ། བྱ་བ་ངན་ཞེན་གྱི་ལེ་ལོའི་གཉེན་པོར་སྒྲུབ་པ་པོ་རང་གི་སྒོ་གསུམ་གྱི་ལས་རྣམས་རང་བཞིན་མེད་པར་ཤེས་པར་བྱའོ་ཞེས་འདོམས་བྱེད་ཡིན་པའི་ཕྱིར། དུས་རིང་མོ་སོགས་ལ། ངལ་བ་མེད་པ་ལ་འདོམས་པ་ཡིན་ཏེ། སྒྱིད་ལུགས་པའི་ལེ་ལོའི་གཉེན་པོར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་རློམ་བྱར་མེད་པར་རྟོགས་པར་བྱའོ་ཞེས་འདོམས་བྱེད་ཡིན་པའི་ཕྱིར། ཕྱོགས་བཅུ་སོགས་ལ་ལམ་ཡོངས་སུ་བཟུང་བ་ལ་འདོམས་པ་ཡིན་ཏེ། ཕྱི་རོལ་གྱི་ལེ་ལོའི་གཉེན་པོར་ཆོས་རྣམས་རང་བཞིན་གྱིས་མ་སྐྱེས་པ་ལ་བསླབ་པར་བྱའོ་ཞེས་འདོམས་བྱེད་ཡིན་པའི་ཕྱིར། ཤའི་ཞེས་སོགས་ལ། སྤྱན་ལྔ་ལ་འདོམས་པ་ཡིན་ཏེ། སྤྱན་སྔ་ལ་དོན་དམ་པར་མི་དམིགས་ཤིང་ཀུན་རྫོབ་ཏུ་དེ་དག་གི་སྒོ་ནས་གཞན་དྲིང་མི་འཇོག་པར་བྱའོ་ཞེས་འདོམས་བྱེད་ཡིན་པའི་ཕྱིར། སྤྱན་ལྔའི་མཚན་ཉིད་རིམ་བཞིན། ཐ་མལ་པའི་མིག་བསམ་གཏན་གྱིས་སྦྱངས་པས་དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་ཆད་ནས་ཀྱི་གཟུགས་ཕྲ་རགས་མཐོང་བ་དང་། སྔོན་གྱི་དགེ་བའི་ལས་ཀྱི་རྣམ་སྨིན་ལས་གྲུབ་པའི་མིག་གང་སེམས་ཅན་གཞན་གྱི་འཆི་འཕོ་དང་སྐྱེ་བ་མཐོང་བ་དང་། བདག་གཉིས་སུ་རྣམ་པར་མི་རྟོག་པའི་ཤེས་རབ་དང་། འཕགས་པའི་གང་ཟག་རྣམས་ཀྱི་རྟོགས་པ་ཁོང་དུ་ཆུད་པའི་ཤེས་རབ་དང་། ཆོས་ཐམས་ཅད་ཀྱི་ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་མངོན་སུམ་དུ་རྟོགས་པའི་ཤེས་རབ་རྣམས་སོ། །

རྫུ་འཕྲུལ་སོགས་ལ། མངོན་ཤེས་དྲུག་ལ་འདོམས་པ་ཡིན་ཏེ། དེ་དག་དོན་དམ་པར་མི་དམིགས་ཤིང་ཀུན་རྫོབ་དུ་དེ་དག་གི་སྒོ་ནས་རྣམ་མཁྱེན་གྱི་ཚོགས་རྫོགས་པར་བྱའོ་ཞེས་འདོམས་བྱེད་ཡིན་པའི་ཕྱིར། མངོན་ཤེས་དྲུག་གི་མཚན་ཉིད་རིམ་བཞིན། ས་གཡོ་བ་སོགས་རྫུ་འཕྲུལ་དུ་མ་བྱེད་པའི་ཏིང་ངེ་འཛིན་དང་ཤེས་རབ་དང་། སྒོམ་བྱུང་གི་གཟུགས་ཅན་དང་བ་མཉམ་གཞག་གི་སས་བསྡུས་པ་གང་ཞིག་སྒྲ་ཕྲ་རགས་ཀུན་ཐོས་པ་དང་། སྒོམ་སྟོབས་ཀྱིས་གཞན་གྱི་སེམས་ཀྱི་གནས་སྐབས་ཤེས་པའི་ཏིང་ངེ་འཛིན་ཤེས་རབ་དང་། སྒོམ་སྟོབས་ཀྱིས་རང་གཞན་གྱི་ཚེ་རབས་དུ་མ་དྲན་པའི་ཏིང་ངེ་འཛིན་དང་ཤེས་རབ་དང་། སྒོམ་བྱུང་མཉམ་གཞག་གི་སས་བསྡུས་པའི་གཟུགས་ཅན་དང་བ་གཟུགས་ཕྲ་རགས་ཀུན་མཐོང་བ་དང་། སྒྲིབ་གཉིས་སྤོང་བར་བྱེད་པའི་ཐབས་དང་། དེ་དག་སྤངས་པའི་རྣམ་གྲོལ་ཇི་ལྟ་བ་བཞིན་ཤེས་པའི་ཏིང་ངེ་འཛིན་དང་ཤེས་རབ་རྣམས་སོ། །

མཐོང་ལམ་ཞེས་སོགས་ལ། མཐོང་ལམ་ལ་འདོམས་པ་ཡིན་ཏེ། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་དོན་དམ་པར་མི་དམིགས་ཤིང་། ཀུན་རྫོབ་ཏུ་སྤང་བྱ་ལྷན་སྐྱེས་ཀྱི་གཉེན་པོར་བསྒོམ་པར་བྱའོ། །ཞེས་འདོམས་བྱེད་ཡིན་པའི་ཕྱིར། མཐོང་ལམ་ཆོས་ཅན། སྐད་ཅིག་མ་བཅུ་དྲུག་དུ་དབྱེར་ཡོད་དེ། བདེན་པ་བཞི་པོ་རེ་རེ་ལ་དམིགས་པའི་ཤེས་བཟོད་སྐད་ཅིག་མ་བཞི་བཞིར་དབྱེར་ཡོད་པའི་ཕྱིར། འདུས་བྱས་སོགས་ལ་སྒོམ་ལམ་ལ་འདོམས་པ་ཡིན་ཏེ། སྒོམ་ལམ་དོན་དམ་པར་མི་དམིགས་ཤིང་། ཀུན་རྫོབ་ཏུ་སྤང་བྱ་ལྷན་སྐྱེས་ཀྱི་གཉེན་པོར་བསྒོམ་པར་བྱའོ་ཞེས་འདོམས་བྱེད་ཡིན་པའི་ཕྱིར། སྒོམ་ལམ་ཆོས་ཅན། མཐོང་ལམ་ལས་རྟོགས་པའི་རིགས་ཐ་དད་པ་མ་ཡིན་ཏེ། མཐོང་ལམ་གྱིས་མངོན་སུམ་བྱས་པའི་ཆོས་ཉིད་གོམས་པར་བྱེད་པ་ཙམ་ཡིན་པའི་ཕྱིར། དེ་ལྟར་ན་ཡང་ཁྱོད་ཀྱི་སྤང་བྱ་ལྷན་སྐྱེས་སྤོང་བ་དང་མཐོང་ལམ་གྱིས་མི་སྤོང་བ་མི་འགལ་ཏེ། དེ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པའི་ཕྱིར། དེ་ལྟར་ནས་བཅུའི་བར་ལ། སྐབས་འདིའི་གདམས་ངག་ཆོས་ཅན། བཅུར་གྲངས་ངེས་ཏེ། སེམས་བསྐྱེད་ཀྱི་དོན་དུ་གཉེར་བྱའི་དོན་འདོམས་པ་ལ་བཅུ་ལས་མང་མི་དགོས་ཤིང་ཉུང་ན་མི་ནུས་པའི་ཕྱིར། ལམ་ཤེས་ཉིད་སོགས་ལ། མཐོང་ལམ་སྐད་ཅིག་དང་པོ་བཅོ་ལྔ་ལ་གནས་ཤིང་སྒོམ་སྤངས་གཏན་མ་སྤངས་པའི་བྱང་སེམས་ཆོས་ཅན། རྒྱུན་ཞུགས་ཞུགས་པ་ཡིན་ཏེ། ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་འབྲས་བུ་ཐོབ་ཕྱིར་བརྩོན་པ་དེ་ཡིན་པའི་ཕྱིར། དབྱེ་ན་གཉིས་ཏེ་དད་པའི་རྗེས་འབྲང་དང་། ཆོས་ཀྱི་རྗེས་འབྲང་གཉིས་ཡོད་པའི་ཕྱིར་རོ། །དེ་ལྟ་བུའི་གང་ཟག་དབང་པོ་རྟུལ་པོ་དང་རྣོན་པོ་ཆོས་ཅན། རིམ་བཞིན་དད་རྗེས་འབྲང་དང་ཆོས་ཀྱི་རྗེས་འབྲང་ཡིན་ཏེ། དད་པས་ལམ་དེའི་རྗེས་སུ་འབྲང་བ་དང་ཤེས་རབ་ཀྱིས་ལམ་དེའི་རྗེས་སུ་འབྲང་བའི་ཞུགས་པ་ཡིན་པའི་ཕྱིར། སྔར་སྒོམ་སྤངས་མ་སྤངས་ཤིང་ད་ལྟ་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་ལ་གནས་པའི་བྱང་སེམས་ཆོས་ཅན། རྒྱུན་ཞུགས་འབྲས་གནས་ཡིན་ཏེ། ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་གནས་པ་དེ་ཡིན་པའི་ཕྱིར། འདོད་པའི་སྒོམ་སྤང་གསུམ་མམ་བཞི་སྤངས་དེ་དག་གི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པར་འདོད་པ་སྐྱེ་བ་རིགས་མཐུན་གཉིས་སམ་གསུམ་བླངས་ནས་ཉོན་སྒྲིབ་སྤངས་པའི་མྱང་འདས་མངོན་དུ་བྱེད་པའི་བྱང་སེམས་ལྷ་སྦྱིན་ཆོས་ཅན། རིགས་ནས་རིགས་སྐྱེ་ཡིན་ཏེ། དེ་ལྟའི་བྱང་སེམས་ཡིན་པའི་ཕྱིར། དབྱེ་ན་གཉིས་སུ་ཡོད་དེ། ལྷའི་རིགས་སྐྱེ་དང་། མིའི་རིགས་སྐྱེ་གཉིས་སུ་ཡོད་པའི་ཕྱིར། འདོད་པའི་སྒོ་སྤང་ལྔ་པ་སྤངས་དྲུག་པ་སྤོང་བའི་བར་ཆད་མེད་ལམ་ལ་གནས་པའི་བྱང་འཕགས་ཆོས་ཅན། ཕྱིར་འོང་འབྲས་ཞུགས་ཡིན་ཏེ། ཕལ་ཆེར་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པ་ཡིན་པའི་ཕྱིར། དབྱེ་ན་གཉིས་ཏེ་དད་མོས་དང་མཐོང་ཐོབ་གཉིས་སོ། །

དེ་ལྟ་བུའི་དབང་པོ་རྣོན་པོ་དང་རྟུལ་པོ་ཆོས་ཅན། གོང་བཞིན་དད་མོས་དང་མཐོང་ཐོབ་ཡིན་ཏེ། དད་པ་ལྷག་པས་རབ་ཏུ་ཕྱེ་བ་དང་ཤེས་རབ་ལྷག་པས་རབ་ཏུ་ཕྱེ་བའི་འབྲས་གནས་ཡིན་པའི་ཕྱིར། འདོད་པའི་སྒོམ་སྤང་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པའི་བྱང་འཕགས་ཆོས་ཅན། ཕྱིར་འོང་འབྲས་གནས་ཡིན་ཏེ། ཕལ་ཆེར་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་གནས་པ་དེ་ཡིན་པའི་ཕྱིར། འདོད་པའི་སྒོམ་སྤང་བདུན་ནམ་བརྒྱད་སྤངས་ཏེ་དེ་དག་གི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ། སྐྱེ་བ་ཕྱི་མ་ལ་འདོད་པར་ཉོན་སྒྲིབ་སྤངས་ཙམ་གྱི་མྱང་འདས་མངོན་དུ་བྱེད་པའི་བྱང་སེམས་ལྷ་སྦྱིན་ཆོས་ཅན། ཕྱིར་འོང་བར་ཆད་གཅིག་པ་ཡིན་ཏེ། དེའི་བྱང་སེམས་ཡིན་པའི་ཕྱིར། འདོད་པའི་སྒོམ་སྤང་དགུ་པ་སྤོང་བའི་བར་ཆད་མེད་ལམ་ལ་གནས་པའི་བྱང་འཕགས་ཆོས་ཅན། ཕྱིར་མི་འོང་འབྲས་ཞུགས་ཡིན་ཏེ། ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་བརྩོན་པ་དེ་ཡིན་པའི་ཕྱིར། འདོད་པའི་སྒོམ་སྤང་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པའི་བྱང་འཕགས་ཆོས་ཅན། ཕྱིར་མི་འོང་འབྲས་གནས་ཡིན་ཏེ། ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱིས་འབྲས་བུ་ལ་གནས་པ་དེ་ཡིན་པའི་ཕྱིར། གཟུགས་ཀྱི་བར་སྲིད་དུ་ཉོན་སྒྲིབ་སྤངས་པའི་མྱང་འདས་མངོན་དུ་བྱེད་པའི་བྱང་སེམས་ལྷ་སྦྱིན་ཆོས་ཅན། བར་དོར་འདའ་བ་ཡིན་ཏེ། དེ་ལྟའི་བྱང་སེམས་ཡིན་པའི་ཕྱིར། གཟུགས་སུ་སྐྱེས་ཙམ་ནས་ཉོན་སྒྲིབ་སྤངས་པའི་མྱང་འདས་མངོན་དུ་བྱེད་པའི་བྱང་སེམས་ལྷ་སྦྱིན་ཆོས་ཅན། སྐྱེས་འདའ་བ་ཡིན་ཏེ། དེ་ལྟའི་བྱང་སེམས་ཡིན་པའི་ཕྱིར། གཟུགས་སུ་སྐྱེས་ནས་འབད་རྩོལ་གྱིས་ལམ་བསྒོམས་ཏེ་ཉོན་སྒྲིབ་སྤངས་པའི་མྱང་འདས་མངོན་དུ་བྱེད་པའི་བྱང་སེམས་ལྷ་སྦྱིན་ཆོས་ཅན། འདུ་བྱེད་དང་བཅས་ཏེ་འདའ་བ་ཡིན་ཏེ། དེ་ལྟའི་བྱང་སེམས་ཡིན་པའི་ཕྱིར། དེར་སྐྱེས་ནས་རྩོལ་མེད་དུ་ལམ་སྒོམ་སྟེ་ཉོན་སྒྲིབ་སྤངས་པའི་མྱང་འདས་མངོན་དུ་བྱེད་པའི་བྱང་སེམས་ལྷ་སྦྱིན་ཆ ོས་ཅན། འདུ་བྱེད་མེད་པར་འདའ་བ་ཡིན་ཏེ། དེ་ལྟའི་བྱང་སེམས་ཡིན་པའི་ཕྱིར། བསམ་གཏན་སྤེལ་མར་བསྒོམ་པའི་ཕྱི་མ་ལ་གཟུགས་སུ་སྐྱེ་བ་བརྒྱུད་དེ། འོག་མིན་གྱི་རྟེན་ལ་ཉོན་སྒྲིབ་སྤངས་པའི་མྱང་འདས་མངོན་དུ་བྱེད་པའི་བྱང་སེམས་ལྷ་སྦྱིན་ཆོས་ཅན། འོག་མིན་འགྲོ་ཡིན་ཏེ། ལྷག་མཐོང་ཤས་ཆེར་དཔྱད་པའི་གོང་འཕོ་ཡིན་པའི་ཕྱིར། དབྱེ་ན་གསུམ་ཡོད་དེ། འཕར་བ་དང་། ཆེད་དུ་འཕར་བ་དང་། གནས་ཐམས་ཅད་དུ་འཆི་འཕོ་བ་རྣམས་སུ་ཡོད་པའི་ཕྱིར། གཟུགས་ལ་འདོད་ཆགས་དང་བྲལ་བའི་བྱང་འཕགས་ཆོས་ཅན། སྲིད་རྩེའི་མཐར་ཐུག་འགྲོ་ཡིན་ཏེ། ཞི་གནས་ལྷག་པར་སྤྱད་པའི་གོང་འཕོ་ཡིན་པའི་ཕྱིར། དབྱེ་ན་རྣམ་པ་གཉིས་ཡོད་དེ། མཐོང་ཆོས་ལ་ཉོན་སྒྲིབ་སྤངས་པའི་མྱང་འདས་མངོན་དུ་བྱེད་པ་དང་། འགོག་པ་ལུས་ཀྱི་མངོན་དུ་བྱེད་པ་གཉིས་སུ་ཡོད་པའི་ཕྱིར། སྲིད་རྩེའི་དགུ་པ་སྤོང་པའི་བར་ཆད་མེད་ལམ་ལ་གནས་པའི་བྱང་འཕགས་ཆོས་ཅན། དགྲ་བཅོམ་འབྲས་ཞུགས་ཡིན་ཏེ། གོང་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་བརྩོན་པ་དེ་ཡིན་པའི་ཕྱིར། སངས་རྒྱས་མི་བཞུགས་པའི་ཞིང་དུ་སློབ་དཔོན་མེད་པར་ཉོན་སྒྲིབ་སྤངས་པས་མྱང་འདས་མངོན་དུ་བྱེད་པའི་བྱང་འཕགས་ལྷ་སྦྱིན་ཆོས་ཅན། རང་རྒྱལ་ཡིན་ཏེ། དེའི་བྱང་སེམས་ཡིན་པའི་ཕྱིར། བྱང་སེམས་སོགས་ལ། བྱང་སེམས་ལྷ་སྦྱིན་གྱི་སྦྱོར་ལམ་ཆོས་ཅན། ངེས་འབྱེད་ཆ་མཐུན་ཡིན་ཏེ། ཐར་པའི་རྗེས་སུ་བྱུང་ཞིང་བདེན་པ་མངོན་རྟོགས་དང་རྗེས་སུ་མཐུན་པའི་འཇིག་རྟེན་པའི་ལམ་ཡིན་པའི་ཕྱིར། དབྱེ་ན་བཞི་ཡོད་དེ། དྲོད་ནས་ཆོས་མཆོག་གི་བར་དུ་ཡོད་པའི་ཕྱིར། དྲོད་སོགས་བཞི་ཆོས་ཅན། རེ་རེ་ལ་ཡང་ཆུང་འབྲིང་ཆ ེན་པོ་གསུམ་གསུམ་དུ་འབྱེད་པའི་རྒྱུ་མཚན་ཡོད་དེ། རེ་རེ་ལ་ཡང་མི་མཐུན་ཕྱོགས་ཆུང་འབྲིང་ཆེན་པོ་གསུམ་གྱི་གཉེན་པོར་སྔ་ཕྱི་རིམ་ཅན་དུ་སྐྱེས་པས་སམ། གང་ཟག་དབང་པོ་རྣོ་འབྲིང་རྟུལ་གསུམ་གྱིས་བསྡུས་པ་གསུམ་གསུམ་ཡོད་པའི་ཕྱིར། དམིགས་པའི་ཁྱད་པར་ཞེས་པ་ལ་བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། ཉན་རང་གི་སྦྱོར་ལམ་ལས་དམིགས་པས་ཁྱ་པར་དུ་འཕགས་ཏེ། ཆོས་ཀྱི་བདག་མེད་པས་ཁྱད་པར་དུ་བྱས་པའི་བདེན་བཞི་སྒྱུ་མ་ལྟ་བུ་ལ་དམིགས་པའི་ཕྱིར། ཁྱབ་སྟེ་དེ་དག་གི་དེ་ནི་བདེན་པ་སོ་སོ་ལ་དམིགས་པའི་ཕྱིར། ཆོས་སུ་ཞེས་སོགས་ལ་རྣམ་པས་ཁྱད་པར་དུ་འཕགས་ཏེ། མི་རྟག་སོགས་ཆོས་སུ་མངོན་པར་ཞེན་པའི་གཉེན་པོ་བྱེད་པའི་ཕྱིར། ཁྱབ་ཏེ་དེ་དག་གི་དེ་ནི་གང་ཟག་གི་བདག་འཛིན་གྱི་གཉེན་པོ་བྱེད་པའི་ཕྱིར། རྒྱུའི་སྒོ་ནས་ཁྱད་པར་དུ་འཕགས་ཏེ། ཐེག་པ་གསུམ་ཀའི་སྤངས་རྟོགས་ཀྱི་རྒྱུ་བྱེད་པའི་ཕྱིར། ཁྱབ་སྟེ། དེ་དག་གི་དེ་ནི་སྤངས་རྟོག་ཉི་ཚེ་བའི་རྒྱུ་བྱེད་པའི་ཕྱིར། དགེ་བའི་བཤེས་སོགས་ལ་ཡོངས་འཛིན་གྱི་ཁྱད་པར་དུ་འཕགས་ཏེ། ཕྱི་ནང་གི་ཐབས་མཁས་ཀྱིས་ཡོངས་སུ་བཟུང་བས་སྲིད་ཞིར་མི་ལྟུང་པའི་ཕྱིར། ཁྱབ་སྟེ། དེ་དག་གི་དེ་ནི་ཐབས་མཁས་དང་བྲལ་བས་སྲིད་ཞིའི་མཐར་ལྷུང་བའི་ཕྱིར། རྟོགས་པས་ཁྱད་པར་དུ་འཕགས་ཏེ། གཟུང་འཛིན་གྱི་རྣམ་རྟོག་བཞི་ཁྱད་ཆོས་སུ་ལྡན་པའི་ཕྱིར། ཁྱབ་སྟེ། དེ་དག་གི་དེ་ནི་རྣམ་རྟོག་བཞིའི་ཁྱད་ཆོས་སུ་མི་ལྡན་པའི་ཕྱིར། གཟུང་འཛིན་གྱི་རྣམ་རྟོག་བཞི་ཆོས་ཅན། ཐེག་ཆེན་སྦྱོར་ལམ་ལ་ཁྱད་ཆོས་སུ་ལྡན་ཏེ། དེ་ཀུན་ནས་ཉོན་མོངས་དུ་ལྡན་པའི་ཕྱིར། དེར་ཐལ། དེ་ཁྱོད་དང་འབྲེལ་བའི་ཆ་ནས། ཐེག་ཆེན་ལམ་གྱིས་སྤང་བྱར་འགྱུར་བའི་ཕྱིར། དེར་ཐལ། དེ་ཁྱོད་ཀྱི་བཞི་པོར་ལྡན་པ་གང་ཞིག་ཁྱོད་ཐེག་ཆེན་ལམ་གྱི་འབྲས་བུ་རྣམ་མཁྱེན་ཐོབ་པའི་གེགས་སུ་འགྱུར་བ་དེ་ཡིན་པའི་ཕྱིར། ཉན་རང་སྦྱོར་ལམ་གྱི་ཁྱད་ཆོས་སུ་མི་ལྡན་ཏེ། དེ་ཀུན་ནས་ཉོན་མོངས་བྱེད་དུ་མི་ལྡན་པའི་ཕྱིར། དེར་ཐལ། དེ་ཁྱོད་དང་འབྲེལ་བའི་ཆ་ནས་ཉན་རང་ལམ་གྱིས་སྤང་བྱར་གྱུར་པ་དེ་མ་ཡིན་པའི་ཕྱིར། དེར་ཐལ། དེ་ཁྱོད་ཀྱི་ངོ་བོར་ལྡན་དུ་ཟིན་ཀྱང་ཁྱོད་ཉན་རང་ལམ་གྱི་འབྲས་བུ་མྱང་འདས་ཐོབ་པ་ལ་གེགས་མི་བྱེད་པའི་ཕྱིར། བྱང་སེམས་ཞེས་པ་ནས་ཤེས་པར་བྱའོ་ཡི་བར་ལ། བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། བདེན་བཞི་ལ་ཚུལ་སྣ་ཚོགས་ཀྱི་སྒོ་ནས་དམིགས་པ་ཡིན་ཏེ། རྒྱུ་འབྲས་ངོ་བོ་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་དམིགས་པ་མི་རྟག་སོགས་རྣམ་པ་བཅུ་དྲུག་གི་སྒོ་ནས་ཀྱང་དམིགས་པའི་ཕྱིར། བཟོད་འབྲིང་ཆོས་ཅན། བདེན་བཞི་ལ་རྒྱུའི་སྒོ་ནས་དམིགས་ཏེ་སྒོ་གསུམ་མཚན་ཞིང་དང་བཅས་པ་རྣམ་པར་དག་པའི་རྒྱུར་གྱུར་པའི་ཚུལ་དུ་དེ་ལ་དམིགས་པའི་ཕྱིར། ཆོས་མཆོག་ཆུང་ངུ་ཆོས་ཅན། བདེན་བཞི་ལ་འབྲས་བུའི་སྒོ་ནས་དམིགས་ཏེ། གདུལ་བྱའི་སྐལ་བ་བཞིན་དུ་ཏིང་ངེ་འཛིན་གྱི་བྱེད་པ་འཇུག་པའི་ཆེད་དུ་དེ་ལ་དམིགས་པའི་ཕྱིར། བཟོད་པ་ཆུང་ངུ་ཆོས་ཅན། བདེན་བཞི་ལ་བདེན་གཉིས་ཀྱི་ངོ་བོ་ཉིད་ཀྱི་སྒོ་ནས་དམིགས་ཏེ། བདེན་བཞིས་བསྡུས་པའི་གཟུགས་སོགས་དོན་དམ་པར་མི་དམིགས་ཤིང་ཀུན་རྫོབ་དུ་རང་བཞིན་དང་བཅས་པ་ལྟར་དམིགས་པའི་ཕྱིར། དྲོད་ཆུང་ངུ་སོགས་ཆོས་ཅན། བདེན་བཞི་ལ་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་དམིགས་ཏེ། མངོན་ཞེན་བཀག་པ་སོགས་ཆོས་སྟོང་ཉིད་ཀྱི་ཚུལ་དུ་དེ་ལ་དམིགས་པའི་ཕྱིར། མདོར་བསྡུས་ཏེ་ལས། སྐབས་འདིར་ཆོས་ཅན། སྦྱོར་ལམ་གྱི་བདེན་བཞི་ལ་དམིགས་ཚུལ་རྒྱས་པར་མ་བཀྲོལ་བའི་རྒྱུ་མཚན་ཡོད་དེ། མདོར་བསྡུས་ཏེ་བཤད་པར་འདོད་པའི་ཕྱིར། གང་གི་ཞེས་སོགས་ལ་ཐེག་ཆེན་སྦྱོར་ལམ་གྱི་བདེན་བཞི་ལ། ཚུལ་སྣ་ཚོགས་ཀྱི་སྒོ་ནས་དམིགས་པར་བསྟན་པའི་ཆོས་ཅན་དྲི་མེད་བཅུ་དྲུག་གཞན་རྣམས་ཞེས་པ་དང་། འགལ་བས་སྐྱོན་ཅན་དུ་མི་འགྱུར་ཏེ། ཐེག་ཆེན་ཐུན་མོང་མིན་པའི་ལུགས་ཡིན་པའི་ཕྱིར། ཆུང་ངུའི་རྐྱདམིགས་པ་སོགས་ལ། མི་རྟག་སོགས་བཅུ་དྲུག་གི་ཁྱད་པར་བྱས་པའི་བདེན་བཞི་སྒྱུ་མ་ལྟ་བུ་ཆོས་ཅན། ཐེག་ཆེན་སྦྱོར་ལམ་དྲོད་ཆུང་ངུའི་དམིགས་པ་ཡིན་ཏེ། དེའི་ཤེས་རྣམ་གྱིས་སྒྲོ་འདོགས་བཅད་པའི་གཞིར་གྱུར་པ་ཡིན་པའི་ཕྱིར། དེའི་རྣམ་པ་ཞེས་སོགས་ལ། དྲོད་ཆུང་ངུས་རང་གི་དམིགས་པ་ལ་བདེན་ཞེན་བཀག་པ་སོགས་ཀྱིས་ཁྱད་པར་བྱས་པར་རྟོགས་པའི་ཡེ་ཤེས་ཆོས་ཅན། དེའི་ཤེས་རྣམ་ཡིན་ཏེ། དེའི་མི་མཐུན་ཕྱོགས་སུ་གྱུར་པའི་སྒྲོ་འདོགས་འགོག་བྱེད་ཡིན་པའི་ཕྱིར། དྲོ་བ་སོགས་ལ་ཐེག་ཆེན་སྦྱོར་ལམ་ཆོས་ཅན། ཐེག་པ་གསུམ་ཆར་གྱི་ཡོན་ཏན་ཐོབ་པའི་རྒྱུ་ཡིན་ཏེ། ཉན་རང་གི་རྟོགས་པ་ཡོན་ཏན་ཡར་ལྡན་དུ་ཡོད་པའི་ཐེག་ཆེན་སྦྱོར་ལམ་གྱི་རྒྱུ་བྱེད་པ་ཡིན་པའི་ཕྱིར། འབྲིང་གི་དམིགས་པ་སོགས་ལ། དགག་སྒྲུབ་དང་བྲལ་བའི་ཆོས་ཉིད་ཀྱི་ཁྱད་པར་དུ་བྱས་པའི་བདེན་བཞི་ཆོས་ཅན། དྲོད་འབྲིང་གི་དམིགས་པ་ཡིན་ཏེ། དེའི་ཤེས་རྣམ་གྱིས་སྒྲོ་འདོགས་བཅད་པའི་བཞིར་གྱུར་པའི་ཕྱིར། རྣམ་པ་ནི་ཞེས་སོགས་ལ། དྲོད་འབྲིང་གིས་རང་གི་དམིགས་པ་མིང་དོན་གྱི་མཚན་མས་སྟོང་པར་རྟོགས་པའི་ཡེ་ཤེས་ཆོས་ཅན། དེའི་ཤེས་རྣམ་ཡིན་ཏེ། དེའི་མི་མཐུན་ཕྱོགས་སུ་གྱུར་པའི་སྒྲོ་འདོགས་གཅོད་བྱེད་ཡིན་པའི་ཕྱིར། ཆེན་པོའི་ཞེས་སོགས་ལ་དོན་དམ་པར་མ་གྲུབ་ཅིང་ཐ་སྙད་དུ་བརྡར་བཏགས་པ་ཙམ་དུ་གྲུབ་པའི་བདེན་བཞིས་བསྡུས་པའི་གཟུགས་སོགས་ཆོས་ཅན། དྲོད་ཆེན་པོའི་དམིགས་པ་ཡིན་ཏེ། དེའི་ཤེས་རྣམ་གྱི་སྒྲོ་འདོགས་དཔྱད་གཞིར་གྱུར་པའི་ཕྱིར་རྣམ་པ་ནི། དྲོད་ཆེན་པོས་རང་གི་དམིགས་པ་དགེ་སོགས་ཀྱི་ཆོས་གང་དུའང་བརྗོད་དུ་མེད་པར་རྟོགས་པའི་ཡེ་ཤེས་ཆོས་ཅན། དེའི་ཤེས་རྣམ་ཡིན་ཏེ། དེའི་མི་མཐུན་ཕྱོགས་སུ་གྱུར་པའི་སྒྲོ་འདོགས་གཅོད་བྱེད་ཡིན་པའི་ཕྱིར། དེ་ལྟར་སོགས་ལ། དེ་ཆོས་ཅན། དྲོད་ཀྱི་ཡེ་ཤེས་ཡིན་ཏེ། ཀུན་ནས་ཉོན་མོངས་ཀྱིས་གཟུང་བ་རང་བཞིན་མེད་པ་ལ། གསལ་སྣང་དང་པོར་སྐྱེས་པའི་ཡེ་ཤེས་ཡིན་པའི་ཕྱིར། སྦྱོར་ལམ་དྲོད་ཆོས་ཅན། ཆུང་འབྲིང་ཆེན་པོ་གསུམ་དུ་ཡོད་དེ། རང་གི་མི་མཐུན་ཕྱོགས་ཆེ་འབྲིང་ཆུང་གསུམ་གྱི་གཉེན་པོ་གསུམ་དུ་ཡོད་པའི་ཕྱིར། ཆུང་ངུའི་སོགས་ལ། རང་གི་ངོ་བོ་བདེན་པས་ཁྱད་པར་དུ་བྱས་པའི་བདེན་བཞིས་བསྡུས་པའི་གཟུགས་སོགས་ཆོས་ཅན། རྩེ་མོ་ཆུང་ངུའི་དམིགས་པ་ཡིན་ཏེ། དེའི་ཤེས་རྣམ་གྱིས་ཞེས་སོགས་སྔར་ལྟར་རོ། །རྣམ་པ་སོགས་ལ། རྩེ་མོ་ཆུང་ངུའི་རང་གི་དམིགས་པ་རྟག་མི་རྟག་སོགས་ཀྱིས་སྟོང་པར་རྟོགས་པའི་ཡེ་ཤེས་ཆོས་ཅན། དེའི་ཤེས་རྣམ་ཡིན་ཏེ། དེའི་མི་མཐུན་ཕྱོགས་སུ་གྱུར་པ་སོགས་སོ། །འབྲིང་གི་སོགས་ལ་མི་རྟག་པ་སོགས་སོ། །སྟོང་པ་ཉིད་ཆོས་དབྱིངས་སུ་གཅིག་པས་ཁྱད་པར་དུ་བྱས་པའི་བདེན་བཞི་ཆོས་ཅན། རྩེ་མོ་འབྲིང་གི་དམིགས་པ་ཡིན་ཏེ། དེའི་ཤེས་རྣམ་སོགས་སོ། །རྣམ་པ་སོགས་ལ། རྩེ་མོ་འབྲིང་གི་དམིགས་པ་བདག་གི་གཟུང་བྱར་མེད་པར་རྟོགས་པའི་ཡེ་ཤེས་ཆོས་ཅན། དེའི་ཤེས་རྣམ་ཡིན་ཏེ། དེའི་མི་མཐུན་ཕྱོགས་སུ་གྱུར་པ་སོགས་སོ། །

ཆེན་པོའི་ཞེས་སོགས་ལ་སྔོ་སེར་སོགས་མཚན་མས་སྟོང་པས་ཁྱད་པར་དུ་བྱས་པའི་བདེན་བཞི་ཆོས་ཅན། རྩེ་མོ་ཆེན་པོའི་དམིགས་པ་ཡིན་ཏེ། དེའི་ཤེས་རྣམ་ལ་སོགས་སོ། །རྣམ་པ་ནི་སོགས་ལ། རྩེ་མོ་ཆེན་པོས་རང་གི་དམིགས་པ་བདེན་པར་མི་དམིགས་པར་རྟོགས་པའི་ཡེ་ཤེས་ཆོས་ཅན། དེའི་ཤེས་རྣམ་ཡིན་ཏེ། དེའི་མི་མཐུན་ཕྱོགས་སུ་སོགས་སོ། །དེ་ལྟར་སོགས་ལ་དེ་ཆོས་ཅན། སྦྱོར་ལམ་རྩེ་མོ་ཡིན་ཏེ། རྣམ་བྱང་གིས་བསྡུས་པའི་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་དང་པོར་ཐོབ་པའི་ཡེ་ཤེས་ཡིན་པའི་ཕྱིར། ཆུང་ངུའི་དམིགས་པ་སོགས་ལ། མཚན་ཉིད་དང་མཚན་གཞི་སྟོང་པས་ཁྱད་པར་བྱས་པའི་བདེན་བཞི་ཆོས་ཅན། བཟོད་པ་ཆུང་ངུའི་དམིགས་པ་ཡིན་ཏེ། དེའི་ཤེས་རྣམ་སོགས་སོ། །རྣམ་པ་སོགས་ལ། བཟོད་པ་ཆུང་ངུའི་རང་གི་དམིགས་པ་དོན་དམ་པར་མེད་ཅིང་ཀུན་རྫོབ་དུ་སྒྱུ་མ་ལྟ་བུར་རྟོགས་པའི་ཡེ་ཤེས་ཆོས་ཅན། དེའི་ཤེས་རྣམ་ཡིན་ཏེ། དེའི་མི་མཐུན་ཕྱོགས་སོགས་སོ། །འབྲིང་གི་དམིགས་པ་སོགས་ལ། ཀུན་བྱང་རང་བཞིན་གྱིས་མ་སྐྱེས་པས་ཁྱད་པར་དུ་བྱས་པའི་བདེན་བཞི་ཆོས་ཅན། བཟོད་འབྲིང་གི་དམིགས་པ་ཡིན་ཏེ། དེའི་ཤེས་རྣམ་སོགས་སོ། །རྣམ་པ་ནི་སོགས་ལ། བཟོད་འབྲིང་གིས་རང་གི་དམིགས་པའི་ཆོས་ཉིད་རྟོགས་པས་ལུས་སོགས་རྣམ་པར་དག་པའི་རྒྱུར་གྱུར་པའི་ཡེ་ཤེས་ཆོས་ཅན། དེའི་ཤེས་རྣམ་ཡིན་ཏེ། དེའི་མི་མཐུན་ཕྱོགས་སོགས་སོ། །ཆེན་པོའི་སོགས་ལ། རང་སྤྱིའི་མཚན་ཉིད་ཀྱིས་སྟོང་པས་ཁྱད་པར་དུ་བྱས་པའི་བདེན་བཞི་ཆོས་ཅན། བཟོད་ཆེན་གྱིས་རང་གི་དམིགས་པ་ཡིན་ཏེ། དེའི་ཤེས་རྣམ་གྱི་སོགས་སོ། །རྣམ་པ་སོགས་ལ། བཟོད་ཆེན་གྱིས་རང་གི་དམིགས་པ་གཟུགས་སོགས་ཀྱི་མཚན་མས་སྟོང་པར་རྟོགས་པའི་ཡེ་ཤེས་ཆོས་ཅན། དེའི་ཤེས་རྣམ་ཡིན་ཏེ་དེའི་མི་མཐུན་ཕྱོགས་སོགས་སོ། །དེ་ལྟར་སོགས་ལ། སྦྱོར་ལམ་བཟོད་པ་ཡིན་ཏེ། གང་ཟག་རྫས་ཡོད་རང་བཞིན་གྱིས་སྟོང་པ་ལ་གསལ་སྣང་དང་པོར་ཐོབ་པའི་ཡེ་ཤེས་ཡིན་པའི་ཕྱིར། ཆུང་ངུའི་དམིགས་པ་སོགས་ལ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་སོགས་དང་དོན་དམ་པར་སྐྱེ་མེད་དུ་རང་བཞིན་གཅིག་པའི་བདེན་བཞི་ཆོས་ཅན། ཆོས་མཆོག་ཆུང་ངུའི་དམིགས་པ་ཡིན་ཏེ། དེའི་སོགས་སོ། །རྣམ་པ་སོགས་ལ། ཆོས་མཆོག་ཆུང་ངུས་རང་གི་དམིགས་པ་སྐྱེ་མེད་དུ་རྟོགས་པའི་ཡེ་ཤེས་ཆོས་ཅན། དེའི་ཤེས་རྣམ་ཡིན་ཏེ། དེའི་སོགས་སོ། །འབྲིང་གི་དམིགས་པ་སོགས་ལ་ལུང་སྟོན་པའི་རྒྱུར་གྱུར་པའི་ཆོས་མཆོག་འབྲིང་དང་སྟོང་ཉིད་དུ་གཅིག་པའི་བདེན་བཞི་ཆོས་ཅན། དེའི་དམིགས་པ་ཡིན་ཏེ། ཤེས་རྣམ་སོགས་སོ། །རྣམ་པ་སོགས་ལ། ཆོས་མཆོག་འབྲིང་གི་རང་གི་དམིགས་པ་འཁོར་གསུམ་དག་པའི་ཚུལ་དུ་རྟོགས་པའི་ཡེ་ཤེས་ཆོས་ཅན། དེའི་ཤེས་རྣམ་ཡིན་ཏེ་དེའི་སོགས་སོ། །ཆེན་པོའི་དམིགས་པ་སོགས་ལ། བསྒོམ་བྱ་སྒོམ་བྱེད་སྒོམ་པ་རྣམས་སྟོང་པ་ཉིད་དུ་གཅིག་པས་ཁྱད་པར་དུ་བྱས་པའི་བདེན་བཞི་ཆོས་ཅན། ཆོས་མཆོག་ཆེན་པོའི་དམིགས་པ་ཡིན་ཏེ། དེའི་ཤེས་རྣམ་སོགས་སོ། །རྣམ་པ་སོགས་ལ། ཆོས་མཆོག་ཆེན་པོས་རང་གི་དམིགས་པ་སྐྱེ་མེད་དུ་རྟོགས་པས་སངས་རྒྱ་བའི་ཐབས་སུ་གྱུར་པའི་ཡེ་ཤེས་ཆོས་ཅན། དེའི་ཤེས་རྣམ་ཡིན་ཏེ་དེའི་སོགས་སོ། །དེ་ལྟར་ན་སོགས་ལ། དེ་ཆོས་ཅན་སྦྱོར་ལམ་ཆོས་མཆོག་ཡིན་ཏེ། གང་ཟག་བཏགས་ཡོད་རང་བཞིན་མེད་པ་ལ་གསལ་སྣང་དང་པོར་སྐྱེས་པའི་ཡེ་ཤེས་ཡིན་པའི་ཕྱིར། དམིགས་པ་མི་རྟག་སོགས་ནས་འབྱུང་བའི་བར་ལ། གཟུགས་སོགས་འདུ་འགོད་གནས་བྲལ་དང་ཞེས་སོགས་སྦྱོར་ལམ་ལྷག་མ་བཅུ་གཅིག་གི་དམིགས་པ་སྟོན་པའི་རྒྱན་གྱི་དམིགས་བཅད་ཆོས་ཅན། སྦྱོར་ལམ་གྱི་དམིགས་པ་བདེན་བཞིའི་ཁྱད་པར་ཅན་གྱི་ཆོས་ཅན་བརྗོད་པས་བརྗོད་པར་བྱ་བ་ཡིན་ནའང་ཁྱད་པར་ཅན་གྱི་ཆོས་བརྗོད་ཀྱིས་བརྗོད་པའི་སྒོ་ནས་བརྗོད་ཚུལ་ལ་སྐྱོན་ཆགས་པ་མ་ཡིན་ཏེ། ཁྱད་པར་ཅན་གྱི་ཆོས་བརྗོད་དང་། ཆོས་ཅན་བརྗོད་པའི་སྒྲ་འདི་དག་གི་བརྗོད་བྱའི་དོན་ལ་ངེས་པའི་ཤེས་པའི་ཡུལ་དུའང་ཁྱད་པར་འགའ་ཡང་མེད་པའི་ཕྱིར། དེར་ཐལ་སྒྲ་དེ་དག་གི་དོན་གཅིག་ཉིད་ཁྱད་པར་གཞན་སྤངས་མ་སྤངས་ཀྱི་སྒོ་ནས་བརྗོད་པ་ཙམ་ཡིན་པའི་ཕྱིར། རྣམ་པ་གཅིག་དུ་ན་སོགས་ལ། དྲོད་འབྲིང་མན་ཆད་སྦྱོར་ལམ་ལྷག་མ་རྣམས་ཀྱི་དམིགས་རྣམ་ཆོས་ཅན་བདེན་བཞིར་རྟོགས་པ་ཡིན་ཏེ། དྲོད་ཆུང་ངུའི་དམིགས་རྣམ་བདེན་བཞིར་རྟོགས་པ་གང་ཟག་གི་དྲོད་ཆུང་ངུ་དང་མངོན་རྟོགས་རིགས་རྒྱུན་གཅིག་པའི་དམིགས་རྣམ་ཡིན་པའི་ཕྱིར་ཁྱབ་སྟེ། མངོན་རྟོགས་རིགས་རྒྱུན་གཅིག་དམིགས་རྣམ་རིགས་མི་འདྲ་བ་མི་རུང་བའི་ཕྱིར་ཏེ། མངོན་རྟོགས་རིགས་རྒྱུན་ཐ་དད་དུ་ཐལ་བའི་ཕྱིར་རོ། །

དྲོད་ཆུང་ངུའི་དམིགས་རྣམ་དང་རིགས་གཅིག་ཀྱང་རྒྱན་གྱི་རྩ་བར་ཐ་དད་དུ་བརྗོད་པའི་རྒྱུ་མཚན་ཡོད་དེ། རྩ་བའི་སྡེབ་སྦྱོར་ཉམས་པ་སྤང་བའི་ཆེད་ཡིན་པའི་ཕྱིར། འོག་མ་དག་ལ་ཡང་ཞེས་པ་ལ། སྐབས་གཉིས་པ་མན་ཆད་ཀྱི་སྦྱོར་ལམ་གྱི་དམིགས་པ་ཆོས་ཅན། བདེན་བཞིར་རྟོགས་པ་ཡིན་ཏེ། སྐབས་དང་པོའི་སྦྱོར་ལམ་གྱི་དམིགས་པ་བདེན་བཞིར་རྟོགས་པ་གང་གི་དེའི་སྦྱོར་ལམ་དང་། མངོན་རྟོགས་རིགས་རྒྱུན་གཅིག་ཡིན་པའི་ཕྱིར། སྐབས་དང་པོའི་སྦྱོར་ལམ་སྦྱོར་ལམ་མཚན་ཉིད་པ་ཡིན་ཞིང་། སྦྱོར་བ་དང་པོ་གསུམ་གྱི་སྦྱོར་ལམ་དག་པའི་ཡེ་ཤེས་ལ་བཏགས་པའི་ཕྱིར། རིགས་རྒྱུན་གཅིག་པ་མི་འཐད་དེ་ཅེ་ན། སྐྱོན་མེད་དེ། སྦྱོར་མཐོང་སྒོམ་གསུམ་དམིགས་རྣམ་རིགས་གཅིག་པའི་ཕྱིར་ཏེ། སྦྱོར་ལམ་གྱིས་དོན་སྤྱིའི་ཚུལ་དུ་རྟོགས་པའི་དམིགས་རྣམ་དེ་ཉིད་མཐོང་ལམ་གྱིས་མངོན་སུམ་དུ་རྟོགས་ཤིང་། དེ་ཉིད་སྒོམ་ལམ་གྱིས་གོམས་པར་བྱེད་པའི་ཕྱིར་རོ། །གཞི་དང་ཞེས་སོགས་ལ་གཟུང་རྟོག་ཆོས་ཅན། རྣམ་པ་གཉིས་སུ་ཡོད་དེ། ཀུན་ནས་ཉོན་མོངས་ཀྱི་ཡུལ་དང་རྣམ་བྱང་གི་ཡུལ་ལ་མངོན་པར་ཞེན་པ་གཉིས་སུ་ཡོད་པའི་ཕྱིར། དེ་དག་རེ་རེ་ལའང་རྣམ་པ་དགུ་དགུ་ཡོད་དེ། མ་རིག་པ་སོགས་ཀུན་ནས་ཉོན་མོངས་ཀྱི་ཡུལ་དགུ་དང་། ཟག་མེད་ཀྱི་ཕུང་པོ་ལ་ལས་སོགས་རྣམ་བྱང་གི་ཡུལ་ལ་རྟོག་པ་དགུ་དགུར་ཡོད་པའི་ཕྱིར། རྫས་དང་རྟགས་པ་སོགས་ལ་འཛིན་རྟོག་ཆོས་ཅན། གཉིས་སུ་ཡོད་དེ། གང་ཟག་རྫས་ཡོད་དང་། སྐྱེས་བུ་བརྟགས་ཡོད་ལ་ཞེན་པ་གཉིས་སུ་ཡོད་པའི་ཕྱིར། རེ་རེ་ལའང་རྣམ་པ་དགུ་དགུ་ཡོད་དེ། བདག་རང་དབང་ཅན་སོགས་གང་ཟག་རྫས་ཡོད་ཀྱིས་བསྡུས་པའི་ཡུལ་དགུ་དང་། ཕུང་ཁམས་སྐྱེ་མཆེད་སོགས་སྐྱེས་བུ་རྟགས་ཡོད་ཀྱིས་བསྡུས་པའི་ཡུལ་དགུ་ལ་རྟོག་པ་དགུ་དགུར་ཡོད་པའི་ཕྱིར། ཀུན་ནས་ཉོན་མོངས་སོགས་ལ། དངོས་པོར་མངོན་ཞེན་གྱིས་མ་རིག་པ་ལ། དགག་སྒྲུབ་གང་རུང་གི་རྣམ་པར་འཛིན་པའི་རྟོག་པ་ཆོས་ཅན། ཀུན་ཉོན་གཟུང་རྟོག་ཡིན་ཏེ། ཀུན་ཉོན་གྱིས་བསྡུས་པའི་ཡུལ་ལ་དགག་སྒྲུབ་དུ་མངོན་པར་ཞེན་པའི་ཕྱིར། དེ་བཞིན་དུ་མ་རིག་པས་སྐྱེས་པའི་ཕུང་པོ་ལྔ་ལ་དགག་སྒྲུབ་ཏུ་རྟོག་པ་དང་། གང་གཟུགས་ཀྱིས་བསྡུས་པའི་ཕུང་པོ་ལ་མངོན་པར་ཞེན་པ་ལ་དེ་ལྟར་རྟོག་པ་དང་། རྟག་ཆད་ཀྱི་མཐའ་ལ་ཆགས་པ་འདི་ལྟར་རྟོག་པ་དང་། ཀུན་བྱང་ལ་བླང་དོར་མི་ཤེས་པ་ལ་དེ་ལྟར་རྟོག་པ་དང་། འཕགས་ལམ་ལ་མི་གནས་པ་ལ་དེ་ལྟར་རྟོག་པ་དང་། ཕྱིན་དྲུག་ལ་མངོན་ཞེན་གྱིས་དམིགས་པ་ལ་དེ་ལྟར་རྟོག་པ་དང་། བདག་སོགས་དེ་ལྟར་རྟོག་པ་དང་། རྣམ་དག་འགོག་ལམ་གྱིས་བསྡུས་པའི་ཆོས་རྣམས་ལ་དེ་ལྟར་རྟོག་པ་རྣམས་ཆོས་ཅན་དུ་བཞག་ནས། སྒྲུབ་བྱ་དང་རྟགས་སྔ་མ་ལྟར་རོ། །གཉེན་པོའི་རྟེན་ཅན་སོགས་ལ་ཟག་མེད་ཀྱི་ཕུང་པོ་ལ་དགག་སྒྲུབ་དུ་རྟོག་པ་ཆོས་ཅན། རྣམ་བྱང་གཟུང་རྟོག་ཡིན་ཏེ། རྣམ་བྱང་གིས་བསྡུས་པའི་ཡུལ་ལ་དགག་སྒྲུབ་དུ་མངོན་པར་ཞེན་པའི་ཕྱིར། དེ་བཞིན་དུ་རྣམ་བྱང་སྐྱེ་བའི་སྒོ་ལ་དེ་ལྟར་རྟོག་པ་དང་། རྣམ་བྱང་སྐྱེ་བའི་རྟེན་འབྲེལ་ལ་དེ་ལྟར་རྟོག་པ་དང་། སྟོང་ཉིད་བཅུ་དྲུག་ལ་དེ་ལྟར་རྟོག་པ་དང་། སྦྱིན་སོགས་ཕར་ཕྱིན་དང་མཐོང་སྒོམ་མི་སློབ་ལམ་རྣམས་ལ་དེ་ལྟར་རྟོག་པ་རྣམས་ཆོས་ཅན་དུ་བྱས་ནས་སྔ་མ་ལྟར་འགོད་དོ། །གང་ཟག་རྫས་ཡོད་སོགས་ལ། བདག་རང་དབང་ཅན་ལ་དགག་སྒྲུབ་གང་རུང་དུ་བྱས་པ་ལ་རྟོག་པ་ཆོས་ཅན། རྫས་འཛིན་གྱི་རྟོག་པ་ཡིན་ཏེ། གང་ཟག་རྫས་ཡོད་ཀྱིས་བསྡུས་པའི་ཆོས་ལ། དགག་སྒྲུབ་དུ་ཞེན་པའི་རྟོག་པ་ཡིན་པའི་ཕྱིར། དེ་བཞིན་དུ་གཅིག་བུའི་བདག་དང་། རྒྱུའི་བདག་དང་། ལྟ་བ་པོ་སོགས་ཀྱི་བདག་དང་། ཀུན་ནས་ཉོན་མོངས་ཀྱི་རྟེན་གྱི་བདག་དང་། འདོད་ཆགས་དང་བྲལ་བའི་རྟེན་གྱི་བདག་དང་། མཐོང་སྒོམ་དོན་བྱས་པའི་རྟེན་གྱི་བདག་ལ་དགག་སྒྲུབ་དུ་རྟོག་པ་ཆོས་ཅན་དུ་བྱས་ནས་སྔ་མ་ལྟར་འགོད་དོ། །སྐྱེས་བུ་བཏགས་པ་སོགས་ལ། སེམས་ཅན་དུ་གདགས་གཞི་ཕུང་པོ་བཏགས་ཡོད་ལ་དགག་སྒྲུབ་དུ་རྟོག་པ་ཆོས་ཅན། བཏགས་འཛིན་རྟོག་པ་ཡིན་ཏེ། སྐྱེས་བུ་བཏགས་ཡོད་ཀྱི་བསྡུས་པའི་ཆོས་ལ། དགག་སྒྲུབ་དུ་ཞེན་པའི་ཕྱིར། དེ་བཞིན་དུ་སྐྱེ་མཆེད་བཏགས་ཡོད་དང་། ཁམས་བཏགས་ཡོད་དང་། རྟེན་འབྲེལ་བཏགས་ཡོད་དང་། འཕགས་པར་བདག་པའི་གཞི་རྣམ་བྱང་བཏགས་ཡོད་དང་། མཐོང་སྒོམ་ཁྱད་པར་མི་སློབ་ལམ་བཏགས་ཡོད། དགག་སྒྲུབ་དུ་རྟོག་པ་ཆོས་ཅན་དུ་བྱས་ནས་སྔ་མ་ལྟར་འགོད་དོ། །

དེ་ལྟ་བུའི་སོགས་ལ། བྱང་སེམས་ཀྱི་དྲོད་སོགས་བཞི་ཆོས་ཅན་དུ་བཞག་ནས། གོ་རིམ་བཞིན་ཀུན་ནས་ཉོན་མོངས་གཟུང་རྟོག་ཡིན་ཏེ། ཀུན་ཉོན་གྱིས་བསྡུས་པའི་ཆོས་ལ་རང་བཞིན་མེད་པར་མངོན་པར་ཞེན་པའི་ཕྱིར། རྣམ་བྱང་གཟུང་རྟོག་ཡིན་ཏེ། རྣམ་བྱང་གིས་བསྡུས་པའི་ཆོས་ལ་རང་བཞིན་མེད་པར་མངོན་པར་ཞེན་པའི་ཕྱིར། རྫས་འཛིན་གྱི་རྟོག་པ་ཡིན་ཏེ། གང་ཟག་རྫས་ཡོད་ཀྱིས་བསྡུས་པའི་ཆོས་ལ་རང་བཞིན་མེད་པར་མངོན་པར་ཞེན་པའི་ཕྱིར། བཏགས་འཛིན་རྟོག་པ་ཡིན་ཏེ། སྐྱེས་བུ་བཏགས་ཡོད་ཀྱིས་བསྡུས་པའི་ཆོས་ལ་རང་བཞིན་མེད་པར་མངོན་པར་ཞེན་པའི་ཕྱིར། ཚིགས་སུ་བཅད་པ་སོགས་ལ། ཡོངས་འཛིན་ཆོས་ཅན། སྦྱོར་ལམ་མདོར་བསྟན་དུ་རྟོག་པ་ལས་སྔར་བཤད་པའི་རྒྱུ་མཚན་ཡོད་དེ། སྡེབ་སྦྱོར་སླ་བའི་ཆེད་ཡིན་པའི་ཕྱིར། རྒྱས་བཤད་དུ་རྟོག་པའི་མཇུག་དུ་བསྟན་པ་ལ་རྒྱུ་མཚན་ཡོད་དེ། ཁྱོད་ཀྱི་སྟོབས་ཀྱིས་དམིགས་རྣམ་རྒྱུ་གསུམ་རྟོག་པ་དང་བཅས་པ་སྦྱོར་ལམ་གྱི་ཁྱད་ཆོས་སུ་འགྱུར་རོ་ཞེས་བསྟན་པའི་ཆེད་ཡིན་པའི་ཕྱིར། སེམས་མི་འགོང་སོགས་ལ། རྣམ་མཁྱེན་ཡིད་བྱེད་དང་མི་འབྲལ་བའི་སྙིང་རྗེ་དང་། སྟོང་ཉིད་ཟབ་དོན་ལ་མི་སྐྲག་པའི་ཤེས་རབ་ཆོས་ཅན། བྱང་སེམས་ཀྱི་ནང་གི་ཡོངས་འཛིན་ཡིན་ཏེ། ཁྱོད་ཀྱི་སྟོབས་ཀྱིས་བྱང་སེམས་ལམ་གྱི་མི་མཐུན་ཕྱོགས་ཉན་རང་གི་ཡིད་བྱེད་དང་དངོས་པོར་མངོན་ཞེན་སྤོང་བའི་ནང་གི་ཐབས་མཁས་ཡིན་པའི་ཕྱིར། མཆོག་གི་སྤྲུལ་སྐུ་ཆོས་ཅན། བྱང་སེམས་ཀྱི་ཕྱིའི་ཡོངས་འཛིན་ཡིན་ཏེ། དེ་ལ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཤེས་རབ་དང་། དགེ་རྩ་རྣམ་མཁྱེན་དུ་བསྔོར་འཇུག་པའི་ཐབས་སོགས་ཕྱིན་ཅི་མ་ལོག་པ་སྟོན་པའི་དགེ་བཤེས་ཡིན་པའི་ཕྱིར། ཕྱི་མ་ནི་འགྲེལ་པ་ལའང་འགོད་དོ། །སྒྲུབ་པ་དང་ལྡན་པ་སོགས་ལ་རིགས་ཆོས་ཅན། ཁྱོད་སྦྱོར་ལམ་གྱི་འོག་ཏུ། སྟོན་པའི་རྒྱུ་མཚན་ཡོད་དེ། སྒྲུབ་པ་དང་ལྡན་པ་ལ་སྦྱོར་ལམ་སོགས་འབྱུང་ཞིང་། ཁྱོད་སྒྲུབ་པའི་རྟེན་ཡིན་པའི་ཕྱིར། དང་པོར་ཞེས་སོགས་ལ། བྱང་སེམས་ཀྱི་ངེས་འབྱེད་ཆ་མཐུན་ཆོས་ཅན། སྒྲུབ་པ་བཅུ་གསུམ་གྱི་དང་པོར་སྟོན་པའི་རྒྱུ་མཚན་ཡོད་དེ། སྒོམ་བྱུང་གི་སྒྲུབ་པའི་ཐོག་མ་ཡིན་པའི་ཕྱིར། སེམས་ཅན་ལས་འདས་པ་སོགས་ལ། མཐོང་སྒོམ་གྱི་ལམ་ཆོས་ཅན། ངེས་འབྱེད་ཆ་མཐུན་གྱི་འོག་ཏུ་བསྟན་པའི་རྒྱུ་མཚན་ཡོད་དེ། དེ་ལ་བརྟེན་ནས་སྐྱེས་པའི་ཕྱིར། དེ་དག་སྐྱེས་པའི་སོགས་ལ། གཉེན་པོ་སྐྱེས་པ་དང་མི་མཐུན་ཕྱོགས་འགག་པའི་སྒྲུབ་པ་ཆོས་ཅན། མཐོང་ལམ་སྒོམ་ལམ་གྱི་འོག་ཏུ་འཆད་པའི་རྒྱུ་མཚན་ཡོད་དེ། དེ་དག་སྐྱེས་པའི་སྟོབས་ཀྱིས་བྱུང་བའི་ཕྱིར། དེ་དག་མི་དམིགས་པ་སོགས་ལ། སྤང་གཉེན་སྐྱེ་འགག་གི་རྣམ་རྟོག་སྤངས་པའི་སྒྲུབ་པ་ཆོས་ཅན། སྤང་གཉེན་སྐྱེ་འགག་གི་སྒྲུབ་པ་འོག་ཏུ་བསྟན་པའི་རྒྱུ་མཚན་ཡོད་དེ། སྒྲུབ་པ་དེ་མི་དམིགས་པར་ཤེས་པའི་སྟོབས་ལས་བྱུང་བའི་ཕྱིར། སྔོན་གྱི་སྨོན་ལམ་སོགས་ལ། འཁོར་འདས་ལ་མི་གནས་པའི་ཐབས་ཤེས་ཀྱི་སྒྲུབ་པ་ཆོས་ཅན། སྒྲུབ་པ་སྔ་མ་དེའི་འོག་ཏུ་སྟོན་པའི་རྒྱུ་མཚན་ཡོད་དེ། སྒྲུབ་པ་སྔ་མ་དེ་ལ་བརྟེན་ནས་སྨོན་ལམ་དང་ཐབས་མཁས་ཀྱི་སྟོབས་ཀྱིས་འཁོར་འདས་ལ་མི་གནས་པའི་སྒྲུབ་པ་ཡིན་པའི་ཕྱིར། དེ་དག་སྐྱེས་པ་སོགས་ལ། ཉན་རང་དང་ཐུན་མོང་མ་ཡིན་པའི་སྒྲུབ་པ་ཆོས་ཅན། སྒྲུབ་པ་སྔ་མའི་འོག་ཏུ་སྟོན་པའི་རྒྱུ་མཚན་ཡོད་དེ། སྒྲུབ་པ་སྔ་མ་དེ་སྐྱེས་པའི་སྟོབས་ཀྱིས་ཉན་རང་ལས་ཁྱད་པར་དུ་འཕགས་པའི་སྒྲུབ་པ་ཡིན་པའི་ཕྱིར། བསམ་པ་སོགས་ལ་གཞན་གྱི་དོན་གྱི་གོ་རིམ་གྱིས་སྒྲུབ་པ་ཆོས་ཅན། སྒྲུབ་པ་སྔ་མའི་འོག་ཏུ་སྟོན་པའི་རྒྱུ་མཚན་ཡོད་དེ། སྒྲུབ་པ་སྔ་མ་ལ་བརྟེན་ནས་གདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་གཞན་དོན་བྱེད་པའི་སྒྲུབ་པ་ཡིན་པའི་ཕྱིར། འཁོར་བ་ཇི་སྲིད་པ་སོགས་ལ་ཡེ་ཤེས་རྩོལ་མེད་དུ་འབྱུང་པའི་སྒྲུབ་པ་ཆོས་ཅན། སྒྲུབ་པ་སྔ་མའི་འོག་ཏུ་སྟོན་པའི་རྒྱུ་མཚན་ཡོད་དེ། དེ་ལ་བརྟེན་ནས་འཁོར་བ་ཇི་སྲིད་པར་གཞན་དོན་རྩོལ་མེད་ཀྱི་ཡེ་ཤེས་འབྱུང་བའི་སྒྲུབ་པ་ཡིན་པའི་ཕྱིར། འདིས་ཀྱང་སོགས་ལ་སྐབས་འདིའི་སྒྲུབ་པ་བཅུ་གསུམ་ཆོས་ཅན། རྣམ་མཁྱེན་དོན་གཉེར་གྱི་སྐྱེས་བུས་ཉམས་སུ་བླང་བྱའི་སྒོམ་བྱུང་གི་སྒྲུབ་པ་ཐམས་ཅད་མ་ཚང་བ་མེད་དེ། སྦྱོར་ལམ་ནས་རྡོར་ཏིང་གི་བར་གྱི་ལམ་ཐམས་ཅད་བསྡུས་པའི་ཕྱིར། སྒྲུབ་པའི་སོགས་ལ། སྒྲུབ་པ་བཅུ་གསུམ་དང་ལྡན་པའི་བྱང་སེམས་ཀྱི་ནང་སྐྱེ་མཆེད་དྲུག་གི་ཆོས་ཉིད་ཆོས་ཅན་དང་ཡ་མ་བྲལ་བ་ཆོས་ཅན། བྱང་སེམས་ཀྱི་རིགས་ཡིན་ཏེ། བྱང་སེམས་སྒྲུབ་པའི་དོན་དུ་གྱུར་པའི་ཆོས་ཉིད་ཡིན་པའི་ཕྱིར། ཇི་ལྟར་སོགས་ལ་ནང་སྐྱེ་མཆེད་དྲུག་གི་ཆོས་ཉིད་ཆོས་ཅན། ངོ་བོ་ལ་དབྱེ་བ་མེད་ཀྱང་གནས་པས་ཐེག་པ་གསུམ་གྱི་རིགས་ཐ་དད་དུ་བཞག་ཏུ་རུང་སྟེ། ཐེག་པ་གསུམ་གྱི་འཕགས་པའི་ཆོས་རྟོགས་ཤིང་ཐོབ་པའི་རྒྱུ་བྱེད་པའི་ཆ་ནས་ཐེག་པ་གསུམ་གྱི་རིགས་སུ་ཐ་སྙད་འདོགས་པའི་ཕྱིར། དཔེར་ན་སོགས་ལ། ཆོས་ཅན་དང་སྒྲུབ་བྱ་སྔ་མ་བཞིན་ཐེག་པ་གསུམ་གྱིས་བསྡུས་པའི་རྟོགས་པའི་ཆོས་ཐ་དད་པའི་རྟེན་བྱེད་པའི་ཆ་ནས་ཐེག་པ་གསུམ་གྱི་རིགས་ཐ་དད་དུ་བཞག་པའི་ཕྱིར། རེ་ཞིག་དང་པོར་སོགས་ལ། དགེ་མི་དགེ་དང་ལུང་མ་བསྟན་གྱིས་བསྡུས་པའི་ཆོས་རྣམས་ཆོས་ཅན། ཐེག་ཆེན་སྒྲུབ་པའི་དམིགས་པ་ཡིན་ཏེ། ཐེག་ཆེན་སྒྲུབ་པའི་ཤེས་རྣམ་གྱིས་སྒྲོ་འདོགས་བཅད་པའི་གཞིར་གྱུར་པའི་ཕྱིར། དམིགས་པ་ཆོས་ཅན། དབྱེ་ན་གསུམ་ཡོད་དེ། དགེ་མི་དགེ་ལུང་མ་བསྟན་རྣམས་སུ་ཡོད་པའི་ཕྱིར། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཆོས་ཅན། དགེ་བ་ཡིན་ཏེ། བདེ་བ་ཐོབ་པའི་ཐབས་སུ་བསྟེན་བྱ་ཡིན་པའི་ཕྱིར། བསམ་བཞིན་དུ་སྲོག་གཅོད་པ་སོགས་ཆོས་ཅན། མི་དགེ་བ་ཡིན་ཏེ། སྡུག་བསྔལ་འདོར་བའི་ཐབས་སུ་གནས་སྐབས་ཀུན་ཏུ་སྤང་བྱ་ཡིན་པའི་ཕྱིར། སེམས་ལུང་མ་བསྟན་གྱིས་ཀུན་ནས་སླང་པའི་སྒོ་གསུམ་གྱི་ལས་ཆོས་ཅན། ལུང་མ་བསྟན་ཡིན་ཏེ། བླང་དོར་བཏང་སྙོམས་སུ་བྱ་བའི་ཆོས་ཡིན་པའི་ཕྱིར། དེ་དག་ཉིད་སོགས་ལ། སྒྲུབ་པའི་དམིགས་པ་ཆོས་ཅན། རྒྱས་པར་ཕྱེ་ན་ཟུང་བཞིར་དབྱེར་ཡོད་དེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་། ཟག་བཅས་ཟག་མེད་དང་། འདུས་བྱས་འདུས་མ་བྱས་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་རྣམས་སུ་ཡོད་པའི་ཕྱིར། བྱིས་པའི་སྐྱེ་བོ་སོགས་ལ། སོ་སྐྱེའི་ཕུང་པོ་ལྔ་ཆོས་ཅན། འཇིག་རྟེན་པ་ཡིན་ཏེ། ཁམས་གསུམ་པའི་ཆོས་ཡིན་པའི་ཕྱིར། འཕགས་པའི་སོགས་ལ་འཕགས་ལམ་གྱིས་བསྡུས་པའི་བསམ་གཏན་བཞི་ཆོས་ཅན། འཇིག་རྟེན་ལས་འདས་པ་ཡིན་ཏེ། ཁམས་གསུམ་པའི་གཉེན་པོ་ཡིན་པའི་ཕྱིར། བདག་དུ་ལྟ་བ་སོགས་ལ། ཉེར་ལེན་གྱི་ཕུང་པོ་ལྔ་ཆོས་ཅན། སྐབས་འདིའི་ཟག་བཅས་ཡིན་ཏེ། བདག་ལྟའི་གཉེན་པོ་མི་བྱེད་པའི་འདུས་བྱས་ཡིན་པའི་ཕྱིར། དེར་ལྟ་བའི་སོགས་ལ། དྲན་པ་ཉེར་བཞག་བཞི་ཆོས་ཅན། སྐབས་འདིའི་ཟག་མེད་ཡིན་ཏེ། བདག་ལྟའི་གཉེན་པོ་ཡིན་པའི་ཕྱིར། རྒྱུ་རྐྱེན་སོགས་ལ་ཁམས་གསུམ་ཆོས་ཅན། འདུས་བྱས་ཡིན་ཏེ། རྒྱུ་རྐྱེན་ལ་རག་ལས་པའི་ཕྱིར། དེ་བཞིན་ཉིད་ཆོས་ཅན། འདུས་མ་བྱས་ཡིན་ཏེ། རྒྱུ་རྐྱེན་ལ་མི་ལྟོས་པའི་ཕྱིར། འཕགས་པའི་སོགས་ལ། བསམ་གཏན་བཞི་ཆོས་ཅན། ཐུན་མོང་གི་ཆོས་ཡིན་ཏེ། ཐེག་པ་གསུམ་ཀའི་འཕགས་རྒྱུད་ལ་འབྱུང་བའི་ཡོན་ཏན་ཡིན་པའི་ཕྱིར། ཡང་དག་པར་སོགས་ལ། སྟོབས་བཅུ་ཆོས་ཅན། ཉན་རང་དང་ཐུན་མོང་མ་ཡིན་པའི་ཆོས་ཡིན་ཏེ། སངས་རྒྱས་ཁོ་ནའི་རྒྱུད་ལ་འབྱུང་བའི་ཡོན་ཏན་ཡིན་པའི་ཕྱིར། དེ་ལྟ་བུ་སོགས་ལ། དམིགས་པ་བཅུ་གཅིག་གི་གོ་རིམ་ཆོས་ཅན། མི་འཐད་པ་མ་ཡིན་ཏེ། ཐེག་ཆེན་སྒྲུབ་པའི་ཇི་ལྟར་རྟོགས་པའི་རིམ་པ་ཡིན་པའི་ཕྱིར། སེམས་ཅན་ཀུན་མཆོག་སོགས་ལ། སྐབས་འདི་ཆེན་པོ་གསུམ་ཆོས་ཅན། ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་ཡིན་ཏེ། གང་གི་དབང་དུ་བྱས་ནས་བྱང་སེམས་སྒྲུབ་པ་ལ་འཇུག་པའི་དོན་དུ་གཉེར་བྱའི་གཙོ་བོ་ཡིན་པའི་ཕྱིར། ཆེད་དུ་བྱ་བ་ཆོས་ཅན། དབྱེ་ན་གསུམ་ཡོད་དེ། སེམས་ཆེན། སྤོང་ཆེན། རྟོགས་ཆེན་གསུམ་དུ་ཡོད་པའི་ཕྱིར། ཐམས་ཅད་མཁྱེན་པ་ཉིད་གསུམ་སོགས་ལ། ཐེག་ཆེན་སྒྲུབ་པ་ཆོས་ཅན། དབྱེ་ན་གཉིས་ཡོད་དེ། མཁྱེན་གསུམ་ཡུལ་གྱི་སྒྲུབ་པ་དང་། སྦྱོར་བ་ཉམས་ལེན་གྱི་སྒྲུབ་པ་གཉིས་སུ་ཡོད་པའི་ཕྱིར། མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་འབེབས་པའི་བྱང་སེམས་ལྷ་སྦྱིན་གྱི་སྒྲུབ་པ་ཆོས་ཅན། མཁྱེན་གསུམ་ཡུལ་གྱི་སྒྲུབ་པ་ཡིན་ཏེ། སྦྱོར་བ་ཉམས་ལེན་གྱི་ལམ་ཐོས་བསམ་གྱིས་གཏན་ལ་འབེབས་པའི་སྒྲུབ་པ་ཡིན་པའི་ཕྱིར། ས་དང་པོའི་སྒྲུབ་པ་ཆོས་ཅན། སྦྱོར་བ་ཉམས་ལེན་གྱི་སྒྲུབ་པ་ཡིན་ཏེ། ཕར་ཕྱིན་རེ་རེའི་ནང་དུ་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་བྱ་བ་ཡིན་པའི་ཕྱིར། དེ་ལྟར་ཇི་ལྟ་བ་བཞིན་ཅེས་སོགས་ལ། སྦྱོར་ལམ་གྱིས་བསྡུས་པའི་སྒྲུབ་པ་ཆོས་ཅན། གོ་ཆའི་སྒྲུབ་པ་ཡིན་ཏེ། ཕར་ཕྱིན་རེ་རེའང་དྲུག་ལྡན་དུ་ཉམས་སུ་ལེན་པར་གོ་གྱོན་པའི་སྒོ་ནས་ཐེག་ཆེན་ལམ་ལ་འཇུག་པའི་སྦྱོར་བ་ཁྱད་པར་ཅན་ཡིན་པའི་ཕྱིར། མཐོང་ལམ་གྱིས་བསྡུས་པའི་སྒྲུབ་པ་ཆོས་ཅན། འཇུག་པའི་སྒྲུབ་པ་ཡིན་ཏེ། ཐེག་ཆེན་ལམ་ལ་དང་པོར་དངོས་སུ་ཞུགས་པའི་སྒྲུབ་པ་ཡིན་པའི་ཕྱིར། ས་བདུན་པ་མན་ཆད་ཀྱི་སྒོམ་ལམ་གྱིས་བསྡུས་པའི་སྒྲུབ་པ་ཆོས་ཅན། ཚོགས་ཀྱི་སྒྲུབ་པ་ཡིན་ཏེ། བྱང་སེམས་ཀྱི་རྒྱུ་ཚོགས་གཉིས་ཀྱི་དཔུང་སོགས་པའི་རང་བཞིན་གྱི་སྒྲུབ་པ་ཡིན་པའི་ཕྱིར། ས་བརྒྱད་པ་ཡན་ཆད་ཁྱད་པར་གྱི་ལམ་གྱིས་བསྡུས་པའི་སྒྲུབ་པ་ཆོས་ཅན། ངེས་འབྱུང་སྒྲུབ་པ་ཡིན་ཏེ། མི་མཐུན་ཕྱོགས་ཀྱིས་བར་དུ་གཅོད་མི་ནུས་ཤིང་། བགྲོད་བྱ་ཇི་སྲིད་བར་གདོན་མི་ཟ་བར་འགྲོ་བའི་སྒྲུབ་པ་ཡིན་པའི་ཕྱིར། དེ་དག་སོ་སོར་སྦྱིན་ལ་སོགས་ཞེས་སོགས་ལ། སྦྱིན་པ་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་བླང་པར་བྱའོ་སྙམ་པའི་བྱང་སེམས་སྦྱོར་ལམ་པའི་གོ་ཆའི་བརྩོན་འགྲུས་ཆོས་ཅན། སྦྱིན་པའི་གོ་ཆ་ཡིན་ཏེ། དེ་ལྟ་བུའི་བྱང་སེམས་ཀྱི་སྒྲུབ་པ་ཡིན་པའི་ཕྱིར། དེ་བཞིན་དུ་ཚུལ་ཁྲིམས་ནས་ཤེས་རབ་ཀྱི་བར་རེ་རེ་ཞིང་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་བླང་བར་བྱའོ་སྙམ་པའི་བྱང་སེམས་སྦྱོར་ལམ་པའི་གོ་ཆའི་བརྩོན་འགྲུས་ཆོས་ཅན། སྦྱིན་པའི་གོ་ཆ་ཡིན་ཏེ། དེ་ལྟ་བུའི་བྱང་སེམས་ཀྱི་སྒྲུབ་པ་ཡིན་པའི་ཕྱིར། དེ་བཞིན་དུ་ཚུལ་ཁྲིམས་ནས་ཤེས་རབ་ཀྱི་བར་རེ་རེ་ཞིང་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་བླང་བར་བྱའོ་སྙམ་པའི་གོ་ཆའི་བརྩོན་འགྲུས་ཆོས་ཅན་དུ་བྱས་ནས་ཚུལ་ཁྲིམས་ནས་ཤེས་རབ་བར་གྱི་གོ་ཆ་ཡིན་ཏེ། རྟགས་སྔ་མའི་ཕྱིར་རོ། །

གོ་ཆའི་སྒྲུབ་པ་ཆོས་ཅན། ངོ་བོས་དབྱེ་ན་དྲུག་ཏུ་ཡོད་དེ། སྦྱིན་པ་ནས་ཤེས་རབ་ཀྱི་བར་དུ་ཡིན་པའི་ཕྱིར། རྣམ་པས་དབྱེ་ན་སོ་དྲུག་ཡོད་དེ། དྲུག་པོ་རེ་རེ་ལ་ཡང་དྲུག་ཏུ་ཡོད་པའི་ཕྱིར། བསམ་གཏན་གཟུགས་མེད་སོགས་ལ་སྐབས་འདིར་བསྟན་གྱི་བསམ་གཏན་གཟུགས་མེད་སོགས་ཆོས་ཅན། འཇུག་སྒྲུབ་ཡིན་ཏེ། ཆེན་པོ་བདུན་ལྡན་གྱི་ཐེག་ཆེན་གྱི་ལམ་ལ་དངོས་སུ་འཇུག་ཅིང་གོང་ནས་གོང་དུ་འཛེག་པའི་སྒྲུབ་པ་ཡིན་པའི་ཕྱིར། འཇུག་སྒྲུབ་ཆོས་ཅན་དགུར་ཡོད་དེ། བསམ་གཏན་གཟུགས་མེད་ནས་རྣམ་མཁྱེན་བར་འཇུག་ཡུལ་ཐེག་ཆེན་གྱི་ཆོས་དགུ་ལ་འཇུག་ཅིང་འཛེག་པའི་སྒྲུབ་པ་དགུར་ཡོད་པའི་ཕྱིར། བརྩེ་དང་སོགས་ལ། སྐབས་འདིར་བསྟན་གྱི་སྙིང་རྗེ་ཆེན་པོ་སོགས་ཆོས་ཅན། ཚོགས་སྒྲུབ་ཡིན་པའི་ཡིན་ཏེ། མི་རྟོག་ཡེ་ཤེས་ཀྱི་རང་བཞིན་གྱི་བྱང་ཆེན་དངོས་སུ་སྦྱིན་པའི་སྒྲུབ་པ་ཡིན་པའི་ཕྱིར། ཚོགས་སྒྲུབ་ཆོས་ཅན། བཅུ་བདུན་ཡོད་དེ། སྙིང་བརྩེའི་ཚོགས་ནས་གཉེན་པོའི་ཚོགས་ཀྱི་བར་དུ་ཡོད་པའི་ཕྱིར། ཡེ་ཤེས་ཀྱི་ཚོགས་ནི་ནང་དང་སོགས་ལ། བྱང་སེམས་ཀྱི་སྦྱོར་ལམ་དྲོད་ཆོས་ཅན། ནང་དང་ཕྱི་དང་གཉིས་ཀ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཚོགས་ཡིན་ཏེ། རིམ་བཞིན་ནང་དང་ཕྱིའི་སྐྱེ་མཆེད་དང་རྟེན་ཁོག་པ་རྣམས་རང་རང་གི་ངོ་བོས་སྟོང་པར་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། ཡེ་ཤེས་ཀྱི་ཚོགས་ཞེས་ཀུན་ལ་སྦྱར་རོ། །སྦྱོར་ལམ་ཆོས་མཆོག་ཆོས་ཅན། སྟོང་པ་ཉིད་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་ཡིན་ཏེ། ཆོས་རྣམས་ཀྱི་ཆོས་ཉིད་སྟོང་པར་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། ས་དང་པོ་ནས་བདུན་པའི་བར་གྱི་ཡེ་ཤེས་རྣམས་ཆོས་ཅན་དུ་བཞག་ནས། རིན་པ་བཞིན་ཆེན་པོ་སྟོང་པ་ཉིད་ནས་དོར་བ་མེད་པ་སྟོང་པ་ཉིད་ཀྱི་བར་ཡིན་ཏེ། སྣོད་ཀྱི་འཇིག་རྟེན་དང་། མྱང་འདས་དང་། རྒྱུ་རྐྱེན་ལ་ལྟོས་པ་དང་། དེ་ལ་མ་ལྟོས་པ་དང་། རྟག་ཆད་ཀྱི་མཐའ་མ་སྤངས་པ་དང་། འཁོར་བ་དང་། རྟོགས་པའི་ཆོས་རྣམས་རང་རང་གི་ངོ་བོས་སྟོང་པར་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། ས་བརྒྱད་པའི་ཡེ་ཤེས་ཆོས་ཅན། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང པ་ཉིད་ཡིན་ཏེ། འཕགས་པའི་ཤེས་མཐོང་གིས་མ་མཛད་པའི་ཆོས་རྣམས་ཀྱི་རང་བཞིན་དང་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པར་རྟོགས་པའི་ཕྱིར། ས་དགུ་པའི་ཡེ་ཤེས་ཆོས་ཅན། རང་མཚན་སྟོང་པ་ཉིད་མི་དམིགས་པ་སྟོང་པ་ཉིད་ཡིན་ཏེ། ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་དུས་གསུམ་རང་གི་ངོ་བོས་སྟོང་པར་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། ས་བཅུ་པའི་ཡེ་ཤེས་ཆོས་ཅན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་དངོས་པོ་སྟོང་པ་ཉིད་ཡིན་ཏེ། རྒྱུ་རྐྱེན་གྱི་ཚོགས་པ་དང་ཉེར་ལེན་གྱི་ཕུང་པོ་རྣམས་རང་གི་ངོ་བོས་སྟོང་པར་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། དངོས་པོ་མེད་པ་དང་། རང་གི་ངོ་བོ་དང་གཞན་གྱི་ངོ་བོ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཡིན་ཏེ། ནམ་མཁའ་སོགས་དངོས་པོ་མེད་པ་དང་། འཕགས་པའི་ཤེས་མཐོང་གིས་མ་མཛད་པའི་སྟོང་པ་ཉིད་དང་། བྱེད་པ་པོ་གཞན་ནས་སྟོང་པའི་སྟོང་པ་ཉིད་རྣམས་རང་གི་ངོ་བོས་སྟོང་པར་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། བསམ་དང་ཕམ་པའི་དངོས་ཉིད་སོགས་ལ། གཞུང་འདི་དག་གིས་བསྟན་པའི་ཆོས་བཅུ་ཆོས་ཅན། ས་དང་པོའི་ཡོངས་སྦྱོང་ཡིན་ཏེ། ས་དེ་ལ་གནས་པའི་སེམས་དཔས་མི་དམིགས་པའི་ཚུལ་གྱིས་ཉམས་སུ་བླངས་པས་ས་དང་པོའི་མི་མཐུན་ཕྱོགས་མཐའ་དག་སྤངས་ནས་ཡོན་ཏན་མཐའ་དག་ཐོབ་པར་གྱུར་པའི་ཆོས་ཡིན་པའི་ཕྱིར། ཚུལ་ཁྲིམས་བྱས་པ་སོགས་ལ། གཞུང་དེ་དག་གིས་བསྟན་པའི་ཆོས་བརྒྱད་པོ་ཆོས་ཅན། ས་གཉིས་པའི་ཡོངས་སྦྱོང་ཡིན་ཏེ། ས་དེ་ལ་གནས་པའི་བྱང་སེམས་སོགས་སྔ་མ་ལྟར་རོ། །ཐོས་པས་མི་ངོམས་སོགས་ལ། གཞུང་དེ་དག་གིས་བསྟན་པའི་ཆོས་ལྔ་པོ་ཆོས་ཅན། ས་གསུམ་པའི་ཡོངས་སྦྱོང་ཡིན་ཏེ། རྟགས་སྔ་མ་ལྟར་རོ། །ནགས་གནས་སོགས་ལ། གཞུང་དེ་དག་གིས་བསྟན་པའི་ཆོས་བཅུ་ཆོས་ཅན། ས་བཞི་པའི་ཡོངས་སྦྱོང་ཡིན་ཏེ། རྟགས་སྔ་མ་ལྟར་རོ། །འདྲིས་དང་རྙེད་ལ་སོགས་ལ། གཞུང་འདི་དག་གིས་བསྟན་པའི་ཆོས་བཅུ་ཆོས་ཅན། ས་ལྔ་པའི་ཡོངས་སྦྱོང་ཡིན་ཏེ། ཁྱོད་མ་སྤངས་པར་ས་ལྔ་པའི་ཡོན་ཏན་ཡོངས་རྫོགས་མི་ཐོབ་པའི་ཕྱིར། གཞུང་དེ་དག་གིས་དོན་གྱིས་འཕངས་པའི་ཆོས་བཅུ་པོ་ཆོས་ཅན། ས་ལྔ་པའི་ཡོངས་སྦྱོང་ཡིན་རྟགས་སྔ་མ་ལྟར་རོ། །

སྦྱིན་དང་ཚུལ་ཁྲིམས་སོགས་ལ། གཞུང་དེ་དག་གིས་བསྟན་པའི་ཆོས་བཅུ་གཉིས་པོ་ཆོས་ཅན། ས་དྲུག་པའི་ཡོངས་སྦྱོང་ཡིན་ཏེ། རྟགས་སྔ་མ་ལྟར་རོ། །ཕར་ཕྱིན་དྲུག་རྫོགས་པའི་ཞེས་སོགས་ལ། ས་དྲུག་པ་མཐར་ཕྱིན་པ་ལ་གནས་པའི་བྱང་སེམས་ཆོས་ཅན། ཉན་རང་ལ་འདོད་པའི་སེམས་སྤངས་ཏེ། ཐེག་ཆེན་གྱི་མི་མཐུན་ཕྱོགས་སྤོང་བའི་ཚུལ་ཁྲིམས་དང་གཞན་དོན་ལ་རྩེ་གཅིག་པའི་བསམ་གཏན་གྱི་ཕར་ཕྱིན་རྫོགས་པའི་ཕྱིར། སྟོང་ཉིད་ལ་སྐྲག་པའི་སེམས་སྤངས་ཏེ། ཆོས་ལ་ངེས་རྟོགས་ཀྱི་བཟོད་པའི་ཕར་ཕྱིན་རྫོགས་པའི་ཕྱིར། ཕྱི་ནང་གི་བདོག་པ་གཏོང་བ་ལ་མི་དགའ་བའི་སེམས་སྤངས་ཏེ། སྦྱིན་པ་ལ་སྤྲོ་དགའི་བརྩོན་འགྲུས་ཀྱི་ཕར་ཕྱིན་རྫོགས་པའི་ཕྱིར། དབུལ་ཡང་སློང་བའི་སྐྱེ་བོ་སྤོང་བའི་སེམས་སྤངས་ཏེ། ཐབས་མཁས་ཀྱི་ཤེར་ཕྱིན་རྫོགས་པའི་ཕྱིར། བདག་དང་སེམས་ཅན་སོགས་ལ། གཞུང་དེ་དག་གིས་བསྟན་པའི་ཆོས་ཉི་ཤུ་པོ་ཆོས་ཅན། ས་བདུན་པའི་སྤང་བྱ་ཡིན་ཏེ། ཁྱོད་མ་སྤངས་པར་ས་བདུན་པའི་ཡོན་ཏན་ཡོངས་སུ་རྫོགས་པར་མི་ཐོབ་པའི་ཕྱིར། རྣམ་ཐར་སྒོ་གསུམ་ཞེས་སོགས་ལ། གཟུང་དེ་དག་གིས་བསྟན་པའི་ཆོས་ཉི་ཤུ་པོ་ཆོས་ཅན། ས་བདུན་པའི་ཡོངས་སྦྱོང་ཡིན་ཏེ། ས་བདུན་པ་ལ་གནས་པའི་བྱང་ཆུབ་སེམས་པ་སོགས་སྔ་མ་ལྟར་རོ། །

སེམས་ཅན་ཀུན་ཡོད་སོགས་ལ། གཞུང་དེ་དག་གིས་བསྟན་པའི་ཆོས་བརྒྱད་ཆོས་ཅན། ས་བརྒྱད་པའི་ཡོངས་སྦྱོང་ཡིན་ཏེ། རྟགས་སྔ་མ་ལྟར་རོ། །སྨོན་ལམ་དག་ནི་སོགས་ལ། དེ་དག་གིས་བསྟན་པའི་ཆོས་བཅུ་གཉིས་ཆོས་ཅན། ས་དགུ་པའི་ཡོངས་སྦྱོང་ཡིན་ཏེ། དེས་དེ་ལ་གནས་པའི་སེམས་པ་མི་དམིགས་པའི་ཚུལ་གྱིས་ཉམས་སུ་བླངས་པའི་མི་མཐུན་ཕྱོགས་མཐའ་དག་སྤོང་ཞིང་། ཡོན་ཏན་མཐའ་དག་རྫོགས་པར་འགྱུར་བའི་ཆོས་ཡིན་པའི་ཕྱིར། རྒྱུའི་ས་རྣམས་ཀྱི་ཞེས་སོགས་ལ། ས་བཅུ་པ་ཆོས་ཅན། ཁྱོད་ཀྱི་ཡོངས་སྦྱོང་མི་འཆད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཀྱི་ཡོན་ཏན་ཐོབ་པ་ཡོངས་སྦྱོང་གི་འབད་རྩོལ་ལ་མི་ལྟོས་པའི་ཕྱིར། དེར་ཐལ། ཁྱོད་མངོན་དུ་བྱས་པ་ན་ཐེག་པ་གསུམ་གྱི་ཡོན་ཏན་ཐམས་ཅད་འབད་མེད་དུ་མངོན་དུ་འགྱུར་བའི་ཕྱིར། ཉན་ཐོས་སོགས་ལ། ཐེག་དམན་གྱི་སྦྱོར་ལམ་བཟོད་མཆོག་ཆོས་ཅན། རིགས་ཀྱི་ས་ཡིན་ཏེ། དམན་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་སོ་སྐྱེའི་རྟོགས་པ་ཡིན་པའི་ཕྱིར། ཉན་ཐོས་ཀྱི་རྒྱུན་ཞུགས་ཞུགས་པའི་རྟོག་པ་ཆོས་ཅན། བརྒྱད་པའི་ས་ཡིན་ཏེ། ཟུང་བཞིའི་དང་པོའི་རྟོགས་པ་ཡིན་པའི་ཕྱིར། རྒྱུན་ཞུགས་ཀྱི་རྟོགས་པ་ཆོས་ཅན། མཐོང་བའི་ས་ཡིན་ཏེ། ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་མངོན་རྟོགས་ཡིན་པའི་ཕྱིར། ཕྱིར་འོང་གི་རྟོགས་པ་ཆོས་ཅན་སྲབ་པའི་ས་ཡིན་ཏེ། ཕལ་ཆེར་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་རྟོགས་པ་ཡིན་པའི་ཕྱིར། ཕྱིར་མི་འོང་གི་རྟོགས་པ་ཆོས་ཅན། འདོད་ཆགས་དང་བྲལ་བའི་ས་ཡིན་ཏེ། ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་རྟོགས་པ་ཡིན་པའི་ཕྱིར། དགྲ་བཅོམ་གྱི་རྟོགས་པ་ཆོས་ཅན། བྱས་པ་རྟོགས་པའི་ས་ཡིན་ཏེ། གོང་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་རྟོགས་པ་ཡིན་པའི་ཕྱིར། ཞུགས་པ་ལྷག་མ་གསུམ་གྱི་རྟོགས་པ་ཆོས་ཅན། ཉན་ཐོས་ཀྱི་ས་ཡིན་ཏེ། རིགས་ཅན་གསུམ་གྱི་ནང་ནས་རང་བཞིན་གྱི་དབང་པོ་རྟུལ་པོའི་རྟོགས་པ་ཡིན་པའི་ཕྱིར། འདའ་བྱ་ས་དགུ་འཆད་པའི་སྐབས་སུ་ཉན་ཐོས་ཀྱི་ས་ཞེས་གཅིག་ཏུ་བསྡུས་ནས་འཆད་པའི་རྒྱུ་མཚན་ཡོད་དེ། ཐེག་པ་གསུམ་གྱི་ཡོན་ཏན་མཐའ་དག་ས་བཅུ་པ་ལ་ཡོན་ཏན་ཡར་ལྡན་གྱི་ཚུལ་གྱིས་མངའོ་ཞེས་ཤེས་པར་བྱེད་པའི་ཆེད་ཡིན་པའི་ཕྱིར། བསེ་རུ་ལྟ་བུའི་རང་རྒྱལ་གྱི་རྟོགས་པ་ཆོས་ཅན། རང་སངས་རྒྱས་ཀྱི་ས་ཡིན་ཏེ། རིགས་ཅན་གསུམ་གྱི་ནང་ནས་རང་བཞིན་གྱི་དབང་པོ་འབྲིང་པོའི་རྟོགས་པ་ཡིན་པའི་ཕྱིར། དེ་ལྟར་སོགས་ལ། འདའ་བྱ་ས་དགུའི་རྗེས་ཐོག་གི་སངས་རྒྱས་ཀྱི་ས་ཆོས་ཅན། བྱང་སེམས་ཀྱི་ས་བཅུ་པ་ཡིན་ཏེ། ཁྱེད་ལ་གནས་པའི་བྱང་སེམས་ཀྱི་དབང་དུ་བྱས་ནས་མདོ་སྡེ་ས་བཅུ་པ་ལས་ནི། བྱང་སེམས་སངས་རྒྱས་ཁོ་ནར་བརྗོད་པར་བྱའི་རྫོགས་པའི་སངས་རྒྱས་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མཐོང་དང་སོགས་ལ། གཉེན་པོའི་ཚོགས་ཆོས་ཅན། རྣམ་པ་བརྒྱད་དུ་ཡོད་དེ། མཐོང་སྤང་གཟུང་འཛིན་གྱི་རྣམ་རྟོག་བཞི་དང་། སྒོམ་སྤང་གཟུང་འཛིན་གྱི་རྣམ་རྟོག་བཞིའི་གཉེན་པོ་རྣམས་སུ་ཡོད་པའི་ཕྱིར། ཆེད་དུ་བྱ་དང་སོགས་ལ། ངེས་འབྱུང་སྒྲུབ་པ་ཆོས་ཅན། རྣམ་པ་བརྒྱད་དུ་ཡོད་དེ། ཆེད་དུ་བྱ་བ་ནས་རྣམ་མཁྱེན་གྱི་བར་ངེས་པར་འབྱུང་བ་རྣམ་པ་བརྒྱད་དུ་གདོན་མི་ཟ་བར་ངེས་པར་འབྱུང་བྱེད་ཀྱི་སྒྲུབ་པ་བརྒྱད་དུ་ཡོད་པའི་ཕྱིར། སྐབས་དང་པོའི་ངག་དོན་ནོ།། །།

སྐབས་གཉིས་པའི་ངག་དོན་བཤད་པ།

རྣམ་པ་ཐམས་ཅད་སོགས་ལ། ལམ་ཤེས་ཆོས་ཅན། རྣམ་མཁྱེན་གྱི་འཇུག་ཐོག་ཏུ་འཆད་པའི་རྒྱུ་མཚན་ཡོད་དེ། རྣམ་མཁྱེན་གྱི་རྟོགས་པ་ཐོབ་པ་ལ་ཁྱོད་སྒོམ་དགོས་པའི་ཕྱིར། ལམ་ཤེས་ཉིད་སོགས་ལ། ལམ་ཤེས་འཆད་པའི་ཐོག་མར་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱི་ལྷ་རྣམས་ཀྱི་འོད་མོག་མོག་པོར་མཛད་པ་ཆོས་ཅན། དགོས་པ་ཡོད་དེ། འདོད་གཟུགས་ཀྱི་ལྷ་རྣམས་ཀྱི་ང་རྒྱལ་བཅག་ནས་ལམ་ཤེས་སྐྱེ་རུང་དུ་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ཡང་སོགས་ལ། ལམ་ཤེས་ཆོས་ཅན། དངོས་སུ་སྐྱེ་བའི་ཡུལ་སོ་སོར་ངེས་པ་ཡིན་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཁོ་ནའི་རྒྱུ་ལ་དངོས་སུ་སྐྱེ་བའི་ཕྱིར། ཐེག་པ་གསུམ་ནས་ཁྱབ་པའི་བར་ལ། དེ་ཆོས་ཅན། མཐར་ཐུག་ཁྱོད་སྐྱེ་རུང་གི་རིགས་ཀྱི་ཐེག་པ་གསུམ་ཀ་ལ་ཁྱབ་སྟེ། ཐེག་པ་གསུམ་ཀ་ཞུགས་པའི་རྣལ་འབྱོར་པས་མཐར་ཐུག་སངས་རྒྱས་ཐོབ་པའི་ཆེད་དུ་ཁྱོད་སྒོམ་དགོས་པའི་ཕྱིར། དེར་ཐལ། ཐེག་པ་གསུམ་ཀ་ལ་ཞུགས་པའི་རྣལ་འབྱོར་པས་མཐར་ཐུག་སངས་རྒྱས་ཐོབ་པར་འགྱུར་བའི་ཕྱིར། དེར་ཐལ་ཐེག་པ་གསུམ་རྣམ་པར་བཤད་པ་དྲང་དོན་ཡིན་གྱི་ངེས་དོན་མ་ཡིན་པའི་ཕྱིར། བྱང་ཆུབ་ཏུ་སེམས་བསྐྱེད་པ་སོགས་ལ། ཉན་རང་གི་ལམ་ལས་རང་བཞིན་ཁྱད་པར་དུ་འཕགས་པ་ཡིན་ཏེ། གཞན་དོན་དུ་འཁོར་བར་སྐྱེ་བའི་རྒྱུ་ཉོན་མོངས་མི་སྤོང་བའི་རང་བཞིན་ཅན་ཡིན་པའི་ཕྱིར། དེར་ཐལ། འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱེད་པར་ཞུགས་པའི་སློབ་ལམ་ཡིན་པའི་ཕྱིར། དེའི་འོག་ཏུ་སོགས་ལ། ཉན་རང་གི་ལམ་ལས་བྱེད་ལས་ཁྱད་པར་དུ་འཕགས་ཏེ། རྫོགས་སྨིན་མ་སྦྱངས་པར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་ཅིང་གདུལ་བྱ་སྨིན་པ་སོགས་བྱེད་པའི་ལས་ཅན་ཡིན་པའི་ཕྱིར། ལམ་ཤེས་ཉིད་ཀྱི་ཚུལ་སོགས་ལ། མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་ནས་བདེན་བཞི་མི་རྟག་སོགས་བཅུ་དྲུག་ཏུ་རྟོགས་པའི་བྱང་འཕགས་ལྷ་སྦྱིན་གྱི་མངོན་རྟོགས་ཆོས་ཅན། ཉན་ཐོས་ཀྱི་ལམ་ཤེས་པ་ཡིན་ཏེ། དེ་ལྟ་བུའི་བྱང་འཕགས་ཀྱི་མངོན་རྟོགས་ཡིན་པའི་ཕྱིར། སྡུག་བདེན་ལ་སྡུག་བདེན་ཆོས་ཅན། མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་ཀྱི་མཚན་ཉིད་ཅན་ཡིན་ཏེ། རིམ་བཞིན་སྐྱེ་འཇིགས་དང་ལྡན་པ་དང་འཕགས་པ་རྣམས་དང་མི་མཐུན་པ་དང་། དོན་གཞན་གྱི་བདག་གིས་སྟོང་པ་དང་། རང་གི་ངོ་བོ་བདག་ཏུ་མེད་པའི་ཕྱིར། ཀུན་འབྱུང་སོགས་ལ། ཀུན་འབྱུང་གི་མཚན་ཉིད་རྒྱུ་སོགས་བཞི་ཆོས་ཅན། མདོ་ལས། གོ་རིམ་བཞིན། ནད་འབྲས་ཟུག་རྔུ་སྡིག་པ་ཞེས་པའི་རྣམ་གྲངས་ཀྱིས་སྟོན་པའི་རྒྱུ་མཚན་ཡོད་དེ། ནད་དང་འདྲ་བར་སྡུག་བསྔལ་གྱི་རྩ་བར་གྱུར་པའི་ཕྱིར་དང་། འབྲས་དང་འདྲ་བར་སྡུག་བསྔལ་ཀུན་འབྱུང་བའི་ཕྱིར་དང་། ཟུག་རྔུ་དང་འདྲ་བར་སྡུག་བསྔལ་གྱི་རྐྱེན་བྱེད་པའི་ཕྱིར་དང་། སྡིག་པ་དང་འདྲ་བར་སྡུག་བསྔལ་རྒྱུད་མར་འབྱུང་བའི་སྒོ་ནས་ཤིན་ཏུ་འཇོམས་པའི་ཕྱིར་རོ། །ཡིད་འབྱུང་བའི་དང་ཞེས་སོགས་ལ། ཉན་རང་གི་སྦྱོར་ལམ་ཆོས་ཅན། སྡུག་བསྔལ་ཀུན་ལ་ཡིད་འབྱུང་བར་བྱ་བའི་ཕྱིར་ཞུགས་པ་ཡིན་ཏེ། ཁྱོད་ཀྱི་འཇུག་ཐོག་ཏུ་འབྱུང་བའི་མཐོང་ལམ་གྱིས་སྡུག་བསྔལ་ཀུན་ཡིད་འབྱུང་བར་བྱ་བར་མངོན་སུམ་གྱིས་རྟོགས་པའི་ཕྱིར། སྒོམ་ལམ་ཐ་མ་མ་བཏོགས་པའི་ཉན་རང་གི་སྒོམ་ལམ་ཆོས་ཅན། སྡུག་ཀུན་ལ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་ཞུགས་པ་ཡིན་ཏེ། ཁྱོད་ཀྱི་འཇུག་ཐོག་ཏུ་འབྱུང་བའི་སྒོམ་ལམ་གྱིས་སྡུག་ཀུན་མཐའ་དག་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་ཕྱིར། ཉན་རང་གི་མི་སློབ་ལམ་ཆོས་ཅན། སྡུག་ཀུན་འགོག་པའི་ཕྱིར་ཞུགས་ཏེ། ཁྱོད་ཀྱི་འཇུག་ཐོག་ཏུ་འབྱུང་བའི་ཕུང་པོ་ལྷག་མེད་མྱང་འདས་སུ་སྡུག་ཀུན་མཐའ་དག་འགོག་པའི་ཕྱིར། སྡུག་བསྔལ་དང་སོགས་ལ། སྡུག་ཀུན་ཆོས་ཅན། ཉན་རང་གི་མཐོང་ལམ་དུ་ཡིད་འབྱུང་བའི་རང་བཞིན་དུ་དམིགས་པར་བྱ་བ་ཡིན་ཏེ། རང་གི་ངོ་བོ་ཕ་རོལ་དང་། འཇིག་པའི་ཆོས་ཅན་གྱི་ཟག་བཅས་ཡིན་པའི་ཕྱིར། སྒོམ་ལམ་དུ་འདོད་ཆགས་དང་བྲལ་བར་བྱ་བའི་རང་བཞིན་དུ་དམིགས་པར་བྱ་བ་ཡིན་ཏེ། རང་གི་ངོ་བོ་གཡོ་བ་དང་རབ་དུ་འཇིག་པའི་མཚན་ཉིད་ཅན་གྱི་ཟག་བཅས་ཡིན་པའི་ཕྱིར། མི་སློབ་ལམ་དུ་འགོག་པའི་རང་བཞིན་དུ་དམིགས་པར་བྱ་བ་ཡིན་ཏེ། རང་གི་ངོ་བོ་འཇིགས་པ་དང་ནད་འགོ་བ་དང་། འཚེ་བའི་རྣམ་པ་ཅན་ཡིན་པའི་ཕྱིར། འགོག་པའི་སོགས་ལ། འགོག་བདེན་ཆོས་ཅན། འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་གི་མཚན་ཉིད་ཅན་ཡིན་ཏེ། རིམ་བཞིན་ཉོན་མོངས་པ་དང་བྲལ་བ་དང་། སྡུག་བསྔལ་རབ་ཏུ་ཞི་བ་དང་། གཙང་ཞིང་བདེ་བའི་རང་བཞིན་ཡིན་པ་དང་། རྟག་ཏུ་ཕན་པའི་དངོས་པོ་ཡིན་པའི་ཕྱིར། ལམ་ཤེས་སོགས་ལ། ལམ་བདེན་ཆོས་ཅན། ལམ་རིགས་པ་སྒྲུབ་པ་ངེས་འབྱིན་གྱི་མཚན་ཉིད་ཅན་ཡིན་ཏེ། རིམ་བཞིན་ཐར་པ་སྒྲུབ་པར་བྱེད་པ་དང་། ཉོན་མོངས་པའི་གཉེན་པོ་དང་། སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པ་དང་། རྟག་པའི་གནས་སུ་གདོན་མི་ཟ་བར་འབྱིན་བྱེད་ཡིན་པའི་ཕྱིར་རོ། །འཕགས་པ་ཉན་ཐོས་སོགས་ལ། བྱང་སེམས་ཀྱི་སྦྱོར་ལམ་དྲོད་ཆོས་ཅན། སྐབས་འདིའི་ངེས་འབྱེད་ཆ་མཐུན་དྲོད་ཡིན་ཏེ། གཟུགས་སོགས་ཕུང་པོ་ལྔ་སྟོང་པ་ཉིད་དུ་དབྱེར་མེད་པའི་རྣམ་པས་བདེན་བཞི་ལ་དམིགས་པའི་སྦྱོར་ལམ་ཡིན་པའི་ཕྱིར། བྱང་སེམས་ཀྱི་སྦྱོར་ལམ་རྩེ་མོ་ཆོས་ཅན། སྐབས་འདིའི་ངེས་འབྱེད་ཆ་མཐུན་རྩེ་མོ་ཡིན་ཏེ། གཟུགས་སོགས་ཕུང་པོ་རྣམས་མི་དམིགས་པའི་ཚུལ་གྱིས་གནས་བྱར་མེད་པའི་རྣམ་པས་བདེན་བཞི་ལ་དམིགས་པའི་སྦྱོར་ལམ་ཡིན་པའི་ཕྱིར། བྱང་སེམས་ཀྱི་བཟོད་པ་ཆོས་ཅན། སྐབས་འདིའི་ངེས་ཆ་བཟོད་པ་ཡིན་ཏེ། གཟུགས་སོགས་ཕུང་པོ་ལྔ་རྟག་མི་རྟག་སོགས་དམིགས་པའི་ཚུལ་གྱིས་གནས་པ་བཀག་པའི་རྣམ་པས་བདེན་བཞི་ལ་དམིགས་པའི་སྦྱོར་ལམ་ཡིན་པའི་ཕྱིར། བྱང་སེམས་ཀྱི་ཆོས་མཆོག་ཆོས་ཅན། སྐབས་འདིའི་ངེས་འབྱེད་ཆ་མཐུན་ཆོས་མཆོག་ཡིན་ཏེ། ས་བཅུ་ནས་རྣམ་མཁྱེན་གྱི་བར་ལ་དམིགས་པའི་ཚུལ་གྱིས་མི་གནས་པའི་རྣམ་པས་བདེན་བཞི་ལ་དམིགས་པའི་སྦྱོར་ལམ་ཡིན་པའི་ཕྱིར། ས་བཅུ་ནས་རྣམ་མཁྱེན་གྱི་བར་ཆོས་ཅན། གནས་བྱར་མེད་པར་ཐལ། ཀུན་མཁྱེན་གྱི་གནས་བྱར་མ་གཟིགས་པའི་ཕྱིར། ཉན་ཐོས་རྣམས་ལ་སོགས་ལ། རང་རྒྱལ་ལམ་གྱི་ཁྱད་ཆོས་ཆོས་ཅན། རང་རྒྱལ་ལམ་གྱི་དང་པོར་འཆད་པའི་རྒྱུ་མཚན་ཡོད་དེ། ཉན་རང་གི་ལམ་ལ་ཁྱད་པར་མེད་དམ་མཉམ་པའི་དགོས་པ་བསལ་བའི་ཆེད་ཡིན་པའི་ཕྱིར། རང་བྱུང་སོགས་ལ། རང་རྒྱལ་གྱི་རྟོགས་པ་ཆོས་ཅན། ཉན་ཐོས་ལས་རྟོགས་པ་ཟབ་པ་ཡིན་ཏེ། སྲིད་པ་ཐ་མའི་ཚེ་སློབ་དཔོན་གྱི་གདམས་པ་ལ་མི་ལྟོས་པར་རང་བྱུང་གི་ཡེ་ཤེས་མངོན་དུ་འགྱུར་བའི་ཕྱིར། ཁྱབ་སྟེ་ཉན་ཐོས་རྣམས་ནི་གཞན་གྱི་གདམས་པ་ལ་ལྟོས་ནས་རང་གི་བྱང་ཆུབ་རྟོགས་དགོས་པའི་ཕྱིར། ཡེ་ཤེས་ཟབ་པ་ཡིན་ཏེ། གདུལ་བྱ་གཞན་གྱིས་ཆོས་སྟོན་པའི་ངག་གི་རྟགས་ལས་ཤེས་མི་ནུས་པའི་ཕྱིར། ཁྱབ་སྟེ། ཉན་ཐོས་རྣམས་ནི་ཆོས་སྟོན་པའི་ངག་གི་རྟགས་ལས་གཞན་གྱི་རང་གི་ཤེས་པའི་རྩལ་རྟོགས་པའི་ཕྱིར། གང་གང་སོགས་ལ། རང་རྒྱལ་ཆོས་ཅན། སྒྲ་མེད་པར་ཆོས་སྟོན་པ་མི་འགལ་ཏེ། གང་སྟོན་པར་འདོད་པའི་ཆོས་ཀྱི་སྒོ་ནས་བསྟན་པས་ཉན་པ་པོ་རྣམས་ཀྱི་ཤེས་པ་ལ་བསྟན་བྱའི་དོན་དེ་སྣང་བར་འགྱུར་བའི་ཕྱིར། ཁྱབ་སྟེ། ཆོས་བསྟན་པའི་དགོས་པ་ནི། སྨྲ་བ་པོའི་བརྗོད་འདོད་ཀྱི་དོན་ཉན་པ་པོའི་ཤེས་པ་ལ་སྣང་བ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། སྔོན་སློབ་ལམ་གྱི་གནས་སྐབས་སུ་སྒྲ་མེད་པར་ཆོས་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ཅིང་ཚོགས་བསགས་པའི་ཕྱིར། དེའི་རྒྱུ་མཚན་ཡོད་དེ། རྟོག་དཔྱོད་ཀྱི་ཀུན་ནས་མ་སླད་པར་ཚིག་ཏུ་མི་སྨྲ་ཞིང་ཚིག་ཀྱང་སེམས་རྣམ་པར་གཡེང་བྱེད་དུ་རྟོགས་པའི་ཕྱིར། གཟུང་དོན་སོགས་ལ། རང་རྒྱལ་གྱི་རྟོགས་པ་ཆོས་ཅན། ཉན་ཐོས་ཀྱི་རྟོགས་པ་ལས་ཁྱད་པར་འཕགས་ཏེ། གཟུང་བ་བདེན་ཞེན་གྱི་རྟོག་པ་སྤངས་པའི་ཕྱིར། བྱང་སེམས་ཀྱི་རྟོགས་པ་ལས་དམན་ཏེ། འཛིན་པ་བདེན་འཛིན་གྱི་རྟོག་པ་མ་སྤངས་པའི་ཕྱིར། རྟེན་གྱི་སྒོ་ནས་ཉན་ཐོས་ཀྱི་ལམ་ལས་ཁྱད་པར་འཕགས་ཏེ། རང་བཞིན་གྱི་དབང་པོ་འབྲིང་པོའི་ནང་སྐྱེ་མཆེད་དྲུག་གི་ཆོས་ཉིད་ལ་བརྟེན་པ་དེ་ཡིན་པའི་ཕྱིར། ཁྱད་པར་གསུམ་ལྡན་གྱི་རང་རྒྱལ་གྱི་ལམ་མི་དམིགས་པའི་རྣམ་པས་ཤེས་པའི་བྱང་འཕགས་ལྷ་བྱིན་གྱི་མངོན་རྟོགས་ཆོས་ཅན། རང་རྒྱལ་གྱི་ལམ་ཤེས་པ་ཡིན་ཏེ། དེ་ལྟ་བུའི་བྱང་འཕགས་ཀྱི་མངོན་རྟོགས་ཡིན་པའི་ཕྱིར། བཏགས་པའི་ཆོས་ཉིད་སོགས་ལ། བྱང་སེམས་ཀྱི་སྦྱོར་ལམ་དྲོད་ཆོས་ཅན། སྐབས་འདིའི་ངེས་ཆ་དྲོད་ཡིན་ཏེ། གཟུགས་སོགས་བཏགས་པ་ཙམ་དང་མི་འགལ་བར་སྟོང་པ་ཉིད་ཀྱི་རྣམ་པས་བདེན་བཞི་ལ་དམིགས་པའི་སྦྱོར་ལམ་ཡིན་པའི་ཕྱིར། སྦྱོར་ལམ་རྩེ་མོ་ཆོས་ཅན། སྐབས་འདིའི་ངེས་ཆ་རྩེ་མོ་ཡིན་ཏེ། དོན་དམ་པར་འཕེལ་འགྲིབ་མེད་པ་སོགས་ཀྱི་རྣམ་པས་བདེན་བཞི་ལ་དམིགས་པའི་སྦྱོར་ལམ་ཡིན་པའི་ཕྱིར། སྦྱོར་ལམ་བཟོད་པ་ཆོས་ཅན། སྐབས་འདིའི་ངེས་ཆ་བཟོད་པ་ཡིན་ཏེ། ནང་སྟོང་ཉིད་སོགས་ཀྱི་རྣམ་པས་བདེན་བཞི་ལ་དམིགས་པའི་སྦྱོར་ལམ་ཡིན་པའི་ཕྱིར། སྦྱོར་ལམ་ཆོས་མཆོག་ཆོས་ཅན། སྐབས་འདིའི་ངེས་ཆ་ཆོས་མཆོག་ཡིན་ཏེ། དོན་དམ་པར་སྐྱེ་འགག་མེད་པ་སོགས་ཀྱི་རྣམ་པས་བདེན་བཞི་ལ་དམིགས་པའི་སྦྱོར་ལམ་ཡིན་པའི་ཕྱིར། བདེན་དང་བདེན་པ་སོགས་ལ། ལམ་ཤེས་ཀྱི་མཐོང་ལམ་ཆོས་ཅན། སྐད་ཅིག་མ་བཅུ་དྲུག་ཏུ་དབྱེར་ཡོད་དེ་བདེན་པ་བཞི་པོ་རེ་རེ་ལ་དམིགས་པའི་ཤེས་བཟོད་སྐད་ཅིག་མ་བཞི་བཞིར་དབྱེར་ཡོད་པའི་ཕྱིར། དེ་བཞིན་ཉིད་ནས་ཁས་མི་ལེན་གྱི་བར་ལ་སྡུག་བདེན་གྱི་དེ་བཞིན་ཉིད་དང་། དེ་རྟོགས་ཀྱི་ཡེ་ཤེས་རྟེན་དང་བརྟེན་པར་མེད་པའི་རྣམ་པས་རྟེན་བཞི་ལ་དམིགས་པའི་སྦྱོར་ལམ་ཆོས་ཅན། ཁྱོད་ཀྱི་རྣམ་པའི་མིང་གིས་མཐོང་ལམ་སྡུག་བསྔལ་ཆོས་བཟོད་སྟོན་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལ་བརྟེན་ནས་དེ་སྐྱེ་བའི་རྒྱུ་མཚན་གྱིས་དེ་ལྟར་བཏགས་པའི་ཕྱིར། ཆེན་པོ་ལ་དོན་དམ་པར་གཟུགས་སོགས་ཆོས་དབྱིངས་ཀྱི་རྣམ་པས་བདེན་བཞི་ལ་དམིགས་པའི་སྦྱོར་ལམ་ཆོས་ཅན། ཁྱོད་ཀྱི་རྣམ་པའི་མིང་གིས་སྡུག་བསྔལ་ལ་ཆོས་ཤེས་སྟོན་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལ་དེ་སོགས་སྔ་མ་ལྟར་རོ། །

ཚད་མ་མེད་བཅས་ལ། དོན་དམ་པར་གཟུགས་སོགས་ཀྱི་རྣམ་པའི་རྗེས་སུ་བྱེད་པའི་ཚད་མ་མེད་པའི་རྣམ་པས་བདེན་བཞི་ལ་དམིགས་པའི་སྦྱོར་ལམ་ཆོས་ཅན། ཁྱོད་ཀྱི་རྣམ་པའི་མིང་གིས་སྡུག་བསྔལ་རྗེས་བཟོད་སྟོན་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལ་བརྟེན་ནས་དེ་སོགས་སྔ་མ་ལྟར་རོ། །ཚད་མེད་དང་སོགས་ལ། གཟུགས་སོགས་དོན་དམ་པར་ནམ་མཁའ་ལྟར་ཚད་མེད་པའི་རྣམ་པས་བདེན་བཞི་ལ་དམིགས་པའི་སྦྱོར་ལམ་ཆོས་ཅན། ཁྱོད་ཀྱི་རྣམ་པའི་མིང་གིས་སྡུག་བསྔལ་རྗེས་ཤེས་སྟོན་པའི་རྒྱུ་མཚན་ཡོད་དེ་ཁྱོད་ལ་བརྟེན་ནས་དེ་སོགས་སྔ་མ་ལྟར་རོ། །མཐའ་མེད་ཅེས་ལ། དོན་དམ་པར་རྟག་ཆད་སོགས་དང་བྲལ་བའི་རྣམ་པས་བདེན་བཞི་ལ་དམིགས་པའི་སྦྱོར་ལམ་ཆོས་ཅན། ཁྱོད་ཀྱི་རྣམ་པའི་མིང་གིས་ཀུན་འབྱུང་ཆོས་བཟོད་སྟོན་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལ་བརྟེན་སོགས་སོ། །དེ་ནས་ངེས་འབྱིན་གྱི་བར་ལ། ཀུན་འབྱུང་ཆོས་ཤེས་ལ་གནས་པས་གཟུགས་སོགས་དོན་དམ་པར་ཆོས་དབྱིངས་ཀྱི་སངས་རྒྱས་སུ་རྟོགས་པའི་རྣམ་པ་བདེན་བཞི་དམིགས་པའི་སྦྱོར་ལམ་ཆོས་ཅན། ཁྱོད་ཀྱི་རྣམ་པའི་མིང་གིས་ཀུན་འབྱུང་ཆོས་ཤེས་སྟོན་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལ་བརྟེན་ནས་སོགས་སྔར་ལྟར་རོ། །བླང་མེད་སོགས་ལ། ཀུན་འབྱུང་རྗེས་བཟོད་ལ་གནས་པ་ཆོས་ཐམས་ཅད་བླང་དོར་མེད་པར་རྟོགས་པའི་རྣམ་པས་ཏེ་བདེན་བཞི་ལ་དམིགས་པའི་སྦྱོར་ལམ་ཆོས་ཅན། ཁྱོད་ཀྱི་རྣམ་པའི་མིང་གིས་ཀུན་འབྱུང་རྗེས་བཟོད་སྟོན་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལས་སོགས་སྔ་མ་ལྟར་རོ། །བྱམས་སོགས་ལ། ཀུན་འབྱུང་རྗེས་ཤེས་ལ་གནས་པ་འགོག་པར་མི་ལྟུང་པའི་ཕྱིར་དུ་ཚད་མེད་བཞི་བསྒོམ་པར་བྱའོ་ཞེས་པའི་རྣམ་པས་བདེན་བཞི་ལ་དམིགས་པའི་སྦྱོར་ལམ་ཆོས་ཅན། ཁྱོད་ཀྱི་རྣམ་པའི་མིང་གིས་ཀུན་འབྱུང་རྗེས་ཤེས་སྟོན་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལ་བརྟེན་ནས་སོགས་སོ། །སྟོང་ཉིད་ཅེས་སོགས་ལ། གཟུགས་སོགས་གདོད་མ་ནས་སྟོང་པའི་རྣམ་པས་བདེན་བཞི་ལ་དམིགས་པའི་སྦྱོར་ལམ་ཆོས་ཅན། ཁྱོད་ཀྱི་རྣམ་པའི་མིང་གིས་འགོག་པ་ཆོས་བཟོད་སྟོན་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལ་བརྟེན་ནས་སོགས་སྔ་མ་ལྟར་རོ། །སངས་རྒྱས་ཉིད་ཐོབ་ལ། ཆོས་དབྱིངས་སུ་དངོས་པའི་དགེ་བས་སངས་རྒྱས་ཐོབ་བོ་ཞེས་པའི་རྣམ་པས་བདེན་བཞི་ལ་དམིགས་པའི་སྦྱོར་ལམ་ཆོས་ཅན། ཁྱོད་ཀྱི་རྣམ་པའི་མིང་གིས་འགོག་པ་ཆོས་ཤེས་སྟོན་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལ་བརྟེན་ནས་སོགས་སོ། །རྣམ་བྱང་ཀུན་བསྡུས་ལ། འགོག་པ་རྗེས་བཟོད་ཀྱི་གཉེན་པོའི་རྣམ་པ་ཐམས་ཅད་བསྡུས་ཞེས་པའི་རྣམ་པས་བདེན་བཞི་ལ་དམིགས་པའི་སྦྱོར་ལམ་ཆོས་ཅན། ཁྱོད་ཀྱི་རྣམ་པའི་མིང་གིས་འགོག་པ་རྗེས་བཟོད་སྟོན་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལ་བརྟེན་ནས་སོགས་སོ། །ཉམ་ང་བ་དང་ནད་ཀུན་སེལ་ལ། འགོག་པའི་རྗེས་ཤེས་ཀྱིས་ཕྱི་ནང་གི་ཉེར་ཚེ་ཐམས་ཅད་ཞི་བར་བྱེད་དོ། །ཞེས་པའི་རྣམ་པས་བདེན་བཞི་ལ་དམིགས་པའི་སྦྱོར་ལམ་ཆོས་ཅན། ཁྱོད་ཀྱི་རྣམ་པའི་མིང་གིས་འགོག་པ་རྗེས་ཤེས་སུ་འདོགས་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལ་བརྟེན་ནས་སོགས་སོ། །

མྱ་ངན་འདས་འཛིན་ཞི་ཉིད་ལ། ལམ་ལ་ཆོས་བཟོད་ཀྱིས་འཁོར་འདས་ཀྱི་ཆོས་ལ་མངོན་པར་ཞེན་པ་ཞི་བར་བྱེད་དོ་ཞེས་པའི་རྣམ་པས་བདེན་བཞི་ལ་དམིགས་པའི་སྦྱོར་ལམ་ཆོས་ཅན། ཁྱོད་ཀྱི་རྣམ་པའི་མིང་གིས་ལམ་ལ་ཆོས་བཟོད་སྟོན་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལ་བརྟེན་ནས་སོགས་སོ། །སངས་རྒྱས་ཀྱིས་སྲུང་སོགས་ལ། ལམ་ལ་ཆོས་ཤེས་ལ་གནས་པ་ལ། སངས་རྒྱས་རྣམས་ཀྱིས་བསྲུང་བ་སོགས་མཛད་དོ་ཞེས་པའི་རྣམ་པས། བདེན་བཞི་ལ་དམིགས་པའི་སྦྱོར་ལམ་ཆོས་ཅན། ཁྱོད་ཀྱི་རྣམ་པའི་མིང་གིས་ལམ་ལ་ཆོས་ཤེས་སྟོན་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལ་བརྟེན་ནས་སོགས་སོ། །སྲོག་མི་གཅོད་ནས་འགོད་པའི་བར་ལ། ལམ་ལ་རྗེས་བཟོད་ལ་གནས་པས་བདག་ཉིད་ཀྱི་རྣམ་མཁྱེན་རྒྱུ་ལ་གནས་ནས་གཞན་དག་ཀྱང་དེ་ལ་འགོད་དེ་ཞེས་པའི་རྣམ་པས་བདེན་བཞི་ལ་དམིགས་པའི་སྦྱོར་ལམ་ཆོས་ཅན། ཁྱོད་ཀྱི་རྣམ་པའི་མིང་གིས་ལམ་ལ་རྗེས་བཟོད་སྟོན་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལ་བརྟེན་ནས་སོགས་ནས་བསྔོ་བའི་བར་ལ། ལམ་ལ་རྗེས་ཤེས་ལ་གནས་པའི་སྦྱིན་སོགས་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་དོ་ཞེས་པའི་རྣམ་པས་བདེན་བཞི་ལ་དམིགས་པའི་སྦྱོར་ལམ་ཆོས་ཅན། ཁྱོད་ཀྱི་རྣམ་པའི་མིང་གིས་ལམ་ལ་ངེས་ཤེས་སྟོན་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལ་སོགས་སོ། །གཞན་དག་ན་རེ་སོགས་ལ། སྐབས་དང་པོ་གསུམ་གྱི་སྦྱོར་མཐོང་སྟོན་པའི་གཞུང་ཆོས་ཅན། སྦྱོར་མཐོང་གི་མངོན་པར་རྟོགས་པའི་རིམ་པ་ཅུང་ཟད་མ་བསྟན་པར་ཐལ། མཉམ་གཞག་དུ་སྦྱོར་མཐོང་སྒོམ་པའི་རིམ་པ་དང་རྗེས་ཐ ོབ་དུ་དེ་དག་གི་དམིགས་རྣམ་ཡིད་ལ་བྱེད་པའི་རིམ་པ་མ་བསྟན་པའི་ཕྱིར། དེར་ཐལ། སྦྱོར་མཐོང་གི་སྐད་ཅིག་མ་ཙམ་བསྟན་གྱི་དེ་དག་གི་དམིགས་རྣམ་ཅུང་ཟད་ཀྱང་མ་བསྟན་པའི་ཕྱིར། གཞན་ཡང་སོགས་ལ། དམིགས་པ་དང་ནི་རྣམ་པ་དང་ཞེས་པའི་གཞུང་ཆོས་ཅན། བྱང་སེམས་ཀྱི་སྦྱོར་ལམ་ཉན་རང་གི་སྦྱོར་ལམ་ལས་དམིགས་རྣམ་གྱི་ཁྱད་པར་དུ་འཕགས་པར་མ་བསྟན་པར་ཐལ། སྦྱོར་ལམ་གྱི་དམིགས་རྣམ་མ་བསྟན་པའི་ཕྱིར། མཐོང་བའི་ལམ་སོགས་ལ། སྒོམ་ལམ་གྱི་བྱེད་པ་ཆོས་ཅན། སྒོམ་ལམ་གྱི་དང་པོར་སྟོན་པའི་རྒྱུ་མཚན་ཡོད་དེ། གདུལ་བྱ་སྒོམ་ལམ་གྱི་འབྲས་བུ་ལ་བྲོད་པ་བསྐྱེད་པའི་ཆེད་ཡིན་པའི་ཕྱིར། ཀུན་ནས་ཞི་སོགས་ལ་ཐེག་ཆེན་སྒོམ་ལམ་ཆོས་ཅན། རྨུགས་རྒོད་སོགས་ཉེ་བར་ཞི་བའི་བྱ་བ་བྱེད་དེ། དགེ་བའི་དམིགས་པ་ལ་སེམས་བཀོལ་དུ་རུང་བར་བྱེད་པའི་ཕྱིར། ཐམས་ཅད་ལ་འདུད་པའི་བྱ་བ་བྱེད་དེ། ང་རྒྱལ་སོགས་བཅོམ་ནས་ཡོན་ཏན་ཅན་ལ་ཇི་ལྟར་འོས་པའི་ལུས་ངག་གི་སྲི་ཞུ་བྱེད་པའི་ཕྱིར། ཉོན་མོངས་ལས་རྒྱལ་བའི་བྱ་བ་བྱེད་དེ། གཉེན་པོ་ཆུང་འབྲིང་དགུས་སྤང་བྱ་ཆེ་འབྲིང་དགུ་སྤོང་བར་བྱེད་པའི་ཕྱིར། གནོད་པས་མི་རྫི་བའི་བྱ་བ་བྱེད་དེ། རང་རྒྱུད་ལྡན་གྱི་རྣལ་འབྱོར་པའི་ལུས་འགལ་རྐྱེན་གྱིས་མི་ཚུགས་པའི་མཐུ་ལྡན་དུ་བྱེད་པའི་ཕྱིར། བྱང་ཆུབ་ཐོབ་པའི་བྱ་བ་བྱེད་དེ། ཁྱོད་མཐར་ཕྱིན་པ་ན་ཇི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་མངོན་དུ་བྱེད་པ་ཐོབ་པའི་ཕྱིར། རྟེན་གྱི་ཡུལ་མཆོད་རྟེན་དུ་བྱེད་དེ། རང་རྒྱུད་ལྡན་གྱི་རྣལ་འབྱོར་པའི་གནས་སྐྱེ་བོ་ཀུན་གྱི་མཆོད་པའི་གནས་ཡིན་པའི་ཕྱིར། བྱེད་པའི་འོག་ཏུ་སོགས་ལ། དབྱེ་ན་གཉིས་སུ་ཡོད་དེ། རྟོག་པའི་ཟག་བཅས་དང་ཟག་མེད་གཉིས་སུ་ཡོད་པའི་ཕྱིར། སྒོམ་ལམ་ཟག་བཅས་ཆོས་ཅན། གསུམ་དུ་ཡོད་དེ། ཆོས་བསྔོ་རྗེས་སུ་ཡི་རངས་གསུམ་དུ་ཡོད་པའི་ཕྱིར། རང་དང་གཉིས་ཀ་དང་སོགས་ལ། སྐབས་འདིའི་དབྱེ་གཞི་སྒོམ་ལམ་མོས་པ་ཆོས་ཅན། འཕགས་ལམ་གྱི་དང་པོར་མངོན་དུ་མི་བྱེད་དེ། ཡུམ་དོན་གསུམ་གྱི་འབྱུང་གནས་སུ་ཇི་ལྟ་བ་བཞིན་མངོན་སུམ་དུ་རྟོགས་པའི་མི་རྟོག་ཡེ་ཤེས་ཀྱི་རྗེས་ལས་བྱུང་བའི་ལམ་ཡིན་པའི་ཕྱིར། དབྱེ་ན་གསུམ་ཡོད་དེ། རང་དོན་གཉིས་དོན་གཞན་དོན་ལ་དམིགས་པ་གསུམ་དུ་ཡོད་པའི་ཕྱིར། མ་དག་ས་བདུན་གྱི་གནས་སྐབས་ཀྱི་སྒོམ་ལམ་མོས་པ་ཆོས་ཅན། རང་དོན་མོས་པ་ཡིན་ཏེ། བསམ་པས་གཞན་དོན་ལ་དམིགས་ནས་སྦྱོར་བས་གཙོ་ཆེར་རང་དོན་བསྒྲུབ་པའི་མོས་པ་ཡིན་པའི་ཕྱིར། ས་བརྒྱད་པ་དང་དགུ་པའི་མོས་པ་ཆོས་ཅན། གཉིས་དོན་མོས་པ་ཡིན་ཏེ། བསམ་པས་གཞན་དོན་ལ་དམིགས་ནས་སྦྱོར་བས་རང་གཞན་གྱི་དོན་རེས་འཇོག་ཏུ་སྒྲུབ་པའི་མོས་པ་ཡིན་པའི་ཕྱིར། ས་བཅུ་པའི་མོས་པ་ཆོས་ཅན། གཞན་དོན་མོས་པ་ཡིན་ཏེ། བསམ་སྦྱོར་གཉིས་ཀས་གཞན་དོན་ཁོ་ན་ལ་འཇུག་པའི་མོས་པ་ཡིན་པའི་ཕྱིར། སྒོམ་ལམ་མོས་པ་ཆོས་ཅན། རྣམ་པས་དབྱེ་ན་ཉེར་བདུན་དུ་ཡོད་དེ། ངོ་བོས་ཕྱེ་ན་གསུམ་དུ་ཡོད་ཅིང་གསུམ་པོ་རེ་རེ་ལ་ཡང་དགུ་དགུར་དབྱེར་ཡོད་པའི་ཕྱིར། དེ་སྒོམ་པའི་སོགས་ལ། ཁྱོད་ཀྱི་གནས་སྐབས་ལ་སངས་རྒྱས་སོགས་ཀྱི་བསྟོད་བཀུར་བསྔགས་པ་མཛད་པ་ལ་དགོས་པ་ཡོད་དེ། ཁྱོད་རྒྱུད་ལྡན་གྱི་བྱང་སེམས་སྤྲོ་བ་བསྐྱེད་པའི་ཆེད་ཡིན་པའི་ཕྱིར། ཇི་ལྟར་མོས་པ་བཞིན་སོགས་ལ། རང་དོན་མོས་པ་ཆོས་ཅན། ཁྱོད་ཆུང་འབྲིང་གི་གནས་སྐབས་དགུ་ལ་སངས་རྒྱས་རྣམས་ཀྱིས་བསྟོད་པ་དགུ་ཚན་མཛད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཀྱི་གནས་སྐབས་ཀྱི་ཡོན་ཏན་ཇི་ལྟ་བ་བཞིན་གཟིགས་ནས་ཐུགས་དགྱེས་པར་འགྱུར་བའི་ཕྱིར། དེ་བཞིན་དུ་གཉིས་དོན་དང་གཞན་དོན་མོས་པ་ཆོས་ཅན་དུ་བྱས་ནས་རིམ་བཞིན་ཁྱོད་ཀྱི་གནས་སྐབས་དགུ་ལ་བཀུར་བ་དང་། བསྔགས་པ་དགུ་ཚན་མཛད་པའི་རྒྱུ་མཚན་ཡོད་དེ། ཞེས་སྦྱར་རོ། །བསྟོད་པ་སོགས་ལ། སྐབས་འདིའི་བསྟོད་བཀུར་བསྔགས་གསུམ་ཆོས་ཅན། བཅམ་བུ་སྒྲའི་ངོ་བོ་མ་ཡིན་ཏེ་མོས་པ་གསུམ་གྱི་ཡོན་ཏན་ཇི་ལྟ་བ་བཞིན་རྟོགས་ནས་སངས་རྒྱས་སོགས་ཐུགས་དགྱེས་པའི་གནས་སྐབས་ཡིན་པའི་ཕྱིར། ཡོངས་སུ་བསྔོ་བ་སོགས་ལ། སྒོམ་ལམ་བསྔོ་བ་ཡིད་བྱེད་ཆོས་ཅན། རྣམ་པ་བཅུ་གཉིས་སུ་ཡོད་དེ། ཁྱད་པར་ཅན་གྱི་བསྔོ་བ་ཡིད་བྱེད་ནས་བསོད་ནམས་ཆེན་པོ་འབྱུང་བའི་བསྔོ་བའི་བར་དུ་ཡོད་པའི་ཕྱིར། ཉན་རང་ལས་ཁྱད་པར་དུ་འཕགས་པའི་བསྔོ་བ་ཡིན་ཏེ། མི་དམིགས་པའི་རྣམ་པས་དགེ་རྩ་བླ་མེད་བྱང་ཆུབ་དུ་བསྔོ་བ་ཡིན་པའི་ཕྱིར། མི་དམིགས་པའི་མིང་ཅན་གྱི་བསྔོ་བ་ཡིན་ཏེ། བསྔོ་བྱ་ཚུལ་ཁྲིམས་ལ་སོགས་པའི་དགེ་བ་རྣམས་མི་དམིགས་པའི་རྣམ་པས་བསྔོ་བ་ཡིན་པའི་ཕྱིར། ཕྱིན་ཅི་མ་ལོག་པའི་མིང་ཅན་གྱི་བསྔོ་བ་ཡིན་ཏེ། བསྔོ་བྱེད་ཀྱི་སེམས་མི་དམིགས་པའི་ཚུལ་གྱིས་བསྔོ་བ་ཡིན་པའི་ཕྱིར། བདེན་པའི་མིང་ཅན་གྱི་བསྔོ་བ་ཡིན་ཏེ། བསྔོ་བ་པོ་རང་ཉིད་རྟག་ཅིག་རང་དབང་ཅན་གྱི་བདག་སོགས་སུ་མི་དམིགས་པའི་བསྔོ་བ་ཡིན་པའི་ཕྱིར། སངས་རྒྱས་ཀྱི་བསོད་ནམས་ཀྱི་ཚོགས་དྲན་པའི་མིང་ཅན་གྱི་བསྔོ་བ་ཡིན་ཏེ། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་དགེ་རྩ་མི་དམིགས་པའི་བསྔོ་བ་ཡིན་པའི་ཕྱིར། ཐབས་ལ་མཁས་པའི་མིང་ཅན་གྱི་བསྔོ་བ་ཡིན་ཏེ། སྦྱིན་སོགས་ཕར་ཕྱིན་དྲུག་མི་དམིགས་པའི་ཚུལ་གྱིས་བསྔོ་བ་ཡིན་པའི་ཕྱིར། མཚན་མ་མེད་པའི་མིང་ཅན་གྱི་བསྔོ་བ་ཡིན་ཏེ། སྟོང་ཉིད་དགག་པའི་མཚན་མ་མི་དམིགས་པའི་ཚུལ་གྱིས་བསྔོ་བ་ཡིན་པའི་ཕྱིར། སངས་རྒྱས་ཀྱིས་གནང་བའི་མིང་ཅན་གྱི་བསྔོ་བ་ཡིན་ཏེ་བསྔོ་བྱ་བསྔོ་བྱེད་བསྔོ་རྒྱུའི་ལམ་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་བསྔོ་བར་བྱེད་པའི་ཕྱིར། ཁམས་གསུམ་ལས་མ་གཏོགས་པའི་མིང་ཅན་གྱི་བསྔོ་བ་ཡིན་ཏེ། ཁམས་གསུམ་མི་དམིགས་པའི་ཚུལ་གྱིས་བསྔོ་བར་བྱེད་པའི་ཕྱིར། བསོད་ནམས་ཆེན་པོ་འབྱུང་ས་ཆུང་ངུའི་མིང་ཅན་གྱི་བསྔོ་བ་ཡིན་ཏེ། སྟོང་གསུམ་གྱི་སེམས་ཅན་དགེ་བཅུ་སོགས་ལ་གནས་པ་ལ་རྗེས་སུ་ཡི་རངས་པའི་དགེ་བ་མི་དམིགས་པའི་ཚུལ་གྱིས་བསྔོ་བ་ཡིན་པའི་ཕྱིར། བསོད་ནམས་ཆེན་པོ་འབྱུང་ས་འབྲིང་གི་མིང་ཅན་གྱི་བསྔོ་བ་ཡིན་ཏེ། སྟོང་གསུམ་གྱི་སེམས་ཅན་རྒྱུན་ཞུགས་སོགས་ལ་གནས་པ་ལ་རྗེས་སུ་ཡི་རངས་པའི་དགེ་བ་མི་དམིགས་པའི་ཚུལ་གྱིས་བསྔོ་བ་ཡིན་པའི་ཕྱིར། བསོད་ནམས་ཆེན་པོ་འབྱུང་ས་ཆེན་པོའི་མིང་ཅན་གྱི་བསྔོ་བ་ཡིན་ཏེ། སྟོང་གསུམ་གྱི་སེམས་ཅན་བླ་མེད་བྱང་ཆུབ་ལ་གནས་པ་ལ་རྗེས་སུ་ཡི་རངས་པའི་དགེ་བ་མི་དམིགས་པའི་ཚུལ་གྱིས་བསྔོ་བ་ཡིན་པའི་ཕྱིར། ཐེག་པ་གསུམ་གྱི་སོགས་ལ། སྐབས་འདིའི་བསྔོ་བ་བཅུ་གཉིས་ཆོས་ཅན། སྒོམ་ལམ་བསྔོ་བ་ཡིན་ཏེ། བྱང་འཕགས་རྣམས་ཀྱི་སེམས་ཅན་གྱི་དོན་དུ་དགེ་བ་མི་ཟད་པར་བྱ་བའི་ཕྱིར་དུ་མི་དམིགས་པའི་རྣམ་པས་བླ་མེད་བྱང་ཆུབ་དུ་བསྔོ་བའི་ལམ་ཡིན་པའི་ཕྱིར། ཐབས་དང་མི་དམིགས་པ་སོགས་ལ། ས་གསུམ་པ་ལ་གནས་པའི་བྱང་སེམས་ཀྱི་རང་གཞན་གྱི་དགེ་རྩ་ལ་དགའ་བ་སྒོམ་པ་ཆོས་ཅན། རྗེས་སུ་ཡིད་རངས་ཡིད་ལ་བྱེད་པའི་དགེ་བ་ཡིན་ཏེ། རང་གཞན་གྱི་དགེ་རྩ་ལ་བདེན་གཉིས་དང་མི་འགལ་བར་དགའ་བ་བསྒོམ་པའི་བྱང་འཕགས་ཀྱི་ལམ་ཡིན་པའི་ཕྱིར། བསྡུས་པའི་དོན་ནི་སོགས་ལ། སྒོམ་ལམ་མོས་པ་ཆོས་ཅན། བསོད་ནམས་རྒྱ་ཆེན་པོ་སྔར་མེད་གསར་དུ་མངོན་པར་འདུ་བྱེད་དེ། ཤེར་ཕྱིན་ལ་དམིགས་པའི་སྒོ་གསུམ་གྱི་དགེ་བ་བསྐྱེད་པའི་ཕྱིར། སྒོམ་ལམ་བསྔོ་བ་ཆོས་ཅན། དགེ་རྩ་བྱང་ཆུབ་དུ་བསྒྱུར་བར་བྱེད་དེ། དེ་བྱང་ཆུབ་དུ་བསྔོ་བར་བྱེད་པའི་ཕྱིར། སྒོམ་ལམ་རྗེས་སུ་ཡིད་རངས་ཆོས་ཅན། གཞན་གྱི་དགེ་རྩ་དང་མཉམ་པའི་དགེ་བ་འཐོབ་སྟེ། གཞན་རྒྱུད་ཀྱི་དགེ་བ་ལ་རང་གིས་བྱས་པ་དང་འདྲ་བའི་དགའ་བ་སྒོམ་པའི་བྱང་འཕགས་ཀྱི་ཐབས་མཁས་ཡིན་པའི་ཕྱིར། ཟག་པ་དང་བཅས་པའི་ཞེས་སོགས་ལ། ཟག་མེད་སྒོམ་ལམ་ཆོས་ཅན། དབྱེ་ན་གཉིས་ཡོད་དེ། མངོན་པར་གྲུབ་པ་དང་། རྣམ་དག་སྒོམ་ལམ་གཉིས་སུ་ཡོད་པའི་ཕྱིར། དེའི་ངོ་བོ་ཉིད་སོགས་ལ། ཟག་མེད་སྒོམ་ལམ་ཆོས་ཅན། མངོན་པར་སྒྲུབ་པའི་སྒོམ་ལམ་གི་ངོ་བོ་ཡིན་ཏེ། གཟུགས་སོགས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་མཐོང་བའི་སྒོ་ནས་སྒོམ་སྤང་གི་དངོས་གཉེན་བྱེད་པའི་ཕྱིར། ཕར་ཕྱིན་གཞན་ལྔ་ལས་མཆོག་དུ་གྱུར་པ་ཡིན་ཏེ། ཁྱོད་དང་བྲལ་བའི་སྒོམ་ལམ་གྱིས་བསྡུས་པའི་ཕར་ཕྱིན་གཞན་ལྔས་རྣམ་མཁྱེན་མི་ཐོབ་པའི་ཕྱིར། ཡུལ་ཀུན་ལ་མཐའ་གང་དུའང་རྣམ་པར་མི་རྟོག་པ་ཡིན་ཏེ་ཆོས་ཐམས་ཅད་སྐྱེ་བ་མེད་པར་མངོན་སུམ་དུ་རྟོགས་པའི་ཕྱིར། རང་དང་འདྲ་བའི་ཤེར་ཕྱིན་རྣལ་འབྱོར་པའི་རྒྱུད་ལ་འཇོག་པར་བྱེད་དེ། ཆོས་ཐམས་ཅད་མི་དམིགས་པར་རྟོགས་པའི་ཡེ་ཤེས་རྣལ་འབྱོར་པའི་རྒྱུད་ལ་བསྐྱེད་པར་བྱེད་པའི་ཕྱིར། དོན་ཆེན་པོ་ཅན་ཡིན་ཏེ། སངས་རྒྱས་ཐོབ་བྱེད་ཡིན་པའི་ཕྱིར། སངས་རྒྱས་རྟེན་སོགས་ནས་རྒྱུའི་བར་ལ། སངས་རྒྱས་མཉེས་པར་བྱེད་པ་ཆོས་ཅན། རྣམ་དག་སྒོམ་ལམ་སྐྱེ་བའི་རྒྱུ་ཡིན་ཏེ། དེའི་རྐྱེན་ཡིན་པའི་ཕྱིར། གཞན་གཉིས་ལའང་དེ་བཞིན་དུ་སྦྱར་རོ། །ཆོས་ཀྱིས་ཕོངས་པ་སོགས་ལ། བདུད་ཀྱིས་བར་ཆད་བྱས་པ་ཆོས་ཅན། རྣམ་དག་སྒོམ་ལམ་མི་སྐྱེ་བའི་རྒྱུ་ཡིན་ཏེ། དེ་སྐྱེ་བའི་འགལ་རྐྱེན་ཡིན་པའི་ཕྱིར། གཞན་བཞི་ལའང་དེ་བཞིན་དུ་སྦྱར་རོ། །

འབྲས་བུ་དག་པ་སོགས་ལ། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞི་ཆོས་ཅན། ཁྱོད་རང་གི་མི་མཐུན་ཕྱོགས་ཀྱིས་དག་པ་ན་རང་གི་ཡུལ་གཟུགས་སོགས་ཀྱང་དེའི་དག་པ་ཡིན་ཏེ། ཁྱོད་ཀྱི་རྣམ་དག་དང་གཟུགས་སོགས་ཀྱི་རྣམ་དག་གཉིས་རང་དང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་ཐ་དད་དུ་བརྗོད་དུ་མེད་པའི་ཕྱིར། འདོད་ཆགས་ལ་སོགས་པའི་ཞེས་པ་ལ། ཉན་ཐོས་དགྲ་བཅོམ་པའི་སྤངས་པ་ཆོས་ཅན། ཉན་ཐོས་ཀྱི་རྣམ་དག་ཡིན་ཏེ། ཆགས་སོགས་ཉོན་མོངས་པའི་སྒྲིབ་པ་ཙམ་སྤངས་པས་རབ་ཏུ་ཕྱེ་བའི་རྣམ་གྲོལ་ཡིན་པའི་ཕྱིར། དེ་དང་སོགས་ལ། བསེ་རུ་ལྟ་བུའི་རང་རྒྱལ་གྱི་སྤངས་པ་ཆོས་ཅན། རང་རྒྱལ་གྱི་རྣམ་དག་ཡིན་ཏེ། ཉོན་སྒྲིབ་དང་ཤེས་སྒྲིབ་གཟུང་རྟོག་ཙམ་སྤངས་པས་རབ་ཏུ་ཕྱེ་བའི་རྣམ་གྲོལ་ཡིན་པའི་ཕྱིར། ཐེག་པ་གསུམ་གྱི་སོགས་ལ། ས་བཅུ་པའི་སྤངས་པ་ཆོས་ཅན། བྱང་སེམས་ཀྱི་རྣམ་དག་ཡིན་ཏེ། ཐེག་པ་གསུམ་གྱི་ལམ་གྱི་སྒྲིབ་པ་སྤངས་པས་རབ་ཏུ་ཕྱེ་བའི་རྣམ་གྲོལ་ཡིན་པའི་ཕྱིར། ཉོན་མོངས་པ་དང་ཞེས་སོགས་ལ། ཆོས་དབྱིངས་དང་ཤིན་ཏུ་རྣམ་དག་ཆོས་ཅན། རྫོགས་པའི་སངས་རྒྱས་ཀྱི་རྣམ་དག་ཡིན་ཏེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་རྣམས་རྣམ་པ་ཐམས་ཅད་དུ་སྤངས་པའི་རྣམ་གྲོལ་ཡིན་པའི་ཕྱིར། འདོད་པའི་ཁམས་སོགས་ནས་གཅིག་ཤོས་ཀྱི་བར་ལ། སངས་རྒྱས་ཀྱི་རྣམ་དག་ཆོས་ཅན། རྣམ་དག་ཤིན་ཏུ་བ་ཡིན་ཏེ། ཁྱོད་ཀྱི་རྒྱུར་གྱུར་པའི་འདོད་པ་ལ་སོགས་པའི་ས་དགུ་ལ་བརྟེན་པའི་བྱང་སེམས་ཀྱི་སྒོམ་ལམ་ཆུང་འབྲིང་དགུ་པོ་དེ་སྒྲིབ་གཉིས་བག་ཆགས་དང་བཅས་པ་རྣམ་པར་དག་པའི་རྒྱུ་ཡིན་པའི་ཕྱིར། ཉན་ཐོས་ཀྱི་རྣམ་དག་ཆོས་ཅན། རྣམ་དག་ཤིན་ཏུ་བ་ཡིན་ཏེ། ཁྱོད་ཀྱི་རྒྱུར་གྱུར་པའི་ཉན་ཐོས་ཀྱི་སྒོམ་ལམ་ཆུང་འབྲིང་དགུ་པོ་དེ། འདོད་པ་སོགས་དགུའི་ཉོན་སྒྲིབ་ཙམ་རྣམ་པར་དག་པའི་རྒྱུ་ཡིན་པའི་ཕྱིར། གཉེན་པོ་ནས་སྒོ་ནས་ཀྱི་བར་ལ། ཤེས་བྱ་ཆོས་ཅན། གཉེན་པོ་ཆུང་རིམ་ནས་སྐྱེ་ཞིང་སྤང་བྱ་ཆེ་རིམ་ནས་འགག་པ་མི་འཐད་པ་མ་ཡིན་ཏེ། དེ་ལྟར་འཇིག་རྟེན་ན་མཐོང་ཞིང་གྲགས་པའི་ཕྱིར། དེར་ཐལ། གོས་ལ་ཆགས་པའི་དྲི་མ་རགས་པ་འབད་པ་ཆུང་ངུས་སེལ་ཞིང་ཕྲ་མོ་སེལ་བ་ལ་གཙོ་བླག་མཁན་ཆེ་ཐང་དུ་འབད་པ་མཐོང་བའི་ཕྱིར། སྒོམ་པའི་ལམ་སོགས་ལ། སྒོམ་ལམ་ཤིན་ཏུ་བ་ཆོས་ཅན། ཁྱོད་ཀྱི་འབྲས་བུ་སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བ་ཡིན་ཏེ། ཁམས་གསུམ་གྱི་སྒྲིབ་པ་མཐའ་དག་གི་གཉེན་པོ་ཡིན་པའི་ཕྱིར། དེར་ཐལ། ཁམས་གསུམ་གྱི་རྣམ་པ་ཅན་གྱི་ཤེས་བྱ་དང་ཤེས་པ་མཐའ་དག་རང་བཞིན་མེད་པར་མཉམ་པ་ཉིད་དུ་རྟོགས་པའི་སློབ་ལམ་ཡིན་པའི་ཕྱིར། སྐབས་གཉིས་པའི་ངག་དོན་ནོ།། །།

སྐབས་གསུམ་པའི་ངག་དོན་བཤད་པ།

གཞི་ཐམས་ཅད་སོགས་ལ། གཞི་ཤེས་ཆོས་ཅན། ལམ་ཤེས་ཀྱི་འོག་ཏུ་འཆད་པའི་རྒྱུ་མཚན་ཡོད་དེ། ཁྱོད་མེད་པར་ཐེག་པ་གསུམ་གྱི་ལམ་ལེགས་པར་ཤེས་པ་མེད་པའི་ཕྱིར། དུས་གསུམ་གྱི་སོགས་ལ། དུས་གསུམ་སྐྱེ་མེད་དུ་རྟོགས་པའི་ཤེར་ཕྱིན་ཆོས་ཅན། འཁོར་འདས་ཀྱི་མཐའ་ལ་མི་གནས་ཏེ། ཤེས་རབ་ཀྱིས་འཁོར་བའི་ཉེས་དམིགས་མཐོང་ཞིང་། སྙིང་རྗེས་གཞན་དོན་བྱེད་པའི་ཕྱིར། འཁོར་འདས་ལས་མ་གཏོགས་པའི་དེ་དག་གི་བར་ནའང་མི་གནས་ཏེ། དེ་གཉིས་ལས་མ་གཏོགས་པའི་གནས་བྱའི་དངོས་པོ་མེད་པའི་ཕྱིར། ཉན་ཐོས་སོགས་ལ། ཉན་རང་རང་རྒྱུད་པའི་མངོན་རྟོགས་ཆོས་ཅན། འཁོར་འདས་གང་རུང་གི་མཐའ་ལ་གནས་པ་ཡིན་ཏེ། གཞན་དོན་བྱེད་ནུས་ཀྱི་སྙིང་རྗེ་དང སྟོང་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བ་དེ་ཡིན་པའི་ཕྱིར། དེར་ཐལ། འབྲས་ཡུམ་ལས་རིང་བར་གྱུར་པ་དེ་ཡིན་པའི་ཕྱིར་ཏེ། དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་མེད་པའི་ཕྱིར། སྒྱུ་མ་མཁན་གྱི་ནས་རིང་བར་གྱུར་ཏོའི་བར་ལ། ཉན་རང་ཆོས་ཅན། འབྲས་ཡུམ་ལ་རིང་སྟེ། དུས་གསུམ་སྐྱེ་མེད་དུ་མཉམ་པར་རྟོགས་པའི་ཡེ་ཤེས་མེད་པའི་ཕྱིར། དེར་ཐལ། ཆོས་ཐམས་ཅད་སྟོང་པར་སྟོན་པའི་ཕྱི་ནང་གི་ཐབས་མཁས་དང་བྲལ་བས་དངོས་པོ་བདེན་པའི་མཚན་མར་འཛིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སོགས་ལ། བྱང་འཕགས་ཆོས་ཅན། འབྲས་ཡུལ་ལ་ཉེ་བ་ཡིན་ཏེ། ཁྱོད་ཀྱི་གཟུགས་ལ་སོགས་པའི་ཆོས་ཡོངས་སུ་ཤེས་པ་ན། དེ་དག་སྐྱེ་མེད་དུ་ཡོངས་སུ་ཤེས་པའི་ཕྱིར། དེར་ཐལ། དངོས་པོར་མངོན་པར་ཞེན་པའི་འཁྲུལ་པ་སྤངས་པའི་ཕྱིར། དེར་ཐལ། ཆོས་ཐམས་ཅད་སྟོང་ཉིད་དུ་སྟོན་པའི་ཕྱི་ནང་གི་ཐབས་མཁས་རིང་དུ་བསྟེན་ཅིང་གོམས་པར་བྱེད་པའི་ཕྱིར། གཟུགས་སོགས་ཕུང་པོ་རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་པར་འཛིན་པའི་ཉན་ཐོས་ཀྱི་མངོན་རྟོགས་ཆོས་ཅན། བྱང་སེམས་ལམ་གྱི་མི་མཐུན་ཕྱོགས་ཡིན་ཏེ། དངོས་པའི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞུགས་པ་དེ་ཡིན་པའི་ཕྱིར། དེ་བཞིན་དུ་དུས་གསུམ་དུ་རྟོགས་པའི་ཆོས་ལ་བདེན་པར་འཛིན་པ་དང་། སྦྱིན་སོགས་ལ་བདེན་པར་འཛིན་པ་རྣམས་ཆོས་ཅན་དུ་བྱས་ནས། རྟགས་ཆོས་སྔར་ལྟར་རོ། །འཁོར་གསུམ་ནས་གཉེན་པོའི་བར་ལ། འཁོར་གསུམ་རྣམ་དག་གི་སྦྱིན་པ་ལ་རང་གནས་ནས་གཞན་སྦྱོར་བའི་སྒྲུབ་པ་ཆོས་ཅན། རྣམ་པ་ཐམས་ཅད་དུ་གཉེན་པོ་ཡིན་ཏེ། གནས་སྐབས་ཐམས་ཅད་དུ་བླང་བྱ་ཡིན་པའི་ཕྱིར། དེར་ཐལ་དངོས་པོའི་གནས་ལུགས་དང་མཐུན་པར་ཞུགས་ཤིང་མཚན་འཛིན་གྱི་ཆགས་པ་ཐམས་ཅད་ཟློག་བྱེད་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་སོགས་ལ། སངས་རྒྱས་ལ་མངོན་ཞེན་གྱིས་དམིགས་ནས་ཕྱག་འཚལ་བ་སོགས་ཆོས་ཅན། བྱང་སེམས་ལམ་གྱི་མི་མཐུན་ཕྱོགས་ཡིན་ཏེ། མཚན་འཛིན་གྱི་ཆགས་པ་ཕྲ་མོའི་ངོ་བོ་ཡིན་པའི་ཕྱིར། ཆོས་ཀྱི་ལམ་སོགས་ལ། ཆགས་པ་ཕྲ་མོའི་ངོ་བོ་ཡིན་ཏེ། དགེ་བ་ཡིན་ཡང་དམིགས་ཡུལ་རང་བཞིན་གྱིས་སྟོང པ་ལ་བདེན་པར་འཛིན་པའི་ཕྱིར། ཆོས་རྣམས་སོགས་ལ། སྤོང་བྱེད་ཀྱི་ཐབས་མེད་པ་མ་ཡིན་ཏེ། ཆོས་རྣམས་སྟོང་པ་ཉིད་དུ་རང་བཞིན་གཅིག་པར་ཤེས་པས་སྟོང པའི་ཕྱིར། མཐོང་བ་སོགས་ལ། ཆོས་རྣམས་ཀྱི་རང་བཞིན་ཆོས་ཅན། ཟབ་མོ་རྟོགས་པར་དཀའ་བའི་ཕྱིར། སྒྱུ་མ་སོགས་ལ། རྟོགས་པར་དཀའ་སྟེ། རྟོག་གེའི་བློས་བསམ་པར་མི་ནུས་པའི་ཕྱིར། དེ་ལྟར་སོགས་ལ་གཞི་ཤེས་ཀྱི་སྐབས་འདི་ཆོས་ཅན། ཉན་རང་རང་རྒྱུད་པའི་ལམ་རྣམས་སྤང་བྱ་མི་མཐུན་པའི་ཕྱོགས་དང་། བྱང་སེམས་ཀྱི་ལམ་རྣམས་གཉེན་པོ་ཡིན་ཏེ། རིམ་བཞིན་མཚན་འཛིན་གྱིས་བཅིངས་པ་དང་དེས་མ་བཅིངས་པའི་ལམ་ཡིན་པའི་ཕྱིར། གཟུགས་སོགས་ལ། བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། གཟུགས་སོགས་གཞིའི་ངོ་བོ་ལ་སྤྱོད་པ་བཀག་པའི་སྦྱོར་བ་ཡིན་ཏེ། གཟུགས་སོགས་ཀྱི་ངོ་བོ་ལ་མངོན་ཞེན་བཀག་ནས་བསྒོམ་པའི་སྦྱོར་བ་ཡིན་པའི་ཕྱིར། དེ་མི་རྟག་སོགས་ལ། གཞིའི་ཁྱད་པར་སྤྱོད་པ་བཀག་པའི་སྦྱོར་བ་ཡིན་ཏེ། གཟུགས་སོགས་མི་རྟག་པ་དང་སྟོང་པ་སོགས་ལ་མངོན་ཞེན་བཀག་པའི་སྦྱོར་བ་ཡིན་པའི་ཕྱིར། རྫོགས་མ་རྫོགས་ལ། མ་རྫོགས་པའི་སྦྱོར་བ་ཡིན་ཏེ། ཡོན་ཏན་གྱི་རྟེན་དུ་མ་རྫོགས་པའི་ཀུན་བཏགས་ཀྱི་གཟུགས་ལ་མངོན་ཞེན་བཀག་པའི་སྦྱོར་བ་ཡིན་པའི་ཕྱིར། རྫོགས་པའི་སྦྱོར་བ་ཡིན་ཏེ། ཡོན་ཏན་གྱི་རྟེན་དུ་རྫོགས་པའི་ཆོས་ཉིད་ཀྱི་གཟུགས་སོགས་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་ཡིན་པའི་ཕྱིར། ཆགས་མེད་ཉིད་ལ། ཆགས་པ་མེད་པའི་སྦྱོར་བ་ཡིན་ཏེ། གཟུགས་སོགས་ལ་ཆགས་མ་ཆགས་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་ཡིན་པའི་ཕྱིར། མི་འགྱུར་བའི་སྦྱོར་བ་ཡིན་ཏེ། བསྟན་མ་བསྟན་གྱི་འཕེལ་འགྲིབ་དུ་མི་འགྱུར་བའི་འབྲས་ཡུམ་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་ཡིན་པའི་ཕྱིར། བྱེད་པ་པོ་མེད་པའི་སྦྱོར་བ་ཡིན་ཏེ། ཀུན་ཉོན་དུ་བྱེད་པ་པོ་མེད་པའི་གཞིའི་ཆོས་ཉིད་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་ཡིན་པའི་ཕྱིར། བྱ་དཀའ་སོགས་ལ། རྣམ་མཁྱེན་ཆོས་ཅན། ཆེད་དུ་བྱ་དཀའ་ཡིན་ཏེ། དོན་དམ་པར་མི་དམིགས་ཤིང་ཀུན་རྫོབ་ཏུ་བསྐལ་པ་གྲངས་མེད་མང་པོར་ཚོགས་གཉིས་ལ་འབད་པས་སྒྲུབ་པར་བྱ་བ་ཡིན་པའི་ཕྱིར། ལམ་ཤེས་ཆོས་ཅན། སྦྱོར་བ་བྱ་དཀའ་བ་ཡིན་ཏེ། དོན་དམ་པར་མི་དམིགས་ཤིང་ཀུན་རྫོབ་ཏུ་ཐེག་པ་གསུམ་གྱི་ལམ་ལ་སློབ་ཀྱང་རྫོགས་སྨིན་མ་སྦྱངས་པར་དེ་དག་གི་འབྲས་བུ་མངོན་དུ་མི་བྱེད་པའི་ཕྱིར། གཞི་ཤེས་ཆོས་ཅན། བྱེད་པ་བྱ་དཀའ་བ་ཡིན་ཏེ། དོན་དམ་པར་མི་དམིགས་ཏེ། ཀུན་རྫོབ་ཏུ་དེས་གཞན་དོན་བྱེད་ཀྱང་། རང་ཉིད་དེའི་འབྲས་བུ་མངོན་དུ་མི་བྱེད་པའི་ཕྱིར། བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། བྱ་དཀའ་རྣམ་གསུམ་གྱི་སྦྱོར་བ་ཡིན་ཏེ། མཁྱེན་གསུམ་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་ཡིན་པའི་ཕྱིར། སྐལ་བ་བཞིན་དུ་འབྲས་བུ་ཐོབ་པས་མི་གཏོང་བའི་སྦྱོར་བ་ཡིན་ཏེ། ཐེག་པ་གསུམ་གྱི་གདུལ་བྱ་ལ་སྐལ་བ་ཇི་ལྟ་བ་བཞིན་འབྲས་བུ་ཐོབ་བྱེད་གཞི་ཤེས་པའི་ཤེར་ཕྱིན་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་ཡིན་པའི་ཕྱིར། གཞན་ལ་རག་མ་ལུས་པའི་སྦྱོར་བ་ཡིན་ཏེ། བསྲུང་སྐྱོབ་སོགས་གཞན་ལ་མི་ལྟོས་པའི་གཞི་ཤེས་ཀྱི་ཤེར་ཕྱིན་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་ཡིན་པའི་ཕྱིར། སྣང་བ་རྣམ་བདུན་ལ། སྣང་བ་རྣམ་བདུན་གྱི་ཤེས་བྱེད་ཀྱི་སྦྱོར་བ་ཡིན་ཏེ། ཆོས་བདེན་མེད་དུ་ཤེས་བྱེད་རྨི་ལམ་སོགས་འཁྲུལ་སྣང་བདུན་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་ཡིན་པའི་ཕྱིར། ཡོངས་སུ་འགྱུར་བ་སོགས་ལ། ཕྱི་ནང་གི་རྟེན་འབྲེལ་ཆོས་ཅན། དོན་དམ་པར་བདེན་པར་མེད་དེ། མངོན་ཞེན་གྱི་བག་ཆགས་ཡོངས་སུ་འགྱུར་ཞིང་སྨིན་པ་ཙམ་ལས་བྱུང་བའི་སྣང་བ་ཡིན་པའི་ཕྱིར། རྨི་ལམ་བཞིན་རྒྱུ་རྐྱེན་མཉམ་དུ་ཚོགས་པ་ལས་བྱུང་བའི་སྣང་བ་ཡིན་པའི་ཕྱིར། སྒྱུ་མ་བཞིན། སྣང་བ་ལྟར་བདེན་པར་འགལ་བའི་སྣང་བ་ཡིན་པའི་ཕྱིར། མིག་སྒྱུ་བཞིན། རྐྱེན་ལ་རག་ལས་པའི་སྣང་བ་ཡིན་པའི་ཕྱིར། སྒྲ་སྙན་བཞིན། བག་ཆགས་འཇོག་བྱེད་ཀྱི་རྣམ་པ་ལས་མ་འཕོས་པའི་སྣང་བ་ཡིན་པའི་ཕྱིར། གཟུགས་བརྙན་བཞིན། བདེན་པའི་རྟེན་མེད་པའི་སྣང་བ་ཡིན་པའི་ཕྱིར། དྲི་ཟའི་གྲོང་ཁྱེར་བཞིན། བྱེད་པ་པོ་མེད་པའི་སྣང་བ་ཡིན་པའི་ཕྱིར། སྤྲུལ་པ་བཞིན་༼ཆད་བསམ་པས་དཔྱད།༽ཤུགས་ཀྱི་སོགས་ལ་ཉན་རང་གི་རྒྱུད་ཀྱི་སྦྱོར་བ་ཆོས་ཅན། གཟུགས་སོགས་གཞིའི་ཆོས་རྣམས་ཀྱི་ངོ་བོ་དང་ཁྱད་པར་ལ་ཞེན་བཅས་ཀྱི་སྒོམ་པ་ཡིན་ཏེ། དེའི་ངོ་བོ་དང་ཁྱད་པར་ལ་ཞེན་སྤྱོད་བཀག་པའི་སྦྱོར་བའི་མི་མཐུན་ཕྱོགས་ཡིན་པའི་ཕྱིར། གཟུགས་ལ་སོགས་ལ་ཅེས་སོགས་ལ། གཟུགས་སོགས་བཞིའི་ཆོས་རྣམས་ལ་རྟོག་བྱ་རྟོག་བྱེད་སོགས་རློམ་པ་བགག་པའི་ཡེ་ཤེས་ཆོས་ཅན། གཞི་ཤེས་སྦྱོར་བའི་མཉམ་ཉིད་ཡིད་ཏེ། གཞི་ཤེས་ཀྱི་སྦྱོར་བ་བཅུ་ལ་མཚུངས་པར་རྗེས་སུ་འགྲོ་བའི་ཤེས་རྣམ་ཡིན་པའི་ཕྱིར། སྡུག་བསྔལ་སོགས་ལ་གཞི་ཤེས་ཀྱི་མཐོང་ལམ་ཆོས་ཅན། བཅུ་དྲུག་ཏུ་དབྱེར་ཡོད་དེ། བདེན་པ་བཞི་ལ་དམིགས་པའི་ཤེས་བཟོད་སྐད་ཅིག་མ་བཞི་བཞིར་ཡོད་པའི་ཕྱིར། རྟག་པ་ཡང་མ་ཡིན་མི་རྟག་མ་ཡིན་སོགས་ལ། ཟག་བཅས་འབྲས་བསྡུས་ཀྱིས་ཆོས་རྣམས་རྟག་མི་རྟག་སོགས་ཀྱི་མཐའ་དང་བྲལ་བར་སྒོམ་པའི་བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། ཁྱོད་ཀྱི་མིང་གིས་མཐོང་ལམ་སྡུག་བསྔལ་ཆོས་བཟོད་བསྟན་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལ་བརྟེན་པ་དེ་སྐྱེ་བའི་ཕྱིར། མཐའ་ལས་འདས་ནས་མ་འགག་སོགས་ཀྱི་བར། རིམ་བཞིན་གཟུགས་སོགས་སྡུག་བསྔལ་ཡིན་མིན་དང་། སྟོང་མི་སྟོང་། བདག་ཡོད་མེད་སྤྲོས་པ་ཐམས་ཅད་བྲལ་བར་སྒོམ་པའི་བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། དུས་བྱས་ནས་རིམ་བཞིན། ཁྱོད་ཀྱི་མིང་གིས་སྡུག་བསྔལ་ལ་ཆོས་བཟོད། ཆོས་ཤེས། རྗེས་བཟོད། རྗེས་ཤེས་སྟོན་པའི་རྒྱུ་མཚན་ཡོད་དེ། དེ་དག་ཁྱོད་ལ་བརྟེན་ནས་སྐྱེ་བའི་ཕྱིར། མཁའ་འདྲ་ནས་བརྗོད་དུ་མེད་པའི་བར་ལ། ཟག་བཅས་རྒྱུའི་ཆོས་རྣམས་རྒྱུ་ཡིན་མིན་དང་། ཀུན་འབྱུང་ཡིན་མིན་དང་རབ་སྐྱེ་ཡིན་མིན་དང་། རྐྱེན་ཡིན་མིན་གྱི་སྤྲོས་པ་དང་བྲལ་བར་སྒོམ་པའི་བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན་དུ་བྱས་ནས། རིམ་བཞིན། ཁྱོད་ཀྱི་མིང་གིས་ཀུན་འབྱུང་ཆོས་བཟོད་དང་། ཆོས་ཤེས་དང་། རྗེད་བཟོད་དང་། རྗེས་ཤེས་སྟོན་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལ་བརྟེན་ནས་དེ་དག་སྐྱེ་བའི་ཕྱིར། གང་ཕྱིར་ནད་མི་འབྱུང་གི་བར་ལ། རྣམ་བྱང་འབྲས་བསྡུས་ཀྱི་ཆོས་རྣམས་འགོག་པ་དང་། འགོག་པ་མ་ཡིན་པ་དང་། ཞི་བ་དང་མ་ཞི་བ་དང་། གྱ་ནོམ་དང་གྱ་ནོམ་མིན་པ་དང་། ངེས་འབྱུང་དང་། ངེས་འབྱུང་མ་ཡིན་རྣམས་སྤྲོས་པ་དང་བྲལ་བར་བསྒོམ་པའི་བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན་དུ་བྱས་ནས། རིམ་བཞིན་ཁྱོད་ཀྱི་རྣམ་པའི་མིང་གིས་འགོག་པ་ཆོས་བཟོད་ཆོས་ཤེས་རྗེས་བཟོད་རྗེས་ཤེས་རྣམས་སྟོན་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལ་བརྟེན་ནས་དེ་དག་སྐྱེ་བའི་ཕྱིར། ངན་སོང་ནས་སྐྱེ་མེད་ཀྱི་བར་ལ། རྣམ་བྱང་རྒྱུའི་ཆོས་རྣམས་ངེས་འབྱིན་དང་ངེས་འབྱིན་མ་ཡིན་པ་དང་། ལམ་དང་ལམ་མ་ཡིན་པ་དང་། རིགས་པ་དང་རིགས་པ་མ་ཡིན་དང་། སྒྲུབ་པ་དང་སྒྲུབ་པ་མིན་པའི་སྤྲོས་པ་དང་བྲལ་བར་སྒོམ་པའི་བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན་དུ་བྱས་ནས། རིམ་བཞིན། ཁྱོད་ཀྱི་རྣམ་པའི་མིང་གིས་ལམ་ལ་ཆོས་བཟོད་ཆོས་ཤེས་དང་རྗེས་བཟོད་རྗེས་ཤེས་རྣམས་སྟོན་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལ་བརྟེན་ནས་དེ་དག་སྐྱེ་བའི་ཕྱིར། ཉན་ཐོས་སོགས་ལ། ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། བདེན་བཞི་མི་རྟག་སོགས་བཅུ་དྲུག་གི་རྣམ་པ་ཅན་ཡིན་ཏེ། བྱང་སེམས་ཀྱི་མཐོང་ལམ་གྱི་ཟློག་ཕྱོགས་སུ་གྱུར་པའི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར། ཉན་ཐོས་ཀྱི་ལམ་ནི་སོགས་ལ། གཞི་ཤེས་འཆད་པའི་སྐབས་འདིར་ཆོས་ཅན། མཐོང་ལམ་གྱི་མཇུག་ཐོག་ཏུ་བྱང་སེམས་ཀྱི་སྒོམ་ལམ་མ་བསྟན་པའི་རྒྱུ་མཚན་ཡོད་དེ། བྱང་སེམས་ཀྱི་སྒོམ་ལམ་དེ་མངོན་དུ་བྱ་བའི་ཕྱིར་ཡང་བསྟན་མི་དགོས། ཟློག་ཕྱོགས་ལ་ཉན་ཐོས་ཀྱི་སྒོམ་ལམ་ཤེས་པར་བྱ་བའི་ཕྱིར་ཡང་བསྟན་མི་དགོས་པའི་ཕྱིར། རྟགས་སྔ་མ་གྲུབ་སྟེ། སྐབས་གཉིས་པར་སྒོམ་ལམ་བསྟན་པས་དེ་མངོན་དུ་བྱ་བར་ཤེས་པའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། ཉན་ཐོས་ཀྱི་སྒོམ་ལམ་དེ་ཤེས་པར་བྱ་བའི་ཕྱིར་ཡང་བསྟན་མི་དགོས། དེ་མངོན་དུ་བྱ་བའི་ཕྱིར་ཡང་བསྟན་མི་དགོས་པའི་ཕྱིར། རྟགས་སྔ་མ་གྲུབ་སྟེ། བྱང་སེམས་ཀྱི་མཐོང་ལམ་གྱི་ལོག་ཕྱོགས་ལ། དེའི་མཐོང་ལམ་བསྟན་པའི་མངོན་སུམ་གྱི་རྒྱུན་གོམས་པས་སྒོམ་ལམ་དུ་ཤུགས་ལ་ཤེས་པའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། ཉན་ཐོས་ཀྱི་ལམ་བྱང་སེམས་ཀྱི་ཤེས་བྱ་ཙམ་ཡིན་གྱི་མངོན་སུམ་དུ་བྱ་བ་མ་ཡིན་པའི་ཕྱིར། དེ་ལྟར་སོགས་ལ། མཁྱེན་གསུམ་ཆོས་ཅན། ཁྱོད་ལ་མཇུག་བསྡུད་བྱེད་པའི་རྒྱུ་མཚན་ཡོད་དེ། མངོན་རྟོག་བརྒྱད་པོ་མཐའ་དག་བསྡུད་བྱེད་ཡིན་པའི་ཕྱིར། སྐབས་གསུམ་པའི་ངག་དོན་ནོ།། །།

སྐབས་བཞི་པའི་ངག་དོན་བཤད་པ།

ཐམས་ཅད་མཁྱེན་པ་ཉིད་གསུམ་སོགས་ལ། རྣམ་ཀུན་ཆོས་ཅན། མཁྱེན་གསུམ་གྱི་མཇུག་ཏུ་སྟོན་པའི་རྒྱུ་མཚན་ཡོད་དེ། མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་ནས་དབང་དུ་བྱ་བའི་ཕྱིར་ཁྱོད་སྒོམ་པའི་ཕྱིར། གཞི་ཤེས་པའི་སོགས་ལ། སྐབས་འདིའི་རྣམ་པ་ཆོས་ཅན། གཞི་དང་མ་འབྲེལ་བའི་རྣམ་པ་ཡན་གར་བ་མ་ཡིན་ཏེ། མི་མཐུན་ཕྱོགས་ཀྱི་གཉེན་པོར་གྱུར་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། ཁྱབ་སྟེ། གཞི་དང་མ་འབྲེལ་བའི་རྣམ་པ་ནི། མི་མཐུན་ཕྱོགས་ཀྱི་གཉེན་པོར་མི་རུང་བའི་ཕྱིར། དབྱེ་ན་གསུམ་ཡོད་དེ། གཞི་ཤེས་ལམ་ཤེས་རྣམ་མཁྱེན་གྱི་རྣམ་པ་གསུམ་དུ་ཡོད་པའི་ཕྱིར། མེད་པའི་རྣམ་པ་ནས་སོགས་ལ། གཞི་ཤེས་ཀྱི་རྣམ་པ་ཆོས་ཅན། དབྱེར་ན་ཉེར་བདུན་ཡོད་དེ། བདེན་པ་དང་པོ་གསུམ་ལ་བཞི་བཞི་དང་། ལམ་བདེན་པ་བཅོ་ལྔ་ཡོད་པའི་ཕྱིར། དེ་སོགས་ལ། མེད་པ་ནས་མི་རྫི་བའི་བར་གྱི་རྣམ་པ་བཞི་ཆོས་ཅན། སྡུག་བདེན་གྱི་རྣམ་པ་ཡིན་ཏེ། སྡུག་བདེན་གྱི་མཚན་ཉིད་ལ་ལོག་ཕྱོགས་སུ་སྒྲོ་འདོགས་སེལ་བྱེད་ཀྱི་བྱེ་བྲག་ཡིན་པའི་ཕྱིར། གནས་མེད་ནས་མིང་མེད་ཀྱི་བར་གྱི་རྣམ་པ་བཞི་ཆོས་ཅན། ཀུན་བདེན་གྱི་རྣམ་པ་ཡིན་ཏེ། དེའི་མཚན་ཉིད་སོགས་ལ། འགྲོ་བ་མེད་པ་ནས་སྐྱེ་བ་མེད་པའི་བར་གྱི་རྣམ་པ་བཞི་ཆོས་ཅན། འགོག་བདེན་གྱི་རྣམ་པ་ཡིན་ཏེ། དེའི་མཚན་ཉིད་སོགས་སོ། །ཉོན་སྒྲིབ་སོགས་ལ། གཞི་ཤེས་ཀྱིས་བསྡུས་པའི་ལམ་བདེན་ཆོས་ཅན། དབྱེ་ན་གསུམ་ཡོད་དེ། ཉོན་སྒྲིབ་ཀྱི་གཉེན་པོ་ཟག་མེད་དང་། ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོ་སྒོམ་ལམ་ཟག་བཅས་དང་མཐོང་ལམ་ཟག་མེད་གཉིས་ཡོད་པའི་ཕྱིར། ཁྱོད་ལ་ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོ་འབྱེད་པ་མ་འབྲེལ་བ་མ་ཡིན་ཏེ། ཁྱོད་ཀྱི་རང་སངས་རྒྱས་ཀྱི་མངོན་རྟོགས་ཀྱང་བསྡུས་པའི་ཕྱིར། དང་པོ་སོགས་ལ་བྱེད་པ་པོ་མེད་པ་ནས། འདུལ་བ་པོ་མེད་པའི་བར་གྱི་རྣམ་པ་བཞི་ཆོས་ཅན། ལམ་བདེན་གྱི་རྣམ་པ་ཡིན་ཏེ། དེའི་མཚན་ཉིད་སོགས་སོ། །གཉིས་པ་སོགས་ལ། རྨི་ལམ་ནས་སྒྱུ་མའི་བར་གྱི་རྣམ་པ་ལྔ་ཆོས་ཅན། ཤེས་སྒྲིབ་གཟུང་རྟོག་སྤྱིའི་གཉེན་པོ་ཡིན་ཏེ། ཕྱི་གཟུང་བ་རང་བཞིན་མེད་པར་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། གསུམ་པ་སོགས་ལ། ཀུན་ནས་ཉོན་མོངས་པ་མེད་པ་ནས། མི་གཡོ་བའི་བར་གྱི་རྣམ་པ་དྲུག་ཆོས་ཅན། སྤང་བྱ་སོ་སོར་ངེས་པའི་གཉེན་པོ་ཡིན་ཏེ། རང་གི་ལོག་ཕྱོགས་སུ་སྒྲོ་འདོགས་པའི་མི་མཐུན་ཕྱོགས་བྱེ་བྲག་ངེས་པའི་གཉེན་པོ་ཡིན་པའི་ཕྱིར། རྒྱུ་དང་ལམ་དང་སོགས་ལ། སྐབས་འདིའི་བདེན་བཞིའི་གོ་རིམ་ཆོས་ཅན། སྐབས་གཞན་གྱི་བདེན་བཞིའི་གོ་རིམ་དང་མི་མཐུན་པས་སྐྱོན་ཅན་མ་ཡིན་ཏེ། ཀུན་བྱང་གི་ཕྱོགས་ལ་བརྟེན་པའི་རྒྱུ་འབྲས་དོན་གྱིས་གོ་རིམ་ཡིན་པའི་ཕྱིར། ལམ་ཤེས་ཀྱི་རྣམ་པ་ཆོས་ཅན། སུམ་ཅུ་རྩ་དྲུག་ཡོད་དེ། ཀུན་བདེན་གྱི་བརྒྱད། ལམ་བདེན་གྱི་བདུན། སྡུག་བདེན་གྱི་ལྔ། འགོག་བདེན་གྱི་བཅུ་དྲུག་རྣམས་སུ་ཡོད་པའི་ཕྱིར། འདོད་ཆགས་དང་བྲལ་བ་སོགས་ལ། འདོད་ཆགས་དང་བྲལ་བ་ནས་སེམས་ཅན་མེད་པའི་བར་གྱི་རྣམ་པ་བརྒྱད་ཆོས་ཅན། ཀུན་བདེན་གྱི་རྣམ་པ་ཡིན་ཏེ། དེའི་མཚན་ཉིད་ལ་མངོན་པར་ཞེན་པའི་གཉེན་པོར་གྱུར་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། རྒྱུ་གང་ཡིན་པ་སོགས་ལ། མ་འོངས་པའི་ཕུང་པོ་སོགས་ལ་འདུན་པ་དང་། ད་ལྟར་བ་ལ་ཆགས་པ་དང་། ཡང་སྲིད་ལ་མངོན་པར་དགའ་བ་ཆོས་ཅན། རྒྱུ་ཡིན་ཏེ། ཡང་སྲིད་འབྱུང་བྱེད་ཡིན་པའི་ཕྱིར། འདོད་ཆགས་སོགས་གསུམ་ཆོས་ཅན། ཀུན་འབྱུང་ཡིན་ཏེ། ཡང་སྲིད་ཀྱི་ལས་སོག་བྱེད་ཡིན་པའི་ཕྱིར། ཚུལ་མིན་ཡིད་བྱེད་ཀྱི་ཀུན་རྟོག་ཆོས་ཅན། རབ་སྐྱེ་ཡིན་ཏེ། ཆགས་སོགས་སྐྱེད་བྱེད་ཡིན་པའི་ཕྱིར། སེམས་ཅན་དུ་མངོན་པར་ཞེན་པ་ཆོས་ཅན། རྐྱེན་ཡིན་ཏེ། ཉོན་མོངས་ཀུན་བསྐྱེད་བྱེད་ཡིན་པའི་ཕྱིར། ཚད་མེད་སོགས་ལ། ཚད་མེད་ནས་ཆགས་མེད་ཀྱི་བར་གྱི་རྣམ་པ་བདུན་ཆོས་ཅན། ལམ་བདེན་གྱི་རྣམ་པ་ཡིན་ཏེ། དེའི་མཚན་ཉིད་ལ་ལོག་ཕྱོགས་སུ་སྒྲོ་འདོགས་སེལ་བྱེད་ཡིན་པའི་ཕྱིར། ཚད་མེད་དང་མཐའ་གཉིས་དང་མ་འབྲེལ་བའི་རྣམ་པ་ཆོས་ཅན། ལམ་བདེན་ལ་ལམ་གྱི་རྣམ་པ་ཡིན་ཏེ། སེམས་ཅན་ལ་ཐར་པའི་གོ་སྐབས་འབྱེད་པ་དང་ཇི་ལྟར་གོ་སྐབས་འབྱེད་པའི་རྒྱུ་མཚན་ཡིན་པའི་ཕྱིར། ཐ་མི་དད་དང་མཆོག་དུ་འཛིན་པ་མེད་པའི་རྣམ་པ་ཆོས་ཅན། རིགས་པའི་རྣམ་པ་ཡིན་ཏེ། ཆོས་དབྱིངས་ཐ་མི་དད་དུ་རྟོགས་པའི་རིགས་པ་དང་། དེའི་རྒྱུ་མཚན་ཡིན་པའི་ཕྱིར། རྣམ་པར་མི་རྟོག་པ་དང་གཞལ་དུ་མེད་པའི་རྣམ་པ་ཆོས་ཅན། སྒྲུབ་པའི་རྣམ་པ་ཡིན་ཏེ། རྣམ་རྟོག་ཉེ་བར་ཞི་བའི་སྒྲུབ་པ་དང་ཇི་ལྟར་སྒྲུབ་པའི་རྒྱུ་མཚན་ཡིན་པའི་ཕྱིར། ཆགས་པ་མེད་པའི་རྣམ་པ་ཆོས་ཅན། ངེས་འབྱིན་གྱི་རྣམ་པ་ཡིན་ཏེ། ཆོས་གང་ལའང་ཆགས་པ་མེད་པས་གདོན་མི་ཟ་བར་མྱ་ངན་ལས་འདས་པར་འབྱིན་བྱེད་ཡིན་པའི་ཕྱིར། མི་རྟག་པ་སོགས་ལ། མི་རྟག་པ་ནས་མཚན་ཉིད་མེད་པའི་བར་གྱི་རྣམ་པ་ལྔ་ཆོས་ཅན། སྡུག་བདེན་གྱི་རྣམ་པ་ཡིན་ཏེ། སྡུག་བདེན་གྱི་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་ལ་ལོག་ཕྱོགས་སུ་སྒྲོ་འདོགས་གཅོད་བྱེད་ཡིན་པའི་ཕྱིར། འགོག་པའི་སོགས་ལ། ནང་དང་ཕྱི་དང་གཉིས་ཀ་སྟོང་པ་ཉིད་ཀྱི་རྣམ་པ་གསུམ་ཆོས་ཅན། འགོག་བདེན་གྱི་འགོག་པའི་རྣམ་པའི་ངོ་བོ་ཡིན་ཏེ། ཟག་བཅས་ཀྱི་དངོས་པོ་མ་ལུས་པ་འགག་པས་རབ་ཏུ་ཕྱེ་བའི་ཆོས་ཉིད་ཀྱི་རྣམ་པ་ཡིན་པའི་ཕྱིར། ཞི་བའི་རྣམ་པ་སོགས་ལ། སྟོང་པ་ཉིད་སྟོང་པ་ཉིད་ནས་དོར་བ་མེད་པ་སྟོང་པ་ཉིད་ཀྱི་བར་གྱི་རྣམ་པ་བརྒྱད་ཆོས་ཅན། ཞི་བའི་རྣམ་པའི་ངོ་བོ་ཉིད་ཡིན་ཏེ། བཏགས་པའི་མངོན་ཞེན་གྱི་དྲི་མ་ཞི་བས་ཕྱེ་བའི་ཆོས་ཉིད་ཀྱི་རྣམ་པ་ཡིན་པའི་ཕྱིར། གྱ་ནོམ་གྱི་སོགས་ལ་རང་བཞིན་སྟོང་པ་ཉིད་ཀྱི་རྣམ་པ་ཆོས་ཅན། གྱ་ནོམ་པའི་རྣམ་པའི་ངོ་བོ་ཡིན་ཏེ། བྱེད་པ་པོ་གཞན་གྱིས་མ་བྱས་པར་རང་བཞིན་གྱིས་སྐྱོན་དང་བྲལ་བའི་ཆོས་ཉིད་ཀྱི་རྣམ་པ་ཡིན་པའི་ཕྱིར། ངེས་པར་འབྱུང་བའི་སོགས་ལ་ཆོས་ཐམས་ཅད་རང་གི་མཚན་ཉིད་དང་མི་དམིགས་པ་སྟོང་པ་ཉིད་ཀྱི་རྣམ་པ་གསུམ་ཆོས་ཅན། ཇི་ལྟར་ངེས་པར་འབྱུང་བའི་རྣམ་པ་ཡིན་ཏེ། མཚན་གཞི་མཚན་ཉིད་དུས་རྣམས་སུ་འཁྲུལ་པའི་ཞེན་པ་གསུམ་བཀག་པས་རབ་ཏུ་ཕྱེ་བའི་ཆོས་ཉིད་ཀྱི་རྣམ་པ་ཡིན་པའི་ཕྱིར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་ཆོས་ཅན། གང་ངེས་པར་འབྱུང་བའི་རྣམ་པ་ཡིན་ཏེ། ངེས་པར་འབྱུང་བའི་རང་བཞིན་དུ་གྱུར་པའི་ཆོས་ཉིད་ཀྱི་རྣམ་པ་ཡིན་པའི་ཕྱིར། དེ་ལྟར་སོགས་ལ། སྟོང་ཉིད་བཅུ་དྲུག་གི་རྣམ་པ་ཆོས་ཅན། འགོག་བདེན་གྱི་རྣམ་པ་ཡིན་ཏེ། དེའི་མཚན་ཉིད་ལ་ལོག་ཕྱོགས་སུ་སྒྲོ་འདོགས་སེལ་བྱེད་ཡིན་པའི་ཕྱིར། དྲན་པ་ཉེར་བཞག་སོགས་ལ། རྣམ་མཁྱེན་གྱི་རྣམ་པ་ཆོས་ཅན། བརྒྱ་དང་བཅུར་དབྱེར་ཡོད་དེ། གཞི་ཤེས་ཀྱི་སོ་བདུན། ལམ་ཤེས་ཀྱི་སོ་བཞི། རྣམ་མཁྱེན་གྱི་ཐུན་མོང་མ་ཡིན་པའི་རྣམ་པ་སོ་དགུ་རྣམས་སུ་ཡོད་པའི་ཕྱིར། དངོས་པོ་ལ་རྟོག་པའི་ལམ་སོགས་ལ། དྲན་པ་ཉེར་བཞག་བཞི་ཆོས་ཅན། དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་ཡིན་ཏེ། བདེན་བཞི་ལ་འཇུག་པའི་ཆེད་དུ། ལུས་སོགས་ཆོས་བཞི་ལ་རང་སྤྱིའི་མཚན་ཉིད་ཀྱིས་ཡོངས་སུ་རྟོག་པའི་ཤེས་རབ་ཡིན་པའི་ཕྱིར། དེའི་འོག་ཏུ་རྩོལ་བ་ལས་བྱུང་བའི་སོགས་ལ། ཡང་དག་སྤོང་བ་བཞི་ཆོས་ཅན། རྩོལ་བ་ལས་བྱུང་བའི་ལམ་ཡིན་ཏེ། སྤང་གཉེན་ཉམས་པ་དང་འཕེལ་བའི་རྒྱུར་གྱུར་པའི་བརྩོན་འགྲུས་ཡིན་པའི་ཕྱིར། ཏིང་ངེ་འཛིན་ཡོངས་སུ་སྦྱོང་སོགས་ལ། རྫུ་འཕྲུལ་རྐང་བཞི་ཆོས་ཅན། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་ཡིན་ཏེ། སེམས་ལས་སུ་རུང་བར་བྱེད་པའི་ཏིང་ངེ་འཛིན་ཡིན་པའི་ཕྱིར། མངོན་པར་རྟོགས་པའི་སྦྱོར་བའི་སོགས་ལ། དྲོད་རྩེས་བསྡུས་པའི་དད་སོགས་དབང་པོ་ལྔ་ཆོས་ཅན། མངོན་པར་རྟོགས་པར་སྦྱོར་བའི་ལམ་ཡིན་ཏེ། འཕགས་ལམ་སྐྱེད་པ་ལ་དབང་བྱེད་པའི་ལམ་ཡིན་པའི་ཕྱིར། མངོན་པར་རྟོགས་པ་དང་འབྲེལ་སོགས་ལ། བཟོད་མཆོག་གིས་བསྡུས་པའི་དད་སོགས་སྟོབས་ལྔ་ཆོས་ཅན། མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་ཡིན་ཏེ། མི་མཐུན་ཕྱོགས་ཟིལ་གྱིས་མནོན་པའི་སྒོ་ནས་འཕགས་ལམ་སྐྱེད་པ་ལ་དབང་བྱེད་པའི་ལམ་ཡིན་པའི་ཕྱིར། མངོན་པར་རྟོགས་པའི་ལམ་སོགས་ལ། བྱང་ཆུབ་ཡན་ལག་བདུན་ཆོས་ཅན། མངོན་པར་རྟོགས་པའི་ལམ་ཡིན་ཏེ། བདེན་པའི་དེ་ཁོ་ན་ཉིད་སྔར་མེད་གསར་དུ་རྟོགས་པས་རབ་ཏུ་ཕྱེ་བའི་ལམ་ཡིན་པའི་ཕྱིར། རྣམ་པར་དག་པ་སོགས་ལ། འཕགས་ལམ་ཡན་ལག་བརྒྱད་ཆོས་ཅན། རྣམ་དག་ངེས་འབྱིན་གྱི་ལམ་ཡིན་ཏེ། བདེན་པའི་ཆོས་ཉིད་མཐོང་ཟིན་གོམས་པར་བྱེད་པའི་ལམ་ཡིན་པའི་ཕྱིར། གཉེན་པོའི་ལམ་སོགས་ལ། འཕགས་ལམ་གྱིས་བསྡུས་པའི་སྟོང་པ་བདག་མེད་ཀྱི་རྣམ་པ་ཆོས་ཅན། ལྟ་བས་བྱས་པའི་གཉེན་པོ་ཡིན་ཏེ། བདག་དང་བདག་གིར་ལྟ་བའི་དངོས་གཉེན་ཡིན་པའི་ཕྱིར། སྟོང་པ་ཉིད་ཀྱི་རྣམ་པ་ཡིན་ཏེ། ངོ་བོ་དང་དོན་གཞན་གྱི་བདག་གིས་སྟོང་པར་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། འགོག་པ་དང་ལམ་གྱི་རྣམ་པ་བརྒྱད་ཆོས་ཅན། འཇིག་ལྟའི་རྒྱུ་ལས་བྱུང་བའི་རྣམ་རྟོག་གི་གཉེན་པོ་ཡིན་ཏེ། ཐར་པ་དང་། དེའི་ཐབས་ལ་ཕྱིན་ཅི་ལོག་ཏུ་རྟོག་པའི་དངོས་གཉེན་ཡིན་པའི་ཕྱིར། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཡིན་ཏེ། གང་གི་མཚན་མ་མེད་པ་དང་། མཚན་མ་མེད་པ་གང་ཡིན་པའི་ངོ་བོ་ཇི་ལྟ་བ་བཞིན་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། ཀུན་བདེན་གྱི་རྣམ་པ་བཞི་དང་མི་རྟག་སྡུག་བསྔལ་གྱི་རྣམ་པ་ཆོས་ཅན། ཁམས་གསུམ་ལ་སྨོན་པའི་གཉེན་པོ་ཡིན་ཏེ། འཁོར་བ་རྒྱུ་འབྲས་ཀྱི་ཉེས་དམིགས་ཇི་ལྟ་བ་བཞིན་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ཡིན་ཏེ། རྟགས་སྔ་མའི་ཕྱིར་རོ། །དེ་ལྟར་སོགས་ལ། རྣམ་ཐར་སྒོ་གསུམ་ཆོས་ཅན། གཉེན་པོའི་ལམ་ཡིན་ཏེ། ཐར་པའི་གེགས་ཀྱི་གཙོ་བོ་གསུམ་སྤོང་བྱེད་ཀྱི་ལམ་ཡིན་པའི་ཕྱིར། སྤྲུལ་པའི་ལམ་སོགས་ལ། གཟུགས་ཅན་གཟུགས་ལ་ལྟ་བ་དང་། གཟུགས་མེད་གཟུགས་ལ་བལྟ་བའི་རྣམ་ཐར་ཆོས་ཅན། སྤྲུལ་པའི་ལམ་ཡིན་ཏེ། ཕྱི་རོལ་གྱི་གཟུགས་འདོད་རྒུར་སྤྲུལ་སྒྱུར་མི་ནུས་པའི་སྒྲིབ་པ་སྤོང་བྱེད་ཀྱི་ལམ་ཡིན་པའི་ཕྱིན། གཟུགས་སྡུག་པ་དང་སོགས་ལ། སྡུག་པའི་རྣམ་ཐར་ཆོས་ཅན། སྡུག་མི་སྡུག་སྤྲུལ་པ་ལ་དགའ་མི་དགའི་མཉེན་པོ་ཡིན་ཏེ། གཟུགས་སྡུག་མི་སྡུག་བར་མ་རྣམས་སྡུག་པར་རོ་གཅིག་དུ་མོས་པར་བྱེད་པའི་རྣམ་ཐར་ཡིན་པའི་ཕྱིར། མཐོང་བའི་ཆོས་སོགས་ལ། གཟུགས་མེད་ཀྱི་སྙོམས་འཇུག་བཞི་དང་འགོག་སྙོམས་ཆོས་ཅན། མཐོང་ཆོས་ལ་བདེར་གནས་ཀྱི་ལམ་ཡིན་ཏེ། བྱང་འཕགས་མཐོང་ཆོས་ལ་ཏིང་ངེ་འཛིན་གྱི་བདེན་པ་ལ་གནས་པའི་ཕྱིར། སྙོམས་པར་འཇུག་གིས་དེ་དག་གི་རྣམ་སྨིན་སྔོན་དུ་བྱ་བའི་ཕྱིར་མི་འཇུག་པའི་ཕྱིར། འཇིག་རྟེན་ལས་འདས་པའི་ལམ་སོགས་ལ། འདས་ལམ་གྱིས་བསྡུས་པའི་མཐར་གནས་ཀྱི་སྙོམས་འཇུག་དགུ་ཆོས་ཅན། འཇིག་རྟེན་ལས་འདས་པའི་ལམ་ཡིན་ཏེ། འཕགས་པ་ཁོ་ནའི་རྒྱུད་ལ་སྐྱེ་བའི་ལམ་ཡིན་པའི་ཕྱིར། སྤོང་བའི་ལམ་སོགས་ལ། མཐོང་ལམ་ཆོས་བཟོད་བཞི་ཆོས་ཅན། སྤོང་བའི་ལམ་ཡིན་ཏེ། མཐོང་སྤང་གི་དངོས་གཉེན་ཡིན་པའི་ཕྱིར། སངས་རྒྱས་ཀྱི་ལམ་སོགས་ལ། ཕར་ཕྱིན་བཅུ་ཆོས་ཅན། སངས་རྒྱས་ཉིད་ཀྱི་ལམ་ཡིན་ཏེ། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལམ་ཡིན་པའི་ཕྱིར། རྣམ་མཁྱེན་སོགས་ལ། རྣམ་མཁྱེན་གྱི་རྣམ་པ་སོ་དགུ་པོ་ཆོས་ཅན། ཐུན་མོང་མ་ཡིན་པའི་ལམ་ཡིན་ཏེ། འཕགས་ཆུང་འོག་མ་གསུམ་ལས་ཕུལ་དུ་བྱུང་བའི་ཁྱད་པར་གྱི་ལམ་ཡིན་པའི་ཕྱིར། དེ་ལ་ནི་གནས་དང་སོགས་ལ། སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། གནས་དང་གནས་མིན་མཁྱེན་པའི་སྟོབས་ཡིན་ཏེ། ཀུན་བྱང་གིས་བསྡུས་པའི་རྒྱུ་འབྲས་ཀྱི་ཡུལ་ལ་ཆགས་ཐོགས་མེད་པའི་ཡེ་ཤེས་ཡིན་པའི་ཕྱིར། ལས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས་ཡིན་ཏེ། རྣམ་སྨིན་གྱི་ངོ་བོ་དང་རབ་དབྱེ་རྒྱ་ཆེན་པོ་ཆགས་ཐོགས་མེད་པར་མཁྱེན་པའི་ཡེ་ཤེས་ཡིན་པའི་ཕྱིར། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཡིན་ཏེ། གདུལ་བྱ་བྱང་ཆུབ་གསུམ་གང་ལ་གང་མོས་ཀྱི་ཡུལ་ལ་ཆགས་ཐོགས་མེད་པར་མཁྱེན་པའི་ཡེ་ཤེས་ཡིན་པའི་ཕྱིར། ཁམས་དུ་མ་མཁྱེན་པའི་སྟོབས་ཡིན་ཏེ། ངེས་མ་ངེས་ཀྱི་རིགས་སྣ་ཚོགས་ཆགས་ཐོགས་སོགས་སོ། །དབང་པོ་མཆོག་དང་མཆོག་མིན་མཁྱེན་པའི་སྟོབས་ཡིན་ཏེ། གདུལ་བྱའི་དབང་པོ་རབ་འབྲིང་ཐ་མ་གསུམ་ཆགས་ཐོགས་མེད་སོགས་སོ། །ཀུན་ཏུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཡིན་ཏེ། ཐེག་པ་གསུམ་དང་འགྲོ་བ་ལྔ་བགྲོད་པར་བྱེད་པའི་ལམ་ཆགས་ཐོགས་མེད་སོགས་སོ། །ཀུན་འབྱུང་མཁྱེན་པའི་སྟོབས་ཡིན་ཏེ། བསམ་གཏན་སྙོམས་འཇུག་སོགས་ཀྱི་རོ་མྱང་ཉེས་དམིགས་ངེས་འབྱུང་རྣམས་ཆགས་ཐོགས་མེད་སོགས་སོ། །སྔོན་གནས་རྗེས་དྲན་གྱི་སྟོབས་ཡིན་ཏེ། རང་གཞན་གྱི་ཚེ་རབས་སྔ་མའི་གནས་སྐབས་ལ་ཆགས་ཐོགས་སོགས་སོ། །འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་ཡིན་ཏེ། འགྲོ་བ་མཐའ་དག་མ་འོངས་པའི་སྐྱེ་བར་འཇུག་པའི་གནས་སྐབས་ལ་ཆགས་ཐོགས་མེད་སོགས་སོ། །

ཟག་ཟད་མཁྱེན་པའི་སྟོབས་ཡིན་ཏེ། ཐེག་པ་གསུམ་གྱི་རྣམ་གྲོལ་ལམ་ལ་ཆགས་ཐོགས་མེད་པར་འཇུག་པའི་ཡེ་ཤེས་ཡིན་པའི་ཕྱིར། ང་ནི་སངས་རྒྱས་སོགས་ལ། མི་འཇིགས་པའི་རྣམ་པ་ཡིན་ཏེ། འཁོར་གྱི་ནང་དུ་རང་དོན་སྤངས་རྟོགས་ཕུན་ཚོགས་དང་། གཞན་དོན་ངེས་འབྱུང་ལམ་དང་། དེའི་མི་མཐུན་ཕྱོགས་སྟོན་པ་ལ་ཆོས་མཐུན་གྱི་རྒོལ་བ་མེད་པའི་ཡེ་ཤེས་ཡིན་པའི་ཕྱིར། འཁྲུལ་པ་སོགས་ལ། འཁྲུལ་པ་མི་མངའ་བ་ནས་མ་བརྟགས་པའི་བཏང་སྙོམས་མི་མངའ་བའི་བར་གྱི་རྣམ་པ་དྲུག་ཆོས་ཅན། སྤྱོད་པས་བསྡུས་པའི་སངས་རྒྱས་ཀྱི་མ་འདྲེས་པ་ཡིན་ཏེ། སྒོ་གསུམ་གྱི་གནས་ངན་ལེན་མ་ལུས་པར་སྤངས་པའི་སྒོ་ནས་ཉན་རང་ལས་སྤྱོད་པ་ཁྱད་པར་དུ་འཕགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། འདུན་པ་སོགས་ལ། འདུན་པ་ནས་རྣམ་གྲོལ་གྱི་བར་ཉམས་པ་མི་མངའ་བའི་རྣམ་པ་དྲུག་ཆོས་ཅན། རྟོགས་པས་བསྡུས་པའི་མ་འདྲེས་པ་ཡིན་ཏེ། ཉམས་པ་དྲུག་མི་མངའ་བའི་སྒོ་ནས་ཉན་རང་ལས་རྟོགས་པ་ཁྱད་པར་བྱེད་པའི་སངས་རྒྱས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། སྐུ་དང་ཞེས་སོགས་ལ། སྒོ་གསུམ་གྱི་ཕྲིན་ལས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲངས་པའི་རྣམ་པ་ཆོས་ཅན། ཕྲིན་ལས་མ་འདྲེས་པ་ཡིན་ཏེ། ལུང་མ་བསྟན་གྱི་སྒོ་གསུམ་གྱི་ལས་སྤངས་པའི་སྒོ་ནས་ཉན་རང་ལས་ཕྲིན་ལས་ཁྱད་པར་བྱེད་པའི་སངས་རྒྱས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། འདས་པ་དང་ཞེས་སོགས་ལ། དུས་གསུམ་གྱི་ཤེས་བྱ་ལ་ཆགས་ཐོགས་མེད་པའི་ཡེ་ཤེས་ཀྱི་རྣམ་པ་གསུམ་ཆོས་ཅན། ཡེ་ཤེས་མ་འདྲེས་པ་ཡིན་ཏེ། དུས་གསུམ་གྱི་ཤེས་བྱ་འདོད་པ་ཙམ་གྱིས་ཤེས་ཤིང་རྣམ་པ་ཐམས་ཅད་ཤེས་པའི་སྒོ་ནས་ཉན་རང་ལས་ཡེ་ཤེས་ཁྱད་པར་དུ་འཕགས་པར་བྱེད་པའི་སངས་རྒྱས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། སངས་རྒྱས་ཐམས་ཅད་སོགས་ལ། མི་གནས་པའི་མྱང་འདས་ཆོས་ཅན། སངས་རྒྱས་ཀྱིས་བཤད་པའི་དེ་བཞིན་ཉིད་ཡིན་ཏེ། དུས་གསུམ་གྱི་སངས་རྒྱས་རྣམས་ཁྱོད་སྔོན་དུ་བྱ་བའི་ཕྱིར་དུ་གདུལ་བྱ་ལ་ཆོས་འཁོར་བསྐོར་བའི་དེ་བཞིན་ཉིད་ཡིན་པའི་ཕྱིར། ཆོས་ཐམས་ཅད་ལ་སོགས་ལ། འབྲས་ཡུམ་ཆོས་ཅན། ཆོས་ཐམས་ཅད་ལ་མངའ་བསྒྱུར་པའི་རང་བྱུང་ཡིན་ཏེ། གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་ཆོས་འཁོར་བསྐོར་བའི་ཡེ་ཤེས་ཡིན་པའི་ཕྱིར། རྣམ་པ་ཐམས་ཅད་སོགས་ལ། སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཆོས་ཅན། སངས་རྒྱས་ཀྱི་རྣམ་པ་ཡིན་ཏེ། ཤེས་བྱ་ཇི་སྙེད་པའི་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡེ་ཤེས་ཡིན་པའི་ཕྱིར། ཐམས་ཅད་ཤེས་པ་ཉིད་སོགས་ལ། ཉན་རང་གི་རྒྱུད་ཀྱི་གཞི་ཤེས་ཀྱི་རྣམ་པ་ཆོས་ཅན། ཉོན་མོངས་པའི་ཟག་མེད་ཡིན་ཏེ། ཉོན་མོངས་པ་ཆེད་དུ་གཉེར་ནས་སྤོང་བའི་ལམ་ཡིན་པའི་ཕྱིར། བྱང་སེམས་ཀྱི་རྒྱུད་ཀྱི་གཞི་ཤེས་ཆོས་ཅན། ཉོན་མོངས་པའི་ཟག་བཅས་ཡིན་ཏེ། དེ་ཆེད་དུ་གཉེར་ནས་མི་སྤོང་བའི་ལམ་ཡིན་པའི་ཕྱིར། བྱང་སེམས་ཀྱི་ལམ་ཤེས་ཆོས་ཅན། རྟགས་དང་སྒྲུབ་བྱ་སྔ་མ་ལྟར་རོ། །ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་ཆོས་ཅན། ཟག་མེད་ཡིན་ཏེ། སྒྲིབ་གཉིས་ཀྱི་བག་ཆགས་དང་བཅས་པ་སྤངས་པའི་ལམ་ཡིན་པའི་ཕྱིར། སངས་རྒྱས་སོགས་ལ། འདས་དང་ད་ལྟར་གྱི་སངས་རྒྱས་རྣམས་ལ་དགེ་བའི་རྩ་བ་བསྐྲུན་ཞིང་སྦྱངས་པའི་གང་ཟག་ཆོས་ཅན། ཤེར་ཕྱིན་གྱི་གཞུང་ཉན་པའི་སྣོད་ཡིན་ཏེ། དེའི་ཚིག་དོན་ཐོས་ཤིང་རྟོགས་སུ་རུང་བ་དེ་ཡིན་པའི་ཕྱིར། སངས་རྒྱས་རྟེན་སོགས་ལ། སྒོ་གསུམ་གྱི་བསྙེན་བཀུར་གྱིས་སངས་རྒྱས་མཉེས་པར་བྱེད་པའི་གང་ཟག་ལྷ་སྦྱིན་ཆོས་ཅན། ཡུམ་གྱི་གཞུང་འཛིན་པའི་སྣོད་ཡིན་ཏེ། དེ་ལྟ་བུའི་གང་ཟག་ཡིན་པའི་ཕྱིར། སངས་རྒྱས་ལ་ཐེ་ཚོམ་གྱི་དོན་འདྲི་བ་དང་། སྦྱིན་སོགས་སྒྲུབ་པ་དང་ལྡན་པའི་ལྷ་སྦྱིན་ཆོས་ཅན། རིམ་བཞིན་ཡུམ་གྱི་དོན་ཐོས་བསམ་གྱིས་མི་བརྗེད་པ་དང་། སྒོམ་བྱུང་གིས་ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་ཡིན་ཏེ། དེ་ལྟ་བུའི་གང་ཟག་ཡིན་པའི་ཕྱིར། གཟུགས་ལ་སོགས་ལ་མི་གནས་སོགས་ལ། བྱང་སེམས་ཀྱི་ཡུམ་སྦྱོར་ཆོས་ཅན། མི་གནས་པའི་སྦྱོར་བ་ཡིན་ཏེ། གཟུགས་སོགས་ཀྱི་ཆོས་རྣམས་རང་བཞིན་མེད་པར་རྟོགས་ནས་གནས་བྱར་མི་དམིགས་པའི་སྦྱོར་བ་ཡིན་པའི་ཕྱིར། རྣལ་འབྱོར་བཀག་པའི་སྦྱོར་བ་ཡིན་ཏེ། མི་གནས་པའི་སྦྱོར་བ་དེ་ཉིད་ཀྱང་མི་དམིགས་པའི་རྟོགས་པའི་སྦྱོར་བ་ཡིན་པའི་ཕྱིར། ཟབ་པའི་སྦྱོར་བ་ཡིན་ཏེ། གཞིས་བསྡུས་པའི་གཟུགས་སོགས་ཀྱི་དེ་བཞིན་ཉིད་ཟབ་པར་རྟོགས་པའི་སྦྱོར་བ་ཡིན་པའི་ཕྱིར། གཏིང་དཔག་དཀའ་བའི་སྦྱོར་བ་ཡིན་ཏེ། ལམ་གྱིས་བསྡུས་པའི་གཟུགས་སོགས་ཀྱི་ཆོས་ཉིད་གཏིང་དཔག་དཀའ་བར་རྟོགས་པའི་ཕྱིར། ཚད་མེད་པའི་སྦྱོར་བ་ཡིན་ཏེ། རྣམ་པས་བསྡུས་པའི་གཟུགས་སོགས་ཀྱི་ཆོས་ཉིད་ཚད་མེད་པར་རྟོགས་པའི་ཕྱིར། ཚོགས་ལམ་གྱིས་བསྡུས་པའི་ཡུམ་སྦྱོར་ཆོས་ཅན། ཚོགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ་ཡིན་ཏེ། ཡུམ་ཟབ་མོ་ལ་དངངས་སྐྲག་མངོན་གྱུར་དང་ལྡན་པའི་སྦྱོར་བ་ཡིན་པའི་ཕྱིར། དྲོད་ཀྱིས་བསྡུས་པའི་ཡུམ་སྦྱོར་ཆོས་ཅན། ལུང་བསྟན་པའི་སྦྱོར་བ་ཡིན་ཏེ། ཡུམ་ཟབ་མོ་ལ་དངངས་སྐྲག་མངོན་གྱུར་མི་སྐྱེ་བའི་སྦྱོར་བ་ཡིན་པའི་ཕྱིར། རྩེ་མོས་བསྡུས་པའི་ཡུམ་སྦྱོར་ཆོས་ཅན། ཕྱིར་མི་ལྡོག་པའི་སྦྱོར་བ་ཡིན་ཏེ། དྲོད་ལས་རྟོགས་པ་ཁྱད་པར་ཅན་ཐོབ་ཅིང་ཤེར་ཕྱིན་གྱི་དགེ་རྩ་སྨིན་པའི་སྦྱོར་བ་ཡིན་པའི་ཕྱིར། བཟོད་པས་བསྡུས་པའི་ཡུམ་སྦྱོར་ཆོས་ཅན། ངེས་པར་འབྱུང་བའི་སྦྱོར་བ་ཡིན་ཏེ། ཉན་རང་གི་སར་མི་ལྟུང་བའི་རྒྱུ་ཐབས་ཤེས་ཀྱི་རྟོགས་པ་བརྟན་པོ་ཐོབ་པའི་སྦྱོར་བ་ཡིན་པའི་ཕྱིར། ཆོས་མཆོག་གིས་བསྡུས་པའི་ཡུམ་སྦྱོར་ཆོས་ཅན། བར་ཆད་མེད་པའི་སྦྱོར་བ་ཡིན་ཏེ། གཟུང་འཛིན་གྱི་མཚན་མ་དང་བྲལ་བའི་ཆོས་དབྱིངས་མྱུར་དུ་རྟོགས་པར་འགྱུར་བའི་སྦྱོར་བ་ཡིན་པའི་ཕྱིར། ས་དང་པོས་བསྡུས་པའི་ཡུམ་སྦྱོར་ཆོས་ཅན། བྱང་ཆུབ་དང་ཉེ་བའི་སྦྱོར་བ་ཡིན་ཏེ། ཟག་མེད་ཀྱི་ཆོས་སྔར་མེད་གསར་དུ་སྐྱེ་བའི་རྟེན་དུ་གྱུར་པ་དེ་ཡིན་པའི་ཕྱིར། ས་དང་པོ་ནས་བདུན་པའི་བར་གྱི་ཡུམ་སྦྱོར་ཆོས་ཅན། མྱུར་བའི་སྦྱོར་བ་ཡིན་ཏེ། ཆོས་སྐུའི་མི་མཐུན་ཕྱོགས་གཟུང་འཛིན་གྱི་རྟོག་པ་སྤོང་བའི་སྦྱོར་བ་ཡིན་པའི་ཕྱིར། ས་བརྒྱད་པའི་ཡུམ་སྦྱོར་ཆོས་ཅན། གཞན་དོན་གྱི་སྦྱོར་བ་ཡིན་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་ནུས་ཀྱི་སྦྱོར་བ་ཡིན་པའི་ཕྱིར། འཕེལ་འགྲིབ་མེད་པའི་སྦྱོར་བ་ཡིན་ཏེ། སྐྱོན་ཡོན་ཀུན་རྫོབ་དུ་འཕེལ་འགྲིབ་བྱེད་ཀྱང་དོན་དམ་པར་འཕེལ་འགྲིབ་མེད་པར་རྟོགས་པ་དེ་ཡིན་པའི་ཕྱིར། ཆོས་དང་ཆོས་མིན་མི་མཐོང་བའི་སྦྱོར་བ་ཡིན་ཏེ། དགེ་སྡིག་བླང་དོར་གྱི་ཆོས་རྣམས་ཡང་དག་པར་མི་དམིགས་པའི་སྦྱོར་བ་ཡིན་པའི་ཕྱིར། གཟུགས་སོགས་བསམ་མི་ཁྱབ་དུ་མི་མཐོང་བའི་སྦྱོར་བ་ཡིན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་བསམ་གྱིས་མི་ཁྱབ་པའི་རྣམ་པར་རློམ་པ་མེད་པའི་སྦྱོར་བ་ཡིན་པའི་ཕྱིར། མཚན་གཞི་མཚན་ཉིད་མཚོན་བྱའི་ངོ་བོར་རྣམ་པར་མི་རྟོག་པའི་སྦྱོར་བ་ཡིན་ཏེ། མཚན་གཞི་སོགས་ཆོས་གསུམ་པོ་དེ་དག་མི་དམིགས་པའི་སྦྱོར་བ་ཡིན་པའི་ཕྱིར། ས་དགུ་པའི་ཡུམ་སྦྱོར་ཆོས་ཅན། འབྲས་བུ་རིན་པོ་ཆེ་སྦྱིན་པའི་སྦྱོར་བ་ཡིན་ཏེ། སོ་སོ་ཡང་དག་རིག་བཞིའི་སྒོ་ནས་ཆོས་བསྟན་པས་གདུལ་བྱའི་སྐལ་བ་དང་མཚམས་པར་འབྲས་བུ་ཐོབ་བྱེད་ཀྱི་སྦྱོར་བ་ཡིན་པའི་ཕྱིར། ས་བཅུ་པའི་ཡུམ་སྦྱོར་ཆོས་ཅན། རྣམ་པར་དག་པའི་སྦྱོར་བ་ཡིན་ཏེ། སྒྲིབ་གཉིས་མ་ལུས་པར་སྤངས་པའི་སྦྱོར་བ་ཡིན་པའི་ཕྱིར། དུས་ཚིགས་ཀྱིས་མཚམས་བཅད་ནས་ཡུམ་ལ་ཐོས་སོགས་བྱེད་པའི་ལྷ་སྦྱིན་གྱི་སྦྱོར་བ་ཆོས་ཅན། ས་འཚམས་ཀྱི་སྦྱོར་བ་ཡིན་ཏེ། དེ་ལྟ་བུའི་སྦྱོར་བ་ཡིན་པའི་ཕྱིར། བདུད་ཀྱི་མཐུ་བཅོམ་སོགས་ལ། ཡུམ་གྱི་སྦྱོར་བ་ཕྱིན་ཅི་མ་ལོག་པར་བསྒོམ་པའི་བྱང་སེམས་ཆོས་ཅན། སྐྱེ་བ་ཕྱི་མར་བདུད་ཀྱི་མཐུ་བཅོམ་པའི་ཡོན་ཏན་འཐོབ་སྟེ། ཚེ་འདིར་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་ཡོན་ཏན་ཐོབ་པའི་ཕྱིར། ཕྱི་མར་སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་པའི་ཡོན་ཏན་འབྱུང་སྟེ། འདིར་སྦྱོར་དངོས་རྗེས་གསུམ་ལ་སངས་རྒྱས་ཀྱིས་དགོངས་པའི་ཡོན་ཏན་ཐོབ་པའི་ཕྱིར། ཕྱི་མར་སངས་རྒྱས་ཀྱི་མངོན་དུ་མཛད་པའི་ཡོན་ཏན་འབྱུང་སྟེ། འདིར་ཡེ་ཤེས་ཀྱིས་མཁྱེན་ཅིང་སྤྱན་གྱིས་གཟིགས་པའི་ཡོན་ཏན་ཐོབ་པའི་ཕྱིར། ཕྱི་མ་རྫོགས་པའི་བྱང་ཆུབ་དང་ཉེ་བའི་ཡོན་ཏན་འབྱུང་སྟེ། འདིར་བྱང་ཆུབ་དང་ཉེ་བའི་ཡོན་ཏན་ཐོབ་པའི་ཕྱིར། ཕྱི་མར་སངས་རྒྱས་དང་མི་འབྲལ་བའི་དོན་ཆེན་པོ་སོགས་ཀྱི་ཡོན་ཏན་ཐོབ་སྟེ། འདིར་དེ་དག་དང་རྗེས་སུ་མཐུན་པའི་ཕན་ཡོན་ཆེན་པོ་ཐོབ་པའི་ཕྱིར། ཕྱི་མར་རང་གང་དུ་སྐྱེ་འགྱུར་གྱི་ཡུལ་ལུང་བསྟན་པའི་ཡོན་ཏན་འབྱུང་སྟེ། འདིར་ཤེར་ཕྱིན་གཞན་ལ་བསྟན་པས་སངས་རྒྱས་ཀྱི་བྱ་བ་བྱེད་པའི་ཡོན་ཏན་ཐོབ་པའི་ཕྱིར། ཕྱི་མར་ཟག་མེད་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་ཡོན་ཏན་འབྱུང་སྟེ། འདིར་གཉེན་པོའི་ཆོས་ཤེར་ཕྱིན་གྱི་སྦྱོར་བ་ཡོངས་སུ་རྫོགས་པ་ཐོབ་པའི་ཕྱིར། ༼འདིར་མ་དཔེ་ཅུང་ཟད་ཞིག་མ་གསལ་བས་ཐབས་བྲལ།༽རྣམ་མཁྱེན་གྱི་གཏམ་བརྗོད་པའི་ཡོན་ཏན་ཐོབ་པའི་ཕྱིར། ཕྱི་མར་བདུད་ཀྱིས་མི་ཕྱེད་པའི་ཡོན་ཏན་འབྱུང་སྟེ། འདིར་སངས་རྒྱས་ཀྱིས་སྦྱོར་བ་བསྒོམས་པའི་གྲོགས་མཛད་པ་ཐོབ་པའི་ཕྱིར། ཕྱི་མར་དགེ་རྩ་ཉན་རང་སོགས་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་འབྱུང་སྟེ། འདིར་འཇིག་རྟེན་ལས་འདས་པའི་ཆོས་འཚོལ་བ་སོགས་ཀྱི་དགའ་བ་རྒྱ་ཆེན་པོ་སྐྱེ་བའི་ཕྱིར། ཕྱི་མ་ལ་སེམས་ཅན་བྱང་ཆུབ་ལ་འགོད་པ་སོགས་དམ་བཅའ་བའི་དོན་ཇི་ལྟ་བ་བཞིན་སྒྲུབ་པའི་ཡོན་ཏན་འབྱུང་སྟེ། འདིར་རང་གི་དམ་བཅས་པའི་ཚིག་ལ་སངས་རྒྱས་ཀྱི་རྗེས་སུ་ཡི་རངས་ཐོབ་པའི་ཕྱིར། ཕྱི་མར་རྣམ་སྨིན་རྒྱ་ཆེན་པོ་འཛིན་པའི་ཡོན་ཏན་འབྱུང་སྟེ། འདིར་ཤེར་ཕྱིན་གྱི་ཚིག་དོན་ལ་ངེང་པ་རྙེད་པའི་ཕྱིར། སྐྱོན་གྱི་སོགས་ལ། ཡུམ་གྱི་ཚིག་དོན་ཚེགས་ཆེན་པོས་ཐོབ་པ་ཆོས་ཅན། སྦྱོར་བའི་སྐྱོན་ཡིན་ཏེ། སྦྱོར་བ་སྒོམ་པའི་འགལ་རྐྱེན་ཡིན་པའི་ཕྱིར། བཅུ་ཚན་དང་པོ་གཉིས་ལ་དེ་བཞིན་དུ་སྦྱར་རོ། །དཔོན་སློབ་གང་རུང་ཡུམ་འབྲི་བ་སོགས་ལ་འདུན་པ་དང་ལྡན་ཞིང་། གང་རུང་སྙོམས་ལས་དང་ལྡན་པ་ཆོས་ཅན། སྦྱོར་བའི་སྐྱོན་ཡིན་ཏེ། སྦྱོར་བ་སྒོམ་པའི་མཐུན་རྐྱེན་མ་ཚང་བ་ཡིན་པའི་ཕྱིར། གང་གིས་མཚོན་པར་བྱེད་སོགས་ལ། ཤེས་ཁྱད་བྱེད་པ་གསུམ་ཆོས་ཅན། སྦྱོར་བའི་བྱེད་མཚན་སོགས་ཡིན་ཏེ། སྦྱོར་བ་དེ་སངས་རྒྱས་སྐྱེ་བྱེད་དུ་མཚོན་བྱེད་ཡིན་པའི་ཕྱིར། ངོ་བོ་ཉིད་བཅུ་དྲུག་ཆོས་ཅན། སྦྱོར་བའི་ལས་མཚན་ཡིན་ཏེ། ཤེས་ཁྱད་བྱེད་གསུམ་གྱིས་མཚོན་པར་བྱ་བ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་སོགས་ལ་སྐབས་འདིའི་ཤེས་རྣམ་བཅུ་དྲུག་ལ་ཕྲག་གསུམ་ཆོས་ཅན། མཁྱེན་གསུམ་གྱི་སྦྱོར་བའི་ཤེས་རྣམ་ཡིན་ཏེ། མཁྱེན་གསུམ་སྦྱོར་བས་གཞི་དང་ལམ་དང་རྣམ་པའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་རྟོགས་པའི་ཆ་ཡིན་པའི་ཕྱིར། གཞི་ཤེས་སྦྱོར་བས་ཡུམ་ལས་དེ་བཞིན་གཤེགས་པ་འབྱུང་བ་ཤེས་པ་དང་། གཞི་ཤེས་སྦྱོར་བས་ཞེས་ཀུན་ལ་སྦྱར་རོ། །ཕུང་པོ་ལྔའི་འཇིག་རྟེན་དོན་དམ་པར་འཇིགས་པ་མེད་པར་ཤེས་པ་དང་། སེམས་ཅན་གྱི་སེམས་དོན་དམ་པར་སྤྲོས་བྲལ་དུ་ཤེས་པ་དང་། སེམས་ནང་དུ་བསྡུས་པར་དོན་དམ་པར་སྐྱེ་མེད་དུ་ཤེས་པ་དང་། སེམས་ཕྱིར་གཡེངས་པ་སྐྱེ་མེད་དུ་ཤེས་པ་དང་། སེམས་མི་ཟད་པའི་རྣམ་པ་ཤེས་པ་དང་། སེམས་འདོད་ཆགས་དང་བཅས་པ་དང་། འདོད་ཆགས་དང་བྲལ་བར་ཤེས་པ་དང་། སེམས་རྒྱ་ཆེན་པོ་དང་། སེམས་ཆེན་པོ་དང་། སེམས་ཚད་མེད་པ་དང་། སེམས་བསྟན་དུ་མེད་པ་དང་། སེམས་ལྟར་མེད་པ་དང་། སེམས་གཡོ་བ་ལ་སོགས་པ་སྐྱེ་མེད་དུ་ཤེས་པ་དང་། གཡོ་བ་ལ་སོགས་པ་དེ་བཞིན་ཉིད་ཀྱི་རྣམ་པར་ཤེས་པ་དང་། དེ་བཞིན་གཤེགས་པས་དེ་བཞིན་ཉིད་རྟོགས་པ་གཞན་ལ་བསྟན་ཅིང་རྟགས་པ་ཤེས་པ་རྣམས་ཆོས་ཅན། གཞི་ཤེས་ཀྱི་སྦྱོར་བའི་ཤེས་མཚན་ཡིན་ཏེ། གཞི་ཤེས་སྦྱོར་བས་གཞིའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་རྟོགས་པའི་ཆ་ཡིན་པའི་ཕྱིར། སྟོང་པ་ཉིད་སོགས་ལ། ལམ་ཤེས་སྦྱོར་བའི་ཆོས་རྣམས་ཀྱི་རང་གི་ངོ་བོ་སྟོང་པར་ཤེས་པ་སོགས་ཆོས་ཅན། ལམ་ཤེས་སྦྱོར་བའི་ཤེས་མཚན་ཡིན་ཏེ། ལམ་ཤེས་སྦྱོར་བས་ལམ་གྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་རྟོགས་པའི་ཆ་ཡིན་པའི་ཕྱིར། དེ་ནི་ཉིད་ཀྱི་ཆོས་རྟེན་སོགས་ལ། རྣམ་མཁྱེན་སྦྱོར་བས་དེ་བཞིན་གཤེགས་པ་ཉིད་ཀྱིས་མཉེས་པའི་ཆོས་ལ་བརྟེན་ནས་མཐོང་ཆོས་ལ་བདེ་བར་གནས་པ་ཤེས་པ་སོགས་ཆོས་ཅན། རྣམ་མཁྱེན་སྦྱོར་བའི་ཤེས་མཚན་ཡིན་ཏེ། རྣམ་མཁྱེན་སྦྱོར་བའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་དེ་རྟོགས་པའི་ཆ་ཡིན་པའི་ཕྱིར། བརྗོད་ཤེས་མཛད་མངོན་སུམ་མཛད་ལ། རྣམ་མཁྱེན་སྦྱོར་བས་ཡུམ་གྱི་གདུལ་བྱ་ལ་ཐོས་བསམ་གྱི་ཤེས་པ་བསྐྱེད་པའི་དོན་དུ་འཇིག་རྟེན་སྟོང་པ་ཉིད་དུ་བརྗོད་པར་མཛད་པ་ཤེས་པ་དང་། འཇིག་རྟེན་གྱི་སྒོམ་བྱུང་བསྐྱེད་པའི་དོན་དུ། འཇིག་རྟེན་སྟོང་པ་ཉིད་དུ་ཤེས་པར་མཛད་པ་ཤེས་པ་དང་། འཇིག་རྟེན་ལས་འདས་པའི་སྒོམ་བྱུང་བསྐྱེད་པའི་དོན་དུ། འཇིག་རྟེན་སྟོང་པ་ཉིད་དུ་མཐོང་བར་མཛད་པ་རྣམས་ཆོས་ཅན་དུ་བྱས་ནས་རྟགས་ཆོས་སྔ་མ་ལྟར་རོ། །བསམ་མི་ཁྱབ་སོགས་ལ། སྐབས་འདིར་བསྟན་ཁྱད་པར་བཅུ་དྲུག་ཆོས་ཅན། ལམ་ཤེས་དང་རྣམ་མཁྱེན་སྦྱོར་བའི་ཁྱད་མཚན་ཡིན་ཏེ། དེ་དག་ཉན་རང་གི་སྦྱོར་བ་ལས་ཁྱད་པར་ཕགས་པར་མཚོན་བྱེད་ཡིན་པའི་ཕྱིར། བསམ་མི་ཁྱབ་སོགས་ལ། སྐབས་འདིར་བསྟན་ཁྱད་པར་བཅུ་དྲུག་ཆོས་ཅན། ལམ་ཤེས་དང་རྣམ་མཁྱེན་སྦྱོར་བའི་ཁྱད་མཚན་ཡིན་ཏེ། དེ་དག་ཉན་རང་གི་སྦྱོར་བ་ལས་ཁྱད་པར་འཕགས་པར་མཚོན་བྱེད་ཡིན་པའི་ཕྱིར། བསམ་མི་ཁྱབ་ནས་འདས་ཀྱི་བར་ལ། བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་ཆོས་ཅན། ཉན་རང་གི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ལས་ཁྱད་པར་འཕགས་ཏེ། སྡུག་བདེན་གྱི་ཆོས་ཉིད་བསམ་མི་ཁྱབ་སྔར་མེད་གསར་དུ་རྟོགས་པའི་ཤེས་རྣམ་ཡིན་པའི་ཕྱིར། སྐད་ཅིག་མ་ཕྱི་ལ་གསུམ་ཆོས་ཅན། ཉན་རང་གི་སྐད་ཅིག་མ་གསུམ་ལས་ཁྱད་པར་འཕགས་ཏེ། སྡུག་བདེན་གྱི་ཆོས་ཉིད་མི་མཉམ་པ་དང་། ཚད་མས་གཞལ་བ་དང་བགྲང་པ་ལས་འདས་པ་སྔར་མེད་གསར་དུ་རྟོགས་པའི་ཤེས་རྣམ་ཡིན་པའི་ཕྱིར། ཞེས་སོགས་སྦྱར་རོ། །

འཕགས་པ་ཀུན་སྡུད་སོགས་ལ། བྱང་སེམས་ཀྱི་མཐོང་ལམ་ཀུན་འབྱུང་ཆོས་བཟོད་བཞི་ཆོས་ཅན། ཉན་རང་གི་དེ་དག་བཞི་ལས་ཁྱད་པར་འཕགས་ཏེ། རིམ་བཞིན་འཕགས་པ་གསུམ་གྱི་ཡོན་ཏན་ཀུན་བསྡུད་པར་བྱེད་པའི་ཕྱིར་དང་། ཐེག་ཆེན་གྱི་སྐྱེས་བུ་མཁས་པས་རྟོགས་བྱ་ཡིན་པའི་ཕྱིར་དང་། ཉན་རང་གི་སྤྱོད་ཡུལ་མ་ཡིན་པའི་ཆོས་ཅན་དང་ཆོས་ཀྱི་དོན་ཤེས་པའི་ཕྱིར་དང་། རྣམ་མཁྱེན་གྱིས་བསྡུས་པའི་མངོན་ཤེས་མྱུར་དུ་སྐྱེས་པའི་ཕྱིར་རོ། །བྲི་མེད་གང་མེད་སོགས་ལ། བྱང་སེམས་ཀྱི་མཐོང་ལམ་འགོག་པ་ལ་ཆོས་བཟོད་སོགས་བཞི་ཆོས་ཅན། ཉན་རང་གི་དེ་དག་བཞི་ལས་ཁྱད་པར་དུ་འཕགས་ཏེ། རིམ་བཞིན་བདེན་གཉིས་ཀྱི་ཆོས་རྣམས་དོན་དམ་པར་བྲི་གང་མེད་པར་རྟོགས་པའི་ཕྱིར་དང་། འཁོར་གསུམ་རྣམ་པར་དག་པའི་ཕར་ཕྱིན་དྲུག་སྒྲུབ་པའི་ཕྱིར། བསྐལ་པ་དུ་མར་སྒྲུབ་པའི་ཚོགས་གཉིས་ཡང་དག་པར་འགྲུབ་པའི་ཕྱིར། མཐའ་གང་དུ་ཡང་མི་རྟོག་པར་ཆོས་ཐམས་ཅད་ལ་མི་རྟོག་པའི་ཕྱིར། རྟེན་དང་བཅས་པ་སོགས་ལ། བྱང་སེམས་ཀྱི་མཐོང་ལམ་ལམ་ལ་ཆོས་བཟོད་སོགས་བཞི་ཆོས་ཅན། ཉན་རང་གི་དེ་དག་བཞི་ལས་ཁྱད་པར་འཕགས་ཏེ། རིམ་བཞིན་ཐེག་ཆེན་གྱི་སྐྱེ་མཆེད་དྲུག་གི་ཆོས་ཉིད་ལ་བརྟེན་པའི་ཕྱིར་དང་། ཕར་ཕྱིན་བཅུ་ཡོངས་སུ་རྫོགས་པའི་རྒྱུ་ཚོགས་ཡིན་པའི་ཕྱིར་དང་། དགེ་བའི་བཤེས་གཉེན་ཐབས་མཁས་ཀྱིས་ཡོངས་སུ་བཟུང་བའི་ཕྱིར་དང་། བྱང་ཆུབ་ལ་ཆགས་པ་སོགས་དངོས་པོར་མངོན་ཞེན་གྱི་རོ་མྱང་མེད་པའི་ཕྱིར། དེའི་ཕྱིར་དེ་དག་གི་སོགས་ལ། ཉན་རང་གི་མཐོང་ལམ་ཆོས་ཅན། སྐབས་འདིར་བསྟན་གྱི་ཁྱད་པར་བཅུ་དྲུག་དང་མི་ལྡན་ཏེ། སྐབས་འདིའི་ཤེས་བཟོད་བཅུ་དྲུག་གི་འགལ་ཟླར་གྱུར་པའི་ལམ་ཡིན་པའི་ཕྱིར། ཕན་བདེ་སོགས་ལ། ཕན་བདེ་སྐྱོབ་པ་གསུམ་ཆོས་ཅན། གཞི་ཤེས་སྦྱོར་བའི་བྱེད་མཚན་ཡིན་ཏེ། གཞི་ཤེས་སྦྱོར་བས་ཉན་རང་གི་གདུལ་བྱ་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་སྒྲུབ་པའི་ཕྲིན་ལས་མཚོན་བྱེད་ཡིན་པའི་ཕྱིར། སྐབས་སོགས་ཀྱི་བྱེད་པ་བདུན་ཆོས་ཅན། ལམ་ཤེས་སྦྱོར་བའི་བྱེད་མཚན་ཡིན་ཏེ། ལམ་ཤེས་སྦྱོར་བས་ཐེག་པ་གསུམ་གྱི་གདུལ་བྱ་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་སྒྲུབ་པའི་ཕྲིན་ལས་མཚོན་བྱེད་ཡིན་པའི་ཕྱིར། རྟེན་གྱི་མཛད་པ་ཆོས་ཅན། རྣམ་མཁྱེན་སྦྱོར་བའི་བྱེད་མཚན་ཡིན་ཏེ། རྣམ་མཁྱེན་སྦྱོར་བས་སངས་རྒྱས་ཀྱི་གདུལ་བྱའི་སྐལ་བ་དང་མཚམས་པར་ཆོས་འཁོར་བསྐོར་བར་སྒྲུབ་པའི་ཕྲིན་ལས་མཚོན་བྱེད་ཡིན་པའི་ཕྱིར། ཉོན་མོངས་རྟགས་སོགས་ལ། ཉོན་མོངས་རྟགས་སོགས་ཀྱིས་དབེན་པའི་ངོ་བོ་ཉིད་བཞི་ཆོས་ཅན། གཞི་ཤེས་སྦྱོར་བའི་ངོ་བོ་ཡིན་ཏེ། གཞི་ཤེས་ཀྱི་ཤེས་མཚན་བྱེད་མཚན་གཉིས་ཀྱིས་མཚོན་པར་བྱེད་པའི་ཡུལ་ཡིན་པའི་ཕྱིར། དོན་དམ་པར་མེད་པའི་སེམས་ཅན་མྱ་ངན་ལས་འདའ་བ་དཀའ་བ་སོགས་ངོ་བོ་ཉིད་ལྔ་ཆོས་ཅན། ལམ་ཤེས་སྦྱོར་བའི་ངོ་བོ་ཡིན་ཏེ། ལམ་ཤེས་ཀྱི་ཤེས་ཁྱད་བྱེད་གསུམ་གྱིས་མཚོན་པར་བྱ་བའི་ཡུལ་ཡིན་པའི་ཕྱིར། གཞི་ཤེས་ལམ་ཤེས་ཀྱིས་བསྡུས་པའི་དངོས་པོའི་ཁྱད་པར་ལ་དམིགས་པ་སོགས་ངོ་བོ་ཉིད་བདུན་ཆོས་ཅན། རྣམ་མཁྱེན་སྦྱོར་བའི་ངོ་བོ་ཉིད་ཡིན་ཏེ། རྣམ་མཁྱེན་སྦྱོར་བའི་ཤེས་ཁྱད་བྱེད་གསུམ་གྱིས་མཚོན་པར་བྱ་བའི་ཡུལ་ཡིན་པའི་ཕྱིར། མཚན་མེད་རབ་ཏུ་སྦྱིན་སོགས་ལ་ཐེག་ཆེན་ཚོགས་ལམ་གྱིས་བསྡུས་པའི་དད་སོགས་དབང་པོ་ལྔ་ཆོས་ཅན། ཐེག་ཆེན་གྱི་ཐར་པ་ཆ་མཐུན་ཡིན་ཏེ། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་གྱི་ཐེག་ཆེན་གྱི་ཆོས་རྣམས་བསྐྱེད་པའི་ནུས་པ་དང་ལྡན་པའི་གཙོ་བོར་གྱུར་པའི་དད་སོགས་ཡིན་པའི་ཕྱིར། དད་པ་དང་སོགས་ལ། སངས་རྒྱས་ལ་དམིགས་པའི་རབ་ཏུ་དང་བའི་དད་པ་ཚོགས་ལམ་གྱིས་བསྡུས་པ་ཆོས་ཅན་དུ་བྱས་ནས་རྟགས་སྒྲུབ་བྱ་སྔ་མ་ལྟར་རོ། །བརྩོན་འགྲུས་སོགས་ལའང་དེ་བཞིན་ནོ། །

དེ་ལྟ་མདོ་སོགས་ལ་སྐབས་འདིའི་ཐར་པ་ཆ་མཐུན་ཆེ་འབྲིང་གསུམ་ཆོས་ཅན། ཀུན་གྱིས་བླ་མེད་ཐོབ་པ་མ་ཡིན་ཏེ། ཁྱོད་ཀྱི་ནང་ནས་ཐར་ཆ་ཆེན་པོས་བླ་མེད་བྱང་ཆུབ་ཐོབ་ལ་ཆུང་འབྲིང་གིས་མི་འཐོབ་བའི་ཕྱིར། སྐབས་འདིའི་ཐར་ཆ་ཆེན་པོ་ཆོས་ཅན། ཁྱོད་ཀྱིས་བསྡུས་པའི་དད་སོགས་ཀུན་གྱིས་བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པ་མ་ཡིན་ཏེ། ཁྱོད་ཀྱིས་བསྡུས་པའི་དད་སོགས་རྣོན་པོས་བླ་མེད་བྱང་ཆུབ་རྟོགས་སླ་ལ་རྟུལ་པོས་རྟོགས་དཀའ་བའི་ཕྱིར། ཤུགས་ཀྱི་སོགས་ལ། རྫོགས་བྱང་རྣོན་པོས་རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད་པའི་གཞུང་ཆོས་ཅན། རང་རྒྱལ་གྱི་རིགས་ཅན་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཐར་ཆ་འབྲིང་པོས་རང་བྱང་ཆུབ་རྟོགས་ལ་ཉན་ཐོས་ཀྱི་རིགས་ཅན་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཐར་ཆ་ཆུང་ངུས་ཉན་ཐོས་ཀྱི་བྱང་ཆུབ་རྟོགས་སོ་ཞེས་ཤུགས་ལ་འཕངས་ཏེ། ཐེག་ཆེན་གྱི་རིགས་ཅན་གྱི་ཐར་པ་ཆ་མཐུན་ཆེན་པོས་བླ་མེད་བྱང་ཆུབ་ཐོབ་པར་དངོས་སུ་བསྟན་པའི་ཕྱིར། དྲོ་བ་རྣམས་ཀྱི་དམིགས་པ་འདིར་སོགས་ལ། ས་བརྒྱད་པའི་ཡེ་ཤེས་ཆུང་ངུ་ཆོས་ཅན། སྐབས་འདིའི་ངེས་ཆ་དྲོ་བའི་མིང་ཅན་ཡིན་ཏེ། ཀུན་རྫོབ་ཏུ་སེམས་མཉམ་པ་སོགས་རྣམ་པ་བཅུའི་སྒོ་ནས་སེམས་ཅན་ལ་དམིགས་པའི་དག་པའི་ཡེ་ཤེས་ཡིན་པའི་ཕྱིར། སྐབས་འདིའི་ངེས་ཆ་རྩེ་མོའི་མིང་ཅན་ཡིན་ཏེ། རང་དགེ་སྡིག་ལ་བླང་དོར་ཚུལ་བཞིན་བྱེད་པ་ལ་གནས་ནས་གཞན་དེ་ལ་འགོད་པ་དང་། གཞན་དག་བདག་ཉིད་དེ་བཞིན་དུ་ཞུགས་པ་ལ་བསྔགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པའི་རྣམ་པས་སེམས་ཅན་ཐམས་ཅད་ལ་དམིགས་པའི་དག་པའི་ཡེ་ཤེས་ཡིན་པའི་ཕྱིར། སྐབས་འདིའི་ངེས་ཆ་བཟོད་པའི་མིང་ཅན་ཡིན་ཏེ། རང་སྡུག་བསྔལ་ཤེས་པ་སོགས་ལ་གནས་ནས་གཞན་དེ་དག་ལ་འགོད་པ་དང་། གཞན་དེ་བཞིན་དུ་བཞུགས་པ་ལ་ཡང་བསྔགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པའི་རྣམ་པས་སེམས་ཅན་ལ་དམིགས་པའི་དག་པའི་ཡེ་ཤེས་ཡིན་པའི་ཕྱིར། སྐབས་འདིའི་ངེས་ཆ་ཆོས་མཆོག་གི་མིང་ཅན་ཡིན་ཏེ། རང་ཉིད་སེམས་ཅན་སྨིན་གྲོལ་བྱེད་པ་སོགས་ལ་གནས་ནས་གཞན་དེ་བཞིན་དུ་ཞུགས་པ་ལ་བསྔགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པས་སེམས་ཅན་ལ་དམིགས་པའི་དག་པའི་ཡེ་ཤེས་ཡིན་པའི་ཕྱིར། རྣམ་པ་དང་སོགས་ལ། སྐབས་དང་པོ་གསུམ་གྱི་སྦྱོར་མཐོང་སྒོམ་གསུམ་ཆོས་ཅན། སྦྱོར་བ་དང་པོ་གསུམ་གྱི་སྦྱོར་མཐོང་སྒོམ་གསུམ་དང་ཟློས་པའི་སྐྱོན་མེད་དེ། ཁྱོད་སྦྱོར་མཐོང་སྒོམ་གསུམ་མཚན་ཉིད་པ་ཡིན་ལ་སྦྱོར་བ་དང་པོ་གསུམ་གྱི་དེ་མཚན་ཉིད་པ་མིན་པའི་ཕྱིར། ནང་ཕན་ཚུན་བཟློས་པའི་སྐྱོན་མེད་དེ། རྣམ་པ་དང་ལམ་དང་གཞི་རྣམས་སྐྱེ་མེད་དུ་སྒོམ་པའི་ལྡོག་པས་ཕྱེ་ནས་སྐབས་དང་པོ་གསུམ་དུ་གོ་རིམ་བཞིན་བསྟན་པའི་ཕྱིར། རྣམ་པ་ཀུན་མངོན་པར་སོགས་ལ། ཤེས་བྱ་ཆོས་ཅན། སྦྱོར་བ་དང་པོ་གསུམ་གྱི་སྦྱོར་མཐོང་སྒོམ་གསུམ་ལ། བཟློས་པའི་སྐྱོན་མེད་དེ། རྣམ་ཀུན་གྱི་སྦྱོར་མཐོང་སོགས་ས་བརྒྱད་པའི་ཡེ་ཤེས་ཡིན་ཅིང་། རྩེ་མོའི་དེ་དག་ས་དགུ་པ་དང་། བཅུ་པ་ཐོབ་མ་ཐག་དང་། བཅུ་པའི་དཀྱིལ་སྟེང་དང་། མཐར་གྱིས་པའི་དེ་དག་ས་བཅུ་པའི་དཀྱིལ་སྨད་ཀྱི་ཡེ་ཤེས་ཡིན་པའི་ཕྱིར། ས་བརྒྱད་པའི་ཡེ་ཤེས་ཆུང་འབྲིང་ཆེན་པོ་ཆོས་ཅན། སྦྱོར་མཐོང་སྒོ་གསུམ་གྱི་ཐ་སྙད་འདོགས་པའི་རྒྱུ་མཚན་ཡོད་དེ། དེ་དག་ཀྱང་སྔ་ཕྱི་རིམ་ཅན་དུ་སྐྱེ་བར་མཐུན་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། དེའི་དགོས་པ་ཡོད་དེ། ཅིག་ཅར་སྐྱེའམ་སྙམ་པ་དགག་པའི་ཆེད་ཡིན་པའི་ཕྱིར། ངེས་འབྱེད་ཡང་དག་སོགས་ལ། སྦྱོར་མཐོང་སྒོ་གསུམ་གྱི་མིང་ཅན་གྱིས་ས་བརྒྱད་པ་ལ་གནས་པའི་བྱང་སེམས་ཆོས་ཅན། རྫོགས་བྱང་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། དེའི་རྟགས་ཁྱད་པར་ཅན་ཐོབ་པའི་ཕྱིར། གཟུགས་ལ་སོགས་ལ་ལྡོག་སོགས་ལ། གཟུགས་སོགས་ཀྱི་ཆོས་ལ་མངོན་ཞེན་བཟློག་པ་ནས། གོས་ལ་སོགས་པའི་ཡོ་བྱད་གཙང་བའི་བར་གྱི་ལུས་ངག་གི་ཐ་སྙད་བཅུ་གཅིག་པོ་འདི་ཆོས་ཅན། སྐབས་འདིའི་ངེས་ཆ་དྲོད་ཀྱི་མིང་ཅན་ལ་གནས་པའི་བྱང་སེམས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་རྟགས་ཡིན་ཏེ། བྱང་སེམས་དེའི་རྒྱུད་ཀྱི་རྫོགས་བྱང་ཐོབ་ངེས་ཀྱི་ཐབས་ཤེས་ལ་མི་འཁྲུལ་བའི་ལུས་ངག་གི་ཐ་སྙད་ཡིན་པའི་ཕྱིར། ལུས་ལ་སྲིན་པོ་མི་འབྱུང་བ་ནས་གཞན་དོན་དུ་དམྱལ་བ་ཚོལ་བའི་བར་གྱི་ལུས་ངག་གི་ཐ་སྙད་དྲུག་པོ་འདི་ཆོས་ཅན། སྐབས་འདིའི་ངེས་ཆ་རྩེ་མོའི་མིང་ཅན་ལ་གནས་པའི་བྱང་སེམས་གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་རྟགས་ཡིན་ཏེ། བྱང་སེམས་དེའི་སོགས་སོ། །གཞན་གྱི་ལམ་དང་སྐྱབས་གནས་ལ་བཀྲི་བར་མི་བཏུབ་པ་དང་། སངས་རྒྱས་ཀྱི་ལམ་ལྟར་སྣང་སྟོན་པ་ལ་དེ་ལྟར་ཤེས་པའི་ལུས་ངག་གི་ཐ་སྙད་ཆོས་ཅན། སྐབས་འདིའི་ངེས་ཆ་བཟོད་པའི་མིང་ཅན་ལ་གནས་པའི་བྱང་སེམས་གནས་སྐབས་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས་ཡིན་ཏེ། བྱང་སེམས་དེའི་སོགས་སོ། །གནས་སྐབས་ཐམས་ཅད་དུ་སངས་རྒྱས་དགེས་པའི་སྒོ་གསུམ་གྱི་སྤྱོད་པ་ཆོས་ཅན། སྐབས་འདིའི་ངེས་ཆ་ཆོས་མཆོག་གི་མིང་ཅན་ལ་གནས་པའི་བྱང་སེམས་གནས་སྐབས་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས་ཡིན་ཏེ། བྱང་སེམས་དེའི་སོགས་སོ། །མཐོང་བའི་ལམ་ལ་སོགས་ལ། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་མིང་ཅན་གྱི་སྐབས་འདིའི་ལུས་ངག་གི་ཐ་སྙད་བཅུ་དྲུག་ཆོས་ཅན། སྐབས་འདིའི་མཐོང་ལམ་གྱི་མིང་ཅན་གྱི་མངོན་རྟོགས་ལ་གནས་པའི་བྱང་སེམས་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས་ཡིན་ཏེ། བྱང་སེམས་དེའི་སོགས་སོ། །

གཟུགས་སོགས་འདུ་ཤེས་སོགས་ལ། གཟུགས་སོགས་འདུ་ཤེས་ཟློག་པ་ནས་སྐྱེ་བའི་ཡང་དག་ཟད་པའི་བར་གྱི་ལུས་ངག་གི་ཐ་སྙད་བཞི་ཆོས་ཅན། སྐབས་འདིའི་སྡུག་བདེན་གྱི་ཡུལ་ཅན་གྱི་ཤེས་བཟོད་སྐད་ཅིག་མ་བཞིིའི་མིང་ཅན་གྱི་མངོན་རྟོགས་ལ་གནས་པའི་ཕྱིར་མི་ལྡོག་གི་རྟགས་ཡིན་ཏེ། དེའི་སོགས་སོ། །ལུས་སེམས་ཡང་པ་ནས་ཚོ་བ་རྣམ་པར་དག་པའི་བར་གྱི་ལུས་ངག་གི་ཐ་སྙད་བཞི་ཆོས་ཅན། སྐབས་འདིའི་ཀུན་བདེན་གྱི་མིང་ཅན་ཤེས་བཟོད་སྐད་ཅིག་མའི་མིང་ཅན་གྱི་མངོན་རྟོགས་ལ་གནས་པའི་ཕྱིར་མི་ལྡོག་གི་རྟགས་ཡིན་ཏེ། བྱང་སེམས་དེའི་སོགས་སོ། །ཕུང་པོ་ནས་གཡུལ་འགྱེད་པའི་བར་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་བཀག་པའི་ལུས་ངག་གི་ཐ་སྙད་བཞི་ཆོས་ཅན། སྐབས་འདིའི་འགོག་པའི་ཡུལ་ཅན་གྱི་ཤེས་བཟོད་སྐད་ཅིག་མ་བཞིའི་མིང་ཅན་གྱི་མངོན་རྟོགས་ལ་གནས་པའི་བྱང་སེམས་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་གི་རྟགས་ཡིན་ཏེ། དེའི་སོགས་སོ། །སེར་སྣ་སོགས་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བ་བཀག་པ་ནས་ཆོས་ཀྱི་དོན་དུ་སྲོག་གཏོང་བའི་བར་གྱི་ལུས་ངག་གི་ཐ་སྙད་བཞི་ཆོས་ཅན། སྐབས་འདིའི་ལམ་གྱི་ཡུལ་ཅན་གྱི་ཤེས་བཟོད་སྐད་ཅིག་མ་བཞིའི་མིང་ཅན་གྱི་མངོན་རྟོགས་ལ་གནས་པའི་བྱང་སེམས་ཕྱིར་མི་ལྡོག་གི་རྟགས་ཡིན་ཏེ། དེའི་སོགས་སོ། །དེ་ལྟར་སོགས་ལ། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་མིང་ཅན་གྱི་སྐབས་འདིའི་ལུས་ངག་གི་ཐ་སྙད་བཅུ་དྲུག་ཆོས་ཅན། མཉམ་གཞག་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་མིང་གིས་འདོགས་པའི་རྒྱུ་མཚན་ཡོད་ཏེ། དེས་དྲངས་པའི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་འབྲས་བུ་ཡིན་པའི་ཕྱིར། རྣལ་འབྱོར་པ་སོགས་ལ། དེ་ལྟར་བཏགས་པ་ལ་དགོས་པ་ཡོད་དེ། བྱང་འཕགས་ཀྱི་ལུས་ངག་གི་ཐ་སྙད་སེམས་ཅན་འདུལ་བའི་དགོས་པ་མ་གཏོགས་པའི་མཉམ་གཞག་གི་རྟོགས་པ་དང་མཐུན་པ་ཁོ་ནའོ། །ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། དེ་ལྟ་མ་ཡིན་ན་སོགས་ལ། སྐབས་འདིའི་གཟུགས་སོགས་འདུ་ཤེས་ལྡོག་པ་སོགས་རྟགས་བཅུ་དྲུག་ཆོས་ཅན། གང་ཟག་གཞན་རང་རྒྱུད་ལྡན་གྱི་རྣལ་འབྱོར་པ་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་ཡིད་ཆེས་པར་བྱེད་པའི་རྟགས་ཡིན་པར་ཐལ། རྣལ་འབྱོར་པའི་རྒྱུད་ལ་སོ་སོ་རང་གིས་རིག་པར་བྱ་བའི་མཉམ་གཞག་གི་ཤེས་པའི་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །དེའི་འོག་ཏུ་སོགས་ལ་སྒོམ་ལམ་གྱི་ཁྱད་ཆོས་ཆོས་ཅན། སྒོམ་ལམ་གྱི་སྔ་རོལ་དུ་འཆད་པའི་རྒྱུ་མཚན་ཡོད་དེ། སྒོམ་ལམ་ཟབ་པར་རྟོགས་པ་ཁྱོད་ལ་རག་ལས་པའི་ཕྱིར་རོ། །ཟབ་མོ་སྟོང་པ་ཉིད་སོགས་ལ། སྒོམ་ལམ་ཆོས་ཅན། ཟབ་པ་ཡིན་ཏེ། སྟོང་ཉིད་སོགས་ཀྱི་ཟབ་མོ་རང་གི་ངོ་བོར་ཁྱད་ཆོས་སུ་ལྡན་པ་ཡིན་པའི་ཕྱིར། སྟོང་ཉིད་མཚན་མེད་སོགས་ཆོས་ཅན། ཟབ་པ་ཡིན་ཏེ། རང་གི་ངོ་བོ་སྒྲོ་བཀུར་དང་བྲལ་བའི་ཕྱིར། ངེས་འབྱེད་ཡང་དག་སོགས་ལ། ས་གཉིས་པའི་རྒྱུད་ཀྱི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཆོས་ཅན། སྐབས་འདིའི་སྒོམ་ལམ་ཡིན་ཏེ། སྦྱོར་མཐོང་སྒོམ་གསུམ་གྱིས་མཐོང་ཟིན་པའི་དོན་ཐོས་བྱུང་གི་སེམས་བསམ་བྱུང་གིས་ངེས་པར་རྟོགས་པའི་ལམ་ཡིན་པའི་ཕྱིར། ཡང་ན་དེའི་རྒྱུད་གྱི་ཏིང་ངེ་འཛིན་གྱི་སྦྱོར་དངོས་རྗེས་གསུམ་ལས་བྱུང་བའི་ཤེས་རབ་ཆོས་ཅན་དུ་བྱས་ནས་སྔ་མ་ལྟར་བགོད་དོ། །དེའི་རྒྱུན་ཆགས་སོགས་ལ། ཐེག་ཆེན་སྒོམ་ལམ་ཆོས་ཅན། དབྱེ་ན་རྣམ་པ་དགུ་ཡོད་དེ། རྩ་བའི་ཆེ་འབྲིང་ཆུང་གསུམ་ལ། རེ་རེ་ཞིང་གསུམ་གསུམ་དུ་དབྱེར་ཡོད་པའི་ཕྱིར། ཆུང་འབྲིང་དགུར་དབྱེར་རུང་སྟེ། གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བའི་སྒོ་ནས་ས་བཅུ་དག་དུ་རྒྱུན་ཆགས་སུ་འབྱུང་བའི་ལམ་ཡིན་པའི་ཕྱིར། ཆུང་འབྲིང་དགུར་འབྱེད་པའི་རྒྱུ་མཚན་ཡོད་དེ། མི་མཐུན་ཕྱོགས་རྣམ་རྟོག་ཆེ་འབྲིང་དགུར་དབྱེར་ཡོད་པའི་ཕྱིར། སྐབས་འདིར་ཆོས་ཅན་སྤང་བྱ་རྣམ་རྟོག་ཆེ་འབྲིང་དགུའི་གཉེན་པོར་བྱང་སེམས་ཀྱི་སྒོམ་ལམ་ཆུང་འབྲིང་དགུར་འབྱེད་པའི་རྒྱུ་མཚན་ཡོད་དེ། བྱང་སེམས་ཀྱི་སྤང་བྱའི་ཉོན་མོངས་པ་ནི་རྣམ་རྟོག་ཡིན་པའི་ཕྱིར། སྤང་བྱ་ཆེ་རིམ་ནས་འགག་ཅིང་གཉེན་པོ་ཆུང་རིམ་ནས་སྐྱེ་བའི་རྒྱུ་མཚན་ཡོད་དེ། མུན་པ་ཆུང་ངུ་སྣང་བ་ཆེན་པོས་སེལ་བའི་ཕྱིར། གྲངས་མེད་སོགས་ལ་ཐེག་ཆེན་སྒོམ་ལམ་ཆོས་ཅན། ཆུང་འབྲིང་དགུར་གྲངས་མ་ངེས་པར་ཐལ། རྣམ་པ་རེ་རེ་ཡང་བསོད་ནམས་ཚད་མེད་གྲངས་མེད་གཞལ་མེད་སྐྱེད་པ་གསུམ་གསུམ་དུ་གསུངས་པའི་ཕྱིར་ཞེས་པའི་ཐལ་བ་ཆོས་ཅན། སྐབས་འདིར་སྒོམ་ལམ་ཆུང་འབྲིང་དགུར་བཞག་པ་ལ། གནོད་བྱེད་མ་ཡིན་ཏེ། དོན་དམ་ལ་བརྟེན་ན་རྟགས་མ་གྲུབ་ཀྱི་ལན་ཐེབས་ཅིང་། ཀུན་རྫོབ་ལ་བརྟེན་ནས་མ་ངེས་པའི་ལན་ཐེབས་པའི་ཕྱིར། རྟགས་ཟུར་སྔ་མར་ཐལ། དོན་དམ་པར་སྒོམ་ལམ་གྱི་རྣམ་པ་ལ་གྲངས་མེད་སོགས་གསུམ་གསུམ་གྱི་དབྱེ་བ་མི་རུང་པའི་ཕྱིར། ཀུན་རྫོབ་དུ་གྲངས་མེད་སོགས་གསུམ་གསུམ་དུ་བཤད་པས་སྒོམ་ལམ་དགུར་གྲངས་ངེས་པ་ལ་མི་གནོད་དེ། དགུར་ཕྱེ་བ་རྫས་ཀྱི་དབྱེ་བ་ཡིན། རེ་རེ་ཡང་གྲངས་མེད་སོགས་གསུམ་གསུམ་དུ་ཕྱེ་བ་ལྡོག་པའི་དབྱེ་བ་ཡིན་པའི་ཕྱིར། སྐབས་འདིར་ཆོས་ཅན། སྒོམ་ལམ་གྱི་རྣམ་པ་རེ་རེའང་བསོད་ནམས་གྲངས་མེད་བསྐྱེད་པ་སོགས་གསུམ་གསུམ་དུ་ཕྱེ་བ་ལ་དགོས་པ་ཡོད་དེ། གདུལ་བྱ་སྒོམ་ལམ་ལ་ཞུགས་པའི་དོན་དུ་སྒོམ་ལམ་འབྲས་བུ་ཆེན་པོ་ཅན་དུ་བསྟན་པའི་ཆེད་ཡིན་པའི་ཕྱིར། བྱང་ཆུབ་ཇི་ལྟ་སོགས་ལ། ཐེག་ཆེན་སྒོམ་ལམ་ཆོས་ཅན། སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས་སྤང་གཉེན་ལ་རིམ་བཞིན་ཉམས་འཕེལ་མི་བྱེད་པའི་སྐྱོན་མེད་དེ། དོན་དམ་པར་སྟོང་པ་ཉིད་ཡིན་ཡང་ཀུན་རྫོབ་དུ་སྤང་བྱ་ཉམས་པ་དང་གཉེན་པོ་འཕེལ་བའི་བྱ་བ་བྱེད་པའི་ཕྱིར། དོན་ཆེན་དམ་པར་ནི་སོགས་ལ། སྒོམ་ལམ་དོན་དམ་པར་ཉམས་འཕེལ་མི་བྱེད་པར་ཐལ། སྟོང་ཉིད་ཡིན་པའི་ཕྱིར་ཞེས་པའི་ཐལ་བ་ཆོས་ཅན། སྒོམ་ལམ་སྟོང་ཉིད་དུ་འདོད་པ་ལ། གནོད་པ་མ་ཡིན་ཏེ། འདོད་པའི་ལན་ཐེབས་པའི་ཕྱིར། སྐད་ཅིག་མ་སྔ་མ་བཞིན་དུ་སོགས་ལ་ཐེག་ཆེན་སེམས་བསྐྱེད་ཆོས་ཅན། སྐད་ཅིག་སྔ་ཕྱི་རེ་རེས་ལྟོས་མེད་དུ་བྱང་ཆུབ་མི་སྐྱེད་པས། འབྲས་བུ་བྱང་ཆུབ་མི་འཐོབ་པའི་སྐྱོན་མེད་དེ། སྔ་ཕྱི་རེ་རེ་བ་ལྟོས་མེད་དུ་བྱང་ཆུབ་མི་སྐྱེད་ཀྱང་ཁྱོད་ཀྱི་སྐད་ཅིག་སྔ་མ་སྔ་མ་ལ་ལྟོས་ནས་ཕྱི་མ་ཕྱི་མ་ནུས་ལྡན་དུ་སྐྱེ་བའི་སྒོ་ནས་བྱང་ཆུབ་ཐོབ་པའི་ཕྱིར། དཔེར་ན་མར་མེའི་སྐད་ཅིག་སྔ་ཕྱི་ལྟོས་མེད་དུ་སྙིང་པོ་མི་སྲེག་ཀྱང་ཕན་ཚུན་ལྟོས་ནས་སྙིང་པོ་སྲེག་པ་བཞིན་ནོ། །ཇི་སྐད་བཤད་པའི་དཔེ་སོགས་ལ། མར་མེའི་སྐད་ཅིག་སྔ་ཕྱི་ལྟོས་མེད་དུ་སྙིང་པོ་མི་སྲེག་ལ། ཕན་ཚུན་ལྟོས་ནས་སྙིང་པོ་སྲེག་པའི་དཔེ་འདི་ཆོས་ཅན། སེམས་བསྐྱེད་སྔ་ཕྱི་ལྟོས་ནས་བྱང་ཆུབ་སྐྱེད་པ་ཁོ་ནའི་དཔེར་བཀོད་པ་མིན་ཏེ། ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་རྟོགས་པའི་ཕྱིར་དུ་ཡང་དཔེར་བཀོད་པའི་ཕྱིར། སྐྱེ་བ་དང་ནི་འགག་པ་དང་སོགས་ལ། ཟབ་མོ་བརྒྱད་རྟོགས་པ་ལ་མི་འཁྲུལ་པའི་ལུས་ངག་གི་ཐ་སྙད་ཡིན་པའི་ཕྱིར། སྐད་ཅིག་སྔ་མ་དང་སོགས་ལ། དངོས་པོ་རྣམས་དོན་དམ་པར་སྐྱེ་བ་མེད་ཅིང་ཀུན་རྫོབ་ཏུ་སྐྱེ་བའི་རྟེན་འབྲེལ་ཆོས་ཅན། ཟབ་སྟེ། རྟོག་གེའི་བློའི་སྤྱོད་ཡུལ་མ་ཡིན་ཞིང་བསམ་མི་ཁྱབ་ཐོབ་པའི་རྟོགས་བྱ་ཡིན་པའི་ཕྱིར། དངོས་པོ་རྣམས་དོན་དམ་པར་དགག་པ་མེད་ཅིང་ཀུན་རྫོབ་དུ་དགག་པ་དང་། གནས་སྐབས་ཐམས་ཅད་དུ་གོམས་པར་བྱས་ཀྱང་མངོན་དུ་མི་བྱེད་པའི་ཏིང་ངེ་འཛིན་དང་དེ་བཞིན་ཉིད། དོན་དམ་པར་སྟོང་པ་ཉིད་ཀྱི་རང་བཞིན་གྱི་ཆོས་ལ་ཀུན་རྫོབ་ཏུ་སྦྱིན་སོགས་སྒྲུབ་པ་ཤེས་བྱ་དང ། ཅི་ཡང་མཐོང་བ་མེད་པ་ཉིད་མཐོང་བ་ཡིན་པའི་ཤེས་པ་དང་། དོན་དམ་པར་དཔྱོད་པ་མེད་པ་ཉིད་དཔྱོད་པ་དང་གཟུང་འཛིན་གཉིས་མེད་ཀྱི་ངོ་བོར་སྒྲུབ་པའི་གཉིས་སུ་མེད་པ་དང་། བྱང་ཆུབ་ཏུ་ཚོགས་རྫོགས་ཀྱང་། འབྲས་བུ་སངས་རྒྱས་མི་ཐོབ་པའི་ཐབས་མཁས་རྣམས་ཆོས་ཅན་དུ་བྱས་ནས། རྟགས་དང་སྒྲུབ་བྱ་སྔ་མ་ལྟར་རོ། །ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར་སོགས་ལ། ས་བརྒྱད་པའི་ཡུམ་སྦྱོར་ཆོས་ཅན། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཡིན་ཏེ། གནས་སྐབས་ཐམས་ཅད་དུ་འཁོར་འདས་ལ་བླང་དོར་ཐ་དད་དུ་མི་རྟོག་པའི་སྦྱོར་བ་ཡིན་པའི་ཕྱིར། ལས་མེད་སོགས་ལ། སད་པའི་གནས་སྐབས་ན་ཡང་དགེ་སྡིག་མེད་པར་ཐལ། རྨི་ལམ་དང་འདྲ་བའི་ཕྱིར། གཉིད་ལོག་པའི་གནས་སྐབས་བཞིན་ཞེས་པའི་ཐལ་འགྱུར་ཆོས་ཅན། དབུ་མ་པ་ལ་གནོད་བྱེད་མིན་ཏེ། དེའི་ངོ་བོར་རྟགས་མ་ངེས་ཤིང་དཔེ་མ་གྲུབ་པའི་ཕྱིར། རྟགས་ཟུར་དང་པོ་སྒྲུབ་པ། དངོས་པོ་རྨི་ལམ་དང་འདྲ་ཡང་སོགས་ལ་ཤེས་བྱ་ཆོས་ཅན། དབུ་མ་པའི་བློ་ངོར་ཐལ་འགྱུར་དེ་རྟགས་མ་ངེས་པ་ཡིན་ཏེ། དངོས་ན་རྨི་ལམ་དང་འདྲ་བའི་རང་བཞིན་མེད་པ་ཡིན་ཡང་། ཕྱིན་ཅི་ལོག་གི་འཆིང་བ་མ་ཉམས་པའི་བྱིས་པ་རྣམས་ཀྱི་སྲོག་གཅོད་སོགས་མི་དགེ་བ་དང་སྦྱིན་སོགས་དགེ་བར་སྣང་བ་ལ་དེ་དང་དེར་མངོན་པར་ཞེན་པའི་སྒོ་ནས་དགེ་སྡིག་དུ་འཇོག་པའི་ཕྱིར། དཔེར་ན་ཕྱི་རོལ་དོན་སྨྲ་བའི་ལུགས་ལ་སྐད་ཅིག་དང་རྡུལ་ཕྲན་ལ་སྲོག་གཅོད་སོགས་མེད་ཀྱང་རགས་པ་དང་རྒྱུན་ལ་སྒྲོ་བཏགས་ནས་སྲོག་གཅོད་མི་དགེ་བ་དང་དེ་སྤོང་བ་སོགས་དགེ་བར་འཇོག་པ་བཞིན། རྨི་ལམ་ན་ཡང་ལས་འབྲས་མེད་པའི་དཔེ་མ་གྲུབ་པར་ཐལ། རྨི་ལམ་གྱི་སེམས་ནི་གཉིད་ཀྱིས་ཉམས་པས་སད་པ་ལས་དམན་པའི་འབྲས་བུ་འབྱིན་པའི་ཕྱིར་དང་། རྨི་ལམ་གྱི་དགེ་སྡིག་སད་པའི་གནས་སྐབས་ཀྱི་སེམས་ཀྱིས་བསོས་བཏབ་ནས་སད་པའི་གནས་སྐབས་དང་འདྲ་བའི་འབྲས་བུ་འབྱིན་པའི་ཕྱིར། སེམས་ཅན་འཇིག་རྟེན་སོགས་ལ། ས་བརྒྱད་པའི་ཡུམ་སྦྱོར་ཆོས་ཅན། ཞིང་དག་པའི་སྦྱོར་བ་ཡིན་ཏེ། རང་སངས་རྒྱ་བར་འགྱུར་བའི་ཞིང་ཇི་ལྟར་འདོད་པ་ལྟར་དུ་སྒྲུབ་པའི་ཕྱིར་ཚོགས་སོག་ཅིང་སྨོན་ལམ་འདེབས་པའི་དག་པའི་སྦྱོར་བ་ཡིན་པའི་ཕྱིར། ཡུལ་དང་སྦྱོར་བ་ཅན་སོགས་ལ། ས་བཅུ་པའི་ཡུམ་སྦྱོར་ཆོས་ཅན། ཐབས་མཁས་པའི་སྦྱོར་བ་ཡིན་ཏེ། དགྲ་ལས་འདས་པ་སོགས་ཡུལ་བཅུ་མངོན་དུ་བྱ་བ་ལ་དུས་དང་དུས་མ་ཡིན་པ་ཤེས་པའི་སྦྱོར་བ་ཡིན་པའི་ཕྱིར། བར་ཆད་ཀྱི་ཆོས་སོགས་ལ། དགྲ་ལས་འདས་པའི་ཐབས་མཁས་པ་ཡིན་ཏེ། ས་གཉིས་དང་གསུམ་པའི་བར་ཆད་ཀྱི་ཆོས་ལ་བརྒལ་བའི་སྦྱོར་བ་ཡིན་པའི་ཕྱིར། མི་གནས་པར་གནས་པའི་ཐབས་མཁས་ཡིན་ཏེ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྣམ་པར་སྒོམ་པའི་སྦྱོར་བ་ཡིན་པའི་ཕྱིར། གཞན་དོན་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་བྱེད་པའི་ཐབས་མཁས་ཡིན་ཏེ། སྐལ་བ་ཇི་ལྟ་བ་བཞིན་གཞན་དོན་བྱེད་པའི་སྨོན་ལམ་གྲུབ་པའི་སྦྱོར་བ་ཡིན་པའི་ཕྱིར། ཐུན་མོང་མ་ཡིན་པའི་ཐབས་མཁས་ཡིན་ཏེ། གཞན་དོན་གྱི་བཀའ་སྤྱད་ལ་ཤིན་ཏུ་གོམས་པའི་སྦྱོར་བ་ཡིན་པའི་ཕྱིར། ཆོས་ཐམས་ཅད་ལ་འཛིན་པ་མེད་པའི་ཐབས་མཁས་ཡིན་ཏེ། བྱང་ཕྱོགས་དཀར་པོའི་ཆོས་རྣམས་མི་དམིགས་པའི་ཤེས་རབ་ཀྱི་རྣམ་པར་དག་པའི་སྦྱོར་བ་ཡིན་པའི་ཕྱིར། གང་ཟག་དང་ཆོས་སུ་མི་དམིགས་པའི་ཐབས་མཁས་ཡིན་ཏེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་གནས་པའི་སྦྱོར་བ་ཡིན་པའི་ཕྱིར། སྤྲོས་པའི་མཚན་མ་མེད་པའི་ཐབས་མཁས་ཡིན་ཏེ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ལ་གནས་པའི་སྦྱོར་བ་ཡིན་པའི་ཕྱིར། ཟག་བཅས་ཀྱི་ཆོས་ལ་སྨོན་པ་མེད་པའི་ཐབས་མཁས་ཡིན་ཏེ། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ལ་གནས་པ་མི་སྦྱོར་བ་ཡིན་པའི་ཕྱིར། ཕྱིར་མི་ལྡོག་གི་རྟགས་ཀྱི་ཐབས་མཁས་ཡིན་ཏེ། རང་གི་རྟོགས་པ་དང་མཐུན་པར་ཕྱིར་མི་ལྡོག་གི་ཆོས་བརྗོད་པས་གཞན་གྱིས་རང་ཕྱིར་མི་ལྡོག་ཏུ་ཡིད་ཆེས་པར་བྱེད་པའི་སྦྱོར་བ་ཡིན་པའི་ཕྱིར། ཚད་མེད་པའི་ཐབས་མཁས་ཡིན་ཏེ། ཐབས་མཁས་ཀྱི་ཡུལ་ཐམས་ཅད་ཤེས་པའི་སྦྱོར་བ་ཡིན་པའི་ཕྱིར། སྐབས་བཞི་པའི་ངག་དོན་ནོ།། །།

སྐབས་ལྔ་པའི་ངག་དོན་བཤད་པ།

རྣམ་པ་ཀུན་མངོན་པར་སོགས་ལ། རྩེ་སྦྱོར་ཆོས་ཅན། རྣམ་ཀུན་གྱི་རྗེས་སུ་འཆད་པའི་རྒྱུ་མཚན་ཡོད་དེ། རྣམ་ཀུན་མཐར་ཕྱིན་པ་ལས་ཁྱོད་འབྱུང་བའི་ཕྱིར། རྩེ་སྦྱོར་གྱི་རྟགས་ལ་སོགས་པ་བཞི་ཆོས་ཅན། རྩེ་སྦྱོར་གྱི་དང་པོར་འཆད་པའི་རྒྱུ་མཚན་ཡོད་དེ། རྩེ་སྦྱོར་རྟོགས་སླ་བའི་ཆེད་ཡིན་པའི་ཕྱིར། རྨི་ལམ་ན་ཡང་སོགས་ལ། རྨི་ལམ་དུའང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་ལྟ་སོགས་ཆོས་བཅུ་གཉིས་ཆོས་ཅན། རྩེ་མོའི་མངོན་རྟོགས་ཐོབ་པའི་རྟགས་ཡིན་ཏེ། རྩེ་མོའི་མངོན་རྟོགས་ལ་མི་འཁྲུལ་བའི་ཡོན་ཏན་ཡིན་པའི་ཕྱིར། ས་དགུ་པའི་ཡེ་ཤེས་ལ་ཆ་བཞིར་བྱས་པའི་ཆ་དང་པོ་ཆོས་ཅན། རྟགས་ཀྱི་རྩེ་མོ་ཡིན་ཏེ། རྨི་ལམ་ན་ཡང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་ལྟ་བ་སོགས་རྟགས་བཅུ་གཉིས་ཐོབ་པའི་དག་པའི་ཡེ་ཤེས་ཡིན་པའི་ཕྱིར། འཛམ་བུ་གླིང་གི་སོགས་ལ། ས་དགུ་པའི་ཡེ་ཤེས་ཆ་གཉིས་པ་ཆོས་ཅན། རྣམ་འཕེལ་གྱི་རྩེ་མོ་ཡིན་ཏེ། སྐབས་འདིར་བསྟན་བསོད་ནམས་རྣམ་པར་འཕེལ་བ་བཅུ་དྲུག་དང་ལྡན་པའི་དག་པའི་ཡེ་ཤེས་ཡིན་པའི་ཕྱིར། ཀུན་ཤེས་ཉིད་གསུམ་སོགས་ལ། ས་དགུ་པའི་ཡེ་ཤེས་ཆ་གསུམ་པ་ཆོས་ཅན། ངེས་པར་བསྟན་པའི་རྩེ་མོ་ཡིན་ཏེ། ཤེས་རབ་ཀྱིས་མཁྱེན་གསུམ་གྱི་ཡོན་ཏན་གྱི་རིགས་ཡོངས་སུ་རྫོགས་ཤིང་སྙིང་རྗེས་གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་བཏོང་བའི་དག་པའི་ཡེ་ཤེས་ཡིན་པའི་ཕྱིར། གླིང་བཞི་སོགས་ལ་ས་དགུ་པའི་ཡེ་ཤེས་ཆ་བཞི་པ་ཆོས་ཅན། སེམས་ཀུན་ཏུ་གནས་པའི་རྩེ་མོ་ཡིན་ཏེ། སྟོང་གསུམ་སྲང་ལ་གཞལ་བའི་གྲངས་ལས་ཆེས་ཁྱད་པར་དུ་འཕགས་པའི་བསོད་ནམས་མང་པོ་དང་ལྡན་པའི་དག་པའི་ཡེ་ཤེས་ཡིན་པའི་ཕྱིར། འཕགས་པ་ལྟར་ན། དྲོད་སོགས་སྦྱོར་ལམ་བཞི་ཆོས་ཅན་དུ་བྱས་ནས་རིམ་བཞིན་རྟགས་དང་རྣམ་འཕེལ་དང་། བརྟན་པ་དང་། སེམས་ཀུན་ཏུ་གནས་པའི་རྩེ་མོ་ཡིན་ཏེ། དག་པའི་ཡེ་ཤེས་དོར་ནས་སྔར་གྱི་ས་རྣམས་འགོད་དོ། །འཇུག་པ་དང་ནི་ལྡོག་པ་ལ་སོགས་པ་ལ། བྱང་སེམས་ཀྱི་ལམ་འབྲས་བུ་དང་བཅས་པ་ལ་བླང་བྱར་ཞེན་པ་དང་། ཉན་ཐོས་ཀྱི་དེ་དག་དོར་བྱར་ཞེན་པའི་བྱང་སེམས་ལྷ་བྱིན་གྱི་རྟོག་པ་ཆོས་ཅན། རིམ་བཞིན་འཇུག་པ་གཟུང་རྟོག་ལྡོག་པའི་གཟུང་རྟོག་ཡིན་ཏེ། དེ་ལྟ་བུའི་རྟོག་པ་ཡིན་པའི་ཕྱིར། རེ་རེ་ལ་དགུ་དགུར་དབྱེར་ཡོད་དེ། རང་གི་ཞེན་པ་ལྟར་གྱི་ཡུལ་ཡོད་པ་མ་ཡིན་ཏེ། ཕྱིན་ཅི་ལྡོག་ཏུ་སྣང་བའི་ཕྱིར། དེར་ཐལ། ཞེན་ཡུལ་གྱི་དངོས་པོ་དང་མ་འབྲེལ་བར་འཇུག་པའི་ཕྱིར། སོ་སོ་སྐྱེ་བོ་འཕགས་དབྱེ་སོགས་ལ། སོ་སོ་སྐྱེ་བོའི་རྒྱུད་ཀྱི་གང་ཟག་རྫས་ཡོད་འཛིན་པ་ཆོས་ཅན། རྫས་འཛིན་རྟོག་པ་ཡིན་ཏེ། ལོངས་སྤྱོད་པ་པོ་ལ་རྫས་ཡོད་དུ་ཞེན་པའི་རྟོག་པ་ཡིན་པའི་ཕྱིར། འཕགས་པའི་རྒྱུད་ཀྱི་སྐྱེས་བུ་བཏགས་ཡོད་དུ་འཛིན་པ་ཆོས་ཅན། རྟག་འཛིན་རྟོག་པ་ཡིན་ཏེ། ལོངས་སྤྱོད་པ་པོ་བཏགས་ཡོད་ཙམ་དུ་འཛིན་པའི་རྟོག་པ་ཡིན་པའི་ཕྱིར། རེ་རེ་ལ་དགུ་དགུར་དབྱེར་ཡོད་དེ། ཡུལ་དགུ་དགུ་ཡོད་པའི་ཕྱིར། འཛིན་པ་བདེན་པ་བ་མ་གྲུབ་སྟེ། རང་གི་གཟུང་བ་ལྟར་གྱི་དོན་མ་གྲུབ་པའི་ཕྱིར། ངོ་བོ་ཉིད་སོགས་ལ། ཕྱིན་དྲུག་བྱང་སེམས་ལམ་གྱི་ངོ་བོ་ཡིན་པས་བླང་བྱར་ཞེན་པའི་རྟོག་པ་ཆོས་ཅན། སྐབས་འདིའི་མཐོང་སྤང་འཇུག་པ་གཟུང་རྟོག་ཡིན་ཏེ། མཐོང་ལམ་རྩེ་མོའི་སྦྱོར་བའི་གནས་སྐབས་ཀྱི་སྤང་བྱར་གྱུར་པའི་གཟུང་རྟོག་ཡིན་པའི་ཕྱིར། དག་པ་ས་གསུམ་ལ་སངས་རྒྱས་ཀྱི་རིགས་སུ་ངེས་པས་བླང་བྱར་འཛིན་པ་དང་། རྒྱུ་མ་ལྟ་བུར་བསྒོམས་པས་ཐེག་ཆེན་གྱི་ལམ་སྒྲུབ་པ་ལ་བླང་བྱར་ཞེན་པ་དང་། ཐེག་ཆེན་གྱི་རྟོགས་པ་དམིགས་པ་མ་འཁྲུལ་བས་བླང་བྱར་ཞེན་པ་དང་། ཐེག་ཆེན་གྱི་སྤང་གཉེན་ལ་བླང་དོར་དུ་ཞེན་པ་དང་། གཞི་ལམ་སྐྱེ་མེད་དུ་རྟོགས་པའི་བླང་བྱར་འཛིན་པ་དང་། ཉན་རང་གིས་ཐག་སྲིད་པས་ཡིད་བྱེད་ལ་བླང་བྱར་འཛིན་པ་དང་། སེམས་ཅན་གྱི་དོན་བྱེད་པའི་ལས་ལ་བླང་བྱར་འཛིན་པ་དང་། སེམས་ཅན་མ་ལུས་ཀྱི་འབྲས་བུ་ལ་འགོད་པ་ལ་བླང་བྱར་འཛིན་པ་རྣམས་ཆོས་ཅན་དུ་བྱས་ནས། རྟགས་དང་སྒྲུབ་བྱ་སྔ་མ་ལྟར་འགོད་དོ། །

སྲིད་དང་ཞི་བར་ལྟུང་པའི་ཕྱིར་སོགས་ལ། ཉན་རང་གི་ལམ་ཆོས་ཅན། རྟོགས་པ་དམན་པ་ཡིན་ཏེ། སྲིད་ཞི་གང་རུང་དུ་ལྟུང་བའི་ཕྱིར། ཡོངས་འཛིན་དམ་པ་མ་ཡིན་ཏེ། ཕྱི་ནང་གི་ཐབས་མཁས་དང་བྲལ་བའི་ཕྱིར། སྒྲུབ་པའི་ལམ་མ་ཚང་བ་ཡིན་ཏེ། ཤེས་སྒྲིབ་མཐའ་དག་གི་གཉེན་པོ་མ་ཡིན་པའི་ཕྱིར། གཞན་གྱི་རྐྱེན་གྱིས་འགྲོ་བ་ཡིན་ཏེ། ལམ་བགྲོད་པ་སློབ་དཔོན་གཞན་གྱི་གདམས་ངག་ལ་ལྟོས་པའི་ཕྱིར། ཆེད་དུ་བྱ་བ་དམན་པ་ཡིན་ཏེ། ཆེན་པོ་གསུམ་གྱི་ཆེད་དུ་མི་འཇུག་པའི་ཕྱིར། ཉེ་ཚེ་བའི་ལམ་གྱི་བྱེད་པ་ཡིན་ཏེ། ཉོན་སྒྲིབ་ཙམ་གྱི་གཉེན་པོ་ཡིན་པའི་ཕྱིར། འབྲས་བུ་བཞིའི་རྟོགས་པ་ཐ་དད་པ་ཡིན་ཏེ། གཟུགས་སོགས་དངོས་པོ་བ་ལ་དམིགས་ནས་མི་རྟག་སོགས་སུ་མཚན་མར་འཛིན་པའི་ཕྱིར། ཐེག་ཆེན་གྱི་ལམ་ལ་གནས་པ་དང་། བགྲོལ་བའི་ངེས་པ་ཡིན་ཏེ། ཐེག་ཆེན་གྱི་ལམ་ལ་རྨོངས་པའི་མ་རིག་པ་དང་ལྡན་པའི་ཕྱིར། འབྲས་བུ་མྱང་འདས་དམན་པ་ཡིན་ཏེ། རང་ལུགས་ཀྱི་མྱང་འདས་ཐོབ་པའི་རྗེས་སུ་རྣམ་མཁྱེན་ཐོབ་པར་བྱེད་དགོས་པའི་ཕྱིར། རྟོགས་པ་དམན་པ་སོགས་ཡུལ་དགུ་ལ་ལྡོག་པར་ཞེན་པའི་རྟོག་པ་ཆོས་ཅན། མཐོང་སྤང་རྟོག་པ་གཟུང་རྟོག་ཡིན་ཏེ། མཐོང་ལམ་རྩེ་མོ་བར་ཆད་མེད་ལམ་གྱི་སྤང་བྱར་གྱུར་པའི་གཟུང་རྟོག་ཡིན་པའི་ཕྱིར། འཛིན་པ་དང་ནི་འདོར་བ་སོགས་ལ། ཀུན་རྫོབ་ཏུ་ཤེར་ཕྱིན་གྱི་ཡོན་ཏན་འཛིན་ཞིང་སྐྱོན་འདོར་བར་བྱེད་པའི་བློ་ཆོས་ཅན། སྐབས་འདིའི་མཐོང་སྤང་རྫས་འཛིན་རྟོག་པ་ཡིན་ཏེ། མཐོང་ལམ་རྩེ་མོའི་སྦྱོར་བ་ཉེར་སྟོགས་ཀྱི་སྤང་བྱར་གྱུར་པའི་འཛིན་རྟོག་ཡིན་པའི་ཕྱིར། ཤེར་ཕྱིན་ཡང་དག་པར་གང་ལ་ཡང་ཡིད་ལ་མི་བྱེད་ཅིང་ཀུན་རྫོབ་དུ་གནས་ལུགས་ཡིད་ལ་བྱེད་པར་འཛིན་པ་དང་། ཁམས་གསུམ་བདེན་མེད་དུ་རྟོགས་པས་ཆོས་ཉིད་ཀྱིས་རང་བཞིན་གྱི་ཁམས་གསུམ་དང་འབྲེལ་བར་འཛིན་པ་དང་། སྟོང་པ་ཉིད་ལ་མི་གནས་པའི་ཚུལ་གྱིས་མངོན་པར་ཞེན་པའི་ཚུལ་གྱིས་མངོན་པར་ཞེན་པ་འཛིན་པ་དང་། ཆོས་ཐམས་ཅད་བརྡར་བཏགས་པ་ཙམ་དུ་རྟོག་པར་འཛིན་པ་དང་། གང་ལ་ཡང་མངོན་པར་མ་ཞེན་པའི་ཚུལ་གྱིས་ཆགས་པར་འཛིན་པ་དང་། འཁོར་འདས་ཐ་དད་དུ་ཞེན་པ་སོགས་ཀྱི་གཉེན་པོར་འཛིན་པ་དང་། ཤེར་ཕྱིན་གྱིས་མ་ཟིན་པའི་ཕར་ཕྱིན་གཞན་ལྔས་རྣམ་མཁྱེན་གྱི་སར་འགྲོ་བ་ཐོགས་པར་འཛིན་པའི་རྟོག་པ་ཆོས་ཅན་དུ་བྱས་ནས་རྟགས་དང་སྒྲུབ་བྱ་སྔ་མ་ལྟར། ཆེད་བཞིན་ངེས་པར་མི་འབྱུང་སོགས་ལ། ཉན་རང་གི་ལམ་ཆོས་ཅན། ཆེད་དུ་བྱ་བ་ཇི་ལྟ་བ་བཞིན་ངེས་པར་མི་འབྱུང་སྟེ། ཉན་རང་གི་བྱང་ཆུབ་དུ་ངེས་པར་འབྱུང་བའི་ཕྱིར། བྱང་སེམས་ཆོས་ཅན། ཉན་རང་གི་ལམ་ལ་རང་གི་འཇུག་བྱའི་ལམ་མ་ཡིན་པར་འཛིན་ཏེ། ཉན་རང་གི་ལམ་དེས་རང་གི་མངོན་པར་འདོད་པའི་དོན་སྒྲུབ་མི་ནུས་པའི་ཕྱིར། ཐེག་ཆེན་གྱི་ལམ་ཆོས་ཅན། དོན་དམ་པར་སྐྱེ་འགག་མེད་ཀྱང་སྐྱེ་འགག་མི་བྱེད་པའི་སྐྱོན་མེད་དེ། ཀུན་རྫོབ་དུ་རྒྱུ་འབྲས་སྐྱེ་འགག་བྱེད་པའི་ཕྱིར། དངོས་པོ་རྣམས་ལྡན་པ་དང་མི་ལྡན་པར་སྣང་སྟེ། གཅིག་དང་ཐ་དད་དུ་སྣང་བའི་ཕྱིར། གཟུགས་སོགས་ཡུལ་ལ་མི་གནས་པའི་ཚུལ་གྱིས་གནས་ཏེ། དེ་རྣམས་སྟོང་ཉིད་དུ་རྟོགས་པའི་ཚུལ་གྱིས་གནས་པའི་ཕྱིར། ཉན་རང་གི་རིགས་འཇིག་པར་བྱེད་དེ། བྱང་ཆུབ་དུ་སེམས་བསྐྱེད་ཅིང་ཕར་ཕྱིན་དྲུག་ལ་སློབ་པའི་ཕྱིར། དོན་དམ་པར་འཚང་རྒྱ་འདོད་ཀྱི་དོན་གཉེར་མེད་དེ། ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་ཚུལ་དུ་ཁོང་དུ་ཆུད་པའི་ཕྱིར། དོན་དམ་པར་སྐྱེད་བྱེད་ཀྱི་རྒྱུ་མེད་དེ། མཐའ་བཞི་གང་ལས་ཀྱང་མི་སྐྱེ་བའི་ཕྱིར། དངོས་པོར་མངོན་ཞེན་གྱི་ཕྱིར་རྒོལ་བ་དང་བཅས་པ་ཡིན་ཏེ། དངོས་པོར་མངོན་ཞེན་དེ་རང་གི་མི་མཐུན་ཕྱོགས་སུ་གྱུར་པའི་ཕྱིར། ཆེད་བཞིན་ངེས་པར་མི་འབྱུང་བ་ལ་སོགས་པ་ཡུལ་དགུ་ལ་བཏགས་པའི་དངོས་པོར་ཞེན་པ་ཆོས་ཅན། སྐབས་འདིའི་མཐོང་སྤང་རྟག་འཛིན་རྟོག་པ་ཡིན་ཏེ། མཐོང་ལམ་འཇུག་པ་བར་ཆད་མེད་ལམ་གྱི་སྤང་བྱར་གྱུར་པའི་འཛིན་རྟོག་ཡིན་པའི་ཕྱིར། བྱང་ཆུབ་ལས་གཞན་སྟོན་པ་ལ་སོགས་ལ། ཐེག་ཆེན་མཐོང་ལམ་ཆོས་ཅན། བྱང་ཆེན་འཐོབ་པའི་རྒྱུ་ཡིན་ཏེ། གཞན་དག་བྱང་ཆུབ་ལ་འགོད་པར་བྱ་བའི་ཕྱིར་དུ་སངས་རྒྱས་ཀྱིས་ཁྱོད་ཕྱིན་ཅི་ལོག་པར་སྟོན་པའི་ཕྱིར་དང་། བྱང་ཆུབ་ཀྱི་རྒྱུ་མཚན་ཁོ་ནར་ཁྱོད་ཀྱི་རང་བཞིན་གྱི་ཤེར་ཕྱིན་ཚིག་དང་དོན་གྱི་སྒོ་ནས་གདུལ་བྱ་ལ་ཡང་དག་པར་གཏོད་པའི་ཕྱིར་དང་། བྱང་ཆུབ་ཀྱི་བར་ཆད་མེད་པའི་རྒྱུར་ཁྱོད་སྒོམ་པ་སྟོང་གསུམ་གྱི་སེམས་ཅན་དགྲ་བཅོམ་པ་ལ་བཀོད་པ་བས་ཆེས་བསོད་ནམས་མང་པའི་ཕྱིར། དྲི་མ་ཟད་དང་ཞེས་སོགས་ལ། འབྲས་ཡུམ་ཆོས་ཅན། སྐབས་འདིའི་བྱང་ཆེན་ཡིན་ཏེ། སྒྲིབ་གཉིས་ཀྱི་དྲི་མ་གདོད་མ་ནས་ཟད་པ་ལ་ཟད་པ་དང་མི་སྐྱེ་བ་ལ་མི་སྐྱེ་བར་ཤེས་པའི་ཡེ་ཤེས་མཐར་ཐུག་ཡིན་པའི་ཕྱིར། སྒྲིབ་གཉིས་ཀྱི་དྲི་མ་ཆོས་ཅན། དོན་དམ་པར་སྐྱེ་འགག་མེད་དེ། གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་ནམ་མཁའི་པད་མོ་བཞིན་ནོ། །

གང་གི་ཕྱིར་སོགས་ལ། སྤང་བྱ་རྫས་ཡོད་འགག་པའི་ཟད་པ་ལ་ཟད་དོ་སྙམ་པ་དང་། རྫས་ཡོད་མི་སྐྱེ་བར་མ་སྐྱེ་བའོ་སྙམ་པའི་ཤེས་པ་ཆོས་ཅན། བྱང་ཆུབ་ཆེན་པོར་མི་རུང་བར་ཐལ། ཁྱོད་ཀྱིས་ཞེན་པ་ལྟར་ཟད་པ་དང་མི་སྐྱེ་བ་དེ་དག་མེད་པའི་ཕྱིར། འགོག་པ་མེད་པའི་རང་བཞིན་སོགས་ལ། བྱང་སེམས་ཀྱི་མཐོང་ལམ་ཆོས་ཅན། སྤང་བྱའི་རྣམ་རྟོག་སྔར་ཡོད་ཟད་པ་དང་མ་འོངས་པའི་སྐྱེ་བ་མེད་པའི་རྣམ་པ་སྔར་མེད་གསར་དུ་ཐོབ་པ་བདེན་པར་ཐལ། སྤང་བྱ་བདེན་པ་ལ་སྐྱེ་འགག་མེད་པའི་ཕྱིར། དེ་ལ་སྐྱེ་བ་དང་འཇིག་པས་ཞེས་སོགས་ལ། བདེན་བཞི་མི་རྟག་སོགས་བཅུ་དྲུག་གི་རྣམ་པར་སྒོམ་པའི་བྱང་སེམས་ཚོགས་ལམ་པའི་རྣལ་འབྱོར་ཆོས་ཅན། བདག་མེད་ལ་དམིགས་པ་རྣལ་འབྱོར་གྱི་ས་ཡིན་ཏེ། ཉོན་མོངས་པའི་དབལ་བཞོམ་པའི་ཕྱིར་དུ་གང་ཟག་གི་བདག་མེད་ཙམ་སྒོམ་པའི་ཐེག་ཆེན་གྱི་རྣལ་འབྱོར་ཡིན་པའི་ཕྱིར། དེས་དབེན་པའི་ཕུང་པོ་སོགས་ལ། བྱང་སེམས་ཀྱི་སྦྱོར་ལམ་དྲོད་རྩེ་གཉིས་ཆོས་ཅན། སེམས་ཙམ་ལ་དམིགས་པ་རྣལ་འབྱོར་གྱི་ས་ཡིན་ཏེ། ཕྱི་ནང་གི་རྟེན་འབྲེལ་དོན་གྱིས་དབེན་པའི་སེམས་ཙམ་དུ་རྟོགས་པའི་འཇིག་རྟེན་པའི་སྒོམ་བྱུང་ཡིན་པའི་ཕྱིར། གཟུང་བ་མེད་ན་སོགས་ལ། བཟོད་མཆོག་ཆོས་ཅན། གཉིས་མེད་ལ་དམིགས་པ་རྣལ་འབྱོར་གྱི་ས་ཡིན་ཏེ། གཟུང་འཛིན་གཉིས་མེད་རྟོགས་ཤིང་གཉིས་མེད་ཀྱི་རང་རིག་ཙམ་ལ་ཞེན་པ་མ་བོར་བའི་རྣལ་འབྱོར་ཡིན་པའི་ཕྱིར། དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་པ་སོགས་ལ། བྱང་སེམས་ཀྱི་མཐོང་ལམ་ཆོས་ཅན། སྤྲོས་བྲལ་ལ་དམིགས་པ་རྣལ་འབྱོར་གྱི་ས་ཡིན་ཏེ། ཡོད་མེད་ཀྱི་མཐའ་དང་བྲལ་བའི་རྟེན་འབྲེལ་རྒྱུ་མ་ལྟ་བུའི་དེ་ཁོ་ན་ཉིད་མངོན་སུམ་དུ་བྱས་པའི་མི་རྟོག་ཡེ་ཤེས་ཡིན་པའི་ཕྱིར། དེ་ལྟ་མ་ཡིན་ཏེ་ཞེས་སོགས་ལ། གཟུང་འཛིན་དུ་མངོན་པར་ཞེན་པའི་བློ་ཆོས་ཅན། ཁྱོད་ཀྱི་གཉེན་པོར་གཟུང་འཛིན་གཉིས་མེད་སྒོམ་པས་ཁྱོད་སྤང་མི་ནུས་པར་ཐལ། ཁྱོད་ཀྱི་ཡུལ་གཟུང་འཛིན་དོན་དམ་པར་གྲུབ་པའི་ཕྱིར། གཞན་དག་གིས་སོགས་ལ། དངོས་སྨྲ་བ་ཆོས་ཅན། སངས་རྒྱས་ཀྱི་ཤེས་སྒྲིབ་རྣམ་པ་ཐམས་ཅད་དུ་སྤངས་པ་མ་ཡིན་པར་ཐལ། གཟུང་འཛིན་དུ་མངོན་པར་ཞེན་པ་གཉེན་པོས་སྤང་མི་ནུས་པའི་ཕྱིར། འདི་ལ་བསལ་བྱ་ཅི་ཡང་མེད་སོགས་ལ། རྟེན་འབྲེལ་ཆོས་ཅན། གང་ཟག་དང་ཆོས་ཀྱི་བདག་སྔར་ཡོད་བསལ་དུ་མེད་ཅིང་བདག་གཉིས་ཀྱིས་སྟོང་པའི་ཆོས་ཉིད་སྔར་མེད་བཞག་དུ་མེད་དེ། གདོད་མ་ནས་བདག་ཉིད་ཀྱིས་སྟོང་པའི་རང་བཞིན་ཡིན་པའི་ཕྱིར། དབུ་མ་པའི་ལུགས་ལ་ཆོས་ཅན། རྟེན་འབྲེལ་བདག་གཉིས་ཀྱིས་སྟོང་པར་མཐོང་ན་སྒྲིབ་གཉིས་ལས་གྲོལ་བར་འགྱུར་ཏེ། རྟེན་འབྲེལ་བདག་གཉིས་ཀྱིས་སྟོང་པར་མཐོང་བ་དེ་གནས་ལུགས་ལ་ཡང་དག་པར་མཐོང་བའི་ཡེ་ཤེས་ཡིན་པའི་ཕྱིར། སྦྱིན་པ་ལ་སོགས་རེ་རེ་ནི་སོགས་ལ། ས་བཅུ་པའི་དཀྱིལ་སྟོད་ཀྱི་ཡེ་ཤེས་ཆོས་ཅན། མཐོང་ལམ་རྩེ་མོའི་མིང་ཅན་གྱི་མངོན་རྟོགས་ཡིན་ཏེ། སྐབས་འདིའི་མཐོང་སྤང་གཟུང་འཛིན་གྱི་རྣམ་རྟོག་གི་བག་ལ་ཉལ་འཇོམས་བྱེད་ཀྱི་ཡེ་ཤེས་ཡིན་པའི་ཕྱིར། སྐབས་འདིའི་མཐོང་ལམ་རྩེ་མོ་ཆོས་ཅན། རྣམ་པས་ཕྱེ་ན་སུམ་ཅུ་རྩ་དྲུག་དུ་དབྱེར་རུང་སྟེ། འཁོར་གསུམ་རྣམ་དག་གི་སྒོ་ནས་ཕྱིན་དྲུག་རེ་རེ་ཡང་ཕྱིན་དྲུག་ཚང་བར་སྒོམ་པའི་ཡེ་ཤེས་ཡིན་པའི་ཕྱིར། འཕགས་པ་ལྟར་ན། མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་ཆོས་ཅན་དུ་བྱས་ནས་སྔ་མ་ལྟར་འགོད་དོ། །

དེ་སྐྱེས་པ་ན་སོགས་ལ། མཐོང ལམ་རྩེ་མོའི་རྣམ་གྲོལ་ཆོས་ཅན། སྐབས་འདིའི་མཐོང་སྤང་གི་རྣམ་རྟོག་བརྒྱ་རྩ་བརྒྱད་ཀྱི་བག་ལ་ཉལ་སྤངས་པ་ཡིན་ཏེ། དེ་དག་གིས་བསྐྱེད་པའི་མཐོང་སྤང་གཟུང་འཛིན་གྱི་རྣམ་རྟོག་བརྒྱ་རྩ་བརྒྱད་སྤངས་པའི་མི་རྟོག་ཡེ་ཤེས་ཀྱི་རང་བཞིན་གྱི་རྣམ་གྲོལ་ལམ་ཡིན་པའི་ཕྱིར། དེ་ནས་སེང་གེ་རྣམ་སྒྱིངས་པའི་སོགས་ལ། མཐོང ལམ་རྩེ་མོའི་རྗེས་ཐོགས་སུ་མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ལུགས་མཐུན་དང་ལུགས་མི་མཐུན་དུ་སྙོམས་པར་འཇུག་པའི་ཡེ་ཤེས་ཆོས་ཅན། སེང་གེ་རྣམ་སྒྱིངས་ཀྱི་ཏིང་ངེ་འཛིན་ཡིན་ཏེ། མཐོང་ལམ་རྩེ་མོའི་སྤང་བྱ་སྒྲིབ་གཉིས་ཀྱི་འཇིགས་པ་མེད་ཅིང་མཐོང་ལམ་རྩེ་མོ་ལ་དབང་བསྒྱུར་ཐོབ་པར་བྱ་བའི་ཕྱིར་སྒོམ་པའི་སྙོམས་འཇུག་ཡིན་པའི་ཕྱིར། རྟེན་ཅིང་འབྲེལ་བར་འབྱུང་སོགས་ལ། མཐོང་ལམ་རྩེ་མོ་ལ་གནས་པའི་བྱང་སེམས་ཆོས་ཅན། རྗེས་ཐོབ་ཏུ་ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་ལུགས་མཐུན་ལུགས་ཟློག་དུ་སྒོམ་པ་ལ་དགོས་པ་ཡོད་དེ། འཁོར་བར་འཇུག་པའི་ཚུལ་གྱིས་རྒྱུ་འབྲས་ཁོང་དུ་ཆུད་པར་བྱ་བའི་ཆེད་ཡིན་པའི་ཕྱིར། རྣམ་བྱང་གི་རྟེན་འབྲེལ་ལུགས་མཐུན་ལུགས་བཟློག་ཏུ་སྒོམ་པ་ལ་དགོས་པ་ཡོད་དེ། འཁོར་བ་ལས་ལྡོག་པའི་ཚུལ་རྣམ་བྱང་རྒྱུ་འབྲས་དང་བཅས་པ་ཁོང་དུ་ཆུད་པར་བྱ་བའི་ཆེད་ཡིན་པའི་ཕྱིར། འགོག་པ་དང་བཅས་པ་སོགས་ལ། ཐོད་རྒལ་ལ་སྙོམས་པར་འཇུག་པའི་ཆེད་དུ་མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ལུགས་མཐུན་ལུགས་ཟློག་དུ་སྙོམས་པར་འཇུག་པའི་ས་བཅུ་པའི་ཡེ་ཤེས་ཆོས་ཅན། ཐོད་རྒལ་སྙོམས་འཇུག་གི་སྦྱོར་བ་ཡིན་ཏེ། ཐོད་རྒལ་ལ་སྙོམས་པར་འཇུག་པའི་ཆེད་དུ་མཐར་གནས་སྙོམས་འཇུག་དགུ་ལ་རྩལ་སྦྱོང་བའི་ཏིང་ངེ་འཛིན་ཡིན་པའི་ཕྱིར། འདོད་པར་རྟོགས་པའི་སོགས་ལ། ཡར་སོང་བསམ་གཏན་བཞི་དང་། གཟུགས་མེད་བཞི་ལ་འགོག་པ་སྤེལ་ཞིང་། མཉམ་པར་བཞག་པའི་སེམས་འཚམས་སུ་བཞག་ནས་མར་འོང་མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་འདོད་སེམས་སྤེལ་བའི་ས་བཅུ་པའི་ཡེ་ཤེས་ཆོས་ཅན། སྐབས་འདིའི་ཐོད་རྒལ་གྱི་སྙོམས་འཇུག་ཡིན་ཏེ། སྙོམས་འཇུག་དགུ་ལ་འདོད་རྒུར་དབང་ཐོབ་པར་བྱ་བའི་ཆེད་དུ་མཉམ་གཞག་གི་སེམས་དང་སེམས་མེད་ཤིན་ཏུ་ཞི་བ་དང་རྣམ་གཡེང་ཅན་གྱི་སེམས་སྤེལ་ནས་བསྒོམ་པའི་སྙོམས་འཇུག་ཡིན་པའི་ཕྱིར། སྒོམ་ལམ་རྩེ་མོ་ཡིན་ཏེ། སྐབས་འདིའི་སྒོམ་སྤངས་གཟུང་འཛིན་གྱི་རྣམ་རྟོག་བརྒྱ་རྩ་བརྒྱད་ཀྱི་བག་ལ་ཉལ་སྤོང་བྱེད་ཀྱི་གཉེན་པོ་ཡིན་པའི་ཕྱིར། མདོར་བསྡུས་རྒྱས་དང་སོགས་ལ། སྐབས་འདིར་བསྟན་ཡུལ་དགུ་ལ་བླང་བྱར་འཛིན་པའི་རྟོག་པ་ཆོས་ཅན། སྒོམ་སྤང་འཇུག་པ་གཟུང་རྟོག་ཡིན་ཏེ། སྒོམ་ལམ་རྩེ་མོའི་སྦྱོར་བའི་གནས་སྐབས་ཀྱི་སྤང་བྱར་གྱུར་པའི་གཟུང རྟོག་ཡིན་པའི་ཕྱིར། བརྒྱད་སྟོང་པ་ཆོས་ཅན། ཆོས་བསྡུས་པ་ཡིན་ཏེ། མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་རྗེས་སུ་བཟུང་པའི་ཆེད་དུ་གསུངས་པའི་བཀའ་ཡིན་པའི་ཕྱིར། སྟོང་ཕྲག་བརྒྱ་པ་ཆོས་ཅན། ཆོས་རྒྱས་པ་ཡིན་ཏེ། རྒྱས་པ་ལ་དགའ་བའི་གདུལ་བྱ་རྗེས་སུ་བཟུང་བའི་ཆེད་དུ་གསུངས་པའི་བཀའ་ཡིན་པའི་ཕྱིར། རིགས་ཆད་ཆོས་ཅན། སངས་རྒྱས་ཀྱི་གསུང་ཡོངས་སུ་མ་བཟུང་སྟེ། སངས་རྒྱས་ཀྱི་བཀའ་ལ་ཐོས་སོགས་ཀྱིས་ནན་ཏན་མི་བྱེད་པའི་ཕྱིར། མཐོང་ལམ་སྐྱེས་པའི་ཚེ་ཆོས་ཅན། དོན་དམ་པར་སྦྱོར་ལམ་ལ་སྤང་བྱ་ཆོག་གནོན་པའི་ཡོན་ཏན་མེད་དེ། དེ་འགགས་ཟིན་པའི་ཕྱིར། དོན་དམ་པར་མཐོང་ལམ་ལ་མཐོང་སྤང་སྤོང་བའི་ཡོན་ཏན་མེད་དེ། ཡང་དག་པར་དེ་སྐྱེ་བའི་རྒྱུ་མེད་པའི་ཕྱིར། དོན་དམ་པར་སྒོམ་ལམ་ལ་སྒོམ་སྤང་སྤོང་བའི་ཡོན་ཏན་མེད་དེ། མ་འོངས་པ་དངོས་པོར་མེད་པའི་ཕྱིར། སྦྱོར་ལམ་ཆོས་ཅན། མྱང་འདས་ལ་སྦྱོར་བའི་ལམ་ཡིན་ཏེ། མྱང་འདས་ཀྱི་གེགས་ཀྱི་གཙོ་བོ་རྟག་སོགས་ཕྱིན་ཅི་ལོག་བཞི་ཞི་བར་བྱེད་པའི་ལམ་ཡིན་པའི་ཕྱིར། མཐོང་ལམ་ཆོས་ཅན། སྟོང་ཉིད་མངོན་པར་སྒྲུབ་པའི་ལམ་ཡིན་ཏེ། སྟོང་ཉིད་སྔར་མེད་གསར་དུ་རྟོགས་པར་བྱེད་པའི་ཕྱིར། སྒོམ་ལམ་ཆོས་ཅན། རང་བཞིན་མེད་པར་སྒོམ་པར་བྱེད་པའི་ལམ་ཡིན་ཏེ། སྟོང་ཉིད་མཐོང་ཟིན་སྒོམ་པར་བྱེད་པའི་ཕྱིར། གཉིས་པ་སེམས་དང་སེམས་བྱུང་སོགས་ལ། སྐབས་འདིའི་ཡུལ་དགུ་ལ་ལྡོག་བྱར་ཞེན་པའི་རྟོག་པ་ཆོས་ཅན། སྒོམ་སྤང་རྟོག་པ་གཟུང་རྟོག་ཡིན་ཏེ། སྒོམ་ལམ་རྩེ་མོའི་འཇུག་པ་བར་ཆད་མེད་ལམ་གྱི་སྤང་བྱར་གྱུར་པའི་གཟུང་རྟོག་ཡིན་པའི་ཕྱིར། སེམས་མི་སྐྱེ་དང་སོགས་ལ། ཉན་རང་ཚོགས་ལམ་ཆོས་ཅན། གཞན་དོན་དུ་བྱང་ཆུབ་ཀྱི་སེམས་མི་སྐྱེ་སྟེ། ཐེག་ཆེན་དགེ་བའི་བཤེས་གཉེན་སོགས་དང་བྲལ་བའི་ཕྱིར། བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་དེ། གཞན་དོན་དུ་སངས་རྒྱས་ལ་དམིགས་པའི་བསོད་ནམས་ཁྱད་པར་ཅན་མེད་པའི་ཕྱིར། ཉན་ཐོས་སྦྱོར་ལམ་པ་ཆོས་ཅན། ཉན་ཐོས་ཀྱི་ཐེག་པ་ཡིད་ལ་བྱེད་དེ། ཉན་ཐོས་ཀྱི་རྒྱས་འགྱུར་གྱི་རིགས་སད་པ་ཅན་ཡིན་པའི་ཕྱིར། རང་རྒྱལ་སྦྱོར་ལམ་པ་ཆོས་ཅན། རང་རྒྱལ་ཐེག་པ་མངོན་དུ་བྱེད་དེ། རང་རྒྱལ་གྱི་རྒྱས་འགྱུར་གྱི་རིགས་སད་པ་ཅན་ཡིན་པའི་ཕྱིར། ཉན་རང་མཐོང་ལམ་པ་ཆོས་ཅན། རྫོགས་བྱང་ཡིད་ལ་མི་བྱེད་དེ། ཤེར་ཕྱིན་གྱི་སྒྲུབ་པ་དང་བྲལ་བའི་ཕྱིར། ཉན་རང་སྒོམ་ལམ་པ་ཆོས་ཅན། དམིགས་བཅས་ཀྱི་སྒོམ་པ་དང་བཅས་པ་ཡིན་ཏེ། ཕུང་པོ་མི་རྟག་སོགས་སུ་སྒོམ་པའི་ཕྱིར། ཉན་རང་གི་མི་སློབ་ལམ་ཆོས་ཅན། སྤང་བྱ་སྤང་པའི་ཕྱིར་སྒོམ་པ་མེད་དེ། རང་ལུགས་ཀྱི་སྤང་བྱ་མ་ལུས་པ་སྤངས་པའི་ཕྱིར། ཉན་རང་གི་ཕུང་པོ་ལྷག་མེད་ཀྱི་མྱང་འདས་ཆོས་ཅན། སྒོམ་པ་དང་སྒོམ་པ་མེད་པ་གཉིས་ཀ་མེད་དེ། དམིགས་པ་དང་མི་དམིགས་པ་གཉིས་ཀ་མེད་པའི་ཕྱིར། ཉན་རང་ཆོས་ཅན། ཤེས་བྱ་ཐོས་བསམ་གྱིས་གཏན་ལ་འབེབ་པ་ལ་དོན་ཇི་ལྟ་བ་བཞིན་མ་ཡིན་པའི་ཤེས་རབ་དང་ལྡན་ཏེ། དེའི་ཚེ་ཕུང་པོ་མི་རྟག་སོགས་སུ་མངོན་པར་ཞེན་པའི་ཕྱིར། སེམས་ཅན་བརྟགས་པའི་སོགས་ལ། སྐབས་འདིའི་ཡུལ་དགུ་ལ་རྫས་ཡོད་དུ་ཞེན་པའི་རྟོག་པ་ཆོས་ཅན། སྒོམ་སྤང་རྫས་འཛིན་རྟོག་པ་ཡིན་ཏེ། སྒོམ་ལམ་རྩེ་མོའི་སྦྱོར་བ་ཉིད་སོགས་ཀྱི་སྤང་བྱར་གྱུར་པའི་འཛིན་རྟོག་ཡིན་པའི་ཕྱིར། གང་ཟག་ཆོས་ཅན། ཕུང་པོ་ལ་སེམས་ཅན་དུ་བཏགས་པ་ཙམ་ཡིན་ཏེ། ཕུང་པོ་ལས་མ་གཏོགས་པའི་སེམས་ཅན་རྫས་ཡོད་མ་གྲུབ་པའི་ཕྱིར། གཟུགས་སོགས་ཆོས་ཅན། ཆོས་སུ་བཏགས་པ་ཙམ་ཡིན་ཏེ། བློ་འཁྲུལ་པའི་སྣང་བ་ཙམ་ཡིན་པའི་ཕྱིར། མཁྱེན་གསུམ་གྱིས་བསྡུས་པའི་ཆོས་རྣམས་ཆོས་ཅན། ཐ་སྙད་དུ་དངོས་པོ་མེད་པའི་རང་བཞིན་གྱི་སྟོང་ཉིད་མ་ཡིན་ཏེ། ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་ཕྱིར། ཉན་རང་གི་ཤེས་རབ་ཆོས་ཅན། ཆོས་ལ་ཆགས་པ་ཡིན་ཏེ། གཟུགས་སོགས་མི་རྟག་སོགས་སུ་མངོན་པར་ཞེན་པ་ཅན་ཡིན་པའི་ཕྱིར། བྱང་སེམས་ཀྱི་ཤེས་རབ་ཆོས་ཅན། ཆོས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་འབྱེད་པ་ཅན་ཡིན་ཏེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པའི་ཕྱིར། ཉན་རང་ཆོས་ཅན། རང་དོན་རྒྱུན་ཞུགས་སོགས་ཀྱི་དངོས་པོའི་ཆེད་དུ་བྱ་བ་བྱེད་དེ། གཞན་དོན་དུ་ཆེན་པོ་གསུམ་གྱི་ཆེད་དུ་བྱ་བ་མི་བྱེད་པའི་ལམ་ཞུགས་ཡིན་པའི་ཕྱིར། བྱང་སེམས་ཆོས་ཅན། ཐེག་པ་གསུམ་གྱི་ལམ་གྱིས་ངེས་པར་འབྱུང་སྟེ། གཟུགས་ནས་རྣམ་མཁྱེན་བར་བདེན་པར་མི་དམིགས་པར་སྒོམ་པའི་ཕྱིར། སོ་སྐྱེ་ཆོས་ཅན། ཡོན་གནས་ཀྱི་ས་མ་དག་སྟེ། འཕགས་ལམ་ལ་ཡང་དག་པར་མ་ཞུགས་པའི་ཕྱིར། བྱང་ཆུབ་ཀྱི་སྤྱོད་པ་རྣམ་པར་འཁྲུགས་ཏེ། དམིགས་བཅས་ཀྱི་སྒོ་ནས་སྦྱིན་སོགས་སྒྲུབ་པའི་ཕྱིར། སེམས་ཅན་བཏགས་དང་སོགས་ལ། སེམས་ཅན་དུ་བཏགས་པ་དང་། དེར་འཇོག་པའི་རྒྱུ་ཕུང་པོ་ཙམ་གྱི་ཡུལ་ཅན་གྱི་རྣམ་རྟོག་ཆོས་ཅན། སྒོམ་ལམ་རྩེ་མོའི་མི་མཐུན་ཕྱོགས་ས་དེའི་སྤང་བྱ་ཡིན་པའི་ཕྱིར། དབྱེ་ན་དགུ་ཡོད་དེ། ཡུལ་དགུ་ཡོད་པའི་ཕྱིར། བདག་ཉིད་ཇི་བཞིན་སོགས་ལ། སྐབས་འདིར་བསྟན་ཡུལ་དགུ་ལ་སྐྱེས་བུ་བཏགས་པ་ཙམ་དུ་འཛིན་པའི་རྟོག་པ་དགུ་ཆོས་ཅན། སྒོམ་སྤང་བཏགས་འཛིན་རྟོག་པ་ཡིན་ཏེ། སྒོམ་ལམ་རྩེ་མོའི་འཇུག་པ་བར་ཆད་མེད་ལམ་གྱི་སྤང་བྱར་གྱུར་པའི་འཛིན་རྟོག་ཡིན་པའི་ཕྱིར། ཉན་རང་གི་ལམ་ཆོས་ཅན། རྣམ་མཁྱེན་གྱི་སྒྲིབ་པ་ལ་ཀུན་ཏུ་རྨོངས་ཏེ། རྒྱུ་འབྲས་ངོ་བོའི་རྣམ་པ་མ་ལུས་པ་ཡོངས་སུ་མ་ཤེས་པའི་ཕྱིར། ལམ་ཤེས་ཀྱི་སྒྲིབ་པ་ལ་ཀུན་ཏུ་རྨོངས་ཏེ། ཐེག་པ་གསུམ་གྱི་ལམ་ཐམས་ཅད་ཡོངས་སུ་མ་ཤེས་པའི་ཕྱིར། ཐམས་ཅད་ཤེས་པ་ཉིད་ཀྱི་སྒྲིབ་པ་ལ་ཀུན་ཏུ་རྨོངས་ཏེ། གཞི་ཐམས་ཅད་སྐྱེ་མེད་དུ་མ་ཤེས་པའི་ཕྱིར། སྒྲིབ་པ་ཐམས་ཅད་ཞི་བའི་ལམ་ལ་རྨོངས་ཏེ། ཆོས་རང་བཞིན་མེད་རྟོགས་ཀྱི་ཤེར་ཕྱིན་ཡོངས་སུ་མ་ཤེས་པའི་ཕྱིར། ཆོས་ཉིད་དེ་བཞིན་ཉིད་དང་ཆོས་གཟུགས་སོགས་མཚུངས་མི་མཚུངས་ལྡན་མི་ལྡན་ལ་ཀུན་ཏུ་རྨོངས་ཏེ། དེ་དག་གཅིག་དང་ཐ་དད་ལས་གྲོལ་བར་ཡོངས་སུ་མ་ཤེས་པའི་ཕྱིར། ཐེག་དམན་དང་རྣམ་མཁྱེན་གྱི་མི་མཉམ་པ་ལ་རྨོངས་ཏེ། ཐེག་ཆེན་ལམ་གྱི་བར་ཆད་ཕྱི་ནང་གི་བདུད་དང་སྡིག་གྲོགས་སོགས་ཀྱི་ངོ་བོ་མི་ཤེས་པའི་ཕྱིར། བདེན་བཞིའི་ངོ་བོ་ལ་རྨོངས་ཏེ། བདེན་བཞི་མི་རྟག་སོགས་སུ་སྟོན་པའི་མདོ་ལ་སྒྲ་ཇི་བཞིན་པར་འཛིན་པའི་ཕྱིར། ཉོན་མོངས་པའི་རང་བཞིན་ལ་རྨོངས་ཏེ། ཆགས་སོགས་ཀྱི་ངོ་བོ་སྟོང་པར་མི་ཤེས་པའི་ཕྱིར། གཉིས་སུ་མེད་པ་ལ་རྨོངས་ཏེ། གཟུང་འཛིན་གྱི་མཚན་ཉིད་སྟོང་པར་མ་ཤེས་པའི་ཕྱིར། ཡམས་ནད་འདི་དག་སོགས་ལ། སྒོམ་ལམ་རྩེ་མོའི་རྣམ་གྲོལ་ལམ་ལ་གནས་པའི་བྱང་སེམས་ཆོས་ཅན། ཐེག་པ་གསུམ་གྱིས་བསྡུས་པའི་ཡོན་ཏན་ཐམས་ཅད་མངོན་དུ་འོང་པའི་རྣམ་པས་རྟེན་ཏེ། ཐེག་པ་གསུམ་གྱི་ཡོན་ཏན་ཐོབ་པའི་གེགས་སྒོམ་སྤང་གཟུང་འཛིན་གྱི་རྣམ་རྟོག་བརྒྱ་རྩ་བརྒྱད་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར། དཔེར་ན་རིམས་ནད་མ་ལུས་པ་བྱང་ན་ལུས་སྟོབས་ངང་གིས་འཕེལ་ཞིང་དགའ་བའི་དབུག་འབྱིན་པ་ཐོབ་པ་བཞིན་ནོ། །སྟོང་གསུམ་སྐྱེ་བོ་ཉན་ཐོས་སོགས་ལ་བར་ཆད་མེད་རྩེ་ཆོས་ཅན། མདོ་ལས་སྟོང་གསུམ་གྱི་སྐྱེ་བོ་ཉན་ཐོས་ནས་བྱང་སེམས་ཀྱི་སྐྱོན་མེད་པའི་བར་ལ་བཀོད་པའི་དགེ་བ་ལས་ཁྱོད་ཀྱི་འབྲས་བུ་བསོད་ནམས་ཆེས་མང་པའི་སྒོ་ནས་ཁྱོད་བསྟན་པ་ལ་དགོས་པ་ཡོད་དེ། གདུལ་བྱ་ཁྱོད་ཀྱིས་སྒོམ་པ་ལ་སྤྲོ་བ་བསྐྱེད་པའི་ཆེད་ཡིན་པའི་ཕྱིར། ས་བཅུ་རྒྱུན་མཐའི་ཡེ་ཤེས་ཆོས་ཅན། བར་ཆད་མེད་རྩེ་ཡིན་ཏེ། རྣམ་མཁྱེན་གྱི་ཡེ་ཤེས་སྐྱེད་པ་ལ་སྒྲུབ་བ་གཞན་གྱིས་བར་ཆད་མ་ཆོད་པ་དེ་ཡིན་པའི་ཕྱིར། འདིའི་དམིགས་པ་སོགས་ལ། བར་ཆད་མེད་རྩེ་ཆོས་ཅན། བདེན་མེད་སྒྱུ་མ་ལྟ་བུའི་ཆོས་རྣམས་ཁྱོད་ཀྱི་དམིགས་པ་ཡིན་ཏེ། དེ་ཁྱོད་ཀྱི་ཤེས་རྣམ་གྱིས་བཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར། གྲངས་མེད་གསུམ་དུ་སྦྱོར་བཞི་སྒོམ་པའི་དམིགས་རྣམ་མ་བརྗེད་པའི་དྲན་པ་དེ་ཁྱོད་ཀྱི་བདག་རྐྱེན་ཡིན་ཏེ། དེ་མངོན་དུ་བྱས་པའི་དབང་གིས་དེ་འབྱུང་བའི་ཕྱིར། སྤྲོས་པ་ཉེ་བར་ཞི་བའི་རྣམ་པ་ཅན་ཡིན་ཏེ། མཐའ་གང་དུ་མི་རྟོག་པའི་ཡེ་ཤེས་ཡིན་པའི་ཕྱིར། གནས་འདི་ལ་ནི་སོགས་ལ། བར་ཆད་མེད་རྩེ་ཆོས་ཅན། ཁྱོད་ཀྱི་དམིགས་རྣམ་ལ་དངོས་པོ་སྨྲ་བ་རྣམས་ཀྱི་ཀླན་ཀའི་རྒོལ་བ་རྒྱུད་མར་འབྱུང་བའི་རྒྱུ་མཚན་ཡོད་དེ། ཁྱོད་ཀྱི་དམིགས་རྣམ་དངོས་སྨྲ་བ་རྣམས་ཀྱིས་རྟོགས་དཀའ་བའི་ཕྱིར། དམིགས་པ་འཐད་དང་སོགས་ལ། རྣམ་མཁྱེན་གྱི་དམིགས་པ་མི་འཐད་པར་ཐལ། འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་མེད་པའི་ཕྱིར་ཞེས་པའི་ཐལ་བ་ཆོས་ཅན། རྣམ་མཁྱེན་གྱི་དམིགས་པ་ཀུན་རྫོབ་དུ་ཁས་བླངས་པ་ལ་མི་གནོད་དེ། ཀུན་རྫོབ་ཏུ་རྟགས་མ་གྲུབ་ཀྱི་ལན་ཐེབས་པའི་ཕྱིར། ཡང་རྣམ་མཁྱེན་གྱི་དམིགས་པའི་ངོ་བོ་ངེས་པར་གཟུང་དུ་མེད་པར་ཐལ། རྣམ་པ་ཐམས་ཅད་དུ་རང་བཞིན་མེད་པའི་ཕྱིར་ཞེས་པའི་ཐལ་བ་ཆོས་ཅན། ཀུན་རྫོབ་ཏུ་རྣམ་མཁྱེན་གྱི་ངོ་བོ་ངེས་པར་གཟུང་བ་ལ་མི་གནོད་དེ། རྟགས་སྔ་མའི་ཕྱིར། རྣམ་མཁྱེན་གྱི་ཡེ་ཤེས་མེད་པར་ཐལ། དངོས་པོ་དང་དངོས་པོ་མེད་པ་མ་དམིགས་པའི་ཕྱིར་ཞེས་པའི་ཐལ་བ་ཆོས་ཅན། ཀུན་རྫོབ་ཏུ་རྣམ་མཁྱེན་གྱི་ཡེ་ཤེས་ཁས་བླངས་པ་ལ་མི་གནོད་དེ། དུ་མའི་ཕྱིར། བདེན་གཉིས་མི་འཐད་པར་ཐལ། ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་ཞེས་པའི་ཐལ་བ་ཆོས་ཅན། ཀུན་རྫོབ་ཏུ་བདེན་གཉིས་ཁས་བླངས་པ་ལ་མི་གནོད་དེ། སྔ་མ་དེའི་ཕྱིར། ལམ་ལ་སྦྱོར་བ་མི་འཐད་པར་ཐལ། སྦྱིན་སོགས་མ་དམིགས་པའི་ཕྱིར་ཞེས་པའི་ཐལ་བ་ཆོས་ཅན། ཀུན་རྫོབ་ཏུ་ལམ་ལ་སྦྱོར་བ་ཁས་བླངས་པ་ལ་མི་གནོད་དེ། སྔ་མ་དེའི་ཕྱིར། སངས་རྒྱས་དཀོན་མཆོག་མི་མཐད་པར་ཐལ། རྟོགས་བྱ་མེད་པའི་ཕྱིར་ཞེས་པའི་ཐལ་བ་ཆོས་ཅན། ཀུན་རྫོབ་ཏུ་སངས་རྒྱས་དཀོན་མཆོག་ཁས་བླངས་པ་ལ་མི་གནོད་དེ། སྔ་མ་དེའི་ཕྱིར། ཆོས་དཀོན་མཆོག་མི་འཐད་པར་ཐལ། སྟོང་པ་ཉིད་ལ་ཆོས་སུ་བཏགས་པ་ཙམ་ཡིན་པའི་ཕྱིར་ཞེས་པའི་ཐལ་བ་ཆོས་ཅན། ཀུན་རྫོབ་ཏུ་ཆོས་དཀོན་མཆོག་ཁས་བླངས་པ་ལ་མི་གནོད་དེ། སྔ་མ་དེའི་ཕྱིར། དགེ་འདུན་དཀོན་མཆོག་མི་འཐད་པར་ཐལ། དེའི་གདགས་གཞི་གཟུགས་སོགས་མི་དམིགས་པའི་ཕྱིར་ཞེས་པའི་ཐལ་བ་ཆོས་ཅན། ཀུན་རྫོབ་ཏུ་ཁས་བླངས་པ་ལ་མི་གནོད་དེ། སྔ་མ་དེའི་ཕྱིར། ཐབས་མཁས་མི་འཐད་པར་ཐལ། དེའི་ངོ་བོ་སྦྱིན་སོགས་མ་དམིགས་པའི་ཕྱིར་ཞེས་པའི་ཐལ་བ་ཆོས་ཅན། ཀུན་རྫོབ་ཏུ་དེ་ཁས་བླངས་པ་ལ་མི་གནོད་དེ། སྔ་མ་དེའི་ཕྱིར། དེ་བཞིན་གཤེགས་པའི་རྟོགས་པ་མི་འཐད་པར་ཐལ། དེའི་རྟོགས་བྱ་དངོས་པོ་སོགས་ལ་མི་དམིགས་པའི་ཕྱིར་ཞེས་པའི་ཐལ་བ་ཆོས་ཅན། ཀུན་རྫོབ་ཏུ་དེ་ཁས་བླངས་པ་ལ་མི་གནོད་དེ། དེའི་ཕྱིར། རྟགས་སོགས་ཕྱིན་ཅི་ལོག་མི་འཐད་པར་ཐལ། མི་རྟག་སོགས་ཕྱིན་ཅི་མ་ལོག་པ་མེད་པའི་ཕྱིར་ཞེས་པའི་ཐལ་བ་ཆོས་ཅན། ཀུན་རྫོབ་ཏུ་རྟག་སོགས་ཕྱིན་ཅི་ལོག་ཁས་བླངས་པ་ལ་མི་གནོད་དེ། སྔ་མ་དེའི་ཕྱིར། ཐར་པའི་དོན་དུ་ལམ་སྒོམ་པ་མི་འཐད་པར་ཐལ། ལམ་གྱི་འབྲས་བུ་སྔོན་དུ་མི་བྱེད་པའི་ཕྱིར་ཞེས་པའི་ཐལ་བ་ཆོས་ཅན། ཀུན་རྫོབ་ཏུ་དེ་ལ་མི་གནོད་དེ། དེའི་ཕྱིར། སྤང་གཉེན་མི་འཐད་པར་ཐལ། བླང་དོར་མེད་པའི་ཕྱིར་ཞེས་པའི་ཐལ་བ་ཆོས་ཅན། ཀུན་རྫོབ་ཏུ་དེ་ཡོད་པ་ལ་མི་གནོད་དེ། སྔ་མ་དེའི་ཕྱིར་རོ། །ཆོས་ཀྱི་མཚན་ཉིད་མི་འཐད་པར་ཐལ། ཆོས་ཅན་མེད་པའི་ཕྱིར་ཞེས་པའི་ཐལ་བ་ཆོས་ཅན། ཀུན་རྫོབ་ཏུ་དེ་ཡོད་པ་ལ་མི་གནོད་དེ། སྔ་མ་དེའི་ཕྱིར། སྒོམ་པ་མི་འཐད་པར་ཐལ། བསྒོམ་བྱ་རང་སྤྱིའི་མཚན་ཉིད་མེད་པའི་ཕྱིར་ཞེས་པའི་ཐལ་བ་ཆོས་ཅན། ཀུན་རྫོབ་ཏུ་དེ་ཡོད་པ་ལ་མི་གནོད་དེ། དེའི་ཕྱིར། སྐྱེ་བོ་སོགས་ལ། སྐབས་འདིའི་བདེན་གཉིས་འགལ་བར་སེམས་པའི་རྟོག་པ་ཆོས་ཅན། ངེས་པའི་རྣམ་པ་ཅན་ཡིན་ཡང་། དཔྱད་ན་ཐེ་ཚོམ་གྱི་ངོ་བོ་ཡིན་ཏེ། མཐའ་གཞན་དུ་དོགས་པ་མ་དཔྱད་པའི་རྟོག་པ་ཡིན་པའི་ཕྱིར་ཏེ། རྒྱུ་མཚན་ཡང་དག་ལ་མ་བརྟེན་པའི་ཞེན་པ་ཡིན་པའི་ཕྱིར། དེ་བས་ན་སོགས་ལ་བར་ཆད་མེད་པའི་དམིགས་རྣམ་ལ་བདེན་གཉིས་འགལ་བར་རྩོད་པའི་གླན་ཀ་རྣམས་ཆོས་ཅན་དབུ་མ་པ་ལ་གནོད་བྱེད་མ་ཡིན་ཏེ། ཁྱོད་གང་ཡིན་ཀུན་རྫོབ་སྒོ་ཅན་དང་། དོན་དམ་སྒོ་ཅན་གྱི་ཀླན་ཀ་གཉིས་སུ་ངེས་པ་གང་ཞིག །དབུ་མ་པས་ཀུན་རྫོབ་སྒོ་ཅན་ལ་དོན་དམ་གྱི་སྒོ་ནས་ལན་གདབ་ནུས་དོན་དམ་སྒོ་ཅན་ལ་ཀུན་རྫོབ་ཀྱི་སྒོ་ནས་ལན་གདབ་ནུས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སོགས་ལ། གདུལ་བྱ་བར་ཆད་མེད་པའི་ཏིང་ངེ་འཛིན་སྐྱེད་པར་འདོད་པའི་བྱང་སེམས་ལྷ་སྦྱིན་ཆོས་ཅན། བར་ཆད་མེད་རྩེའི་འགལ་རྐྱེན་དེའི་དམིགས་རྣམ་ལ་ལོག་པར་རྟོག་པ་ཇི་སྙེད་པ་བསལ་ནས་མཐུན་རྐྱེན་ཡང་དག་པའི་ངེས་པ་གདུལ་བྱ་ལ་སྐྱེ་དགོས་ཏེ། གདུལ་བྱ་ལ་བར་ཆད་མེད་རྩེའི་ཏིང་ངེ་འཛིན་སྐྱེས་པར་འདོད་པའི་ཕྱིར། སྐབས་ལྔ་པའི་ངག་དོན་ནོ།། །།

སྐབས་དྲུག་པའི་ངག་དོན་བཤད་པ།

རྩེ་མོའི་མངོན་པར་རྟོགས་པ་སོགས་ལ། མཐར་གྱིས་པའི་སྦྱོར་བ་ཆོས་ཅན། རྩེ་སྦྱོར་གྱི་འོག་ཏུ་འཆད་པའི་རྒྱུ་མཚན་ཡོད་དེ། རྩེ་མོའི་མངོན་རྟོགས་ཐོབ་ནས་ཁྱོད་སྒོམ་པའི་ཕྱིར། ས་བཅུ་པའི་དཀྱིལ་སྨད་ཀྱི་ཡེ་ཤེས་ཆོས་ཅན། མཐར་གྱིས་པའི་མངོན་རྟོགས་ཡིན་ཏེ། མཁྱེན་གསུམ་སོ་སོ་བ་དང་བསྡུས་པ་ཉིད་དུ་རྟོགས་པའི་དོན་རྣམས་གོ་རིམ་བཞིན་དུ་བླངས་ནས་སྒོམ་པའི་སྦྱོར་བ་ཡིན་པའི་ཕྱིར། སྦྱིན་པ་ཤེས་རབ་སོགས་ལ། ཕྱིན་དྲུག་སོགས་ཆོས་ཅན། མཐར་གྱིས་པའི་བསྒོམ་བྱ་ཡིན་ཏེ། དེས་ཉམས་སུ་བླང་བྱ་ཡིན་པའི་ཕྱིར། ཕ་རོལ་ཕྱིན་པ་བཞི་སོགས་ལ། ཐབས་སྟོབས་སྨོན་ལམ་ཡེ་ཤེས་ཕར་ཕྱིན་བཞི་ཆོས་ཅན། ཤེར་ཕྱིན་གྱི་ནང་དུ་འདུས་ཏེ། རིམ་བཞིན་དགེ་བ་བྱང་ཆུབ་དུ་སྒྱུར་བར་བྱེད་པའི་ཤེས་རབ་ཡིན་པའི་ཕྱིར་དང་། སོ་སོར་རྟོག་པ་དང་སྒོམ་སྟོབས་ཀྱིས་མི་མཐུན་ཕྱོགས་འཇོམས་པའི་ཤེས་རབ་ཡིན་པའི་ཕྱིར་དང་། ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པར་བྱེད་པའི་ཤེས་རབ་ཡིན་པའི་ཕྱིར་དང་། ཆོས་ཀྱི་སྒོ་མཐའ་ཡས་པ་ལ་མངའ་བསྒྱུར་བའི་ཤེས་རབ་ཡིན་པའི་ཕྱིར་རོ། །དྲན་པ་ཉེར་བཞག་སོགས་ལ། ཐེག་ཆེན་སྦྱོར་མཐོང་སྒོམ་གསུམ་གྱི་ཡོན་ཏན་དོན་དམ་པར་མི་དམིགས་ཤིང་ཀུན་རྫོབ་ཏུ་མཚན་ཉིད་ཇི་ལྟ་བ་བཞིན་ཡིད་ལ་བྱེད་པའི་ལམ་ཆོས་ཅན། རྒྱུའི་སྒོ་ནས་སངས་རྒྱས་རྗེས་སུ་དྲན་པ་ཡིན་ཏེ། སངས་རྒྱས་ཐོབ་བྱེད་ཀྱི་རྒྱུའི་ཡོན་ཏན་བདེན་གཉིས་དང་མི་འགལ་བར་ཡིད་ལ་བྱེད་པའི་ལམ་ཡིན་པའི་ཕྱིར། དགེ་མི་དགེ་ལུང་མ་བསྟན་གྱི་ཆོས་གསུམ་དོན་དམ་པར་མི་དམིགས་ཤིང་ཀུན་རྫོབ་ཏུ་དེ་དག་གི་མཚན་ཉིད་ཇི་ལྟ་བ་བཞིན་ཡིད་ལ་བྱེད་པའི་ལམ་ཆོས་ཅན། ཡུམ་གྱི་སྒོ་ནས་ཆོས་རྗེས་སུ་དྲན་པ་ཡིན་ཏེ། ལུང་རྟོགས་ཀྱི་ཆོས་ཀྱི་ཡུལ་གྱི་རང་བཞིན་བདེན་གཉིས་དང་མི་འགལ་བ་ཡིད་ལ་བྱེད་པའི་ལམ་ཡིན་པའི་ཕྱིར། བྱང་འཕགས་ཀྱི་ཡོན་ཏན་དོན་དམ་པར་མི་དམིགས་ཤིང་། ཀུན་རྫོབ་ཏུ་མཚན་ཉིད་ཇི་ལྟ་བ་བཞིན་ཡིད་ལ་བྱེད་པའི་ལམ་ཆོས་ཅན། དགེ་འདུན་རྗེས་སུ་དྲན་པ་ཡིན་ཏེ། བྱང་སེམས་འཕགས་པའི་ཡོན་ཏན་བདེན་གཉིས་དང་མི་འགལ་བར་ཡིད་ལ་བྱེད་པའི་ལམ་ཡིན་པའི་ཕྱིར། ཚུལ་ཁྲིམས་དང་སྟོང་པ་དང་། ལྷར་སྐྱེས་པའི་འཕགས་པ་རྣམས་ཀྱི་ཡོན་ཏན་དོན་དམ་པར་མི་དམིགས་ཤིང་ཀུན་རྫོབ་ཏུ་མཚན་ཉིད་ཇི་ལྟ་བ་བཞིན་ཡིད་ལ་བྱེད་པའི་ལམ་ཆོས་ཅན། ཚུལ་ཁྲིམས་དང་སྟོང་ཉིད་ལྟ་བ་རྗེས་དྲན་པ་ཡིན་ཏེ། རིམ་བཞིན་ཚུལ་ཁྲིམས་སོགས་ཀྱི་ཡོན་ཏན་བདེན་གཉིས་དང་མི་འགལ་བར་ཡིད་ལ་བྱེད་པའི་ལམ་ཡིན་པའི་ཕྱིར། སྐབས་དྲུག་པའི་ངག་དོན་ནོ།། །།

སྐབས་བདུན་པའི་ངག་དོན་བཤད་པ།

མཐར་གྱིས་པའི་སོགས་ལ། སྐད་ཅིག་མའི་སྦྱོར་བ་ཆོས་ཅན། མཐར་གྱིས་པའི་མཇུག་ཏུ་སྟོན་པའི་རྒྱུ་མཚན་ཡོད་དེ། མཐར་གྱིས་པའི་མངོན་རྟོགས་ཐོབ་ནས་ཁྱོད་སྒོམ་པའི་ཕྱིར། སྦྱིན་པ་ལ་སོགས་རེ་རེ་ཞེས་པ་ལ། རྒྱུན་མཐའི་ཡེ་ཤེས་ཆོས་ཅན། རྣམ་སྨིན་མ་ཡིན་པའི་སྐད་ཅིག་མ་ཡིན་ཏེ། ཟག་མེད་རྣམ་སྨིན་མ་ཡིན་པའི་ཆོས་གཅིག་མངོན་དུ་བྱས་པ་ན་དེ་དང་རིགས་མཐུན་པའི་ཟག་མེད་ཀྱི་ཆོས་ཅན་ཀུན་མངོན་དུ་བྱེད་པའི་སྦྱོར་བ་ཡིན་པའི་ཕྱིར། དེར་ཐལ་ཁྱོད་ཀྱི་དམིགས་བྱ་སྦྱིན་སོགས་རེ་རེས་ཀྱང་ཆོས་དབྱིངས་ཀྱི་ངོ་བོས་ཟག་མེད་ཀྱི་ཆོས་ཀུན་བསྡུས་ཤིང་གཅིག་དང་ཐ་དད་དུ་འཛིན་པའི་ཕྱིན་ཅི་ལོག་ལས་གྲོལ་བའི་སློབ་ལམ་ཡིན་པའི་ཕྱིར། ཇི་ལྟར་སོགས་ལ། ས་བཅུ་རྒྱུན་མཐའི་ཡེ་ཤེས་ཆོས་ཅན། ཟག་མེད་ཀྱི་ཆོས་གཅིག་མངོན་དུ་བྱས་པ་ན་དེ་དང་རིགས་མཐུན་པའི་ཟག་མེད་ཀྱི་ཆོས་ཀུན་མངོན་དུ་བྱེད་པ་མི་འགལ་ཏེ། ཆོས་ཐམས་ཅད་སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པར་གྱུར་ཅིག་ཅེས་པའི་སྔོན་གྱི་སྨོན་ལམ་གྱི་འཕེན་པ་རྫོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། གང་ཚེ་ཆོས་དཀར་སོགས་ལ། རྣམ་པར་སྨིན་པའི་སྐད་ཅིག་མ་ཡིན་ཏེ། ཟག་མེད་ཀྱི་རྣམ་སྨིན་གྱི་ཆོས་གཅིག་མངོན་དུ་བྱས་པས་ན་དེ་དང་རིགས་མཐུན་པའི་དེ་ཀུན་མངོན་དུ་བྱེད་པའི་སྦྱོར་བ་ཡིན་པའི་ཕྱིར། སྦྱིན་པ་ལ་སོགས་སྤྱོད་པའི་སོགས་ལ། མཚན་ཉིད་མེད་པའི་སྐད་ཅིག་མ་ཡིན་ཏེ། སྐད་ཅིག་མ་གཅིག་ལ་ཀུན་བྱང་གི་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པའི་སྦྱོར་བ་ཡིན་པའི་ཕྱིར། རྨི་ལམ་དང་ནི་སོགས་ལ། གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ་ཡིན་ཏེ། གཟུང་འཛིན་གྱི་ཆོས་ཐམས་ཅད་ཀྱི་དེ་ཉིད་གཉིས་སུ་མེད་པར་སྐད་ཅིག་མ་ལ་མཐོང་བའི་སྦྱོར་བ་ཡིན་པའི་ཕྱིར། སྐབས་བདུན་པའི་ངག་དོན་ནོ།། །།

སྐབས་བརྒྱད་པའི་ངག་དོན་བཤད་པ།

སྐད་ཅིག་མ་གཅིག་སོགས་ལ། ཆོས་སྐུ་ཆོས་ཅན། སྐད་ཅིག་མའི་འོག་ཏུ་འཆད་པའི་རྒྱུ་མཚན་ཡོད་དེ། སྐད་ཅིག་མའི་སྦྱོར་བའི་རྗེས་ཐོག་ཏུ་ཁྱོད་མངོན་དུ་འགྱུར་བའི་ཕྱིར། ཐུབ་པའི་ངོ་བོ་ཉིད་སྐུ་སོགས་ལ་ཆོས་དབྱིངས་ཤིན་ཏུ་རྣམ་དག་ཆོས་ཅན། ངོ་བོ་ཉིད་སྐུ་ཡིན་ཏེ། གནས་འགྱུར་མཐར་ཕྱིན་པའི་ཟག་མེད་ཀྱི་ཡོན་ཏན་ཀུན་གྱི་རྟེན་དུ་གྱུར་པའི་ཆོས་ཉིད་ཡིན་པའི་ཕྱིར། སྐུ་ལྷག་མ་གསུམ་སོགས་ལ། འདུས་བྱས་ཀྱི་སྐུ་གསུམ་ཆོས་ཅན། དོན་དམ་པར་ཆོས་དབྱིངས་ཀྱི་ངོ་བོ་ཡིན་ཀྱང་ཀུན་རྫོབ་དུ་སྐུ་ཐ་དད་དུ་བཞག་པ་ལ་རྒྱུ་མཚན་ཡོད་དེ། སངས་རྒྱས་ནང་ཁོ་ན་དང་ས་བཅུ་པའི་བྱང་སེམས་དང་། ཉན་ཐོས་ཀྱི་སྤྱོད་ཡུལ་དུ་ཇི་ལྟར་སྣང་བའི་དབང་དུ་བྱས་ནས་སྐུ་ཐ་དད་དུ་བཞག་པའི་ཕྱིར། བྱང་ཆུབ་ཕྱོགས་མཐུན་སོགས་ལ། སྐབས་འདིར་བསྟན་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་ཅིག་ཆོས་ཅན། ཆོས་ཀྱི་སྐུ་ཡིན་ཏེ། སངས་རྒྱས་ཀྱི་ཕྲིན་ལས་ཀྱི་རྒྱུར་གྱུར་པའི་ཡེ་ཤེས་ཡིན་པའི་ཕྱིར། རྣམ་པར་ཐར་པ་བརྒྱད་ཀྱི་མཚན་ཉིད་རིམ་བཞིན། བསམ་གཏན་གྱི་དངོས་གཞི་སེམས་ལ་བརྟེན་ནས་ལྟ་བ་པོ་བདག་ལ་གཟུགས་ཀྱི་འདུ་ཤེས་རྣམ་པར་བཞག་ནས་ཕྱི་རོལ་གཟུགས་ལ་སྡུག་མི་སྡུག་སྣ་ཚོགས་སུ་མོས་པར་བྱེད་པའི་ཏིང་ངེ་འཛིན་དང་ཤེས་རབ་དང་། གཉིས་པ་ནི་གཞན་འདྲ་ལ་ལྟ་བ་པོ་བདག་ལ་གཟུགས་མེད་པར་འདུ་ཤེས་པས་ཅེས་པ་ཁྱད་པར་རོ། །གསུམ་པ་ན་བསམ་གཏན་བཞི་པ་ལ་བརྟེན་ནས་ལྟ་བ་པོ་བདག་ལ་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྣ་ཚོགས་སྡུག་པར་རོ་གཅིག་ཏུ་མོས་པའི་ཏིང་ངེ་འཛིན་དང་ཤེས་རབ་བོ། །བཞི་པ་སོགས་ལ། རིམ་བཞིན། རང་སའི་རོ་མྱང་གི་སྒྲིབ་པ་ལས་གྲོལ་བའི་ནམ་མཁའ་དང་། རྣམ་ཤེས་དང་། ཅི་ཡང་དང་། སྲིད་རྩེའི་སྙོམས་འཇུག་དག་པ་བ་དང་། འདུ་ཤེས་དང་། ཚོར་བ་འགོག་པའི་སྒྲིབ་པ་ལས་གྲོལ་བའི་སེམས་མེད་ཞི་བའི་སྙོམས་འཇུག་རྣམས་སོ། །ཟད་པར་བཅུ་ལས་དང་པོ་བརྒྱད་ནི། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་མཐའ་དག་བར་སྣང་བ་སོགས་ཀྱི་ཏིང་ངེ་འཛིན་དང་ཤེས་རབ་དང་ཐ་མ་གཉིས་ལ་རིམ་བཞིན་ནམ་མཁའི་སྙོམས་འཇུག་ལ་བརྟེན་ནས་མཐའ་དག་ནམ་མཁར་བྱེད་པ་དང་། རྣམ་ཤེས་ཀྱི་སྙོམས་འཇུག་ལ་བརྟེན་ནས་མཐའ་དག་རྣམ་ཤེས་སུ་བྱེད་པའི་ཏིང་ངེ་འཛིན་དང་ཤེས་རབ་བོ། །ཟིལ་གནོན་བརྒྱད་ཀྱི་དོན་ནི། བསམ་གཏན་ལ་བརྟེན་ནས་ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེ་ཆུང་རྣམས་རང་བཞིན་གྱི་དབྱིབས་ཟིལ་གྱིས་མནན་ནས་གང་སྤྲུལ་འདོད་ཀྱི་རྣམ་པར་སྣང་བའི་ཏིང་ངེ་འཛིན་དང་ཤེས་རབ་ནི། དང་པོ་གཉིས་སོ། །གསུམ་པ་དང་བཞི་པ་ལ། གཞན་སྔ་མ་དང་འདྲ་ལ། ནང་གཟུགས་མེད་པར་འདུ་ཤེས་ཅེས་པ་ཁྱད་པར་རོ། །ལྷག་མ་བཞི་ལ་རིམ་བཞིན་ནོ། །བསམ་གཏན་བཞི་པའི་སེམས་ལ་བརྟེན་ནས་ནང་གཟུགས་མེད་པར་འདུ་ཤེས་པས་སྔོན་པོ་སོགས་བཞི་ལ་རང་བཞིན་གྱིས་ཁ་དོག་ཟིལ་གྱིས་མནན་ནས་གང་སྤྲུལ་འདོད་ཀྱི་རྣམ་པར་སྣང་བའི་ཏིང་ངེ་འཛིན་དང་ཤེས་རབ་བོ། །ཡོངས་དག་བཞི་ནི། བསམ་གཏན་ལ་བརྟེན་ནས་ལུས་འདོར་ལེན་ལ་དབང་ཐོབ་པ་རྟེན་དང ། སྤྲུལ་སྒྱུར་ལ་དབང་ཐོབ་པ་དམིགས་པ་དང་། སྐད་ཅིག་རེ་རེ་ལ་ཏིང་ངེ་འཛིན་གྲངས་མེད་པ་ལ་འཇུག་པ་ཐུགས་དང་། གཟུངས་ཀྱི་སྒོ་དཔག་ཏུ་མེད་པ་ལ་དབང་ཐོབ་པ་ཡེ་ཤེས་ཡོངས་དག་གོ། དབང་བཅུ་ནི་རིམ་བཞིན་ཇི་ལྟར་བཞེད་པ་བཞིན་ཚེ་འདོར་བ་དང་། ཇི་ལྟར་བཞེད་པ་བཞིན་ཏིང་ངེ་འཛིན་ལ་འཇུག་པ་དང་། འདོད་པ་བཞིན་ཡོ་བྱད་ཉེ་བར་གནས་པར་བྱེད་པ་དང་། ཇི་ལྟར་འདོད་པ་བཞིན་ལས་ཀྱི་འབྲས་བུ་སྒྱུར་བ་དང་། གཞན་དོན་དུ་ཇི་ལྟར་འདོད་པ་བཞིན་ལུས་ལེན་པ་དང་། ས་ལ་སོགས་པ་ཇི་ལྟར་འདོད་པ་བཞིན་སྒྱུར་བ་དང་། ཇི་ལྟར་སྨོན་པ་བཞིན་འགྲུབ་པ་དང་། ཇི་ལྟར་འདོད་པ་བཞིན་སྤྲུལ་པ་དང་། ཇི་ལྟར་འདོད་པ་བཞིན་ཡེ་ཤེས་མངོན་དུ་བྱེད་པ་དང་། གསུང་རབ་ཀྱི་ཆོས་ཇི་ལྟར་འདོད་པ་བཞིན་སྟོན་པར་ནུས་པ་རྣམས་སོ། །བསྲུང་བ་མེད་པ་གསུམ་ནི། སྒོ་གསུམ་གྱི་ཉེས་སྤྱོད་ལས་བསྲུང་མི་དགོས་པའི་ཡོན་ཏན། དྲན་པ་ཉེར་བཞག་གསུམ་ནི། ཆོས་གུས་པར་ཉན་པ་དང་མི་ཉན་པ་དང་བར་མའི་གདུལ་བྱ་ལ་མཚུངས་པར་རྗེས་ཆགས་དང་ཁོང་ཁྲོ་མི་མངའ་བའི་ཡོན་ཏན། བསྙེལ་བ་མི་མངའ་བ་ནི་གདུལ་བྱ་འདུལ་བའི་དུས་ལས་མི་འདའ་བའི་ཡོན་ཏན། བག་ཆགས་བཅོམ་པ་ནི་སྒྲིབ་གཉིས་ཀྱི་བག་ལ་ཉལ་སྤངས་པའི་ཡོན་ཏན། ཐུགས་རྗེ་ཆེན་པོ་ནི། འགྲོ་བ་མཐའ་དག་ལ་གནས་སྐབས་དང་མཐར་ཐུག་དུ་ཕན་པར་བཞེད་པའི་ཡོན་ཏན། གཞན་དག་ན་རེ་སོགས་ལ། གནས་གྱུར་མཐར་ཕྱིན་མི་མཐུན་པའི་ཟག་པ་མེད་པའི་སེམས་སེམས་བྱུང་ཆོས་ཅན། སངས་རྒྱས་ཀྱི་སར་ཁྱོད་གདོན་མི་ཟ་བར་ཁས་བླངས་དགོས་ཏེ། ཁས་མ་བླངས་ན་ཆོས་སྟོན་པ་སོགས་སངས་རྒྱས་ཀྱི་ཕྲིན་ལས་རྒྱུ་མེད་དུ་འགྱུར་བའི་ཕྱིར། སངས་རྒྱས་ཀྱི་སྐུས་མ་བསྡུས་པར་ཐལ། སངས་རྒྱས་ཀྱི་སྐུ་དེ། ངོ་བོ་ཉིད་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་དུ་ངེས་པ་གང་ཞིག །ཁྱོད་དེ་གསུམ་གང་དུའང་མ་འདུས་པའི་ཕྱིར། དགོས་པ་ཉེ་བར་བསྟན་པ་སོགས་ལ། ལུས་རྣམ་གཞག་དུ་ཆོས་སྐུ་མཛད་པ་དང་བཅས་པས་ཞེས་ཕྲིན་ལས་དང་སྦྱར་ནས་སྟོན་པའི་རྒྱུ་མཚན་ཡོད་དེ། ཚིག་ལེའུར་བྱས་པས་སྡེབ་སྦྱོར་ཉམས་པ་སྤངས་པའི་ཆེད་ཡིན་པའི་ཕྱིར། ཉན་ཐོས་ཉོན་མོངས་མེད་པའི་སོགས་ལ། ཉན་ཐོས་ཀྱི་ཉོན་མོངས་མེད་པའི་ཏིང་ངེ་འཛིན་ཆོས་ཅན། སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལས་དམན་ཏེ། ཉན་ཐོས་རང་ལ་དམིགས་པའི་ཉོན་མོངས་པ་མི་སྐྱེ་བ་ཙམ་བྱེད་ཀྱི་གཞན་གྱི་ཉོན་མོངས་དྲུངས་འབྱིན་མི་ནུས་པའི་ཕྱིར། སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ཆོས་ཅན། ཉན་ཐོས་ཀྱི་ཉོན་མོངས་མེད་པའི་དེ་ལས་ཁྱད་པར་འཕགས་ཏེ། གཞན་རྒྱུད་ཀྱི་ཉོན་མོངས་དྲུངས་འབྱིན་ནུས་པའི་ཕྱིར། སངས་རྒྱས་ཀྱི་སྨོན་ནས་མཁྱེན་པ་སོགས་ལ། སངས་རྒྱས་ཀྱི་སྨོན་ནས་མཁྱེན་པ་ཆོས་ཅན། ལྷུན་གྱིས་གྲུབ་པར་འཇུག་སྟེ་འབད་རྩོལ་གྱི་མཚན་མ་མེད་པའི་ཕྱིར། ཆགས་པ་དང་བྲལ་བ་ཡིན་ཏེ། དངོས་པོ་ལ་མངོན་པར་མ་ཞེན་པའི་ཕྱིར། ཤེས་བྱ་ལ་ཐོགས་པ་མེད་དེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར། རྟག་ཏུ་གནས་ཏེ་འཁོར་བ་ཇི་སྲིད་བར་གནས་པའི་ཕྱིར། འདྲི་བ་ཀུན་གྱི་ལན་འདེབས་པར་མཛད་དེ་སོ་སོ་ཡང་དག་རིག་བཞི་མཐར་ཕྱིན་ཡིན་པའི་ཕྱིར། ཉན་རང་གི་དེ་ལས་ཁྱད་པར་འཕགས་ཏེ། ཁྱད་པར་ལྔ་ལྡན་གྱི་སྨོན་གནས་མཁྱེན་པ་ཡིན་པའི་ཕྱིར། རྒྱུ་ནི་ཡོངས་སུ་སྨིན་སོགས་ལ། སངས་རྒྱས་ཆོས་ཅན། དུས་རྟག་ཏུ་གཞན་དོན་མཛད་ཀྱང་ཕྲིན་ལས་གདུལ་བྱ་འགའ་ཞིག་ལ་འཇུག་འགའ་ཞིག་ལ་མི་འཇུག་པའི་རྒྱུ་མཚན་ཡོད་དེ། དགེ་རྩ་སྨིན་དང་མ་སྨིན་པའི་དབང་གིས་ཡིན་པའི་ཕྱིར། ལྷའི་རྒྱལ་པོ་སོགས་ལ། རིགས་ཆད་ཆོས་ཅན། སངས་རྒྱས་འཇིག་རྟེན་དུ་བྱོན་ཀྱང་ཁྱོད་ལ་ཕྲིན་ལས་མི་འཇུག་པའི་རྒྱུ་མཚན་ཡོད་དེ། ཕྲིན་ལས་འཇུག་པའི་དགེ་བའི་རྩ་བ་རྒྱུད་ལ་མི་ལྡན་པའི་ཕྱིར། དེ་ལྟར་སོགས་ལ། རྟོག་པ་ཡེ་ཤེས་ཆོས་སྐུ་ཆོས་ཅན། ཀུན་ལ་ཁྱབ་པ་ཞེས་པའི་ཐ་སྙད་འདོགས་པའི་རྒྱུ་མཚན་ཡོད་དེ། ཕྲིན་ལས་ཀྱི་གདུལ་བྱ་ཀུན་ལ་ཁྱབ་པའི་ཕྱིར། རྟག་ཞེས་ཐ་སྙད་འདོགས་པའི་རྒྱུ་མཚན་ཡོད་དེ། འཁོར་བ་ཇི་སྲིད་བར་ཟད་པ་མི་མངའ་བའི་ཕྱིར། མཚན་ནི་སོགས་ལ། ངེས་པ་ལྔ་ལྡན་གྱི་ཆོས་སྐུ་ཆོས་ཅན། ལོངས་སྤྱོད་རྫོགས་སྐུ་ཡིན་ཏེ། མཚན་དཔེས་རྒྱན་པའི་སྐུ་གང་ཞིག་མཐར་ཕྱིན་པའི་བྱང་སེམས་དང་ལྷན་ཅིག་ཐེག་པ་ཆེན་པོའི་ཆོས་ལ་རྒྱུན་མི་འཆད་པར་ལོངས་སྤྱོད་པའི་ཕྱིར། ཕྱག་ཞབས་འཁོར་ལོའི་མཚན་དཔེ་སོགས་ལ། སངས་རྒྱས་ཀྱི་ལོངས་སྐུ་ཆོས་ཅན། མཚན་བཟང་པོ་སོ་གཉིས་ཐོབ་པའི་རྒྱུ་མཚན་ཡོད་དེ། བླ་མ་སྐྱེལ་བ་སོགས་མཚན་གྲུབ་པའི་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་ཕྱིར། ཐུབ་པའི་སེན་མོ་ཟངས་མདོག་སོགས་ལ། སེན་མོ་ཟངས་ཀྱི་མདོག་འདྲ་བའི་དཔེ་བྱད་འགྲུབ་པའི་རྒྱུ་མཚན་ཡོད་དེ། ཐུགས་འདུ་བྱེད་ཐམས་ཅད་ལ་འདོད་ཆགས་དང་བྲལ་བའི་ཕྱིར། དེ་བཞིན་དུ་གཞན་ལའང་སྒྲེའོ། །གང་གི་སྲིད་པ་ཇི་སྲིད་བར་སོགས་ལ། མཆོག་གི་སྤྲུལ་སྐུ་ཆོས་ཅན། སྤྲུལ་སྐུ་ཡིན་ཏེ། ཐེག་པ་གསུམ་གྱི་གདུལ་བྱའི་དོན་དངོས་སུ་མཛད་པའི་སངས་རྒྱས་ཀྱི་སྐུ་ཡིན་པའི་ཕྱིར། དང་པོར་འགྲོ་བ་བཟང་པོ་སོགས་ལ། རྟོགས་པ་ཡེ་ཤེས་ཆོས་སྐུ་ཆོས་ཅན། གདུལ་བྱ་ལམ་གྱི་རྟེན་ལ་འགོད་པའི་ཕྲིན་ལས་མཛད་དེ། ལམ་སྐྱེ་བའི་གེགས་བདེ་འགྲོ་སྲིད་པ་ལ་ཆགས་པའི་ཡིད་བདེ་བ་དང་ངན་འགྲོ་སྡུག་བསྔལ་གྱིས་གདུང་པའི་ཡིད་མི་བདེ་བ་རྣམས་ཞི་བར་མཛད་པའི་ཕྱིར། སྦྱིན་པ་སོགས་ལ། གདུལ་བྱ་མ་བསྡུས་པ་སྡུད་པའི་ཕྲིན་ལས་མཛད་དེ། བསྡུ་བ་བཞིའི་སྒོ་ནས་གདུལ་བྱའི་དོན་མཛད་པའི་ཕྱིར། ཐོས་པ་སོགས་ལ། མ་སྨིན་པ་དམན་པ་སྨིན་པའི་ཕྲིན་ལས་མཛད་དེ། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་སྐྱེད་ནས་སྤང་གཉེན་བླང་དོར་གྱི་དོན་ཇི་ལྟ་བ་བཞིན་རྟོགས་པར་མཛད་པའི་ཕྱིར། སྒྱུ་མ་མཁན་སོགས་ལ། གདུལ་བྱ་གཞན་དོན་ལ་འགོད་པར་མཛད་དེ་རྗེས་ཆགས་ཁོང་ཁྲོ་སོགས་ཀྱིས་དབེན་པའི་བྱམས་སོགས་ཚད་མེད་བཞི་ལ་འགོད་པར་མཛད་པའི་ཕྱིར། རང་གི་དོན་སོགས་ལ། རང་དོན་ལ་འགོད་པར་མཛད་དེ། འཁོར་གསུམ་རྣམ་དག་གི་ཕྱིན་དྲུག་ལ་འགོད་པར་མཛད་པའི་ཕྱིར། རང་དང་གཞན་སོགས་ལ། གཉིས་དོན་ལ་འགོད་དེ། སྲོག་གཅོད་སྤོང་བ་སོགས་ལ་ལས་ལམ་བཅུ་ལ་འགོད་པའི་ཕྱིར། ཆོས་ཐམས་ཅད་ལ་སྟོང་ཉིད་གོམས་པ་ལ་འགོད་དེ། སྦྱོར་ལམ་ལ་འགོད་པར་མཛད་པའི་ཕྱིར། སྦྱིན་པའི་ཕར་ཕྱིན་སོགས་ལ། གཉིས་སུ་མེད་པ་ལ་འགོད་པར་མཛད་དེ། སྦྱིན་པའི་ཕར་ཕྱིན་རྫོགས་པས་ས་དང་པོ་ལ་འགོད་པར་མཛད་པའི་ཕྱིར། ཚོགས་ཡོངས་སུ་རྫོགས་པ་སོགས་ལ། ཆོས་ཐམས་ཅད་བརྡར་བཏགས་པ་ཙམ་དུ་ཤེས་པ་ལ་འགོད་དེ། ས་གཉིས་པ་ནས་ལྔ་པའི་བར་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་ཚོགས་རྫོགས་པ་ལ་འགོད་པའི་ཕྱིར། དེ་བཞིན་དུ་སོགས་ལ། ཆོས་ཐམས་ཅད་དམིགས་པ་མེད་པ་ལ་འགོད་དེ། ས་དྲུག་པར་ཤེར་ཕྱིན་ལ་འགོད་པའི་ཕྱིར། དེའི་འོག་དུ་སོགས་ལ། སེམས་ཅན་སྨིན་པར་བྱེད་པ་ལ་འགོད་དེ། ས་བདུན་པར་ཐབས་ཀྱི་ཕར་ཕྱིན་ལ་འགོད་པའི་ཕྱིར། སྟོབས་ཀྱི་སོགས་ལ། ཉན་རང་དང་ཐུན་མོང་མིན་པའི་བྱང་སེམས་ཀྱི་ལམ་ལ་འགོད་དེ། ས་བརྒྱད་པར་སྟོབས་ཀྱི་ཕར་ཕྱིན་ལ་འགོད་པའི་ཕྱིར། དེ་ནས་སོགས་ལ། ཆོས་ཐམས་ཅད་ལ་མངོན་ཞེན་ལྡོག་པ་ལ་འགོད་དེ། སྔ་མ་དེའི་ཕྱིར། དེའི་རྗེས་སུ་སོགས་ལ། བྱང་ཆུབ་ཐོབ་པ་ལ་འགོད་དེ། ས་དགུ་པར་སྨོན་ལམ་གྱི་ཕར་ཕྱིན་ལ་འགོད་པའི་ཕྱིར། དེའི་འོག་དུ་སོགས་ལ། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ལ་འགོད་དེ། ས་བཅུ་པར་ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་འགོད་པའི་ཕྱིར། དེ་ཉིད་སོགས་ལ། རང་གི་ངོ་བོ་རྫོགས་བྱང་དུ་ངེས་པ་ལ་འགོད་དེ། སྐྱེ་བ་གཅིག་གིས་ཐོགས་པའི་ས་ལ་འགོད་པའི་ཕྱིར། ཕྱོགས་བཅུའི་སོགས་ལ། སེམས་ཅན་ཚད་མེད་པའི་དོན་དང་། སངས་རྒྱས་ཚད་མེད་པ་སོགས་ཀྱི་དྲུང་དུ་འགྲོ་བ་སོགས་ཀྱི་ཡོན་ཏན་ལ་འགོད་དེ། སྔ་མའི་ཕྱིར། དེ་ལྟ་བུའི་སོགས་ལ། བྱང་ཆུབ་དངོས་སུ་འདྲེན་པར་བྱེད་པའི་བྱང་ཆུབ་ཀྱི་ཡན་ལག་ལ་འགོད་དེ། ས་བཅུ་པའི་ཁྱད་པར་གྱི་ལམ་ལ་འགོད་པའི་ཕྱིར། ལས་དང་སོགས་ལ། གྲངས་མེད་གསུམ་དུ་སྦྱོར་བཞི་སྒོམ་པའི་ལས་འབྲས་ཀྱི་འབྲེལ་བ་ཆུད་མི་ཟ་བ་ལ་འགོད་དེ། སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་སྐྱེད་བྱེད་སྐད་ཅིག་མའི་སྦྱོར་བ་ལ་འགོད་པའི་ཕྱིར། ཤེས་བྱ་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པ་ལ་འགོད་དེ། སྔ་མ་དེའི་ཕྱིར། ཕྱིན་ཅི་ལོག་ཐམས་ཅད་སྤང་པ་ལ་འགོད་དེ། དེའི་ཕྱིར་གཞི་མེད་པའི་ཕྱིན་ཅི་ལོག་སྤངས་པའི་ཡེ་ཤེས་ལ་འགོད་དེ། དེའི་ཕྱིར། བྱང་སེམས་ཀྱི་རྣམ་བྱང་ལ་འགོད་དེ། དེའི་ཕྱིར། རྣམ་བྱང་གི་རྒྱུ་ཚོགས་ལ་འགོད་དེ། དེའི་ཕྱིར། འདུས་བྱས་དང་འདུས་མ་བྱས་ཐ་མི་དད་དུ་ཤེས་པ་ལ་འགོད་དེ། དེའི་ཕྱིར། དེ་བཞིན་གཤེགས་པའི་སོགས་ལ། གདུལ་བྱ་མི་གནས་པའི་མྱང་འདས་ལ་འགོད་པའི་ཕྲིན་ལས་མཛད་དེ། དེ་བཞིན་གཤེགས་པའི་ས་ལ་འགོད་པར་མཛད་པའི་ཕྱིར། སེམས་སྐྱེད་པ་དང་པོ་སོགས་ལ། འགྲེལ་ཆུང་དོན་གསལ་འདིར་ཆོས་ཅན། དོན་བདུན་ཅུའི་ཐོག་མ་སེམས་བསྐྱེད། ཐ་མ་ཕྲིན་ལས་གཉིས་ལ་གོ་རིམ་ངེས་པ་བསྟན་པ་ལ་དགོས་པ་ཡོད་དེ། དེ་དག་གིས་མཚོན་ནས་གདམས་ངག་སོགས་ལྷག་མ་རྣམས་ཀྱི་གོ་རིམ་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། སྐབས་བརྒྱད་པའི་ངག་དོན་ནོ།། །།

མདོར་བསྡུས་ཏེ་བསྟན་པའི་ངག་དོན་བཤད་པ།

དང་པོར་སོགས་ལ། མཁྱེན་གསུམ་ཆོས་ཅན། ལས་སུ་སྒྲུབ་པའི་དབང་དུ་བྱས་ནས་མཁྱེན་གསུམ་གྱི་མཚན་ཉིད་ཡིན་ཏེ། མཁྱེན་གསུམ་གྱི་ཆོས་སུམ་ཅུས་མཚོན་པར་བྱ་བའི་གནས་ཡིན་པའི་ཕྱིར། དབང་དུ་བྱ་བ་སོགས་ལ། རྣམ་ཀུན་ཆོས་ཅན། མཁྱེན་པ་གསུམ་གྱི་སྦྱོར་བ་ཡིན་ཏེ་ཐོས་བསམ་གྱིས་གཏན་ལ་ཕབ་ཟིན་འདོད་རྒུར་དབང་དུ་བྱ་བའི་ཕྱིར་མཁྱེན་གསུམ་གྱི་རྣམ་པ་སྒོམ་པ་ལ་སྦྱོར་བའི་ཕྱིར། ཤིན་ཏུ་སོགས་ལ། རྩེ་མོའི་མངོན་རྟོགས་ཆོས་ཅན། མཁྱེན་གསུམ་རབ་ཀྱི་གནས་སྐབས་ཡིན་ཏེ། རྣམ་ཀུན་གྱི་སྦྱོར་བ་ཤིན་ཏུ་བ་སོགས་གོམས་པས་མི་མཐུན་ཕྱོགས་སྤོང་བ་ལ་མཐུ་དང་ལྡན་པ་ཡིན་པའི་ཕྱིར། དེ་ནི་རྟོགས་པ་སོགས་ལ། མཐར་གྱིས་པའི་མངོན་རྟོགས་ཆོས་ཅན། མཁྱེན་གསུམ་གྱི་གོ་རིམ་ཀྱི་གནས་སྐབས་ཡིན་ཏེ། མཁྱེན་གསུམ་སོ་སོ་བ་དང་བསྡུས་པ་ཉིད་དུ་རྣམ་པར་སྒོམ་པའི་དོན་རྣམས་སྐད་ཅིག་མ་གཅིག་ལ་མངོན་དུ་བྱ་བའི་ཕྱིར་ཤར་འདེབས་ཀྱི་ཚུལ་དུ་སྒོམ་པར་བྱེད་པ་དེ་ཡིན་པའི་ཕྱིར། ཁྱད་པར་དུ་སོགས་ལ། སྐད་ཅིག་མའི་མངོན་རྟོགས་ཆོས་ཅན། མཁྱེན་གསུམ་གྱི་སྦྱོར་བ་མཐར་ཐུག་པའི་གནས་སྐབས་ཡིན་ཏེ། སློབ་ལམ་གྱིས་སྤངས་རྟོགས་ཁྱད་པར་དུ་འགྲོ་བར་མེད་པའི་ཕྱིར། དེའི་འབྲས་བུ་སོགས་ལ། ཆོས་སྐུ་མཛད་པ་དང་བཅས་པ་ཆོས་ཅན། མཁྱེན་གསུམ་རྣམ་པར་སྨིན་པའི་གནས་སྐབས་ཡིན་ཏེ། མཁྱེན་གསུམ་སྦྱོར་བ་མཐར་ཐུག་གི་འབྲས་བུ་ཡིན་པའི་ཕྱིར། བར་མ་ལ་དགའ་བ་སོགས་ལ། མངོན་རྟོགས་དྲུག་དུ་བསྡུས་པ་ཆོས་ཅན། དགོས་པ་ཡོད་དེ། རྒྱས་བསྡུས་བར་མ་ལ་དགའ་བའི་སེམས་ཅན་ལ་ཕན་གདགས་པའི་ཆེད་ཡིན་པའི་ཕྱིར། དང་པོར་སོགས་ལ། མཁྱེན་གསུམ་ཆོས་ཅན། འཇུག་པར་བྱ་བའི་ཡུལ་ཡིན་ཏེ། ཐོས་བསམ་གྱིས་གཏན་ལ་ཕབ་ནས་མངོན་དུ་བྱ་བའི་ཕྱིར། སྦྱོར་བའི་བསྒོམ་བྱ་ཡིན་པའི་ཕྱིར། དེའི་འོག་དུ་སོགས་ལ། རྣམ་ཀུན་སོགས་བཞི་ཆོས་ཅན། སྦྱོར་བ་ཡིན་ཏེ། མཁྱེན་གསུམ་གྱི་རྣམ་པ་མངོན་དུ་བྱ་བའི་ཕྱིར་སྒོམ་པ་ཡིན་པའི་ཕྱིར། ཆོས་སྐུ་ཕྲིན་ལས་དང་བཅས་པ་ཆོས་ཅན། འབྲས་བུ་ཡིན་ཏེ། སྔ་མ་དེའི་ཕྱིར། ལ་ལ་ལས་དོན་སོགས་ལ། ཤེས་བྱ་ཆོས་ཅན། ཡུམ་གསུམ་ཀ་བརྗོད་བྱ་མངོན་རྟོགས་བརྒྱད་སྟོན་པ་ལ་ཁྱད་པར་མེད་དེ། བརྒྱད་པོ་དེ་ཉིད་བསྡུས་པ་ལ་དོན་ཙམ་ཚང་བ་དང་། བར་བ་ལས་ཚིག་ཙམ་ཚང་བ་དང་། རྒྱས་པ་ལས་རེ་རེ་ཡང་མིང་གི་རྣམ་གྲངས་དུ་མའི་སྒོ་ནས་བསྟན་པའི་ཕྱིར། དེ་ལྟ་མིན་ན་སོགས་ལ། རྒྱན་ཆོས་ཅན། ཡུམ་གསུམ་པོ་ཐམས་ཅད་ཀྱི་བརྗོད་བྱའི་རིམ་པ་ལ་སོགས་བསྡུས་པ་མ་ཡིན་པར་ཐལ། ཡུམ་གསུམ་ཀས་མངོན་པར་རྟོགས་པ་བརྒྱད་མ་བསྟན་པའི་ཕྱིར། འདོད་ན་ཡུམ་ཀུན་གྱི་རྒྱན་མ་ཡིན་པར་ཐལ་ལོ།། དེ་ལ་སོགས་ལ། ཡུམ་གསུམ་ཆོས་ཅན། བརྗོད་བྱ་གཅིག་ཀྱང་ཁྱད་པར་མེད་པ་མ་ཡིན་ཏེ། ཚིག་རྒྱས་འབྲིང་བསྡུས་པའི་དབྱེ་བ་ཡོད་པའི་ཕྱིར། འཕགས་པ་སོགས་ལ། སློབ་དཔོན་སེང་བཟང་ཆོས་ཅན། མན་ངག་མེད་པར་རང་དགར་འགྲེལ་ཆུང་རྩོམ་པ་མ་ཡིན་ཏེ། འཕགས་པ་རྣམ་གྲོལ་སྡེའི་མན་ངག་ལ་བརྟེན་ནས་བརྩམས་པའི་ཕྱིར། རྒྱན་དང་ཡུམ་གསུམ་གྱི་ཚིག་མ་སྦྱར་བ་འགྲེལ་ཆུང་དོན་གསལ་བརྩམས་པ་ལ་དགོས་པ་ཡོད་དེ། གདུལ་བྱས་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་པའི་ཕྱིར། ཤེས་ལྡན་དོན་གཉེར་འགའ་ཡིས་བསྐུལ་བའི་ཕྱིར། རྒྱན་གྱི་ངག་དོན་བསྡེབས་ལེགས་འདི་སྦྱར་བས། ཤེས་རབ་ཕ་རོལ་ཕྱིན་པའི་དོན་རྟོགས་ནས། འགྲོ་ཀུན་བླ་མེད་བྱང་ཆུབ་ཐོབ་པར་ཤོག །མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་དང་བཅས་པའི་ངག་དོན། མདོ་ཁམས་སྟོད་པ་ཤེས་རབ་འབུམ་གྱིས་བསྐུལ་བའི་ངོར། ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བའོ།། །། ༼འདིར་རྒྱ་ཆེའི་གཟིགས་པ་པོ་རྣམས་ཀྱིས་གཟིགས་སྐབས་གཞུང་འདིའི་ཚིག་རིས་དང་གོང་འོག་སོགས་ལ་འགལ་འཁྲུལ་དཔྱད་པས་འཇུག་པར་མཛད་གནང་རོགས། གང་ཡིན་ཟེར་ན་འདིའི་མ་དཔེ་དེ་དཔེ་ཤིན་ཏུ་ངན་སྟེ། ཡི་གེ་མ་གསལ་བ་མང་བ་དང་། ལྷག་པར་དཔེ་ཆའི་གོ་རིམ་ཨང་གྲངས་ཀྱང་མ་གསལ་བ་མང་བས་ཁོ་བོས་འགྲེལ་པ་དོན་གསལ་སོགས་དང་ལྷག་པར་ཀུན་མཁྱེན་ཆེན་པོའི་ངག་དོན་ལ་བལྟ་བསྡུར་བྱས་ཏེ་ཚོད་དཔག་བྱས་པ་ཁ་ཤས་མཆིས་སོ། །གཞན་ཡང་འདི་གཞོན་ནུ་བློ་གྲོས་ཞེས་གསུངས་པ་ལས་དུས་གནས་སོགས་གསལ་ཁ་མེད་པས་གཞོན་ནུ་བློ་གྲོས་ཞུ་བ་ས་སྐྱ་རང་ལའང་མཁས་པ་གསུམ་ཙམ་མངའ་བས་ན། རྗེ་བཙུན་རེད་མདའ་བ་ཡིན་མིན་ཡང་དཔྱད་བྱའི་གནས་སོ། །ཞེས་པ་སྒྲིག་པོ་ཐུབ་བསྟན་སྨོན་ལམ་ནས།༽


no previousཕར་ཕྱིན་ངག་དོན་རིན་ཆེན་སྤུངས་པ། next