Nitartha Digital Library
Tibetan
 
previousའགྲེལ་པ་དོན་གསལ་རྣམ་བཤད་ཉི་མའི་འོད་ཟེར།no next

འགྲེལ་པ་དོན་གསལ་རྣམ་བཤད་ཉི་མའི་འོད་ཟེར།

འགྲེལ་པ་དོན་གསལ་རྣམ་བཤད་ཉི་མའི་འོད་ཟེར་བཞུགས་སོ། །

ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་ཕྱག་འཚལ་ལོ། །

མཆོད་བརྗོད་བཤད་པ།

སྲིད་དང་ཞི་བའི་མཐའ་ལ་མི་གནས་ཀྱང་། །སྲིད་ཞིའི་ཕུན་ཚོགས་མ་ལུས་འབྱུང་བའི་གཞི། །རྒྱལ་བ་སྲས་བཅས་སྐྱེད་བྱེད་བྱམས་པའི་ཡུམ། ཁྱེད་ཀྱི་དགེ་ལེགས་༼བཟང་པོས་སྐྱོང་གྱུར་ཅིག །༽ ཕ་མཐར་སོན་པ་མཁྱེན་ལྡན་བདེ་གཤེགས་དང་། །ཕ་མཐའ་ཡས་པ་དེ་སྲས་དམ་པའི་ཆོས། །ཕས་རྒོལ་བདུད་ལས་རྒྱལ་བ་སློབ་མའི་ཚོགས། །ཕ་རོལ་ཕྱིན་པ་ཡུམ་གྱིས་ཤིས་པ་མཛོད། །བྱམས་པའི་ཆུ་བ་སྙིང་རྗེའི་རྩ་བ་བརྟན། །དགའ་བའི་མེ་ཏོག་བཏང་སྙོམས་ཟེ་འབྲུས་མཛེས། །བཅོས་མེད་ཕྲིན་ལས་བཟང་པོའི་དྲི་བསུང་ཅན། །མི་ཕམ་ཡང་དག་བཞུགས་པ་བདག་ལ་སྩོལ། །སྡེབས་ལེགས་ཆུ་སྐྱེས་ལེགས་བཤད་འདབ་བརྒྱ་ཅན། །ཟབ་དོན་སྙིང་པོའི་གེ་སར་ལྷམ་མེ་བ། །རྒྱལ་ཡུམ་ཆུ་གཏེར་མཛེས་བྱེད་རྒྱན་འདི་ནི། །བློ་གྲོས་པད་མོའི་གཉེན་གྱི་རྣམ་པར་དབྱེ། །བདེ་བར་གཤེགས་པས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་གདུལ་བྱ་རྣམས་རྣམ་པར་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་ཐབས་དམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀའ་བསྩལ་ཏེ། ཇི་སྐད་དུ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པར་ཐམས་ཅད་དུ་མངོན་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་གང་གསུངས་པ་ལྟར་རོ། །དེའི་ཕྱིར་རིགས་ལ་གནས་ཤིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམ་མཁྱེན་དོན་དུ་གཉེར་བ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་བཞིན་དུ་འབད་པ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་དང་། དེ་སྟོན་པའི་དགེ་བའི་བཤེས་གཉེན་བཙལ་བར་བྱ་ཞིང་དེའི་དོན་ལ་ཚུལ་བཞིན་དུ་བསླབ་པར་བྱའོ། །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡང་རྣམ་པ་གཉིས་ཏེ། སྙིང་པོའི་དོན་དང་མངོན་པར་རྟོགས་པའི་རིམ་པའོ། །དང་པོ་ནི། འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་དབུ་མ་རིགས་པའི་ཚོགས་དང་། དེའི་རྗེས་སུ་འབྲང་བའི་གཞུང་རྣམས་སུ་ལུང་དང་རིགས་པའི་ཚོགས་རྣམས་ཀྱིས་ཤིན་ཏུ་གསལ་བར་གཏན་ལ་ཕབ་པའི་ཕྱིར། དེ་དག་གི་རྗེས་སུ་འབྲངས་ནས་ཁོང་དུ་ཆུད་པར་བྱའོ། །མངོན་པར་རྟོགས་པའི་རིམ་པ་ནི། སྙིང་པོའི་དོན་དངོས་སུ་བསྟན་པའི་ཤུགས་ལ་རྟོགས་པར་བྱ་བ་ཡིན་པས་ས་འོག་གི་གཏེར་ལྟར་ཤིན་ཏུ་གབ་ཅིང་མི་གསལ་བའི་ཕྱིར་ཕྱིས་འཇུག་གི་གདུལ་བྱ་བློ་དང་བརྩོན་འགྲུས་ཞན་པ་དག་གིས་རྟོགས་པར་དཀའ་བ་དང་། ཉིད་ལས་གཞན་ལ་དེ་སྟོན་པའི་ནུས་པ་མེད་པར་དགོངས་ནས་རྒྱལ་བའི་རྒྱལ་ཚབ་ཀྱི་མཆོག་གི་ཐུགས་རྗེ་ཆེན་པོས་ཡང་དག་པར་གཟིགས་ཏེ། མངོན་པར་རྟོགས་པའི་རིམ་པ་དེ་བླག་དུ་རྟོགས་པར་བྱེད་པ་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་མཛད་དོ། །དེ་ཉིད་མདོ་དང་བཅས་པ་འཕགས་པ་མི་ཕམ་པ་ཉིད་ལ་དངོས་སུ་གསན་ནས་འཕགས་པ་ཐོགས་མེད་ཀྱིས་མངོན་པར་རྟོགས་པ་བརྒྱད་དུ་ཕྱེ་བའི་མདོའི་འགྲེལ་པ་མཛད་ཅིང་། དེའི་རྗེས་སུ་འབྲངས་ནས་སློབ་དཔོན་དབྱིག་གཉེན་གྱིས་ཀྱང་མདོའི་འགྲེལ་པ་མཛད་མོད། གཉིས་ཀས་ཀྱང་མདོ་དང་རྒྱན་དུ་མ་སྦྱར་ཞིང་སྙིང་པོའི་དོན་རྣམས་ཀྱང་རྣམ་པར་རིག་པ་ཙམ་དུ་བཀྲལ་ལོ་ཞེས་སྔོན་གྱི་སློབ་དཔོན་རྣམས་ལ་རབ་ཏུ་གྲགས་སོ། །དེའི་འོག་དུ་འཕགས་པ་རྣམ་པར་གྲོལ་བའི་སྡེའི་ཞལ་སྔ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་རྒྱན་དང་སྦྱར་ཞིང་། མདོ་མཚམས་དང་ཚིག་གི་དོན་ལེགས་པར་ཕྱེ་ནས་མཐའ་བྲལ་དབུ་མ་དང་མཐུན་པར་རྣམ་པར་བཀྲལ་བས་སྐལ་བ་དང་ལྡན་པ་རྣམས་ཀྱི་དོན་བདེ་བླག་དུ་རྟོགས་པའི་འཇུག་ངོགས་སུ་གྱུར་ཏོ། །དེ་ལྟ་ན་ཡང་བླ་མ་བརྒྱུད་པའི་མན་ངག་དང་བྲལ་ཞིང་། བློའི་མཐུ་ཆུང་བ་དག་གིས་མདོ་དང་ཚིག་ལེའུར་བྱས་པའི་དོན་རྟོགས་པ་དཀའ་བར་གཟིགས་ནས་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཟབ་དོན་གྱི་ཉིང་ཁུས་ཤེས་རབ་ཀྱི་དབང་པོ་ལེགས་པར་རྒྱས་པ། སློབ་དཔོན་སེང་གེ་བཟང་པོའི་ཞལ་སྔ་ནས་འཕགས་པ་རྣམ་གྲོལ་སྡེའི་རྗེས་སུ་འབྲང་ནས་སྟོང་ཕྲག་ཉི་ཤུ་ལྔ་པ་མངོན་པར་རྟོགས་པའི་རྒྱན་དང་མཐུན་པར་དག་པར་གཏུགས་ཏེ། གང་ཟག་ལུང་སྟོན་པ་དང་སྔོན་བྱུང་ལ་སོགས་པ་མངོན་པར་རྟོགས་པའི་རིམ་པ་ལ་ཉེ་བར་མི་མཁོ་བ་རྣམས་དོར་ནས། མངོན་རྟོགས་ཀྱི་རིམ་པ་སྟོན་པའི་མདོ་རྣམས་མངོན་རྟོགས་བརྒྱད་དོན་བདུན་ཅུ་དང་བཅས་པ་དང་རེ་རེ་ནས་སྦྱར་བ་ལེའུ་བརྒྱད་མའི་བསྡུས་དོན་གྱི་འགྲེལ་པ་མཛད་ཅིང་། མདོ་བརྒྱད་སྟོང་པ་ན་མངོན་རྟོགས་རྣམས་རེ་རེ་ཞིང་སྟོན་པའི་ཚིག་མེད་པས་མངོན་པར་རྟོགས་པ་དང་སྦྱར་བ་དཀའ་བར་གཟིགས་ཤིང་། སློབ་དཔོན་ཕྱོགས་ཀྱི་གླང་པོས། བརྒྱད་སྟོང་འདིར་དོན་མ་ཚང་མེད། །དེ་གཞུང་བསྡུས་པ་ཡིན་པར་འདོད། །དོན་ནི་ཇི་སྐད་བཤད་དེ་ཉིད། །ཅེས་གཞུང་བསྡུས་པ་ཙམ་མ་གཏོགས་རྒྱས་འབྲིང་དང་། དོན་ཁྱད་མེད་པར་གསུངས་པའི་རྗེས་སུ་འབྲངས་ནས་འདིས་ཀྱང་མངོན་པར་རྟོགས་པའི་དོན་ཚང་བར་སྟོན་པར་དགོངས་ནས། དེ་དང་རྒྱན་དུ་སྦྱར་བ་བརྒྱད་སྟོང་པའི་འགྲེལ་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་མཛད་དོ། །དེ་ལྟར་མདོའི་མཚམས་འབྱེད་དང་ཚིག་དོན་གཙོ་བོར་སྟོན་པའི་འགྲེལ་པ་གཉིས་མཛད་ནས། དེའི་འོག་ཏུ་ཡུམ་རྒྱས་འབྲིང་བསྡུས་པ་ཀུན་གྱི་རྒྱན་དུ་འགྱུར་བར་བྱ་བའི་ཕྱིར་མདོ་དང་མ་སྦྱར་ཤིང་། མདོའི་འགྲེལ་གཙོ་བོར་མ་བྱས་པར། བསྟན་བཅོས་ཀྱི་འགྲེེལ་གཙོ་བོར་བྱས་ནས་ཚིག་དོན་བདེ་བླག་དུ་རྟོགས་པར་བྱེད་པའི་འགྲེལ་པ་དོན་གསལ་བ་འདི་མཛད་དོ། །འདི་ལ་གསུམ། བཤད་པ་ལ་འཇུག་པའི་ཡན་ལག །བཤད་པ་ཉེ་བར་དགོད་པ། བཤད་པ་ཡོངས་སུ་རྫོགས་པའི་བྱ་བའོ། །དང་པོ་ལ་བཞི་མཆོད་པ་བརྗོད་ཅིང་བརྩམ་པར་དམ་བཅའ་བ་དང་། སྔོན་གྱི་སློབ་དཔོན་རྣམས་ཀྱིས་ཇི་ལྟར་བཤད་པའི་ཚུལ་དང་། རང་ཉིད་འགྲེལ་པ་རྩོམ་པའི་རྒྱུ་ཁེངས་སྐྱུང་ཞིང་རྩོམ་པར་སྤྲོ་བ་བསྟན་པའོ། །དང་པོ་ལ་གསུམ། དགོས་པ་དང་། བསྡུས་པ་དང་། ཚིག་གི་དོན་ནོ། །དང་པོ་ལ་གཉིས་ཀྱི་མཆོད་པ་བརྗོད་པའི་དགོས་པ་ནི། དམ་པ་རྣམས་བྱ་བ་ལ་འཇུག་པའི་ཐོག་མར་འདོད་པའི་ལྷ་ལ་ཕྱག་བྱེད་པས། སློབ་དཔོན་ཡང་རང་ཉིད་དམ་པ་རྣམས་དང་སྤྱོད་པ་མཐུན་པར་བསྟན་པའི་ཕྱིར་དང་། སྐྱེ་བོ་དམ་པ་རྣམས་ཀྱིས་བགྲོད་པའི་ལམ་ནི་བདག་ལེགས་སུ་འདོད་པ་གཞན་དག་གིས་ཀྱང་འཇུག་པར་བྱ་བ་ཡིན་པའི་ཕྱིར། རང་གི་བསྟན་བཅོས་ལ་གཞན་དག་འཇུག་པར་བྱ་བའི་ཕྱིར་དང་། ཡུལ་ཁྱད་ཅན་ལ་རབ་ཏུ་དང་བས་མཆོད་པ་བརྗོད་པ་ནི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པའི་རྒྱུ་ཡིན་པས་བསོད་ནམས་འཕེལ་ཏེ། བསོད་ནམས་མ་ཡིན་པ་བཟློག་པ། ང་དང་རྗེས་འཇུག་གི་གདུལ་བྱ་གཞན་རྣམས་ཀྱི་བསྟན་བཅོས་རྩོམ་པ་དང་འཆད་པ་སོགས་ཀྱི་བྱ་བ་གེགས་མེད་པར་མཐར་ཕྱིན་པར་བྱ་བའི་ཆེད་ཡིན་ནོ། །བརྩམ་པར་དམ་བཅའ་བའི་དགོས་པ་ནི། ཇི་སྐད་དུ་དམ་པ་མང་པོ་ཁས་འཆེ་མི་བྱེད་ཅིང་། །གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་བཞིན་དུ་ནི། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་པའི་ཚུལ་གྱིས། དམ་བཅས་པ་མཐར་ཕྱིན་པར་བྱེད་པ་ནི། སྐྱེས་བུ་དམ་པ་རྣམས་ཀྱི་ཁྱད་པར་གྱི་སྤྱོད་པ་ཡིན་པས་བསྟན་བཅོས་ཀྱི་བྱ་བ་མཐར་ཕྱིན་པར་བྱ་བའི་ཆེད་ཡིན་ནོ། །དགོས་པ་དེ་མཆོད་བརྗོད་ཀྱིས་འགྲུབ་པ་མ་ཡིན་ནམ་ཞེ་ན། མཆོད་པ་བརྗོད་པས་ནི། བྱ་བ་མཐར་ཕྱིན་པའི་འགལ་རྐྱེན་བསོད་ནམས་མ་ཡིན་པ་བཟློག་ལ། དམ་བཅས་ནི་མཐུན་རྐྱེན་སྤྲོ་བ་དང་བརྩོན་འགྲུས་ཁྱད་པར་ཅན་བསྐྱེད་པའི་ཕྱིར་དགོས་པ་ཐ་དད་པ་ཡིན་ནོ། །

བསྡུས་དོན་བཤད་པ།

གཉིས་པ་བསྡུས་དོན་ནི། ཚིགས་སུ་བཅད་པ་འདིས་གཙོ་བོ་ཕྱག་འཚལ་བ་དང་། བརྩམ་པར་དམ་བཅའ་བ་གཉིས་བསྟན་ནས་ཞར་ལ་འགྲེལ་པ་ལ་གཞན་འཇུག་པའི་ཡན་ལག་དགོས་པ་ལ་སོགས་པ་བཞི་བསྟན་ཏེ། དེ་ལ་མངོན་པར་རྟོགས་པ་བརྒྱད་ཚིག་ལེའུ་བྱས་པ་དང་བཅས་པ་ནི། བརྗོད་བྱ་ཡིན་ཏེ། བཤད་པར་བྱ་བ་ཡིན་པའི་ཕྱིར་རོ། །འདི་ལས་ཚིག་ལེའུར་བྱས་པ་རྒྱས་འབྲིང་བསྡུས་པ་ཀུན་གྱི་རྒྱན་དུ་གྱུར་པ་རྟོགས་པ་ནི་དགོས་པ་ཡིན་ཏེ། འདིའི་བསྒྲུབ་པར་བྱ་བ་ཁྱད་པར་བ་ཡིན་པའི་ཕྱིར་རོ། །དེའི་རྒྱུ་ལས་ཐོས་པ་ལ་སོགས་པ་རབ་ཀྱི་མཐར་ཕྱིན་ནས་རྣམ་མཁྱེན་གྱི་ཡེ་ཤེས་ཐོབ་པ་ནི་དགོས་པའི་ཡང་དགོས་པ་ཡིན་ཏེ། བྱ་བ་གཞན་རྣམས་ཐམས་ཅད་ཀྱང་དེའི་དོན་དུ་བརྩམས་པའི་ཕྱིར་དང་། དེ་ཐོབ་ནས་དགོས་པ་གཞན་དོན་དུ་གཉེར་བ་མེད་པའི་ཕྱིར་རོ། །བསྟན་བཅོས་དང་། དགོས་པ་དང་དགོས་པའི་དགོས་པ་རྣམས་སྔ་མ་མེད་པར་ཕྱི་མ་མི་འབྱུང་བ་ནི་འབྲེལ་བའོ། །ཆོས་ཤེས་ཀྱིས། ཚིག་ལེའུར་བྱས་པའི་དོན་རྟོགས་པ་དགོས་པ་དང་ཡུམ་ཀུན་གྱི་རྒྱན་དུ་གྱུར་པ་ནི་དགོས་པའི་དགོས་པ་ཡིན་ནོ་ཞེས་ཟེར་རོ། །གསུམ་པ་ནི་གུས་ཕྱག་འཚལ་ལོ་ཞེས་སྦྲེལ་ལོ། །གང་ལ་ན། སངས་རྒྱས་ཀྱི་སའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་གཙོ་བོར་གྱུར་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའོ། །དེ་ཉིད་གཙོ་བོར་གྱུར་པའི་ཕྱིར། ཕྱག་གི་ཡུམ་གྱི་ཡང་གཙོ་བོ་ཡིན་ལ་གཞུང་དང་ལམ་གྱི་ཤེར་ཕྱིན་ཡང་། དེའི་ཁོངས་སུ་འདུ་བ་ཡིན་ནོ། །དགོས་པ་ཅིའི་ཕྱིར་ཞེ་ན། རྣམ་པར་དབྱེ་བར་བྱ་བའི་ཕྱིར་རོ། །གང་ཞིག་ཅེ་ན། ཤེར་ཕྱིན་དེའི་རྒྱན་རྗེས་སུ་བསྔགས་པའི་སྡེབ་སྦྱོར་གྱིས་བཅིངས་པའི་ཚིག་ལེའུ་བྱས་པ་དག་གོ །ཅིའི་ཕྱིར་ཚིག་ལེའུར་བྱས་པ་རྒྱན་ཡིན་ཞེ་ན། ཇི་ལྟར་སྐྱེས་པ་དང་། བུད་མེད་ཀྱི་ལུས་བཟང་པོ་མཛེས་བྱེད་གདུབ་བུ་ལ་སོགས་པའི་རྒྱན་གྱིས་སྤྲས་པ། གསལ་བྱེད་མེ་ལོང་གི་ནང་དུ་སོང་ན། དགའ་བ་ཁྱད་པར་ཅན་བསྐྱེད་པ་ལྟར། བརྗོད་བྱ་ཡུམ་གསུམ་གྱི་ལུས་བཟང་པོ་བརྗོད་བྱེད་མངོན་རྟོགས་བརྒྱད་དོན་བདུན་ཅུ་དང་བཅས་པས་སྤྲས་པ། ཚིག་ལེའུར་བྱས་པའི་མེ་ལོང་གིས་གསལ་བར་བྱས་པ་ན་མཁས་པ་རྣམས་ལ་དགའ་བའི་མཆོག་བསྐྱེད་པར་བྱེད་པའི་ཕྱིར་རྒྱན་ཞེས་བྱ་སྟེ། མདོ་སྡེ་རྒྱན་ལས། གཟུགས་རྒྱན་ཡོན་ཏན་རང་བཞིན་ལྡན་པ་མེ་ལོང་ནང་སོང་ན། །མཐོང་བའི་དབང་གི་མི་རྣམས་རབ་ཏུ་དགའ་བའི་མཆོག་བསྐྱེད་པ། །དེ་བཞིན་ལེགས་གསུངས་རྟག་ཏུ་རང་བཞིན་ཡོན་ཏན་ལྡན་པ་ཡི། །ཆོས་ཀྱང་དོན་རྣམས་ཕྱེ་བས་མཁས་རྣམས་འདི་ན་དགའ་མཆོག་བསྐྱེད། །ཅེས་གསུངས་པ་ལྟར་རོ། །སློབ་དཔོན་སྔ་མ་དག་གིས། གསལ་བར་ཕྱེ་ཟིན་པ་མ་ཡིན་ནམ། ཡང་འདིར་རྣམ་པར་ཕྱེ་བར་དགོས་པ་ཅི་ཡོད་ཅེ་ན། འཕགས་པའི་སྙིང་པོའི་དོན་དང་། མངོན་པར་རྟོགས་པའི་རིམ་པ་མ་ལུས་པ་གསལ་བར་མཛད་ཀྱང་ཉི་ཤུ་ལྔ་པ་ཁོ་ནའི་རྒྱན་དུ་སྦྱར་བས་ཀུན་གྱི་རྒྱན་དུ་མ་གྱུར་པས། ཁོ་བོས་ཚིག་ལེའུར་བྱས་པ་ཡུམ་རྒྱས་འབྲིང་བསྡུས་པ་ཀུན་གྱི་རྒྱན་དུ་གྱུར་པར་བྱ་བའི་ཕྱིར་རྣམ་པར་འབྱེད་པས། དགོས་པ་ཁྱད་པར་བ་ཡོད་ཅེས་པའོ། །ཅི་ལྟར་འདིས་ཀུན་གྱི་རྒྱན་དུ་འགྱུར་བར་བཤད་ཅེ་ན། ཡན་ལག་རྒྱས་བཤད་ཀྱི་དང་པོར་སེམས་བསྐྱེད་འཆད་པ་ན། རྒྱལ་བའི་ཡུམ་རྣམ་པ་གསུམ་ཆར་ལས་ཀྱང་ཞེས། ཡུམ་གསུམ་ཀ་དང་སྦྱར་ཞིང་། མཇུག་དུ། ལ་ལ་ལས་དོན་གཞན་ལས་ཚིག །གཞན་ལས་རྣམ་གྲངས་མིང་གིས་དེ། །མཁས་པ་རྣམས་ཀྱིས་ཡུམ་ཀུན་ལའང་། །དོན་བསྡུས་དེ་ཙམ་ཤེས་པར་བྱ། །ཞེས་ཇི་སྐད་བཤད་པའི་མངོན་པར་རྟོགས་པའི་རིམ་པ་རྣམས་ཡུམ་གསུམ་ཀས་བསྟན་པར་ལེགས་པར་བསྒྲུབས་པའི་ཕྱིར་རོ། །

གཉིས་པ་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཀྲལ་ཚུལ་ནི། ཅི་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བྱས་པའི་འགྲེལ་པ་འགའ་ཞིག་ཡོད་དམ། འོན་ཏེ་མེད། དང་པོ་ལྟར་ན། ཁྱོད་ཀྱིས་ཡང་འགྲེལ་པ་བརྩམས་པ་ལ་དགོས་པ་མེད་དེ། བཏགས་ཟིན་པ་ལ་འཐག་པ་བཞིན་ནོ། །གཉིས་པ་ལྟར་ན། སློབ་དཔོན་སྔ་མའི་མན་ངག་མེད་པའི་ཕྱིར། རང་དགར་ཇི་ལྟར་བརྩམ་པར་ནུས་ཞེ་ན། སློབ་དཔོན་སྔ་མ་བཞིའི་འགྲེལ་པ་ལ་བརྟེན་པས་མན་ངག་མེད་པ་ཡང་མ་ཡིན་ལ། དེ་དག་ལ་ཡང་མ་བཤད་པ་དང་། ལོག་པར་བཤད་པ་དང་གཞུང་ཕྱོགས་རེའི་རྒྱན་དུ་སྦྱར་བའི་ཉེས་པ་ཡོད་པས་དེ་དག་བསལ་བའི་ཕྱིར་བརྩོམ་པས་དོན་མེད་པ་ཡང་མ་ཡིན་ནོ་ཞེས་སྟོན་པ་ལ། བཞིའི་དང་པོ། ཐོགས་མེད་ཀྱིས་བཀྲལ་ཚུལ་ནི། རྣམ་བཤད་མཛད་ཅེས་དྲང་ངོ་། །གང་གིས་ན། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་པ་ལྟར་འཆོས་སྐྱོབ་ཀྱི་ཡོན་ཏན་དང་ལྡན་པས་ན། བསྟན་བཅོས་རྣམ་མཁྱེན་ཐོབ་བྱེད་མངོན་པར་རྟོགས་པ་བརྒྱད་ཚང་བར་སྟོན་པས་ན་ཆེན་པོ་ཤེར་ཕྱིན་གྱིི་མདོ་ཡིའོ། །སུ་ཞིག་གིས་ན། འཕགས་པ་ཐོགས་མེད་ཀྱིས་སོ། །དེ་ལ་ཡོན་ཏན་ཇི་ལྟ་བུ་དང་ལྡན་ན། ཉིད་ཀྱིས་གཟིགས་པའི་ལམ་གཞན་ལ་བསྟན་པས་སྡུག་བསྔལ་རྒྱུ་དང་བཅས་པ་ལས་སྒྲོལ་བས་ན་སྐྱོབ་ཉིད་ཅེས་སོ། །དེའི་རྒྱུ་ནི་རྒྱུད་ལྔའི་འགྲོ་བ་ལ་སྙིང་རྗེས་ཆགས་པས་ཀུན་ཏུ་སྟེ་ལྷག་པར་ཆགས་པར་མཛད་ཅེས་སམ། ཡང་ན་ཆགས་མེད་མཛད་ཅེས་འདོན་པ་ལྟར་ན་སྙིང་རྗེས་འགྲོ་བ་ལ་ཆགས། ཤེས་རབ་ཀྱིས་ཆགས་པ་མེད་པར་མཛད་ཅེས་སོ། །ཅི་འདིས་འགའ་ཞིག་གི་མན་ངག་ལ་བརྟེན་ནམ་འོན་ཏེ་རང་དགར་བཤད་ཅེ་ན། སྲིད་ཞིའི་དགྲ་ལས་རྒྱལ་བས་ན་མི་ཕམ་འགྲོ་བའི་དཔུང་གཉེན་དུ་གྱུར་པས་ན། མགོན་པོ་བྱམས་པ་ཉིད་ལ་དངོས་སུ་གསན་ནས་སོ། །

གཉིས་པ་དབྱིག་གཉེན་གྱིས་མཛད་ཚུལ་ནི། རྣམ་པར་བཀྲལ་ལོ་ཞེས་དྲང་། གང་ན་བསྟན་བཅོས་ཆེན་པོའོ། །གང་གིས་ན། དབྱིག་གཉེན་གྱིས་སོ། །ཅིའི་ཕྱིར་དབྱིག་གཉེན་ཞེས་བྱ་ཞེ་ན། འགྲོ་བའི་དོན་མངོན་མཐོ་དང་ངེས་ལེགས་ཀྱི་སྟེ་རྒྱུར་གྱུར་པས་ན་དེ་སྐད་ཅེས་བྱ་སྟེ། མིང་གི་དོན་ནོ། །ཇི་ལྟར་ན། ཤེས་བྱ་ནང་གི་ཡིན་པར་སྨྲ་བ་རྣམ་རིག་པའི་ཕྱོགས་ལ་ཡང་དག་པར་བརྟེན་ནས་སེམས་ཙམ་གྱི་ཚུལ་དུའོ། །ཅི་དེས་ཡང་དག་པར་བཤད་པ་ཡིན་ནམ་ཞེ་ན། ལྟ་བ་སེམས་ཙམ་ལ་ཞེན་པས་རང་གི་མོས་པ་གཙོ་བོར་བྱེད་པས་ཡིན་གྱི། བསྟན་བཅོས་ཀྱི་དགོངས་པ་ཡང་དག་པར་བཤད་པ་མ་ཡིན་ནོ། །ཐོགས་མེད་ཀྱིས་བཤད་པའི་འོག་ཏུ་དབྱིག་གཉེན་གྱིས་བཤད་པས་ཅི་བྱ་སྙམ་ན། ཐོགས་མེད་ཀྱིས་ནི་མཁྱེན་གསུམ་ཡན་ལས་ལྷག་མ་ལ་བཤད་པ་མ་མཛད་པར་གྲགས་ལ། དབྱིག་གཉེན་གྱིས་རྫོགས་པར་བཤད་པའོ། །གསུམ་པ་འཕགས་གྲོལ་གྱིས་བཤད་ཚུལ་ནི་རྣམ་པར་ཕྱེ་ཞེས་དྲང་། གང་ན་བསྟན་བཅོས་ཆེན་པོའོ། །གང་གིས་ན་མཚན་རྣམ་པར་གྲོལ་བའི་སྡེ་ཞེས་བྱ་བས་སོ། །དེའི་ཡོན་ཏན་གྱི་ཁྱད་པར་ནི། མཐོང་ལམ་ཀྱི་ཡེ་ཤེས་སྐྱེས་པས་སོ་སོ་སྐྱེ་བོའི་ས་ལ་རིང་དུ་སོང་བས་ན། འཕགས་པའི་ཁོངས་སུ་གཏོགས་པ་ཡིས་ཞེས་སོ། །དུས་ནི་དབྱིག་གཉེན་གྱི་བཤད་པ་དེའི་འོག་དུའོ། །ཇི་ལྟར་ན། དབྱིག་གཉེན་ལྟར་རང་ལྟའི་ཕྱོགས་སུ་མ་ལྷུང་བར་དབུ་མར་སྟེ་གཟུ་བོར་གནས་པའིའོ། །མདོའི་དགོངས་པ་ཇི་ལྟར་གནས་པ་ལྟར་མཐའ་བྲལ་དབུ་མའི་ཚུལ་དུའོ། །དབྱིག་གཉེན་གྱིས། མདོའི་དོན་རྫོགས་པར་བཤད་པ་མ་ཡིན་ནམ། ཡང་དེ་བཤད་པས་ཅི་བྱ་སྙམ་ན། དབྱིག་གཉེན་དེས་བྱས་པའི་འགྲེལ་པ་ནི། མདོའི་དགོངས་པ་ཇི་ལྟ་བ་བཞིན་དུ་བྱས་པ་མ་ཡིན་པར་ཐོགས་མེད་དགོངས་པ་ཚུལ་བཞིན་དུ་བཤད་པའི་ཕྱིར་བྱས་སོ། །བཞི་པ་བཙུན་པ་གྲོལ་སྡེས་བཤད་ཚུལ་ནི། རྣམ་བཤད་བྱས། ཞེས་དྲང་། གང་གིས་ན། བསྟན་བཅོས་ཆེན་པོའིའོ། །རྣམ་གྲོལ་སྡེ་ཞེས་གྲགས་པའོ། །དེའི་ཡོན་ཏན་གྱི་ཁྱད་པར་ནི། རང་ཉིད་ཚོགས་ལམ་ཕལ་པ་ལ་གནས་པའིའོ། །དུས་ནི་འཕགས་གྲོལ་གྱི་བཤད་པ་དེའི་འོག་དུའོ། །ཚུལ་ཇི་ལྟར་ན་བསྟན་བཅོས་ཡུམ་རྒྱས་འབྲིང་བསྡུས་པ་མཐའ་དག་གིས་མངོན་པར་རྟོགས་པ་བརྒྱད་ཚང་བར་སྟོན་པའི་དགོངས་པ་མ་རྙེད་པ་འཕགས་པའི་རྗེས་སུ་འབྲངས་ནས་ཉི་ཤུ་ལྔ་པ་དང་སྦྱར་ནས་སོ། །འཕགས་པའི་བཤད་པ་ལས་ནུས་པ་ལྷག་པོ་མེད་པས་དོན་མེད་དོ་སྙམ་ན། གཞན་ལ་རྟོགས་པ་བསྐྱེད་པ་དང་། མཁས་པར་རློམ་པའི་མངོན་པའི་ང་རྒྱལ་མ་ཡིན་གྱི་རང་གི་རྟོགས་པ་འཕེལ་བ་དང་རྗེས་སུ་མཐུན་པའི་ཕྱིར་ཡིན་པས་སྐྱོན་མེད་ཅེས་པའོ། །བསྟན་བཅོས་མཐའ་དག་ཅེས་པའི་དོན་སྔ་རབས་པ་དང་། འགྲེལ་པ་དག་གིས་གཞན་དུ་བཤད་མོད་ལེགས་པར་མི་སེམས་སོ། །གསུམ་པ་ལ། རྙེད་པ་ངོ་མཚར་བ་དང་། བཀའ་དྲིན་ལན་དུ་དབྱེ་བར་རིགས་པ་གཉིས་ཀྱི་དང་པོ་ནི་གོང་དུ་ཇི་སྐད་བཤད་པའི་ཚུལ་གྱིས་དེ་ལྟར་མཁས་པ་བཞིས་ཚིག་དང་དོན་སྣང་བར་བྱས་པའི་འཛམ་བུའི་གླིང་ན་སངས་རྒྱས་གཉིས་པ་ལྟར་གྲགས་པའི་སློབ་དཔོན་དབྱིག་གཉེན་ལ་སོགས་པ་འགའ་ཞིག་ཁོ་ནས་རིགས་ཀྱི་སྟོབས་ཀྱིས་དགོངས་པའི་དོན་ཇི་ལྟ་བ་བཞིན་དུ་མ་རྙེད་པའི་བསྟན་བཅོས་རྒྱས་འབྲིང་བསྡུས་པ་མཐའ་དག་འདི་མཐའ་བྲལ་དབུ་མའི་ཚུལ་དང་། མངོན་པར་རྟོགས་པའི་རིམ་པ་ཚང་བར་སྟོན་པ་དེ་ལྟར་དུ་དགོངས་པའི་དོན་རྙེད་པ་གང་ཡིན་པ་ཡ་མཚན་ནོ་ཞེས་པ་རང་ཉིད་སྐལ་བ་དང་ལྡན་ཞིང་བློའི་ཆེ་བ་སྟོན་པའོ། །དེས་ན་བསྟན་བཅོས་མཐའ་དག་ཅེས་པ་ཤེར་ཕྱིན་གྱི་བརྗོད་བྱ་དང་། བརྗོད་བྱེད་མཐའ་དག་རྙེད་པ་ལ་བྱ་སྟེ། རྒྱས་འབྲིང་བསྡུས་པ་ཀུན་མངོན་པར་རྟོགས་པ་བརྒྱད་ཀྱི་གསལ་བྱེད་དུ་རྟོགས་པ་ནི། བརྗོད་བྱེད་མཐའ་དག་རྙེད་པ་ཡིན་ལ། སྙིང་པོའི་དོན་མཐའ་བྲལ་དབུ་མའི་ཚུལ་དང་། མངོན་པར་རྟོགས་པ་བརྒྱད་ཀྱི་རིམ་པ་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི། བརྗོད་བྱ་མཐའ་དག་རྙེད་པ་ཡིན་ནོ། །དེ་ལ་བརྗོད་བྱ་མཐའ་དག་རྙེད་པས་ནི། ཐོགས་མེད་སྐུ་མཆེད་ཀྱི་འགྲེལ་པ་ལས་ཁྱད་ཞུགས་ཤིང་། བརྗོད་བྱེད་མཐའ་དག་རྙེས་པས་ནི། གྲོལ་སྡེ་གཉིས་ཀྱི་འགྲེལ་པ་ལས་ཁྱད་ཞུགས་པར་བསྟན་ཏོ། །གཉིས་པ་ནི་གོང་དུ་བཤད་པའི་ཚུལ་དེ་ལྟར་མཁས་པར་གྲགས་པ་དག་གིས་ཀྱང་གང་གི་ཚིག་དང་དོན་ཚང་བར་མ་རྙེད་པས་ཤིན་ཏུ་རྙེད་པར་དཀའ་བའི་ཟབ་མོའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་ཞིག་ལྟར་ཏེ། སྟེས་དབང་གིས་ཚིག་དང་དོན་ཚང་བར་བདག་གིས་རྙེད་པ་ནི། སངས་རྒྱས་ཀྱི་བྱིན་གྱིས་བརླབས་པའི་དབང་ཁོ་ནས་ཡིན་གྱི་བདག་གི་བློ་གྲོས་དང་རྩོམ་པའི་སྟོབས་ཀྱིས་ནི་མ་ཡིན་ཏེ། ཡིན་ན་སངས་རྒྱས་གཉིས་པར་གྲགས་པའི་སློབ་དཔོན་དབྱིག་གཉེན་ལ་སོགས་པས་ཤིན་ཏུ་ཡང་རྙེད་པར་རིགས་པས་སོ། །

སངས་རྒྱས་ཀྱི་དབང་གིས་ཡིན་ན་དེ་དག་གིས་ཀྱང་རྙེད་པར་ཅིའི་ཕྱིར་མི་མཛད་ཅེ་ན། སངས་རྒྱས་ཀྱི་བྱིན་རླབས་ནི། རང་གི་སྐལ་བ་དང་འཚམ་པར་རྗེས་སུ་འཇུག་སྟེ་ཟླ་བའི་གཟུགས་བརྙན་བཞིན་ནོ། །སློབ་དཔོན་དེ་དག་ལ་ཡང་སྔོན་གོམས་པའི་ཁྱད་པར་ལས་རེ་ཤིག་ཤེར་ཕྱིན་གྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་སྐལ་བ་མེད་པའི་ཕྱིར་ཏེ། དབུ་མ་འཇུག་པར ། དེ་ཉིད་བཤད་ཟིན་ཟབ་མོ་འཇིག་རུང་འདི་ནི་སྔོན་གོམས་ཉིད་ལ་སྐྱེ་བ་ཡིས། །ངེས་པར་རྟོགས་འགྱུར་འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱིས་ཐུགས་སུ་ཆུད་མི་འགྱུར། །ཅེས་གསུངས་པ་ལྟར་རོ། །དེ་བས་ན་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱི་ཡུམ་གྱི་དོན་ཚང་བར་རྙེད་པའི་མཁས་པ་བདག་དང་མཚུངས་པ་གཞན་རྣམས་ཀྱིས་ཀྱང་། སངས་རྒྱས་ལ་བྱས་ཤེས་དྲིན་བཟོའི་ལན་དུ་སྒྲུབ་པའི་མཆོད་པའི་ངོ་བོ་ཡུམ་གྱི་ཚིག་དང་། དོན་ཕྱིན་ཅི་མ་ལོག་པར་གཞུང་དང་བློ་ལ་རྣམ་པར་དབྱེ་བར་རིགས་ཏེ། ཡུམ་འཆད་པ་དང་། ཉན་པ་དང་། སེམས་པ་དང་། བསྒོམ་པ་ནི། དེ་བཞིན་གཤེགས་པ་མཆོད་པའི་ཆོ་ག་རྒྱས་པ་ཡིན་པས་སོ། །བཞི་པ་ནི་སངས་རྒྱས་ཀྱི་མཐུས་བརྙེད་པ་མ་གཏོགས་རང་དབང་དུ་ཤེར་ཕྱིན་གྱི་དོན་རྣམ་པ་ཀུན་ཏུ་སེང་བཟང་བདག་གི་བློའི་སྤྱོད་ཡུལ་མིན་ཡང་རྒྱན་གྱི་འགྲེལ་པ་རྩོམ་པ་ལ་སྤྲོ་བ་སྐྱེས། ཞེས་སྦྲེལ་ལོ། །ཅིའི་ཕྱིར་དུ་ན། བག་ཆགས་བཞག་ཅིང་བརྗེད་བྱང་དུ་བྱ་བ་དང་རང་ལས་བློ་གྲོས་དམན་པ་དག་ལ་རྟོགས་པ་བསྐྱེད་པའི་སྒོ་ནས་རང་གཞན་ལ་ཕན་འདགས་པའི་དོན་དུའོ། །དེའི་རྒྱུ་མཚན་ཡང་། ཤེར་ཕྱིན་ཕྱིན་ཅི་མ་ལོག་པ་རྣམ་པར་འགྲེལ་བ་ནི། རང་གཞན་གྱི་རྒྱུད་ལ་བསོད་ནམས་ཁྱད་པར་དུ་འཕགས་པ་བསྒྲུབ་པ་དང་རྗེས་སུ་མཐུན་པའི་ཐབས་དམ་པ་ཡིན་པའི་ཕྱིར་རོ། །

བཤད་པ་ཉེ་བར་དགོད་པ།

གཉིས་པ་བཤད་པ་ཉེར་བར་དགོད་པ་ལ་གསུམ། བསོད་ནམས་སྤེལ་བའི་ཡན་ལག་མཆོད་བརྗོད། བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ། འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་དངོས་བཤད་པའོ། །དང་པོ་ལ་མཚམས་སྦྱར། རྩ་བ། འགྲེལ་པ་གསུམ་གྱི་དང་པོ་ནི། ཕྱག་འཚལ་ལོ་ཞེས་དྲང་། གང་གིས་ན། འཕགས་པ་བྱམས་པས་སོ། །དུས་ནམ་གྱི་ཚེ་ན། རེ་ཤིག་ཅེས་པ་གོ་རིམ་སྟོན་པའི་ཚིག་ཕྲད་དོ། །བསྟན་བཅོས་རྩོམ་པ་ལ་མཆོད་བརྗོད། དགོས་འབྲེལ། ལུས་རྣམ་གཞག་སོགས་བྱ་བ་དུ་མ་ཡོད་པའི་དང་པོར་རོ། །གང་ལ་ན། འཕགས་བཞིའི་ཡུམ་ལའོ། །ཚུལ་ཇི་ལྟར་ན་ཉེར་ཞིར་ཁྲིད་པ་སོགས་ཡོན་ཏན་ཇི་ལྟ་བ་བཞིན་དུ་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱིའོ། །དགོས་པ་ལ་གཉིས་ཀྱི་དང་པོ་རང་དོན་ནི། དམ་པ་རྣམས་བྱ་བ་ལ་འཇུག་པའི་ཐོག་མར་འདོད་པའི་ལྷ་ལ་ཕྱག་བྱེད་པས་འཕགས་པ་བྱམས་པ་རང་ཉིད་ཅེས་སོ། །གཉིས་པ་གཞན་དོན་ནི། ཤེས་རབ་བསྐྱེད་པའི་ཆེད་དུའོ། །འདི་ལ་གང་ཟག་གང་ཞིག །ཡུལ་གང་ལ། ཚུལ་ཇི་ལྟར། དགོས་པ་ཅིའི་ཕྱིར་ཞེ་ན། དང་པོ་ནི། དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བའི་གདུལ་བྱ་གཞན་དག་གོ །གཉིས་པ་ནི། བཅོམ་ལྡན་འདས་མ་སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་གདུལ་བྱའི་རེ་བ་བསྐོང་བས་རིན་པོ་ཆེ་སྤངས་རྟོགས་མཐར་ཕྱིན་པས་ཕུལ་དུ་དབྱུང་དུ་མེད་ཅིང་བློས་དཔག་ཏུ་མེད་པའི་འབྱུང་གནས་ལའོ། །བཅོམ་ལྡན་འདས་ཀྱི་སྐད་དོད་བྷ་ག་ཝན་ཞེས་པ་བཅོམ་པ་དང་། ལྡན་པ་གཉིས་ལ་འཇུག་པས་དང་པོའི་དབང་དུ་བྱས་ནས། ཀུན་ནས་ཉོན་མོངས་པ་གསུམ་མམ། སྒྲིབ་པ་གཉིས་བཅོམ་པས་ན་བཅོམ་ལྡན་འདས་ཏེ། རྡོ་རྗེ་རྩེ་མོ་ལས། ཉོན་མོངས་ལས་དང་དེ་བཞིན་སྐྱེ། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན། །གང་ཡང་མི་མཐུན་ཕྱོགས་ཆོས་བཅོམ། །དེ་འདིར་བཅོམ་ལྡན་འདས་སུ་བཤད། །ཅེས་དང་། གཉིས་པ་ལྟར་ན། འདོད་རྒུར་དབང་བསྒྱུར་པས་དབང་ཕྱུག །མཚན་དཔེས་བརྒྱན་པས་གཟུགས་བཟང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་ཚོགས་རྣམས་བསྟན་བྱ་ཡིན་པས་དཔལ་ཀུན་ཏུ་སྙན་པར་གྲགས་པ་དང་། ཤེས་བྱ་ཀུན་ལ་ཐོགས་པ་མེད་པའི་ཡེ་ཤེས་དང་། སེམས་ཅན་གྱི་དོན་བྱེད་པའི་བརྩོན་འགྲུས་ཏེ། སྐལ་བ་དྲུག་དང་ལྡན་པས་ན་བཅོམ་ལྡན་ཏེ་སམ་བུ་ཊི་ལས། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་རྣམས་ལ་སྐལ་ཞེས་བརྗོད། །ཅེས་སོ། །གསུམ་པ་ནི། རབ་ཏུ་སྟེ་རྐྱེན་གྱིས་མི་འཕྲོགས་པར་ཆེན་པོར་རོ། །བཞི་པ་ནི། དང་བའི་ཤུགས་ཀྱིས་ཐོས་སོགས་ཀྱིས་འཇུག་པར་བྱ་བའི་ཕྱིར་རོ། །ཡུམ་ལ་དང་བ་ལ་འབྲས་བུ་ཅི་ཞིག་མཐོང་ནས་དེའི་དོན་དུ་ཕྱག་འཚལ་བ་བརྩོམ་ཞེ་ན། ངེས་པར་བཟུང་ཞེས་དྲང་། གང་ན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུམ་གྱི་རབ་ཏུ་དང་བའིའོ། །གང་དུ་ན། གནས་སྐབས་དང་མཐར་ཐུག་གི་ལེགས་པ་ཐམས་ཅད་ཐོབ་པའི་ཕྱིར་བརྩོན་ནོ་སྟེ། དང་པོའི་རྒྱུ་ཡིན་ནོ་ཞེས་བྱ་བར་རོ། །གང་གི་ན། འཕགས་པ་བྱམས་པའི་མཉམ་གཞག་སོ་སོར་རིག་པའི་ཡེ་ཤེས་ཀྱིས་སོ། །དེ་ནི་རྣམ་པར་མི་རྟོག་པ་མ་ཡིན་ནམ། དེས་ཇི་ལྟར་རྒྱུ་འབྲས་ཀྱི་འབྲེལ་བ་བཟུང་ཞེ་ན། སྐྱོན་མེད་དེ། དཔེར་ན་མེ་དང་དུ་བའི་འབྲེལ་བ་མངོན་སུམ་ཕྲུགས་གསུམ་གྱིས་ཡོངས་སུ་བཅད་ནས། དེས་དྲངས་པའི་ངེས་ཤེས་ཀྱི་ངེས་པར་བྱེད་པ་ལྟར། འདིར་ཡང་མཉམ་གཞག་གིས་རང་རྒྱུད་ལ་ཉམས་སུ་མྱོང་བའི་ཚུལ་གྱིས་ཡོངས་སུ་བཅད་ནས་དེས་དྲངས་པའི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ངེས་པར་བྱེད་པའོ། །

གཉིས་པ་ལ་དངོས་དང་། རྒལ་ལན་གྱིས་གཏན་ལ་དབབ་པ་གཉིས་ཀྱི། དང་པོ་ལ་བསྟོད་པ་དང་། ཕྱག་འཚལ་བ་གཉིས་ཀྱི། དང་པོ་ལ་གཉིས། མཁྱེན་གསུམ་གྱི་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་པ་དང་། དོན་བསྡུས་ཏེ་འཕགས་པའི་ཡུམ་དུ་བསྟོད་པའོ། །དང་པོ་ལ་གསུམ་གྱི་དང་པོ་གཞི་ཤེས་ཀྱིས་ཉེར་ཞིར་ཁྲིད་པའི་སྒོ་ནས་བསྟོད་པ་ནི། ཁྲིད་པར་མཛད་པ་གང་ཡིན་པ་དེ་ལ་ཕྱག་འཚལ་ཅེས་སྦྲེལ། གང་ཟག་གང་། ཐབས་གང་གིས། འབྲས་བུ་གང་དུ་ཁྲིད་ཅེ་ན། དང་པོ་ནི། ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་ཏེ། ཉན་ཐོས་ནི། ཤྲ་བ་ཎཾ་ཞེས་པ་ཐོས་པ་དང་། སྒྲོག་པ་གཉིས་ལ་འཇུག་པས། ཐོས་སྒྲོག་སྟེ། རང་གིས་ཐོས་པའི་གདམས་ངག་གི་འབྲས་བུ་གཞན་ལ་སྒྲོགས་སམ། ཡང་ན་ཐེག་ཆེན་ཀྱི་ཆོས་དེ་བཞིན་གཤེགས་པ་ལ་ཐོས་པ་རང་ཉིད་རྗེས་སུ་མཐུན་པ་ཙམ་ཡང་མི་སྒྲུབ་པར། དེའི་རིགས་ཅན་གཞན་ལ་སྒྲོགས་པས་ན། དེ་སྐད་ཅེས་བྱ་སྟེ། དམ་ཆོས་པད་མ་དཀར་པོ་ལས། མགོན་པོ་དེ་རིང་བདག་ཅག་ཉན་ཐོས་གྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲགས་པར་བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད། །དེ་བས་བདག་ཅག་ཉན་ཐོས་མི་ཟད་འདྲ། །ཞེས་གསུངས་པ་ལྟར་རོ། །བསམ་པ་འཁོར་བའི་སྡུག་བསྔལ་གྱིས་ཡིད་འབྱུང་སྟེ། ཉོན་མོངས་དང་དེའི་འབྲས་བུ་སྡུག་བསྔལ་ཞི་བའི་མྱང་འདས་ཚོལ་ཞིང་དོན་དུ་གཉེར་བ་རྣམས་སོ། །གཉིས་པ་ནི། གཞི་ཕུང་ཁམས་སྐྱེ་མཆེད་སྐྱེ་བ་མེད་པར་ཡོངས་སུ་ཤེས་པའི་ཀུན་ཤེས་ཉིད་ཀྱིས་སོ། །གསུམ་པ་ནི། སྡུག་བསྔལ་རྒྱུ་དང་བཅས་པ་ཉེ་བར་ཞི་བའི་མྱང་འདས་རྣམ་པ་གཉིས་སུ་ཁྲིད་པར་བྱེད་དོ། །ཅིའི་ཕྱིར་ཀུན་ཤེས་ཀྱིས་ཉེར་ཞིར་ཁྲིད་ཅེ་ན། འཁོར་བའི་རྩ་བ་ནི་བདག་ཏུ་྄འཛིན་པ་ཡིན་ཏེ། རྣམ་འགྲེལ་ལས། ཉེས་པ་རྣམ་པ་ཐམས་ཅད་དག །འཇིག་ཚོགས་ལྟ་ལས་སྐྱེས་པ་ཡིན། །དེ་མ་རིག་དེར་དེ་ལས་ཆགས། །དེ་ལས་ཞེ་སྡང་ལ་སོགས་འབྱུང་། །དེ་ཉིད་ཀྱིས་ན་ཉེས་རྣམས་ཀྱི། །རྒྱུ་ནི་གཏི་མུག་ཡིན་པར་གསུངས། །ཞེས་གསུངས་པ་ལྟར་རོ། །དེའི་ཕྱིར་བདག་ཏུ་འཛིན་པ་སྤངས་པས་མྱང་འདས་ཐོབ་ལ། བདག་དུ་འཛིན་པ་སྤོང་བྱེད་ཀྱི་གཉེན་པོ་ཡང་ཕུང་པོ་བདག་མེད་པར་རྟོགས་པའི་ཀུན་ཤེས་པ་ཉིད་ཡིན་ཏེ། དེ་ཡི་གནོད་བྱེད་ནི། བདག་མེད་མཐོང་བ་འགལ་བ་ཡིན། །ཞེས་གསུངས་པ་ལྟར་རོ། །དེའི་ཕྱིར་ཀུན་ཤེས་ཀྱིས་ཉེར་ཞིར་ཁྲིད་པ་འཐད་པ་ཡིན་ནོ། །

གཉིས་པ་ལམ་ཤེས་ཀྱིས་འཇིག་རྟེན་གྱི་དོན་སྒྲུབ་པའི་སྒོ་ནས་བསྟོད་པ་ནི། སྒྲུབ་པར་མཛད་པ་དེ་ལ་ཕྱག་འཚལ་ཞེས་སྦྲེལ། འདི་ལ་གང་ཟག་གང་། ཐབས་གང་གིས། འབྲས་བུ་གང་སྒྲུབ་པ་གསུམ་གྱི་དང་པོ་ནི། རྒྱན་ལས། ཇི་ལྟར་རྒྱལ་སྲས་ཕན་པར་བསམས་པ་འདིར། །འགྲོ་ཀུན་རྣམ་པར་སྨིན་བྱེད་གནས་པ་ལྟར། །དེ་བཞིན་ཕ་དང་མ་དང་གཉེན་བཤེས་རྣམས། །བུ་དང་གཉེན་པ་རྣམས་ལ་ལེགས་མི་གནས། །ཞེས་པ་ལྟར། འགྲོ་བ་ལ་གནས་སྐབས་དང་མཐར་ཐུག་གི་ཕན་པ་སྒྲུབ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །གཉིས་པ་ནི་ཐེག་པ་གསུམ་གྱི་ལམ་སྐྱེ་བ་མེད་པར་ཤེས་པའི་ལམ་ཤེས་པ་ཉིད་ཀྱིས་སོ། །གསུམ་པ་ནི། སྐད་ཅིག་དང་རྒྱུན་གྱིས་འཇིག་པས་ན་འཇིག་རྟེན་ཉེར་ལེན་གྱི་ཕུང་པོ་ལ་བརྟེན་ནས་བཏགས་པའི་སེམས་ཅན་གྱི་དོན་མངོན་པར་མཐོ་བ་དང་། ངེས་པར་ལེགས་པ་རྣམས་སོ། །ཅིའི་ཕྱིར་འཇིག་རྟེན་གྱི་དོན་སྒྲུབ་པ་ལ་ལམ་ཤེས་པ་ཉིད་དགོས་ཤེ་ན། རིགས་ཅན་གསུམ་གྱི་གདུལ་བྱ་རྗེས་སུ་འཛིན་པ་ནི། རང་རང་གི་སྐལ་བ་དང་མཐུན་པའི་ལམ་བསྟན་པའི་སྒོ་ནས་ཡིན་ལ། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་པ་ལྟར། རང་གི་ལམ་ལེགས་པར་མི་ཤེས་པར་ཡང་གཞན་ལ་ཕྱིན་ཅི་མ་ལོག་པར་བསྟན་པར་མི་ནུས་སོ། །དེའི་ཕྱིར་ལམ་ཤེས་པ་ནི་འཇིག་རྟེན་གྱི་དོན་སྒྲུབ་པའི་ཐབས་ཡིན་ནོ། །གསུམ་པ་རྣམ་མཁྱེན་གྱིས། ཆོས་འཁོར་བསྐོར་བའི་སྒོ་ནས་བསྟོད་པ་ནི། གསུང་བར་མཛད་པ་དེ་ལ་ཕྱག་འཚལ་ལོ་ཞེས་སྦྲེལ་ལོ། །འདི་ལ་ཡང་། གང་ཟག་གང་། ཐབས་གང་གིས། འབྲས་བུ་གང་གསུང་བ་གསུམ་གྱི་དང་པོ་ནི། སྐུ་གསུང་ཐུགས་མི་མཐུན་ཕྱོགས་ལས་ལེགས་པར་བསྡམས་པས་སམ། སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ན། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །གཉིས་པ་ནི། རྒྱུ་འབྲས་ངོ་བོའི་རྣམ་པ་མ་ལུས་པ་སྐྱེ་བ་མེད་པར་ཐུགས་སུ་ཆུད་པའི་རྣམ་མཁྱེན་གང་དང་ཡང་དག་པར་ལྡན་པས་སོ། །གང་ཞེས་པ་སྤྱིའི་སྒྲ་ཡིན་ཡང་མཁྱེན་གསུམ་སྟོན་པའི་སྐབས་དང་། གཞན་གཉིས་སྔར་བརྗོད་ཟིན་པས་ཤུགས་དང་། ཐུབ་པའི་ཚིག་དང་འབྲེལ་བས། རྣམ་མཁྱེན་ཁོ་ན་ལ་གོ་བར་འགྱུར་རོ། །ཅིའི་ཕྱིར་ཆོས་འཁོར་བསྐོར་བ་ལ་རྣམ་མཁྱེན་དགོས་ཤེ་ན། གདུལ་བྱའི་ཁམས་དང་བསམ་པ་དང་། བག་ལ་ཉལ་ཇི་ལྟ་བ་བཞིན། ཆོས་འཁོར་བསྐོར་བ་ནི་རྣམ་མཁྱེན་ལས་གཞན་གྱིས་མི་ནུས་པའི་ཕྱིར་རོ། །གསུམ་པ་ནི། བདེན་གཉིས་ཀྱིས་རྣམ་པ་ཀུན་ནམ་ཡང་ན་ཐབས་ཀྱི་རྣམ་པ་ཀུན་དང་ལྡན་པའི་མདོ་སྡེ་རིན་པོ་ཆེ་སྣ་ཚོགས་པ་འདིའོ། །གཉིས་པ་ནི། ཉན་ཐོས་བྱང་ཆུབ་སེམས་པའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ་ཞེས་ཏེ། སྒོ་གསུམ་གུས་པའི་སྒོ་ནས་འདུད་པའི་ཚུལ་སྟོན་པའོ། །

གཉིས་པ་རྒལ་ལན་ལ་བཞི། གོ་རིམ་ངེས་པ་དང་། གྲངས་ངེས་པ་དང་། ཡུམ་སྲས་ཀྱི་དོན་དང་། ཕྱག་ཡུལ་པ་གཞི་ཤེས་ཀྱི་དོན་ནོ། །དང་པོ་ནི། དང་པོར་གཞི་ཤེས་ལ་བསྟོད་པར་མི་རིགས་ཏེ། རྒྱས་བཤད་ཀྱི་གོ་རིམ་དང་མི་མཐུན་པའི་ཕྱིར་རོ་ཞེ་ན། འདི་ལ་སྔ་རབས་པ་ཨར།དག །སྐྱོན་མེད་དེ། མདོའི་གླེང་གཞིའི་གོ་རིམ་དང་མཐུན་པའི་ཕྱིར་དང་། མཆོད་བརྗོད་ཀྱང་གླེང་གཞིའི་དོན་བསྡུད་བྱེད་ཡིན་ཏེ། རིན་ཆེན་སྒྲོན་མ་ནས། གླེང་གཞི་རྒྱས་པར་བཀའ་སྩལ་དོན་མཆོག་རྣམས། །ལེགས་པར་བསྡུས་པ་ཕྱག་འཚལ་ཚིགས་བཅད་ཡིན། །ཞེས་བཤད་པས་སོ་ཞེས་ཟེར་རོ། །དེ་ནི་མི་འཐད་དེ། མཆོད་བརྗོད་དང་། གླེང་གཞི། སློབ་དཔོན་དང་འཕགས་པ་སོགས་གང་གིས་ཀྱང་མ་སྦྱར་བའི་ཕྱིར་དང་། རིན་ཆེན་སྒྲོན་མེ་བོད་ཀྱིས་བྱས་པར་མཁས་པ་རྣམས་ལ་གྲགས་ཤིང་དོན་ལ་གནས་པའི་ཕྱིར་རོ། ཁ་ཅིག་དམན་པ་དང་མཆོག་གི་གོ་རིམ་ཡིན་ཞེས་ཟེར་བ་ཡང་མི་འཐད་དེ། དེ་ཉིད་ལ་རྒྱུ་མཚན་གཞན་དགོས་པའི་ཕྱིར་རོ། །དེ་བས་ན། ཤེར་ཕྱིན་གྱིིས་གདུལ་བྱ་ཐེག་པ་གསུམ་ལ་རིམ་གྱིས་འགོད་པའི་དབང་དུ་བྱས་ནས་དེ་ལྟར་བསྟན་ཏེ། འདི་ལྟར། འཁོར་བའི་ལམ་གྱིས་དུབ་པ་རྣམས་ཀུན་ཤེས་ཀྱིས་ཐབས་ཀྱིས་ཉན་རང་གི་བྱང་ཆུབ་ལ་བཀོད་ནས་དབུགས་ཕྱུང་སྟེ་སླར་ཐེག་ཆེན་ལ་བཀོད་ནས་ལམ་ཤེས་ཀྱིས་འགྲོ་བའི་དོན་བསྒྲུབས་ནས་མཐར་རྣམ་མཁྱེན་གྱི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བས་སངས་རྒྱས་ཀྱི་ས་ལ་འགོད་པའི་ཕྱིར་རོ། །གཉིས་པ་ནི། འདིར་ཤེས་ཕྱིན་མཐའ་དག་ལ་བསྟོད་ན་ཉུང་སྟེ། སྦྱོར་བཞི་ལ་མ་བསྟོད་པས་སོ། །ཕྱོགས་གཅིག་ལ་བསྟོད་ན་མང་སྟེ། རྣམ་མཁྱེན་ཁོ་ན་ལ་བསྟོད་པས་དེར་ཀུན་འདུས་པས་སོ་ཞེ་ན། མཐའ་དག་ལ་བསྟོད་ཀྱང་སྦྱོར་བཞི་མ་འདུས་པའི་སྐྱོན་མེད་དེ། མཁྱེན་གསུམ་གྱིས་སྦྱོར་བཞི་བསྡུས་པའི་ཕྱིར་རོ། །རྣམ་མཁྱེན་གྱིས་མཐའ་དག་བསྡུས་ཀྱང་། དེ་ཁོ་ན་ལ་བསྟོད་པས་ཡུམ་གྱི་ཡོན་ཏན་མཐའ་དག་བརྗོད་པར་མི་འགྱུར་ཏེ། འཕགས་པ་གཞན་གསུམ་གྱི་བཞེད་དོན་སྒྲུབ་པའི་ཡོན་ཏན་མ་བརྗོད་པའི་ཕྱིར་རོ། །མཁྱེན་པ་གསུམ་གྱི་སྒོ་ནས་བསྟོད་པས་ནི། ཡུམ་གྱི་ཡོན་ཏན་མཐའ་དག་བརྗོད་པར་འགྱུར་ཏེ། འཕགས་བཞིའི་བཞེད་དོན་བསྒྲུབ་པར་བསྟན་པའི་ཕྱིར་དང་། དེ་ཙམ་གྱིས་རང་གཞན་གྱི་དོན་མངོན་པར་འདོད་པའི་རྟོག་པ་མངོན་དུ་འགྲོ་བ་རྣམས་འདོད་པ་ཡོངས་སུ་རྫོགས་པའི་ཕྱིར། དེའི་ཕྱིར་མཁྱེན་གསུམ་ལ་བསྟོད་པས་མང་བའམ། ཉུང་བའི་སྐྱོན་མེད་དེ། སྔ་རབས་པ་དག་རྣམ་མཁྱེན་ཁོ་ན་ལ་བསྟོད་ན། རིགས་ཅན་གཞན་གཉིས་དང་བ་མི་སྐྱེ་བས་ཟེར་བ་ནི་མི་རིགས་ཏེ། འདིར་ཡུམ་ལ་བསྟོད་པ་ནི། ཐེག་ཆེན་གྱི་རིགས་ཅན་ཁོ་ན་དང་བ་སྐྱེད་པའི་ཆེད་ཡིན་གྱི་ཉན་རང་གི་རིགས་ཅན་མ་ཡིན་ཏེ། དང་བ་སྐྱེད་པའི་དགོས་པ་ནི། ཡུམ་ལ་ཐོས་སོགས་ཀྱིས་འཇུག་པར་བྱ་བའི་ཆེད་ཡིན་ན། ཉན་རང་གི་རིགས་ཅན་དག་ལ་དགོས་པ་དེ་བསྒྲུབ་མི་ནུས་པའི་ཕྱིར་རོ། །གསུམ་པ་ནི། ཡུམ་སྲས་ནི་རྒྱུ་འབྲས་སྔ་ཕྱི་ལ་རིགས་ན་མཁྱེན་གསུམ་དང་། འཕགས་བཞི་ལ་སྔ་ཕྱི་མེད་པས་ཡུམ་སྲས་སུ་མི་འཐད་ཅེ་ན། སྔ་རབས་པ་དག་དུས་མཉམ་པའི་མཁྱེན་གསུམ་དང་། འཕགས་བཞི་རྣམ་པར་བཞག་འཇོག་གི་རྒྱུ་འབྲས་ཡིན་ལ། སྔ་ཕྱི་དག་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ཡིན་ཞེས་འཆད་ཀྱང་། གཞུང་འདིར་ཤེར་ཕྱིན་གྱི་མཁྱེན་པ་གསུམ་གྱི་སྒོ་ནས་འཕགས་བཞིའི་བཞེད་དོན་བསྒྲུབ་པས་ཤེར་ཕྱིན་ཉིད་འཕགས་བཞིའི་ཡུམ་དུ་བཤད་ཀྱི། གཞི་ཤེས་ཉན་རང་ཁོ་ནའི་ཡུམ་དང་། ལམ་ཤེས་བྱང་སེམས་ཀྱི་ཡུམ་ཡིན་ཞེས་སོགས་པ་གཞུང་འགྲེལ་པ་གང་དུ་ཡང་མི་འབྱུང་ངོ་། །ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ་ཞེས་སོགས་ཀྱིས་ནི། མཁྱེན་གསུམ་འཕགས་པ་སོ་སོའི་མངོན་རྟོགས་སུ་སྟོན་པར་ཡིན་གྱི་ཡུམ་དུ་སྟོན་པ་མ་ཡིན་ནོ། །དེ་བས་ན་འདིར་འཕགས་བཞི་བསྐྲུན་པར་བྱེད་པའི་ཡུམ་ནི་སངས་རྒྱས་ཀྱི་སའི་གཉིས་སུ་མེད་པའི་ཡེ་ཤེས་གཙོ་བོར་གྱུར་པའི་ཤེར་ཕྱིན་ཡིན་ཏེ། དེ་ཉིད་ཀྱིས་རིགས་ཅན་གསུམ་ལ་ཆོས་འཁོར་བསྐོར་བས་གནས་སྐབས་རང་རང་གི་རིགས་དང་མཐུན་པའི་ལམ་ཤེས་དང་། གཞི་ཤེས་ཀྱི་རྟོགས་པ་བསྐྱེད་ནས་སེམས་ཅན་གྱི་དོན་དང་། ཉེར་ཞིའི་བཞེད་པ་བསྒྲུབས་ནས་མཐར་ཐུག་རྣམ་མཁྱེན་ཀྱི་རྟོགས་པ་བསྐྱེད་ནས། ཆོས་འཁོར་བསྐོར་བའི་བཞེད་དོན་བསྒྲུབ་པའི་ཕྱིར་རོ། །དེས་ན་སངས་རྒྱས་སྔ་མ་སྔ་མའི་ཐུགས་རྒྱུད་ཀྱི་ཤེར་ཕྱིན་རྣམས་ནི། དེའི་ཕྲིན་ལས་ལས་བྱུང་བའི་འཕགས་བཞིའི་ཕྱི་མ་རྣམས་ཀྱི་བསྐྲུན་པར་བྱེད་པའི་ཡུམ་ཡིན་པས། ཡུམ་སྲས་དག་ནི་རྒྱུད་ཐ་དད་པ་དང་སྔ་ཕྱིར་གྱུར་པའི་བསྐྱེད་བྱ་སྐྱེད་བྱེད་མཚན་ཉིད་པ་ཡིན་ནོ། །གལ་ཏེ་རྒྱུད་ཐ་དད་པས་ཡུམ་སྲས་སུ་མི་འགྱུར་ན། སངས་རྒྱས་དང་བྱང་སེམས་རྣམས་རྒྱུད་ཐ་དད་པས་ཡབ་སྲས་སུ་ཡང་མི་རུང་བར་རྒྱུ་མཚན་མཚུངས་སོ། །བཞི་པ་ཉེར་ཞིར་ཁྲིད་པར་བྱེད་པའི་ཀུན་ཤེས་དེ་གང་། ཉན་རང་གི་རྒྱུད་ལ་སྐྱེ་བ་དེར་མི་འཐད་དེ། དེ་ཤེར་ཕྱིན་མ་ཡིན་པས་སོ། །སངས་རྒྱས་བྱང་སེམས་ཀྱི་ཡིན་པ་མི་འཐད་དེ། དེས་ཉན་རང་གི་བཞེད་དོན་མི་བསྒྲུབ་པས་སོ་ཞེ་ན། འདི་ལ་སྔ་རབས་པ་དག་ཉན་རང་རང་རྒྱུད་པའི་གཞི་ཤེས་ཡིན་ལ། ཤེར་ཕྱིན་མཚན་ཉིད་པ་མིན་པས་བསྟོད་ཡུལ་མིན་ན་ལམ་ཤེས་ཀྱང་དེར་འགྱུར་ལ། བཏགས་པ་བ་མ་ཡིན་པ་མ་གྲུབ་སྟེ། གང་ཟག་གི་བདག་མེད་རྟོགས་པ་ཙམ་གྱི་ཆས་ཤེར་ཕྱིན་མཚན་ཉིད་པ་དང་འདྲ་བའི་ཕྱིར་དང་། བསྟོད་ཡུལ་ཡང་དངོས་བཏགས་གཉིས་ཀ་ཡིན་པས་སོ། །ཞེས་ཟེར་རོ། །འདི་ཡང་མི་རིགས་ཏེ། འགྲེལ་པར། གཞི་ཐམས་ཅད་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ཞེས་པ་དང་འགལ་བས་སོ། །དེས་ན་བསྟོད་ཡུལ་གྱི་གཞི་ཤེས་དང་ལམ་ཤེས་གཉིས་ཡང་ཉན་རང་དང་། བྱང་སེམས་ཀྱི་ལ་མི་འཇོག་གི་གཙོ་བོའི་ཤེར་ཕྱིན་ཉིད་གཞི་དང་ལམ་སྐྱེ་བ་མེད་པར་རྟོགས་པའི་ལྡོག་པ་ནས་གཞི་ཤེས་དང་ལམ་ཤེས་སུ་བཞག་ལ། དེས་གཞི་བདག་མེད་པ་དང་། ལམ་གསུམ་སྐྱེ་བ་མེད་པར་ཆོས་བསྟན་པས་ཉན་ཐོས་དང་བྱང་སེམས་ལ་དེ་དང་རྗེས་སུ་མཐུན་པའི་རྟོགས་པ་སྐྱེ་ནས་དེ་དག་གི་བཞེད་དོན་བསྒྲུབ་པ་ལ་ཤེར་ཕྱིན་གྱི་མཁྱེན་པ་གཉིས་ཀྱི་སྒོ་ནས་ཉན་རང་སོགས་ཀྱི་བཞེད་པ་བསྒྲུབ་ཅེས་བརྗོད་པ་ཡིན་ནོ། །དེ་ལྟར་ན་འགྲེལ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཚུལ་གསུམ་པ་ཅན་ཞེས་པ་ཡང་ལེགས་པར་བཤད་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་འཕགས་བཞིའི་བཞེད་པ་བསྒྲུབ་པར་བྱེད་པའི་ཡུམ་མཁྱེན་པ་གསུམ་པོ་རྫས་ཐ་དད་པ་ཁོ་ན་ཡིན་པའི་ཕྱིར་ཚུལ་གསུམ་པ་ཅན་ཞེས་པ་ཅི་ལྟར་འཐད། རྩ་བར་ཡང། ཉན་ཐོས་བྱང་ཆུབ་སེམས་པའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཞེས། གཅིག་ཚིག་གིས་བརྗོད་པར་མི་རིགས་ཀྱི་ཡུམ་རྣམས་ལ་ཞེས་མང་པོའི་ཚིག་སྦྱར་བར་རིགས་པར་འགྱུར་རོ། །

གསུམ་པ་ལ། དགོས་དོན་བསྡུས་དོན་ཚིག་དོན་རྒལ་ལན་གྱིས་གཏན་ལ་དབབ་པ་དང་བཞིའི། དང་པོ་ལ་དང་བའི་རྐྱེན་དང་། དེ་ལས་དང་བ་སྐྱེ་བ་གཉིས་ཀྱི། དང་པོ་ནི། ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་པའི་ཚིགས་སུ་བཅད་པ་འདིས་ནི་ཞེས་སོ། །གཉིས་པ་ལ་རྒྱས་པར་བཤད་པ་དང་། དོན་བསྡུ་བ་གཉིས་ཀྱི་དང་པོ་ལ་གསུམ། ཐོས་པ་ལས་དང་བ། དང་བ་ལས་གུས་པ། གུས་པ་ལས་ལེགས་པའི་མཆོག་ཐོབ་པའོ། །དང་པོ་ལ་ཡང་དབང་རྟུལ་དང་བའི་ཚུལ་དང་། དབང་རྣོན་དང་བའི་ཚུལ་གཉིས་ཀྱི་དང་པོ་ནི། དད་པ་སྐྱེའོ། །གང་ན། དད་པའི་རྗེས་སུ་འབྲང་བའི་ཚིག་ཙམ་ལས་ངེས་པ་སྐྱེ་བ་རྣམས་སོ། །གང་ལ་ན། ཡུམ་འདི་ལའོ། །རྐྱེན་གང་ལས་ན། མཆོད་བརྗོད་ཀྱི་ཚིགས་བཅད་དེ་ཐོས་ནས་སོ། །དུས་ནི་རེ་ཤིག་སྟེ་དུས་དང་པོར་རོ། །ཚུལ་ཇི་ལྟར་ན། ཡོན་ཏན་དེ་ལྟ་བུ་ཡོད་མེད་ཀྱི་ཐེ་ཚོམ་མེད་པར་ཡོད་ངེས་སྙམ་པ་དང་། དེ་ཡང་ཐོས་མ་ཐག་ཁོ་ནར་མྱུར་དུའོ། །ངོ་བོ་ནི་རྐྱེན་གྱིས་མི་འཕྲོགས་པ་ཆེན་པོར་སྐྱེ་བས་ན་རབ་ཏུའོ། །གཉིས་པ་ནི། རབ་ཏུ་དང་བ་བསྐྱེད་པར་བྱེད་པ་ཉིད་དོ། །ཞེས་དྲང་། སུ་ཞིག་ན། ཆོས་ཀྱི་མཚན་ཉིད་ལ་རིགས་པས་དཔྱད་ནས་འཇུག་པའི་དབང་རྣོན་ཆོས་ཀྱི་རྗེས་སུ་འབྲངས་བ་རྣམས་ཀྱང་ངོ་། །ཞེས་པ་དད་པའི་རྗེས་འབྲང་དུ་མ་ཟད་ཅེས་པའོ། །གང་ལ་ན། ཡུམ་དེ་ལའོ། །ཚུལ་ཇི་ལྟར་ན་གདོན་མི་ཟ་བར་སྲིད་པ་ཉིད་དོ་ཞེས་ངེས་པར་བཟུང་སྟེའོ། །གང་ཞིག་ཅེ་ན། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅིག་བུ་དེ་ཉིད་གཞི་ལམ་རྣམ་པ་གསུམ་སྐྱེ་བ་མེད་པར་རྟོགས་པའི་ལྡོག་པ་ནས། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་དུ་བཞག་པས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་སྒོ་ནས་ཚུལ་གསུམ་པ་ཅན་སངས་རྒྱས་དང་སོགས་པས་ཉན་རང་བྱང་སེམས་རྣམས་བསྐྲུན་པར་མཛད་པ་ནིའོ། །དབང་རྣོན་གྱི་ངེས་པ་ནི། སྒྲུབ་བྱེད་མཐོང་བའམ། གནོད་བྱེད་མ་མཐོང་བ་ལ་ལྟོས་པ་ཡིན་ན། འདིར་རྒྱུ་མཚན་གང་ཡོད་ཅེ་ན། སྔ་རབས་པ་དག་གཞུང་སྔ་མ་གནོད་བྱེད་མ་མཐོང་བ་དང་། ཕྱི་མ་སྒྲུབ་བྱེད་མཐོང་བ་ལ་སྦྱོར་ཡང་མི་རིགས་ཏེ། གཞུང་གི་ཡི་གེའི་དོན་ལ་མ་ཞུགས་པའི་ཕྱིར་དང་། དངོས་སྟོབས་ཀྱི་སྒྲུབ་བྱེད་མཐོང་ན་གནོད་བྱེད་མ་མཐོང་བ་ཕུགས་ལ་གྲུབ་པས་བཀོད་པ་དོན་མེད་པའི་ཕྱིར་རོ། །དེས་ན་འདིར་ཚད་མས་གནོད་བྱེད་མ་མཐོང་བ་ཉིད་རྒྱུ་མཚན་ཡིན་ཏེ། ཡུམ་གྱིས་སྲས་འཕགས་བཞི་བསྐྲུན་པ་ནི། ཤིན་ཏུ་སྐོག་གྱུར་ཡིན་པས་དངོས་སྟོབས་ཀྱི་སྒྲུབ་བྱེད་མི་རིགས་པའི་ཕྱིར་དང་། རྟོགས་ལྡན་ཤིན་ལྐོག་ལ་འཇུག་པའི་རྒྱུ་ཡང་། ལུང་གི་སྒྲུབ་བྱེད་མཐོང་ཞིང་རིགས་པའི་གནོད་བྱེད་མ་མཐོང་བ་ཙམ་ལས་གཞན་མེད་པས་སོ། །དེས་ན་འདིར་གཞི་ལམ་རྣམ་པ་གསུམ་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་མཆོད་བརྗོད་ཀྱི་ཚིགས་བཅད་ཀྱི་དོན་གྱི་མཚན་ཉིད། སྲས་འཕགས་བཞི་སྐྱེད་པའི་ཡུམ་ཡོད་པ་ལ་གནོད་བྱེད་མ་མཐོང་ཞིང་སྒྲུབ་བྱེད་མཆོད་བརྗོད་ཀྱི་ལུང་མཐོང་བའི་ཕྱིར་རོ། །ཞེས་སྦྱར་ཏེ། ནས་ཅེས་པ་རྒྱུ་མཚན་གྱི་ཚིག་གོ ། ཚད་མ་གང་གིས་གནོད་པ་མ་མཐོང་ཞེ་ན། འདི་ལ་གནོད་བྱེད་ཡོད་ན། གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཞེས་བྱ་བ་དང་། སོགས་པས་རྡོ་རྗེ་གཟེགས་མ་དང་། ཡོད་མེད་སྐྱེ་འགོག་དང་། རྟེན་འབྲེལ་ལ་སོགས་པ་སྐྱེ་བ་འགོག་པའི་ཚད་མས་གནོད་དགོས་ན་དེ་དག་གིས་གནོད་པ་མ་མཐོང་བའི་ཕྱིར་ཏེ། ཡུམ་གྱིས་འཕགས་བཞི་སྐྱེད་པ་ཀུན་རྫོབ་དུ་ཡིན་ལ། དེ་དག་གིས་སྐྱེ་བ་འགོག་པ་དོན་དམ་དུ་ཡིན་པས་སོ། །ཡང་ན་གཞི་ལམ་རྣམ་པ་རྣམས་སྐྱེ་བ་མེད་པར་གང་གིས་འགྲུབ་སྙམ་ན། གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚད་མས་ཞེས་སྦྱར་རོ། །འདི་གཏན་ལ་དབབ་པ་ལ་བཞིའི་དང་པོ། ངོ་བོ་ལ་དཔྱོད་པ་གཅིག་དང་དུ་བྲལ་ལ་རྟགས་དགོད། ཚུལ་སྒྲུབ། ལུང་དང་སྦྱར་བ་གསུམ་གྱི། དང་པོ་ནི། གང་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བ་དེ་དོན་དམ་པར་བདེན་པའི་ངོ་བོ་ཉིད་མེད་དེ། དཔེར་ན་གཟུགས་བརྙན་བཞིན། གཞི་ལམ་རྣམ་པའི་ཆོས་རྣམས་ཀྱང་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བ་ཡིན་ནོ། །ཞེས་པ་ཁྱབ་བྱེད་མ་དམིགས་པའམ། རང་བཞིན་གྱི་རྟགས་སོ། །གཉིས་པ་ལ་ཕྱོགས་ཆོས་དང་ཁྱབ་པ་གཉིས་ཀྱི་དང་པོ་ནི། དངོས་པོ་ལ་ནི་དོན་དང་ཤེས་པ་གཉིས་སུ་ངེས་ལ། བུམ་པ་དང་སྣམ་བུ་ལ་སོགས་པ་དོན་དུ་གྲགས་པ་རྣམས་རགས་པ་གཅིག་ཏུ་མ་གྲུབ་སྟེ། སྒྲིབ་མ་སྒྲིབ་གཡོ་མི་གཡོ་ལ་སོགས་པ་འགལ་བའི་ཆོས་གནས་པའི་ཕྱིར་རོ། །ཅི་སྟེ་ཆ་ཤས་མེད་པའི་རྡུལ་ཕྲ་རབ་དུ་མའི་ངོ་བོར་གནས་སོ་ཞེས་ཟེར་ན། ཅི་འདི་དག་གཟེགས་ཟན་པ་རྣམས་ཀྱི་འདོད་པ་ལྟར་ཕན་ཚུན་ཕྲད་དེ་གནས་པའམ། བྱེ་བྲག་སྨྲ་བ་རྣམས་ཀྱི་ལྟར་བསྐོར་བ་བར་བཅས་སུ་གནས་པའམ། མདོ་སྡེ་པ་ལྟར་མ་རེག་ཅིང་བར་མེད་པ་གནས། ཕྱོགས་གསུམ་ཆར་ཡང་མི་རིགས་ཏེ། དབུ་མ་རྒྱན་ལས། དབུས་གནས་རྡུལ་ཕྲན་རྡུལ་གཅིག་ལ། །བལྟས་པའི་རང་བཞིན་གང་ཡིན་པ། །རྡུལ་ཕྲན་གཞན་ལ་བལྟ་བ་ཡང་། །དེ་ཉིད་གལ་ཏེ་ཡིན་བརྗོད་ན། །དེ་ལྟ་ཡིན་ན་ས་ཆུ་སོགས། །ཇི་ལྟར་རྒྱས་འགྱུར་མ་ཡིན་ནམ། །རྡུལ་ཕྲན་གཞན་ལ་བལྟ་བའི་ངོས། །གལ་ཏེ་གཞན་དུ་འདོད་ན་ནི། །རབ་དུ་ཕྲ་རྡུལ་ཇི་ལྟ་བུར། །གཅིག་བུ་ཤ་ཆས་མེད་པར་འགྱུར། །ཞེས་གསུངས་པ་ལྟར། དབུས་ཀྱི་རྡུལ་ཕྲན་གྱི་རང་བཞིན་གང་གིས་ཤར་གྱི་རྡུལ་ལ་བལྟས་པ་དེས། ཕྱོགས་གཞན་གྱི་རྡུལ་ལ་ཡང་ལྟས་ན། ཕྱོགས་གཞན་གྱི་རྡུལ་རྣམས་ཀྱང་ཤར་རྡུལ་གྱི་གོ་ས་ན་གནས་པར་འགྱུར་ལ། དེ་ལྟ་ན་རྡུལ་དུ་མ་ཚོགས་ཀྱང་གོང་བུ་རྒྱས་པར་མི་འགྱུར་ལ། ཅི་སྟེ་ཉེས་པ་དེ་སྤང་བར་འདོད་ནས། ངོས་གཞན་དང་གཞན་གྱིས་ཕྱོགས་གཞན་ན་གནས་པ་རྣམས་ལ་བལྟས་པར་འདོད་ན། དབུས་རྡུལ་ཆ་དང་བཅས་པར་འགྱུར་བས་རྡུལ་ཕྲན་གྱི་རང་བཞིན་ཉམས་སོ། །རྡུལ་ཕྲ་རབ་མ་གྲུབ་ན་དེས་བརྩམས་པའི་ཡན་ལག་ཅན་གྱི་རྫས་དང་། མིག་ལ་སོགས་པ་དབང་པོ་ལྔ་དང་། གཟུགས་ལ་སོགས་པ་དོན་ལྔ་རང་བཞིན་མེད་པར་བདེ་བླག་དུ་འགྲུབ་སྟེ། དེ་དག་ནི་རྡུལ་ཕྲ་རབ་བསགས་པའི་རང་བཞིན་ཡིན་པས་སོ། །དེ་དག་མེད་པས་ན། བདག་པོ་དང་དམིགས་པའི་རྐྱེན་མེད་པའི་ཕྱིར། དབང་ཤེས་ལྔ་མེད་ལ། དེ་དག་མེད་པས་ན་དེ་མ་ཐག་པའི་རྐྱེན་མེད་པས་ཡིད་ཤེས་ཀྱང་རང་བཞིན་མེད་དོ། །དེའི་ཕྱིར་རྣམ་ཤེས་མེད་པར་གྲུབ་བོ། །དོན་དང་རྣམ་ཤེས་ལས་གཞན་པའི་དངོས་པོ་ཡང་མེད་པའི་ཕྱིར། གཏན་ཚིགས་འདི་མ་སྒྲུབ་པ་མ་ཡིན་ནོ། །

གཉིས་པ་ནི། གཏན་ཚིགས་འདི་མ་ངེས་པ་མ་ཡིན་ཏེ། ཆུ་ཟླ་ལ་སོགས་པ་མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་དང་། གཅིག་དང་དུ་མའི་བདག་ཉིད་ནི་ཕན་ཚུན་སྤངས་ཏེ་གནས་པས་ཕུང་པོ་གཞན་སེལ་པའི་ཕྱིར་མི་མཐུན་ཕྱོགས་ལས་ལྡོག་པ་ཡང་གྲུབ་བོ། །གསུམ་པ་ནི། ལང་གཤེགས་ལས། གཅིག་དང་དུ་མ་ཉིད་སྤངས་པའི། །གཟུགས་ནི་ད་ལྟར་མེ་ལོང་ལ། །སྣང་ཡང་དེ་ན་ཡོད་མ་ཡིན། །དེ་བཞིན་དངོས་པོའི་ངོ་བོ་ཉིད། །ཅེས་གསུངས་སོ། །གཉིས་པ་རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ་ལ་གསུམ་གྱི། དང་པོ་རྟགས་དགོད་པ་ནི། བདག་དང་གཞན་དང་གཉིས་ཀ་དང་། རྒྱུ་མེད་པ་ལས་སྐྱེ་བ་མེད་པ་དེ་ནི། དོན་དམ་པར་སྐྱེ་བ་མེད། དཔེར་ན་རི་བོང་གི་རྭ་བཞིན། གཞི་ལམ་སོགས་དངོས་པོ་རྣམས་ཀྱང་མཐའ་བཞིའི་སྐྱེ་བ་དང་བྲལ་ལོ། །ཞེས་པ་ཁྱབ་བྱེད་མ་དམིགས་པའོ། །གཉིས་པ་ཚུལ་བསྒྲུབ་པ་ལ་ཕྱོགས་ཆོས་ནི། བདག་ལས་སྐྱེ་ན་སྐྱེ་བ་དོན་མེད་པ་དང་། ཐུག་པ་མེད་པ་དང་། ནམ་ཡང་མི་སྐྱེ་བར་མི་འགྱུར་བ་ལ་སོགས་པའི་སྐྱོན་ཡོད་ཅིང་། རང་ཉིད་རང་ལ་བྱེད་པ་འགལ་བའི་ཕྱིར་ཡང་མི་རིགས་སོ། །གཞན་ལས་སྐྱེ་ན་རྒྱུ་དང་རྒྱུ་མ་ཡིན་པ་ཀུན་ལས་འབྲས་བུ་དང་འབྲས་བུ་མ་ཡིན་པ་ཀུན་སྐྱེ་བ་དང་། མེ་ལྕེ་དང་མུན་པ་ལ་སོགས་པ་མི་མཐུན་པ་དག་ཀྱང་རྒྱུ་འབྲས་སུ་ཧ་ཅང་ཐལ་བར་འགྱུར་རོ། །གཉིས་ཀ་ལས་སྐྱེ་ན། གཉིས་ཀ་ལ་བརྗོད་པའི་སྐྱོན་དུ་འགྱུར་བ་དང་། རེ་རེ་ལས་སྐྱེ་བ་མེད་པས་གཉིས་ཀ་ལས་ཀྱང་སྐྱེ་བ་མེད་དེ། བྱེ་མ་རེ་རེ་ལས་ཏིལ་མར་མི་འབྱུང་ན། དུ་མ་ཚོགས་པ་ལས་ཀྱང་མི་འབྱུང་བ་བཞིན་ནོ། །རྒྱུ་མེད་ལས་འབྱུང་ན་ཡུལ་དུས་ཀུན་ཏུ་འབྱུང་བའམ། ལན་ཅིག་ཀྱང་མི་འབྱུང་བར་འགྱུར་སྟེ། རྒྱུ་ལ་ཁྱད་པར་མེད་པའི་ཕྱིར་རོ། །གཉིས་པ་མ་ངེས་པ་མ་ཡིན་ཏེ། མཐའ་བཞི་ལས་གཞན་པའི་སྐྱེ་བའི་རྣམ་རྟོག་མི་སྲིད་པའི་ཕྱིར་རོ། །གསུམ་པ་ནི། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སོ། །གཞུང་འདི་གཏན་ཚིགས་ལ་སྦྱོར་བ་མཁས་པའི་དབང་པོ་ཀ་མ་ལ་ཤཱི་ལས་དབུ་མ་སྣང་བར་བཤད་ཅིང་། དེའི་རྗེས་སུ་རྒྱ་བོད་ཀྱི་མཁས་པ་དུ་མས་འབྲངས་ཤིང་འདིར་ཡང་དེ་དང་མཐུན་པར་བཤད་མོད། འགྲེལ་ཆེན་གཉིས་ཀྱི་སྐྱེ་བ་འགོག་པའི་དམ་བཅའ་བཞི་སྟོན་བྱེད་དུ་སྦྱར་ནས་རིགས་པ་ཟུར་ནས་ཁ་བསྐོང་བར་མཛད་དོ། །གསུམ་པ་འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་ལ་གསུམ་གྱི་དང་པོ་ནི། ཡོད་པའམ་མེད་པ་གང་ཡང་མི་སྐྱེ་བ་དེ་ནི་དོན་དམ་པར་སྐྱེ་བ་མེད་དེ། དཔེར་ན་མོ་གཤམ་གྱི་བུ་བཞིན། གཞི་ལམ་སོགས་ཀྱི་དངོས་པོ་རྣམས་ཀྱང་ཡོད་མེད་གང་ཡང་སྐྱེ་བ་མེད་དོ། །གཉིས་པ་ལ་ཕྱོགས་ཆོས་ནི། ཡོད་པ་ནི་མི་སྐྱེ་སྟེ། གྲུབ་པ་ལ་སྒྲུབ་པ་མི་རུང་བའི་ཕྱིར་དང་། ཡོད་པ་སྐྱེ་བ་ལ་དགོས་པ་མེད་པའི་ཕྱིར་རོ། །མེད་པ་ཡང་མི་སྐྱེ་སྟེ། དེ་ལ་རྐྱེན་གྱིས་བྱ་བ་མི་འཇུག་པའི་ཕྱིར་དང་། རི་བོང་གི་རྭ་ལ་སོགས་པ་ཡང་སྐྱེ་བར་ཐལ་བའི་ཕྱིར་རོ། །གཉིས་པ་མ་ངེས་པ་མ་ཡིན་ཏེ། རྒྱུས་སྐྱེད་བྱ་ལ་ཡོད་པ་དང་། མེད་པ་ལས་གཞན་པའི་ཕུང་པོ་མེད་པའི་ཕྱིར་རོ། །གསུམ་པ་ནི། རྩ་ཤེར་ལས། འབྲས་བུ་ངོ་བོ་ཉིད་ཡོད་ན། །རྒྱུས་ནི་ཅི་ཞིག་བསྐྱེད་པར་བྱེད། །འབྲས་བུ་ངོ་བོ་ཉིད་མེད་ན། །རྒྱུས་ནི་ཅི་ཞིག་བསྐྱེད་པར་བྱེད། །ཅེས་སོ། །བཞི་པ་རྟེན་འབྲེལ་གྱི་རྟགས་ལ་གསུམ་གྱི་དང་པོ་ནི། གང་རྟེན་འབྲེལ་ཡིན་པ་དེ་དོན་དམ་པར་རང་བཞིན་མེད་དེ། དཔེར་ན་སྔགས་དང་སྨན་སོགས་ཀྱི་རྐྱེན་ལས་བྱུང་བའི་སྒྱུ་མ་བཞིན། གཞི་ལམ་སོགས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ནོ། །ཞེས་པ་འགལ་ཁྱབ་དམིགས་པའོ། །གཉིས་པ་ཕྱོགས་ཆོས་ནི། ཕྱི་དང་ནང་གི་ཆོས་རྣམས་རང་རང་གི་རྒྱུ་དང་རྐྱེན་ལས་སྐྱེ་བར་མངོན་སུམ་གྱིས་གྲུབ་ལ། གཞན་དུ་ན་རྒྱུ་མེད་དུ་ཐལ་བའི་ཕྱིར་རོ། །ཁྱབ་པ་ཡོད་དེ། བདེན་པར་ཡོད་ན་རྒྱུ་རྐྱེན་གྱིས་བྱ་བ་མི་འཇུག་སྟེ། རང་བཞིན་གཞན་དུ་མི་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་ཤིང་། རྩ་ཤེར་ལས། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྟེན་ནས་བདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་བཤད་དོ། །གཉིས་པ། དང་བ་ལས་གུས་པ་ནི། དང་བ་ལས་ཅི་འགྱུར་ཞེ་ན། ཡུམ་དེ་ལ་རབ་ཏུ་དང་བས་ཀྱང་ཤིན་ཏུ་གུས་པར་བྱེད་དོ། །སུ་ཞིག་ཅེ་ན། ཡུམ་དེའི་ཡོན་ཏན་འཕགས་བཞི་སྐྲུན་པ་སོགས་ལ་མངོན་པར་འདོད་པའི་གང་ཟག་དབང་པོ་རྣོ་རྟུལ་གཉིས་ཀ་ཡང་ངོ་། །གང་ལ་ན། ཤེར་ཕྱིན་དེ་དང་དེ་ལ་བ རྟེན་པའི་གསུང་རབ་རྒྱས་འབྲིང་བསྡུས་པ་སོགས་ལ་ཞེས་སམ་ཡང་ན། དེ་དང་ཞེས་པ་གཞུང་ཤེར་ཕྱིན་དང་དེ་ལ་བརྟེན་པ། དེའི་དོན་བསྡུས་པའི་བསྟན་བཅོས་སམ། དེ་དང་བརྗོད་བྱ་ཕྱོགས་མཐུན་གྱི་མདོ་སྡེ་གཞན་རྣམས་སོ། །གང་གི་དོན་དུ་ན། རྣམ་པ་ཐམས་ཅད་དུ་ཚིག་བཟུང་བ་དང་། ཐོས་པ་སོགས་ཀྱིས་དོན་ཀུན་ཆུབ་པར་བྱ་བའི་ཕྱིར་ལ་སོགས་པའི་དོན་དུའོ། །གསུམ་པ་ནི། གུས་པའི་འོག་དུ་ཅི་བྱ་ཞེ་ན། གུས་པར་བྱས་པ་དེ་ནས་ལེགས་པའི་མཆོག་རྣམ་མཁྱེན་ཐོབ་པར་འགྱུར་རོ། །ཚུལ་ཇི་ལྟར་ན། ཐོས་པ་ལས་བྱུང་བ་དང་། སོགས་པས་བསམ་པ་དང་། སྒོམ་པ་ལས་བྱུང་བའི་ཤེས་པ་ཐོག་མཐའ་བར་གསུམ་དུ་སྐྱེ་བའི་རིམ་གྱིས་སོ། །གཉིས་པ་ནི། གང་གི་ཕྱིར། ཐོས་པ་ལས་དང་། དང་བ་ལས་གུས། གུས་པ་ལས་ལེགས་པའི་མཆོག་ཐོབ་པ་དེའི་ཕྱིར་ཅེས་སོ། །འཕགས་པ་ཀླུ་སྒྲུབ་ཀྱིས། ལན་ཅིག་ཙམ་ཡང་བསམ་དག་པས། ཁྱོད་ལ་ཚུལ་བཞིན་ལྟ་བ་གང་། །དེས་ཀྱང་མཐོང་བ་དོན་ཡོད་པའི། །དངོས་གྲུབ་ངེས་པར་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །གཉིས་པ་བསྡུས་དོན་ནི་དེ་ལ་ཞེས་པའི་ངག་ཉེ་བར་འགོད་པའི་ཚིག་གི་ཕྲད་དེས་བསྟོད་དོ། །གང་གིས་ན། འཕགས་པ་བྱམས་པས་སོ། །གང་ལ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ལའོ། །གང་གི་སྒོ་ནས་ན། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡོན་ཏན་བརྗོད་པའི་སྒོ་ནས་སོ། །ཅི་སྟེ་ཤེར་ཕྱིན་མཐའ་དག་ལ་བསྟོད་ན། སྦྱོར་བཞི་དང་ཆོས་སྐུ་ལ་མ་བསྟོད་པས་གྲངས་ཉུང་བར་འགྱུར་ལ། ཕྱོགས་གཅིག་ལ་བསྟོད་ན། རྣམ་མཁྱེན་ཁོ་ན་ལ་བསྟོད་པས། དེར་གཞན་རྣམས་ཀྱང་འདུས་པའི་ཕྱིར། གྲངས་མང་བར་འགྱུར་རོ་ཞེ་ན། མཐའ་དག་ལ་བསྟོད་ཀྱང་ཉུང་བའི་སྐྱོན་མེད་དེ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་དོན་བརྒྱད་བསྡུས་ལ། དོན་བརྒྱད་པོ་དེ་དག་ཀྱང་དངོས་བཏགས་མ་ཕྱེ་ན། ཤེར་ཕྱིན་ཡིན་པས་སོ། །ཞིང་ཞེས་པ་འོག་མ་བསྡུད་པའི་ཚིག་གོ །བསྡུ་ཚུལ་ལ་ལོ་ཙྪ་བ་ཆེན་པོས། མཁྱེན་གསུམ་ནི་གཏན་ལ་དབབ་བྱ་ཡིན་པས་དུས་གསུམ་གྱི་འཕགས་པ་ཐམས་ཅད་ཀྱི་རྒྱུད་དང་འབྲེལ་བར་རྒྱ་མཚོ་ལྟ་བུ་ཡིན་ལ། སྦྱོར་བཞི་དང་ཆོས་སྐུ་ནི། སྦྱོར་བ་ཉམས་སུ་ལེན་པ་པོའི་རྒྱུད་དང་འབྲེལ་བའི་རྒྱུ་དང་འབྲས་བུའི་གནས་སྐབས་ཙམ་ཡིན་པས་སྐྲ་རྩེའི་ཆུའི་ཚོད་ཙམ་དུ་ཟད་ལ། དེས་ན་རྒྱ་ཆེ་བས་ཆུང་བ་བསྡུས་པ་ཡིན་ནོ་ཞེས་གསུངས་སོ། །འབྲེས་མཁྱེན་གསུམ་རང་བཞིན་ཡིན་ལ། སྦྱོར་བཞི་ཆོས་སྐུ་དེའི་གནས་སྐབས་ཡིན་པས་རང་བཞིན་གྱིས་གནས་སྐབས་བསྡུས་པའོ། །ཞེས་བཤད་ལ། ཨར་གྱིས་སྡུད་བྱེད་ཀྱི་མཁྱེན་གསུམ་ནི་སེམས་བསྐྱེད་ལ་སོགས་པ་མཁྱེན་གསུམ་མཚོན་བྱེད་ཀྱི་ཆོས་སུམ་ཅུ་ཡིན་ལ། དེས་སྦྱོར་བཞི་དང་ཆོས་སྐུ་བསྡུས་སོ་ཞེས་བཤད་དོ། །ཕྱོགས་གསུམ་ཆར་ལ་ཡང་གསུམ་གྱིས་ལྔ་བསྡུས་ཞེས་པར་འགྱུར་གྱི་གསུམ་ཀྱིས་བརྒྱད་བསྡུས་ཞེས་པའི་ཚིག་དོན་ལ་མ་ཞུགས་པར་སྣང་ངོ་། །འདིར་དོན་ནི་འདི་ཡིན་ཏེ། སྡུད་བྱེད་ཀྱི་མཁྱེན་གསུམ་ནི་ཕྱག་གི་ཡུལ་དུ་གྱུར་པ། གཙོ་བོའི་ཤེར་ཕྱིན་གཉིས་སུ་མེད་པའི་ཡེ་ཤེས་ཉིད་སྐྱེ་མེད་གསུམ་རྟོགས་པའི་ལྡོག་པ་ནས་མཁྱེན་པ་གསུམ་དུ་བཞག་པ་དེ་ཡིན་ལ། བསྡུ་བྱ་དོན་བརྒྱད་ནི། མཁྱེན་གསུམ་མཚོན་བྱེད་ཀྱི་ཆོས་སུམ་ཅུ་ལ་མཁྱེན་གསུམ་དུ་བཞག་པ་དང་། རྒྱུ་དང་འབྲས་བུའི་གནས་སྐབས་ཀྱི་སྦྱོར་བཞི་ཆོས་སྐུ་རྣམས་ཡིན་ནོ། །དེ་ལ་ཆེད་དུ་བྱ་བ་དང་། ཆོས་སྐུ་ནི་སྡུད་བྱེད་མཁྱེན་པ་གསུམ་དང་རང་བཞིན་ཐ་དད་པ་མ་ཡིན་ལ། གཞན་རྣམས་ནི་འབྲས་བུས་རྒྱུ་བསྡུས་པའི་ཚུལ་དུ་ཤེས་པར་བྱའོ། །རྣམ་མཁྱེན་ཁོ་ན་ལ་བསྟོད་པས་ཆོག་པས་བསྟོད་པ་གྲངས་མང་བའི་སྐྱོན་མེད་དེ། རྣམ་མཁྱེན་ཀྱིས་ཆོས་འཁོར་བསྐོར་བའི་ཡོན་ཏན་ཙམ་གྱི་སྒོ་ནས་བསྟོད་ན་ཡོན་ཏན་རྫོགས་པར་མི་འགྱུར་ལ། མཁྱེན་གསུམ་གྱི་སྒོ་ནས་བསྟོད་ན་ཡོན་ཏན་རྫོགས་པར་འགྱུར་ཏེ། མཁྱེན་པ་གསུམ་པོ་དེའི་ཡང་ཚིག་དོན་དུ་འཆད་པར་འགྱུར་བའི་ཚུལ་གྱི་འཕགས་པ་བཞིའི་བཞེད་དོན་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་ལ། དེ་ཙམ་གྱིས་རྟོགས་ལྡན་གྱི་དགོས་འདོད་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་རྗེ་བཙུན་གྱིས་ཐུགས་ལ་བཞག་ནས་མཁྱེན་གསུམ་གྱི་སྒོ་ནས་བསྟོད་པ་ཡིན་ནོ། །ཡང་ན་ཅིའི་ཕྱིར་མཁྱེན་གསུམ་ཁོ་ནས་བསྟོད་ཅེ་ན། རྒྱན་རྩོམ་པའི་དང་པོར་དེའི་བརྗོད་བྱ་ཤེར་ཕྱིན་མཐའ་དག་ལ་བསྟོད་པ་རིགས་ལ། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་རྒྱ྄ན་གྱི་བརྗོད་བྱ་དོན་བརྒྱད་དུ་བསྡུས་པ་དེ་དག་ཀྱང་ཤེར་ཕྱིན་ཡིན་པས་སོ། །དེ་ལྟར་ན། རྣམ་མཁྱེན་གྱི་དོན་བརྒྱད་བསྡུས་པས་དེ་ཁོ་ནས་བསྟོད་པར་རིགས་སོ་ཞེ་ན། དེས་ཀྱང་། ཞེས་སོགས་ལ་བཤད་པ་སྔ་མ་སྦྱར་སྟེ། སྔ་མས་མཁྱེན་གསུམ་གྱི་སྒོ་ནས་བསྟོད་པའི་རྒྱུ་མཚན་དང་། འདིས་དགོས་པ་བསྟན་ཏེ། དེས་ན་བསྟོད་ཕྱག་གི་ཡུལ་གྱི་གཙོ་བོ་ནི་འབྲས་བུ་ཤེར་ཕྱིན་ཡིན་ལ། དེར་གཞན་རྣམས་འདུས་པས་མངོན་རྟོགས་གཞན་རྣམས་ཀྱང་བསྟོད་ཕྱག་གི་ཡུལ་མ་ཡིན་པའི་སྐྱོན་མེད་དོ། །

གསུམ་པ་ཚིག་དོན་ལ་རྩ་བ་ལྟར་གཉིས་ཀྱི། དང་པོ་ལ་གསུམ་གྱི། དང་པོ་གཞི་ཤེས་ཀྱིས་ཉེར་ཞེར་ཁྲིད་པ་ནི། ཐོབ་པར་མཛད། གང་ཟག་གང་ན། ཉན་ཐོས་དང་དེར་མ་ཟད་རང་སངས་རྒྱས་རྣམས་བསྟན་ཏེ། རང་དོན་དུ་འབྲས་བུ་མྱ་ངན་ལས་འདས་པ་འདོད་པ་རྣམས་སོ། །རང་རྒྱལ་རྩ་བས་མ་ཟིན་ནོ་ཞེ་ན། སྐྱོན་མེད་དེ། ཉན་ཐོས་དེའི་ཕྱོགས་སུ་བསླན་པས་ཤུགས་ལ་བསྟན་པས་སོ། །ཚིག་གང་གིས་ན། ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་པ་གཞི་ཤེས་ཀྱི་ཡོན་ཏན་བརྗོད་པའི་ཚིག་གི་རིམ་པ་གཅིག་གིས་ཏེ། ཚིག་དེས་དངོས་སུ་ཐབས་ཀུན་ཤེས་ཀྱིས་གང་ཟག་ཞི་བ་དོན་གཉེར་གྱི་ཉན་ཐོས་རྣམས་འབྲས་བུ་ཉེར་ཞིར་ཁྲིད་པར་བསྟན་པའི་ཕྱིར་དང་། དེ་དང་རང་རྒྱལ་རྣམས་ཞི་བ་དོན་གཉེར་དུ་མཚུངས་པའི་ཕྱིར་རོ། །བསམ་པའི་སྒོ་ནས་ཞི་བ་དོན་གཉེར་དུ་མཚུངས་ཀྱང་དེ་དང་ཡོན་ཏན་ཁྱད་པར་མེད་པ་མ་ཡིན་ཏེ། གཞན་ལ་སྒྲ་མེད་དུ་ཆོས་སྟོན། གཟུང་རྟོགས་སྤངས། སྲིད་པ་ཐ་མའི་ཚེ་སློབ་དཔོན་གྱི་མན་ངག་ལ་མི་ལྟོས་པ་སོགས་རྣམ་པར་ཐར་པར་ཅུང་ཟད་གཅིག་གིས་ཉན་ཐོས་ལས་ལྷག་པས་སོ། །ཐབས་གང་གིས་ཞེ་ན། གཞི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་སྐྱ྄ེ་བ་མེད་པར་ཡོངས་སུ་ཤེས་པ་ཉིད་ཀྱིས་སོ། །འབྲས་བུ་གང་ན། ཆོམ་རྐུན་བསད་དེ། གྲོང་མ་གཤིག་པ་ལྟར། ཉོན་མོངས་མ་ལུས་པ་སླར་མི་འབྱུང་བའི་ཚུལ་གྱིས་སྤངས་ཀྱང་ཟག་བཅས་ཀྱི་ཕུང་པོ་མ་འགགས་པའི་སོ་སོར་བརྟགས་འགོག་ཕུང་པོ་དང་བཅས་པ་དང་། ཆོམ་རྐུན་བསད་པའི་འོག་དུ་གྲོང་ཡང་རང་གི་ངང་གིས་ཞིག་པ་ལྟར་ཚེའི་འདུ་བྱེད་བཏང་སྟེ། ཟག་བཅས་ཀྱི་ཕུང་པོ་མ་ལུས་པ་འགག་པས་རབ་ཏུ་ཕྱེ་བའི་སོ་སོར་བརྟགས་མིན་འགོག་པ་ཕུང་པོ་མེད་པའི་མཚན་ཉིད་ཀྱི་མྱ་ངན་ལས་འདས་པ་རྣམས་སོ། །གཉིས་པ་ལམ་ཤེས་ཀྱིས་འཇིག་རྟེན་གྱི་དོན་སྒྲུབ་པ་ནི། སྒྲུབ་པར་མཛད། གང་ཟག་གང་ན། གཞན་དོན་དུ་ཆོས་སྐུའི་རང་བཞིན་གྱི་བྱང་ཆུབ་ཀྱི་ཆེད་དུ་སྲན་ཐུབ་ཅིང་། སྙིང་སྟོབས་བརྟན་པས་བྱང་ཆུབ་སེམས་དཔའ་དུས་འཁོར་བ་ཇི་སྲིད་བར་འགྲོ་བའི་དོན་བྱེད་པ་རྣམས་སོ། །ཐབས་གང་གིས་ན། ཐེག་པ་གསུམ་གྱི་ལམ་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པའི་ངོ་བོ་ཉིད་ཀྱིས་སོ། །འབྲས་བུ་གང་ན། འགྲོ་བ་མཐའ་དག་གི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་དོན་ནོ། །

གསུམ་པ་རྣམ་མཁྱེན་གྱིས་ཆོས་འཁོར་བསྐོར་བ་ནི། བསྐོར་བར་མཛད། གང་ཟག་གང་ན། སངས་རྒྱས་སྒོ་གསུམ་མི་མཐུན་ཕྱོགས་ལས་ཡང་དག་པར་བསྡམས་པའི་སྐུ་ཅན་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་ཅན་གྱི་དབང་ཕྱུག་ཉན་རང་དག་ལས་ཆོས་ཀྱི་དབང་ཕྱུག་ཕུན་སུམ་ཚོགས་པ་མངའ་ཞིང་། དེ་དག་བཀས་མངའ་བསྒྱུར་བས་ན་གཙོ་བོ་རྣམས་སོ། །ཐབས་གང་གིས་ན། ཆོས་རྣམས་ཀྱི་རྒྱུ་འབྲས་ངོ་བོའི་རྣམ་པ་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་པ་གང་དང་ཡང་དག་ལྡན་པའོ། །འབྲས་སུ་གང་ཞེ་ན། གདུལ་བྱ་རྣམས་ཀྱི་འདོད་ཆགས་ལ་སོགས་པ་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་རང་བཞིན་གྱི་ཆོས་ཀྱི་འཁོར་ལོ་ལ་འདུད་པ་བརྗོད་བྱ་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་རྣམ་པ་ཐམས་ཅད་དང་ལྡན་པའོ། །

ཆོས་ཕུང་སོགས་བཤད་པ།

འདིར་ཆོས་ཕུང་དང་། ཆོས་ཀྱི་འཁོར་ལོ་གཏན་ལ་དབབ་པ་གཉིས་ཀྱི་དང་པོ་ལ་རང་བཞིན་དང་། ཚད་གཉིས་ཀྱི་དང་པོ་ནི། མདོ་སྡེ་པ་བརྡའི་དབང་གིས་དོན་ལ་མཚམས་བཅད་པའི་སྒྲ་རང་མཚན་ནམ། ཁ་ཅིག་ཆོས་གྲགས། སྒྲ་སྤྱིའི་ཕྲེང་བ་ལ་འདོད་ལ། བྱེ་བྲག་སྨྲ་བ་ལྡན་མིན་འདུ་བྱེད་ཀྱི་རང་བཞིན་གྱི་མིང་ཚིག་གི་ཚོགས་ལ་འདོད་དེ། ངག་མིང་ལ་འཇུག་མིང་མཚན་མ་དེ་ལས་དོན་རྟོགས་ཞེས་མིང་དོན་བརྗོད་བྱེད་དུ་འདོད་དེ། མཛོད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག ། གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ཀྱང་། །གཟུགས་དང་འདུ་བྱེད་དག་ཏུ་འདུས། །ཞེས་གསུངས་སོ། །རྣམ་རིག་པ་དག །ཉན་པ་པོའི་རྒྱུད་ཀྱིས་བསྡུས་པའི་སྒྲར་སྣང་བའི་རྣམ་རིག་ཏུ་འདོད་ལ། རྣལ་འབྱོར་སྤྱོད་པའི་དབུ་མ་པ་རྣམས་ཀྱང་དེ་དང་མཐུན་ནོ། །གཉིས་པ་ནི། ཁ་ཅིག་ཤཱ་རིའི་བུའི་བསྟན་བཅོས་ཆོས་ཀྱི་ཕུང་པོའི་ཚད་དང་མཉམ་ལ། དེ་ལ་ཡང་། ཤློ་ཀ་དྲུག་སྟོང་ཡོད་ཅེས་ཟེར་རོ། །ཁ་ཅིག་ནི་ཕུང་པོ་དང་བདེན་པ་ལ་སོགས་པའི་དོན་གྱི་སྣ་རེ་རེ་རྫོགས་པར་སྟོན་པའི་གཏམ་གྱི་ཚོགས་ལ་འདོད་ལ། སློབ་དཔོན་དབྱིག་གཉེན་གདུལ་བྱའི་འདོད་ཆགས་ལ་སོགས་པའི་སྤྱོད་པ་རེ་རེའི་གཉེན་པོ་རྫོགས་པར་སྟོན་པའི་གཏམ་གྱི་རྒྱུད་རེ་རེ་ཆོས་ཕུང་གི་ཚད་ཡིན་པར་བཞེད་ལ། དེ་ཡང་གདུལ་བྱ་དབང་པོ་རྣོ་རྟུལ་གྱི་བྱེ་བྲག་ལས་ཚད་ངེས་པ་མེད་དོ། །དེ་སྐད་དུ་ཡང་། མཛོད་ལས། ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། །ཕུང་པོ་ལ་སོགས་གཏམ་དེ་ཡིན། །སྤྱོད་པ་རྣམས་ཀྱི་གཉེར་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་པ་ལྟར་རོ། །ཁ་ཅིག་རྒྱལ་སྲས།ཏུ་ཤོ་ལོ་ཀ་སྟོང་ཞེས་དང་། ལ་ལར་རབ་ཏུ་སྒྲོན་གསལ།གླང་པོ་ཆེ་རབ་བརྟན་གྱིས་ཐེག་པའི་སྣག་ཚས་ཆོས་ཕུང་གཅིག་འབྲིར་ནུས་ཞེས་སོགས་བཤད་དོ། །གཉིས་པ་ནི། བྱེ་བྲག་སྨྲ་བ་རྣམས། ཆོས་འཁོར་གྱི་ངོ་བོ་མཐོང་ལམ་ཡིན་ཏེ། ཀུན་ཤེས་ཀཽཎྜི་ནྱ་ལ། ཝཱ་རཱ་ཎ་སཱིར་མཐོང་ལམ་སྐྱེས་པའི་ཚེ་ལྷ་རྣམས་ཀྱིས། ཨ་ལ་ལ། ཨ་ལ་ལ་འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཞེས་འབྱུང་བས་སོ། །ཅིའི་ཕྱིར་ཆོས་འཁོར་བྱ་ཞེ་ན། སྐད་ཅིག་བཅོ་ལྔ་པོ་སེམས་གཞན་གྱིས་བར་མ་ཆོད་པར་མྱུར་དུ་འགྲོ་བ་དང་། བར་ཆད་མེད་ལམ་གྱིས་སྤང་བྱའི་ཐོབ་པ་བཅོད་པས་མ་རྒྱལ་བ་ལས་རྒྱལ་བར་བྱེད། རྣམ་གྲོལ་ལམ་གྱིས་བྲལ་ཐོབ་འཛིན་པས་རྒྱལ་བ་རྣལ་དུ་འགོད་པར་བྱེད། ཁམས་གོང་གི་བདེན་པ་ལ་འཕར་འདོད་པའི་མཁྱེན་པ་ལ་འབབ་པས་ན་རྒྱལ་པོའི་འཁོར་ལོ་དང་ཆོས་མཐུན་པའི་ཕྱིར་ཞེས་ཟེར་རོ། །བཙུན་པ་དབྱངས་སྒྲོགས་མཐོང་ལམ་འཕགས་ལམ་ཡན་ལག་བརྒྱད་ཀྱི་རང་བཞིན་ཡིན་ལ། དེ་ལ་ལྟ་བ་རྟོགས་པ་རྩོལ་བ་དྲན་པ་རྣམས་ནི་ཤེས་རབ་ཀྱི་རང་བཞིན་མཐོང་སྤང་གི་རྟོག་པ་གཅོད་པས་རྩིབས་པ་དང་ངག་ལས་མཐའ་འཚོ་བ་རྣམས་ཚུལ་ཁྲིམས་ཀྱི་རང་བཞིན། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རྟེན་བྱེད་པས་ལྟེ་བ། ཏིང་ངེ་འཛིན་དམིགས་པ་ལ་སེམས་འཛིན་པས་མུ་ཁྱུད་ལྟ་བུ་ཡིན་པས་འཁོར་ལོ་དང་འདྲ་ཞེས་ཟེར་ཏེ། མཛོད་དུ། ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། །མྱུར་བར་འགྲོ་སོགས་རྩིབས་སོགས་ཕྱིར། །ཞེས་སོ། །དོན་དུ་ན། ཆོས་ཀྱི་འཁོར་ལོའི་རང་བཞིན་ནི་གཉིས་ཏེ། ལུང་གི་ཆོས་ཀྱི་འཁོར་ལོ་དང་། རྟོགས་པའི་ཆོས་ཀྱི་འཁོར་ལོའོ། །དང་པོ་ནི། གསུང་རབ་ཡན་ལག་བཅུ་གཉིས་སྡེ་སྣོད་གསུམ་གྱིས་བསྡུས་པ་རྣམས་སོ། །གཉིས་པ་ནི། ལམ་གྱི་རང་བཞིན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་རྣམས་སོ། །འདི་དག་ནི་ཇི་ལྟར་འཁོར་ལོ་རིན་པོ་ཆེ་ཡུལ་གཞན་དང་གཞན་དུ་འཕོ་བ་དང་མི་མཐུན་ཕྱོགས་ལས་རྒྱལ་བར་བྱེད་པ་ལྟར། སློབ་མའི་རྒྱུད་ལ་རིམ་གྱིས་འཕོ་བ་དང་། འདོད་ཆགས་ལ་སོགས་པ་མི་མཐུན་ཕྱོགས་ལས་རྒྱལ་བར་བྱེད་པས་འཁོར་ལོ་དང་ཆོས་མཐུན་པའི་ཕྱིར་འཁོར་ལོ་ཞེས་བྱའོ། །གཉིས་པ་ནི། སངས་རྒྱས་ཉན་ཐོས་ལ་སོགས་པས་ཞེས་སོ། །རང་རྒྱལ་སངས་རྒྱས་ཀྱི་འཁོར་དུ་མི་འོང་བས་དེས་བསྐོར་བ་མི་རིགས་སོ་ཞེ་ན། སྐྱོན་མེད་དེ། སྲིད་པ་ཐ་མའི་ཚེ། སངས་རྒྱས་ཀྱི་འཁོར་དུ་མི་འོང་ཡང་དེ་ཡང་སངས་རྒྱས་ཀྱི་དྲིན་ལས་སྐྱེས་པས་དེའི་འཁོར་དུ་རིགས་པའི་ཕྱིར་ཏེ། ཇི་སྐད་དུ་འཇུག་པར། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །ཞེས་བཤད་པས་སོ། །བཞི་པ་ལ་རྒལ་བ་དང་། ལན་གཉིས་ཀྱི་དང་པོ་ནི། དེ་ལྟར་མཁྱེན་གསུམ་གྱི་སྒོ་ནས་ཕྱག་འཚལ་བ་ན། དེ་དག་བརྗོད་བྱར་བྱས་པའི་བསྟན་བཅོས་རྩོམ་ཞེས་ཤུགས་ལ་དམ་བཅས་པས་ན། སྔར་བཤད་པའི་ཚུལ་དེ་ལྟར་ཕྱག་འཚལ་བ་དང་བསྟོད་པ་སྔོན་དུ་འགྲོ་བ་ཅན་གྱི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩོམ་ན། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་པའི་ཆེད་དུ་གཞི འམ། མི་མཐུན་ཕྱོགས་སྤོང་བའི་ཆེད་དུ་གཉེན་པོའམ། ཤེས་བྱ་ཐམས་ཅད་ཤེས་པར་བྱ་བའི་ཆེད་དུ་རྣམ་པ་རྣམས་ལས་གང་ཡང་རུང་བ་ཞིག་བརྗོད་བྱ། བསྡུས་པ་མཛད་གྲང་ལ། ཕྱོགས་དང་པོ་ཤེས་རབ་བསྐྱེད་པའི་དོན་དུ་གཞི་བསྡུས་པ་ལྟར་ན། བསྟན་བཅོས་འདི་རྩོམ་པའི་འབད་པ་དོན་མེད་དེ། ཆོས་མངོན་པ་དང་ཟློས་པའི་ཕྱིར་རོ། །འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་འདི་ལས་ནི་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་གཏན་ལ་འབེབས་པའི་བསྟན་བཅོས་མངོན་པའི་སྡེ་སྣོད་ལས་མ་སྨོས་པའི་གཞི་ཕུང་པོ་ཁམས་དང་སྐྱེ་མཆེད་གང་ཡིན་པ་དེ་འབྱུང་བ་མེད་པས་སོ། །ཕྱོགས་གཉིས་པ་མི་མཐུན་ཕྱོགས་སྤང་པའི་དོན་དུ་གཉེན་པོ་མ་ལུས་པ་བརྗོད་བྱར་བསྡུ་བར་འདོད་ན། མི་མཐུན་ཕྱོགས་དང་བཅས་པ་སྟོན་ནམ། འོན་ཏེ་གཉེན་པོ་ཡན་གར་བ་སྟོན། དང་པོ་ལྟར་ན། གཉེན་པོ་བསྟན་པའི་ཕྱིར་རྩོམ་པར་འགལ་ལ། གཉིས་པ་ལྟར་ན་གཉེན་པོ་དེ་གང་གི་གཉེན་པོ་ཡིན་པ་ཁོང་དུ་ཆུད་པར་མི་འགྱུར་ཏེ། འདིས་གཉེན་པོ་རྣམ་བྱང་གི་དངོས་པོ་ཙམ་ཞིག་བསྡུས་པའི་ཕྱིར། མི་མཐུན་ཕྱོགས་ཀུན་ནས་ཉོན་མོངས་པའི་དངོས་པོ་མ་བསྡུས་པའི་ཕྱིར་རོ། །འདིར་སྔ་རབས་པ་དག་མི་མཐུན་ཕྱོགས་དང་བཅས་པར་སྟོན་ན། མངོན་པ་དང་ཟློས་པའི་སྐྱོན་འཕེན་པ་ནི། རང་ལ་ཡང་མཚུངས་ལ། ཅི་སྟེ་དེ་དག་གི་ལུགས་ལ་གཞི་ཁོ་ན་སྟོན་པ་མ་ཡིན་པས་ཞེས་ཟེར་ན། འདིར་ཡང་མཚུངས་ཏེ། གཉེན་པོ་དང་བཅས་ཏེ་སྟོན་པས་སོ། །དེས་ན་གཞི་ཡང་སྟོན་ན། འདིའི་བརྗོད་བྱ་གཉེན་པོ་ཡིན་པ་འགལ། ཞེས་པའོ། །ཕྱོགས་གསུམ་པ་ཤེས་བྱ་ཤེས་པའི་དོན་དུ་རྣམ་པ་མ་ལུས་པ་བསྡུས་པ། རྣམ་པ་གཞི་དང་བཅས་པ་བསྡུས་ན། རྣམ་པ་ཙམ་བསྟན་པར་འགལ་ལ། གཞི་མེད་པ་བསྡུས་ན། དོན་མེད་དེ། སྐྱེས་བུར་ཉེ་བར་མཁོ་བའི་དོན་ཅུང་ཟད་ཀྱང་མ་བཤད་པའི་ཕྱིར་ཏེ། རྣམ་པ་གཞི་ངེས་པ་ཙམ་ཞིག་བསྡུས་པའི་ཕྱིར་དང་། དེ་ལས་ཀྱང་དོན་རྟོགས་པ་མེད་པས་སོ། །འདི་ལྟར་རྣམ་པ་གཞི་དང་མ་འབྲེལ་བས་བཟློག་ཕྱོགས་ཀྱི་སྒྲོ་འདོགས་མི་ཆོད་པས་གནས་ལུགས་ཀྱི་དོན་མི་རྟོགས་པའི་ཕྱིར་རོ། །གསུམ་ལས་གཞན་ཡང་བརྗོད་བྱ་བསྡུས་པ་མི་སྲིད་པས་བསྟན་བཅོས་རྩོམ་པ་དོན་མེད་དོ་སྙམ་དུ་གཞན་དག་སེམས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། གཉིས་པ་ལ་བཞི། ལན་མདོའི་ཤེས་བྱེད་ཀྱི་ལུང་དགོད། ལུང་གི་དོན་བཤད། དོན་བསྡུ་བའོ། །དང་པོ་ནི། རྒྱན་གྱི་གཞི་གཉེན་རྣམ་པ་གང་རུང་རེ་རེ་ཁོ་ན་བརྗོད་བྱར་བསྡུས་པས་ཇི་སྐད་བཤད་པའི་སྐྱོན་ཡོད་པ་དེ་ནི་མ་ཡིན་ཏེ། གཞི་གཉེན་རྣམ་པ་ཕྱོགས་གསུམ་ཆར་གྱིས་ཀྱང་རྒྱན་གྱི་བརྗོད་བྱ་བསྡུས་པའི་ཕྱིར་རོ། །དེར་ཐལ། འཕགས་བཞིའི་མངོན་རྟོགས་མཐའ་དག་བརྗོད་བྱར་བསྡུས་པས་སོ། ཁྱབ་སྟེ། ཉན་རང་བྱང་སེམས་སངས་རྒྱས་རྣམས་ཀྱི་མངོན་རྟོགས་ནི། གོ་རིམ་བཞིན་དུ་གཞི་གཉེན་རྣམ་པ་གསུམ་བདག་མེད་པར་རྟོགས་པ་ཡིན་པས། དེ་དག་སྟོན་པ་ན་དམིགས་ཡུལ་གཞི་གཉེན་རྣམ་པ་དེ་དག་ཀྱང་བསྟན་དགོས་པས་སོ། །རྟགས་གྲུབ་སྟེ་མཁྱེན་གསུམ་བསྡུས་པས་སོ། །དེའི་རྒྱུ་མཚན་ཡང་ཤེར་ཕྱིན་ལ་མཁྱེན་གསུམ་གྱི་སྒོ་ནས་བསྟོད་ན་ཤུགས་ཀྱིས་དེ་བརྗོད་བྱར་བྱས་པའི་རྒྱན་རྩོམ་པར་དམ་བཅས་པས་སོ། ཁྱབ་སྟེ། གང་གི་ཕྱིར་ཉན་རང་གི་མངོན་རྟོགས་མཐའ་དག་ནི་གོ་རིམ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ནང་ནས་གཞི་ཤེས་ཀྱིས་བསྡུས་ལ། བྱང་སེམས་དང་བླ་ན་མེད་པའི་སངས་རྒྱས་རྣམས་ཀྱི་མངོན་རྟོགས་མཐའ་དག་ནི་གོ་རིམ་བཞིན་ལམ་ཤེས་དང་རྣམ་མཁྱེན་གྱིས་བསྡུས་པས་སོ། །གཉིས་པ་ལ། བར་མ་དང་། བསྡུས་པ་དང་། རྒྱས་པའི་ལུང་བགོད་པ་གསུམ་གྱི་དང་པོ་ལ་མདོར་རྒྱས་གཉིས། དང་པོ་ནི། མཁྱེན་གསུམ་གྱིས་འཕགས་བཞིའི་མངོན་རྟོགས་མཐའ་དག་བསྡུས་པའི་རྒྱུ་མཚན་འདི་ལྟར་བདུད་བཞི་ལས་རྒྱལ་བ་སངས་རྒྱས་ཀྱི་ཡུམ་ཚིག་བར་མ་ཉེར་ཁྲི་ལྔ་སྟོང་པ་ལས་རང་གི་ཉན་ཐོས་ཉོན་མོངས་མེད་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་ལ་རབ་འབྱོར་ཞེས་བོས་ནས། ཐམས་ཅད་ཤེས་པ་ཉིད་ནི་རྟེན་གྱི་གང་ཟག་ཉན་རང་རྣམས་ཀྱི་མངོན་རྟོགས་ཀྱི་རིམ་པ་ཡིན་ནོ། །དེ་བཞིན་དུ་གཞན་གཉིས་ལ་ཡང་སྦྱར་རོ། །

གཉིས་པ་ལ་གསུམ་གྱི་དང་པོ་གཞི་ཤེས་ཀྱིས་ཉན་རང་གི་མངོན་རྟོགས་བསྡུ་ཚུལ་ལ་གཉིས་ཀྱི། དང་པོ་ཞུ་བ་ནི། བཅོན་ལྡན་འདས་ཞེས་རང་གི་སྟོན་པ་ལ་བོས་ནས། རྒྱུ་མཚན་ཅིའི་སླད་དུ་ཞེས་སོ། །གཉིས་པ་ལན་ནི། རྣ་བ་གཏོད་དུ་བཞུགས་པའི་ཕྱིར་རབ་འབྱོར་ཞེས་བོས་ནས། ཐམས་ཅད་ནི་གཟུགས་སོགས་ཕྱིའི་སྐྱེ་མཆེད་རྣམས་དང་། མིག་སོགས་ནང་གི་སྐྱེ་མཆེད་འདི་ཙམ་དུ་ཟད་པ་ཡིན་པས། དེ་དག་ཀྱང་བྱིས་པ་རྣམས་ཀྱིས་བདག་ཏུ་སྒྲོ་འདོགས་པས་ཤེས་པ་མ་ཡིན་ལ། ཉན་རང་རྣམས་ཀྱིས་གང་ཟག་གི་བདག་མེད་པ་ཙམ་དུ་ཤེས་ཀྱིས། ཐེག་པ་གསུམ་གྱི་ལམ་ཐམས་ཅད་ཀྱི་ངེས་པར་འབྱུང་བ་ཡང་མ་ཡིན་པས་ལམ་ཤེས་པ་མེད་ལ། རྒྱུ་འབྲས་ངོ་བོའི་རྣམ་པ་ཙམ་དུ་ཡང་ཤེས་པ་མ་ཡིན་པས་རྣམ་མཁྱེན་ཡང་མེད་དོ། །དེའི་ཕྱིར་ཉན་རང་རྣམས་ཀྱི་མངོན་རྟོགས་ནི་ཐམས་ཅད་ཤེས་པ་ཉིད་ཅེས་བྱ་སྟེ། དེ་དག་ལ་དེ་ཡོད་པའི་ཕྱིར་དང་དེ་ཙམ་གྱིས་དེ་དག་གི་བཞེད་དོན་འགྲུབ་པའི་ཕྱིར་དང་། མཁྱེན་པ་གཞན་གཉིས་མེད་པའི་ཕྱིར་རོ། །གཉིས་པ་ལམ་ཤེས་ཀྱིས་བྱང་སེམས་ཀྱི་མངོན་རྟོགས་བསྡུ་ཚུལ་ལ་གཉིས་ཀྱི་དང་པོ་ཞུ་བ་ནི། བཅོམ་ལྡན་འདས་ཞེས་བོས་ནས། ཞེས་སོ། །ལན་ལ་རྒྱས་པར་བཤད་པ་དང་། དོན་བསྡུ་བ་གཉིས་ཀྱི་དང་པོ་ལ་ཤེས་རབ་ཀྱིས་ལམ་གསུམ་གྱི་ངེས་པར་འབྱུང་ཚུལ། ཐབས་ཀྱི་ཡང་དག་མཐའ་མངོན་སུམ་དུ་མི་བྱ་བའི་ཚུལ་གཉིས་ཀྱི་དང་པོ། རབ་འབྱོར་ཞེས་བོས་ནས་འཁོར་བ་ཇི་སྲིད་བར་སེམས་ཅན་གྱི་དོན་བྱེད་པར་གོ་བགོས་པའི་བྱང་སེམས་རྣམས་ཀྱིས་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་གང་ཟག་གི་བདག་མེད་པ་དང་། རང་རྒྱལ་གྱི་ལམ་གང་ཡིན་པ་དེའི་སྟེང་དུ་གཟུང་བའི་ཆོས་ཀྱི་བདག་མེད་པར་རྟོགས་པ། སངས་རྒྱས་ཀྱི་ལམ་གང་ཡིན་པ་ཆོས་ཀྱི་བདག་མེད་རྫོགས་པར་རྟོགས་པའི་ལམ་གང་ཡིན་པའི་ལམ་ཐམས་ཅད་སྒོམ་བྱུང་གིས་རྒྱུད་ལ་སྐྱེད་པར་བྱ་ཞིང་། ལམ་ཐམས་ཅད་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཐོས་བསམ་གྱིས་ངེས་པར་བྱའོ། །ཡང་ན་སྦྱོར་ལམ་དུ་སྐྱེད་པར་བྱ་ཞིང་མཐོང་ལམ་དུ་རང་བཞིན་མི་དམིགས་པར་ཤེས་པར་བྱའོ། །ཐེག་པ་གསུམ་གྱི་ལམ་དེ་དག་ཀྱང་། སྤངས་རྟོགས་ཀྱི་སྒོ་ནས་ཡོངས་སུ་རྫོགས་པར་བྱ་སྟེ། དེ་ལ་ཉན་རང་གི་རྟོགས་པ་ས་དང་པོར་རྫོགས་ཏེ་དེར་གང་ཟག་གི་བདག་མེད་ཀྱི་རྟོགས་པ་མཐར་ཐུག་པའི་ཕྱིར་རོ། །སྤངས་པ་ས་བརྒྱད་པར་རྫོགས་ཏེ་དེར་ཉོན་སྒྲིབ་མ་ལུས་པ་སྤངས་པས་སོ། །ཐེག་ཆེན་གྱི་ཇི་ལྟ་བའི་རྟོགས་པའི་ངོ་བོ་ས་དང་པོ་ནས་ཐོབ་ལ། ཇི་སྙེད་པའི་རྟོགས་པའི་རིགས་ས་བརྒྱད་པ་ནས་རྫོགས་ཏེ། དེར་སྟོབས་སོགས་ཀྱི་ཡོན་ཏན་རྣམ་པ་ཐམས་ཅད་པ་ཐོབ་པའི་ཕྱིར་རོ། །རྒྱུན་མཐའི་མཇུག་དུ་སྤངས་པ་དང་རྟོགས་པ་མཐར་ཕྱིན་པ་ཐོབ་བོ། །རྒྱན་དུ་རྣམ་པར་མི་རྟོག་ཡེ་ཤེས་དེས། །སངས་རྒྱས་ཆོས་རྣམས་སྦྱོང་བར་བྱེད། །གཞན་ནི་ཇི་བཞིན་རྣམ་འཇོམས་པ། །སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། །ཅེས་པ་ལྟར། དེ་དག་གི་ལམ་གྱི་བྱ་བ་སྤང་བྱ་སྤོང་བ་དང་། སེམས་ཅན་སྨིན་པ་སོགས་ཀྱང་བྱའོ། །གཉིས་པ་ནི། ཐེག་པ་གསུམ་གྱི་ལམ་གྱི་བྱ་བ་ཐམས་ཅད་བྱའམ་ཞེ་ན། དེ་ལ་དམིགས་བསལ་སྟོན་པ། ལམ་དེ་དག་གིས་ཡང་དག་པའི་མཐའ་སྤྲོས་བྲལ་དེ་བཞིན་ཉིད་ལ་མཐའ་གཅིག་ཏུ་མཉམ་པར་བཞག་པའི་ཚུལ་གྱིས་མངོན་སུམ་དུ་ནི་མི་བྱའོ། །གནས་སྐབས་ཐམས་ཅད་དུ་མི་བྱའམ་ཞེ་ན། ཡིད་བཞིན་གྱི་ནོར་བུ་དང་། དཔག་བསམ་གྱི་ཤིང་ལྟར་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག་ཅེས་པའི་སྨོན་ལམ་ཡོངས་སུ་རྫོགས་པར་བྱས་པ་དང་། བྱང་སེམས་ཀྱི་གནས་སྐབས་ཀྱི་གདུལ་བྱར་གྱུར་པའི་སེམས་ཅན་རྣམས་སྐལ་བ་དང་འཚམ་པར་ཐེག་པ་གསུམ་གྱི་ལམ་གྱིས་སྨིན་པར་མ་བྱས་པ་དང་། རང་གི་སངས་རྒྱས་ཀྱི་ཞིང་སྣོད་དང་བཅུད་ཇི་ལྟར་འདོད་པར་ཡོངས་སུ་སྦྱང་བར་མ་བྱས་པ་སྟེ། གནས་སྐབས་དེ་དག་དུ་ཡང་དག་པའི་མཐའ་མངོན་དུ་བྱས་ན་གཞན་དོན་རྒྱུན་ཆད་པ་ཞི་བའི་མཐར་ལྷུང་བར་འགྱུར་བས་སོ། །རྫོགས་མིན་སྦྱངས་པ་བྱས་ན་ནི་མི་འགྱུར་ཏེ། བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པས་གཟུགས་སྐུ་ལས་གདུལ་བྱའི་སྐལ་བ་དང་མཐུན་པའི་ཕྲིན་ལས་འབྱུང་བའི་ཕྱིར་རོ། །སྔ་རབས་པ་དག་གིས། རྫོགས་སྨིན་སྦྱངས་པ་མ་བྱས་པ་གསུམ། ཡང་དག་མཐའ་མངོན་དུ་མི་བྱ་བའི་དམིགས་བསལ་དུ་བྱེད་པ་ནི་མི་རིགས་ཏེ། སྤྱིར་བཏང་དམིགས་བསལ་གྱི་སྒྲ་ནི་དོན་འགལ་བ་ཞིག་དགོས་ན་འདིར་དེ་དག་ལ་འགལ་བ་མེད་པའི་ཕྱིར་རོ། །ཡང་ཁ་ཅིག་རྫོགས་སྨིན་སྦྱངས་པ་གསུམ་དམིགས་བསལ་ཡིན་ནོ་ཞེས་ཟེར་བ་ཡང་། སྤྱིར་བཏང་དང་དམིགས་བསལ་གྱི་ཚུལ་ལ་བློ་ཁ་མ་ཕྱོགས་ཏེ། རྫོགས་སྨིན་སྦྱངས་པ་གསུམ་ནི། འདིར་ཤུགས་ལ་བསྟན་པ་ཙམ་ཡིན་གྱི། སྒྲས་དངོས་སུ་མ་ཟིན་པའི་ཕྱིར་དང་། སྤྱིར་བཏང་དམིགས་བསལ་ནི་སྒྲའི་དངོས་ཟིན་ལ་རྩི་སྟེ། དཔེར་ན་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཤ་སྟག་ཅེས་སྨོས་ནས། གང་ཟག་གཅིག་མ་གཏོགས་ཏེ། འདི་ལྟ་སྟེ། ཀུན་དགའ་བོའོ་ཞེས་པ་ལྟ་བུའོ། །དེས་ན་འདིར། རྫོགས་སྨིན་མ་སྦྱངས་པར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པར་དངོས་སུ་བསྟན་ནས། དེ་གསུམ་བྱས་ནས་མངོན་དུ་བྱར་རུང་བར་ཤུགས་ལ་བསྟན་པ་ཙམ་མ་གཏོགས་སྤྱིར་བཏང་དམིགས་བསལ་གྱི་དོན་མེད་དེ། དེ་དག་གིས་ལམ་གྱི་བྱ་བ་བྱ་ལ་ཞེས་སྤྱིར་བཏང་དུ་སྦྱར་ན། དེ་དག་གིས་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱ་ཞེས་པ་དམིགས་བསལ་དུ་བཤད་ན་འགྲིག་དུ་རུང་ངོ་། །འདིར་ཡང་དག་མཐར་ཁ་ཅིག་རིན་པོ་ཆེ་བུ་སྟོན་ཆོས་ཉིད་དྲི་བྲལ་ལ་འཆད་པ་ཡང་མི་རིགས་ཏེ། རྫོགས་སྨིན་མ་སྦྱངས་པར་དྲི་མ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་མངོན་དུ་བྱེད་མི་ནུས་པའི་ཕྱིར་རོ། །དེ་ལྟར། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་ཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་ལྟ་བར་མི་ནུས་བཞིན། །ཞེས་པའོ། །གཞན་ངོ་བོ་ཉིད་སྐུ་ལ་འཆད་པ་ཡང་མ་འབྲེལ་སྟེ། རྒྱུ་མཚན་སྔ་མ་ལྟར་རོ། །ཆད་པའི་མྱང་འདས་ལ་འཆད་པ་ལ་ནི། རྫོགས་སྨིན་སྦྱངས་ནས་དེ་མངོན་དུ་བྱེད་པ་ཧ་ཅང་ཐལ་བར་འགྱུར་རོ། །དེས་ན་ཡང་དག་པའི་མཐའ་ནི། དེ་བཞིན་ཉིད་ཀྱི་རྣམ་གྲངས་ཡིན་པས་ཁྱད་པར་མ་ཕྱེ་བའི་སྤྱི་ཙམ་བཟུང་ལ། དེ་མངོན་དུ་བྱེད་པ་ནི་རྟག་ཏུ་དེ་ལ་མཉམ་པར་བཞག་པར་བྱའོ། །ཆོས་ཉིད་མངོན་སུམ་དུ་རྟོགས་པ་ཙམ་ལ་མི་བྱ་སྟེ། དེ་ལྟར་ན་འདས་ལམ་ལ་མཉམ་པར་བཞག་དུ་མི་རུང་བའི་སྐྱོན་ཡོད་པའི་ཕྱིར་རོ། །འདིར་རྣམ་པར་དཔྱད་པ་འདི་ཡོད་དེ། གདམས་པ་འདི་ས་བརྒྱད་པ་ཡན་ཆད་ཀྱིས་དབང་བྱས་སམ། འོན་ཏེ། དེ་མ་ཆད་ཀྱིས་དབང་དུ་བྱས་པ་ཡིན། དང་པོ་ལྟར་ན། མི་རིགས་ཏེ། ས་བརྒྱད་པ་ཡན་ཆད་རྣམ་པར་ཀུན་ཏུ་རྫོགས་བྱང་ལས་ཕྱིར་ལྡོག་པས་དུས་མ་ཡིན་པས་ཡང་དག་མཐའ་མངོན་དུ་བྱེད་པ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ལྟར་ན། ཡང་ས་བདུན་པ་མན་ཆད་དུ་ཉོན་སྒྲིབ་མ་སྤངས་ལ། དེ་མ་སྤངས་པར་ཡང་། ཡང་དག་མཐའ་མངོན་དུ་བྱེད་མི་ནུས་པའི་ཕྱིར། མི་རིགས་སོ་ཞེ་ན། འདི་ནི་ས་མཚམས་མ་ཕྱེ་བར་བྱང་སེམས་སྤྱིའི་དབང་དུ་བྱས་ནས་བཤད་པ་ཡིན་ལ་ས་བདུན་པ་མན་ཆད་དུ་ཡང་ཉོན་སྒྲིབ་མ་སྤངས་ཀྱང་རྫོགས་སྨིན་མ་སྦྱངས་པར་ཡང་དག་མཐའ་མངོན་དུ་བྱེད་ནུས་པས་དེ་དག་ལ་ལྟོས་ཏེ། ཕྱིར་མི་ལྡོག་གི་ཡོན་ཏན་མ་ཐོབ་པར་ཐོབ་པར་བྱེད་པ་རྗེས་སུ་བསྟན་པ་ཡིན་ལ། ས་བརྒྱད་པ་ཡན་ཆད་དུ་ནི་ཐོབ་ཟིན་གྱི་ཡོན་ཏན་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བ་བྱེད་པ་གདམས་པ་ཡིན་པས་སྐྱོན་མེད་དོ། །གཉིས་པ་ནི། གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་སོ། །གསུམ་པ་རྣམ་མཁྱེན་གྱིས་སངས་རྒྱས་ཀྱི་མངོན་རྟོགས་བསྡུས་ཚུལ་ལ་གཉིས་ཀྱི་དང་པོ་ཞུས་པ་ནི། བཅོམ་ལྡན་འདས་ཞེས་སོ། །གཉིས་པ་ལན་ནི། རྣམ་པ་ངོ་བོ་གང་དག་དང་རྟགས་འབྲས་བུ་གང་དག་དང་། མཚན་པ་རྒྱུ་གང་དག་གིས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་རབ་ཏུ་བརྗོད་ཅིང་ཐ་སྙད་འདོགས་པར་འགྱུར་བའི་རྣམ་པར་རྟོག་པ་ཡང་དག་པར་ཐུགས་སུ་ཆུད་དེ་དེའི་ཕྱིར་ཞེས་སོ། །གཉིས་པ་བསྡུས་པའི་ལུང་འགོད་པ་ནི། བར་མ་ལས་མཁྱེན་གསུམ་གྱིས་འཕགས་བཞིའི་མངོན་རྟོགས་བསྡུས་ཚུལ་གསུངས་པ་དེ་བཞིན། མདོར་བསྡུས་པ་བརྒྱད་སྟོང་པ་ལས་ཀྱང་ཉན་ཐོས་ཀྱི་ས་ལ་བསླབ་པར་འདོད་པས་ཀྱང་ཡུམ་ལ་བསླབ་ཅེས་དང་། རང་སངས་རྒྱས་དང་། བྱང་སེམས་དང་སངས་རྒྱས་ཀྱི་ས་ལ་བསླབཔར་འདོད་པས་ཀྱང་ཡུམ་ལ་བསླབ་ཅེས་སོགས་གསུངས་སོ། །གསུམ་པ་རྒྱས་པའི་ལུང་འགོད་པ་ནི། རྒྱས་པ་སྟོང་ཕྲག་བརྒྱད་པ་ལས་ཀྱང་། རྒྱུན་དུ་ཞུགས་པའི་ས་ལ་བསློབ་པར་འདོད་པས་ཀྱང་ཞེས་སོགས་རྒྱ་ཆེར་གསུངས་སོ། །གསུམ་པ་ནི། འཕགས་བཞིའི་མངོན་རྟོགས་མཐའ་དག་བསྡུས་བྱེད་ཀྱི་མཁྱེན་པ་གསུམ་མདོ་ལས་བསྟན་པ་དེ་ལམ་ཐམས་ཅད་ཤེས་པ་ཉིད་ནི་གཉིས་ཏེ། གཞི་ཆོས་ཀྱི་བདག་མེད་པར་རྟོགས་པ་དང་། གང་ཟག་གི་བདག་མེད་པར་རྟོགས་པའོ། །དང་པོ་ནི། ལམ་ཤེས་དང་རྣམ་མཁྱེན་དང་ངོ་བོ་དབྱེར་མེད་དེ། གཉིས་པའི་དབང་དུ་བྱས་ནས་དམིགས་པ་གཟུགས་ལ་སོགས་པ་གཞིའི་ཆོས་རྣམས་ལ་དམིགས་ནས། རྣམ་པ་མི་རྟག་པ་ལ་སོགས་པ་གང་ཟག་བདག་མེད་པའི་རྟེན་ཅན། བྲལ་བའི་འབྲས་བུ་ཉོན་སྒྲིབ་གྱི་རྩ་བ་ཕུང་པོ་ལ་བདག་ཏུ་རྨོངས་པ་སྤངས་པ་ཅན་ཡིན་ནོ། །ལས་ཤེས་པ་ཉིད་ཀྱང་གཉིས་ཏེ། ལམ་གསུམ་སྐྱེ་བ་མེད་པར་རྟོགས་པའི་རྣམ་པ་ཅན་དང་། ཐེག་པ་གསུམ་གྱི་ངེས་པར་འབྱུང་ཞིང་། ཡང་དག་མཐའ་མངོན་དུ་མི་བྱེད་པས་བྱེད་ལས་ཅན་ནོ། །དང་པོ་ནི། རྣམ་མཁྱེན་དང་ཡང་ངོ་བོ་གཅིག་ཏུ་གནས་ལ། གཉིས་པའི་དབང་དུ་བྱས་ནས། དམིགས་པ་ཐེག་པ་གསུམ་གྱི་ལམ་ཐམས་ཅད་ཀྱི་རང་རང་གི་སྤང་བྱ་ལས་ངེས་པར་འབྱུང་བ་ལ་དམིགས་པ་དང་། རྣམ་པ་རྫོགས་སྨིན་མ་སྦྱངས་པར་དེ་ཁོ་ན་ཉིད་མངོན་དུ་མི་བྱེད་པའི་རྣམ་པ་ཅན་ནོ། །སྐྱེས་བུ་བྱེད་པའི་འབྲས་བུ་གདུལ་བྱའི་སེམས་ཅན་འཁོར་དུ་མ་འདུས་པ་བསྡུས་པ་དང་། སོགས་པས་བསྡུས་པ་སྨིན་ཅིང་གྲོལ་བར་བྱེད་པའི་ལས་ཅན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཉིས་ཏེ། རྗེས་མཐུན་པ་དང་། མཚན་ཉིད་པའོ། །དང་པོ་ནི། ས་བརྒྱད་པ་ཡན་ཆད་དུ་སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་རྗེས་མཐུན་པ་ཐོབ་པ་རྣམས་ཏེ། དེ་ནི་ལམ་ཤེས་པ་དང་ངོ་བོ་གཅིག་ཏུ་གནས་སོ། །གཉིས་པའི་དབང་དུ་བྱས་ནས་དམིགས་པ་རྒྱུ་འབྲས་ངོ་བོ་ཆོས་ཐམས་ཅད་ལ་དམིགས་ནས། རྣམ་པ་གདོད་མ་ནས་སྐྱེ་བ་མེད་པའི་རྟེན་ཅན། འབྲས་བུ་གཞན་དོན་དང་། རང་དོན་གཉིས་ཀྱི་དང་པོ་ནི། ནམ་མཁའི་ཁམས་ཀྱི་མཐའ་གཏུགས་པར་སེམས་ཅན་གྱི་དོན་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་ཆད་པ་དང་། གཉིས་པ་ལ་རྟོགས་པ་དང་སྤངས་པ་གཉིས་ཀྱི་དང་པོ་ནི། ཡང་དག་པའི་མཐའ་ཆོས་ཉིད་དྲི་བྲལ་རྟག་ཏུ་མཉམ་པར་བཞག་པའི་ཚུལ་གྱིས་རྟོགས་པ་དང་། གཉིས་པ་ནི། མ་རིག་བག་ཆགས་ཀྱི་ས་དང་། ཟག་མེད་ཀྱི་ལས་ཀྱིས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པའི་མཚམས་སྦྱོར་བ་སྤངས་པ་ཅན་ཡིན་ནོ། །

བཞི་པ་ནི། གང་གི་ཕྱིར་མཁྱེན་གསུམ་གྱིས་འཕགས་པའི་མངོན་རྟོགས་མཐའ་དག་བསྡུས་པ་དེ་ལྟ་བས་ན་མངོན་པར་རྟོགས་པའི་རྒྱན་ནི་འཕགས་བཞིའི་མངོན་རྟོགས་རིལ་རྫོགས་པར་བསྟན་པ་ཡིན་ནོ་ཞེས་བྱ་བ་འདི་འཐད་པ་ཡིན་ཏེ། གཞི་གཉེན་རྣམ་པ་མཐའ་དག་བརྗོད་བྱར་བསྡུས་པས་སོ། །ཅེས་འགྱུར་འདི་ལྟར་ན། དེ་བཞིན་དུ་འཆད་དགོས་ཀྱང་། ཧ་ཅང་འགྲིག་པར་མ་མཐོང་ངོ་། །དེས་ན་འགྱུར་འདི་མ་དག་པ་འདྲ་བས། གཞི་དང་གཉེན་པོ་དང་རྣམ་པ་མཐའ་དག་བསྡུས་པ་མངོན་པར་རྟོགས་པ་རིལ་རྫོགས་པར་བསྟན་པ་ཡིན་ནོ་ཞེས་བྱ་བ་འདི་འཐད་པ་ཡིན་ནོ་ཞེས་བསྒྱུར་ནས་བཤད་ན་འགྲིག་པར་སྣང་ངོ་། །

དགོས་འགྲེལ་བཤད་པ།

གཉིས་པ་འཇུག་པའི་ཡན་ལག་དགོས་འབྲེལ་ལ་གསུམ་གྱི་དང་པོ་མཚམས་སྦྱར་བ་ནི། གསུངས་ཞེས་དྲང་། གང་ན། བྱམས་པ་རང་གི་བསྟན་བཅོས་ཀྱི་བརྗོད་བྱ་ལ་སོགས་པ་བཞིའོ། །འབྲེལ་བ་ནི། དགོས་པ་བསྟན་པའི་ཤུགས་ལ་རྟོགས་པས་དངོས་སུ་མ་བསྟན་པའི་ཕྱིར་ཁོ་ན་ཡོད་པ་ཞེས་སྨོས་སོ། །དགོས་པ་ཅིའི་ཕྱིར་ཞེ་ན། གཞན་བསྟན་བཅོས་ལ་འཇུག་པའི་ཡན་ལག་སྟེ། རྒྱུའི་དོན་དུའོ། །ཇི་ལྟར་ན་བརྗོད་བྱ་སོགས་བསྟན་པས་འཇུག་པར་འགྱུར་ཞེ་ན། འཇུག་པའི་གེགས་དགོས་མེད་ཀྱི་དགོས་པ་བསལ་བའི་ཕྱིར་དང་། འཇུག་པའི་མཐུན་རྐྱེན་དགོས་འབྲེལ་ངག་གི་དོན་དགོས་སོགས་ཆོས་བཞི་ལ་དོན་འགྱུར་གྱི་ཐེ་ཚོམ་སྐྱེད་པ་ཉིད་ཀྱིས་སོ། །དགོས་པ་ཇི་ལྟར་འབྱུང་སྙམ་ན། བཅོམ་ལྡན་འཕགས་པ་གཞན་མ་རྒྱལ་བའི་བདུད་བཞི་ལས་རྒྱལ་བ་ཅན་སླར་ཡང་མངོན་པར་རྟོགས་པ་བརྒྱད་ཀྱི་རིམ་པ་དེ་བསྟན་པ་ལ་དོན་ཅི་ཞིག་ཡོད་སྙམ་དུ་དགོངས་པར་འགྱུར་རོ། །སུ་ཞིག་ན། མདོ་དང་བསྟན་བཅོས་ཀྱི་དགོས་པའི་ཁྱད་པར་མི་ཤེས་པའི་སྐྱེ་བོ་བློ་གྲོས་དམན་པ་དག་གོ །རྒྱུ་མཚན་ཅིའི་ཕྱིར་ན། བཅོམ་ལྡན་འདས་རྒྱས་པ་དང་ཞེས་སོགས་སོ། །དོན་ནི། མ་ཕམ་པས་གདུལ་བྱ་དབང་པོ་རབ་འབྲིང་རྟུལ་པོ་གང་གི་དབང་དུ་བྱས་ཀྱང་བསྟན་བཅོས་རྩོམ་པ་དོན་མེད་དེ། དེ་དག་ལ་བཅོམ་ལྡན་འདས་ཉིད་ཀྱིས་རྒྱས་འབྲིང་བསྡུས་གསུམ་གྱི་སྒོ་ནས་མངོན་རྟོོགས་ཀྱི་རིམ་པ་གསལ་བར་བྱས་པའི་ཕྱིར་ཞེས་པའོ། །ཅིའི་ཕྱིར་དགོས་སོགས་བཞིར་ངེས་ཞེ་ན། འཇུག་པའི་གེགས་ལོག་རྟོག་བཞིའི་གཉེན་པོར་ཏེ། འདི་ལ་བརྗོད་བྱ་དང་འབྲེལ་བ་མེད་ན། སྨྱོན་པའི་ཚིག་ལྟར་སུ་ཡང་འཇུག་པར་མི་འགྱུར་བས། དེའི་ཕྱིར་འདིའི་བརྗོད་བྱ་དང་འབྲེལ་བ་བསྟན་ཏོ། །བརྗོད་བྱ་དང་འབྲེལ་བ་ཡོད་ཀྱང་། ཐུན་མོང་མ་ཡིན་པའི་དགོས་པའི་ཁྱད་པར་མེད་ན་ཡང་འདི་ལ་འཇུག་པར་མི་འགྱུར་བས་དེའི་ཕྱིར་བསྟན་བཅོས་ཁོ་ན་ལ་ཡོད་པའི་དགོས་པའི་ཁྱད་པར་བསྟན་པར་བྱ་བ་ཡིན་ནོ། །དགོས་པ་ཡོད་ཀྱང་ཉིང་དགོས་འདོད་བྱ་མ་ཡིན་ན་ཡང་འཇུག་པར་མི་འགྱུར་ཏེ། དགོས་པ་ལ་སོགས་པ་ཚོལ་བ་ནི། མངོན་པར་འདོད་པའི་ཉིང་དགོས་དོན་དུ་གཉེར་བ་ལས་ཡིན་པའི་ཕྱིར་རོ། །དེས་ན་འདིའི་ཉིང་དགོས་བསྟན་པར་བྱ་བ་ཡིན་ནོ། །ཉིང་དགོས་ལ་ཡང་དགོས་པ་གཞན་བསྟན་དགོས་པ་མ་ཡིན་ཏེ། གཙོ་བོར་གྱུར་པའི་དགོས་པ་གྲུབ་པ་ན་འདོད་པ་ཡོངས་སུ་རྫོགས་པས། དེ་ལས་གོང་དུ་དགོས་པ་གཞན་མི་ཚོལ་བའི་ཕྱིར་རོ། །ཚིག་གིས་ལོག་རྟོག་མི་ལྡོག་སྟེ། ཚིག་དོན་ལ་འབྲེལ་བ་མེད་པས་སོ་ཞེ་ན། དེ་ལྟ་ན་ཡང་ལོག་རྟོག་དང་འཛིན་སྟངས་འགལ་བ་དགོས་སོགས་བཞི་ཡོད་ལ། ཤས་ཆེར་ཕྱོགས་པའི་ཐེ་ཚོམ་བསྐྱེད་པས་དེའི་ཕྱིར་མཐའ་གཞན་དུ་དགོས་པ་ལྡོག་གོ །ཐེ་ཚོམ་སྐྱེ་བ་ངག་ལ་མི་ལྟོས་ཏེ། རང་གི་རང་གིས་སྐྱེ་བས་སོ་སྙམ་ན་མ་ཡིན་ཏེ། ཐེ་ཚོམ་ཙམ་ངག་ལ་མི་ལྟོས་ཀྱང་། བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་སོགས་བཞི་ལ་ཡོད་ལ། ཤས་ཆེར་འཛིན་པའི་ཐེ་ཚོམ་སྐྱེ་བ་དགོས་འབྲེལ་གྱི་ངག་ལ་ལྟོས་པས་སོ། །གཉིས་པ་རྩ་བ་ལ་བསྡུས་དོན་དང་། ཚིག་གི་དོན་གཉིས་ཀྱི་དང་པོ་ནི། ཚིག་ལེའུར་བྱས་པ་རྣམ་པ་གཉིས་ཀྱིས་དགོས་པ་གཙོ་བོར་སྟོན་ལ། བརྗོད་བྱ་དང་ཉིང་དགོས་ནི། དགོས་པའི་ཁྱད་པར་བསྟན་པའི་ཕྱིར་སྨོས་པས་ཞར་བྱུང་ངམ། ཕལ་པའི་ཚུལ་དུ་བསྟན་ནོ། །དེས་ན་གཞན་དག་གིས་རྩ་འགྲེལ་དག་ལ་བརྗོད་བྱ་ཉིང་དགོས་དགོས་པ་གསུམ་གྱི་ས་བཅད་སོ་སོར་བཅད་ནས་བཤད་པས་ནི་ཚིག་དོན་ཡོངས་སུ་རྫོགས་པར་མི་འགྱུར་བས་འདིར་འབྲེལ་ཆགས་སུ་བཤད་དོ། །དེ་ལ་ཚིག་གང་གིས་གང་བསྟན་པ་ནི། རྐང་པ་དང་པོ་གཉིས་ཀྱིས་བརྗོད་བྱའི་ངོ་བོ། དེ་ནས་གཅིག་གིས་བརྗོད་བྱའི་ཁྱད་པར། དེ་ནས་གསུམ་གྱིས་ཉིང་དགོས་དང་། ཐ་མ་གཉིས་ཀྱིས་དགོས་པ་བསྟན་ཏོ། །གཉིས་པ་ནི། བསྟན་བཅོས་རྩོམ་པའི་དགོས་པ་ཡིན་ནོ་ཞེས་སྦྲེལ་ལོ། །གང་ན། བདེ་བླག་ཏུ་སྟེ་ཚེགས་ཆུང་ངུས་རྟོགས་པར་ཞེས་བྱ་བའོ། །གང་ཞིག་བདེ་བླག་ཏུ་རྟོགས་ཤེ་ན། སྟོན་པས་ཡུམ་རྒྱས་འབྲིང་བསྡུས་པ་འདི་ལས་བཤད་པ་གང་ཡིན་པ་གང་ཟག་དང་ཆོས་སུ་ལོག་པར་མངོན་པར་ཞེན་པའི་ཕྱི་རོལ་པ་དང་། ཉན་ཐོས་ལ་སོགས་པ་གཞན་གྱིས་ཐོས་བསམ་སྒོམ་གསུམ་གྱི་ཤེས་པས་མ་མྱོང་བ་དེའོ། །དེ་ཡང་གང་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སེམས་བསྐྱེད་ལ་སོགས་པ་རྣམ་མཁྱེན་གྱི་ཆོས་བཅུ་ཡིན་ལ། དེ་ནི་སངས་རྒྱས་ཐོབ་བྱེད་ཀྱི་ལམ་ཡིན་ལ། དེས་མངོན་རྟོགས་ལྷག་མ་རྣམས་ཀྱང་མཚོན་པས་ཏེ། མདོར་ན་མངོན་རྟོགས་བརྒྱད་པོ་མཐའ་དག་གོ །བདེ་བླག་ཏུ་རྟོགས་པ་བསྟན་བཅོས་ཀྱིས་བསྒྲུབ་པར་བྱ་བའི་དགོས་པ་ཡིན་ནོ། །དེ་ཉིད་གང་གི་ཕྱིར་དུ་ཡིན་ཞེ་ན། མཐོང་བ་སྟེ་མངོན་དུ་གྱུར་པར་བྱ་བའི་ཕྱིར་དུའོ། །དོན་གང་གིས་ཤེ་ན། རྣམ་པར་ཐམས་ཅད་མཁྱེན་པ་ཉིད་ལམ་ཅེས་པ་སོགས་རྐང་པ་གསུམ་གྱི་དོན་དེའོ། །སུ་ཞིག་གིས་ན། བློ་དང་ལྡན་པ་བྱང་ཆུབ་སེམས་དཔའོ། །ཐབས་གང་གིས་ན། རྒྱས་འབྲིང་བསྡུས་གསུམ་གྱི་མདོའི་དོན་མ་ལུས་པ་ཉམས་སུ་མྱོང་བ་གསལ་པོས་བཞག་པའི་བག་ཆགས་ལས་བྱུང་བའི་དྲན་པ་ལ་བཞག་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒོམ་བྱུང་གིས་རིམ་གྱིས་མངོན་དུ་བྱས་ཏེའོ། །མདོའི་དོན་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དང་། སྦྱིན་པ་ལ་སོགས་པ་ཆོས་སྤྱོད་བཅུའི་བདག་ཉིད་དོ། །ཤནྟི་པས་ཡི་གེ་འབྲི་མཆོད་སོགས་ལ་བཤད་པ་དང་། གཞན་གྱིས་དགེ་བ་བཅུ་ལ་བཤད་པ་སོགས་ནི་སློབ་དཔོན་དང་མི་མཐུན་པའི་ཕྱིར་འདིར་དོར་བར་བྱ་བ་ཡིན་ནོ། །གསུམ་པ་འགྲེལ་པ་ནི། བདེ་བླག་ཏུ་རྟོགས་པ་ནི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩོམ་པའི་དགོས་པ་ཡིན་ནོ་ཞེས་སྦྲེལ། གང་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་སྨོན་པ་བྱང་ཆུབ་ཀྱི་སེམས་འཇུག་པའི་སྤྱོད་པ་དང་། སྦྱིན་སོགས་ཕར་ཕྱིན་བཅུ་སྒྲུབ་པའི་སྤྱོད་པ་དང་། སོགས་པས་ཆོས་སྐུ་ཕྲིན་ལས་དང་བཅས་པ་གྲུབ་པའི་སྤྱོད་པའི་མཚན་ཉིད་རྣམས་སོ། །སུ་ཞིག་གི་ཞེ་ན། ཕྱིས་འཇུག་གི་གདུལ་བྱ་དབང་པོ་རྟུལ་པོ་རྣམས་ཀྱིས་སོ། །བདེ་བླག་ཏུ་རྟོགས་པའི་དགོས་པ་དེ་ཉིད་གང་གི་ཆེད་དུ་ཡིན་ཅེ་ན། ཉིང་དགོས་སྟོན་པ་ནི། རྒྱན་གྱི་བརྗོད་བྱ་རྣམ་པར་ཐམས་ཅད་མངོན་དུ་བྱེད་པར་འགྱུར་བ་ཞེས་བྱ་བ་དགོས་པའི་ཡང་དགོས་པའི་ཆེད་དུ་མངོན་པར་འདོད་ཅེས་སྦྱར་རོ། །གང་མངོན་དུ་བྱ་བའི་རྒྱན་གྱི་བརྗོད་བྱ་དེ་ཡང་གང་ཞེ་ན། འདི་ལ་གསུམ། བརྗོད་བྱའི་ངོ་བོ། ཁྱད་པར། ཞར་ལ་འབྲེལ་བ་བསྟན་པའོ། །དང་པོ་ནི། རྒྱལ་བའི་ཡུམ་རྣམ་པ་གསུམ་ཆར་ལས་བརྗོད་པར་བྱ་བ་ཉིད་དུ་བསྟན་པ་གང་ཡིན་པ་དེ་རྒྱན་གྱི་ཡང་བརྗོད་བྱ་ཡིན་ནོ། །གང་གིས་བསྟན་པ་ཞེ་ན། བཅོམ་ལྡན་འདས་སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་མ་དད་པ་དད་པར་བྱེད། ཐུགས་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་གྱིས་གདུལ་བྱའི་ཁམས་དང་། བསམ་པ་དང་། བག་ལ་ཉལ་ཇི་ལྟ་བ་བཞིན་ཤེས་པར་མཛད། གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་བསམ་པ་བཞིན་འདོམས་པའི་སྒོ་ནས་ཆོ་འཕྲུལ་རྣམ་པ་གསུམ་གྱིས་འགྲོ་བ་མཐའ་དག་ལ་ཐར་ལམ་རྗེས་སུ་སྟོན་པར་མཛད་པ་དེ་ཉིད་ཀྱིས་སོ། །རྒྱལ་བའི་ཡུམ་གསུམ་ལས་བསྟན་པ་དེ་ཡང་གང་ཞེ་ན། རྣམ་པར་ཐམས་ཅད་མཁྱེན་པ་ཉིད་ནི་སེམས་བསྐྱེད་ལ་སོགས་པ་བཅུ་ཡིན་ལ་དེ་དག་ནི་སངས་རྒྱས་ཉིད་ཀྱི་ལམ་སྟེ། དེར་མངོན་རྟོགས་གཞན་དག་ཀྱང་འདུས་པས་རྩ་བར་དེ་འབའ་ཞིག་སྨོས་པ་ནི། མངོན་རྟོགས་བརྒྱད་པོ་ཐམས་ཅད་ཉེ་བར་མཚོན་པ་ལྷུར་ལེན་པ་ཡིན་ནོ། །

གཉིས་པ་ནི། ཅི་སྟེ་དེ་གཞན་གྱིས་ཀྱང་མངོན་དུ་བྱེད་ན་བསྟན་བཅོས་ཀྱི་ཉིང་དགོས་ཁྱད་པར་བར་མི་འགྱུར་རོ་སྙམ་ན། ཆོས་འདི་ལས་ཕྱི་རོལ་པ་དབང་ཕྱུག་དང་། ཁྱབ་འཇུག་ལ་སོགས་པ་དང་། དེ་ལས་གཅིག་ཤོས་ཀྱི་འདོད་ཆགས་དང་བྲལ་བ་ཉན་རང་དགྲ་བཅོམ་པ་ལ་སོགས་པ་ཕྱི་ནང་གི་ཆོས་ཐམས་ཅད་གང་ཟག་དང་ཆོས་ཀྱི་བདག་མེད་པར་གོམས་པར་མ་བྱས་པ་རྣམས་ཀྱིས་ཐོས་པ་དང་སོགས་པས་བསམ་པ་དང་། སྒོམ་པ་ལས་བྱུང་བའི་ཤེས་པས་ཐོག་མཐའ་བར་གསུམ་དུ་རིམ་གྱིས་མ་མྱངས་པ་ཞིག་སྟེ། དབུ་མ་རྒྱན་དུ། ཁྱབ་དང་དབང་ལ་སོགས་མ་མྱོང་། །དཔག་ཏུ་མེད་པར་གནས་པའི་རྒྱུ། །འཇིག་རྟེན་སྤྱི་བོར་གྱུར་པས་ཀྱང་། །མྱོང་བར་གྱུར་པ་མ་ཡིན་པ། །ཡང་དག་བདུད་རྩི་དག་པ་འདི། །ཐུགས་རྗེ་དག་པའི་རྒྱུ་མཐུན་པ། །དེ་བཞིན་གཤེགས་པ་མ་གཏོགས་པ། །གཞན་གྱིས་ལོངས་སྤྱོད་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། འབྲེལ་བར་མཛད། གང་ན་རྗོད་བྱེད་རྒྱན་དང་བརྗོད་བྱ་མངོན་པར་རྟོགས་པ་བརྒྱད་པོ་དེ་དག་གོ། ཇི་ལྟར་ན། བསྟན་བཅོས་ཐབས་དང་བརྗོད་བྱ་ཐབས་ཀྱིས་བསྒྲུབ་པར་བྱ་བའི་ཚུལ་གྱིས་སོ། །སུ་ཞིག་གིས་ན། རྗེ་བཙུན་གྱིས་སོ། །བརྗོད་བྱ་དེ་ལྟ་བུ་དེ་སུ་ཞིག་གིས་མངོན་དུ་བྱེད་པར་འགྱུར་ཅེ་ན། བྱང་སེམས་དང་གཞན་གྱི་དོན་ཕུན་ཚོགས་སྒྲུབ་པ་ལ་བདུད་ཀྱིས་བར་ཆད་བྱ་བར་མི་ནུས་ཤིང་། གཞན་གྱི་དྲིང་མི་འཇོག་པས་ན་ཅི་ལ་ཡང་མ་དག་པར་ཆད་པ་དག་ཁོ་ནས་སོ། །ཐབས་གང་གིས་མངོན་དུ་བྱེད་པར་འགྱུར་ཞེ་ན། འདི་ལ་རིང་བའི་རྒྱུ་དང་། ཉེ་བའི་རྒྱུ་གཉིས་ཀྱི་དང་པོ་ནི། བཞག་ནས་ཞེས་སྦྲེལ་ལོ། །གང་ལ་ན། སྔར་མྱོང་བ་མི་བརྗེད་པའི་དྲན་པའི་ཤེས་པ་ལས་སོ། །ཇི་ལྟ་བུ་ན། མདོའི་དོན་ཉམས་སུ་མྱོང་བའི་ཐོས་བསམ་གྱི་ཤེས་པ་ཤིན་ཏུ་གསལ་བ་དང་སེམས་རྒྱུད་ལ་བཞག་པའི་བག་ཆགས་འབྱུང་བའོ། །གང་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་གསུམ་གྱི་མདོའི་དོན་མ་ལུས་པའོ། །དེ་ཡང་གང་ན། མངོན་པར་རྟོགས་པ་བརྒྱད་ཀྱི་བདག་ཉིད་ཡིན་ལ། དེ་དག་ཉམས་སུ་ལེན་པ་ན། སྨོན་པ་བྱང་ཆུབ་ཀྱི་སེམས་འཇུག་པའི་སྤྱོད་པ་དང་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་བཅུ་སྒྲུབ་པའི་སྤྱོད་པ་རྣམས་སུ་འདུ་བས་རྩ་བར་ཆོས་སྤྱོད་བཅུའི་བདག་ཉིད་ཅེས་སྨོས་པའོ། །སྔ་རབས་པ་དག་ཆོས་སྤྱོད་བཅུ་ནི། རྣམ་མཁྱེན་གྱི་ཆོས་བཅུ་ཡིན་ཏེ། དེ་ཡང་འགྲེལ་པར། བྱང་ཆུབ་ཀྱི་སེམས་དང་ཞེས་པས་དང་པོ་བཟུང་ལ། སྦྱིན་པ་ལ་སོགས་པས་ནི། ཐ་མ་སྒྲུབ་པ་བཟུང་སྟེ། ཕར་ཕྱིན་དྲུག་གི་ངོ་བོ་ཡིན་པས་སོ་ཞེས་འཆད་དོ། །ཚུལ་ཇི་ལྟར་ཞེ་ན། ལེགས་པར་སྟེ། ཚེ་རབས་གཞན་དུ་ཡང་མི་བརྗེད་པར་རྗེས་སུ་འབྲང་བའི་ཚུལ་དུའོ། །གཉིས་པ་ནི། དེ་ལྟར་དྲན་ཤེས་ལ་ལེགས་པར་བཞག་ནས་ཡང་དང་ཡང་དུ་གོམས་པར་བྱས་པས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེ་སྟེ། ཆོས་ཀྱི་དབྱིངས་གཟུགས་སོགས་ཆེན་པོ་རྣམས་ལ་ཀུན་ཏུ་འགྲོ་བར་རྟོགས་པའི་མཚན་ཉིད་ས་རབ་ཏུ་དགའ་བ་དང་སོགས་པས་ཆོས་ཀྱི་སྤྲིན་གྱི་བར་རྟོགས་ཤིང་མངོན་དུ་བྱེད་པའི་རིམ་པས་སོ། །

གསུམ་པ་འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་དངོས་བཤད་པ་ལ་གསུམ། རྒྱས་པ་ལ་དད་པ་ལ་མངོན་རྟོགས་བརྒྱད་དུ་ཕྱེ། བར་མ་ལ་དད་པ་ལ་དྲུག་ཏུ་བསྡུ། བསྡུས་པ་ལ་དད་པ་ལ་གསུམ་དུ་བསྡུ་བའོ། །དང་པོ་ལ་བསྡུས་དོན་ལུས་རྣམ་གཞག །ཚིག་དོན་ཡན་ལག་རྒྱས་བཤད་གཉིས་ཀྱི་དང་པོ་ལ་གཉིས་ཀྱི་མཚམས་སྦྱར་བ་ནི། དེ་ལྟར་འཇུག་པའི་ཡན་ལག་འབྲེལ་བ་ལ་སོགས་པ་བསྙད་ནས་དེའི་འོག་དུ་ཤེར་ཕྱིར་གྱི་ལུས་རྣམ་གཞག་གསུངས་སོ། །ཞེས་སྦྱར་རོ། །

གཉིས་པ་དེ་བཤད་པ་ལ་ལྔ། དགོས་དོན། བསྡུས་དོན། དེ་ངག་ཉེ་བར་དགོད་པ། བསྡུས་ཏེ་བཤད་པ། རྒྱས་པར་མ་བཀྲོལ་བའི་རྒྱུ་མཚན་ནོ། །དང་པོ་ནི། ལུས་རྣམ་གཞག་གི་དགོས་པ་ནི་གཉིས་ཏེ། ཉན་པ་པོས་བཟུང་སླ་བ་དང་། འཆད་པ་པོས་བཤད་སླ་བའོ། །དང་པོ་ནི། གདུལ་བྱ་རྣམས་ཀྱིས་བསྟན་བཅོས་ཀྱི་དོན་མཐའ་དག་ཚིག་ཉུང་ངུས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་ཏེ། དཀྱུ་ས་བསྟན་པའི་རྟ་ཐོགས་པ་མེད་པར་རྒྱུག་པ་ལྟར། ཕྱིས་ཡན་ལག་རྒྱས་བཤད་ཀྱི་དོན་རྣམས་གོ་རིམ་མ་འཁྲུགས་པར་ཁོང་དུ་ཆུད་པར་འགྱུར་རོ། །གཉིས་པ་ནི། བསྟན་བཅོས་ཀྱི་དོན་ལུས་རྣམ་གཞག་དུ་རྣམ་པར་དབྱེ་བ་བྱས་པ་ཡང་། དེ་དང་མཐུན་པར་གོ་རིམ་མ་མཛིངས་པ་ཉིད་ཀྱི་ཡན་ལག་རྒྱས་བཤད་དུ། བཤད་པར་བྱ་བ་སླ་བར་གཟིགས་ནས་ཏེ། དཀྱུ་ས་མཐོང་བའི་ཁ་ལོ་བ་སེམས་སྟོབས་ཆེ་ཞིང་རྟ་ཚར་གཅོད་ནུས་པ་བཞིན་ནོ། །གཉིས་པ་ནི། ཚིག་ལེའུར་བྱས་པ་བཅོ་ལྔས་མདོ་དང་རྒྱས་པར་བསྟན་པས་ཞེས་སོ། །གསུམ་པ་ལ། ལུས་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ལ། བཤད་བྱ་འཆད་བྱེད་མདོར་བསྟན། འཆད་བྱེད་ཀྱི་རྐང་གྲངས་རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ནི། ཤེས་པར་བྱ་བའི་དངོས་པོ་དངོས་བཏགས་མ་ཕྱེ་བའི་ཤེས་རབ་ཕ་རོལ་ཕྱིན་པ་ནི། ཤེས་པར་བྱ་བའི་དོན་མངོན་རྟོགས་བརྒྱད་ཀྱི་རང་བཞིན་གྱི་དངོས་པོ་བརྒྱད་ཀྱི་ཡང་དག་སྟེ། ཕྱིན་ཅི་མ་ལོག་པའམ། ཡོངས་སུ་རྫོགས་པར་བསྙད་དོ། །ཡང་ན་རྒྱས་འབྲིང་བསྡུས་གསུམ་གྱི་རང་བཞིན་གྱི་ཤེས་ཕྱིན་ནི་ཞེས་བཤད་དོ། །འདིར་ཤེར་ཕྱིན་ནི་དོན་བཞིས་ཤེས་པར་བྱ་སྟེ། དབྱེ་བ་དང་། མཚན་ཉིད་དང་། དངོས་བཏགས་ཀྱི་ཁྱད་པར་དང་། དེ་ལུང་དང་སྦྱར་བའོ། །དང་པོ་ནི། ཤེར་ཕྱིན་ནི་གསུམ་སྟེ། འབྲས་བུ། ལམ། གཞུང་རྣམས་ཏེ། གསུམ་ཀ་ལ་ཡང་མདོ་ལས་ཤེར་ཕྱིན་གྱི་སྒྲས་བསྟན་པའི་ཕྱིར་རོ། །དང་པོ་ནི་སངས་རྒྱས་ཀྱི་སའི་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ཆོས་ཀྱི་སྐུའི་མིང་ཅན་ནོ། །དེའི་ཕྱིར་རྣམ་པར་མི་རྟོག་པ་ལ་བསྟོད་པར། འཕགས་མ་ཡོན་ཏན་ཕྱུག་ཁྱེད་དང་། །སངས་རྒྱས་འགྲོ་བའི་བླ་མ་རྣམས། ཁྱད་པར་ཡོད་པར་མ་ཁུམས་ཏེ། །ཟླ་བ་དང་ནི་ཟླ་འོད་བཞིན། །ཞེས་གསུངས་སོ། །གཉིས་པ་ནི། ཆོས་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་སྦྱོར་མཐོང་སྒོམ་གསུམ་གྱིས་བསྡུས་པ་རྣམས་སོ། །གསུམ་པ་ནི་འབྲས་བུ་ཤེར་ཕྱིན་དེ་ཐོབ་པའི་ཐབས་སྟོན་པར་བྱེད་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་གཞུང་གི་ཚོགས་རྣམས་སོ། །ཆོས་བཤེས་ཀྱིས་རང་བཞིན་གྱི་ཤེར་ཕྱིན་དེ་བཞིན་ཉིད་ལ་བཤད་ཀྱང་། སློབ་དཔོན་གྱི་གཞུང་གང་དུ་ཡང་མི་འབྱུང་ངོ་། །གཉིས་པ་ནི། ཆོས་རབ་ཏུ་རྣམ་འབྱེད་སྲིད་ཞིའི་མུ་མཐར་སོན་པ་སྟེ། འགྲེལ་ཆེན་ལས། དེ་ལྟར་དང་པོ་ཐོས་པ་དང་། བསམ་པ་དང་། སྒོམ་པའི་རང་བཞིན་ཅན་གྱི་ཤེས་པ་སྐྱེ་བའི་རིམ་གྱིས་རྣམ་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པའི་ཕྱིར། ཕ་རོལ་ཏེ་རབ་ཀྱི་མཐར་འགྲོ་བ་ཡིན་པས་ན་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སོ། །ལམ་དང་གཞུང་ལ་ནི། མཚན་ཉིད་དེ་མི་འཇུག་པས། དེ་དག་ལ་གོ་རིམ་བཞིན་དུ། འབྲས་ཡུམ་གྱི་རྒྱུར་གྱུར་པའི་ཆོས་རབ་ཏུ་རྣམ་འབྱེད་ཅེས་དང་། དེ་ཐོབ་པའི་ཐབས་སྟོན་བྱེད་ཀྱི་ཚོགས་ཞེས་སྦྱར་རོ། །གང་དག་ཐེག་པ་གསུམ་གྱི་ལམ་ལྔ་ག་དངོས་བཏགས་མ་ཕྱེ་བའི་ཤེར་ཕྱིན་དུ་འཆད་པ་ནི་མི་རིགས་ཏེ། ཉན་རང་རང་རྒྱུད་པའི་ལམ་རྣམས་ནི་ཤེར་ཕྱིན་གྱི་གཟུགས་བརྙན་ཡིན་པས་བཏགས་པ་ཙམ་དུའང་མི་རུང་སྟེ། དེ་དག་གིས་འབྲས་ཡུམ་མི་སྐྱེ་བས་འདོགས་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། །གསུམ་པ་ནི། འབྲས་བུ་ནི་དངོས་ཡིན་ལ། གཞན་གཉིས་ལ་དེའི་མིང་གིས་བཏགས་པའོ། །འདོགས་པའི་རྒྱུ་མཚན་ནི། ལམ་ནི་དེའི་རྒྱུ་ཡིན་པའི་ཕྱིར་དང་། གཞུང་ནི་དེ་བརྗོད་བྱར་ཡོད་པའི་ཕྱིར་རོ། །གནོད་བྱེད་ནི། ལམ་ནི་མུ་མཐར་སོན་པ་མ་ཡིན་པ་དང་། གཞུང་ནི་ཤེས་རབ་ཙམ་དུ་ཡང་མེད་པས་མཚན་ཉིད་དང་མི་ལྡན་པས་སོ། །དགོས་པ་ནི། དེ་དོན་དུ་གཉེར་བས་ལམ་སྒོམ་པར་བྱ་ཞིང་གཞུང་ལ་ཐོས་སོགས་ཀྱིས་འཇུག་པར་བྱའོ་ཞེས་བསྟན་པའི་ཕྱིར་རོ། །བཞི་པ་ནི། སློབ་དཔོན་ཕྱོགས་གླང་གིས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེ་སྒྲ་ཡིན། །ཞེས་གསུངས་ཤིང་། འགྲེལ་ཆེན་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ནི་དངོས་ཡིན་ལ། དེ་ཐོབ་པ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་ན། ཚིག་དང་ངག་གི་ཚོགས་ཀྱི་གཞུང་དང་། མཐོང་བ་ལ་སོགས་པའི་ལམ་ལ་ཡང་ཤེར་ཕྱིན་ཞེས་བྱ་བ་ནི་བཏགས་པའོ་ཞེས་སོ། །

དངོས་བརྒྱད་སོ་སོའི་རང་བཞིན་བཤད་པ།

གཉིས་པ་ལ་དངོས་བརྒྱད་སོ་སོའི་རང་བཞིན། གྲངས་དང་གོ་རིམ་ངེས་པ་གཉིས་ཀྱིས། དང་པོ་ལ་བརྒྱད་ཀྱི་དང་པོ་རྣམ་མཁྱེན་ལ་མཚན་ཉིད་དང་མཚོན་བྱ། མཚན་གཞིའི་དབྱེ་བ། ས་མཚམས་དང་བཞིའི་དང་པོ་ནི། བདེན་གཉིས་ཀྱི་རྣམ་པ་མ་ལུས་པ་ཐུགས་སུ་ཆུད་པའི་ཡེ་ཤེས། གཉིས་པ་ནི། རྣམ་ཀུན་མཁྱེན་ཉིད་ཅེས་སོགས་སོ། །གསུམ་པ་ནི། ཇི་ལྟ་བ་མཁྱེན་པ་དང་། ཇི་སྙེད་པ་མཁྱེན་པའི་རྣམ་མཁྱེན་གཉིས། དང་པོ་ནི། དྲི་བྲལ་གྱི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཏེ། མདོ་ལས། རབ་འབྱོར་ཆོས་གཅིག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ། ཞི་བའི་རྣམ་པས་སོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་ཡང་ཤེས་བྱའི་རྣམ་པ་ཐམས་ཅད་མཁྱེན་པ་དང་། རྒྱུ་འབྲས་གཙོ་བོའི་དོན་མཁྱེན་པ་གཉིས་ལས། དང་པོ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ཀྱི་རྒྱུ་ུའབྲས་ངོ་བོའི་རྣམ་པ་མ་ལུས་པ་ཐུགས་སུ་ཆུད་པའི་ཡེ་ཤེས་ཏེ། མདོ་ལས། རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས་ཆོས་རྣམས་བརྗོད་པར་འགྱུར་བའི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་དེ་ཞེས་བཤད་པ་ལྟར་རོ། །

གཉིས་པ་ནི། སེམས་བསྐྱེད་ལ་སོགས་པ་རྣམ་མཁྱེན་གྱི་ཆོས་བཅུ་མ་ལུས་པ་མངོན་སུམ་དུ་རྟོགས་པའོ། །བཞི་པ་ནི། མཚན་ཉིད་པ་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་ལ་རྗེས་སུ་མཐུན་པ་སློབ་ལམ་ན་ཡང་ཡོད་དེ། ཇི་ལྟ་བ་ས་དང་པོ་ནས་དང་། ཇི་སྙེད་པ་ས་བརྒྱད་པ་ནས་སོ། །གཉིས་པ་ལམ་ཤེས་པ་ལའང་བཞིའི་དང་པོ་མཚན་ཉིད་ནི། ཐེག་པ་གསུམ་གྱི་ལམ་ཐམས་ཅད་མི་དམིགས་པ་མངོན་སུམ་དུ་རྟོགས་པ། གཉིས་པ་མཚོན་བྱ་ནི། ལམ་ཤེས་ཉིད་ཅེས་པའོ། །གསུམ་པ་དབྱེ་བ་ནི། ཐེག་གསུམ་གིས་ངེས་པར་འབྱུང་བའི་ལམ་ཤེས་དང་། ལམ་གསུམ་སྐྱེ་མེད་དུ་རྟོགས་པའི་ལམ་ཤེས་གཉིས་ཀྱི་དང་པོ་ནི། བྱང་སེམས་ཀྱི་རྒྱུད་ལ་ཡོད་པ། དོན་དམ་པར་མ་དམིགས་ཤིང་། ཀུན་རྫོབ་དུ་ལམ་གསུམ་གྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཉམས་སུ་མྱོང་ནས་རིགས་ཅན་གསུམ་གྱི་དོན་བྱེད་ཅིང་རྫོགས་སྨིན་མ་སྦྱངས་པར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པའོ། །དེ་ཡང་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་སེམས་ཀྱི་ལམ་ཤེས་པ་གསུམ་དུ་ཡོད་ལ། དང་པོ་གཉིས་ནི། བྱང་སེམས་ཀྱི་ཤེས་མཐོང་གིས་བལྟས་པས་འདའ་བར་བྱ་བའི་མངོན་རྟོགས་ཡིན། ཕྱི་མ་ནི་མངོན་དུ་བྱ་བའི་མངོན་པར་རྟོགས་པའོ། །ལམ་ཤེས་གཉིས་པ་ནི། སངས་རྒྱས་ཀྱི་ཐུགས་རྒྱུད་ལ་མངའ་བ་རྣམ་མཁྱེན་གྱི་ཡེ་ཤེས་དང་། ངོ་བོ་དབྱེར་མེད་པར་གནས་པའོ། །བཞི་པ་ས་མཚམས་ནི། ས་དང་པོ་ཡན་ཆད་དུའོ། །གསུམ་པ་གཞི་ཤེས་ལའང་བཞིའི་དང་པོ་མཚན་ཉིད་ནི། གཞི་བདག་མེད་པར་མངོན་སུམ་དུ་ཤེས་པའོ། །གཉིས་པ་མཚོན་བྱ་ནི། དེས་ཐམས་ཅད་ཤེས་པ་ཉིད་ཅེས་སོ། །གསུམ་པ་དབྱེ་ན། གཞི་གང་ཟག་གི་བདག་མེད་པར་རྟོགས་པ་དང་། ཆོས་ཀྱི་བདག་མེད་པར་རྟོགས་པའོ། །དང་པོ་ནི། བདེན་བཞི་མི་རྟག་སོགས་བཅུ་དྲུག་གི་རྣམ་པ་ཅན་ནོ། །གཉིས་པ་ནི། གཟུགས་སོགས་སྐྱེ་བ་མེད་པའི་རྣམ་པ་ཅན་ནོ། །དང་པོ་ཉན་རང་གི་མངོན་རྟོགས་སོ། །གཉིས་པ་ནི། བྱང་སེམས་ཀྱི་མངོན་རྟོགས་སོ། །དང་པོ་ལའང་མི་རྟག་སོགས་ཆོས་ཀྱི་མཚན་འཛིན་རྗེས་སུ་འབྲེལ་བ་དང་། མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པའོ། །དེ་དག་ཀྱང་གོ་རིམ་བཞིན། ཉན་རང་ལམ་རང་རྒྱུད་པ་དང་བྱང་སེམས་ལ་ཡོན་ཏན་ཡར་ལྡན་དུ་སྐྱེས་པ་རྣམས་ཏེ། དང་པོ་ནི། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཡིན་ལ། གཉིས་པ་ནི་གཉེན་པོ་གཞི་ཤེས་ཀྱི་ཁོངས་སུ་གཏོགས་སོ། །དང་པོ་ནི་ཉན་རང་ཁོ་ནའི་རྒྱུད་ལ་ཡོད་ལ། གཉིས་པ་ནི་སངས་རྒྱས་དང་བྱང་སེམས་འཕགས་པ་ལ་ཡང་ཡོན་ཏན་ཡར་ལྡན་དུ་ཡོད་ཅིང་ལམ་ཤེས་དང་རྣམ་མཁྱེན་གྱི་ཁོངས་སུ་གཏོགས་ཤིང་མངོན་རྟོགས་ཀྱི་རིགས་རྣམ་པར་འབྱེད་པ་ན། ཉན་རང་གི་མངོན་རྟོགས་ཀྱི་རིགས་སུ་རྣམ་པར་བཞག་གོ །གཞི་ཆོས་ཀྱི་བདག་མེད་པར་རྟོགས་པའི་གཞི་ཤེས་ནི། གཉེན་པོ་གཞི་ཤེས་ཞེས་བྱ་ལ། ལམ་ཤེས་དང་རྣམ་མཁྱེན་དང་ངོ་བོ་དབྱེར་མེད་དུ་གནས་སོ། །བཞི་པ་ས་མཚམས་ནི། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཉན་རང་གི་མཐོང་ལམ་ནས་ཡོད་ལ། གཉེན་པོ་གཞི་ཤེས་ས་དང་པོ་ནས་སོ། །བཞི་པ་རྣམ་ཀུན་ལ་བཞིའི་དང་པོ་མཚན་ཉིད་ནི། དབང་དུ་བྱ་བའི་ཕྱིར་མཁྱེན་གསུམ་བསྡུས་ནས་བསྒོམས་པའི་རྣལ་འབྱོར། གཉིས་པ་མཚོན་བྱ་ནི། རྣམ་ཀུན་མངོན་རྫོགས་རྟོགས་པ་ཞེས་སོ། །གསུམ་པ་དབྱེ་བ་ལ་ཡུལ་གྱི་སྒོ་ནས་མཁྱེན་པ་གསུམ་གྱིས་སྦྱོར་བ་བཞི་བསྒོམ་ཚུལ་གྱི་སྒོ་ནས་གནས་པ་བཀག་པ་དང་། རྣལ་འབྱོར་བཀག་པ་གཉིས། ས་མཚམས་ཀྱི་སྒོ་ནས་རྣམ་ཀུན་ཙམ་པོ་དང་ཁྱད་པར་ཅན་གཉིས་སོ། །བཞི་པ་ས་མཚམས་ནི། རྣམ་ཀུན་ཙམ་པོ་ནི་ལས་དང་པོ་པའི་ས་ནས་ས་བཅུའི་བར་དང་། ཁྱད་པར་ཅན་ས་བརྒྱད་པ་ནས་སོ། །ལྔ་པ་རྩེ་མོ་ལ་བཞིའི་དང་པོ་མཚན་ཉིད། བསྡུས་སྒོམ་རབ་ཏུ་གྱུར་པའི་རྣལ་འབྱོར། གཉིས་པ་མཚོན་བྱ་ནི། རྩེ་མོར་ཡིན་དང་ཞེས་སོ། །གསུམ་པ་དབྱེ་བ་ནི། ངོ་བོའི་སྒོ་ནས་སྦྱོང་མཐོང་སྒོམ་གསུམ་བར་ཆད་མེད་པའི་རྩེ་མོ་དང་བཞི། ས་མཚམས་ཀྱི་སྒོ་ནས་རྩེ་མོ་ཁྱད་པར་ཅན་དང་། ཁྱད་པར་ཅན་མ་ཡིན་པ་གཉིས། བཞི་པ་ས་མཚམས་ནི་ཁྱད་པར་ཅན་མ་ཡིན་པ་སྦྱོར་ལམ་དྲོད་ནས་དང་། ཁྱད་པར་ཅན་ས་དགུ་པ་ནས་སོ། །དྲུག་པ་མཐར་གྱིས་པ་ལ་བཞིིའི་དང་པོ་མཚན་ཉིད་ནི། བརྟན་པ་ཐོབ་པའི་ཕྱིར་དུ། སོ་སོ་བ་དང་བསྡུས་པ་ཉིད་དུ་རྟོགས་པའི་དོན་རྣམས་གོ་རིམ་དུ་བཀླགས་ནས་སྒོམ་པའི་རྣལ་འབྱོར། གཉིས་པ་མཚོན་བྱ་ནི། མཐར་གྱིས་པ་ཞེས་སོ། །གསུམ་པ་དབྱེ་བ་ནི། ཡུལ་གྱི་སྒོ་ནས་བཅུ་གསུམ། ས་མཚམས་ཀྱི་སྒོ་ནས་ཁྱད་པར་ཅན་དང་། ཁྱད་པར་ཅན་མ་ཡིན་པ་གཉིས། བཞི་པ་ས་མཚམས་ནི། ཁྱད་པར་ཅན་མ་ཡིན་པ་སྦྱོར་ལམ་ནས་དང་། ཁྱད་པར་ཅན་ས་བཅུ་པའི་དཀྱིལ་སྨད་ནས་སོ། །བདུན་པ་སྐད་ཅིག་མ་ལ་བཞིའི་དང་པོ་མཚན་ཉིད་ནི། བློའི་ནུས་པ་མཐར་ཐུག་པའི་སྒོམ་པ། གཉིས་པ་མཚོན་བྱ་ནི། སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ་ཅེས་སོ། །གསུམ་པ་དབྱེ་བ་ནི། སྦྱོར་བ་ངོ་བོ་གཅིག་ལ་མཚན་ཉིད་མི་འདྲ་བའི་སྒོ་ནས་བཞིའོ། །བཞི་པ་ས་མཚམས་ནི། ས་བཅུ་རྒྱུན་མཐའ་ནའོ། །བརྒྱད་པ་ཆོས་སྐུ་ལ་བཞིའི་དང་པོ་མཚན་ཉིད་ནི། མཁྱེན་གསུམ་གྱི་ཆོས་སྨིན་ཅིང་ཡོངས་སུ་རྫོགས་པ། གཉིས་པ་མཚོན་བྱ་ནི། ཆོས་ཀྱི་སྐུ་ཞེས་སོ། །ཆོས་ནི་ཟག་མེད་རྣམ་པར་དཀར་བའི་ཆོས་སོ། །སྐུ་ནི་བསགས་པ་དུ་མ་ཚོགས་པའོ། །གསུམ་པ་དབྱེ་བ་ནི། སྐུ་གསུམ་ཕྲིན་ལས་དང་བཅས་པ་བཞིའམ། ཡང་ན་སྐུ་བཞི་ཕྲིན་ལས་དང་བཅས་པའོ། །བཞི་པ་ས་མཚམས་ནི། སྐུ་གསུམ་སངས་རྒྱས་ཀྱི་ས་ཁོ་ན་དང་། ཕྲིན་ལས་ལས་དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་རོ། །

གཉིས་པ་གྲངས་ངེས་ནི། ཅིའི་ཕྱིར་ཤེར་ཕྱིན་གྱི་ལུས་ལ་དངོས་པོ་བརྒྱད་དུ་ངེས་ཤེ་ན། ཐེག་ཆེན་གྱི་རིགས་ཅན་རྟེན་གྱི་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་གྱི་དབང་དུ་བྱས་ནས་བརྒྱད་དུ་ངེས་ཏེ། འདི་ལྟར། ཤེས་བྱ་ཡུལ་དང་། ཉམས་ལེན་སྦྱོར་བ་དང་། ཐོབ་བྱ་འབྲས་བུའི་དབང་དུ་བྱས་ནས། གསུམ་དང་བཞི་དང་གཅིག་རྣམས་སོ། །ཅིིའི་ཕྱིར་ཤེས་བྱ་སོགས་གསུམ་དགོས་ཞེ་ན། ཐོག་མར་ཤེས་བྱའི་ཡུལ་གཏན་ལ་མ་ཕེབས་ན། སྦྱོར་བ་ཉམས་སུ་ལེན་མི་ཤེས་ཏེ། སོ་ནམ་བྱ་ཐབས་མ་ཤེས་ན། དེ་ལག་ཏུ་བླང་མི་ཤེས་པ་བཞིན་ནོ། །དེའི་འོག་དུ་སྦྱོར་བ་ཉམས་སུ་མ་བླངས་པར་འབྲས་བུ་མི་ཐོབ་སྟེ། སོ་ནམ་མ་བྱས་པར་ལོ་ཐོག་མི་འབྱུང་བ་བཞིན་ནོ། །ཐོབ་བྱའི་འབྲས་བུ་མེད་ན། སྦྱོར་བ་ཉམས་སུ་བླངས་པ་དོན་མེད་དེ། ལོ་ཐོག་སད་སེར་གྱིས་མ་རུངས་པར་གྱུར་པ་བཞིན་ནོ། །དེའི་ཕྱིར་སངས་རྒྱས་ཐོབ་པའི་ཆ་རྐྱེན་ལ། ཡུལ་སོགས་གསུམ་དུ་ངེས་སོ། །ཐོས་བསམ་གྱི་ཤེས་རབ་ཀྱིས་གཏན་ལ་དབབ་བྱའི་ཡུལ་ལ་གསུམ་ཅི་དགོས་སྙམ་ན། ཐོབ་བྱའི་འབྲས་བུ་ཐུན་མོང་མ་ཡིན་པ་རྣམ་མཁྱེན་མ་བསྟན་པར་ཡང་དེའི་རྒྱུ་ལ་ནན་ཏན་གྱིས་འཇུག་པར་མི་འགྱུར་བས། དེའི་ཕྱིར་རྣམ་མཁྱེན་བསྟན། དེ་ཤེས་ཀྱང་། དེའི་རྒྱུ་ཐུན་མོང་མ་ཡིན་པ་མི་ཤེས་ན། དེ་ཉམས་སུ་བླང་མི་ནུས་པས། དེའི་ཕྱིར་ལམ་ཤེས་བསྟན་ལ། གཞི་ལེགས་པར་ཡོངས་སུ་ཤེས་པ་མེད་པར་ཡང་ལམ་ལེགས་པར་ཤེས་པ་མེད་པས། དེའི་ཕྱིར་གཞི་ཤེས་པ་ཉིད་བསྟན་ཏོ། །ཅིའི་ཕྱིར་ཉམས་སུ་ལེན་པའི་སྦྱོང་བ་ལ་བཞི་དགོས་སྙམ་ན། དབང་དུ་བྱེད་པ་རྒྱུ་འབྲས་དང་། བརྟན་པ་རྒྱུ་འབྲས་ཀྱི་དབང་བྱས་ནས་ཏེ། འདི་ལྟར་དབང་དུ་བྱ་བའི་ཕྱིར་སྐྱེ་མེད་གསུམ་ལ་བློ་གཏད་ནས་འབད་རྩོལ་གྱིས་གོམས་པར་བྱེད་པ་རྣམ་ཀུན་གྱི་རྣལ་འབྱོར་མེད་ན་རྟོགས་པ་ལྷུན་གྲུབ་གྱི་རྩེ་མོའི་རྣལ་འབྱོར་མི་འབྱུང་ལ། དེ་མེད་པར་ཡང་ཉོན་མོངས་དང་རྣམ་རྟོག་གི་མི་མཐུན་ཕྱོགས་སྤོང་བར་མི་ནུས་སོ། །དེ་ལ་ས་བརྒྱད་པ་མན་ཆད་ཀྱི་རྣམ་ཀུན་ཙམ་པོ་དང་། རྩེ་མོ་ཁྱད་པར་ཅན་མ་ཡིན་པ་ནི། ཉོན་སྒྲིབ་དང་གཟུང་འཛིན་གྱི་རྣམ་པར་རྟོག་པ་རགས་པ་སྤོང་བྱེད་ཡིན་ལ། ས་བརྒྱད་པ་ཡན་ཆད་ཀྱི་རྣམ་ཀུན་ཁྱད་པར་ཅན་དང་། རྩེ་མོ་ཁྱད་པར་ཅན་ནི། རྣམ་རྟོག་གི་བག་ལ་ཉལ་ཕྲ་མོ་འཇོམས་བྱེད་ཀྱི་གཉེན་པོ་ཡིན་ནོ། །དེ་བས་ན། དབང་དུ་བྱེད་པ་རྒྱུ་འབྲས་ཀྱི་ངོ་བོ་རྣམ་ཀུན་དང་རྩེ་མོ་ནི་མི་མཐུན་ཕྱོགས་སྤོང་བའི་རྣལ་འབྱོར་ཡིན། མི་མཐུན་ཕྱོགས་སྤངས་སུ་ཟིན་ཀྱང་། བློའི་ནུས་པ་མཐར་ཐུག་པར་བྱ་བའི་ཕྱིར་དུ་སྔར་ཉམས་སུ་མྱོང་བའི་ཡོན་ཏན་རྣམས་བཤར་འདེབས་ཀྱི་ཚུལ་གྱིས་གོ་རིམ་མ་ཆོལ་བར་ཡང་དང་ཡང་དུ་མངོན་དུ་བྱེད་པའི་མཐར་གྱིས་པའི་རྣལ་འབྱོར་མེད་ན། ཆོས་གཅིག་མངོན་དུ་བྱས་པ་ན་དེ་དང་རིགས་མཐུན་པའི་ཆོས་ཀུན་མངོན་དུ་བྱེད་པར་ནུས་པ་སྐད་ཅིག་མའི་རྣལ་འབྱོར་མི་འབྱུང་ལ། དེ་མེད་པར་ཡང་སྐད་ཅིག་མ་གཅིག་ལ་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་མཁྱེན་གྱི་ཡེ་ཤེས་མི་འབྱུང་ངོ་། །དེའི་ཕྱིར་བརྟན་པ་རྒྱུ་འབྲས་ཀྱི་རང་བཞིན་མཐར་གྱིས་པ་དང་། སྐད་ཅིག་མ་ནི་ཡོན་ཏན་མངོན་དུ་བྱེད་པའི་རྣལ་འབྱོར་ཡིན་ནོ། །དེས་ན་མངོན་པར་རྟོགས་པ་དེ་ནི་རྣམ་པ་བརྒྱད་དོ། །

གཉིས་པ་གོ་རིམ་ངེས་པ་ནི། ཤེས་བྱའི་ཡུལ་མཁྱེན་པ་གསུམ་ཐོས་བསམ་གྱིས་གཏན་ལ་མ་ཕེབས་པར་སྦྱོར་བ་ཉམས་སུ་བླང་བར་མི་ནུས་པས་དང་པོར་མཁྱེན་པ་གསུམ་བསྟན་ལ། དེ་ལ་ཡང་འབྲས་བུ་བསྟན་པས་དེ་དོན་དུ་གཉེར་བའི་བྱང་སེམས་དེའི་རྒྱུ་སེམས་བསྐྱེད་སོགས་ལ་འཇུག་པས་དང་པོར་རྣམ་མཁྱེན་བསྟན་ཏོ། །དེ་ཡང་ཐེག་པ་གསུམ་གྱི་ལམ་ཤེས་པ་མེད་པར་མ་ཡིན་པས། དེའི་རྗེས་ལ་ལམ་ཤེས་པ་ཉིད་བརྗོད་དོ། །དེ་ཡང་གཞི་ཐམས་ཅད་ཡོངས་སུ་ཤེས་པ་མེད་པར་མ་ཡིན་པས། དེའི་རྗེས་ལ་གཞི་ཤེས་པ་ཉིད་བརྗོད་དོ། །མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕེབས་ཀྱང་སྦྱོར་བ་ཉམས་སུ་མ་བླངས་ན་མངོན་དུ་བྱེད་པར་མི་ནུས་པས་དེའི་འོག་དུ་སྦྱོར་བ་བཞི་བསྟན་ཏེ། དེ་ཡང་མི་མཐུན་ཕྱོགས་སྤོང་བའི་ཕྱིར་དབང་དུ་བྱེད་པ་རྒྱུ་འབྲས་དང་པོར་བསྟན་ལ། ཡོན་ཏན་མངོན་དུ་བྱ་བའི་ཕྱིར་དེའི་རྗེས་ལ་བརྟན་པ་རྒྱུ་འབྲས་གཉིས་བསྟན་ཏོ། །དེ་ལྟར་སྦྱོར་བ་མཐར་ཕྱིན་པ་ན། ཆོས་ཀྱི་སྐུར་མངོན་པར་རྫོགས་པར་འཚང་རྒྱ་བས་ཆོས་ཀྱི་སྐུ་ནི་ཕྱིས་བསྟན་ཏོ། །དེ་ལྟར་ན་མཁྱེན་པ་གསུམ་ནི་བཤད་པའི་གོ་རིམ་དང་། སྦྱོར་བཞི་ཆོས་སྐུ་དང་བཅས་པ་ནི་དོན་གྱི་གོ་རིམ་མོ། །

གཉིས་པ་ལུས་ཅུང་ཟད་རྒྱས་པར་བཤད་པ་ལ་མཁྱེན་གསུམ་དང་། སྦྱོར་བཞི་དང་། ཆོས་ཀྱི་སྐུ་ཅུང་ཟད་རྒྱས་པར་བཤད་པ་གསུམ་གྱི་དང་པོ་ལ་གསུམ་གྱི་རྣམ་མཁྱེན་ལ་བཞི་ཆོས་བཅུའི་རང་བཞིན། དེས་རྣམ་མཁྱེན་བསྟན་ཚུལ། གྲངས་དང་། གོ་རིམ་ངེས་པའོ། །དང་པོ་ལ་ཡང་། བསམ་པ་དང་སྦྱོར་བ་གཉིས་ཀྱི་དང་པོ་ནི། སྟོང་པ་ཉིད་དང་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་སྟེ། སངས་རྒྱས་འཐོབ་པར་འདོད་པས་དང་པོར་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་ནས། གདམས་ངག་སོགས་ལ་འཇུག་པའི་ཕྱིར་རོ། །གཉིས་པ་ལ། གཞན་གྱི་སྒྲ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དང་། དེའི་འབྲས་བུ་ཡང་དག་པའི་ལྟ་བ་དང་གསུམ་གྱི་དང་པོ་ནི། སེམས་བསྐྱེད་དེ་དང་དེས་འཕགས་པའི་ཆོས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ཡོན་ཏན་མ་ཐོབ་པ་ཐོབ་པ་དང་། ཐོབ་པ་མི་ཉམས་ཤིང་འཕེལ་བའི་དོན་དུ་སྒྲུབ་པ་སོགས་ཡུལ་བཅུ་ལ་འདོམས་པའི་གདམས་ངག་དང་། གཉིས་པ་ནི། གདམས་ངག་གི་དོན་ཐོས་བསམ་གྱིས་གཏན་ལ་ཕབས་ཏེ། རྩེ་གཅིག་པའི་ཚུལ་གྱིས་གོམས་པར་བྱས་པ་ལས་བདེན་པ་བཞི་རྟོགས་པ་དང་རྗེས་སུ་མཐུན་པ་ངེས་པར་འབྱེད་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མཐོང་ལམ་གྱིས་ཡན་ལག་སྟེ། རྒྱུར་གྱུར་པ་དྲོ་བ་དང་རྩེ་མོ་དང་བཟོད་པ་དང་ཆོས་ཀྱི་མཆོག་ཅེས་བྱ་བ་རྣམ་པ་བཞི་དང་། གསུམ་པ་ཡང་དག་པའི་ལྟ་བ་ནི། ཕར་ཕྱིན་དྲུག་གི་རང་བཞིན་གྱིས་སྒྲུབ་པ་ཡིན་ལ། དེ་ཡང་བཞིས་ངེས་པར་བྱ་སྟེ། དེ་གང་གི་ཡིན་པའི་རྟེན་གང་ལ་དམིགས་པའི་ཡུལ། གང་གི་དོན་དུ་ཡིན་པའི་ཆེད་དུ་བྱ་བ། སྒྲུབ་པ་རང་གི་ངོ་བོ་རྣམས་སོ། །དང་པོ་ནི། སྒྲུབ་པའི་རྟེན་དུ་གྱུར་པ་བྱང་ཆུབ་སེམས་དཔའི་ནང་སྐྱེ་མཆེད་དྲུག་གི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་གཉིས་ཡིན། དགེ་བ་ལ་སོགས་སྒྱུ་མ་ལྟ་བུའི་ཆོས་བཅུ་གསུམ་གྱི་དམིགས་པ་དག་དང་། གསུམ་པ་ནི། གང་གི་དོན་དུ་བྱང་སེམས་སྒྲུབ་པ་ལ་འཇུག་པ་ཆེན་པོ་གསུམ་གྱི་རང་བཞིན་གྱི་ཆེད་དུ་བྱ་བ་དང་། བཞི་པ་ནི། ཕྱིན་དྲུག་གི་མི་མཐུན་ཕྱོགས་ཀྱིས་མི་མཚུག་པར་བྱ་བའི་ཕྱིར་དུ་ཕར་ཕྱིན་རེ་རེའི་ནང་དུ་ཕྱིན་དྲུག་ཚང་བར་ཉམས་སུ་ལེན་པར་བསམས་པས་གོ་བགོས་པ་གོ་ཆ་དང་། གོ་བགོས་པ་ལྟར་རྒྱུ་དང་འབྲས་བུའི་ཐེག་ཆེན་གྱི་ཆོས་མ་ལུས་པ་སྦྱོར་བའི་བརྩོན་འགྲུས་ཀྱིས་རྣམ་པར་མནོན་པ་འཇུག་པའི་བྱ་བ་དང་། ཞུགས་པའི་ཕྱིན་དྲུག་གི་མི་མཐུན་ཕྱོགས་ལས་ངེས་པར་འབྱུང་བར་བྱ་བའི་ཆེད་དུ། ཚོགས་གཉིས་ཀྱི་དཔུང་སོགས་པར་བྱེད་པ་ཚོགས་དང་། དཔུང་གི་ཚོགས་བསགས་པས་མ་རྒྱལ་བ་བདུད་བཞིའི་དགྲ་ལས་རྒྱལ་བར་བྱེད་པ་ངེས་པར་འབྱུང་བའི་སྒྲུབ་པ་རྣམས་སོ། །

གཉིས་པ་ནི། ཆོས་བཅུ་པོ་དེ་དག་ནི་ཡུལ་གྱིས་ཡུལ་མཚོན་པའི་སྒོ་ནས་ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད་ཅེས་བྱ་སྟེ། འདི་ལྟར་ཆོས་བཅུ་པོ་དེས་ནི། ཇི་སྐད་བཤད་པའི་ཚུལ་གྱིས་རྣམ་མཁྱེན་ཐོབ་བྱེད་ཀྱི་ཆོས་མ་ལུས་པ་བསྡུས་པ་ཡིན་ལ། དེའི་ཕྱིར་དེ་དག་རྣམ་པ་དུ་མར་ཐབས་མང་པོ། །ཡུན་རིང་དུས་སུ་གོམས་པ་ལས། །དེ་ལ་སྐྱོན་དང་ཡོན་ཏན་དག། རབ་དུ་གསལ་བ་ཉིད་དུ་འགྱུར། །ཞེས་པའི་ཚུལ་གྱིས། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་པས་ནི། གཞན་ལ་དེ་ཕྱིན་ཅི་མ་ལོག་པར་སྟོན་པར་ནུས་པ་ཡིན་ལ། གང་ཞིག་རྣམ་མཁྱེན་ཐོབ་པའི་ཐབས་ཕྱིན་ཅི་མ་ལོག་པར་སྟོན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ནི་འཇིག་རྟེན་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་ཐ་སྙད་བྱའོ། །གསུམ་པ་ནི། ཇི་སྐད་བཤད་པའི་ཚུལ་གྱིས་རྣམ་མཁྱེན་ཐོབ་པའི་ཐབས་ལ་ཆོས་བཅུ་པོ་འདི་ལས་མང་མི་དགོས་ཤིང་ཉུང་ན་མི་འདུས་པས། དེའི་ཕྱིར་དེ་ཙམ་དུ་གྲངས་ངེས་པ་ཡིན་ནོ། །བཞི་པ་ནི། ཉི་སྣང་དུ་སེམས་བསྐྱེད་པ་ལ་སོགས་པའི་དོན་འདི་རྣམས་ཀྱི་གོ་རིམ་གྱི་ཚུལ་འདི་ནི་རིགས་པ་ཡིན་ཏེ། བྱང་ཆུབ་དུ་སེམས་བསྐྱེད་པ་དོན་དུ་གཉེར་བ་ནི་གདམས་ངག་ཚོལ་བའི་ཕྱིར་དང་། ཕྱིན་ཅི་མ་ལོག་པའི་གདམས་ངག་ལ་གནས་པ་ལ་ནི། ངེས་པར་འབྱེད་པའི་ཆ་དང་མཐུན་པར་སྐྱེ་བའི་ཕྱིར་དང་། དེ་ནས་སྒྲུབ་པའི་ཆོས་གང་ལ་བརྟེན་པ་དང་། གང་ལ་དམིགས་པ་དང་། ཆེད་དུ་བྱ་བ་གང་ཡིན་པ་དང་། སྒྲུབ་པ་ཉིད་གང་ཡིན་པ་སྟེ། རྣམ་པ་བཞི་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །

གཉིས་པ་ལམ་ཤེས་ལ་གཉིས། ལམ་ཤེས་སྟོན་བྱེད་ཀྱི་ཆོས་བཅུ་གཅིག་གི་རང་བཞིན་དང་། དེས་ལམ་ཤེས་ཇི་ལྟར་བསྟན་པའི་ཚུལ་ལོ། །དང་པོ་ནི། ཆོས་བཅུ་གཅིག་པོ་འདི་དག་གཉིས་སུ་བསྡུ་སྟེ། ལམ་ཤེས་ཀྱི་རྒྱུ་དང་། དེའི་ངོ་བོའོ། །དང་པོ་ལ་ཡང་འགལ་རྐྱེན་གེགས་དང་བྲལ་བ་དང་། མཐུན་རྐྱེན་རྒྱུ་རྐྱེན་ཚང་བ་གཉིས་ཀྱི་དང་པོ་ནི། རྐྱེན་གཞན་ཚང་བ་ན་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་གེགས་ནི་གཉིས་ཏེ། རང་ཕྱོགས་སུ་རློམ་པའི་ང་རྒྱལ་དང་། དམན་པར་སེམས་པའི་ཞུམ་པའོ། །རང་ཕྱོགས་སུ་རློམ་པ་ནི། གོང་དུ་ཁྱད་པར་ཚོལ་བར་མེད་པའི་ཕྱིར། བྱང་ཆུབ་ཀྱི་སེམས་མི་སྐྱེ་ལ། རང་ཉིད་དམན་པར་སེམས་པ་ལའང་ཁྱད་པར་དོན་དུ་གཉེར་བའི་སྤོབས་པ་མི་སྐྱེ་བས་བྱང་ཆུབ་ཀྱི་སེམས་མི་སྐྱེ་སྟེ། ཇི་སྐད་དུ། ཞུམ་བཅས་རྩོལ་བ་དོར་བ་ལ། །ཕོངས་ལས་ཐར་པ་ཡོད་དམ་ཅི། །ཞེས་པ་ལྟར་རོ། །གེགས་དེ་གཉིས་ཀ་ཡང་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་འདོད་གཟུགས་ཀྱི་ལྷ་རྣམས་ཀྱི་རྣམ་སྨིན་གྱི་འོད་མོག་མོག་པོར་བྱེད་པའི་ཕྲིན་ལས་ཀྱིས་སེལ་ཏེ། རང་གི་ལུས་ཀྱི་འོད་ཀྱིས་ང་རྒྱལ་བའི་འདོད་གཟུགས་ཀྱི་ལྷ་རྣམས་དེ་བཞིན་གཤེགས་པའི་འོད་བསྐལ་བ་དུ་མར་བསོད་ནམས་ཀྱི་ཚོགས་བསྒྲུབས་པ་ལས་བྱུང་བས་མཐུ་ཆེ་བ་དང་། རང་གི་ཟག་བཅས་ཀྱི་ལས་ལས་སྐྱེས་པས་དེ་བས་ཆེས་དམན་པར་རྟོགས་པའི་ཕྱིར་དང། མིའི་ནང་དུ་བདག་ཅག་ལྟ་བུས་བྱང་ཆུབ་ཅི་ལྟར་ཐོབ་སྙམ་དུ་བསམས་ནས། སེམས་ཞུམ་པ་ཁ་ཅིག་གིས་ཀྱང་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་ལྷ་རྣམས་ཀྱི་འོད་ཟིལ་གྱིས་མནོན་པར་མཐོང་བ་ན་མིར་གྱུར་པ་ལས་ཀྱང་འདི་ལྟ་བུའི་ཡོན་ཏན་གྱིས་ཚོགས་ཐོབ་སྙམ་དུ་བྱང་ཆུབ་༼ཐོབ་༽འདོད་ཀྱི་སྤོབས་པ་སྐྱེ་བའི་ཕྱིར་རོ། །དེ་ལྟ་ན་ཡང་ལྷ་རྣམས་རུང་བར་བྱ་བའི་ཕྱིར། །ཅེས་གསུངས་པ་ནི། ལམ་ཤེས་གསུང་པའི་གདུལ་བྱའི་གཙོ་བོ་ལྷ་རྣམས་ཡིན་པས། གཙོ་ཆེ་བའི་དབང་དུ་བྱས་པའོ། །གཉིས་པ་ལ་ཡང་། ལྷན་ཅིག་བྱེད་པའི་རྐྱེན་དང་། ཉེ་བར་ལེན་པའི་རྒྱུ་གཉིས་ཀྱི་དང་པོ་ནི། ཡུལ་ངེས་པ་སྟེ། བྱང་ཆུབ་དུ་སེམས་བསྐྱེད་༼པ་༽ཁོ་ནའི་རྒྱུད་ལ་ལམ་ཤེས་སྐྱེ་བར་སྟོན་པའོ། །དེ་ཡང་འདི་ལྟར། བྱང་ཆུབ་དུ་སེམས་བསྐྱེད་པ་ནི། སྐལ་བ་ཇི་ལྟ་བ་བཞིན་དུ་རིགས་ཅན་གསུམ་གྱི་གདུལ་བྱའི་དོན་བྱེད་པར་འདོད་པས་ཐེག་པ་གསུམ་གྱི་ལམ་ལ་སློབ་པའི་ཕྱིར་རོ། །གཉིས་པ་ནི། ཁྱབ་པ་སྟེ། སངས་རྒྱས་ཀྱི་རིགས་ཀྱིས་ཀུན་ལ་ཁྱབ་པར་སྟོན་པའོ། །སེམས་བསྐྱེད་དང་རིགས་ཙམ་གྱི་ལམ་ཤེས་ཀྱི་རྒྱུ་རྐྱེན་ཚང་བར་མི་རིགས་ཏེ། གདམས་ངག་དང་དེའི་དོན་ཚུལ་བཞིན་ཡིད་ལ་བྱེད་པའི་ངེས་འབྱེད་ཆ་མཐུན་དག་ཀྱང་དགོས་པས་སོ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་། དེ་དག་ཀྱང་དོན་གྱིས་འཕངས་པ་ཡིན་ཏེ། རིགས་ལ་གནས་ཤིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། གདོན་མི་ཟ་བར་བྱང་ཆུབ་ཐོབ་པའི་ཐབས་གདམས་ངག་དོན་དུ་གཉེར་བའི་ཕྱིར་དང་། གདམས་ངག་ཐོབ་པ་ཡང་དེའི་དོན་ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་ཏེ། གདམས་ངག་ནོད་པ་ཡང་དེའི་དོན་བསྒོམ་པར་བྱ་བའི་ཆེད་ཡིན་པས་སོ། །

གཉིས་པ་ལམ་ཤེས་ཀྱི་རང་བཞིན་ཡང་གཉིས་ཏེེ། ཐབས་སྙིང་རྗེ་ཆེན་པོ་དང་། ལམ་གསུམ་མི་དམིགས་པར་ཤེས་པའི་ཤེས་རབ་བོ། །དང་པོ་ནི། ཉོན་མོངས་མི་སྤོང་བའི་རང་བཞིན་དང་། གཞན་དོན་བྱེད་པའི་ལས་གཉིས་ཀྱིས་སྟོན་ཏེ། དེ་གཉིས་ཀྱི་སྙིང་རྗེ་ཆེན་པོའི་མི་མཐུན་ཕྱོགས་ཡང་དག་པའི་མཐའ་མངོན་དུ་བྱེད་པ་སེལ་བའི་ཕྱིར་རོ། །འདི་ལྟར་ཡང་དག་པའི་མཐའ་མངོན་དུ་བྱེད་པའི་རྒྱུ་ནི་གཉིས་ཏེ། འཁོར་བའི་སྡུག་བསྔལ་གྱིས་འཇིག་པ་དང་། སེམས་ཅན་གྱི་དོན་ལ་མངོན་པར་མི་དགའ་བའོ། །དེ་དག་ནི་གོ་རིམ་བཞིན་དུ་ཆོས་གཉིས་ཀྱིས་སེལ་བའི་ཕྱིར་རོ། །ཡུལ་ངེས་པ་ལ་སོགས་པ་བཞི་ནི་འདིར་སོགས་ཀྱི་སྒྲས་བསྟན་ཏོ། །གཉིས་པ་ལ་ཡང་། གཞན་རྗེས་སུ་འཛིན་པའི་ཡན་ལག་ཤེས་པར་བྱ་བའི་མངོན་རྟོགས་དང་། རང་སྨིན་གྲོལ་བྱེད་པའི་ཡན་ལག་མངོན་དུ་བྱེད་པའི་མངོན་རྟོགས་གཉིས་ཀྱི། དང་པོ་ལ་ཡང་ཉན་ཐོས་ཀྱི་རིགས་ཅན་དང་། རང་སངས་རྒྱས་ཀྱི་རིགས་ཅན་རྗེས་སུ་འཛིན་པའི་ལམ་གཉིས་ཀྱི། དེ་དག་ཀྱང་སློབ་མ་བསེ་རུའི་ལམ་གང་དང་ཞེས་པས་སྟོན་ཏེ། ཉན་ཐོས་རྣམས་ནི་གཞན་གྱི་སྒྲའི་རྗེས་སུ་འབྲང་བས་ན། སློབ་མ་ཞེས་བྱ་ལ་བསེ་རུ་ལྟ་བུའི་རང་རྒྱལ་རྣམས་ནི། བསེ་རུའི་རྭ་ལྟར་གྲོགས་མེད་པར་གནས་པས་ན་བསེ་རུ་ཞེས་བཤད་དོ། །

གཉིས་པ་ལ་ཡང་། ཕྱོགས་གཅིག་སྤོང་བའི་དང་། མཐའ་དག་སྤོང་བའི་གཉེན་པོ་གཉིས་ཀྱི་དང་པོ་ནི། ཚེ་འདི་དང་གཞན་གྱི་ཡོན་ཏན་བརྗོད་པའི་སྒོ་ནས་བསྟན་པ་ཕན་ཡོན་ཆེན་པོ་ཅན་གྱི་མཐོང་བའི་ལམ་མོ། །གཉིས་པ་ལ་བྱེད་པ་དང་། བྱེད་པ་ཅན་གྱི་སྒོམ་ལམ་གཉིས་ཀྱི་དང་པོ་ནི། ཀུན་ནས་ཞི་བ་ལ་སོགས་པ་བྱེད་པ་དང་། གཉིས་པ་ལ་རྗེས་ཐོབ་དག་པ་འཇིག་རྟེན་པའི་རང་བཞིན་ཟག་བཅས་སྒོམ་ལམ་དང་། མཉམ་གཞག་རྣམ་པར་མི་རྟོག་པའི་རང་བཞིན་ཟག་མེད་སྒོམ་ལམ་གཉིས་ཀྱི་དང་པོ་ལ་གསུམ་གྱི་དང་པོ་ནི། བསོད་ནམས་མ་སྐྱེས་པ་བསྐྱེད་པར་བྱེད་པ་མོས་པ་ལམ་བྱེད་དང་། དེའི་ཕན་ཡོན་གཉིས་ཀྱི་དང་པོ་ནི། མོས་པ་དང་། ཞེས་སོ། །གཉིས་པ་ནི། དེ་སྒོམ་པའི་བྱང་སེམས་སྤྲོ་བ་བསྐྱེད་པར་བྱེད་པ་གོ་རིམ་བཞིན་དུ། ཆུང་ངུ་དང་། འབྲིང་དང་། ཆེན་པོ་གསུམ་གྱི་སྒོ་ནས་བསྟོད་པ་དང་། བཀུར་བ་དང་། བསྔགས་པའོ། །གཉིས་པ་བསོད་ནམས་སྐྱེད་བྱེད་ནི་བྱང་ཆུབ་ཀྱི་ཡན་ལག་ཏུ་འགྱུར་བར་བྱེད་པ་བསྔོ་བ་ཡིད་བྱེད་ནི། བསྔོ་དང་ཞེས་སོ། །གསུམ་པ་བསོད་ནམས་གོང་ནས་གོང་དུ་སྤེལ་བར་བྱེད་པ་རྗེས་སུ་ཡིད་རང་བ་ནི། རྗེས་སུ་ཡིད་རང་ཡིད་བྱེད་པ་ཞེས་སོ། །གཉིས་པ་ལ་མི་མཐུན་ཕྱོགས་སྤོང་བྱེད་ཀྱི་དངོས་གཉེན་བར་ཆད་མེད་པའི་ལམ་དང་། སྤངས་པའི་རྣམ་གྲོལ་མངོན་དུ་བྱེད་པ་རྣམ་གྲོལ་གྱི་ལམ་གཉིས་སམ། ཡང་ན་ཡོན་ཏན་མངོན་པར་སྒྲུབ་པ་དང་། མི་མཐུན་ཕྱོགས་རྣམ་པར་དག་པར་བྱེད་པ་གཉིས་ཏེ། དེ་དག་ཀྱང་གོ་རིམ་བཞིན་དུ། སྒྲུབ་དང་ཤིན་ཏུ་དག་པ་ཞེས་དང་། བྱ་བ་དེ་ནི་སྒོམ་པའི་ལམ་ཞེས་སོ། །འདི་དག་སོ་སོའི་རང་བཞིན་གཏན་ལ་དབབ་པ་ནི། རང་རང་གི་ཐད་དུ་འཆད་པས་འདིར་མ་སྤྲོས་སོ། །གཉིས་པ་དེས་ལམ་བསྟན་ཚུལ་ནི། བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲར་བཤད ། །ཅེས་སོ། །སྐབས་འདིའི་ཆོས་བཅུ་གཅིག་དང་། སྐབས་དང་པོའི་སེམས་བསྐྱེད་སོགས་ཆོས་བཅུ་ཀ་ཡང་རྣམ་མཁྱེན་གྱི་རྒྱུ་མ་ཚང་བ་མེད་པར་འདྲ་ན་འདིར་བྱང་སེམས་ཀྱི་ལམ་ཤེས་ཞེས་དང་། དེར་ཐུབ་པའི་རྣམ་ཀུན་མཁྱེན་པ་ཞེས་བཤད་པ་ཅི་ཞེ་ན། སེམས་བསྐྱེད་ལ་སོགས་པའི་ཆོས་བཅུ་པོ་དེ་ཉིད་སྐབས་དང་པོར་ཡུལ་གྱིས་ཡུལ་མཚོན་པའི་ཕྱིར་དུ། རྣམ་མཁྱེན་ཀྱི་ཡུལ་གྱི་ལྡོག་པ་ནས་བསྟན་པས་ཐུབ་པའི་ཞེས་སྨོས་ལ། འདིར་རྣམ་མཁྱེན་ཐོབ་བྱེད་ཀྱི་རྒྱུ་ཤེས་པར་བྱ་བའི་ཕྱིར། རྒྱུ་ཡི་ལྡོག་པ་ནས་བསྟན་པས་བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི་ཞེས་བསྟན་ཏོ། །འདིར་བྱང་སེམས་ཀྱིས་ཐེག་པ་གསུམ་གྱི་ལམ་རྣམས་ཐོས་བསམ་གྱིས་གཞན་རིག་གི་ཚུལ་དུ་ཤེས་པར་བྱའམ། འོན་ཏེ་སྒོམ་བྱུང་གི་རང་རིག་པའི་ཚུལ་དུ་ཤེས་པར་བྱ་བ་ཡིན་ཞེ་ན། གང་དག་བྱང་སེམས་ཀྱི་རྒྱུད་ལ་གཞི་ཤེས་མཚན་ཉིད་པ་མེད་པར་འདོད་པ་དག་གི་ལྟར་ན། ཉན་རང་གི་ལམ་ཐོས་བསམ་གྱིས་གཞན་རིག་གི་ཚུལ་དུ་ཤེས་པར་ཁས་བླངས་དགོས་ཏེ། ཉན་རང་གི་ལམ་ལ་གཞི་ཤེས་མཚན་ཉིད་པས་ཁྱབ་པའི་ཕྱིར་རོ། །དེ་ལྟར་ཡང་མི་རིགས་ཏེ། འདི་ལྟར་ཐོས་བསམ་གྱི་ཤེས་པ་ནི་རྟོག་བཅས་ཡིན་པས་ཡུལ་མི་གསལ་ཞིང་ལྐོག་ཏུ་གྱུར་པའི་ཕྱིར། བྱང་སེམས་ཀྱི་ལམ་དེ་གཞན་ལ་ཕྱིན་ཅི་མ་ལོག་པར་འཆད་མི་ནུས་པར་འགྱུར་ཏེ། རྣམ་འགྲེལ་ལས། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་བཀའ་བ་ཡིན། །ཞེས་པ་ལྟར་རོ། །ཅི་སྟེ་རྟགས་ལ་བརྟེན་ནས་ཕྱིན་ཅི་མ་ལོག་པར་འཆད་དོ་ཞེ་ན། དེ་ལྟར་ན། བྱང་སེམས་འཕགས་པ་རྣམས་ཀྱིས་གཞན་ལ་ཆོས་སྟོན་པ་བྱིས་པ་དང་ཚུལ་མཚུངས་པས་གཞན་གྱི་ཁམས་དང་བསམ་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་འཛིན་མི་ནུས་པར་འགྱུར་ཏེ། ཇི་སྐད་དུ། མདོ་སྡེ་རྒྱན་དུ། རྟོག་གེས་བརྟེན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱེ་བ་ཅན། །བྱིས་པ་ལ་ནི་བརྟེན་པར་འདོད་ཅེས། གཏན་ཚིགས་ལ་བརྟེན་པའི་རྟོག་གེ་ནི་བྱིས་པའི་ཚུལ་ཡིན་པར་གསུངས་སོ། །དེ་བས་ན། ལམ་གསུམ་ཀ་སྒོམ་བྱུང་གིས་རང་རིག་པའི་ཚུལ་དུ་ཤེས་པ་ཡིན་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་ཤེས་པ་དང་། མཐོང་བས་བལྟས་ནས་འདའ་བར་འདོད་པའི་ཞེས་པའི་འགྲེལ་པར་ཤེས་པ་སྨོས་པས་རྗེས་སུ་དཔག་པས་ཤེས་པ་བསལ་ལ། མཐོང་བ་སྨོས་པས་འཁྲུལ་པའི་ཤེས་པ་བསལ་ཞེས་བཤད་པ་དང་། ལམ་ཤེས་ཀྱི་མདོར་ཡང་། ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང་། སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ཞེས་གསུངས་པས་སོ། །གལ་ཏེ་ཉན་རང་གི་ལམ་བྱང་སེམས་ཀྱི་རྒྱུད་ལ་བསྐྱེད་ན་ཐབས་དང་བྲལ་བའི་ལམ་མངོན་དུ་བྱས་པས་ཉན་རང་གི་སར་ལྟུང་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། བདེན་བཞི་མི་བདག་ལ་སོགས་བཅུ་དྲུག་དུ་རྟོགས་པའི་མངོན་རྟོགས་དེ་ཉིད་ཉན་རང་གི་རྒྱུད་ལ་ཐབས་དང་བྲལ་ཞིང་མཚན་འཛིན་དང་། རྗེས་སུ་འབྲེལ་བར་སྐྱེ་བས་མྱང་འདས་སུ་ཁྲིད་པར་བྱེད་ཅིང་བྱང་སེམས་ལམ་གྱི་མི་མཐུན་ཕྱོགས་སུ་འགྱུར་ལ། བྱང་སེམས་ཀྱི་རྒྱུད་ལ་ཐབས་དང་ཤེས་རབ་ཁྱད་པར་ཅན་གྱིས་ཟིན་པས་མྱང་འདས་སུ་ཁྲིད་བྱེད་ཀྱང་མ་ཡིན་ལ། བྱང་སེམས་ལམ་གྱི་སྤང་བྱ་ཡང་མ་ཡིན་མོད། འོན་ཀྱང་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་ཏུ་རྟོགས་པའི་ལྡོག་པ་ནས་ཉན་རང་གི་༼མངོན་༽རྟོགས་སུ་འཇོག་སྟེ། སྒྲིབ་པ་གཉིས་ཀྱི་ནང་ནས་ཉོན་སྒྲིབ་ཀྱི་གཉེན་པོ་དང་། འབྲས་བུ་མྱང་འདས་སྒྲུབ་བྱེད་ཀྱི་མངོན་རྟོགས་ཀྱི་རིགས་ཡིན་པས་སོ། །

གསུམ་པ་གཞི་ཤེས་ལ། ཆོས་དགུའི་རང་བཞིན་དང་། དེས་གཞི་ཤེས་བསྟན་ཚུལ་གཉིས་ཀྱི། དང་པོ་ལ་དྲུག །གཞི་ཤེས་ཀྱི་ངོ་བོ་ཉེ་རིང་གི་རྒྱུ་མཚན་མི་མཐུན་ཕྱོགས་དང་། གཉེན་པོའི་དབྱེ་བ། གཞི་ཤེས་སྒོམ་པའི་སྦྱོར་བ། སྦྱོར་བ་དེའི་མཉམ་ཉིད་རྟོགས་པའི་འབྲས་བུ་མཐོང་ལམ་རྣམས་སོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞི་ཤེས་པའི་ཤེར་ཕྱིན་ནི་སྲིད་པ་འཁོར་བའི་མཐའ་ལ་མི་གནས་ཏེ། དུས་གསུམ་མཉམ་པ་ཉིད་དུ་ཤེས་པས་ཤེས་རབ་ཀྱིས་འཁོར་བའི་སྐྱོན་མཐོང་བས་སོ། །ཞི་བ་མྱང་འདས་ཀྱི་མཐའ་ལ་ཡང་མི་གནས་ཏེ། སྙིང་རྗེས་གཞན་གྱི་དོན་བྱེད་པས་སོ། །དེ་ལས་ཟློག་པ་ཉན་རང་རྣམས་ཀྱི་གཞི་ཤེས་ནི། སྲིད་ཞི་གང་རུང་གི་མཐའ་ལ་གནས་པར་བསྟན་ཏོ། །གཉིས་པ་ནི། བཤད་མ་ཐག་པའི་རྒྱུ་མཚན་འགོད་པ་སྟེ། ཅིའི་ཕྱིར་ཉན་རང་གི་གཞི་ཤེས་སྲིད་ཞི་ལ་གནས་ཞེ་ན། དེ་དག་ནི་མི་གནས་པའི་མྱང་འདས་ཀྱི་རང་བཞིན་འབྲས་ཡུམ་ལ་རིང་བ་ཡིན་ཏེ། བདེན་གཉིས་རྟོགས་པའི་ཐབས་ལ་མཁས་པ་མ་ཡིན་པ་གཞི་ལམ་འབྲས་བུ་ལ་མཚན་མར་འཛིན་པས་སོ། །ཅིའི་ཕྱིར་བྱང་སེམས་ཀྱི་གཞི་ཤེས་སྲིད་ཞི་ལ་མི་གནས་ཞེ་ན། བྱང་སེམས་རྣམས་ཀྱི་ནི་མི་གནས་པའི་མྱང་འདས་ཡུམ་ལ་རིང་བ་མ་ཡིན་ཏེ། བདེན་གཉིས་རྟོགས་པའི་ཐབས་ལ་མཁས་པ་ཉིད་ཀྱིས་གང་ལ་ཡང་མཚན་མར་མི་འཛིན་པས་སོ། །གསུམ་པ་ནི། ཉན་རང་རྣམས་ཀྱི་གཞི་ཤེས་པ་ནི་ཇི་སྐད་བཤད་པའི་ཚུལ་གྱི་ཐབས་ཤེས་དང་བྲལ་བར་སྐྱེ་བའི་ཕྱིར་བྱང་སེམས་ཀྱི་སྤང་བྱ་ཡིན་པས་མི་མཐུན་ཕྱོགས་ཡིན་ལ། བྱང་སེམས་ཀྱི་ནི་ཐབས་ཤེས་ཀྱི་ཟིན་པས་བླང་བྱ་ཡིན་པའི་ཕྱིར་གཉེན་པོའི་ཕྱོགས་དག་ཡིན་ནོ། །འདིར་ཉན་རང་གི་ལམ་མཚན་འཛིན་གཞི་ཤེས་སུ་བསྟན་པ་ལ། དེང་སང་གཞན་དག་མཚན་འཛིན་གྱི་ངོ་བོར་འདོད་པ་ནི་མ་ཡིན་ཏེ། གལ་ཏེ་ཉན་རང་དག་གིས་མཉམ་གཞག་དུ་ཡང་མི་རྟག་པ་སོགས་ཀྱི་མཚན་མར་འཛིན་ན་རྟོག་པ་དང་བཅས་པའི་ཕྱིར། མི་རྟག་པ་ལ་སོགས་པ་བདེན་པའི་རྣམ་པ་མངོན་སུམ་དུ་མ་རྟོགས་པར་འགྱུར་ཏེ། རྣམ་པར་རྟོག་དང་རྗེས་འབྲེལ་བ། །དོན་གསལ་སྣང་བ་ཅན་མ་ཡིན། །ཅེས་པ་ལྟར་། རྟོག་པ་ལ་ཡུལ་གསལ་བར་སྣང་བ་མི་སྲིད་པས་སོ། །དེ་ལྟར་ན་ཉོན་མོངས་པའི་སྒྲིབ་པ་ཡང་སྤང་མི་ནུས་པར་ཐལ་བར་འགྱུར་རོ། །དེ་བས་ན། ཉན་རང་གི་མཉམ་གཞག་དུ་མི་རྟག་པ་ལ་སོགས་པའི་དོན་མངོན་སུམ་དུ་མཐོང་བས་མཚན་མར་འཛིན་པ་མེད་ཀྱི། འོན་ཀྱང་མི་རྟག་པ་སོགས་ཆོས་སུ་འཛིན་པའི་གཉེན་པོར་མི་བྱེད་དེ། སྔར་ཐོས་བསམ་གྱི་དུས་སུ་ཆོས་རང་བཞིན་མེད་པ་གཏན་ལ་མ་ཕབས་པའི་ཕྱིར་དང་། སྒོམ་པས་འདྲིས་པར་མ་བྱས་པའི་སྟོབས་ཀྱིས་རྗེས་ཐོབ་ཏུ་མི་རྟག་པ་ལ་སོགས་པ་ཆོས་ཀྱི་མཚན་འཛིན་དང་ལྡན་པར་སྐྱེ་བའི་ཕྱིར་རོ། །དེས་ན་མཚན་འཛིན་གྱིས་བཅིངས་པའི་ཕྱིར་མཚན་འཛིན་གཞི་ཤེས་ཞེས་བྱའི་མཚན་འཛིན་གྱི་ངོ་བོར་གྱུར་པས་ནི་མ་ཡིན་ནོ། །བྱང་སེམས་ཀྱིས་སྤོང་ཞེས་པའང་མཚན་འཛིན་གྱི་ཆ་དེར་སོང་བ་ཡིན་གྱི་ལམ་གྱི་ངོ་བོ་མི་རྟག་སོགས་སུ་རྟོག་པའི་ལྡོག་ཆ་ནི་མི་སྤོང་སྟེ། དེ་ནི་ཡོན་ཏན་ཡར་ལྡན་དུ་རང་གི་རྒྱུད་ལ་ཡང་བསྐྱེད་པའི་ཕྱིར་རོ། །བཞི་པ་ནི། དེ་ལྟར་བྱང་སེམས་ཀྱི་གཞི་ཤེས་མཚན་འཛིན་དང་བྲལ་བ་དང་། ཉན་རང་གི་མཚན་འཛིན་དང་འབྲེལ་བར་སྐྱེ་བ་ཡང་། བྱང་སེམས་རྣམས་ཀྱི་གཟུགས་སོགས་གཞིའི་ཆོས་རྣམས་ཀྱི་ངོ་བོ་དང་། མི་རྟག་པ་ལ་སོགས་པ་ཁྱད་པར་རྣམས་ལ་ཞེན་སྤྱོད་བཀག་ནས་སྦྱོར་བ་བསྒོམ་པར་བྱེད་པ། ཉན་རང་རྣམས་ཀྱིས་དེ་ལས་བཟློག་ཏེ། གཞི་ངོ་བོ་དང་མི་རྟག་པ་སོགས་ཁྱད་པར་རྣམས་ལ་མངོན་པར་ཞེན་པའི་སྒོ་ནས་སྦྱོར་བ་བསྒོམ་པར་བྱེད་དོ། །ལྔ་པ་ནི། བྱང་སེམས་སྦྱོར་བ་དེའི་མཉམ་པ་ཉིད་ནི་གཟུགས་སོགས་ཀྱི་ངོ་བོ་དང་། མཚན་མ་དང་། སྤྲོས་པ་དང་། རྟོག་པ་ལ་རློམ་པ་བཀག་པ་དང་། ཉན་རང་གི་སྦྱོར་བའི་མཉམ་པ་ཉིད་ནི་དེ་ལས་བཟློག་སྟེ། གཟུགས་སོགས་ལ་ཡུལ་དང་ཡུལ་ཅན་དུ་རློམ་པའོ། །དྲུག་པ་ནི། ཉན་ཐོས་ལ་སོགས་མཐོང་བའི་ལམ་ཞེས་པ་ལ། པཎྜི་ཏ་ཁ་ཅིག་སོགས་ལ་བསྡུ་བྱ་མེད་པས། ཨ་ཏིའི་སྒྲ་མཆོག་ལ་འཇུག་པས་ཉན་ཐོས་མཐོང་བ་མཆོག་གི་ལམ་ཞེས་སྟོན་ནས་མཐོང་ལམ་རྟོགས་པ་ཆོས་དྲུག་གི་མཆོག་ཡིན་ནོ། །ཞེས་ཟེར་རོ། །འདིར་མདོར་བསྟན་གྱིས་ཟིན་པའི་མཐོང་ལམ་དེ་གང་། ཤུགས་འཕངས་ཉན་ཐོས་ཀྱིའམ། འོན་ཏེ་དངོས་བསྟན་བྱང་སེམས་ཀྱི་ཡིན། དང་པོ་ལྟར་ན། ཡན་ལག་རྒྱས་བཤད་དུ་ཡང་། དེ་ཉིད་དངོས་སུ་བསྟན་པར་རིགས་ཏེ། ལུས་དང་ཡན་ལག་མཐུན་དགོས་པས་སོ། །གཉིས་པ་ལྟར་ན། ཉན་ཐོས་ཞེས་སྨོས་པ་མི་རིགས་སོ་ཞེ་ན། འདི་ལ་སྔ་མ་དག་གིས་དཔྱད་པ་མ་བྱས་ཀྱང་། ཤུགས་འཕངས་ཉན་ཐོས་ཀྱི་ལམ་བཟུང་བར་སེམས་མོད། དེ་ལ་ནི། གོང་དུ་བཤད་མ་ཐག་པའི་ཉེས་པ་བཟློག་མི་ནུས་ཤིང་། དངོས་བསྟན་དོར་ནས་ཤུགས་འཕངས་འཛིན་པ་མཁས་པ་རྣམས་ཀྱི་ལུགས་ལས་འདས་པ་ཡིན་ནོ། །དེས་ན་འདིར་སྒྲོ་འདོགས་ཟུང་བཅུ་དྲུག་གི་གཉེན་པོར་གྱུར་པའི་དངོས་བསྟན་གྱི་མཐོང་ལམ་ཉིད་འདིར་བཟུང་བ་ཡིན་ལ། དེ་ཉིད་ཉན་ཐོས་དང་སོགས་པས་བྱང་སེམས་ཀྱི་ཡང་མཐོང་ལམ་ཞེས་བྱ་སྟེ། བྱང་སེམས་ཀྱི་མཐོང་ལམ་དངོས་ཡིན་པའི་ཕྱིར་དང་། ཉན་ཐོས་ཀྱི་མཐོང་ལམ་འཕེན་བྱེད་ཡིན་པའི་ཕྱིར་རོ། །དེས་ན། དེ་ཉིད་ཀྱིས་ཉན་ཐོས་ཀྱི་མཐོང་ལམ་བཟློག་སྟེ། བསྟན་པར་ཤེས་པའི་ཕྱིར། འདིར་ཉན་ཐོས་ཞེས་པའི་སྒྲ་སྦྱར་བ་ཡིན་ཏེ། འདིར་གཟུགས་རྟག་མ་ཡིན་མི་རྟག་མིན་ཞེས་སོགས་ཀྱི་ལམ་དེ་ཉན་ཐོས་ཀྱི་མཐོང་ལམ་དུ་བསྟན་པ་ན། དེས་ཉན་ཐོས་ཀྱི་མཐོང་ལམ་དངོས་མ་ཡིན་པར་རྟོགས་སླ་བས་བཟློག་པའི་སྒོ་ནས་བསྟན་པར་དོན་གྱིས་གོ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་གཞི་ཤེས་ཀྱི་སྐབས་སུ་བྱང་སེམས་ཀྱི་མཐོང་ལམ་དངོས་སུ་བསྟན་པས་ཉན་ཐོས་ཀྱི་ལྡོག་པའི་སྒོ་ནས་བསྟན་པར་རྟོགས་པ་ན། སྦྱོར་བ་དང་། མཉམ་ཉིད་དང་། ཤེས་པས་སྲིད་ལ་མི་གནས་ཞེས་སོགས་གང་དུ་བྱང་སེམས་ཀྱི་ལམ་དངོས་སུ་བསྟན་ཅིང་ཉན་ཐོས་ཀྱིས་མ་བསྟན་པ་དེར་ཡང་བཟློག་པའི་སྒོ་ནས་བསྟན་པ་ཤེས་པས། དེའི་ཕྱིར་འགྲེལ་པར། ཀུན་ཤེས་པ་ཉིད་ཀྱིས་སྐབས་སུ་བཟློག་སྟེ། བསྟན་ཅེས་གསུངས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན། ཀུན་ཤེས་པའི་སྐབས་སུ་བཟློག་ཏེ། ཉན་ཐོས་ཀྱི་ལམ་བསྟན་པའི་ཤེས་བྱེད་མེད་པས། དེ་སྐད་གསུང་བ་མི་རིགས་པར་འགྱུར་རོ། །དེ་བས་ན། སྐབས་འདིའི་ཉན་ཐོས་ཞེས་པའི་ཚིག་ནི་དོན་ཆེན་པོ་དང་ལྡན་པ་ཡིན་ཡང་སྔོན་ཆད་སྒྲ་ཙམ་ཟློས་པར་ཟད་ཀྱི་དོན་རྟོགས་པ་མ་བྱུང་ངོ་། །གཉིས་པ་ནི། འདི་འདྲ་ཀུན་ཤེས་ཉིད་དུ་འདོད། །ཅེས་སོ། །འདི་ལ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་རྗེས་སུ་འབྲངས་ནས། སྔ་རབས་པ་ཀུན་མི་མཐུན་ཕྱོགས་ཀྱི་གཞི་ཤེས་གཙོ་བོར་བསྟན་ལ། གཉེན་པོ་གཞི་ཤེས་ཕལ་པའི་ཚུལ་དུ་བསྟན་ནོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། སྐབས་འདིར་ཉན་ཐོས་ཀྱི་ལམ་ནི་ཕལ་ཆེར་ཤུགས་ལ་བསྟན་ལ། བསྟན་བྱའི་གཙོ་བོ་ཤུགས་ལ་སྟོན་པ་ཡང་བསྟན་བཅོས་རྩོམ་པ་པོ་གང་གི་ཡང་ལུགས་ལ་མི་སྣང་ཞིང་། སྨྲ་བ་པོ་མི་མཁས་པར་ཡང་འགྱུར་བའི་ཕྱིར་རོ། །གལ་ཏེ་ཉན་ཐོས་ཀྱི་ལམ་ཉིད་བསྟན་བྱའི་གཙོ་བོ་ཡིན་ན། མདོ་ལས་བྱང་སེམས་ཀྱི་ལམ་དངོས་སུ་བསྟན་ཡང་བསྟན་བཅོས་སུ་ཉན་ཐོས་ཀྱི་ལམ་དངོས་སུ་བསྟན་པར་རིགས་ཏེ། དཔེར་ན། སྐབས་ལྔ་པའི་གཟུང་འཛིན་གྱི་རྟོག་པ་རྣམས་མདོ་ལས། གཉེན་པོ་དངོས་སུ་བསྟན་པའི་སྒོ་ནས་ཤུགས་སུ་འཕངས་པ་ན། བསྟན་བཅོས་སུ་ཤུགས་འཕངས་རྟོགས་པ་ཉིད་དངོས་སུ་བསྟན་པ་ལྟ་བུའོ། །དེས་ན། གཞི་ལེགས་པར་མ་ཤེས་པར་ཐེག་པ་གསུམ་གྱི་ལམ་ལེགས་པར་ཤེས་པ་མེད་པས། དེའི་ཕྱིར་ལམ་ཤེས་རྣམ་པར་དག་པའི་ཡན་ལག་ཏུ་སྐབས་འདིར་གཉེན་པོ་གཞི་ཤེས་ཉིད་གཙོ་བོར་གཏན་ལ་འབེབས་པ་ཡིན་ལ་ཉན་ཐོས་ཀྱི་ལམ་ནི་མི་མཐུན་ཕྱོགས་སུ་ཤེས་པར་བྱ་བའི་ཕྱིར་ཤུགས་ལ་བསྟན་པ་ཙམ་ཡིན་ནོ། །

ག །ཉིས་པ་སྦྱོར་བ་ལ་གཉིས། དབང་དུ་བྱ་བ་རྒྱུ་འབྲས་དང་། བརྟན་པ་རྒྱུ་འབྲས་གཉིས་ཀྱི་དང་པོ་ལ་ཡང་གཉིས་ཀྱི་དང་པོ། རྣམ་ཀུན་ལ་ཆོས་བཅུ་གཅིག་པོ་སོ་སོའི་རང་བཞིན་དེས་རྣམ་ཀུན་བསྟན་ཚུལ་ལ་གཉིས་ཀྱི་དང་པོ་ལ། རྣམ་ཀུན་ཙམ་པོ་དང་། ཁྱད་པར་ཅན་གྱི་སྒོམ་རིམ་གཉིས་ཀྱི་དང་པོ་ལ་བསྒོམ་བྱ། སྒོམ་ཚུལ། སྒོམ་པའི་མངོན་༼སྔོན་༽དུ་འགྲོ་བའི་ཆོས་གསུམ་གྱི། དང་པོ་གཉིས་ནི་གོང་རིམ་བཞིན་དུ། རྣམ་པ་སྦྱོར་བ་བཅས་རྣམས་དང་ཞེས་སོ། །གསུམ་པ་ལ་བླང་བྱ་དོར་བྱ་ཤེས་བྱ་རྒྱུད་ལ་སྐྱེས་པར་བྱ་བ་བཞི་སྟེ། དེ་དག་ཀྱང་གོ་རིམ་བཞིན་དུ། ཡོན་ཏན་སྐྱོན་གཉིས་མཚན་ཉིད་བཅས། །ཐར་དང་ཞེས་པའོ། །གཉིས་པ་སྦྱོར་བ་སྐྱེ་བའི་གནས་སྐབས་རྟེན་གྱི་གང་ཟག །གང་ཟག་དེའི་སྒོམ་རིམ་གསུམ་གྱི། དང་པོ་གཉིས་ནི། གོ་རིམ་བཞིན་དུ། ངེས་འབྱེད་ཆ་མཐུན་དང་། སློབ་མ་ཕྱིར་མི་ལྡོག་པའི་ཚོགས་ཞེས་སོ། །གསུམ་པ་ལ་ཆོས་སྐུའི་རྒྱུ་སྲིད་ཞི་མཉམ་ཉིད། གཟུགས་སྐུའི་རྒྱུ་ཞིང་དག་པ། ཕྲིན་ལས་ཀྱི་རྒྱུ་ཐབས་མཁས་དང་གསུམ་སྟེ། གོ་རིམ་བཞིན་དུ། སྲིད་དང་ཞི་བས་མཉམ་ཉིད་དང་། །ཞིང་དག་བླ་ན་མེད་པ་ནི། །ཞེས་དང་། འདི་ནི་ཐབས་མཁས་བཅས་པ་ཡིན་ཅེས་པ་རྣམས་སོ། །གཉིས་པ་ནི། ཆོས་བཅུ་གཅིག་པོ་འདི་དག་ལ་བརྟེན་པ་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་པོ་ཀུན་རྟོགས་པས་ན་རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ་ཞེས་སོ། །

གཉིས་པ་རྟོག་པ་ལྷུན་གྲུབ་རྩེ་མོའི་རྣལ་འབྱོར་ལ་ཆོས་བརྒྱད་ཀྱི་རང་བཞིན། དེས་རྩེ་མོ་བསྟན་ཚུལ་དང་པོ་ལ་བཞིའི་དང་པོ་སྦྱོར་ལམ་རྩེ་མོ་ནི། རྩེ་མོའི་རྣལ་འབྱོར་སྔར་མ་ཐོབ་པ་ཐོབ་པ་མཚོན་བྱེད་རྩེ་མོ། དེའི་རྟགས་རྣམ་པ་བཅུ་གཉིས་ཀྱི་བསྟན་པ་དྲོད། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་བསོད་ནམས་རྣམ་པར་འཕེལ་བ་བཅུ་དྲུག་གིས་བསྟན་པ་རྩེ་མོ་དང་། མཁྱེན་གསུམ་གྱི་ཆོས་ཡོངས་སུ་རྫོགས་པའི་ཤེས་རབ་དང་། སེམས་ཅན་གྱི་དོན་མི་གཏོང་བའི་ཐབས་སྙིང་རྗེ་ཆེན་པོ་བརྟན་པའི་བཟོད་པ་དང་། སྟོང་གསུམ་སྲང་ལ་གཞལ་བའི་བསོད་ནམས་བས་ཆེས་མང་བའི་བསོད་ནམས་དང་ལྡན་པ་སེམས་ཀུན་ཏུ་གནས་པའི་ཆོས་མཆོག་རྣམས་སོ། །གཉིས་པ་མཐོང་ལམ་རྩེ་མོ་ནི། མཐོང་ཞེས་བྱ་བའི་ལམ། གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་ཡི་གཉེན་པོ་རྣམ་བཞི་དང་བཅས་པ་དང་། གསུམ་པ་སྒོམ་ལམ་རྩེ་མོ་ནི། སྒོམ་ཞེས་བྱ་བའི་ལམ་གཟུང་འཛིན་གྱི་རྣམ་པར་རྟོག་པ་རྣམ་པ་བཞི་ཡི་གཉེན་པོ་རྣམ་པ་བཞི་དང་བཅས་པ་དང་། བཞི་པ་བར་ཆད་མེད་རྩེ་ལ་དངོས་དང་། སྤང་བྱ་ལོག་སྒྲུབ་གཉིས་ཀྱི། དང་པོ་ནི། སངས་རྒྱས་ཐོབ་པ་ལ་སྒྲུབ་པ་གཞན་གྱི་བར་ཆད་མེད་པ་ས་བཅུ་རྒྱུན་མཐའི་ཏིང་ངེ་འཛིན་དང་། གཉིས་པ་ནི། བར་ཆད་མེད་པའི་ཏིང་ངེ་འཛིན་ནི་འབྲས་བུ་རྣམ་མཁྱེན་དང་བཅས་པའི་དམིགས་རྣམ་ལ། བདེན་གཉིས་འགལ་བར་བརྩད་པ་ཡིན་ནོ། །གཉིས་པ་ནི། ཆོས་བརྒྱད་པོ་དེ་དག་གིས་རྩེ་མོའི་མངོན་རྟོགས་ངོ་བོའི་སྒོ་ནས་བསྟན་ཏོ། །

གཉིས་པ་བརྟན་པ་རྒྱུ་འབྲས་ལ་གཉིས་ཀྱི་དང་པོ་ནི་གོ་རིམ་གྱི་རྣལ་འབྱོར་མཐར་གྱིས་པ་ནི་བསམ་པ་ཕུན་ཚོགས་རྗེས་དྲན་དྲུག །སྦྱོར་བ་ཕུན་ཚོགས་ཕར་ཕྱིན་དྲུག །དེ་ཐམས་ཅད་རྣམ་པར་དག་བྱེད་དངོས་མེད་ངོ་བོ་ཉིད་མེད་པའི་དང་། ཆོས་བཅུ་གསུམ་གྱི་སྒོ་ནས། སོ་སོ་དང་བསྡུས་པ་ཉིད་དུ་རྟོགས་པའི་དོན་རྣམས་གོ་རིམ་དུ་བཀླགས་ནས་བསྒོམ་པས་ན། མཐར་གྱིས་པ། རྣམ་གསུམ་རྣམ་བཅུ་ཞེས་སོ། །

གཉིས་པ་བློའི་ནུས་པ་མཐར་ཐུག་པ་སྐད་ཅིག་མའི་སྦྱོར་བ་ནི། མཐར་གྱིས་པ་ཤིན་ཏུ་བསྒོམ་པར་བྱས་པའི་མཐུས་གོམས་པ་རབ་ཀྱི་མཐར་ཕྱིན་པ་ན། སྦྱིན་པ་ལྟ་བུ་ཟག་མེད་ཀྱི་ཆོས་མངོན་སུམ་དུ་བྱས་པ་ན། དེ་དང་རིགས་མཐུན་པའི་ཟག་མེད་ཀྱི་ཆོས་ཀུན་འབད་རྩོལ་མེད་པར་མངོན་སུམ་དུ་འགྱུར་བ་ནི། སྐད་ཅིག་མ་གཅིག་གིས་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་ལ། དེ་ཡང་རྒྱུན་མཐའི་ཡེ་ཤེས་གཅིག་ཉིད་ལ་མཚན་ཉིད་མི་འདྲ་བ་ཉིད་ཀྱིས་རྣམ་པར་སྨིན་པ་དང་རྣམ་པར་སྨིན་པ་མ་ཡིན་པ་དང་། མཚན་ཉིད་མེད་པ་དང་། གཉིས་སུ་མེད་པའི་སྐད་ཅིག་མ་རྣམས་ལའོ། །ས་བརྒྱད་པ་ཡན་ཆད་དུ་ཐོབ་པའི་ཟག་མེད་རྣམས་ནི། ཟག་མེད་རྣམ་པར་སྨིན་པ་ཞེས་བྱ་སྟེ། འབད་རྩོལ་ལ་མི་ལྟོས་པར་རང་གི་ངང་གིས་ཐོབ་པའི་ཡོན་ཏན་ཡིན་པས་སོ། །མ་དག་ས་མདུན་དུ་ཐོབ་པའི་ཡོན་ཏན་རྣམས་ནི་ཟག་མེད་རྣམ་པར་སྨིན་པ་མ་ཡིན་པ་ཞེས་བྱ་སྟེ། འབད་རྩོལ་གྱིས་བསྒྲུབ་པས་སོ། །དེ་གཉིས་མངོན་དུ་བྱེད་པའི་ལྡོག་པ་ནས་རྣམ་པར་སྨིན་པ་དང་། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མར་བཞག་ལ། ཆོས་རྣམས་ཀུན་རྫོབ་དུ་སྒྱུ་མ་ལྟར་རང་བཞིན་མེད་པ་དང་། དོན་དམ་པར་གཟུང་འཛིན་གཉིས་སུ་མེད་པར་རྟོགས་པའི་ཆ་ནས་མཚན་ཉིད་མེད་པ་དང་གཉིས་སུ་མེད་པའི་སྐད་ཅིག་མར་བཞག་གོ །འདིར་སྐད་ཅིག་མ་གང་ཡིན་དུས་མཐའི་འམ། འོན་ཏེ་བྱ་རྫོགས་ཀྱི་སྐད་ཅིག་མ་ཡིན། དང་པོ་ལྟར་ན་ཧ་ཅང་ཡུན་ཐུང་བའི་ཕྱིར་དེ་ཙམ་ལ་བསྐལ་པ་གྲངས་མེད་པ་གསུམ་དུ་སྒོམ་པའི་ཡོན་ཏན་རྣམས་མངོན་དུ་བྱེད་མི་ནུས་སོ། །གཉིས་པ་ལྟར་ན། མཐར་གྱིས་པ་དང་ཁྱད་མེད་པར་འགྱུར་ཏེ། དེས་ཀྱང་སྔར་ཐོབ་ཟིན་པའི་ཡོན་ཏན་རྣམས་གོ་རིམ་བཞིན་མངོན་དུ་བྱེད་པའི་ཕྱིར་དང་། དེའི་རང་གི་བྱ་བ་མ་རྫོགས་ཀྱི་བར་ཡང་སྐད་ཅིག་མ་ཡིན་པས་སོ་ཞེ་ན། འདི་ནི་མཐར་གྱིས་པའི་བསྒོམ་ཚུལ་ལ་རག་ལས་ཏེ། གལ་ཏེ་མཐར་གྱིས་པ་བསྒོམ་པའི་ཚེ། དྲན་པ་ཉེར་བཞག་ནས་སྒོམ་ལམ་རྩེ་མོའི་བར་སྔར་ཐོབ་ཟིན་གྱི་མངོན་རྟོགས་རྣམས། སྔར་ཇི་ལྟར་རྒྱུད་ལ་སྐྱེས་པའི་རིམ་པས་ཡིད་ལ་བཀླགས་ནས་བསྒོམ་ན་ནི་བྱ་རྫོགས་ཀྱི་སྐད་ཅིག་མ་ཡིན་ཏེ། དུས་མཐའི་སྐད་ཅིག་ལ་སྔར་ཐོབ་ཟིན་ཡོན་ཏན་གྱི་རྫས་རྣམས་མངོན་དུ་བྱེད་མི་ནུས་པའི་ཕྱིར་རོ། །དེ་ལྟ་ན་ཡང་མཐར་གྱིས་པ་དང་ཁྱད་མེད་དུ་མི་འགྱུར་ཏེ། མཐར་གྱིས་པས་འབད་རྩོལ་ལ་ལྟོས་པའི་ཕྱིར་དང་། འདི་འབད་མེད་དུ་རང་གི་ངང་གིས་མངོན་དུ་འགྱུར་བའི་ཕྱིར་ཏེ། དཔེར་ན་གཞུང་གོམས་པས་འདོན་པ་དང་། འབད་པས་འདོན་པའི་ཁྱད་པར་བཞིན་ནོ། །ཅི་སྟེ་མཐར་གྱིས་པའི་སྒོམ་ཚུལ། སྦྱིན་སོགས་རེ་རེ་ཡང་དཀར་ཆོས་གཞན་དང་འབྲེལ་བར་བྱས་ཤིང་གོ་རིམ་དུ་སྒོམ་པ་ཡིན་ན། གོམས་པ་རབ་ཀྱི་མཐར་ཕྱིན་པ་ན་སྦྱིན་པ་ལྟ་བུའི་ཆོས་གཅིག་ཀྱང་དྲན་པ་ཉེར་བཞག་སོགས་སྔར་ཐོབ་ཟིན་གྱི་ཡོན་ཏན་ཐམས་ཅད་ཀྱི་མཚན་ཉིད་དང་ལྡན་པར་སྐྱེ་བས་ཆོས་གཅིག་གི་ནང་དུ་ཡང་ཡོན་ཏན་གཞན་ཐམས་ཅད་མཚན་ཉིད་ཀྱི་སྒོ་ནས་འདུ་བས་དེའི་ཕྱིར་ཆོས་གཅིག་མངོན་དུ་བྱས་པ་ན་ཡང་ཀུན་མངོན་དུ་བྱས་པར་འགྱུར་བས་དུས་མཐའི་སྐད་ཅིག་མ་ཡིན་པ་ལ་གནོད་པ་མེད་དོ། །དེ་ལྟར་བྱས་ན་ཇི་ལྟར་སྐྱེས་བུ་ཟོ་ཆུན་རྒྱུད། །བདོག་ཐབས་གཅིག་གིས་བསྐྱོད་པ་ན། །ཞེས་པའི་དཔེ་དང་ཡང་ལེགས་པར་འགྲིག་པར་འགྱུར་རོ། །མཐར་གྱིས་པ་བསྒོམ་ཚུལ་དང་། སྐད་ཅིག་མ་མངོན་དུ་བྱེད་ཚུལ་འདི་ལ་བཤད་པ་བྱེད་པ་གཞན་དག་བྲག་ཆ་དང་ཆོས་མཚུངས་སོ། །

གསུམ་པ་ཆོས་སྐུ་ནི། འཕགས་པ་སོགས་སྐུ་གསུམ་དུ་འདོད་པ་དག་གིས་ལྟར་ན། ཆོས་ཀྱི་སྐུ་ནི་དབྱེ་གཞི། དབྱེ་གྲངས་རྣམ་པ་བཞིར་ནི་ཡང་དག་བརྗོད། །དབྱེ་བའི་ངོ་བོ་ཟག་མེད་ཀྱི་ཆོས་རྣམས་ཀྱི་གདོད་མ་ནས་མ་བཅོས་པའི་རང་བཞིན་ངོ་བོ་ཉིད་དང་། མཐར་ཕྱིན་པའི་བྱང་སེམས་རྣམས་དང་ལྷན་ཅིག་ཐེག་པ་ཆེན་པོའི་ཆོས་ཁོ་ན་ཁ་ན་མ་ཐོ་བ་མེད་པ་ལ་རྫོགས་པར་ལོངས་སྤྱོད་པས་ན་ལོངས་སྤྱོད་རྫོགས་པ་དང་། དེ་བཞིན་དུ་སྐུ་བཞི་ནི་མ་དག་པ་དང་དག་པའི་ཞིང་རྣམས་སུ་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་འགྲོ་བའི་དོན་མཛད་པ་སྤྲུལ་པའི་སྐུ་དང་། མཛད་པ་ཕྲིན་ལས་དང་བཅས་པ་རྣམས་སོ། །སློབ་དཔོན་ལྟར་ན། ཆོས་སྐུ་མཛད་པ་དང་བཅས་པ་གཅིག་དུ་བྱས་ནས་རྣམ་པ་བཞིར་ནི་ཡང་དག་བརྗོད་ཅེས་སོ། །སོ་སོའི་ངོ་བོ་རྒལ་ལན་དང་བཅས་རྒྱས་པ་འོག་ཏུ་འཆད་པས་འདིར་མ་སྤྲོས་སོ། །

མདོར་བསྡུས་ཏེ་བཤད་པ།

བཞི་པ་མདོར་བསྡུས་ཏེ་བཤད་པ་ནི། ཚིག་ལེའུར་བྱས་པ་བཅོ་ལྔས་བསྟན་བཅོས་ཀྱི་ལུས་རྣམ་གཞག་གསུངས་པ་དེ་ལ། ཤེས་རབ་ཕ་རོལ་ཕྱིན་པ་ནི་ཞེས་སོགས། ཚིག་ལེའུར་བྱས་པ་དང་པོ་གཉིས་ཀྱིས་ཆོས་ཅན། མངོན་རྟོགས་རྒྱན་གྱི་ལུས་མདོར་བསྟན་པ་ཡིན་ཏེ། མངོན་རྟོགས་རྒྱན་གྱི་ལུས་མཐའ་དག་དངོས་པོ་བརྒྱད་ཀྱི་རྐང་གྲངས་ཙམ་དུ་བསྡུས་ནས་བསྟན་ཅིང་དངོས་པོ་བརྒྱད་ལ་ནང་སེལ་ཀྱི་དབྱེ་བ་མ་བསྟན་པའི་ཕྱིར། སེམས་བསྐྱེད་པ་དང་ཞེས་སོགས་ལུས་རྣམ་གཞག་གི་ཚིག་ལེའུར་བྱས་པ་ལྷག་མ་བཅུ་གསུམ་གྱི་ཆོས་ཅན། མངོན་རྟོགས་རྒྱན་གྱི་ལུས་ཅུང་ཟད་རྒྱས་པར་བཤད་པ་ཡིན་ཏེ། དངོས་པོ་བརྒྱད་པོ་དེ་དག་ཉིད་ཀྱི་དོན། དོན་བདུན་ཅུའི་རྐང་གྲངས་ཙམ་དུ་བསྡུས་ནས་བཤད་པས་སོ། །ཚུལ་དེ་ལྟར་ན། ཚིག་ལེའུར་བྱས་པ་བཅོ་ལྔ་ཆོས་ཅན། མངོན་རྟོགས་རྒྱན་གྱི་ལུས་ལེགས་པར་བཤད་པ་ཡིན་ཏེ། དང་པོར་དངོས་པོ་བརྒྱད་དུ་བསྡུས་པ་དང་། དེའི་འོག་དུ་དོན་བདུན་ཅུར་ཕྱེ་ནས་རྒྱས་པར་བཤད་པའི་ཕྱིར་རོ། །ལྔ་པ་རྒྱས་པར་མ་དཀྲོལ་བའི་རྒྱུ་མཚན་ནི། རྣམ་པར་ཏེ་རྒྱས་པར་མ་དཀྲོལ་གང་ན། བསྡུས་པའི་དོན་གྱི་ཚིག་ལེའུར་བྱས་པ་བཅོ་ལྔ་པོ་རྣམས་སོ། །གང་གི་ན། སེང་གེ་བཟང་པོས་སོ། །གནས་སྐབས་གང་དུ་ན། ཡན་ལག་རྒྱས་བཤད་ཀྱི་སྔ་རོལ་དུའོ། །རྒྱུ་མཚན་ནི། བཀྲོལ་མི་དགོས་ཤིང་བཀྲོལ་ན་ཡན་ལག་རྒྱས་བཤད་དང་ཟློས་པའི་ཉེས་པར་འགྱུར་དུ་དོགས་ནས་སོ། །

སེམས་བསྐྱེད་བཤད་པ།

དེའི་རྒྱུ་མཚན་ཡང་། བསྟན་བཅོས་མཛད་པོ་བྱམས་པ་ཉིད་ཀྱིས་སེམས་བསྐྱེད་པ་ནི། །ཞེས་སོ། །

གསུམ་པ་འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་དངོས་བཤད་པ་ལ་གསུམ། གཏན་ལ་དབབ་བྱའི་ཡུལ་མཁྱེན་གསུམ། ཉམས་སུ་བླང་བྱ་སྦྱོར་བ་བཞི། ཐོབ་བྱའི་འབྲས་བུ་ཆོས་སྐུའོ། །དང་པོ་ལ། འབྲས་བུ་ཐུན་མོང་མ་ཡིན་པ་རྣམ་མཁྱེན། རྒྱུ་ཐུན་མོང་མ་ཡིན་པ་ལམ་ཤེས། ལམ་ཤེས་རྣམ་པར་དག་བྱེད་ཀྱི་ཡན་ལག་གཞི་ཤེས་པ་དང་གསུམ། དང་པོ་ལ་འབྲེལ་བཀོད་པས་མཚམས་སྦྱར། འབྲེལ་བ་ཅན་གྱི་རབ་བྱེད་བཤད་པ། སྐབས་བསྡུ་བ་དང་གསུམ་གྱི་དང་པོ་ནི། བཤད་པར་བཞེད། གང་ན་རྣམ་མཁྱེན་བསྡུས་པའི་ཚིག་ལུས་རྣམ་གཞག་གི་ལེའུར་བྱས་པའོ། །ཚུལ་ཇི་ལྟ་བ་ན། ཞིབ་ཏུ་ཕྱེ་ནས་རྣམ་པར་བཤད་པའི་སྒོ་ནས་སོ། །ནམ་གྱི་ཚེ་ན། སྐབས་བརྒྱད་ཀྱི་དང་པོར་རོ། །རྒྱུ་མཚན་ནི། རྣམ་མཁྱེན་ཉིད་ཐོབ་པར་བྱ་དགོས་པས་སོ། །སུ་ཞིག་གིས་ན། བྱང་ཆུབ་སེམས་དཔའི་ཞེས་སོ། །དེའི་རྒྱུ་ུམཚན་ཡང་། དོན་དུ་གཉེར་བྱའི་འབྲས་བུ་ཡིན་པས་སོ། །གཉིས་པ་ལ། བསམ་པ་སེམས་བསྐྱེད་དང་། སྦྱོར་བ་ལམ་གྱི་ངོ་བོ་གཉིས། དང་པོ་ལ་སྤྱི་དང་། ཡན་ལག་གི་དོན་གཉིས་ཀྱི་དང་པོ་ལ། སེམས་བསྐྱེད་ཀྱི་རྟེན་དང་། རང་བཞིན་གཉིས་ཀྱི་དང་པོ་ནི། སྨོན་པའི་སེམས་ནི་ཐེག་ཆེན་ལ་མོས་ཤིང་སངས་རྒྱས་ཐོབ་པར་འདོད་པ་ཅན་གྱི་ལྷ་དང་ཀླུ་ལ་སོགས་པ་དག་ལ་ཡང་སྐྱེ་སྟེ། ལམ་ཤེས་འཆད་པ་ན། ལྷའི་བུ་རྣམས་ཀྱིས་སེམས་བསྐྱེད་པ་དང་། རྒྱ་མཚོས་ཞུས་པ་ལས་ཀླུ་ཁྲི་ཉེས་སྟོང་གིས་སེམས་བསྐྱེད་པ་སོགས་བཤད་པས་སོ། །བྱང་ས་ལྟར་ན། འཇུག་པའི་སེམས་ཀྱི་རྟེན་དུ། སོ་ཐར་གྱི་སྡོམ་པ་དགོས་པས། མི་ལས་གཞན་ལ་མི་སྐྱེ་བར་མངོན་ནོ། །གཉིས་པ་ལ། རྒྱུ་འབྲས། ངོ་བོ་གསུམ་གྱི་དང་པོ་ནི་། རྒྱུ་རིགས་དང་། རྐྱེན་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། སངས་རྒྱས་ལ་དམིགས་པའི་དད་པ་རྣམས་ཡིན་ལ། མདོ་སྡེའི་རྒྱན་དུ། གྲོགས་སྟོབསརྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་བྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་ཀྱང་གསུངས་སོ། །གཉིས་པ་གནས་སྐབས་ཀྱི་འབྲས་བུ། སྤྱོད་འཇུག་ཏུ། འདི་ནི་དེ་བཞིན་གཤེགས་པ་མཉེས་བྱེད་ཡིན། །རང་དོན་ཡན་དག་སྒྲུབ་པའང་འདི་ཉིད་དོ། །འཇིགས་དང་སྡུག་བསྔལ་སེལ་བའང་འདི་ཉིད་དེ། །དེ་བས་བདག་གིས་རྟག་ཏུ་འདི་ཉིད་བྱ། །ཞེས་སོ། །མཐར་ཐུག་གི་འབྲས་བུ་སངས་རྒྱས་ཐོབ་པ་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ། སྙིང་རྗེའི་རྩ་བ་ཅན། ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ། །ཞེས་གསུངས་ཤིང་། སེམས་འགྲེལ་ལས་ཀྱང་། བྱང་ཆུབ་སེམས་ནི་མ་བསྐྱེད་པར། །སངས་རྒྱས་ནམ་ཡང་མི་ཐོབ་ཅིང་། །འཁོར་བར་བདག་གཞན་དོན་སྒྲུབ་པའི། །ཐབས་གཞན་ཡོད་པ་མ ཡིན་ནོ། །ཞེས་གསུངས་སོ། །གསུམ་པ་ངོ་བོ་ལ་མཚན་ཉིད། མཚན་གཞི། དབྱེ་བ། སྨོན་འཇུག་གི་ཁྱད་པར་བཞི་ཡི་དང་པོ། གཞུང་ནས་འབྱུང་བ་ལྟར་ཡིན་ལ། གཉིས་པ་ནི། མདོ་སྡེའི་རྒྱན་ལས། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ། །ཞེས་མདུན་པ་དང་མཚུངས་ལྡན་གྱི་སེམས་པ་ལ་བཤད་ལ། འཕགས་པ་དང་སློབ་དཔོན་གྱིས། འབྲས་བུ་བྱང་ཆུབ་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་གྱི་གཙོ་བོ་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ལ་བཞེད་དེ། ཉི་སྣང་དུ། སེམས་བསྐྱེད་པ་ཞེས་བྱ་བ་ལ་སེམས་ནི་རྣམ་པར་ཤེས་པ་སྟེ། རྣམ་པར་རིག་པའོ། །རྣམ་པར་ཤེས་པ་གང་ཡིན་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དཀར་པོའི་ཆོས་ཐམས་ཅད་ལ་དམིགས་པ་ནི། དེ་ལ་སྲིད་པའི་ཕྱིར་རོ། །ཞེས་སོ། །དེ་ལ་སེམས་བསྐྱེད་པ་ཞེས་པའི་སྒྲའི་དོན་ནི། འདིས་སེམས་བསྐྱེད་པར་བྱེད་པས་ན་སེམས་བསྐྱེད་པ་ཞེས་བྱེད་པ་སྦྱར་བ་དང་། འདི་སེམས་བསྐྱེད་པའི་རང་བཞིན་ཡིན་པས་ན་སེམས་བསྐྱེད་པ་ཞེས་པ་ལས་ལ་སྦྱར་བ་གཉིས་ཡིན་ལ། དང་པོའི་དབང་དུ་བྱས་ནས། རྒྱན་ལས། སེམས་པ་ཉིད་སེམས་བསྐྱེད་དུ་བཤད་དེ། སེམས་ཡུལ་ལ་མངོན་པར་འདུ་བྱེད་པ་ལ་སེམས་པ་ཉིད་གཙོ་བོ་ཡིན་པའི་ཕྱིར་རོ། །སྒྲ་དོན་གཉིས་པའི་དབང་དུ་བྱས་ནས། འཕགས་པས་གཙོ་བོ་སེམས་ཉིད་ལ་སེམས་བསྐྱེད་དུ་བཤད་དོ། །དེས་ན་གཉིས་ཀ་ལྟར་སེམས་བསྐྱེད་པའི་སྒྲའི་དོན་དུ་འགལ་བ་མེད་པའི་ཕྱིར། གང་ཡང་རུང་བ་སྐྱོན་ཅན་དུ་བསམ་པར་མི་བྱའོ། །སློབ་དཔོན་ནི་རྒྱན་གྱི་དགོངས་པ་ཡང་སེམས་པ་དང་མཚུངས་ལྡན་གྱི་སེམས་ཉིད་སེམས་བསྐྱེད་དུ་བསྟན་པར་བཞེད་དེ། རྒྱན་ལས། སྤྲོ་བ་ཆེ་དང་རྩོམ་པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །བྱང་ཆུབ་སེམས་དཔའི་སེམས་པ་སྟེ། །དོན་གཉིས་ལྡན་པའི་སེམས་འབྱུང་བ། །ཞེས་གསུངས་པས་སོ་སྙམ་དུ་དགོངས་པའོ། །གསུམ་པ་ནི། ངོ་བོས་དབྱེ་ན། སྨོན་འཇུག་གཉིས། རྒྱུའི་སྒོ་ནས་བརྡ་དང་ཆོས་ཉིད་ཀྱིས་ཐོབ་པ་གཉིས། གྲོགས་ཀྱི་སྒོ་ནས་ཉི་ཤུ་རྩ་གཉིས། ས་མཚམས་ཀྱི་སྒོ་ནས་བཞི་སྟེ། རྒྱན་ལས་སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་གསུངས་པ་ལྟར་རོ། །བཞི་པ་ནི། ས་ཐོབ་མ་ཐོབ་དང་། ཆོ་གས་བསྐྱེད་མ་བསྐྱེད་དང་། རྒྱུ་ལ་སྨོན་པ་དང་། འབྲས་བུ་ལ་སྨོན་པ་དང་། དང་པོ་གསུམ་དང་། ཕྱི་མ་བཅུ་དགུ་ལ་འདོད་པ་རྣམས་འདིའི་གཞུང་འགྲེལ་གྱི་དགོངས་པ་མ་ཡིན་ནོ། །ཡང་ཁ་ཅིག །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་པའི་དོན་དུ་བསམས་ནས། བྱང་ཆུབ་དོན་གཉེར་སྨོན་པ་དང་། སྡོམ་པ་བླངས་ནས་སྦྱིན་སོགས་ལམ་ལ་འཇུག་པ་འཇུག་པ་སེམས་བསྐྱེད་དུ་འདོད་པ་ལ། འདིར་སྦྱིན་སོགས་སེམས་བསྐྱེད་ཀྱི་གྲོགས་སུ་བཤད་པ་དང་འགལ་བའི་ཕྱིར་མི་རིགས་སོ། །དེས་ན། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པ་སྨོན་འཇུག་གཉིས་ཀའི་སྤྱིའི་མཚན་ཉིད་དུ་འགྲེལ་པས་བཤད་པས། དེ་ཉིད་སྦྱིན་སོགས་སྒྲུབ་པའི་གྲོགས་ཀྱིས་མ་ཟིན་པ་སྨོན་པ་དང་། སྒྲུབ་པའི་གྲོགས་ཀྱིས་ཟིན་པ་འཇུག་པ་སེམས་བསྐྱེད་དུ་ཤེར་འབྱུང་བློ་གྲོས་ཀྱིས་བཤད་པ་ལྟར། གཞུང་འགྲེལ་གྱི་དགོངས་པར་མངོན་ནོ། །འདིར་སེམས་བསྐྱེད་ཀྱི་ཆོ་ག་རྒྱས་པར་འཆད་པ་ནི། སྐབས་སུ་མ་བབ་སྟེ། གཞུང་གཞན་གྱི་བརྗོད་བྱ་ཡིན་པའི་ཕྱིར་དང་། འདིར་སེམས་བསྐྱེད་ཀྱི་མཚན་ཉིད་དང་། དབྱེ་བ་ཙམ་ཞིག་གཏན་ལ་འབེབས་པ་སྐབས་སུ་བབ་པའི་ཕྱིར་རོ། །གཉིས་པ་ཡན་ལག་གི་དོན་ལ་གསུམ། ངོ་བོ། དབྱེ་བ། ས་མཚམས་སོ། །དང་པོ་མཚན་ཉིད་དང་། དམིགས་པ་གཉིས་ཀྱི་དང་པོ་ལ་གསུམ་ཀྱི་དང་པོ་ནི། སེམས་བསྐྱེད་པའི་ཞེས་སོ། །གཉིས་པ་ནི། སེམས་བསྐྱེད་པ་ནི་མཚོན་བྱའོ། །མཚན་ཉིད་ལ་གཉིས། འདོད་པ་འབྲས་བུ་བྱང་ཆུབ་ཀྱི་ཡུལ་ཅན་དུ་སྦྱར་ནས་གྲོགས་སུ་བཤད་པ་དང་། ཆེད་དུ་བྱ་བ་གཞན་དོན་གྱི་ཡུལ་ཅན་དུ་སྦྱར་ནས་རྒྱུར་བཤད་པ་གཉིས་ཀྱི། དང་པོ་ནི། ཆེད་དུ་བྱ་བ་གཞན་གྱི་དོན་གྱི་ཕྱིར་དུ་འབྲས་བུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་དང་མཚུངས་ལྡན་གྱི་སེམས་སོ། །

གཞན་གྱི་དོན་གྱི་ཕྱིར་ཞེས་པ་ནི། རང་རྒྱལ་གྱི་སེམས་བསྐྱེད་པ་ཁྱད་པར་དུ་བྱེད་དེ། ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཙམ་དེ་དག་ལ་ཡང་ཡོད་པའི་ཕྱིར་རོ། །འོན་ཀྱང་དེ་དག་ནི་རང་ཁོ་ནའི་ཕྱིར་བྱང་ཆུབ་དོན་དུ་གཉེར་བ་ཡིན་གྱི་གཞན་གྱི་དོན་དུ་མ་ཡིན་ནོ། །གཉིས་པ་བདག་ཉིད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ནས་གཞན་གྱི་དོན་གྱི་ཕྱིར་སྐལ་བ་ཇི་ལྟ་བ་བཞིན་འབད་པར་བྱའོ། །ཞེས་གཞན་དོན་འདོད་པས་ཀུན་ནས་བླང་བའི་ཡང་དག་རྫོགས་པའི་བྱང་ཆུབ་འདོད་པའི་སེམས་བཤད་ཚུལ་སྔ་མ་ལྟར་ན། འདོད། གང་ན། ཡང་དག་པར་རྫོགས་པའི་བྱང་ཆུབ། གང་གི་དོན་དུ་ན་གཞན་དོན་གྱི་ཕྱིར་དུ་ཞེས་པར་འགྱུར་ལ། ཕྱི་མ་ལྟར་ན། འདོད། གང་ན། གཞན་གྱི་དོན་དུ། ནམ་གྱི་ཚེ་ན། ཡང་དག་རྫོགས་པའི་བྱང་ཆུབ་ཐོབ་ནས། ཞེས་པར་འགྱུར་བས། གཉིས་ཀ་ལ་ཡང་གཞན་དོན་གཙོ་བོ་དང་། བྱང་ཆུབ་ཕལ་པའི་བསྒྲུབ་བྱར་འགྱུར་རོ། །རྩ་བར་བཤད་ཚུལ་གཉིས་པོ་འདི་ནི། སྦྱར་མ་ཤེས་ན། རྩོད་སྤོང་གི་སྐབས་སུ་འདུན་པ་རྒྱུ་དང་། སྨོན་ལམ་གྲོགས་སུ་འགྱུར་བའི་རྒྱུ་མཚན་མི་ཤེས་པས་མུན་རྡོ་འཕེན་པ་ཙམ་དུ་ཟད་མོད། འོན་ཀྱང་དེང་སང་གི་ཉན་པ་པོ་རྣམས་ནི། སྒྲ་སྒྲོགས་པ་ཙམ་གྱིས་ཚིམ་པར་སྣང་ངོ་། །འགྲེལ་པས་བཤད་ཚུལ་ཕྱི་མ་བཟུང་བ་ཡིན་ནོ། །གསུམ་པ་འགྲེལ་པ་ལ་མཚན་ཉིད་དབྱེ་བ་དང་བཅས་པ། མཚན་ཉིད་ལ་རྩོད་པ་སྤོང་བ་གཉིས་ཀྱི་དང་པོ་ནི། སེམས་བསྐྱེད་ནི། མཚོན་བྱ། མཚན་ཉིད། རང་མ་གྲོལ་བར་གཞན་སྒྲོལ་བར་མི་ནུས་པས་རང་ཉིད་སངས་རྒྱས་སུ་གྲུབ་ནས་གཞན་གྱི་དོན་གྱི་ཕྱིར་རིགས་ཅན་གསུམ་གྱི་སྐལ་བ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་གྱི་ལམ་ལ་འགོད་པའི་གཞན་དོན་ལ་འབད་པར་བྱའོ་ཞེས་གཞན་དོན་དོན་གཉེར་གྱི་ཀུན་ནས་བླངས་བའི་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་མཚན་ཉིད་ཅན་ནོ། །དབྱེ་ན། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་པ་ལྟར། ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་སེམས་དེ་ཉིད་སྦྱིན་སོགས་སྒྲུབ་པའི་གྲོགས་ཀྱིས་མ་ཟིན་པ་སྨོན་པ་དང་། སྒྲུབ་པའི་གྲོགས་ཀྱིས་ཟིན་པ་འཇུག་པའི་ངོ་བོ་ཉིད་དུ་རྣམ་པར་ལྟའོ། །གཉིས་པ་ལ་རྩོད་ལན་གཉིས་ཀྱི་དང་པོ་ལ་གང་ལ། གང་གྱིས། ཚུལ་ཇི་ལྟར་རྩོད་པ་དང་། གསུམ་གྱི་དང་པོ་ནི། ཡང་དག་རྫོགས་པའི་བྱང་ཆུབ་འདོད་ཅེས་པའི་དགོངས་པའི་དོན་ལ་མ་དཔྱད་པར་སྒྲ་ཇི་བཞིན་པའི་དོན་ལ་རྩོད་དོ། །གཉིས་པ་ནི། དེ་ལ་དོན་མཐོང་རྣམ་པར་ཤེས། །དེའི་ཁྱད་པར་སེམས་ལས་བྱུང་། །ཞེས་སེམས་སེམས་བྱུང་གི་མཚན་ཉིད་དང་། རྫས་ཐ་དད་དུ་བསྟན་པའི་ཕྱོགས་ལ་བརྟེན་པ་དག་གིས་སོ། །གསུམ་པ་ནི། ཡང་དག་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ནི། ཇི་ལྟར་སེམས་བསྐྱེད་པ་ཡིན་པར་འགྱུར་ཏེ། མ་ཡིན་པར་ཐལ་དེ་ནི། ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་དོན་དུ་ཡང་གཉེར་བ་དགེ་བའི་ཆོས་བྱང་ཆུབ་ལ་འདུན་པ་སེམས་ལ་འབྱུང་བ་ཡིན་པས་སོ། །ཁྱབ་ཏེ། སེམས་བསྐྱེད་པ་ནི། ཇི་སྐད་དུ། སྤྲོ་བ་ཆེ་དང་རྩོམ་པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །བྱང་ཆུབ་སེམས་དཔའི་སེམས་དཔའ་སྟེ། །དོན་གཉིས་ལྡན་པའི་སེམས་འབྱུང་བའོ། །ཞེས་བཤད་པས་སེམས་པ་མཚུངས་ལྡན་གྱི། སེམས་ཡུལ་ཁྱད་པར་དུ་འཕགས་པ་རང་དང་གཞན་གྱི་དོན་གཉིས་སྣང་བ་ཅན་འབྱུང་བ་མ་ཡིན་ནམ་སྟེེ། ཡིན་པས་སོ་ཞེ་ན། གཉིས་པ་ལན་ལ་སྤྱིར་བསྟན་པ། སོ་སོར་བཤད་པ་གཉིས་ཀྱི་དང་པོ་ནི། འདུན་པ་སེམས་འབྱུང་ཡིན་པས་སེམས་བསྐྱེད་མ་ཡིན་པ་བདེན་མོད་ཀྱི། འོན་ཀྱང་སེམས་བསྐྱེད་པ་ནི་གཞན་དོན་ཕྱིར་ཞེས་པའི་གཞུང་འདིར་འདོད་པ་སེམས་བསྐྱེད་དུ་བཤད་པའི་ཉེས་པ་ཡོད་དོ། །ཞེས་སྦྲེལ་ལོ། །དེའི་རྒྱུ་མཚན་ལ། སྐབས་འདིར་སེམས་བསྐྱེད་ལ་འདོད་པའི་མིང་གིས་ཉེ་བར་བཏགས་པ་ལ་བརྟེན་པ་ཡིན་པས་སོ། །འདོགས་པ་ལ་ཆོས་གསུམ་དགོས་པས་གནོད་བྱེད་ཀྱི་ཚད་མ་ནི་། རྩོད་པ་ཉིད་ཀྱིས་བསྟན་པ་ཡིན་ནོ། །

གཉིས་པ་ལ་གཉིས་ཏེ། རྩ་བའི་འདོད་པ་ཞེས་པའི་སྒྲ་ཆེད་དུ་བྱ་བ་གཞན་དོན་གྱི་ཡུལ་ཅན་དུ་སྦྱར་ན་རྒྱུ་མིང་འབྲས་བུ་ལ་བཏགས་པ་དང་། འབྲས་བུ་བྱང་ཆུབ་ཀྱི་ཡུལ་ཅན་དུ་སྦྱར་ན། གྲོགས་མིང་གྲོགས་ཅན་ལ་བཏགས་པའོ། །དང་པོའི་དབང་དུ་བྱས་ནས། སེམས་བསྐྱེད་པ་ནི་ཞེས་པའི་གཞུང་ཆོས་ཅན། འདོད་པའི་མིང་གིས་སེམས་བསྐྱེད་ལ་འདོགས་པའི་རྒྱུ་མཚན་ཡོད་དེ། རྒྱུ་འདོད་པས་འབྲས་བུ་སེམས་བསྐྱེད་པ་བསྟན་པ་ཙམ་ཡིན་པས་སོ། །ཅིའི་ཕྱིར། དེ་གཉིས་རྒྱུ་འབྲས་ཡིན་ཞེ་ན། སྐབས་འདིའི་འདོད་པ་ནི། འགྲོ་བ་མགོན་མེད་པ་སྡུག་བསྔལ་གྱི་རྒྱ་མཚོར་ནུབ་པ་ལ་བལྟས་ནས། དེ་འདོན་པའི་བསམ་པའི་དབྱེ་བའི་རང་གཞན་གྱི་དོན་ལ་མདུན་པའི་མཚན་ཉིད་ཀྱི་དོན་དུ་གཉེར་བ་ཡིན་ལ། དེ་འདོད་ནས། གདོན་མི་ཟ་བར་བྱང་ཆུབ་དུ་སེམས་བསྐྱེད་པས་སོ། །དེའི་རྒྱུ་མཚན་ཡང་། སངས་རྒྱས་ལས་གཞན་ལ་འགྲོ་བ་མཐའ་དག་སྒྲོལ་བའི་ནུས་པ་མེད་ལ་རང་མ་གྲོལ་བར་ཡང་གཞན་སྒྲོལ་བའི་མཐུ་མེད་པས་སོ། །དགོས་པ་ནི། གཞན་དོན་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའི་རྒྱུ་དང་འབྲས་བུ་དགེ་བའི་ཆོས་ཐམས་ཅད་རིམ་གྱིས་འཕེལ་བར་འགྱུར་ཏེ། དོན་གཉིས་དེ་ཡོད་ན། ཐེག་ཆེན་གྱི་དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ལྟར་ན་དེའི་ཕྱིར་རོ་ཞེས་ཤེས་པར་བྱ་བའི་ཕྱིར་དུའོ། །གཉིས་པའི་དབང་དུ་བྱས་ནས། ལན་གྱི་རྣམ་པ་གཅིག །ཆོས་ཅན་དང་། བསྒྲུབ་བྱ་འདྲ། གྲོགས་སུ་གྱུར་པའི་སྨོན་ལམ་གྱིས་གྲོགས་ཅན་སེམས་བསྐྱེད་བསྟན་པ་ཙམ་ཡིན་པས་སོ། །སེམས་བསྐྱེད་ཀྱི་གྲོགས་སུ་གྱུར་པའི་སྨོན་ལམ་ནི། མངོན་པར་འདོད་པའི་འབྲས་བུ་ཐོབ་པར་དོན་དུ་གཉེར་བ་སྟེ། དེ་ཡང་གང་ཞེ་ན། ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ཡིན་ནོ། །དེ་ཆོས་ཅན། ཐེག་ཆེན་སེམས་བསྐྱེད་གྱི་གྲོགས་སུ་གྱུར་པའི་སྨོན་ལམ་ཡིན་ཏེ། བྱང་སེམས་ཀྱི་མངོན་པར་འདོད་པའི་འབྲས་བུ་ཐོབ་པ་དོན་དུ་གཉེར་བ་དེ་ཡིན་པས་སོ། །འདུན་པ་དང་། སྨོན་ལམ་གཉིས་ཀ་འདོད་པའི་དངོས་པོ་དོན་གཉེར་དུ་མཚུངས་པ་ལ། སྔ་མ་བྱེད་པར་འདོད་པའི་རྣམ་པ་ཅན་ཡིན་ལ། ཕྱི་མ་ཐོབ་པར་འདོད་པའི་རྣམ་པ་ཅན་ཡིན་ནོ། །དེས་ན་འདིར་གཞན་དོན་བྱེད་པར་འདོད་པ་ནི་འདུན་པར་བཤད་ལ། བྱང་ཆུབ་ཐོབ་པར་འདོད་པ་སྨོན་ལམ་དུ་བཤད་དོ། །དགོས་པ་ནི་བྱང་ཆུབ་དོན་གཉེར་གྱི་སྨོན་ལམ་དེ་དང་དུས་རྟག་དུ་ལྷན་ཅིག་སྤྱོད་པའི་སེམས་བསྐྱེད་ཆོས་ཅན། སྨོན་ལམ་དེའི་སྒྲར་བསྟན་པ་ལ་དགོས་པ་ཡོད་དེ། བྱང་ཆུབ་སེམས་དཔའ་རྣམས་ལ་བྱང་ཆུབ་དོན་གཉེར་གྱི་སྨོན་ལམ་བསྟན་པའི་སེམས་དེ་སྐྱེ་བོ་ཞེས་ཤེས་པར་བྱ་བའི་ཕྱིར་ཡིན་པས་སོ། །དེའི་རྒྱུ་མཚན་ཡང་། སེམས་བསྐྱེད་དེ་བྱང་ཆུབ་དོན་གཉེར་གྱི་སྨོན་ལམ་དེ་དང་། དུས་རྟག་ཏུ་ལྷན་ཅིག་སྤྱོད་པ་དེ་ལྟར་ན་སྟེ་དེའི་ཕྱིར་རོ། །

གཉིས་པ་དམིགས་ཡུལ་ལ་གསུམ་གྱི་དང་པོ་ནི། སེམས་བསྐྱེད་ཀྱི་མཚན་ཉིད་ལས་འཕྲོས་པའི་རྩོད་པའི་དྲི་བར་མ་ཟད། དམིགས་ཡུལ་ལ་འཕྲོས་པའི་དྲི་བ་གཞན་བསྡུད་པ་ལ་ཞེས་སོ། །འབྲས་བུ་གང་འདོད་པའི་བདག་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་གང་ཡིན། ཆེད་དུ་བྱ་བ་གང་གི་དོན་དུ་འདོད་ཅིང་། སེམས་བསྐྱེད་པ་གཞན་གྱི་དོན་ནི་གང་ཡིན་ཞེ་ན། གཉིས་པ་རྩ་བ་ནི། འགྲེལ་ཆེན་དང་། ཉི་སྣང་ལྟར་ན། གཞན་གྱི་དོན་དེ་དང་ཡང་དག་པར་རྫོགས་པའི་བྱང་ཆུབ། དེ་ནི་སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །དེ་ལས་ཇི་ལྟར་བསྟན། དེ་གཉིས་ཀར་ཡང་མདོར་བསྡུས་པ་དང་རྒྱས་པའི་སྒོ་ནས་བསྟན་ཏོ། །གསུམ་པ་འགྲེལ་པ་ལ། རྒྱས་པར་བཤད། དོན་བསྡུ། ཁུངས་གཞན་མི་འབྲི་བའི་རྒྱུ་མཚན་དང་གསུམ་གྱི་དང་པོ་ནི་བསྟན་ཅིང་དྲང་། གང་ན་སེམས་བསྐྱེད་ཀྱི་དམིགས་ཡུལ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་གཞན་གྱི་དོན་ནོ། །གང་ལས་ན། རྒྱས་པའི་ཡུམ་རྒྱས་འབྲིང་བསྡུས་པ་རྣམ་པ་གསུམ་ཆར་ལས་སོ། །ཀྱང་ཞེས་པ་བསྟན་བཅོས་སུ་དེ་གཉིས་སེམས་བསྐྱེད་ཀྱི་དམིགས་ཡུལ་དུ་བསྟན་པར་མ་ཟད་ཅེས་སམ། ཡང་ན་ཀུན་གྱི་རྒྱན་དུ་ཤེས་པར་བྱ་བའི་ཕྱིར། ཉི་ཤུ་ལྔ་པར་མ་ཟད་རྒྱས་བསྡུས་གཉིས་ལས་ཀྱང་ཞེས་པའོ། །ཚུལ་ཇི་ལྟར་ཞེ་ན། བརྒྱད་སྟོང་པ་ལས། རབ་འབྱོར་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ། སྤོབས་པ་གྱིས་ཤིག་ཅེས་བསྡུས་པ་དང་གཞན་གཉིས་ལས་རྒྱས་པའི་སྒོ་ནས་སོ། །སྐབས་གང་དུ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་ནི། ས་བོན་དུ་གྱུར་པའོ། །དེ་ཉིད་ནི། འབྲས་བུར་གྱུར་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་ཞེས་འཕགས་པ་སྡོང་པོ་བཀོད་པ་སོགས་ཀྱི་མདོ་ལས་བྱང་ཆུབ་ཀྱི་སེམས་ཉིད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བར་བཤད་པའི་དོན་མི་འགལ་བར། སྐབས་བརྒྱད་དོན་བདུན་ཅུས་འཆད་པའི་དང་པོར་བསྟན་ཏེ། སེམས་བསྐྱེད་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །འགྲེལ་ཆེན་དུ། སྡོང་པོ་བཀོད་པའི་མདོ་འདི་ཉིད། སེམས་བསྐྱེད་དང་པོར་སྟོན་པའི་ཤེས་བྱེད་དུ་དྲངས་པའི་ཕྱིར་དང་། མདོའི་དོན་དང་མི་འགལ་ཞེས་པ་རྒྱས་འབྲིང་བསྡུས་གསུམ་ལ་སྦྱར་ན། རྒྱས་འབྲིང་བསྡུས་གསུམ་དང་མི་འགལ་བར་རྒྱས་འབྲིང་བསྡུས་གསུམ་ལས་བསྟན་ཅེས་པ་ཤིན་ཏུ་མ་འབྲེལ་བའི་ཕྱིར་དང་། ཁ་ཅིག །རྒྱས་འབྲིང་གི་དོན་དང་མི་འགལ་བར་བརྒྱད་སྟོང་པ་ལས་བསྟན་ཅེས་པ་ཡང་། འཇུག་ཐོག་གི་བསྡུ་བ་དང་། རྒྱས་པའི་སྒོ་ནས་ཞེས་པའི་ཚིག་དང་མ་འབྲེལ་བའི་ཕྱིར་མི་རིགས་སོ། །སྔ་རབས་པ་དག །རྒྱས་འབྲིང་བསྡུས་གསུམ་གྱི་མདོའི་དོན་དང་མི་འགལ་བར་བསྟན་བཅོས་ལས། ཤུགས་ལ་བསྟན་ཅེས་པ་ཡང་རྒྱས་པའི་ཡུམ་རྣམ་པ་གསུམ་ཆར་ལས་ཞེས་དང་། རབ་ཏུ་སྟོན་པ་ལྷུར་བྱེད་པའི་ངག་གིས་ཞེས། ཁུངས་དང་སྟོན་བྱེད་དག་དངོས་སུ་སྨོས་པ་དང་། ཤིན་ཏུ་མ་འབྲེལ་བའི་ཕྱིར་མི་རིགས་སོ། །གསེར་གླིང་པས་དཀོན་མཆོག་རྣམ་བདུན་ཞེས་པ་སྡོང་པོ་བཀོད་པ་སོགས་ལ་ཟེར་བ་ཡིན་ན་འགྲེལ་ཆེན་དང་མཐུན་ནོ། །དེའི་ཕྱིར། ཁོ་བོས་ཇི་སྐད་བཤད་པ་ཁོ་ན། སློབ་དཔོན་གྱི་དགོངས་པ་ཡིན་པར་ཡིད་ཆེས་པར་བྱའོ། །ངག་གང་གིས་བསྟན་ཅེ་ན། ཉི་ཤུ་ལྔ་པ་ལས། ཤ་བུ་འདི་ལ་བྱང་ཆེན་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་མངོན་པར་རྫོགས་པ་འཚང་རྒྱ་བར་འདོད་པས་ཤེར་ཕྱིན་ལ་བརྩོན་པར་བྱའོ། །ཞེས་པས་བྱང་ཆུབ་མདོར་བསྟན་ཏེ། བྱང་ཆུབ་ནི་ཤེས་བྱ་ཐམས་ཅད་ཅི་ལྟ་བ་བཞིན་དུ་རྟོགས་པ་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ། དེའི་དམིགས་པ་ཆོས་ཐམས་ཅད་ཅེས་དང་། རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཞེས་མདོར་བསྡུས་ནས་གསུངས་པས་སོ། །དེའི་ཚིག་སྣ་བསྡུས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པར་བྱའོ་ཞེས་ཤེས་པར་བྱ་བའི་དོན་ཅན་ཞེས་སོ། །ཡང་ཤ་བུ་བྱང་ཆེན་མི་གནས་པའི་ཚུལ་གྱིས་ཤེར་ཕྱིན་ལ་གནས་ཏེ། སྦྱིན་པ་པོ་དང་། སྦྱིན་པར་བྱ་བ་དང་། ལེན་པ་པོ་མི་དམིགས་པའི་ཕྱིར་ཡོངས་སུ་བཏང་པ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་པར་བྱའོ་ཞེས་སོགས་ཕྱིན་དྲུག་ཀུན་ལ་སྦྱར་ནས་གསུངས་པས། བྱང་ཆུབ་རྒྱས་པ་གསུངས་ཏེ། དམིགས་པ་ཆོས་ཐམས་ཅད་ཅེས་པ་ཕར་ཕྱིན་དྲུག་ཏུ་ཕྱེ་ཞིང་། རྣམ་པ་ཐམས་ཅད་དུ་ཞེས་པ་འཁོར་གསུམ་མི་དམིགས་པའི་ཚུལ་གྱི་རྟོགས་པར་ཕྱེ་ནས་བཤད་པས་སོ། །དེ་དག་གི་ཚིག་བསྡུས་པ་ནི། སྦྱིན་པ་ལ་སོགས་ཐམས་ཅད་དང་ཞེས་སོ། །ཡང་དབྱེ་ན་ཕྱོགས་བཅུ་རེ་རེ་ཞིང་གངྒཱའི་རླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་ཞིག་ཡོད་པ་དེ་དག་ཐམས་ཅད་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པས་ཤེར་ཕྱིན་ལ་བསླབ་པར་བྱའོ་ཞེས་པས་གཞན་དོན་འདོར་བསྟན་ཏེ། གཞན་དོན་ནི་དེ་ཐོབ་པའི་ཐབས་མ་ཕྱེ་བར་འབྲས་བུ་ཙམ་བསྟན་པས་སོ། །དེའི་ཚིག་སྣ་བསྡུས་པ་ནི། སེམས་ཅན་ཐམས་ཅད་སྐལ་བ་ཇི་ལྟ་བ་བཞིན་དུ་མྱ་ངན་ལས་འདས་པར་འགོད་པར་འདོད་པས་ཤེར་ཕྱིན་འདི་ཉིད་བསྒྲུབ་པར་བྱའོ་ཞེས་པའོ། །ཡང་བྱང་སེམས་སེམས་ཅན་སེར་སྣ་ཅན་རྣམས་སྦྱིན་པ་དང་། ཚུལ་ཁྲིམས་འཆལ་བ་རྣམས་ཚུལ་ཁྲིམས་དང་། གནོད་སེམས་མང་བ་རྣམས་བཟོད་པ་ལ་འགོད་པར་འདོད་པས་ཤེར་ཕྱིན་ལ་བསླབ་པར་བྱའོ་ཞེས་པས། གཞན་དོན་རྒྱས་པར་བསྟན་ཏེ། གཞན་དོན་མྱང་འདས་དེ་ཐོབ་པའི་ཐབས་ཕར་ཕྱིན་དྲུག་དུ་ཕྱེ་ནས་འབྲས་བུ་དེ་བསྟན་པའི་ཕྱིར་རོ། །དེའི་ཚིག་སྣ་བསྡུས་པ་སེར་སྣ་ཅན་ལ་དགོས་པ་རྣམས་ཞེས་སོགས་སོ། །བྱ་བ་ལ་སོགས་པ་རབ་ཏུ་སྟོན་པ་ལྟ་བུར་བྱེད་པའི་ངག་གི་བསྟན་ནོ་ཞེས་སྦྱར་རོ། །སོགས་པས་བསྡུས་པ་དང་རྒྱས་པའི་ཁུངས་ཀྱི་ཚིག་བསྡུད་པའོ། །ཐེག་ཆེན་སེམས་བསྐྱེད་ནི་ཆོས་ཅན། གཞན་གྱི་དོན་གྱི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་བདག་ཉིད་ཅན་དུ་ཤེས་པར་བྱ་སྟེ། རྒྱས་འབྲིང་བསྡུས་གསུམ་ལས། དེ་སྐད་དུ་བསྟན་པ་དེ་ལྟར་ན་སྟེ་དེའི་ཕྱིར་རོ། །གསུམ་པ་ནི། རྒྱས་འབྲིང་བསྡུས་གསུམ་ལས་བསྟན་ན། གསུམ་ཀའི་ཁུངས་རྣམས་རྫོགས་པར་འབྲི་བར་རིགས་སོ་ཞེ་ན། གཙུག་ལག་གི་མདོའི་གཞུང་སྐབས་ཀྱི་དོན་སེམས་བསྐྱེད་ཀྱི་དམིགས་ཡུལ་བྱང་ཆུབ་དང་གཞན་དོན་སྟོན་པ་རྒྱས་འབྲིང་བསྡུས་པ་ཐམས་ཅད་ཀྱང་གསུངས་མོད་ཀྱི་འགྲེལ་པ་འདིར་ཁུངས་ཉིད་མ་བྲིས་ཏེ། མདོར་བསྡུས་ཏེ་རྣམ་པར་དཀྲོལ་བ་ཙམ་འདོད་པས་ཚིག་མང་དུ་དོགས་ནས་སོ། །གཉིས་པ་ལ་གསུམ་གྱི་དང་པོ་ནི། དཀྱུས་མ་མ་ཡིན་པར་འཕྲོས་དོན་ཚིགས་བཅད་དུ་སྡེབས་པ་ནི་བར་སྐབས་ཀྱི་ཚིག་བཅད་ཅེས་བྱ་ལ། འདིར་ཡང་སེམས་བསྐྱེད་ཀྱི་ངོ་བོ་ཙམ་ལས་རྣམ་གཞག་གི་ཟིན་པས་དཀྱུས་མ་ཡིན་ལ། དབྱེ་བ་ནི། ཞར་ལ་འོངས་པ་ཙམ་ཡིན་པས། དེ་སྟོན་པ་ལ་བར་ཚིག་ཅེས་བྱའོ། །གཉིས་པ་ལ་སྤྱི་དང་། ཡན་ལག་གི་དོན་གཉིས་ཀྱི་དང་པོ་ལ་གྲངས་དང་། གོ་རིམ་ངེས་པ་དང་། སངས་རྒྱས་ཀྱི་ས་ན་སེམས་བསྐྱེད་ཡོད་མེད་དཔྱད་པ་གསུམ་གྱི་དང་པོ་ནི། ཉེར་གཉིས་པོ་འདི་དག་གིས་ལས་དང་པོ་པའི་ས་ནས། སངས་རྒྱས་ཀྱི་སའི་བར་དུ་བསྡུས་པས་མང་མི་དགོས་ཤིང་། ཉུང་ན་མི་འདུས་པའི་ཕྱིར་གྲངས་ངེས་སོ། །གཉིས་པ་ནི། འདི་དག་སྔ་ཕྱི་རྣམས་ཕལ་ཆེར་རྒྱུ་འབྲས་ཡིན་པའི་ཕྱིར། དོན་གྱི་གོ་རིམ་ཡིན་ནོ། །དེ་ལྟར་ཡང་འགྲེལ་ཆེན་ལས། དེ་བས་ན། དོན་རྟོགས་པའི་གོ་རིམ་གྱིས་ཇི་སྐད་བཤད་པའི་གོ་རིམ་དང་རབ་དུ་དབྱེ་བ། འདི་དག་ཉིད་ཡིན་གྱི་ལྷག་པ་ཡང་མ་ཡིན། མ་ཚང་བ་ཡང་མ་ཡིན། གོ་རིམ་གཞན་དུ་བསྟན་པར་བྱ་བ་ཡང་མ་ཡིན་ནོ། །ཞེས་བསྟན་པར་འགྱུར་བའི་ཕྱིར་རོ། །ཞེས་སོ། །གསུམ་པ་ནི། ཁ་ཅིག་ན་རེ། འདིར་སེམས་བསྐྱེད་ཐ་མ་གསུམ་སངས་རྒྱས་ཀྱི་ས་ལ་བཞག་པའི་ཕྱིར། སངས་རྒྱས་ཀྱི་ས་ན་སེམས་བསྐྱེད་ཡོད་དོ། །ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། སངས་རྒྱས་ཀྱི་ས་ན་སྨོན་འཇུག་གང་ཡང་ཡོད་པར་མི་རིགས་པའི་ཕྱིར་དང་། སྨོན་འཇུག་གཉིས་ལས་མ་གཏོགས་པའི་སེམས་བསྐྱེད་མཚན་ཉིད་པ་གཞུང་ལུགས་གང་ནས་ཀྱང་མ་བཤད་པའི་ཕྱིར་རོ། །གལ་ཏེ་སྨོན་འཇུག་མཚན་ཉིད་པ་ཡོད་ན། ལམ་སྒྲུབ་པའི་བྱ་བ་དང་བཅས་པས། འབྲས་བུ་ལ་རེ་འཆང་བའི་སྨོན་པ་ཡོད་པའི་ཕྱིར་བྱ་བ་ཡོངས་སུ་རྫོགས་པ་མ་ཡིན་པར་འགྱུར་རོ། །

འདིར་ཐ་མ་གསུམ་སངས་རྒྱས་ཀྱི་ས་ལ་བཞག་པ་ནི། སེམས་བསྐྱེད་ཀྱི་འབྲས་བུའི་དབང་དུ་བྱས་ནས་བཞག་གི་སེམས་བསྐྱེད་དངོས་མ་ཡིན་ཏེ། སེམས་བསྐྱེད་ཉེར་གཉིས་ལས་དང་པོ་པའི་ས་ནས། སངས་རྒྱས་ཀྱི་སའི་བར་ལ་བཞག་པ་ནི་རྒྱུ་དང་འབྲས་བུ་མ་ལུས་པའི་དབྱེ་བའི་རབ་ཏུ་བྱས་པའི་ཕྱིར་ཏེ། དེ་ལྟར་ཡང་འགྲེལ་ཆེན་ལས། འདི་ནི་ངེས་པར་སོ་སོ་སྐྱེ་བོའི་བྱང་ཆུབ་སེམས་དཔའ་ནས། དེ་བཞིན་གཤེགས་པའི་བར་དབྱེ་བས་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་གྱི་དབྱེ་བ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། །ཞེས་སོགས་ཤེས་བྱེད་དུ་དྲངས་ནས། གཞན་དུ་ན་རྒྱུའི་དབང་དུ་ཕྱེ་བ་ཙམ་གྱིས་ནི། དེའི་དབྱེ་བ་ཐམས་ཅད་བྱས་པར་མི་འགྱུར་བས་ན། དབྱེ་བ་ཡོངས་སུ་རྫོགས་པར་མི་འགྱུར་ཞེས་བྱ་བ་ནི། ཁ་ཅིག་གིའོ། །ཞེས་བཤད་པས་སོ། །འཕགས་པ་ལ་སོགས་པ་ནི། སེམས་བསྐྱེད་ཐ་མ་བརྒྱད་ས་བཅུ་པའི་ཁྱད་པར་ལམ་ལ་འཇོག་སྟེ། འགྲེལ་ཆེན་དུ། གཞན་དག་ནི། རྒྱལ་པོ་ཆེན་པོ་དང་འདྲ་བ་ལ་སོགས་པ་སེམས་བསྐྱེད་པ་བརྒྱད་པ་ཉིད། བྱང་ཆུབ་སེམས་པའི་ས་ལས་ཁྱད་པར་གྱི་ལམ་གྱིས་བསྡུས་པ་ཡིན་ནོ་ཞེས་ཟེར་རོ་ཞེས་དང་། ཉི་སྣང་ལས། བགྲོད་པ་གཅིག་པ་ཉིད་ནི། ས་དེར་གཏོགས་པའི་བྱང་ཆུབ་སེམས་པ་རྣམས་གཞན་གྱི་དོན་བྱ་བ་ལ་ཐ་མི་དད་པའི་ཕྱིར། ཞེས་ཉེར་གཅིག་བྱང་སེམས་ཀྱི་ས་ལ་བཤད་པས་སོ། །གཉིས་པ་ནི། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་པའི་མཚན་ཉིད་ཅན་གྱི་སེམས་བསྐྱེད་དེ་ཡང་དབྱེ་ན་རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་སྦྲེལ་ལོ། །དེ་དག་ཀྱང་གང་ཞེ་ན། དེ་ཡང་ས་གསེར་ཟླ་བ་མེ། ཞེས་སོགས་སོ། །གསུམ་པ་འགྲེལ་པ་ལ་རྒྱས་པར་བཤད། དོན་བསྡུ་བ་གཉིས་ཀྱི་དང་པོ་ནི། མཚོན་བྱའི་དོན། མཚོན་བྱེད་ཀྱི་དཔེ། དཔེ་དོན་ཆོས་མཐུན་གསུམ་གྱིས་ངེས་པར་བྱའོ། །བྱང་ཆུབ་དོན་གཉེར་གྱི་འདུན་པ་གཙོ་བོར་གྱུར་པ་ནི། འདུན་པ་དང་ལྡན་པའི་སེམས་བསྐྱེད་ཅེས་བྱ་སྟེ། དེ་ནི་ས་དང་འདྲ་སྟེ། ཆོས་དཀར་པོ་སངས་རྒྱས་ཀྱི་ཆོས་དང་དེའི་ཚོགས་ཐམས་ཅད་ཀྱི་བསྐྱེད་སའི་གཞིའི་དངོས་པོར་གྱུར་པས་སོ། །མདོ་ནི། བྱང་ཆུབ་མདོར་བསྟན་བཞིན་ནོ། །ཕར་ཕྱིན་དྲུག་གི་ཕན་བདེ་སྒྲུབ་འདོད་ཀྱི་བསམ་པ་གཙོ་བོར་གྱུར་པ་ནི། བསམ་པ་དང་ལྡན་པ་སྟེ། དེ་ནི་གསེར་བཟང་པོ་ལྟ་བུ་སྟེ། བྱང་ཆུབ་མ་ཐོབ་གྱི་བར་དུ་ནམ་ཡང་མི་འགྱུར་བའི་ཕྱིར་རོ། །མདོ་བྱང་ཆུབ་རྒྱས་བཤད་བཞིན་ནོ། །དྲན་པ་ཉེར་བཞག་སོགས་བསྒོམ་པར་འདོད་པའི་ལྷག་བསམ་གཙོ་བོར་གྱུར་པ་ནི། ལྷག་པའི་བསམ་ལྡན་ཏེ། དེ་ནི་ཡང་ངོའི་ཟླ་བ་ཚེས་པ་ལྟ་བུ་སྟེ། བྱང་ཕྱོགས་སོ་བདུན་ལ་སོགས་པ་དགེ་བའི་ཆོས་མཐའ་དག་གོང་ནས་གོང་དུ་འཕེལ་བར་འགྱུར་བའི་ཕྱིར་རོ། །ཤེར་ཕྱིན་ལ་གནས་ནས་བྱང་ཕྱོགས་སོ་བདུན་བསྒོམ་པར་བྱའོ། །ཞེས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྒོམ་པར་བྱའོ། །ཞེས་པའི་བར་དུ་གསུངས་སོ། །དབང་དུ་བྱ་བའི་ཕྱིར་སྦྱོར་བ་གཉིས་ལྡན་གྱི་མཁྱེན་གསུམ་བསྒོམ་པར་བྱ་བ་ནི་སྦྱོར་བ་དང་ལྡན་པ་སྟེ། དེ་ནི་མེ་ལྟ་བུ་སྟེ། བསྒོམས་བྱུང་གི་གསལ་སྣང་ཐོབ་པས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མི་མཐུན་ཕྱོགས་ཀྱི་སྒྲིབ་པའི་བུད་ཤིང་བསྲེག་པར་བྱེད་པའི་ཕྱིར་རོ། །ཐམས་ཅད་ཤེས་པ་ཉིད་ལ་ཤེས་པ་དང་མཐོང་བས་བལྟས་ནས་འདའ་བར་འདོད་པས་ཞེས་སོ། །སྦྱིན་པའི་མི་མཐུན་ཕྱོགས་ཐམས་ཅད་དང་བྲལ་བ་ནི། སྦྱིན་པ་དང་ལྡན་པ་སྟེ། དེ་ནི་བསྐལ་པ་ཆགས་པའི་ཚེ་རང་གྲུབ་པའི་གཏེར་ཆེན་པོ་དང་འདྲ་སྟེ། ཟང་ཟིང་གི་ལོངས་སྤྱོད་ཀྱིས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་ཀྱང་ཡོངས་སུ་ཟད་པར་འགྱུར་བའི་ཕྱིར། སེམས་ཅན་སེར་སྣ་ཅན་རྣམས་སྦྱིན་པ་ལ་འགོད་པར་འདོད་པ་དང་ཞེས་སོ། །ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་དང་བྲལ་བས་རྨི་ལམ་དུ་ཡང་འཆལ་ཚུལ་ཀུན་ཏུ་མི་སྤྱོད་པ་ནི། ཚུལ་ཁྲིམས་དང་ལྡན་པ་སྟེ། དེ་ནི་མང་པོ་དང་འོད་གསལ་བ་འབྱུང་བའི་རིན་པོ་ཆེའི་འབྱུང་ཁུངས་ཀྱི་གནས་ལྟ་བུ་སྟེ། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས་ཞེས་པ་ལྟར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་རིན་པོ་ཆེའི་རྟེན་གྱི་དངོས་པོ་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་འཆལ་བ་རྣམས་ཚུལ་ཁྲིམས་ལ་འཇོག་པར་འདོད་པ་དང་ཞེས་སོ། །བཟོད་པའི་མི་མཐུན་ཕྱོགས་དང་བྲལ་བས་དེའི་ཡོན་ཏན་ཡོངས་སུ་དག་པ་ཐོབ་པ་ནི་བཟོད་པ་དང་ལྡན་པ་སྟེ། དེ་ནི་རྒྱ་མཚོ་ཆེན་པོ་འདོམ་བཅུ་གཉིས་མན་ཆད་གང་གིས་ཀྱང་མི་གཡོ་བ་དང་འདྲ་སྟེ། ལུས་སེམས་ལ་མི་འདོད་པ་ཐམས་ཅད་ཐོག་ཏུ་བབས་པས་རྒྱུད་མི་འཁྲུགས་པའི་ཕྱིར་རོ། །གནོད་སེམས་དང་ལྡན་པ་རྣམས་བཟོད་པ་ལ་འཇོག་པར་འདོད་པ་དང་ཞེས་སོ། །བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་དང་བྲལ་བས་དེའི་ཡོན་ཏན་ཡོངས་སུ་དག་པ་ཐོབ་པ་ནི། བརྩོན་འགྲུས་དང་ལྡན་པ་སྟེ། དེ་ནི་རྡོ་རྗེ་རིན་ཆེན་གང་གིས་ཀྱང་མི་ཤིགས་པ་དང་འདྲ་སྟེ། ལམ་དང་འབྲས་བུ་ལ་ཡིད་ཆེས་པ་བསྟན་པ། བདུད་དང་ཕས་ཀྱི་རྒོལ་བས་སྒྲུབ་པ་ཉམས་ལེན་གྱི་བརྩོན་འགྲུས་ལ་མི་ཕྱེད་ཅིང་དབྲལ་བར་མི་ནུས་པའི་ཕྱིར་རོ། །ལེ་ལོ་ཅན་བརྩོན་འགྲུས་ལ་འཇོག་པར་འདོད་པ་དང་ཞེས་སོ། །བསམ་གཏན་གྱི་མི་མཐུན་ཕྱོགས་དང་བྲལ་བས་དེའི་ཡོན་ཏན་ཡོངས་སུ་དག་པ་ཐོབ་པ་ནི། བསམ་གཏན་དང་ལྡན་པ་སྟེ། དེ་ནི་རིའི་རྒྱལ་པོ་དང་འདྲ་སྟེ། དམིགས་པའི་རྣམ་པར་གཡེང་བ་དང་དམིགས་མེད་ཀྱི་བསམ་གཏན་ལས་མི་བསྐྱོད་པའི་ཕྱིར་རོ། །སེམས་རྣམ་པར་གཡེང་པ་རྣམས་བསམ་གཏན་ལ་འཇོག་པར་འདོད་པས་ཞེས་སོ། །རྟེན་ཅིང་འབྲེལ་བྱུང་རྐྱེན་འདི་པ་ཙམ་གྱི་དེ་ཁོ་ན་ཉིད་མཐོང་བས་ཤེར་ཕྱིན་གྱི་ཡོན་ཏན་ཡོངས་སུ་དག་པ་ཐོབ་པར་ཤེར་ཕྱིན་དང་ལྡན་པ་སྟེ། དེ་ནི་ནད་ཐམས་ཅད་འཇོམས་པའི་སྨན་ཆེན་པོ་དང་འདྲ་སྟེ། ཉོན་མོངས་དང་ཤེས་པའི་སྒྲིབ་པ་སྡུག་བསྔལ་བསྐྱེད་པ་ནད་དང་འདྲ་བར་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། །ཤེས་རབ་འཆལ་བ་རྣམས་ཤེས་རབ་ལ་འཇོག་པར་འདོད་པ་དང་ཞེས་སོ། །སྐད་ཅིག་རེ་རེར་སྙོམས་པར་འཇུག་ཅིང་། ལྡང་བས་སེམས་ཅན་གྱི་དོན་རྒྱུན་མི་གཅོད་པའི་ཐབས་ལ་མཁས་པ་དང་ལྡན་པ་ནི། གདུལ་བྱ་རྗེས་སུ་འཛིན་ནུས་ཀྱི་དགེ་བའི་བཤེས་གཉེན་ལྟ་བུ་སྟེ། མཚན་བཅས་མཚན་མེད་ཀྱི་གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །དགེ་བའི་རྩ་བ་སེམས་བསྐྱེད་པ་གཅིག་ཙམ་ཡང་རྣམ་མཁྱེན་དུ་བསྔོས་པས་མི་ཟད་པར་བྱེད་འདོད་པ་དང་ཞེས་སོ། །ས་དང་པོར་བཏབ་པའི་སྨོན་ལམ་ཆེན་པོ་བཅུ་ལ་སོགས་པ་སྨོན་ལམ་འབུམ་ཕྲག་གྲངས་མེད་པ་བཅུ་པོ་རྣམས་ཀྱི་འབྲས་བུ་འགྲུབ་པའི་ནུས་པ་ཐོབ་པ་ནི། སྨོན་ལམ་དང་ལྡན་པ་སྟེ། དེ་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་སྟེ། སེམས་ཅན་གྱི་དོན་དུ་ཇི་ལྟར་སྨོན་པའི་འབྲས་བུ་རྣམས་འགྲུབ་པའི་ཕྱིར་རོ། །སངས་རྒྱས་ཀྱི་སྐུ་སྒྲུབ་པར་འདོད་པ་དང་ཞེས་སོ། །སྒོམ་པ་དང་སོ་སོར་རྟོག་པའི་སྟོབས་དང་ལྡན་པ་ནི། རྩི་ཤིང་དང་སྨན་དང་འབྲས་བུ་ཐམས་ཅད་སྨིན་པར་བྱེད་པའི་ཉི་མ་ལྟ་བུ་སྟེ། སོ་སོ་ཡང་དག་རིག་བཞིས་སྐལ་བ་དང་འཚམ་པའི་ཆོས་བསྟན་པས་གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་འདོད་པས་ཞེས་སོ། །རང་ཆོས་ལ་རྫོགས་པར་ལོངས་སྤྱོད་པ་དང་གཞན་སྨིན་པར་བྱེད་པ་ཅན་གྱི་ཡེ་ཤེས་དང་ལྡན་པ་ནི། དྲི་ཟའི་གླུའམ་ཆོས་སྒྲ་དབྱངས་སྙན་པ་ལྟ་བུ་སྟེ། གདུལ་བྱ་བདུན་པར་བྱེད་པའི་ཆོས་སྟོན་པའི་ཕྱིར་རོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འབྱུང་བ་བཞིའི་རྡུལ་ཕྲ་རབ་ཀྱི་ཚད་ཤེས་པར་འདོད་པ་དང་ཞེས་སོ། །མངོན་ཤེས་དྲུག་དང་ལྡན་པ་ནི་རྒྱལ་པོ་ཆེན་པོ་ལྟ་བུ་སྟེ། མངོན་ཤེས་དྲུག་གི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པའི་མཐུ་ཐོགས་པ་མེད་པས་གཞན་གྱི་དོན་བསྒྲུབ་པའི་ཕྱིར་རོ། །སེམས་བསྐྱེད་པ་གཅིག་གིས་ཕྱོགས་བཅུ་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་ཡང་དག་པར་འདའ་བར་འདོད་པ་དང་ཞེས་སོ། །བསོད་ནམས་དང་ཡེ་ཤེས་དང་ལྡན་པ་ནི། ནོར་གྱིས་གང་བའི་བང་མཛོད་ལྟ་བུ་སྟེ། ཕར་ཕྱིན་དྲུག་གིས་བསྡུས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་བང་མཛོད་ལྟ་བུ་ཡིན་པས་སོ། །སངས་རྒྱས་ཚད་མེད་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཞུགས་པ་དེ་དག་ཐམས་ཅད་བསོད་སྙོམས་གཅིག་གིས་ཁྱད་པར་མེད་པར་བྱེད་འདོད་པ་དང་ཞེས་སོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་དོན་དང་ལྡན་པ་ནི། མི་རིགས་བཞི་ཀ་འགྲོ་བའི་ལམ་པོ་ཆེ་ལྟ་བུ་སྟེ། དུས་གསུམ་གྱི་འཕགས་པ་ཐམས་ཅད་ལམ་འདི་ཉིད་ནས་གཤེགས་པའི་རྗེས་སུ་གཤེགས་པར་འགྱུར་བས་སོ། །དུས་གསུམ་གྱི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་རྗེས་སུ་ཐོབ་པར་འདོད་པ་དང་། ཞེས་སོ། །སྙིང་རྗེ་དང་ལྷག་མཐོང་དང་ལྡན་པ་ནི་བཞོན་པ་བཟང་པོ་དང་འདྲ་སྟེ། འཁོར་འདས་གང་དུ་ཡང་མི་ལྟུང་བས་མི་གནས་པའི་མྱང་འདས་ཀྱི་སར་བདེ་བླག་ཏུ་འགྲོ་བར་བྱེད་པའི་ཕྱིར་རོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་མངོན་དུ་འགྲོ་བར་འདོད་པ་དང་ཞེས་སོ། །གཟུངས་དང་སྤོབས་པ་དང་ལྡན་པ་ནི། ཆུ་གསར་པ་འབྱིན་ཅིང་རྙིང་པ་འཛིན་པར་བྱེད་པའི་བཀོད་མའི་ཆུ་དང་འདྲ་སྟེ། གཟུངས་ཀྱིས་ཐོས་པའི་ཆོས་སྤོབས་པས་མ་ཐོས་པའི་ཆོས་འཛིན་པ་མི་ཟད་པའི་ཕྱིར་རོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པ་དང་གསུང་བ་དང་གསུང་བར་འགྱུར་བ་འདི་ལྟ་སྟེ། ཞེས་སོ། །ཆོས་ཀྱི་དགའ་སྟོན་དང་ལྡན་པ་ནི། ལྷའི་རྔ་བོ་ཆེ་ཆོས་ཀྱི་སྒྲ་སྙན་ལྟ་བུ་སྟེ། ཐར་པ་འདོད་པའི་གདུལ་བྱ་རྣམས་ལ་ཆོས་ཀྱི་སྡོམ་བཞི་སྙན་པར་སྒྲོགས་པའི་ཕྱིར་རོ། །ཕྱོགས་བཅུ་རེ་རེ་ཞིང་འཇིག་རྟེན་གྱི་བར་གྱི་ཡུན་རིང་པོར་མུན་ནག་དུ་གྱུར་པ་ལུས་ཀྱི་འོད་ཀྱིས་སྣང་བར་བྱས་ནས་དེར་སྐྱེས་པའི་སེམས་ཅན་སངས་རྒྱས་ལ་སོགས་པའི་སྒྲ་ཐོས་པར་འདོད་པ་དང་ཞེས་སོ། །བགྲོད་པ་གཅིག་པའི་ལམ་དང་ལྡན་པ་ནི། རང་གི་ངང་གིས་ལམ་གཅིག་ལ་འབབ་པའི་ཆུ་བོའི་རྒྱུན་དང་འདྲ་སྟེ། ཤེས་བྱ་དང་། ཤེས་པ་མཉམ་པ་ཉིད་དུ་རྟོགས་པས་སྙིང་རྗེ་ཆེན་པོ་དང་ཐབས་ཤེས་ཀྱིས་གཞན་དོན་བྱ་བ་ཐ་མི་དད་པའི་ཕྱིར་རོ། །ཕྱོགས་བཅུ་རེ་རེ་ཞིང་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་ལོང་བ་དང་འོན་པ་ལ་སོགས་པ་སྡུག་བསྔལ་དེ་དང་དེ་ལས་ཐར་བར་བྱས་ནས་མིའི་ལུས་ཐོབ་པར་འདོད་པ་དང་ཞེས་སོ། །ཆོས་ཀྱི་སྐུ་དང་ལྡན་པ་ནི། ལོ་ཐོག་སྨིན་པར་བྱེད་པའི་ཆར་གྱི་རྒྱུན་འབེབས་པའི་སྤྲིན་ཆེན་པོ་ལྟ་བུ་སྟེ། སྤྲུལ་པའི་སྐུས་དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་མཛད་པ་བཅུ་གཉིས་ཀུན་སྟོན་པར་རུང་བ་ཉིད་ཀྱིས་སེམས་ཅན་གྱི་དོན་བྱ་བ་ཐམས་ཅད་དེ་ལ་རག་ལས་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་སྤྱོད་ལམ་བསྟན་པར་འདོད་པ་དང་། གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེར་ཕྱིན་ལ་བསླབ་པར་བྱའོ་ཞེས་སོ། །གཉིས་པ་ནི། དེ་ལྟར་ན་ཞེས་སོ། །གསུམ་པ་ས་མཚམས་ལ་དངོས་དང་། དོན་བསྡུ་བ་གཉིས་ཀྱི་དང་པོ་ནི། སེམས་བསྐྱེད་ཉི་ཤུ་རྩ་གཉིས་བཤད་པ་དེ་ལས་འདུན་ལྡན་ལ་སོགས་པ་སེམས་བསྐྱེད་དང་པོ་གསུམ་ནི་ལས་དང་པོ་པའི་ས་ཚོགས་ཀྱི་ལམ་གྱིས་བསྡུས་ཏེ། དེ་དག་གོ་རིམ་བཞིན་དུ་ཚོགས་ལམ་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་གྱི་རང་བཞིན་ཡིན་པ་ཉིད་ཀྱིས་སོ། །དེའི་འོག་དུ་སྦྱོར་བ་དང་ལྡན་པ་གཅིག་ནི་ས་དང་པོ་ལ་འཇུག་པ་སྦྱོར་བའི་ལམ་གྱིས་བསྡུས་པ་མོས་སྤྱོད་ཀྱི་ས་དང་འབྲེལ་བ་ཡིན་ནོ། །དེའི་འོག་ཏུ་སྦྱིན་པ་དང་ལྡན་པ་ནས་ཡེ་ཤེས་དང་ལྡན་པའི་བར་བཅུ་ནི་གོ་རིམ་བཞིན་དུ་ས་རབ་ཏུ་དགའ་བ་ནས་ཆོས་ཀྱི་སྤྲིན་གྱི་བར་གྱི་ས་བཅུས་བསྡུས་ཏེ། དང་པོ་རྣམས་མཐོང་ལམ་དང་ལྷག་མ་རྣམས་སྒོམ་པའི་ལམ་གྱི་སྤྱོད་ཡུལ་ཅན་ཡིན་ནོ། །དེའི་འོག་དུ་མངོན་ཤེས་དང་ལྡན་པ་ནས་གཟུངས་སྤོབས་དང་ལྡན་པའི་བར་ལྔ་ནི། ས་བཅུ་པའི་ཁྱད་པར་གྱི་ལམ་གྱིས་བསྡུས་ཏེ། སྐྱེ་བ་གཅིག་གིས་ཐོགས་པ་ནས་རྒྱུན་མཐའི་གོང་རོལ་གྱི་གནས་སྐབས་རྣམས་སོ། །དེའི་འོག་དུ་སེམས་བསྐྱེད་པ་ཐ་མ་གསུམ་ནི། སངས་རྒྱས་ཀྱི་སས་བསྡུས་ཏེ། ཆོས་ཀྱི་དགའ་སྟོན་དང་ལྡན་པ་ནི། བྱང་སེམས་ཀྱི་ས་དང་འབྲེལ་བ་སངས་རྒྱས་ཀྱི་ས་ལ་འཇུག་པའི་སྦྱོར་བའི་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པ་ཡིན་ནོ། །བགྲོད་པ་གཅིག་པའི་ལམ་དང་ལྡན་པ་ནི། སངས་རྒྱས་ཀྱི་སས་བསྡུས་པའི་དངོས་གཞི་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་བསྡུས་པ་ཡིན་ནོ། །ཆོས་ཀྱི་སྐུ་ལྡན་ནི། སངས་རྒྱས་ཀྱི་སའི་མཇུག་གི་གནས་སྐབས་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་བསྡུས་པ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམ་པར་མི་རྟོག་པ་ལ་བཞུགས་པའི་བདག་པོའི་རྐྱེན་ལས་གདུལ་བྱས་ཡོངས་སུ་བརྟགས་པའི་སྤྲུལ་པ་ལ་སོགས་པ་དམིགས་པའི་ཕྱིར་རོ། །གཉིས་པ་ནི། དང་པོ་བཞི་ནི་མོས་སྤྱོད་དང་ལྡན་པ་ཡིན་ལ། སྦྱིན་པ་ནས་ཐབས་མཁས་ཀྱི་བར་བདུན་ནི་ལྷག་བསམ་དག་པ་དང་ལྡན་པ། སྨོན་ལམ་ནས་གཟུངས་སྤོབས་ལྡན་གྱི་བར་ནི་རྣམ་པར་སྨིན་པ་དང་ལྡན་པ། ཐ་མ་གསུམ་སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཅེས་བྱ་སྟེ། དེ་ལྟར་ན། རྒྱན་དུ། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་གསུངས་པའི་རྗེས་སུ་འབྲངས་ནས་སེམས་བསྐྱེད་པའི་རྒྱུ་དང་འབྲས་བུའི་རབ་ཏུ་དབྱེ་བ་ནི། ལས་དང་པོ་པའི་ས་ནས་བཟུང་སྟེ། སངས་རྒྱས་ཀྱི་ས་ཡི་བར་དུ་བསྡུས་པ་ཡིན་ནོ། །

གདམས་ངག་བཤད་པ།

གཉིས་པ་སྦྱོར་བ་ལམ་གྱི་རང་བཞིན་བཤད་པ་ལ་གསུམ། གཞན་གྱི་སྒྲའི་བདག་ཉིད་གདམས་ངག །ཚུལ་བཞིན་ཡིད་བྱེད་ཀྱི་ངོ་བོ་ངེས་འབྱེད་ཆ་མཐུན། ཡང་དག་ལྟ་བའི་རང་བཞིན་སྒྲུབ་པ་རྣམས་སོ། །དང་པོ་ལ་སྤྱི་དང་། ཡན་ལག་གི་དོན་གཉིས། དང་པོ་ནི། རྟེན་གྱི་གདམས་ངག་ནོད་པའི་དུས། ནོད་པའི་རྒྱུ། གང་ལ་ནོད་པའི་ཡུལ། གང་གི་ཕྱིར་ནོད་པའི་དགོས་པ་དང་། རང་གི་ངོ་བོ། དབྱེ་བ་རྣམས་ཀྱིས་ཤེས་པར་བྱའོ། །དང་པོ་ནི། གླིང་གསུམ་གྱི་སྐྱེས་པ་དང་བུད་མེད། འདོད་གཟུགས་ཀྱི་ལྷ་དང་བཅས་པ་རྣམས་ཏེ། ཐེག་ཆེན་གྱི་ཚོགས་ལམ་གྱི་རྟེན་དུ་རུང་བ་རྣམས་སོ། །གཉིས་པ་ནི། ཕལ་པ་ཚོགས་ལམ་ཆུང་ངུ་ནས་ཐོབ་ལ། ཁྱད་པར་ཅན་ཚོགས་ལམ་ཆེན་པོ་ནས་ཐོབ་བོ། །གསུམ་པ་ནི། གདམས་ངག་ཕལ་པའི་རྒྱུ་ནི། དད་པ་དང་བརྩོན་འགྲུས་དང་། དྲན་པ་དང་ཤེས་རབ་རྣམས་ཡིན་ལ། ཐེག་ཆེན་གྱི་གདམས་ངག་ཁྱད་པར་ཅན་གྱི་རྒྱུ་ནི། ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཏེ། དེ་ནི་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས། ཇི་ལྟར་ཐོས་པའི་ཆོས་ཀྱི་ཚིག་དང་དོན་འཛིན་པར་ནུས་པའི་དྲན་པ་དང་ཤེས་རབ་བོ། །བཞི་པ་ནི། ཕལ་པ་བྱང་སེམས་དང་ཉན་ཐོས་སོགས་གཞན་ལ་ཡང་ནོད་པར་བྱེད་ལ། ཁྱད་པར་ཅན་ནི་མཆོག་གི་སྤྲུལ་པའི་སྐུ་ལ་ནོད་དེ། རྒྱན་ལས། དེ་ཚེ་ཆོས་ཀྱི་རྒྱུན་ལ་ནི། །སངས་རྒྱས་རྣམས་ལ་ཞི་གནས་དང་། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་རྙེད་པར་འགྱུར། །ཅེས་གསུངས་སོ། །ལྔ་པ་ནི། ཡོན་ཏན་མ་ཐོབ་པ་ཐོབ་པར་བྱེད་པ་དང་། ཐོབ་པ་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བར་བྱེད་པའོ། །དྲུག་པ་ནི། སློབ་མའི་དོན་དུ་གཉེར་བྱའི་དོན་མ་ཐོབ་པ་ཐོབ་པ་དང་། ཐོབ་པ་འཕེལ་བའི་ཐབས་སྟོན་པའི་དགེ་བའི་བཤེས་གཉེན་གྱི་ངག་གི་རྣམ་པར་རིག་བྱེད་ཡིན་ནོ། །ཆོས་ཤེས་ཀྱི་བྱེད་པ་པོ་ལ་ཡོད་པའི་གདམས་ངག །འདོམས་བྱེད་ཀྱི་ངག་གི་རྣམ་པར་རིག་བྱེད་དང་བྱ་བ་ལས་ལ་ཡོད་པ། གདམས་པ་ལྟར་ཉམས་སུ་ལེན་པའི་རྟོགས་པའི་ཆ་ལ་འཆད་ཀྱང་། རྟོགས་པ་ནི་གདམས་ངག་གི་འབྲས་བུ་ལ་དེར་བཏགས་པ་ཙམ་དུ་ཟད་པས་གདམས་ངག་དངོས་མ་ཡིན་ནོ། །བདུན་པ་ནི། བྱེད་ལས་ཀྱི་སྒོ་ནས་ཕྱེ་ན། གདམས་པ་དང་། རྗེས་སུ་བསྟན་པ་གཉིས་ཏེ། འདི་གཉིས་ཀྱི་ཡུལ་དང་ངོ་བོ་ལ་ཁྱད་པར་མེད་ཅིང་། ཡོན་ཏན་མ་ཐོབ་པ་ཐོབ་པར་བྱེད་པ་རྗེས་བསྟན་དང་། ཐོབ་པ་མི་ཉམས་ཤིང་འཕེལ་བར་བྱེད་པ་གདམས་པ་ཡིན་པས་སོ། །ཡུལ་གྱི་སྒོ་ནས་བཅུ་དང་། ངོ་བོའི་སྒོ་ནས་བྱ་བ་ལས་ལ་ཡོད་པ་དང་། བྱེད་པ་པོ་ལ་ཡོད་པའི་གདམས་ངག་གཉིས་སུ་ཡང་དབྱེའོ། །གཉིས་པ་ལ་བཞི། སྤྱིར་བསྟན། སོ་སོར་བཤད། དོན་བསྡུ། རྟོགས་དཀའ་བྱེ་བྲག་དུ་བཤད་པའོ། །དང་པོ་ནི། སེམས་བསྐྱེད་པའི་དབྱེ་བ་ནི། ལུས་རྣམ་གཞག་གིས་མ་ཟིན་པས་དཀྱུད་མ་མ་ཡིན་གྱི་སེམས་བསྐྱེད་ཀྱི་ངོ་བོ་སྟོན་པ་ལས་འཕྲོས་པས་ན། ཞར་ལ་བརྗོད་ནས་དེའི་འོག་ཏུ་གདམས་ངག་འཆད་དོ། །དེ་ཡང་གང་ཞེ་ན། འདོམས་པ་ལ་ནི་གདམས་ངག་ཅེས་སྦྱར་རོ། །གང་གིས་ན། སངས་རྒྱས་ལ་སོགས་པ་དགེ་བའི་བཤེས་གཉེན་གྱིས་སོ། །ཡུལ་གང་ལ་ན། གོང་དུ་བཤད་པའི་ཚུལ་དེ་ལྟར་ན། སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་གཟུངས་སྤོབས་དང་ལྡན་པ་མན་ཆད་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། སྲིད་པ་ཐ་མ་པ་ནི་རང་བྱུང་གི་ཡེ་ཤེས་མངོན་དུ་བྱེད་པའི་ཕྱིར་གདམས་ངག་མི་ནོད་ལ། སྐྱེ་བ་གཅིག་གིས་ཐོགས་པ་མན་ཆད་ནི་སངས་རྒྱས་ལ་གདམས་ངག་ནོད་པར་བྱེད་དོ། །དུས་ནམ་གྱི་ཚེ་ཞེ་ན། རང་རང་གི་མངོན་པར་འདོད་པའི་འབྲས་བུ་ཐོབ་པར་འདོད་པའི་དུས་ཇི་ལྟ་བ་བཞིན་དུ་དེའི་ཐབས་གདམས་ངག་དོན་དུ་གཉེར་བར་བྱེད་པའི་ཚེ་ནའོ། །དགོས་པ་ཅིའི་ཕྱིར་དུ་ན། རྗེས་བསྟན་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། དེས་འཕངས་པའི་ཆོས་སེམས་བསྐྱེད་ཉི་ཤུ་རྩ་གཉིས་ཀྱི་སྐབས་སུ་བཤད་པའི་ཆོས་རྣམས་ལ་མངོན་པར་གྲུབ་པར་བྱ་བའི་ཕྱིར་ཡིན་ལ། གདམས་པ་ནི། ཡོན་ཏན་སྔར་ཐོབ་ཟིན་རྣམས་མི་ཉམས་པར་ཡོངས་སུ་བསྲུང་བའི་དོན་གྱིས་གོང་ནས་གོང་དུ་མངོན་པར་འཕེལ་བར་བྱ་བའི་ཕྱིར་ཡིན་ནོ། །གཉིས་པ་ལ། རྩ་བ་དང་། འགྲེལ་པ་གཉིས་ཀྱི། དང་པོ་ནི། གདམས་ངག་ནི་དབྱེ་གཞི། དབྱེ་གྲངས་བཅུའི་བདག་ཉིད་དུ་ཤེས་པར་བྱ། དབྱེ་བའི་ངོ་བོ་ནི། སྒྲུབ་དང་ཞེས་སོགས་ཏེ། སྒྲུབ་པ་ལ་འདོམས་པའི་གདམས་ངག་དང་། ཞེས་སོགས་སྦྱར་རོ། །དེ་རྣམས་ཀྱང་བཞིར་འདུས་ཏེ། སྒྲུབ་པའི་དབང་དུ་བྱས་པ་གསུམ། སྒྲུབ་པ་ཉམས་པའི་རྒྱུ་སྤོང་བྱེད། གཉེན་པོའི་དབང་དུ་བྱས་པ་གསུམ། སྒྲུབ་པ་ཁྱད་པར་དུ་འགྲོ་བའི་རྒྱུ་ཡོན་ཏན། ཁྱད་པར་ཅན་གྱི་དབང་དུ་བྱས་པ་གཉིས། མཐར་ཐུག་པར་འགྲོ་བའི་རྒྱུ་ལམ་གྱི་དབང་དུ་བྱས་པ་གཉིས་རྣམས་གོ་རིམ་བཞིན་ནོ། །གཉིས་པ་འགྲེལ་པ་ལ་བཅུའི་དང་པོ། སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པ་ནི། འདོམས། གང་ལ་ན། ཤེར་ཕྱིན་གྱི་རྣལ་འབྱོར་ཉམས་ལེན་གྱི་སྒྲུབ་པ་ལའོ། །ཚུལ་ཇི་ལྟར་ན། བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་དབྱེ་བ་ཉེར་གཉིས་གོང་དུ་ཇི་སྐད་བཤད་པ་སྒྲུབ་པ་ལ་མི་དམིགས་པའི་ཚུལ་གྱིས་འཇུག་པར་བྱའོ། །ཞེས་བྱང་སེམས་ལ་སློབ་པའི་ཚུལ་གྱིས་སོ། །ཚུལ་གང་གིས་ན། མི་དམིགས་པར་འཇུག་པར་བྱ་ཞེ་ན། རྟེན་འབྲེལ་སྒྱུ་མ་ལྟ་བུ་འདི། ཇི་ལྟར་སྣང་བ་ཐ་སྙད་དུ་ཡང་མེད་ཅེས་བསྐུར་བ་མི་འདེབས་པ་ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་ལ། དེ་ཉིད་རིགས་པས་བརྟག་བཟོད་དུ་ཡོད་ཅེས་སྒྲོ་མི་འདོགས་པས། དོན་དམ་པའི་བདེན་པ་ལས་མི་འདའ་བས་སོ། །ཆེད་དུ་བྱ་བ་གང་གི་དོན་དུ་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་སོགས་དང་ཐུན་མོང་མ་ཡིན་པ་སེམས་ཅན་ཐམས་ཅད་མྱ་ངན་འདའ་བ་དང་། ཆོས་སྐུ་མངོན་པར་སྒྲུབ་པའི་དོན་དུའོ། །དེས་ན་འདིས་བྱང་སེམས་ཀྱི་སྒྲུབ་པ་ཐབས་དང་ཤེས་རབ་ཁྱད་པར་ཅན་དང་ལྡན་པ་བསྟན་ཏེ། བདེན་གཉིས་ལས་མི་འདའ་བར་མི་དམིགས་པའི་ཚུལ་གྱིས་འཇུག་ཅེས་པས་མི་མཐུན་ཕྱོགས་སྒྲོ་བསྐུར་དང་བྲལ་བའི་ཤེས་རབ་ཁྱད་པར་ཅན་བསྟན་ལ། ཉན་ཐོས་དང་ཐུན་མོང་མ་ཡིན་པ་ཞེས་པས་རང་དོན་ཡིད་བྱེད་སྤངས་པའི་ཐབས་སྙིང་རྗེ་ཆེན་པོ་བསྟན་ནོ། །མདོ་ནི། ཤ་བུ་འདི་ལ་བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཚེ། བྱང་སེམས་ཡོད་བཞིན་དུ་བྱང་སེམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་སེམས་ཀྱི་མིང་དང་། བྱང་ཆུབ་དང་། ཤེར་ཕྱིན་དང་། ཤེར་ཕྱིན་ཀྱི་མིང་དང་། སྤྱོད་ཅེས་བྱ་བ་དང་། མི་སྤྱོད་ཅེས་བྱ་བ་དང་། སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ནས་རྣམ་མཁྱེན་གྱི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཞེས་སོ། །དེ་ལ་བྱང་སེམས་ཡོད་བཞིན་དུ་ཞེས་པས་བསྐུར་འདེབས་བསལ་ནས་ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་བ་བསྟན་ལ། ལྷག་མས་སྒྲོ་འདོགས་བསལ་ནས་དོན་དམ་པའི་བདེན་པ་ལས་མི་འདའ་བ་བསྟན་ཏོ། །ཡང་ཤ་བུ་གལ་ཏེ། འཛམ་བུའི་གླིང་འདི་དགེ་སློང་ཤ་རིའི་བུ་དང་། མོའུ་འགལ་གྱི་བུ་ལྟ་བུ་ཤ་སྟག་གིས་འདི་ལྟ་སྟེ་དཔེར་ན། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་། དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི། བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམ་པའི་རྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། རྒྱ་སྟོང་ནས། བྱེ་བ་བརྒྱ་སྟོང་གི་ཆ་དང་། གྲངས་སུ་དང་། ཆར་ཡང་། བགྲང་བར་ཡང་། རྒྱུར་ཡང་། དཔེར་ཡང་ཉེ་བར་མི་འགྲོའོ་ཞེས་སོ། །འདིས་ནི་ཉན་ཐོས་སོགས་དང་ཐུན་མོང་མ་ཡིན་པའི་ཁྱད་པར་བསྟན་ཏེ། དཔེར་སྨོས་པའི་ཚལ་དྲུག་གིས་རྟོགས་པའི་ཆོས་དྲུག་མཚོན་ཏེ། འདི་ལྟར། དྲོད་ནི་འདམ་བུ་ལྟར་ལས་དང་ཉོན་མོངས་པའི་གནོད་པ་ཆུང་ངུ་མི་བཟོད་པ་དང་། རྩེ་མོ་ནི། འོད་མ་ལ་མེ་མཚོན་གྱི་གནོད་པ་བཟོད་པ་ལྟར། ལས་ཉོན་གྱི་གནོད་བྱེད་དྲག་པོ་དང་ཕྲད་ཀྱང་དགེ་བའི་རྩ་བ་མི་ཆད་པ་དང་། བཟོད་པ་ནི། བུར་ཤིང་གནས་སྐབས་ཐམས་ཅད་དུ་མངར་བ་དང་མི་འབྲལ་བ་ལྟར། ངན་སོང་ཆད་པས་སྐྱེ་བ་ཀུན་ཏུ་བདེ་འགྲོར་སྐྱེས་ནས་སྦྱོར་བ་བསྒོམ་པའི་མངར་བ་དང་མི་འབྲལ་བ་དང་། སྨིག་མ་ལ་མྱུར་དུ་རྫོགས་པ་ལྟར་ཆོས་མཆོག་གི་མྱུར་དུ་བདེན་པ་མངོན་པར་རྟོགས་པ་བསྐྱེད་པ་དང་འབྲས་བུ་རྣམས་ཀྱི་མཆོག་ཡིན་པ་ལྟར་མཐོང་ལམ་འཕགས་པའི་རྟོགས་པ་ཐམས་ཅད་ཀྱི་མཆོག་ཡིན་པ་དང་། ཏིལ་དཀར་ནག་རྣམས་མེ་ཏོག་སོགས་ཐ་མི་དད་ཀྱང་། ཏིལ་མར་གྱི་ནུས་པ་ཐ་དད་པ་ལྟར། སྒོམ་པའི་ལམ་ཡང་ཆོས་ཉིད་མཐོང་ཟིན་སྒོམ་པ་ལ་ཁྱད་པར་མེད་དུ་ཟིན་ཀྱང་སྒོམ་སྤང་ཆེ་འབྲིང་སོགས་སྤོང་བའི་ནུས་པ་ཐ་དད་པའི་དབང་དུ་བྱས་ནས་དཔེ་དྲུག་སྨོས་སོ། །ཚལ་སྨོས་པ་ནི། རྟེན་གྱི་གང་ཟག་དབང་པོ་རྣོ་འབྲིང་རྟུལ་གསུམ་ཐ་དད་ཀྱང་། བརྟེན་པ་དྲོ་བ་སོགས་ཀྱི་རྟོགས་པ་རིགས་ཐ་མི་དད་པར་བསྟན་པའི་ཕྱིར་རོ། །ལམ་ཞེས་པ་སྔ་མ་རྣམས་ནི། དཔེ་ཕྱི་མ་དྲང་བའི་དོན་ཡིན་ལ། ཕྱི་མ་རྣམས་ནི་འཕགས་པ་རྣམས་ཀྱི་མཐོང་ཆོས་ལ་བདེ་གནས་ཀྱི་རྟོགས་པ་ཤེས་བྱེད་ཀྱི་དཔེ་གཞན་དྲང་བའི་དོན་དུའོ། །ཤ་བུ་དང་མོའུ་འགལ་གྱི་བུ་སྨོས་པ་ནི། རྟོགས་པ་མཐུན་པ་བཟུང་བའི་དོན་དུའོ། །རྒྱའི་ཆར་ཡང་ཞེས་སོགས་ཀྱི་བྱང་སེམས་ཤེས་རབ་ཉིན་གཅིག་བསྒོམས་པའི་གྲངས་དང་། མཐུ་དང་། རིགས་དང་། རྒྱུའི་དང་། དཔེ་ལས་འདས་པའི་ཁྱད་པར་ཉིད་བསྟན་ཏོ། །འདིར་བྱང་སེམས་གང་ཡིན། སེམས་དང་པོ་བསྐྱེད་པའམ། སྤྱོད་པ་ལ་བཞུགས་པའམ། ཕྱིར་མི་ལྡོག་པའམ། སྐྱེ་བ་གཅིག་གིས་ཐོགས་པ་ཡིན། རེ་ཞིག་བཞི་པ་མ་ཡིན་ཏེ། ས་བཅུ་པ་ལ་དེ་བཞིན་གཤེགས་པར་བཤད་པས་སོ། །གསུམ་ལ་ཡང་མ་ཡིན་ཏེ། ས་བརྒྱད་པ་ལ་དེའི་དགོངས་པ་ཅན་གྱི་མྱང་འདས་བཀག་པས་ཉན་ཐོས་ཐམས་ཅད་ལས་ཤེས་རབ་ཁྱད་པར་འཕགས་པའི་ཕྱིར་རོ། །ཡང་དེའི་མྱང་འདས་དེ་ནི་གང་ཉན་ཐོས་ཀྱི་མ་ཡིན་ཏེ། དེ་ནི་སེམས་དང་པོ་བསྐྱེད་ནས་རིང་དུ་སྤངས་པའི་ཕྱིར་རོ། །སྒོམ་སྤང་མ་སྤངས་པའི་ཕྱིར། སངས་རྒྱས་ཀྱི་ཡང་མ་ཡིན་ནོ་ཞེ་ན། བསྟན་པ་འདི་ལ་མྱང་འདས་མང་སྟེ། རྩེ་མོ་ཐོབ་པས་དགེ་བའི་རྩ་བ་ཆད་པ་ལས་དང་། བཟོད་པ་ཐོབ་ནས་ངན་སོང་ལས་དང་། བསམ་གཏན་ཐོབ་པས་དེའི་ཡན་ལག་གི་དང་། རྒྱུན་ཞུགས་སྲིད་པ་བརྒྱད་པ་ལས་དང་། ཕྱིར་འོང་འདིར་སྐྱེ་བ་གཅིག་པ་ལས་དང་། ཕྱིར་མི་འོང་འདོད་ཁམས་ལས་དང་། དགྲ་བཅོམ་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཡིན་ལ། འདིར་དགོངས་པ་ཅན་གྱི་མྱང་འདས་ཡིན་ཏེ། དེ་དུས་དེ་སྲིད་དུ་འགྲོ་བའི་དོན་རྒྱུན་ཆད་པའི་ཕྱིར་རོ། །གཉིས་པ་ཡང་མ་ཡིན་ཏེ། དེ་ཡང་ཉན་རང་ལས་རྟོགས་པ་ཁྱད་པར་དུ་འཕགས་པའི་ཕྱིར་རོ་ཞེ་ན། ཇི་སྐད་བཤད་པའི་ཚུལ་གྱིས་གསུམ་པོ་དེ་དག་མི་རིགས་པའི་ཕྱིར་དང་། ཡོངས་སུ་མི་ཉམས་པའི་ཆོས་ཅན་བརྡ་ལས་བྱུང་བའི་སེམས་དང་པོ་བསྐྱེད་པའི་བྱང་སེམས་ཡིན་པར་མངོན་ནོ། །དེ་ལྟར་ན་སེམས་ཅན་ཐམས་ཅད་མྱ་ངན་ལས་འདའ་བ་དང་། ཆོས་སྐུ་འགྲུབ་པ་སོགས་བྱང་སེམས་ཀྱི་ཤེས་རབ་ཉིན་གཅིག་བསྒོམས་པའི་འབྲས་བུར་བཤད་པ་འགལ་ཏེ། དེ་དག་ནི་བསྐལ་པ་གྲངས་མེད་པ་མང་པོའི་ཤེས་རབ་ཀྱི་འབྲས་བུ་ཡིན་པས་སོ་ཞེ་ན། སྐྱོན་མེད་དེ། མར་མེའི་དཔེ་ཚུལ་གྱི་སེམས་བསྐྱེད་པ་དང་པོ་དང་། ཕྱི་མ་དག་ཕན་ཚུན་ལྟོས་ནས་དེ་དག་བསྐྱེད་པས་སོ་ཞེས་པ་འདི་ཡང་ལན་ཡིན་ནོ། །ཞེས་ཉི་སྣང་ལས་བཤད་དོ། །གཉིས་པ་དམིགས་ཡུལ་བདེན་པ་བཞི་ལ་གདམས་པ་ལ། སྤྱི་དང་ཡན་ལག་གི་དོན་གཉིས་ཀྱི་དང་པོ་ལ་བཞི། བདེན་བཞི་སོ་སོའི་ངོ་བོ། སྒྲ་དོན། གྲངས་དང་། གོ་རིམ་ངེས་པའོ། །དང་པོ་ལ་བཞི་ལས། སྡུག་བདེན་ལ་མཚན་ཉིད་བཤད་པ་དང་། མཚན་གཞི་ངོས་བཟུང་བ་གཉིས་ཀྱི་དང་པོ། ལས་ཉོན་གྱི་འབྲས་བུར་གྱུར་པའི་འདུ་བྱེད། གང་མི་རྟག་སོགས་མཚན་ཉིད་ཀྱི་སྒོ་ནས་ཡོངས་སུ་ཤེས་པར་བྱའོ། །དེ་ལ་བྱིས་པས་ནི་སྡུག་བསྔལ་གྱི་ཕུང་པོ་ལ་རྟག་སོགས་ཕྱིན་ཅི་ལོག་བཞིར་ཞེན་པ་ཉིད་ཀྱིས། དེའི་གཉེན་པོར་མི་རྟག་སོགས་བཞི་སྡུག་བསྔལ་གྱི་མཚན་ཉིད་དུ་བསྟན་ཏེ། རྟག་པའི་གཉེན་པོར་མི་རྟག་པ་དང་། གཙང་བ་དང་བདེ་བའི་གཉེན་པོར་སྡུག་བསྔལ་གྱི་རྣམ་པ་གཅིག་ཡིན་ཏེ། གཙང་བདེ་གཉིས་ནི་ཡིད་དུ་འོང་བའི་རྣམ་པར་ཞུགས་པ་ཡིན་ལ་སྡུག་བསྔལ་ནི་དེ་དང་འགལ་བ་ཡིད་སུན་འབྱིན་པའི་རྣམ་པར་ཞུགས་པའི་ཕྱིར་རོ། །བདག་དུ་འཛིན་པའི་གཉེན་པོར་སྟོང་པ་བདག་མེད་གཉིས་ཏེ། ཁ་ཅིག་ཕུང་པོ་ལ་དབང་བསྒྱུར་བྱེད་ཀྱི་བདག་དོན་གཞན་ཡོད་པར་རྟོག་ལ། ཕལ་ཆེར་ཕུང་པོ་ཉིད་བདག་དུ་སྒྲོ་འདོགས་པར་བྱེད་པས་དེ་དག་གི་གཉེན་པོར་གོ་རིམ་བཞིན་ནོ། །དེ་ལྟར་ཡང་བསྡུ་བ་ལས། ཅིའི་ཕྱིར་སྡུག་བསྔལ་བདེན་པ་རྣམ་པ་བཞིར་ལྟ་བར་བྱ་ཞེ་ན། སྨྲས་པ་ཕྱིན་ཅི་ལོག་རྣམ་པ་བཞིའི་གཉེན་པོར་སྟེ། དེ་ལ་རྣམ་པ་གཅིག་ནི་ཕྱིན་ཅི་ལོག་གཅིག་གི་གཉེན་པོའོ། །རྣམ་པ་གཅིག་ནི་ཕྱིན་ཅི་ལོག་གཉིས་ཀྱི་གཉེན་པོའོ། །རྣམ་པ་ཐ་མ་གཉིས་ནི་ཕྱིན་ཅི་ལོག་གཅིག་གི་གཉེན་པོ་ཡིན་ནོ། །ཞེས་གསུངས་སོ། །བདེན་པ་བཞི་ཀ་ཡོངས་སུ་ཤེས་བྱ་ཡིན་ན་ཅིའི་ཕྱིར་སྡུག་བསྔལ་ཁོ་ན་ཤེས་བྱར་བསྟན་ཞེ་ན། སྡུག་བསྔལ་གྱི་བདེན་པ་ནི་ཕྱིན་ཅི་ལོག་བཞིའི་གནས་ཡིན་པས་དེ་བསལ་བའི་ཕྱིར། རང་དང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་ཤེས་པར་བྱ་བ་ཡིན་པས་ན་ཡོངས་སུ་ཤེས་པར་བྱ་བར་བསྟན་ཏོ། །ཡང་དེ་ཉིད་ལས། སྡུག་བསྔལ་གྱི་བདེན་པ་ནི་ཕྱིན་ཅི་ལོག་བཞིའི་གནས་ཡིན་པས་ཕྱིན་ཅི་ལོག་བཞི་བསལ་བའི་ཕྱིར་ཡོངས་སུ་ཤེས་པར་བྱ་བར་བརྟན་པ་ཡིན་ནོ་ཞེས་སོ། །གཉིས་པ་ནི། ལས་ཉོན་གྱི་རྣམ་སྨིན་གྱི་འབྲས་བུ་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་ལྔ་བདག་པོའི་འབྲས་བུ། སྣོད་ཀྱི་འཇིག་རྟེན་མཐའ་དག་སྟེ། ཇི་སྐད་དུ། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་། སྐྱེ་བའི་གནས་ཀྱིས་ཀྱང་རིགས་པར་བྱའོ་ཞེས་གསུངས་པ་ལྟར་རོ། །གཉིས་པ་ཀུན་འབྱུང་ལ་ཡང་གཉིས་ཀྱི་དང་པོ་ནི། སྡུག་བསྔལ་སྐྱེད་བྱེད་ཀྱི་འདུ་བྱེད་གང་། རྒྱུ་སོགས་ཉེས་དམིགས་ཀྱི་སྒོ་ནས་སྤང་བར་བྱ་བའོ། །དེ་ལ་ཡང་སྲིད་པའི་སྡུག་བསྔལ་གྱི་རྩ་བ་ཡིན་པས་ན་རྒྱུ། རྫས་རིགས་ལ་ལུས་སྐྱེད་པར་བྱེད་པས་ན་ཀུན་འབྱུང་། དྲག་ཏུ་སྐྱེད་པར་བྱེད་པས་ན་རབ་སྐྱེ། སྐྱེ་བ་རྒྱུད་མར་སྐྱེད་པར་བྱེད་པས་ན་རྐྱེན་ནོ། །སྡུག་བསྔལ་ཡང་སྤང་བྱ་ཡིན་ན། ཅིའི་ཕྱིར་ཀུན་འབྱུང་ཁོ་ན་སྤང་བྱར་བཤད་ཅེ་ན། ཀུན་འབྱུང་མ་སྤངས་ན་སྡུག་བསྔལ་སྤོང་མི་ནུས་ལ། ཀུན་འབྱུང་སྤངས་ན། སྡུག་བསྔལ་ལོགས་སུ་སྤང་མི་དགོས་པའི་ཕྱིར་རོ། །དེ་ལྟར་ཡང་བསྡུ་བ་ལས་ཀུན་འབྱུང་གི་བདེན་པ་ནི་སྡུག་བསྔལ་གྱི་བདེན་པས་བསྡུས་པའི་ཕྱིར། སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་སུ་ཟིན་ཀྱང་། ད་དུང་ཀུན་འབྱུང་གི་བདེན་པ་དང་རྗེས་སུ་འབྲེལ་བའི་ཕྱིར་ཀུན་འབྱུང་གི་བདེན་པ་ནི་སྤང་བར་བྱ་བ་ཡིན་ནོ། །ཞེས་སོ། །གཉིས་པ་ནི། ཉོན་མོངས་པ་དང་། དེའི་དབང་གིས་འབྱུང་བའི་ལས་རྣམས་ཏེ། ཉོན་མོངས་པ་ནི། སྡུག་བསྔལ་གྱི་རྐྱེན་ཡིན་ལ། ལས་ནི་རྒྱུ་ཡིན་པས་སོ། །དེ་གཉིས་ཀྱི་རང་བཞིན་ནི། རྒྱས་པ་མངོན་པའི་གཞུང་ལུགས་ལས་ཤེས་པར་བྱའོ། །གསུམ་པ་འགོག་བདེན་ལ་ཡང་གཉིས་ཀྱི་དང་པོ་ནི་སྡུག་ཀུན་སྤངས་པའི་བྲལ་བ་འགོག་པ་སོགས་འབྲས་བུའི་ཕན་ཡོན་གྱི་སྒོ་ནས་མངོན་དུ་བྱ་བ་དེ་ལ་ཉོན་མོངས་མ་ལུས་པ་སྤངས་པས་འགོག་པ། སྡུག་བསྔལ་མ་ལུས་པ་སྤངས་པས་ཞི་བ། དེ་ལས་ལྷག་པའི་འདོད་བྱ་གཞན་མེད་པས་ན་གྱ་ནོམ། དེར་སོན་པ་སླར་མི་ལྡོག་ཅིང་རྟག་པ་དང་དགེ་བ་ཡིན་པས་ན་ངེས་འབྱིན། འདིར་ངེས་པར་འབྱིན་པས་ན་ངེས་འབྱིན་ཞེས་ལས་ལ་སྦྱར་བ་འགོག་པའི་རྣམ་པ་ཡིན་ལ། འདིས་ངེས་པར་འབྱིན་པས་ངེས་འབྱིན་ཞེས་བྱེད་པ་ལ་སྦྱར་བ་ལམ་གྱི་རྣམ་པ་ཡིན་ནོ། །ལམ་ཡང་མངོན་དུ་བྱ་བ་ཡིན་ན་ཅིའི་ཕྱིར་འགོག་པ་ཁོ་ན་མངོན་དུ་བྱ་བར་བསྟན་ཅེ་ན། བྱིས་པ་རྣམས་ཕུང་པོ་ལ་བདག་ཏུ་བཟུང་ནས། དེ་ཆད་པའི་འཇིགས་པས་སྡུག་བསྔལ་མ་ལུས་པ་འགགས་པའི་འགོགས་པ་ལ་སྐྲག་པར་འགྱུར་ཞིང་། དེའི་ཕྱིར་དེ་ཐོབ་པའི་ཐབས་ལམ་ལ་ཡང་བརྟེན་པར་མི་བྱེད་དོ། །གང་གི་ཚེ་སྡུག་བསྔལ་མ་ལུས་པ་ཉེ་བར་ཞི་བའི་འགོག་པ་དེ་ཉིད་མངོན་སུམ་དུ་བྱ་བ་དམ་པར་བསྟན་པས་ན། འགོག་པ་ལ་མི་སྐྲག་ཅིང་དགའ་བས་ཡོངས་སུ་འཛིན་ལ། དེ་ཐོབ་པའི་ཐབས་ལམ་ལ་ཡང་འབད་པར་འགྱུར་བས། དེའི་ཕྱིར་འགོག་པ་མངོན་དུ་བྱ་བར་བསྟན་ཏེ། དེ་ལྟར་ཡང་བསྡུ་བ་ལས། མངོན་དུ་བྱ་བ་ནི་མངོན་སུམ་དུ་བྱ་བའི་དོན་ཡིན་པས། དེ་མངོན་སུམ་དུ་བྱས་ན་འགོག་པ་ལ་མི་སྐྲག་ཅིང་དགའ་བས་ཡོངས་སུ་འཛིན་པའི་ཕྱིར་འགོག་པའི་བདེན་པ་མངོན་དུ་བྱ་བ་ཡིན་ཅེས་སོ། །གཉིས་པ་ནི། གང་དུ་འགོག་པ་དང་། གང་འགོག་པ་དང་། གང་གིས་འགོག་པ་སྟེ། དང་པོ་ནི། སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་སྟོང་པ་ཉིད་དོ། །གཉིས་པ་ནི། སྤང་བྱ་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་རྣམས་སོ། །གསུམ་པ་ནི། ལམ་གྱི་བདེན་པའོ། །དེས་ན་ཐ་སྙད་དུ་ལམ་བསྐྱེད་སྟོབས་ཀྱིས་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ཉོན་མོངས་པའི་དྲི་མ་དང་བྲལ་བ་ཙམ་ལ་འགོག་པའི་བདེན་པ་ཞེས་བྱ་སྟེ། རིགས་པ་དྲུག་ཅུ་པར། དངོས་པོ་བྱུང་བ་ཞིག་པ་ལ། །ཇི་ལྟར་འགོག་པར་རྣམས་བརྟགས་ལྟར། །དེ་བཞིན་དམ་པ་རྣམས་ཀྱིས་ཀྱང་། །སྒྱུ་མ་བྱས་ལྟའི་འགོག་པ་བཞེད། །ཅེས་པ་ལྟར་རོ། །བཞི་པ་ལམ་ལ་གཉིས་ཀྱི་དང་པོ་ནི། སྡུག་ཀུན་སྤོང་བྱེད་ཀྱི་གཉེན་པོ་གང་། ལམ་སོགས་རྒྱུའི་ཕན་ཡོན་གྱི་སྒོ་ནས་བསྟན་པར་བྱའོ། །དེ་ལ་ཐར་པའི་གྲོང་ཁྱེར་དུ་བགྲོད་པར་བྱེད་པའི་ལམ། སེམས་ཡུལ་གྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པར་སྒྲུབ་པས་ན་སྒྲུབ་པ། མི་མཐུན་ཕྱོགས་ཀྱི་གཉེན་པོ་བྱེད་པས་ན་རིགས་པ། རྟག་པ་དང་དགེ་བའི་གནས་སུ་གདོན་མི་ཟ་བར་འབྱིན་པར་བྱེད་པས་ན་ངེས་འབྱིན་ནོ། །སྡུག་བསྔལ་ཤེས་པར་སོགས་ཀྱང་ལམ་བསྟེན་པར་མ་བྱས་ན་མི་འབྱུང་བས་དེའི་ཕྱིར་ལམ་ཉིད་བསྟེན་བྱའམ་བསྒོམ་བྱར་བསྟན་ཏོ། །

དེ་ཡང་བསྡུ་བ་ལས། ཇི་སྐད་སྨོས་པའི་དོན་གསུམ་པོ་དག་བསྒྲུབ་པའི་ཕྱིར། ལམ་བསྒོོམ་པར་བྱ་དགོས་པས། ལམ་གྱི་བདེན་པ་ནི་བསྒོམ་པར་བྱ་བ་ཡིན་ནོ་ཞེས་སོ། །གཉིས་པ་ནི། གང་གིས་སྡུག་བསྔལ་ཤེས་པར་བྱེད། ཀུན་འབྱུང་སྤོང་བར་བྱེད། འགོག་པ་མངོན་དུ་བྱེད། ལམ་བསྒོམ་པར་བྱེད་པ་སྟེ་མདོར་ན་བདག་མེད་རྟོགས་པའི་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དེ་ཡང་མཐོང་སྒོམ་གཉིས་ལ། དག་གསལ་གཉེན་པོའི་ཕྱོགས་གསུམ་ཚང་བའི་ཕྱིར་ལམ་བདེན་མཚན་ཉིད་པ་ཡིན་ལ། ཚོགས་སྦྱོར་གྱི་ལམ་རྒྱུ་ཡིན་པས་དང་། མི་སློབ་ལམ་འབྲས་བུ་ཡིན་པས་ལམ་དུ་བཏགས་ཏེ། ཀུན་བཏུས་ཀྱི་འགྲེལ་པར་དབྱེ་བ་འདི་ཡང་ལམ་གྱི་བདེན་པ་འཁོར་དང་བཅས་པའི་དབང་དུ་བྱས་པར་རིག་པར་བྱའོ། །ཞེས་སོ། །གཉིས་པ་སྒྲ་དོན་ནི། ཅིའི་ཕྱིར་འཕགས་པའི་བདེན་པ་ཞེས་བྱ་ཞེ་ན། འདི་རྣམས་སྡུག་བསྔལ་དང་ཀུན་འབྱུང་སོགས་ཀྱི་ངོ་བོར་འཕགས་པ་རྣམས་ཀྱི་ཇི་ལྟར་བ་བཞིན་དུ་གཟིགས་ཀྱི་བྱིས་པ་རྣམས་ཀྱིས་མ་ཡིན་པས། དེའི་ཕྱིར་འཕགས་པའི་བདེན་པ་ཞེས་བྱ་སྟེ། ཇི་སྐད་དུ་མདོ་ལས། བྱིས་པ་ལག་མཐིལ་འདྲ་བ་ཡི། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ཡི། །དེ་ཡིས་ཤིན་ཏུ་ཡིད་ཀྱང་འབྱུང་། །ཞེས་གསུངས་པ་ལྟར་རོ། །ཅིའི་ཕྱིར་བདེན་པ་ཞེས་བྱ་ཞེ་ན། བསྡུ་བར། བསྟན་པ་དང་མི་མཐུན་པ་མེད་པ་དང་། དེ་མཐོང་ན་རྣམ་པར་དག་པར་འགྱུར་བའི་ཕྱིར་བདེན་པ་ཡིན་ནོ། །ཞེས་པ་ལྟར་རོ། །དེ་བསྟན་པ་དང་མཐུན་པའི་དོན་ནི། སྡུག་བསྔལ་སོགས་ཇི་ལྟར་བསྟན་པ་ལྟར་རིགས་པའི་རྗེས་སུ་འབྲང་བ་དག་གིས་རྣམ་པར་དཔྱད་ན་ཡང་དེ་ཁོ་ན་ལྟར་གནས་ཀྱི་རྣམ་པ་གཞན་དུ་བྱ་བར་མི་ནུས་པའི་ཕྱིར་རོ། །གསུམ་པ་གྲངས་ངེས་པ་ནི། འདི་ཐམས་ཅད་སྤང་བྱ་ཀུན་ནས་ཉོན་མོངས་པའི་ཕྱིར་དང་། བླང་བྱ་རྣམ་བྱང་གི་ཕྱོགས་གཉིས་སུ་ངེས་ལ། དེ་དག་རེ་རེ་ཡང་རྒྱུ་དང་འབྲས་བུའི་ཆ་གཉིས་གཉིས་སུ་ངེས་པས། བདེན་བཞིར་དངོས་པོ་ལ་གྲངས་ངེས་པ་ཡིན་ནོ། །བཞི་པ་ནི། བདེན་པ་འདི་དག་གི་གོ་རིམ་ནི། མངོན་པར་རྟོགས་པའི་རིམ་པ་དང་མཐུན་པར་བསྟན་ཏེ། འདི་ལྟར། སྡུག་བསྔལ་ནི་མི་ཟད་པའི་ནད་ལྟར་ཤེས་པར་བྱ་བ་ཡིན་པས་དང་པོར་བསྟན་ཏོ། །ཀུན་འབྱུང་ནི་ནད་ཀྱི་རྒྱུ་ལྟར་སྤང་བར་བྱ་བ་ཡིན་པས་གཉིས་པར་བསྟན་ཏོ། །འགོག་པ་ནི་ནད་མེད་པ་ལྟར་མངོན་དུ་བྱ་བ་ཡིན་པས་གསུམ་པར་བསྟན་ཏོ། །ལམ་ནི་སྨན་བཟང་པོ་ལྟར་དེའི་ཐབས་སུ་བརྟེན་པར་བྱ་བ་ཡིན་པས་ཐ་མར་བསྟན་ཏོ། །ཡང་ན་གང་གིས་སྡུག་བསྔལ་བ་དང་། ཇི་ལྟར་སྡུག་བསྔལ་བར་འགྱུར་བ་དང་། གང་གིས་བདེ་བར་འགྱུར་བ། ཇི་ལྟར་བདེ་བར་འགྱུར་བའི་དབང་དུ་བྱས་ནས། བདེན་པ་རྣམས་གོ་རིམ་བཞིན་བཞག་སྟེ། དེ་ལྟར་ཡང་བསྡུ་བ་ལས། འཕགས་པའི་བདེན་པ་བཞི་པོ་འདི་དག་གིས་བཤད་པའི་གོ་རིམ་གཞན་ཡང་གང་གིས་སྡུག་བསྔལ་བར་འགྱུར་བ་དེ་ནི་དང་པོ་ཡིན་ནོ། །ཇི་ལྟར་སྡུག་བསྔལ་བར་འགྱུར་བ་དེ་ནི་གཉིས་པ་ཡིན་ནོ། །ནག་པོའི་ཕྱོགས་གཏུགས་ནས་གང་གིས་བདེ་བར་འགྱུར་བ་དེ་ནི་གསུམ་པ་ཡིན་ནོ། །ཇི་ལྟར་བདེ་བར་འགྱུར་བ་དེ་ནི་བཞི་པ་ཡིན་ཏེ། ནད་དང་། དེའི་རྒྱུ་དང་། ནད་མེད་པ་དང་། སྨན་ལྟ་བུ་ཡིན་ནོ། །རྣམ་གྲངས་གཞན་ཡང་འཇིག་རྟེན་པའི་སྡུག་བསྔལ་འབྱུང་བའི་རིམ་པ་བཞིན་དུ། བདེན་པ་རྣམས་ཀྱི་གོ་རིམ་རྣམ་པར་བཞག་པར་བྱ་སྟེ། འདི་ལྟར་འཇིག་རྟེན་པ་དག་ནི་དང་པོར་སྡུག་བསྔལ་གང་ཡང་རུང་བ་གཅིག་ཐེབས་པ་ན་དེ་ལ་རྟོག་པར་བྱེད་དོ། །དེའི་འོག་ཏུ་དེའི་རྒྱུ་ལ་རྟོག་པར་བྱེད་དོ། །དེའི་འོག་ཏུ་དེ་ལས་ཐར་པ་ལ་རྟོག་པར་བྱེད་དོ། །དེའི་འོག་ཏུ་དེ་ལས་ཐར་པའི་ཐབས་ལ་རྟོག་པར་བྱེད་པའི་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་ཡན་ལག་གི་དོན་ལ་བཞིའི་དང་པོ་སྡུག་བསྔལ་བདེན་པ་ལ་འདོམས་པ་ནི། འདོམས་པ་གང་ལགས་ན། ཤེས་བྱ་སྡུག་བསྔལ་ལའོ། །ཚུལ་ཇི་ལྟར། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་མི་འདའ་བས་གཟུགས་ལ་སོགས་པ་ལས་ཉོན་གྱི་འབྲས་བུར་གྱུར་པའི་སྟོང་པ་ཉིད་དང་། དེ་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་དོན་དམ་པར་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ངོ་བོར་རང་བཞིན་གཅིག་གོ་ཞེས་ཤེས་པར་བྱས་ནས་སློབ་པའི་ཚུལ་གྱིས་སོ། །དགོས་ཆེད་སྤྱིར་སེམས་ཅན་ཐམས་ཅད་མྱ་ངན་ལས་འདའ་བ་སོགས་ཀྱི་དོན་དང་། བྱེ་བྲག་ཏུ་སྡུག་བསྔལ་མི་རྟག་སོགས་སུ་ཤེས་བྱར་མངོན་པར་ཞེན་པ་སྤང་བའི་ཕྱིར་དུའོ། །མདོ་ནི། ཤ་བུ་འདི་ལ་བྱང་ཆེན་གཟུགས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །གཉིས་པ་ཀུན་འབྱུང་ལ་འདོམས་པ་ནི། འདོམས། གང་ལ་ན། སྤང་བྱ་ཀུན་འབྱུང་ལའོ། །ཚུལ་ཇི་ལྟར་ན། བདེན་གཉིས་ལས་མི་འདའ་བ་ཟག་བཅས་རྒྱུས་བསྡུས་ཀྱི་གཟུགས་ལ་སོགས་པ་ནི་སྔར་མེད་གསར་དུ་སྐྱེ་བ་ཀུན་འབྱུང་བ་དང་། སྔར་ཡོད་མེད་པར་འབྱུང་བ་འགོག་པ་དང་། ཆགས་སོགས་ཀྱིས་ཀུན་ནས་ཉོན་མོངས་པ་དང་། དད་སོགས་ཀྱིས་རྣམ་པར་བྱང་བའི་ཆོས་ཅན་མ་ཡིན་ཏེ། སྤྲོས་བྲལ་སྟོང་པ་ཉིད་དང་གཟུགས་ལ་སོགས་ལ་ཡང་སྲིད་ཀྱི་རྒྱུར་གྱུར་པ་དག་དོན་དམ་པར་ཐ་མི་དད་པ་ཉིད་ཀྱིས་སོ་ཞེས། སློབ་པའི་ཚུལ་གྱིས་སོ། །དགོས་ཆེད་ནི། སྤྱིར་སྔར་བཞིན་དང་། ཁྱད་པར་དུ་ཀུན་འབྱུང་སྤང་བྱར་མངོན་པར་ཞེན་པའི་གཉེན་པོར་རོ། །མདོ་ནི་གཟུགས་སྐྱེ་བའི་ཆོས་ཅན་ནམ། འགག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་སོ། །

གསུམ་པ་འགོག་བདེན་ལ་འདོམས་པ་ནི། འདོམས། གང་ལ་ན། མངོན་དུ་བྱ་བའི་འགོག་པ་ལའོ། །ཚུལ་ཇི་ལྟར་ན། བདེན་གཉིས་ལས་མི་འདའ་བར་སེམས་ཀྱི་ཆོས་ཉིད་སྟོང་པ་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བ་འགོག་པར་ཐ་སྙད་བཏགས་པ་དེ་ལ་ནི། གཟུགས་ཀྱིས་མཚོན་པ་ཕུང་པོ་ལྔ་ཁམས་བཅོ་བརྒྱད། སྐྱེ་མཆེད་བཅུ་གཉིས་མེད་པས་ན་མ་རིག་པས་མཚོན་པ་རྟེན་འབྲེལ་ཡན་ལག་བཅུ་གཉིས་སྐྱེ་བ་ཡང་མེད། འགག་པ་ཡང་མེད། རྒྱུན་ཞུགས་ནས་རང་རྒྱལ་གྱི་བར་དང་རྟོགས་པ་ཕུན་སུམ་ཚོགས་པ་སངས་རྒྱས་དང་། སྤངས་ལ་ཕུན་ཚོགས་བྱང་ཆུབ་ཀྱི་བར་དུ་ཡང་མེད་དེ། རྒྱུ་མཚན། འདུས་བྱས་ཀྱི་མཚན་ཉིད་སྐྱེ་འགག་དང་། སྤང་གཉེན་གྱི་མཚན་ཉིད་ཀུན་བྱང་དང་། གནས་སྐབས་ཀྱི་མཚན་ཉིད་ཉམས་འཕེལ་དང་། སོགས་པས་འདས་མ་འོངས་སོགས་དུས་ཀྱི་མཚན་ཉིད་དང་བྲལ་བས་སོ་ཞེས་སློབ་པའི་ཚུལ་གྱིས་སོ། །དགོས་པ། འགོག་པ་མངོན་དུ་བྱ་བར་ཞེན་པའི་གཉེན་པོར་རོ། །མདོ་ནི། ཤ་བུ་སྟོང་པ་ཉིད་མི་སྐྱེ་མི་འགག་ཅིང་། ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱ་བ་མ་ཡིན་ཞེས་སོ། །བཞི་པ་ལམ་བདེན་ལ་འདོམས་པ་ནི། འདོམས། གང་ལ་ན། བསྟེན་པར་བྱ་བ་ལམ་གྱི་བདེན་པ་ལའོ། །ཚུལ་ཇི་ལྟར་ན། འདི་ལ་ལམ་དང་རིགས་སྒྲུབ་པ། ངེས་འབྱིན་ལ་འདོམས་པ་གསུམ་གྱི་དང་པོ་ནི། བདེན་གཉིས་ལས་མི་འདའ་བས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་སེམས་བདག་མེད་དོན་དམ་པར་ཕན་ཚུན་བསྒོམ་བྱ་སྒོམ་བྱེད་དུ་ལྡན་པ་དང་། དེ་ལས་ཟློག་སྟེ་མི་ལྡན་པ་མ་ཡིན་པར་རྟོགས་ལ་སྒྲུབ་བོ་ཞེས་པའི་ཚུལ་གྱིས་ཏེ། སྦྱིན་སོགས་ཕར་ཕྱིན་རྣམས་སངས་རྒྱས་ཐོབ་བྱེད་ཀྱི་ལམ་དུ་གྲགས་པས་དེ་ལ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །མདོ་ནི། ཤ་བུ་བྱང་སེམས་ཤེར་ཕྱིན་ལ་སྤྱོད་པའི་ཚེ། བདག་མེད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེའམ། མི་བརྩོན་ཞེས་ཡང་དག་པར་རྗེས་སུ་མིང་མཐོང་ངོ་ཞེས་སོ། །གཉིས་པ་ནི། སྦྱོར་བྱེད་ན་ཡུལ་ཅན་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། སོགས་པས་མཚན་མེད་སྨོན་མེད་ཀྱི་ཏིང་ངེ་འཛིན་གསུམ་ནི། ཕྱི་ཡུལ་དུ་གྱུར་པ་སྟོང་ཉིད་དང་སོགས་པ་མཚན་མེད་སྨོན་མེད་རྣམས་ཕན་ཚུན་ཡུལ་ཡུལ་ཅན་དུ་སྦྱར་ས་སྦྱོར་བྱེད་དུ་ལྡན་པ་དང་། དེ་ལས་བཟློག་ཏེ། མི་ལྡན་པ་མ་ཡིན་པ་ཉིད་དུ་རྟོགས་ལ་སྒྲུབ་པའོ་ཞེས་སྟོན་པ་སྟེ། འདིས་ནི་ལམ་འཁོར་གསུམ་དུ་རྟོག་པ་མེད་པས་རྣམ་པར་མི་རྟོག་པར་བསྟན་ལ་དེ་ཡང་སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པ་དང་། ཉོན་མོངས་པའི་གཉེན་པོ་བྱེད་པས་རིགས་པ་དང་། སྒྲུབ་པ་ཡིན་པས་དེར་མངོན་པར་ཞེན་པ་སྤང་བའི་ཕྱིར་དུའོ། །མདོ་ནི། སྟོང་པ་ཉིད་ལ་སྟོང་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། སྟོང་པ་ཉིད་ཀྱི་རྣལ་འབྱོར་ལ་མ་ཡིན་ནོ། །དེ་བཞིན་དུ་མཚན་མེད་སྨོན་མེད་ལ་ཡང་སྦྱར་རོ། །གསུམ་པ་ནི། སྔོན་གྱི་མཐའ་ངེས་པར་འབྱུང་བྱེད་ལམ་དང་། ཕྱི་མའི་མཐའ་ངེས་པར་འབྱུང་བྱ་རྣམ་མཁྱེན་དག་དོན་དམ་པར་ཕན་ཚུན་ངེས་པར་འབྱུང་བྱ་འབྱུང་བྱེད་དུ་ལྡན་པ་དང་། དེ་ལས་བཟློག་ཏེ་མི་ལྡན་པ་མ་ཡིན་པར་རྟོགས་ལ། བསྒྲུབས་སོ་ཞེས་སྟོན་པ་སྟེ། བགྲོད་བྱ་མཐར་ཐུག་རྣམ་མཁྱེན་དུ་ངེས་པར་འབྱིན་བྱེད་དུ་ཞེན་པ་སྤང་བའི་ཕྱིར་དུའོ། །མདོ་ནི། གཟུགས་ལ་མངོན་གྱི་མཐས་སྦྱོར་བར་མི་བྱེད་འབྱེད་པར་མི་བྱེད་དེ། སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ལ་ཕྱི་མའི་མཐས་སྦྱོར་བར་མི་བྱེད་འབྱེད་པར་མི་བྱེད་དེ། ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །ཞེས་སོ། །གསུམ་པ་རྟེན་དཀོན་མཆོག་གསུམ་ལ་འདོམས་པ་ལ་སྤྱི་དང་། ཡན་ལག་གི་དོན་གཉིས་ཀྱི་དང་པོ་ལ་གསུམ། དཀོན་མཆོག་གསུམ་གྱི་ངོ་བོ་ངོས་བཟུང་། གང་ཞིག་གང་གི་སྐྱབས་ཡིན་པ། དཀོན་མཆོག་གི་སྒྲ་དོན་ནོ། །དང་པོ་ནི། རྒྱུད་བླ་མར། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པ་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད་ཅེས་པ་ལྟར། དོན་གཉིས་ཕུན་སུམ་ཚོགས་པ་སྐུ་གསུམ་གྱི་བདག་ཉིད་ཅན་ནི་སངས་རྒྱས་དཀོན་མཆོག་ཡིན་ནོ། །དེ་ལ་ཡོན་ཏན་བརྒྱད་ལས་འདུས་མ་བྱས་པ་ནི། སྐྱེ་འཇིག་གནས་གསུམ་དང་བྲལ་བའི་ཕྱིར་རོ། །ལྷུན་གྱིས་གྲུབ་པ་ནི། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་ཆོས་སྐུའི་རང་བཞིན་ཡིན་པས་སོ། །

གཞན་གྱི་རྐྱེན་གྱིས་མི་རྟོག་པ་ནི། སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྟོགས་བྱ་ཡིན་པས་སོ། །དེ་གསུམ་ནི་རང་དོན་ནོ། །གསུམ་པོ་དེ་ཉིད་རང་བྱུང་གི་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པ་ནི་མཁྱེན་པ་དང་། གཞན་མ་རྟོགས་པ་རྣམས་ལ་སྟོན་པ་ནི་བརྩེ་བའོ། །མཁྱེན་བརྩེ་དེ་གཉིས་ཀྱིས་གཞན་གྱི་སྡུག་བསྔལ་རྒྱུ་དང་བཅས་པ་འཇོམས་པ་ནི་ནུས་པ་སྟེ། གསུམ་པོ་དེ་ནི་གཞན་དོན་ནོ། །ཡང་། བསམ་མེད་གཉིས་མེད་རྟོག་མེད་དེ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱི། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་པ་ལྟར། ཡོན་ཏན་བརྒྱད་དང་ལྡན་པ་རྣམ་བྱང་གི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་ནི་ཆོས་དཀོན་མཆོག་གོ །དེ་ལ་བསམ་མེད། གཉིས་མེད། རྟོག་མེད་གསུམ་ནི་གང་ཞིག་ཆགས་པ་དང་བྲལ་བ་འགོག་པའི་བདེན་པ་སྟེ། མུ་བཞིར་རྟོག་གེས་བརྟག་པར་མི་ནུས་པའི་ཕྱིར་དང་། ལས་དང་ཉོན་མོངས་པ་གཉིས་མེད་པའི་ཕྱིར་དང་། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་མེད་པའི་ཕྱིར་རོ། །དག་གསལ་གཉེན་པོའི་ཕྱོགས་གསུམ་ནི། གང་གི་ཆགས་པ་དང་བྲལ་བ་ལམ་གྱི་བདེན་པ་སྟེ། མི་མཐུན་ཕྱོགས་དང་བྲལ་བས་རྣམ་པར་དག་པ་དང་། ཇི་ལྟར་ཇི་སྙེད་ཀྱི་ཤེས་བྱའི་དེ་ཁོ་ན་ཉིད་གསལ་བར་བྱེད་པ་དང་། གནས་ལུགས་མཐོང་བའི་གེགས་ཀྱིས་མུན་པའི་གཉེན་པོ་བྱེད་པས་སོ། །ཡང་དགེ་འདུན་ནི། ཇི་ལྟར་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་གཉིས། །ཞེས་པ་ལྟར། སེམས་རང་བཞིན་གྱིས་འོད་གསལ་བར་རྟོགས་པས་ཇི་ལྟ་བ་མཁྱེན་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་མཐོང་བ། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དང་ལྡན་པ། བྱང་སེམས་འཕགས་པ་སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ཏེ། དེ་དག་ནི་ཐེག་ཆེན་གྱི་དབང་དུ་བྱས་པའོ། །ཐེག་པ་ཐུན་མོང་གི་དབང་དུ་བྱས་ནས། སྐྱབས་གསུམ་བདུན་ཅུ་པར། ཐུབ་པའི་དབང་པོའི་སྐུ་གསུམ་དང་། །མྱ་ངན་འདས་པ་གང་ཟག་བརྒྱད། །ཅེས་ཆོས་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་དང་། དགེ་འདུན་ཟུང་བཞི། ཡ་བརྒྱད་ལ་བཤད་ཅིང་། ལམ་བདེན་ནི། སངས་རྒྱས་དང་དགེ་འདུན་གྱི་རྟོགས་པའི་ཆ་ཡིན་པས་དེ་དག་དུ་འདུ་ལ། བྱང་སེམས་ནི་ཐེག་དམན་གྱི་ལུགས་ཀྱི་སོ་སྐྱེ་ཡིན་པས་དགེ་འདུན་མ་ཡིན་ལ། འོན་ཀྱང་། ཤ་རིའི་ལུང་ལས་དགེ་སློང་དགྲ་བཅོམ་པས་བྱང་སེམས་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ལ་ཡང་ཕྱག་འཚལ་བར་བཤད་པས་སངས་རྒྱས་ཀྱི་ཁོངས་སུ་རྟོགས་ཏེ། དགེ་སློང་གི་ཕྱག་གི་འོས་ཚངས་པ་མཚུངས་པར་སྤྱོད་པ་རྒན་པ་དང་། སངས་རྒྱས་ལས་གཞན་པ་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་། དེ་ཉིད་ལས། ཤ་རིའི་ལུང་ལས་དགྲ་བཅོམ་གྱིས། །བྱང་ཆུབ་སེམས་དཔར་ཕྱག་བྱས་ཕྱིར། །འདི་དག་དཀོན་མཆོག་གསུམ་གཞན་མིན། །སངས་རྒྱས་ཁོངས་སུ་གཏོགས་པར་འདོད། །ཅེས་བཤད་པ་ལྟར་རོ། །གཉིས་པ་ནི། སངས་རྒྱས་ཀྱི་ཡོན་ཏན་བསྟན་པ་དང་། ཐེག་ཆེན་གྱི་རིགས་ཅན་སངས་རྒྱས་ལ་མཆོག་དུ་བྱ་བ་བྱེད་པར་འདོད་པ་དང་། བྱང་སེམས་ཀྱི་དབང་དུ་བྱས་ནས། སངས་རྒྱས་དང་། ཆོས་ཀྱི་ཡོན་ཏན་བསྟན་པ་དང་། རང་རྒྱལ་གྱི་ཐེག་པ་བ་དང་། དེའི་རིགས་ཅན་ཆོས་ལ་མཆོག་ཏུ་བྱ་བ་བྱེད་པར་འདོད་པ་དག་གི་དབང་དུ་བྱས་ནས་ཆོས་དང་། སློབ་པ་དགེ་འདུན་གྱི་ཡོན་ཏན་བསྟན་པ་དང་། ཉན་ཐོས་ཀྱི་ཐེག་པ་བ་དང་། དེའི་རིགས་ཅན་དགེ་འདུན་ལ་མཆོག་དུ་བྱ་བ་བྱེད་པར་འདོད་པ་དག་གི་དབང་དུ་བྱས་ནས་དགེ་འདུན་སྐྱབས་ཉིད་དུ་རྣམ་པར་བཞག་སྟེ། ཇི་སྐད་དུ། སྟོན་པ་བསྟན་པ་སློབ་དཔོན་གྱི། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་གང་ཟག་དྲུག་གི་དབང་དུ་བྱས་ནས། སྐྱབས་གསུམ་དུ་ཕྱེ་བ་ནི། སེམས་ཅན་རྣམས་ཐེག་པ་གསུམ་ལ་རིམ་གྱིས་བཞུག་པའི་དོན་དུ་ཡིན་གྱི་ཡང་དག་པར་ན། ཆོས་དང་། དགེ་འདུན་ནི་མཐར་ཐུག་གི་སྐྱབས་མ་ཡིན་ཏེ། འདི་ལྟར་ཆོས་ནི་ལུང་དང་རྟོགས་པའི་ཆོས་གཉིས་ཀྱི། ལུང་གི་ཆོས་ནི་དོན་མངོན་པར་རྟོགས་པས། མཐར་ཐུག་པས་གཟིངས་ལྟར་སྤང་བར་བྱ་བ་ཡིན་པའི་ཕྱིར་དང་། རྟོགས་པའི་ཆོས་ལས་རྒྱུ་ལམ་གྱི་བདེན་པ་ནི། འདུས་བྱས་སླུ་བའི་ཆོས་ཅན་ཡིན་པའི་ཕྱིར་དང་། འབྲས་བུ་འགོག་པའི་བདེན་པ་ནི། ཉན་ཐོས་ཀྱི་ཚུལ་ལ་མར་མེ་ཤི་བ་ལྟར་མེད་པའི་ཕྱིར་དང་། མེད་པ་ཡང་སྐྱབས་ཉིད་དུ་འོས་པ་མ་ཡིན་པའི་ཕྱིར་རོ། །དགེ་འདུན་ནི། དགྲ་བཅོམ་པ་རྣམས་ཀྱང་འདུ་བྱེད་ཀྱི་མཚན་མ་ལ་གཤེད་མ་རལ་གྲི་གདེངས་པ་ལྟར་འཇིགས་པ་དང་བཅས་པས། སངས་རྒྱས་ལ་སྐྱབས་སུ་འགྲོ་ཞིང་སློབ་པ་བྱ་བ་དང་བཅས་པ་ཡིན་ལ། སྐྱབས་ནི་སྐྱབས་གཞན་ཚོལ་བ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་། སྤང་ཕྱིར་སླུ་བའི་ཆོས་ཕྱིར་དང་། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་གསུངས་སོ། །དེས་ན་དོན་དམ་པའི་སྐྱབས་ནི། སངས་རྒྱས་དཀོན་མཆོག་ཁོ་ན་ཡིན་ཏེ། དེ་ཐོབ་ནས་གོ་འཕང་གཞན་དོན་དུ་གཉེར་བ་མེད་པའི་ཕྱིར་དང་། ཆོས་དང་དགེ་འདུན་དེའི་མཐར་ཐུག་པའི་ཕྱིར་རོ། །དེ་ལྟར་ཡང་། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེའི་མཐར་ཐུག་ཕྱིར། །ཞེས་གསུངས་སོ། །གསུམ་པནི། རཏྣ་ཞེས་པ་རིན་པོ་ཆེ་དང་། དཀོན་མཆོག་དོན་གཉིས་སྟོན་པས་རིན་ཆེན་དང་། ཆོས་དྲུག་གིས་མཐུན་པའི་ཕྱིར། དཀོན་མཆོག་ཅེས་བྱ་སྟེ། ཇི་སྐད་དུ། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་འགྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་སོ། །གཉིས་པ་ལ་གསུམ་གྱི་དང་པོ། སངས་རྒྱས་དཀོན་མཆོག་ལ་གདམས་པ་ནི། འདོམས། གང་ལ་ན། སངས་རྒྱས་ལའོ། །ཚུལ་ཇི་ལྟར་ན། བདེན་པ་གཉིས་ལས་མི་འདའ་བས། དམིགས་པར་བྱ་བ་ཡུལ་དང་དམིགས་པར་བྱེད་པ་ཡུལ་ཅན་ཉིད་མཉམ་པ་ཉིད་དུ་ཤེས་པའི་ཡེ་ཤེས་སངས་རྒྱས་ཡིན་ནོ་ཞེས་བྱ་བའི་ཚུལ་གྱིས་སོ། །དོན་དེ་མདོའི་ཚིག་གང་གིས་སྟོན་ཅེ་ན། བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཚེ་གཟུགས་ལ་རྣམ་མཁྱེན་གྱི་སྦྱོར་བར་མི་བྱེད་དེ། གཟུགས་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ཞེས་སོགསརྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོན་དམ་པར་མི་དམིགས་པ་ལ་གཟུགས་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ཡུལ་ཡུལ་ཅན་དུ་མི་སྦྱོར་བ་དང་། སོགས་ཀྱིས་བསྡུས་པ་སངས་རྒྱས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྦྱོར་བར་མི་བྱེད་དེ། སངས་རྒྱས་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། ཞེས་མཚན་ཉིད་དང་། མཚོན་བྱར་མི་སྦྱོར་བས་དང་། བྱང་ཆུབ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྦྱོར་བར་མི་བྱེད་དེ། བྱང་ཆུབ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་ཞེས་དབྱིངས་དང་ཡེ་ཤེས་སུ་སྦྱོར་བ་བཀག་པས་སྟོན་ཏོ། །དེ་དག་གིས་རྣམ་མཁྱེན་མི་དམིགས་པར་བསྟན་པ་མ་ཡིན་ནམ། ཇི་ལྟར་སངས་རྒྱས་ལ་གདམས་པ་ཡིན་ཞེ་ན། རྣམ་མཁྱེན་ནི་སངས་རྒྱས་སུ་བྱེད་པའི་ཆོས་ཀྱི་མཚན་ཉིད་ཡིན་ཏེ། དེས་ཆོས་འཁོར་བསྐོར་བས་སངས་རྒྱས་སུ་འཇོག་པས་སོ། །དེས་ན་དེའི་དབང་དུ་བྱས་ཏེ་བསྟན་པ་ནི། སངས་རྒྱས་ལ་གདམས་པ་ཡིན་ནོ། །ཅིའི་ཕྱིར་རྣམ་མཁྱེན་དོན་དམ་པར་མི་དམིགས་ཤེ་ན། སངས་རྒྱས་དང་དོན་གཅིག་ཅིང་། སངས་རྒྱས་དང་དེ་བཞིན་ཉིད་ཀྱི་མཚན་ཉིད་ཅན་གྱི་བྱང་ཆུབ་དག་མཚན་ཉིད་གཅིག་པ་ཉིད་ཀྱིས་སོ། །མདོ་ལས་སངས་རྒྱས་ཉིད་རྣམ་མཁྱེན། རྣམ་མཁྱེན་ཉིད་སངས་རྒྱས་སོ། །བྱང་ཆུབ་ཉིད་རྣམ་མཁྱེན་རྣམ་མཁྱེན་ཉིད་བྱང་ཆུབ་བོ་ཞེས་སོ། །དགོས་ཆེད་ནི། སངས་རྒྱས་ཤེས་བྱ་ཐམས་ཅད་མཁྱེན་པར་ཞེན་པ་སྤང་པའི་དོན་དུའོ། །གཉིས་པ་ཆོས་དཀོན་མཆོག་ལ་འདོམས་པ་ནི། འདོམས། གང་ལ་ན། ཆོས་ལའོ། །ཚུལ་ཇི་ལྟར་ན། བདེན་གཉིས་ལས་མི་འདའ་བས་ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་དོ་ཞེས་བྱ་བའི་ཚུལ་གྱིས་སོ། །ཅིའི་ཕྱིར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་པས་ཆོས་ལ་འདོམས་པ་ཡིན་ཞེ་ན། འདིར་ཆོས་ནི། གང་གིས་འདོད་ཆགས་དང་བྲལ་བར་བྱེད་པ་ལམ་བདེན་གྱི་རང་བཞིན་ཐམས་ཅད་མཁྱེན་པ་ཉིད་གསུམ་ཡིན་ལ། གང་རང་བཞིན་མེད་པར་བསྟན་པས་ཆོས་དཀོན་མཆོག་བསྟན་པར་འགྱུར་བའི་ཆོས་ཀྱང་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་དུ་བསྡུས་པའི་གཞི་གཉེན་པོ་དང་རྣམ་པ་མཐའ་དག་བསྡུས་པ་དག་གིས་བསྡུས་པའི་ཆོས་རྣམས་ཡིན་པས་སོ། །དགོས་པ་ནི། ཡུལ་གཉེན་རྣམ་པ་གསུམ་རང་བཞིན་མེད་པར་བསྟན་པ་ན། ཡུལ་ཅན་ཆོས་དཀོན་མཆོག་གི་རང་བཞིན་མཁྱེན་གསུམ་རང་བཞིན་མེད་པར་རྟོགས་ནས་ཆོས་ལ་འདོད་ཆགས་དང་བྲལ་བའི་མཆོག་གོ་ཞེས་མངོན་པར་ཞེན་པ་སྤོང་བའི་ཕྱིར་དུའོ ། །མདོ་ནི། བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཚེ་གཟུགས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར། དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ་ཞེས་སོགས་ཀྱིས་གཞི་རང་བཞིན་མེད་པ་དང་། བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕར་ཕྱིན་གྱི་དོན་དུ་ཤེར་ཕྱིན་ལ་མི་སྤྱོད་ཅེས་སོགས་ཀྱིས། གཉེན་པོ་དང་། ཤ་བུ་བྱང་ཆེན་དེ་ལྟར་ཤེར་ཕྱིན་ལ་སྤྱོད་པ་ལ་བདུད་སྡིག་ཏོ་ཅན་གྱིས་གླགས་རྙེད་པར་མི་འགྱུར་རོ། །ཞེས་སོགས་ཕན་ཡོན་བཅུ་གཅིག་གི་སྒོ་ནས་རྣམ་པའི་ཆོས་རང་བཞིན་མེད་པར་བསྟན་ཏོ། །གསུམ་པ་དགེ་འདུན་དཀོན་མཆོག་ལ་འདོམས་པ་ནི། འདོམས། གང་ལ་ཞེ་ན། དགེ་འདུན་ལའོ། །ཚུལ་ཇི་ལྟར་ན། བདེན་པ་གཉིས་ལས་མི་འདའ་བས། བྱང་སེམས་འཕགས་པ་སློབ་པ་ཕྱིར་མི་ལྡོག་པ་རྣམས་ལ་དོན་དམ་པར་སྐྱེ་བ་མེད་པ་ཉིད་དུ་རྟོགས་ནས་འཇུག་པར་བྱའོ་ཞེས་ལུང་འབོགས་པའི་ཚུལ་གྱིས་སོ། །དེ་ལ་ཤེས་རབ་ཀྱིས་བྱང་ཆུབ་དང་། སྙིང་རྗེས་སེམས་ཅན་ལ་དམིགས་པས་ན། བྱང་ཆུབ་སེམས་དཔའ་སོ་སྐྱེའི་ས་ལས་རིང་དུ་སོང་བས་ན་འཕགས་པ། བསླབ་པ་གསུམ་གྱི་བྱ་བ་དང་བཅས་པས་ན་སློབ་པ། རྫོགས་བྱང་ཏུ་ངེས་པས་ན་ཕྱིིར་མི་ལྡོག་པའོ། །དེ་ལྟ་བུའི་དགེ་འདུན་དེ་ཡང་རྣམ་པ་དུ་ཞིག་ཡོད་ཅེ་ན། དབྱེ་བའི་གཞི་འབྲས་བུ་ལ་གནས་པ་གསུམ་དང་། ཞུགས་པ་བཞིའི་བྱེ་བྲག་གིས་སྐྱེས་བུ་ཆེན་པོ་བདུན་པོ་རང་སངས་རྒྱས་དང་ལྷག་ཅིག་བརྒྱད་པའོ། །ཟུ ང་བཞིའི་བྱེ་བྲག་གིས་སྐྱེས་བུ་ཆེན་པོ་བརྒྱད་དུ་འགྱུར་བ་མ་ཡིན་ནམ་ཞེ་ན། སྐྱོན་མེད་དེ། སྐབས་འདིར་དགྲ་བཅོམ་པ་དགེ་འདུན་དཀོན་མཆོག་ཁོངས་སུ་མ་གཏོགས་པས་སོ། །དེའི་རྒྱུ་མཚན་ཡང་། སངས་རྒྱས་དཀོན་མཆོག་གི་ཁོངས་སུ་གཏོགས་པ་ཉིད་ཀྱིས་སོ། །དབྱེ་བའི་གྲངས་ནི་གྲངས་ཉི་ཤུར་ཆད་པ་ཉིད་དོ། །འབྱེད་པའི་རྒྱུ་མཚན་ནི། དབང་པོ་རྟུལ་པོ་དང་། སོགས་པས་བསྡུས་པ་དབང་པོ་རྣོན་པོ་འབྲས་བུ་ལ་ཞུགས་པ་གནས་པ་གོང་འཕོ་སོགས་ཀྱི་བྱེ་བྲག་གིས་སོ། །ཕྱེ་བའི་ངོ་བོ་ནི། རྒྱུན་ཞུགས་ཞུགས་འབྲས་ལྔ། ཕྱིར་འོང་ཞུགས་འབྲས་གསུམ། ཕྱིར་མི་འོངས་ཞུགས་འབྲས་བཅུ། དགྲ་བཅོམ་ཞུགས་པ་དང་རང་སངས་རྒྱས་རྣམས་སོ། །བཞི་པ་བྱ་བ་ངན་ཞེན་གྱི་ལེ་ལོའི་གཉེན་པོ་མ་ཞེན་པ་ལ་གདམས་པ་ནི། འདོམས། གང་ལ་ན། ངན་ཞེན་པ་ལའོ། །ཚུལ་ཇི་ལྟར་ན། བདེན་གཉིས་ལས་མི་འདའ་བས་གང་ལ་ཞེན་པར་བྱ་བ། ལུས་ལ་སོགས་པ་སྒོ་གསུམ་གྱི་ལས་དོན་དམ་པར་ངོ་བོ་ཉིད་མེད་པར་བསྟན་པའི་ཚུལ་གྱིས་སོ། །

དགོས་པ་ནི་སྦྱོར་བའི་བརྩོན་འགྲུས་བརྩོམ་པ་ཉིད་ཀྱིས་སེམས་བསྐྱེད་པའི་དབྱེ་བ་ཇི་སྐད་བཤད་པའི་དོན་ལ་སྦྱོར་བས་ནན་ཏན་བྱེད་པ་ལ་དབང་པོ་རྟུལ་པོ་ལ་ལ་མངོན་པར་ཞེན་པར་འགྱུར་བས་དེའི་གཉེན་པོར་རོ། །གང་གིས་ཤེ་ན། སྒྲུབ་པ་པོ་རང་གི་ལུས་ལ་སོགས་པ་སྒོ་གསུམ་གྱི་ལས་ལ་བདེན་པར་མངོན་པར་ཞེན་པའི་བསོད་ཉམས་ཀྱིས་སོ། །མདོ་ནི། བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པས་ནི། ལུས་དང་། ངག་དང་། ཡིད་གང་གིས། སེར་སྣ་ནས། ཤེས་རབ་འཆལ་བའི་བར་གྱི་སེམས་བསྐྱེད་པར་བྱེད་པའི་ལུས་ལ་སོགས་པ་མི་དམིགས་སོ་ཞེས་པའོ། །

ལྔ་པ་སྒྱིད་ལུག་པའི་ལེ་ལོའི་གཉེན་པོ་དལ་བ་མེད་པར་གདམས་པ་ནི། འདོམས། གང་ལ་ན། སྒྱིད་ལུག་པའི་ལེ་ལོ་ལའོ། །ཚུལ་ཇི་ལྟར་ན། བདེན་གཉིས་ལས་མི་འདའ་བས་གཟུགས་ནས་མངོན་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་བདེན་པར་རློམ་ན་སྐྱོ་བར་འགྱུར་བས་བདེན་པར་རློམ་པ་མེད་པ་ཉིད་དུ་བསྟན་པའི་ཚུལ་གྱིས་སོ། །དགོས་པ་ནི། བརྩོན་འགྲུས་བརྩམས་པ་ཉིད་ཀྱིས་ཇི་སྐད་བཤད་པའི་དོན་ལ་ནན་ཏན་བྱེད་པ་ལ་དུས་ཐུང་ངུ་ལ་ཡང་ཡུན་རིང་པོར་རློམ་ནས། དངངས་པའི་རང་བཞིན་ཅན་ལ་ལ་སྒྲུབ་པ་ཉམས་ལེན་ལ་ཡོངས་འདུ་སྐྱོ་བར་འགྱུར་བས་དེའི་གཉེན་པོར་རོ། །གནས་སྐབས་གང་དུ་སྐྱོ་བར་འགྱུར་ཞེ་ན། དུས་ཡུན་རིང་མོ་ཞིག་ཏུ་སྦྱོར་བ་གོམས་པར་བྱས་ཀྱང་འདོད་པའི་དོན་བྱང་ཆུབ་མ་འགྲུབ་པས་ནའོ། །མདོ་ནི། བྱང་ཆེན་ཕར་ཕྱིན་དྲུག་ལ་སྤྱོད་པའི་ཚེ་གཟུགས་སུ་མི་རློམ་ཞེས་སོ། །དྲུག་པ་ཞུམ་པའི་གཉེན་པོ་ལམ་ཡོངས་སུ་འཛིན་པ་ལ་གདམས་པ་ནི། འདོམས ། གང་ལ་ན། ཡོངས་སུ་གཟུང་བ་ལ། ཚུལ་ཇི་ལྟར་ན། བདེན་གཉིས་ལས་མི་འདའ་བས། ཆོས་རྣམས་རང་བཞིན་གྱིས་མ་སྐྱེས་པ་ཉིད་དུ་རྟོགས་པར་གྱིས་ཤིག་ཅེས་སློབ་པའི་ཚུལ་གྱིས་སོ། །དགོས་པ་ནི། རྣམ་མཁྱེན་ཐོབ་པར་བྱེད་པ་ལ། རྒྱལ་བའི་སྲས་ཀྱིས་མི་སློབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་པའི་ཚུལ་གྱིས་ཤེས་བྱ་མཐའ་དག་ལ་བསླབ་དགོས་ཤིང་། དེའི་ཕྱིར་ཕྱོགས་བཅུའི་སངས་རྒྱས་ལ་སོགས་པ་ལའང་དོན་རེ་རེའི་ཕྱིར་ལམ་གྱི་ལུང་ནོད་པར་བྱ་ན། དེ་ལྟ་བུ་བདག་གིས་ག་ལ་ནུས་སྙམ་དུ་སེམས་ཞུམ་པར་འགྱུར་བས་དེའི་གཉེན་པོར་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པར་རྟོགས་པའི་ཤེར་ཕྱིན་གྱི་ནང་དུ་རྣམ་མཁྱེན་གྱི་ལམ་ཐམས་ཅད་འདུས་པས་ལམ་མང་པོ་ལ་བསླབ་མི་དགོས་སོ་ཞེས་པའི་དོན་ནོ། །མདོ་ནི། ཤ་བུ་བྱང་ཆེན་ཡེ་ཤེས་དེ་ལྟ་བུ་དང་ལྡན་པས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་མཐོང་། དེ་དག་གིས་ཆོས་བསྟན་པ་ཡང་ཉན་ཏོ་ཞེས་སོ། །བདུན་པ་སྒྲུབ་པ་གཞན་དྲིང་མི་འཇོག་པའི་རྒྱུ་སྤྱན་ལྔ་ལ་གདམས་པ་ནི། འདོམས། གང་ལ་ན། སྤྱན་ལྔ་ལའོ། །ཚུལ་ཇི་ལྟར་ན། བདེན་གཉིས་ལས་མི་འདའ་བས། དེ་བཞིན་ཉིད་སྤྲོས་བྲལ་དུ་གཅིག་པ་ཉིད་དུ་རྟོགས་པར་གྱིས་ལ་སྒྲུབ་བོ་ཞེས་སློབ་པའི་ཚུལ་གྱིས་སོ། །དེ་ལ་སྤྱན་ལྔ་ནི། དོན་ལས་ཤེས་པར་བྱ་སྟེ། སོ་སོའི་ངོ་བོ། ས་མཚམས། རྒྱུ། གདམས་པའི་དགོས་པའོ། །དང་པོ་ནི། ཤའི་སྤྱན་གྱིས་རང་བཞིན་དུ་ཡུལ་གྱི་དངོས་པོའི་ཚད་སོ་སོར་ངེས་པ་དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་ཆད་ཀྱི་གཟུགས་ཅན་གྱི་ཡུལ་ཅན་ཏེ། ཇི་སྐད་དུ། བྱང་ཆེན་གྱི་ཤའི་མིག་གང་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་ཅེས་པ་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་ཅེས་པའི་བར་རོ། །རིན་ཆེན་ཕྲེང་བར། མཆོད་རྟེན་མར་མེའི་ཕྲེང་བ་དང་། །མུན་ཁུང་དག་དུ་མར་མེ་དང་། །མར་མེའི་འབྲུ་མར་བྱིན་པ་ཡིས། །ལྷའི་མིག་ནི་ཐོབ་པར་འགྱུར། །ཅེས་པ་ལྟར། སྔོན་གྱི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ལྷའི་སྤྱན་ནི། སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་དང་སྐྱེ་བའི་ཡུལ་ཅན་ཏེ། ཇི་སྐད་དུ། ལྷའི་མིག་ཡོངས་སུ་དག་པ་དེ་ཉིད་ཀྱིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་སོ། །ཤེས་རབ་ཀྱི་སྤྱན་ནི། ཆོས་ཐམས་ཅད་ལ་གང་ཟག་དང་ཆོས་ཀྱི་མཚན་མར་རྣམ་པར་མི་རྟོག་པའི་ཡུལ་ཅན་ཏེ། ཤེས་རབ་ཀྱི་མིག་གང་དང་ལྡན་པས། འདུས་བྱས་སམ། འདུས་མ་བྱས་སམ་ཞེས་པ་ནས། ཆོས་གང་ཡང་མ་མཐོང་། མ་ཐོས། མ་བསམས། ཁོང་དུ་མ་ཆུད་པ་འདི་ནི། ཤ་བུ་བྱང་ཆེན་ཤེས་རབ་ཀྱི་མིག་ཡོངས་སུ་དག་པའོ་ཞེས་སོ། །ཆོས་ཀྱི་སྤྱན་ནི། བརྒྱད་པ་དང་། རྒྱུན་དུ་ཞུགས་པ་ལ་སོགས་པ་འཕགས་པའི་གང་ཟག་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཡུལ་ཅན་ཡིན་ཏེ། ཇི་སྐད་དུ། བྱང་ཆེན་ཆོས་ཀྱི་མིག་གང་གིས་གང་ཟག་འདི་ནི་དད་པའི་རྗེས་སུ་འབྲང་བའོ། །འདི་ནི་ཆོས་ཀྱི་རྗེས་སུ་འབྲང་བའོ་ཞེས་པའོ། །སངས་རྒྱས་ཀྱི་སྤྱན་ནི་ཆོས་ཐམས་ཅད་དུས་ཀྱི་རྣམ་པར་ཐམས་ཅད་དུ་མངོན་པར་ཏེ་མངོན་སུམ་དུ་རྫོགས་པར་ཏེ་མ་ལུས་པར་བྱང་ཆུབ་པའི་ཡུལ་ཅན་ཡིན་ཏེ། ཇི་སྐད་དུ། བྱང་ཆེན་བྱང་ཆུབ་ཀྱི་སེམས་ཀྱི་རྗེས་སུ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། སེམས་ཀྱི་སྐད་ཅིག་མ་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་གང་ཡིན་པ་ཞེས་སོ། །གཉིས་པ་ནི། ཤའི་སྤྱན་ཚོགས་ལམ་དང་། ལྷའི་སྤྱན་སྦྱོར་ལམ་དང་། ཤེས་རབ་ཀྱི་སྤྱན་མཐོང་ལམ་མཉམ་གཞག་དང་། ཆོས་ཀྱི་སྤྱན་དེའི་རྗེས་ཐོབ་དང་། སངས་རྒྱས་ཀྱི་སྤྱན་མཚན་ཉིད་པ་སངས་རྒྱས་ཀྱི་ས་དང་། རྗེས་མཐུན་པ་ས་བརྒྱད་པ་ནས་ཡོད་དོ། །གསུམ་པ་རྒྱུ་ནི། ཐུན་མོང་གི་རྒྱུ་ཕར་ཕྱིན་དྲུག་ལ་སློབ་པ་ཡིན་ཏེ། མིག་ལྔ་ཐོབ་པར་འདོད་པ་དང་། སྦྱང་བར་འདོད་པས། ཕར་ཕྱིན་དྲུག་ལ་བསླབ་པར་བྱའོ་ཞེས་སོ། །སོ་སོའི་རྒྱུ་ནི། ཤའི་མིག་ནི། བསམ་གཏན་གྱིས་སྦྱངས་པ་ལས་བྱུང་ལ། ལྷའི་མིག་ནི་མར་མེ་བྱིན་པ་སོགས་ཀྱི་དགེ་བའི་ལས་དང་། ཤེས་རབ་དང་། ཆོས་ཀྱི་སྤྱན་གྱི་རྒྱུ་ནི། ཆོས་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་དང་། ལུང་གི་ཆོས་ལ་ཐོས་བསམ་བྱེད་པ་རྣམས་ཡིན་ལ། སངས་རྒྱས་ཀྱི་སྤྱན་གྱི་ནི། ཡེ་ཤེས་ཀྱི་ཚོགས་རྒྱུ་ཡིན་ནོ། །བཞི་པ་དགོས་པ་ནི། སྤྱན་ལྔ་དོན་དམ་པར་མི་དམིགས་ཤིང་ཀུན་རྫོབ་དུ་མཚན་ཉིད་ཇི་ལྟ་བ་བཞིན་རྟོགས་ཏེ་བསྒོམས་པས་གཞན་དྲིང་མི་འཇོག་པའོ། །བརྒྱད་པ་རྣམ་མཁྱེན་རྫོགས་བྱེད་ཀྱི་རྒྱུ་མངོན་ཤེས་དྲུག་ལ་གདམས་པ་ནི། འདོམས། གང་ལ་ན། མངོན་པར་ཤེས་པ་དྲུག་ལའོ། །ཚུལ་ཇི་ལྟར་ན། བདེན་གཉིས་ལས་མི་འདའ་བས། དྲུག་པོ་དེ་དག་དོན་དམ་པར་གཟོད་མ་ནས་ཞི་བ་ཉིད་དུ་རྟོགས་པར་བྱའོ། །ཞེས་སྟོན་པའི་ཚུལ་གྱིས་སོ། །མངོན་ཤེས་དྲུག་པོ་འདི་དག་ཀྱང་དོན་ལྔས་ཤེས་པར་བྱ་སྟེ། དེ་ལ་དང་པོ་སོ་སོའི་རང་བཞིན་ལ་དྲུག་གི་དང་པོ་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ནི་ས་གཡོ་བ་དང་། གཅིག་དུ་བསྒྱུར་ཞིང་མང་དུ་བསྒྱུར་བ་ལ་སོགས་པ་བྱེད་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ཇི་སྐད་དུ། ཤེར་ཕྱིན་ལ་སྤྱོད་པའི་བྱང་ཆེན་མངོན་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཐོབ་སྟེ། རྫུ་འཕྲུལ་གྱི་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་དོ་ཞེས་སོ། །སྤྱིར་རྫུ་འཕྲུལ་ལ་བཞི་སྟེ། སྐྱེ་བས་ཐོབ་པ་འདོད་གཟུགས་ཀྱི་ལྷ་དང་ཡི་དྭགས་དང་ཤ་ཟ་དག་གི་རྫུ་འཕྲུལ་ལྟ་བུ་དང་། ལས་ལས་སྐྱེས་པ་རྒྱལ་པོ་ང་ལ་ནུ་དང་སྲིད་པ་བར་དོའི་ལྟ་བུ་དང་། སྔགས་དང་སྨན་ལས་སྐྱེས་པ། སྔགས་ཀྱི་མཐུས་ནམ་མཁའ་ལ་འགྲོ་བ་དང་། སྨན་འགའ་ཞིག་བཟུང་བས་མི་སྣང་བ་ལྟ་བུ་དང་། ཏིང་ངེ་འཛིན་ལས་བྱུང་བ་རྣལ་འབྱོར་པའི་མཐུ་མངོན་ཤེས་སུ་བགྲང་བའོ། །གཉིས་པ་ལྷའི་རྣ་བ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་གནས་པའི་སྒྲ་ཆུང་ངུ་དང་གཅིག་ཤོས་ཆེན་པོ་རྣམས་ཐོས་པ་དང་སྒོམ་པའི་སྟོབས་ཀྱིས་བྱུང་བ་མཉམ་པར་བཞག་པའི་སས་བསྡུས་པའི་གཟུགས་ཅན་དང་བའོ། །ཇི་སྐད་དུ། ལྷའི་རྣ་བའི་ཁམས་རྣམ་པར་དག་པའི་མི་ལས་འདས་པས་ལྷ་དང་མི་གཉིས་ཀའི་སྒྲ་ཐོས་ཏེ་ཞེས་སོ། །ལྷའི་རྣ་བ་དེ་ཡང་གསུམ་སྟེ། སྐྱེ་བས་ཐོབ་པ་ནི་གཟུགས་ཀྱི་ལྷ་རྣམས་ཀྱི་ལྟ་བུའོ། །ལས་ལས་སྐྱེས་པ་ནི། འཁོར་ལོས་བསྒྱུར་རྒྱལ་དང་། སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྟ་བུའོ། །སྒོམ་པ་ལས་བྱུང་བ་རྣལ་འབྱོར་པའི་མཐུ་མངོན་ཤེས་སུ་བགྲང་བའོ། །གཉིས་པ། གཞན་སེམས་ཤེས་པའི་མངོན་ཤེས་ནི། གང་ཟག་གཞན་གྱི་སེམས་འདོད་ཆགས་དང་བཅས་པ་དང་། འདོད་ཆགས་དང་བྲལ་བ་སོགས་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ཇི་སྐད་དུ། དེས་སེམས་ཅན་ཕ་རོལ་པོ་དང་། གང་ཟག་ཕ་རོལ་པོའི་སེམས་སེམས་ཀྱིས་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །གཞན་སེམས་ཤེས་པ་དེ་ཡང་བཞི་སྟེ། སྐྱེ་བས་ཐོབ་པ་ལྷ་ཀླུ་ལ་སོགས་པ་ལྟ་བུ་དང་། རྟོག་གེ་པ་རྣམས་ཀྱིས་ནི་ལུས་ངག་གི་རྣམ་པར་རིག་བྱེད་ལས་གཞན་གྱི་སེམས་ཀྱི་རྣམ་འགྱུར་ཤེས་པ་དང་། སྔགས་ལས་སྐྱེས་པ། གསང་སྔགས་ཀྱི་མཐུས་གཞན་སེམས་ཤེས་པ་དང་། བསྒོམས་པ་ལས་བྱུང་བ། རྣལ་འབྱོར་པ་རྣམས་ཀྱི་མཐུ་མངོན་ཤེས་སུ་བགྲང་བའོ། །

བཞི་པ་སྔོན་གནས་རྗེས་དྲན་ནི། རང་དང་གཞན་གྱི་ཚེ་རབས་སྔ་མ་དུ་མ་རྗེས་སུ་དྲན་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ཇི་སྐད་དུ། དེ་སྔོན་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པས་སྐྱེ་བ་གཅིག་ཀྱང་རྗེས་སུ་དྲན་ནོ། །གཉིས་དང་གསུམ་ནས་སྐྱེ་བ་བ རྒྱ་ཕྲག་སྟོང་གི་བར་དུ་ཡང་རྗེས་སུ་དྲན་ནོ། །ཞེས་སོ། །སྔོན་གནས་རྗེས་དྲན་དེ་ཡང་གསུམ་ཏེ། སྐྱེས་ཐོབ་ལྷ་དང་། དམྱལ་བ་རྣམས་ཀྱི་ལྟ་བུ་དང་། ལས་ལས་སྐྱེས་པ་མིས་རང་བཞིན་གྱིས་ཚེ་རབས་དྲན་པ་ལྟ་བུ་དང་། བསྒོམས་པ་ལས་བྱུང་བ་རྣལ་འབྱོར་པ་རྣམས་ཀྱི་མངོན་ཤེས་ལྟ་བུའོ། །ལྔ་པ་ལྷའི་མིག་ནི། བསྐལ་བ་དང་མ་བསྐལ་བའི་གཟུགས་ཕྲ་རགས་ཐམས་ཅད་མཐོང་བ། བསྒོམས་པ་ལས་བྱུང་བ་མཉམ་པར་བཞག་པའི་སས་བསྡུས་པའི་གཟུགས་ཅན་དང་བའོ། །ལྷའི་སྤྱན་དང་འདིའི་ཁྱད་པར་ནི། སྔ་མ་སྔོན་གྱི་དགེ་བའི་རྣམ་སྨིན་ལས་འབད་མེད་དུ་འགྲུབ་པ་ཡིན་ལ། འདི་ནི་ཚེ་འདིའི་བསམ་གཏན་བསྒོམས་པའི་མངོན་པར་འདུ་བྱེད་པ་ལས་བྱུང་བ་ཡིན་ནོ། །སྔ་རབས་པ་དག་ཡུལ་གྱི་ཁྱད་པར་ཡོད་དེ། སྔ་མ་འཆི་འཕོ་སྐྱེ་བ་དང་། འདི་གཟུགས་ཅན་རྣམས་ཀྱི་ཡུལ་ཅན་ཞེས་ཟེར་བ་ནི་མི་རིགས་ཏེ། གཉིས་ཀ་ཡང་གཉིས་ཀའི་ཡུལ་ཅན་ཡིན་པའི་ཕྱིར་དང་། སོ་སོར་བཤད་པ་ཕན་ཚུན་མཚོན་པའི་དོན་དུ་ཡིན་པས་སོ། །ལྷའི་རྣ་བ་དང་། མིག་དག་ནི། གཟུགས་ཅན་དང་བ་ཡིན་ལ། དེ་དག་གི་མངོན་ཤེས་ནི། དེ་དག་གི་རྒྱུར་གྱུར་པའི་ཏིང་ངེ་འཛིན་དང་ཤེས་རབ་བམ་ཡང་ན་དེ་དག་ལ་བརྟེན་པ་མིག་དང་རྣ་བའི་རྣམ་ཤེས་ཀྱི་འཁོར་དུ་བྱུང་བའི་ཤེས་རབ་བོ། །མདོ་ནི། དེ་ལྟའི་མིག་རྣམ་པར་དག་པ་མི་ལས་འདས་པས། སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་དང་ཅེས་པ་ནས། ལས་ཇི་ལྟ་བ་བཞིན་བདེ་འགྲོ་དང་ངན་འགྲོར་ཉེ་བར་འགྲོ་བ་རྣམ་པར་ཤེས་ཏེ་ཞེས་སོ། །ལྷའི་མིག་དེ་ཡང་ལྷའི་རྣ་བ་ལྟར་རྣམ་པ་གསུམ་མོ། །དྲུག་པ་ཟག་པ་ཟད་པའི་མངོན་ཤེས་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པའི་ཐབས་དང་། དེ་དག་སྤངས་པའི་རྣམ་གྲོལ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཏིང་ངེ་འཛིན་དང་ཤེས་རབ་བོ། །དེ་མི་སྐྱེ་བ་སྔོན་དུ་བྱེད་པའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་ཏེ་ཞེས་སོ། །

གཉིས་པ་རྒྱུ་ནི། མངོན་ཤེས་དང་པོ་ལྔ་བསམ་གཏན་གྱི་དངོས་གཞིའི་སེམས་ཁོ་ན་ལ་བརྟེན་གྱི་གཞན་ལ་མ་ཡིན་ཏེ། ཉེར་སྡོགས་རྣམས་ནི་ཞི་གནས་ཤས་ཆུང་བའི་ཕྱིར་དང་། གཟུགས་མེད་རྣམས་ནི་ལྷག་མཐོང་ཤས་ཆུང་བའི་ཕྱིར་ཡོན་ཏན་ཁྱད་པར་ཅན་སྒྲུབ་པའི་རྟེན་དུ་རུང་བ་མ་ཡིན་ནོ། །ཐ་མ་ནི་བསམ་གཏན་ས་དྲུག་གཟུགས་གཟུགས་མེད་དང་པོ་གསུམ་ལ་བརྟེན་ཏེ། དེ་དག་ལ་བརྟེན་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་ཕྱིར་རོ། །ལུས་ཀྱི་རྟེན་ནི་དང་པོ་ལྔ། གླིང་གསུམ་གྱི་མི་དང་། འདོད་པའི་ལྷ་རྣམས་ཀྱི་བསྒྲུབ། ཐ་མ་ནི་ཁམས་གསུམ་ཀའི་རྟེན་ལ་བསྒྲུབ་བོ། །གསུམ་པ་བྱེད་ལས་ནི། དང་པོ་ནི། རྫུ་འཕྲུལ་གྱི་རྣམ་པ་དུ་མ་བསྟན་ནས། མ་དད་པ་རྣམས་གུས་པ་དང་རི་མོ་ཆེར་བསྐྱེད་པར་བྱེད་དོ། །གཉིས་པས་གཞན་གྱི་ངག་གི་སྤྱོད་པ་དགེ་མི་དགེ་ཤེས་ནས་དེ་ལ་བསྐུལ་བར་ཡིད་རངས་པར་བྱེད་དོ། །གསུམ་པས་གཞན་གྱི་སེམས་ཀྱི་རྒྱུ་བ་དགེ་མི་དགེ་ཀུན་ཤེས་པར་བྱས་ནས། ལེགས་པར་འདོམས་པར་བྱེད་དོ། །ཐ་མ་གསུམ་གྱིས་རྟག་པའི་མཐའ་དང་། ཆད་པའི་མཐའ་སྤངས་ནས་ཟག་པ་ཟད་པ་ལ་མངོན་པའི་ང་རྒྱལ་མེད་པར་དབུ་མའི་ལམ་ལེགས་པར་འདོམས་པར་བྱེད་དོ། །ཚུལ་འདིས་སེམས་ཅན་གྱི་དོན་བྱས་ཏེ་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་འདི་དག་ནི་རྣམ་མཁྱེན་ཡོངས་སུ་རྫོགས་པར་བྱེད་པའི་རྒྱུ་ཡིན་ནོ། །དྲུག་པོ་འདི་དག་ཐམས་ཅད་ཀྱང་ཀུན་རྫོབ་ཤེས་པའི་རང་བཞིན་ཡིན་པའི་ཕྱིར། འཇིག་རྟེན་ཁོ་ན་ཡིན་ལ། དང་པོ་ལྔ་བྱིས་པ་དང་། སློབ་པའི་རྒྱུད་ལ་ཡོད་པ་རྣམས་ནི་ཟག་བཅས་ཡིན་ལ། མི་སློབ་པའི་རྒྱུད་ལ་ཡོད་པ་རྣམས་ཟག་མེད་ཁོ་ན་ཡིན་ནོ། །དྲུག་པ་ནི། མི་སློབ་པ་ཁོ་ནའི་རྒྱུད་ལ་ཡོད་པའི་ཕྱིར་ཟག་མེད་ཁོ་ན་ཡིན་ནོ། །དང་པོ་གསུམ་ནི། མངོན་ཤེས་ཁོ་ན་ཡིན་གྱི་རིག་པ་མ་ཡིན་ལ། ཕྱི་མ་གསུམ་ནི། མངོན་ཤེས་ཡང་ཡིན་ལ་རིག་པ་ཡང་ཡིན་ཏེ། དུས་གསུམ་ལ་རྨོངས་པའི་གཉེན་པོ་བྱེད་པའི་ཕྱིར་རོ། །བཞི་པ་སྒྲ་དོན་ནི། དེ་དག་དང་ལྡན་པའི་རྣལ་འབྱོར་པས་དུས་ལ་བབས་པ་ན་དེ་ཉེ་བར་སྟོན་པའམ་གཞན་གྱི་དོན་ཀུན་ཏུ་སྤྱོད་པའམ། དེ་ལ་དྲི་བ་དྲིས་པ་ལན་གདབ་པ་མངོན་པར་ཤེས་པའི་ཕྱིར་མངོན་པར་ཤེས་པ་ཞེས་བྱའོ། །ལྔ་པ་དགོས་པ་ནི། དོན་དམ་པར་མི་དམིགས་ཤིང་ཀུན་རྫོབ་དུ་མཚན་ཉིད་ཇི་ལྟ་བ་བཞིན་ཤེས་པར་བྱས་ནས་ཉམས་སུ་བླངས་པས་དེ་དག་གི་སྒོ་ནས་སེམས་ཅན་གྱི་དོན་བྱེད་ཅིང་རྣམ་མཁྱེན་གྱི་ཚོགས་རྫོགས་པའོ། །དགུ་པ་སྤང་བྱ་ཀུན་བརྟགས་སྤོང་བྱེད་མཐོང་ལམ་ལ་གདམས་པ་ནི། འདོམས། གང་ལ་ན། མཐོང་བའི་ལམ་ལའོ། །ཚུལ་ཇི་ལྟར་ན། བདེན་གཉིས་ལས་མི་འདའ་བར་དོན་དམ་པར་མི་དམིགས་ཤིང་ཀུན་རྫོབ་དུ་རྣམ་པར་བསྒོམ་པར་བྱེད་དོ་ཞེས་སྟོན་པའི་ཚུལ་གྱིས་སོ། །འདི་ལ་གང་ཟག་གང་གིས། ལམ་གང་ཞིག །སྤང་བྱ་གང་གི་གཉེན་པོར་བསྒོམ་པ་དང་གསུམ་གྱི། དང་པོ་ནི། རྣལ་འབྱོར་པ་དཔེར་ན་སྒྱུ་མ་མཁན་རང་གིས་སྤྲུལ་པའི་རྟ་གླང་སོགས་ལ་བདེན་པར་མ་ཞེན་པ་བཞིན་དུ་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་ལུས་ཅན་ནམ་རང་བཞིན་ཅན་ནོ། །མངོན་པར་མ་ཞེན་པ་ཅི་ཞེ་ན། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པའིའོ། །གཉིས་པ་ནི། མཐོང་བའི་ལམ་སྟེ། དེ་ཡང་སྡུག་བསྔལ་ལ་སོགས་པའི་བདེན་པ་ལས་བསྡུས་པ་བདེན་པ་རེ་རེ་ལ་ཆོས་ཤེས་པའི་བཟོད་པ་དང་། རྗེས་སུ་ཤེས་པའི་བཟོད་པ་དང་། ཆོས་ཤེས་པ་དང་། རྗེས་སུ་ཤེས་པའི་བདག་ཉིད་བཞི་བཞི་སྟེ། སྐད་ཅིག་མ་བཅུ་དྲུག་གི་ངོ་བོ་ཉིད་དོ། །གསུམ་པ་ནི། མཐོང་ལམ་དེས་སྤང་བར་བྱ་བའི་དངོས་པོ་ཀུན་བརྟགས་ཀྱི་གཉེན་པོ་ཉིད་དུའོ། །མདོ་ནི། རབ་འབྱོར་བྱང་ཆེན་རྣམས་ལ་ཤེར་ཕྱིན་ལས་བརྩམས་ཏེ་སྤོབས་པ་བསྐྱེད་ཅིག་ཅེས་སོ། །ཅིའི་ཕྱིར་བཅོམ་ལྡན་འདས་གཞན་གྱི་ཁ་ནས་སྟོན་པར་མཛད་ཅེ་ན། གཞན་དག་ཀྱང་དོན་དེ་ཐོབ་པར་མཛད་པ་ལ་སྤྱོད་པ་ཉིད་ཀྱི་ན་བདག་ཉིད་ལ་གཟུང་བར་འོས་པ་མ་ཡིན་པ་ཉིད་ཀྱི་ཉེས་པ་སྤང་བར་བྱ་བའི་དོན་དུའོ། །ཅིའི་ཕྱིར་ཉན་ཐོས་ཀྱི་ཁ་ནས་སྟོན་པར་མཛད་ཅེ་ན། བྱིན་གྱིས་རླབས་པ་ལ་མངའ་བརྙེས་པར་ཤེས་པར་བྱ་བའི་དོན་དུའོ། །ཅིའི་ཕྱིར་གནས་བརྟན་རབ་འབྱོར་གྱི་ཁ་ནས་སྟོན་པར་མཛད་ཅེ་ན། དེ་ནི་ཉོན་མོངས་པ་མེད་པའི་མཆོག་དུ་གྱུར་པ་ཉིད་ཀྱིས་ཉོན་མོངས་པ་དང་བྲལ་བའི་སྐལ་མཉམ་ལྷག་པའི་ཕྱིར་མཐོང་བའི་ལམ་དང་རྗེས་སུ་མཐུན་པ་སྟོན་པ་ཉིད་ཡིན་པའི་ཕྱིར་ཞེས་ཉི་སྣང་ལས་སོ། །དེ་ལ་དྲི་བ་དང་པོའི་ལན་གྱི་དོན་ནི། རབ་འབྱོར་གྱིས་བྱང་ཆེན་གྱི་མཐོང་ལམ་འཆད་པར་ནུས་པ་ནི་དེ་བཞིན་གཤེགས་པའི་བྱིན་རླབས་ཀྱི་རེ་ཤིག་དེའི་རྒྱུད་ལ་བྱང་སེམས་ཀྱི་མཐོང་ལམ་གྱི་དོན་ཇི་ལྟ་བ་བཞིན་དུ་ཤེས་པའི་རྟོགས་པ་སྐྱེས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཕྱིན་ཅི་མ་ལོག་པར་འཆད་མི་ནུས་པས་སོ། །དེས་ན་གཞན་རྒྱུད་ལ་སྤངས་རྟོགས་དེ་སྐྱེས་པ་ན་དེ་དག་སྤང་དུ་གྱུར་པས། དེ་བཞིན་གཤེགས་པ་མཐོང་ལམ་སྟོན་པ་ཚད་མའི་སྐྱེས་བུ་ཉིད་དུ་ཤེས་པར་འགྱུར་རོ་ཞེས་པའོ། །གཉིས་པའི་དོན་ནི། ཉན་ཐོས་དབང་པོ་རྟུལ་པོ་དག་ཀྱང་ཟབ་མོ་རྟོགས་པར་བྱིན་གྱིས་བརླབ་ནུས་པའི་ཕྱིར། བྱིན་རླབས་ལ་མངའ་བརྙེས་པ་ཡིན་ནོ། །གསུམ་པའི་དོན་ནི། མཐོང་ལམ་ནི་མཉམ་གཞག་ཁོ་ན་ཡིན་པ་དང་རང་གི་ངོ་བོར་མ་ཟད་རྒྱུད་ཀྱི་སྒོ་ནས་ཀྱང་ཉོན་མོངས་པ་མ་འདྲེས་པ་ཡིན་ལ། དགྲ་བཅོམ་གཞན་དག་ཉོན་མོངས་སྤངས་ཀྱང་བག་ལ་ཉལ་ཤིན་ཏུ་མ་སྤངས་པའི་སྒོ་གསུམ་གྱི་གནས་ངན་ལེན་ཀུན་ཏུ་སྤྱོད་པ་སྲིད་ལ། རབ་འབྱོར་ནི་ཉོན་མོངས་པའི་བག་ལ་ཉལ་ཤིན་ཏུ་སྤངས་པས་སྒོ་གསུམ་གྱི་གནས་ངན་ལེན་ཀུན་ཏུ་སྤྱོད་པ་མི་སྲིད་པའི་ཕྱིར་རོ། །མཐོང་ལམ་དང་རྗེས་སུ་མཐུན་པའི་མི་མཐུན་ཕྱོགས་དང་མ་འདྲེས་པའི་ཆོས་སྟོན་པར་ནུས་སོ་སྙམ་དུ་དགོངས་པའོ། །བཅུ་པ་སྤང་བྱ་ལྷན་སྐྱེས་ཀྱི་གཉེན་པོ་སྒོམ་ལམ་ལ་གདམས་པ་ནི། འདོམས། གང་ལ་ན། སྒོམ་པའི་ལམ་ལའོ། །ཚུལ་ཇི་ལྟར་ན། བདེན་གཉིས་ལས་མི་འདའ་བས་དོན་དམ་པར་མི་དམིགས་ཤིང་ཀུན་རྫོབ་ཏུ་རྣམ་པར་བསྒོམ་པར་བྱེད་དོ། །ཞེས་སྟོན་པའི་ཚུལ་གྱིས་སོ། །འདི་ལ་བསྒོམ་བྱ་ལམ་གྱི་རང་བཞིན། དེ་དག་གི་གཉེན་པོར་སྒོམ་པ་གཉིས་ཀྱི། དང་པོ་ནི། མཐོང་ལམ་ལས་རྟོགས་པའི་རིགས་ཐ་དད་དུ་གྱུར་པ་སྒོམ་པའི་ལམ་ཟག་མེད་མཚན་ཉིད་པ་རྣམ་པར་བཞག་པ་ནི་མེད་དེ། མཐོང་ལམ་དང་སྒོམ་ལམ་ཟག་མེད་དག་ཆོས་དབྱིངས་ཙམ་རྟོགས་པའི་རིགས་ཐ་དད་དུ་གྱུར་པ་མེད་པས་སོ། །རྟགས་གྲུབ་སྟེེ། ཟག་མེད་སྒོམ་ལམ་དེ་ཡང་གོང་དུ་ཇི་སྐད་བཤད་པའི་སྐད་ཅིག་མ་བཅུ་དྲུག་གི་རང་བཞིན་གྱི་མཐོང་བའི་ལམ་གྱིས་མངོན་སུམ་དུ་བྱ་བའི་དེ་བཞིན་ཉིད་ཀྱི་དངོས་པོ་ལས་ཐ་མི་དད་པ་ལ་དམིགས་པའི་ཕྱིར་ཏེ། དཔེར་ན་འདུས་བྱས་རྟོགས་པ་ལམ་གྱི་བདེན་པ་དང་འདུས་མ་བྱས་སྤངས་པ་འགོག་པའི་བདེན་པ་དག་དོན་དམ་པར་སྟོང་པ་ཉིད་དུ་ངོ་བོ་གཅིག་པ་ཉིད་ཀྱིས་ཕན་ཚུན་ཐ་དད་པར་གདགས་པར་མི་ནུས་པ་བཞིན་ནོ། །གཉིས་པ་ནི། མཐོང་ལམ་མཚན་ཉིད་ཐ་དད་པ་མེད་ལ་འོན་ཀྱང་སྒོམ་ལམ་དེས་སྤང་བར་བྱ་བའི་དངོས་པོ་ལྷན་སྐྱེས་ཀྱི་གཉེན་པོ་ཉིད་དུ་བསྒོམ་མོ། །སྤང་བྱ་ལྷན་སྐྱེས་དེ་མཐོང་ལམ་གྱིས་མ་སྤངས་ན་སྒོམ་ལམ་གྱིས་སྤོང་བར་མི་རིགས་ཏེ། མཚན་ཉིད་ཐ་དད་པ་མེད་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། མཐོང་སྒོམ་མཚན་ཉིད་ཐ་དད་པ་མེད་ཀྱང་མཐོང་ལམ་གྱིས་ལྷན་སྐྱེས་མི་སྤོང་ལ་སྒོམ་ལམ་གྱིས་སྤོང་བ་དེ་ནི་རྐྱེན་འདི་པ་ཙམ་གྱིས་རྟེན་ཅིང་འབྲེལ་བ་འབྱུང་བའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །མདོ་ནི། རབ་འབྱོར། འདུས་བྱས་ཀྱི་དབྱིངས་མེད་པར་འདུས་མ་བྱས་ཀྱི་དབྱིངས་སུ་གདགས་པར་མི་ནུས། འདུས་མ་བྱས་ཀྱི་དབྱིངས་མེད་པར་ཡང་འདུས་བྱས་ཀྱི་དབྱིངས་སུ་གདགས་པར་མི་ནུས་སོ་ཞེས་སོ། །དེ་ལ་མདོ་འདིས་དོན་གཞན་བརྗོད་པའི་དཔེའི་སྒོ་ནས་སྒོམ་པའི་ལམ་བསྟན་གྱི་དངོས་སུ་མ་བསྟན་པས། དེའི་ཕྱིར་འགྲེལ་པར་འདུས་བྱས་དང་འདུས་མ་བྱས་དག་ཅེས་པ་མདོ་ལས་དངོས་བསྟན་དཔེར་བརྗོད་པ་ཡིན་ལ། ལྷག་མ་ནི་དོན་གྱིས་འཕངས་པའི་སྒོམ་ལམ་གྱི་མཚན་ཉིད་སློབ་དཔོན་གྱིས་ཁོང་ནས་བླངས་ཏེ་བཀོད་པ་ཡིན་ནོ། །གསུམ་པ་དོན་བསྡུས་ཏེ་གྲངས་ངེས་པ་བསྟན་པ་ནི། དེ་ལྟར་ན་གདམས་ངག་ནི་རྣམ་པར་བཅུའོ་ཞེས་སྦྲེལ་ལོ། །རྒྱུ་མཚན་ནི། བཅུ་པོ་འདི་ཙམ་ཁོ་ནས་སྐྱེས་བུའི་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བའོ། །ཅིའི་ཕྱིའི་འདི་ཙམ་གྱིས་སྐྱེས་བུའི་དོན་རྫོགས་པར་འགྲུབ་ཅེ་ན། སྐྱེས་བུའི་དོན་སྒྲུབ་བྱེད་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། དེས་འཕངས་པའི་ཆོས་ཀྱི་ངོ་བོ་ཉིད་ཤེར་ཕྱིན་ཉམས་སུ་ལེན་པ་ལ་སྒྲུབ་པའི་སྒོམ་ཚུལ་གྱི་རྣམ་པ་གང་ཡིན་པ་བདེན་གཉིས་ལས་མི་འདའ་བས་མི་དམིགས་པར་སྒོམ་པ་དང་། སྒྲུབ་པ་དེའི་སྒྲོ་འདོགས་གཅད་བྱའི་དམིགས་པ་གང་ཡིན་པ་བདེན་པ་བཞི་དང་། ཉན་རང་སོགས་ཀྱི་སྒྲུབ་པ་ལས་ཁྱད་པར་དུ་འཕགས་པའི་རྟེན་གང་ཡིན་པ་སྐྱབས་གསུམ་དང་། རྟོགས་པ་གོང་ནས་གོང་དུ་འཕར་འགྲོ་བའི་རྒྱུ་གང་ཡིན་པ་སྒོ་གསུམ་གྱི་ལས་ལ་མ་ཆགས་པ་དང་། བར་སྐབས་སུ་མི་ལྡོག་པར་བགྲོད་བྱ་མཐར་ཐུག་པར་འགྲོ་བའི་རྒྱུ་གང་ཡིན་པས་ཡོངས་སུ་མི་ངལ་བ་དང་། ཐེག་ཆེན་ལམ་སྤངས་ནས་ཉན་ཐོས་སོགས་ཀྱི་ཐེག་པ་གཞན་གྱི་བྱང་ཆུབ་གཞན་དུ་མི་འགྲོ་བའི་རྒྱུ་གང་ཡིན་པས་ཐེག་ཆེན་གྱི་ལམ་ཡོངས་སུ་འཛིན་པ་དང་། གང་ཟག་གཞན་གྱི་དྲིང་མི་འཇོག་པར། རང་གིས་བྱ་བ་དང་བྱ་བ་མ་ཡིན་པ་ཤེས་ནས་ཁྱད་པར་དུ་འགྲོ་བའི་རྒྱུ་གང་ཡིན་པ་སྤྱན་ལྔ་དང་། སེམས་ཅན་གྱི་དོན་བྱས་ནས་ཚོགས་རྫོགས་པས་རྣམ་མཁྱེན་ཡོངས་སུ་རྫོགས་པའི་རྒྱུ་གང་ཡིན་པ་མངོན་ཤེས་དྲུག་དང་། མི་མཐུན་ཕྱོགས་མཐའ་དག་སྤངས་པས་སྒྲུབ་པ་མཐར་ཐུག་པའི་རྒྱུ་གང་ཡིན་པ་མཐོང་བ་དང་སྒོམ་པའི་ལམ་དག་སྟེ། དེ་དག་ཐམས་ཅད་གདམས་ངག་གི་སྐབས་སུ་བསྟན་པས་སོ། །

རྟོགས་དཀའ་དགེ་འདུན་བཤད་པ།

བཞི་པ་རྟོགས་དཀའ་དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ་ལ་གཉིས། སྤྱི་དོན་དང་ཡན་ལག་གི་དོན། དང་པོ་ལ་གང་ལ་གནས་པའི་འབྲས་བུ། དེ་ལ་གནས་པའི་གང་ཟག་གི་རྣམ་གཞག་གཉིས་ཀྱི་དང་པོ་ལ། འབྲས་བུའི་ངོ་བོ་གྲངས་དང་། གོ་རིམ་ངེས་པ། ཐོབ་བྱེད་ཀྱི་རྒྱུ། ཁམས་གང་དུ་གང་ཐོབ་པ་དང་ལྔ་ཡི་དང་པོ་ནི། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་སྟེ། དེ་ཉིད་འབྲས་བུའི་མཆོག་ཡིན་པའི་ཕྱིར་རོ། །དེ་ཡང་སྤངས་པ་དང་རྟོགས་པ་གཉིས་ཀྱི་རང་བཞིན་ནོ། །དེ་དག་རེ་རེ་ལ་ཡང་བརྒྱད་ཅུ་རྩ་དགུ་རྩ་དགུ་སྟེ། འདོད་པའི་མཐོང་སྤང་རིས་བཞི་དང་། ཁམས་གོང་མ་གཉིས་ཀྱི་མཐོང་སྤང་རིས་བཞི་སྟེ། བརྒྱད་སྤངས་པའི་བྲལ་བ་བརྒྱད་དང་། དེ་རྙེད་ཀྱི་རྣམ་གྲོལ་ལམ་དང་། ས་དགུ་པོ་རེ་རེ་ལ་བསྒོམ་སྤང་ཆེ་འབྲིང་དགུ་དགུ་སྤངས་པའི་བྲལ་འབྲས་བརྒྱད་ཅུ་རྩ་གཅིག་དང་། དེ་རྙེད་ཀྱི་རྣམ་གྲོལ་ལམ་རྣམས་སོ། །དེ་ལ་དགེ་སྦྱོང་གི་ཚུལ་ནི། ཟག་མེད་ཀྱིས་བསྡུས་པའི་བར་ཆད་མེད་པའི་ལམ་སྟེ། འདིས་ཉོན་མོངས་པ་སྤངས་ནས་དོན་དམ་པའི་དགེ་སྦྱོང་དུ་བྱེད་པའི་ཕྱིར་ན་དགེ་སྦྱོང་གི་ཚུལ་ཞེས་བྱའོ། །དེ་ལྟར་ཡང་མདོ་ལས། སྡིག་པ་མི་དགེ་བའི་ཆོས་ཞེས་བྱ་བ་ནས། རྒྱས་པ་རྒ་ཤིར་གྱུར་པའི་བར་རྣམ་པ་དུ་མ་ཞི་བར་བྱས་པ་ཡིན་པས་དེའི་ཕྱིར་དགེ་སྦྱོང་ཞེས་གསུངས་པའི་ཕྱིར་རོ། །སྤངས་པ་རྣམས་ནི། དེའི་བྲལ་བའི་འབྲས་བུ་ཡིན་ལ། རྣམ་གྲོལ་ལམ་ནི་རྒྱུ་མཐུན་པའི་འབྲས་བུ་ཡིན་པའི་ཕྱིར། དེ་དག་ལ་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཞེས་བྱའོ། །དེ་ལྟར་ཡང་མཛོད་དུ། དགེ་སྦྱོང་ཚུལ་ནི་དྲི་མེད་ལམ། །འབྲས་བུ་འདུས་བྱས་འདུས་མ་བྱས། །གྲོལ་ལམ་ཟད་པ་རྣམས་དང་བཅས། །དེ་དག་བརྒྱད་ཅུ་རྩ་དགུའོ། །ཞེས་སོ། །དེ་དག་གནས་སྐབས་ཀྱི་བྱེ་བྲག་ལས། རྒྱུན་དུ་ཞུགས་པ་ལ་སོགས་པའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞིར་མདོ་ལས་གསུངས་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བརྒྱད་ཅུ་རྩ་དགུ་ཡིན་ན། ཅིའི་ཕྱིར་འབྲས་བུ་བཞིར་བཞག་ཅེ་ན། མཛོད་དུ། འབྲས་བུ་རྣམ་བཞིི་བཞག་པ་ནི། །རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། །འབྲས་ལ་སྔོན་ལམ་བཏང་བ་དང་། །གཞན་ཐོབ་པ་དང་ཟད་སྡོམ་དང་། །ཤེས་པ་བརྒྱད་ཚན་ཐོབ་པ་དང་། །རྣམ་པ་བཅུ་དྲུག་ཐོབ་པའོ། །ཞེས་གནས་སྐབས་གང་དུ་རྒྱུ་ལྔ་སྲིད་པ་དེ་ཉིད་འབྲས་བུར་རྣམ་པར་བཞག་སྟེ། འདི་ལྟར་བཞུགས་པའི་ལམ་སྔོན་དུ་བཏང་བ་དང་། འབྲས་བུའི་ལམ་ཐོབ་པ་དང་། སྤངས་པ་ཀུན་གྱི་ཐོབ་པ་གཅིག་རྙེད་པ་དང་། ཆོས་དང་རྗེས་སུ་ཤེས་པ་བརྒྱད་གཅིག་ཅར་ཐོབ་པ་དང་། མི་རྟག་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་ཐོབ་པས་སོ་ཞེས་བཤད་དོ། །ཡང་ན། འདི་ལྟར་བཤད་པར་བྱ་སྟེ། འདི་ལྟར་སྤང་བྱ་ནི་གསུམ་ཏེ། ཐར་པ་ལ་འཇུག་པའི་གེགས་སུ་གྱུར་པའི་ཀུན་སྦྱོར་གསུམ་དང་། འགྲོ་བ་ཐ་མ་དང་། ཁམས་ཐ་མ་ལས་འདའ་བའི་གེགས་སུ་གྱུར་པའི་ཐ་མའི་ཆ་མཐུན་པའི་ལྔ་དང་། ཁམས་གོང་མ་ལས་འདའ་བའི་གེགས་སུ་གྱུར་པ་གོང་མའི་ཆ་མཐུན་ལྔའོ། །དེ་དག་ནི་གོ་རིམ་བཞིན་དུ་ཐར་པ་འདོད་པ་རྣམས་ཀྱི་སྤང་བྱ་རགས་པ་དང་། ཕྲ་བ་དང་། ཤིན་ཏུ་ཕྲ་བ་རྣམས་ཡིན་ལ། དེ་དག་སྤངས་པ་ཡང་དོན་དུ་གཉེར་བྱའི་འབྲས་བུ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་རྣམས་ཡིན་ནོ། །དེ་ལ་དང་པོ་སྤངས་པས་ནི་རྒྱུན་དུ་ཞུགས་པའི་འབྲས་བུར་རྣམ་པར་བཞག་སྟེ། མདོ་ལས། གདམས་ངག་འདི་ནི་ཀུན་ཏུ་སྦྱོར་བ་གསུམ་སྤངས་པས་རྒྱུན་དུ་ཞུགས་པའོ་ཞེས་སོ། །ཐ་མའི་ཆ་མཐུན་ལྔ་སྲབས་པར་བྱས་པ་དང་། མ་ལུས་པ་སྤངས་པ་ནི་གོ་རིམ་བཞིན་དུ་ཕྱིར་འོང་དང་། ཕྱིར་མི་འོང་གི་འབྲས་བུར་རྣམ་པར་བཞག་སྟེ། མདོ་ལས། ལན་ཅིག་ཕྱིར་འོང་གི་འབྲས་བུ་གང་ཞེ་ན། ཀུན་ཏུ་སྦྱོར་བ་སྤངས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་བསྲབས་པ་གང་ཡིན་པ་དེ་ཡིན་ནོ། །ཕྱིར་མི་འོང་གི་འབྲས་བུ་གང་ཞེ་ན། ཀུན་ཏུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པ་གང་ཡིན་པ་དེ་ཡིན་ནོ་ཞེས་གསུངས་སོ། །ཅིའི་ཕྱིར་འདོད་པའི་སྒོམ་སྤང་སྤངས་པ་ལ་འབྲས་བུ་གཉིས་བཞག་ཅེ་ན། འདོད་པའི་སྒོམ་སྤང་གི་ཉོན་མོངས་པ་རྣམས་ནི་ཆེས་རགས་པ་དང་། རིམ་གྱིས་སྤོང་བའི་ཕྱིར། འདོད་པའི་ཉོན་མོངས་ཕལ་ཆེར་ཟད་པ་ན་ཕྱིར་འོང་དང་། མ་ལུས་པ་ཟད་པ་ན་ཕྱིར་མི་འོང་གི་འབྲས་བུར་རྣམ་པར་བཞག་སྟེ། འདོད་པའི་ཉིས་དམིགས་བསྟན་པའི་ཕྱིར་དང་། དེ་ལས་མྱུར་དུ་འདའ་བར་བསྟན་པའི་ཕྱིར་རོ། །གསུམ་པ་སྤངས་པས་ནི། དགྲ་བཅོམ་པའི་འབྲས་བུ་རྣམ་པར་བཞག་སྟེ། མདོ་ལས། གོང་མའི་ཆ་དང་མཐུན་པ་ལྔ་སྤངས་པ་ནི། དགྲ་བཅོམ་པའི་འབྲས་བུའོ་ཞེས་སོ། །མདོར་བསྡུ་ན། སྤང་བྱ་ལ་མཐོང་སྤང་དང་། སྒོམ་སྤང་གཉིས་སུ་ངེས་པས། མཐོང་སྤངས་པའི་དབང་དུ་བྱས་ནས་རྒྱུན་ཞུགས་ཀྱི་འབྲས་བུར་བཞག་གོ །སྒོམ་སྤང་ལ་ཡང་འདོད་པ་དང་། ཁམས་གོང་གི་སས་བསྡུས་པ་གཉིས་ཡིན་ལ། འདོད་པའི་སྒོམ་སྤང་ལ་རགས་པ་དང་། ཕྲ་བ་གཉིས་ཀྱི་དེ་དག་སྤངས་པའི་དབང་དུ་བྱས་ནས་གོ་རིམ་བཞིན་འབྲས་བུ་བར་པ་གཉིས་བཞག་ལ། ཁམས་གོང་གི་སྒོམ་སྤང་སྤངས་པ་ལས་དགྲ་བཅོམ་པའི་འབྲས་བུར་བཞག་སྟེ། དེ་ལྟར་ན་སྤང་བྱའི་དབང་གིས་འབྲས་བུ་བཞིར་གྲངས་ངེས་པ་ཡིན་ནོ། །གསུམ་པ་ནི། འབྲས་བུ་བཞི་པོ་སྔ་མ་རྣམས་ཕྱི་མ་ཕྱི་མའི་རྒྱུ་ཡིན་པས་དོན་གྱི་གོ་རིམ་མོ། །བཞི་པ་ལ་གང་ལ་བརྟེན་ནས་ཐོབ་པ་ནི། འབྲས་བུ་དང་པོ་དང་གཉིས་པ་ནི། དང་པོའི་ཉེར་སྡོགས་མི་ཅོག་པ་མེད་པ་ལ་བརྟེན་ཏེ་འདོད་པའི་ཉོན་མོངས་པ་མ་སྤངས་པའི་ཕྱིར་རོ། །འབྲས་བུ་གསུམ་པ་ནི། གལ་ཏེ་རིམ་གྱིས་ཐོབ་ན། མི་ཅོག་པ་མེད་པ་ཁོ་ན་ལ་བརྟེན་ལ། འདོད་ཆགས་དང་བྲལ་བ་ཞིག་གིས་ཐོབ་ན་བསམ་གཏན་གྱི་དངོས་གཞི་གང་རུང་ལ་བརྟེན་ནོ། །གཟུགས་མེད་ལ་ནི་མི་བརྟེན་ཏེ། དེ་ནི་འདོད་པའི་ཉོན་མོངས་པའི་གཉེན་པོར་མི་རུང་བའི་ཕྱིར་དང་། ཕྱིར་མི་འོང་ཡང་འདོད་པའི་ཉོན་མོངས་པ་སྤངས་པས་རབ་ཏུ་ཕྱེ་བ་ཡིན་པས་སོ། །འབྲས་བུ་བཞི་པ་ནི། བསམ་གཏན་ས་དྲུག་གཟུགས་མེད་དང་པོ་གསུམ་རྣམས་ལ་བརྟེན་ཏེ། གལ་ཏེ་ཁམས་འོག་མ་ལ་གཉིས་སུ་ཐོབ་པར་བྱེད་ན་བསམ་གཏན་ས་དྲུག་ལ་བརྟེན་ལ། གཟུགས་མེད་དུ་ཐོབ་ན་གཟུགས་མེད་དང་པོ་གསུམ་གང་རུང་ལ་བརྟེན་ནས་ཐོབ་པའི་ཕྱིར་རོ། །མཐོང་སྒོམ་གང་གིས་ཐོབ་པ་ནི། འབྲས་བུ་དང་པོ་མཐོང་ལམ་ཁོ་ནས་ཐོབ་སྟེ། དེ་ནི་མཐོང་སྤང་སྤངས་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །བར་པ་གཉིས་ནི། གལ་ཏེ་རིམ་གྱིས་ཐོབ་ན། སྒོམ་ལམ་གྱིས་ཐོབ་ལ། ཕལ་ཆེར་ལས། འདོད་ཆགས་དང་བྲལ་བ་དང་། འདོད་པ་ལ་འདོད་ཆགས་དང་བྲལ་བས་ཐོབ་ན་མཐོང་ལམ་གྱིས་ཐོབ་བོ། །འབྲས་བུ་བཞི་པ་ནི། སྒོམ་ལམ་ཁོ་ནས་ཐོབ་སྟེ་དེ་ནི་ཁམས་གོང་གི་སྒོམ་སྤང་སྤངས་པས་རབ་དུ་ཕྱེ་བ་ཡིན་པའི་ཕྱིར་རོ། །འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ལམ་གང་གིས་ཐོབ་པ་ནི། འབྲས་བུ་དང་པོ་དང་ཐ་མ་གཉིས་ནི་འདས་ལམ་ཁོ་ནས་་ཐོབ་སྟེ། མཐོང་སྤང་དང་སྲིད་རྩེའི་ཉོན་མོངས་པ་འཇིག་རྟེན་པའི་ལམ་གྱིས་སྤོང་བར་མི་ནུས་པའོ། །འབྲས་བུ་བར་པ་གཉིས་མཐོང་ལམ་གྱིས་ཐོབ་པ་ནི། འདས་ལམ་གྱིས་ཐོབ་ལ། སྒོམ་ལམ་གྱིས་ཐོབ་པ་ན་གལ་ཏེ་གང་ཟག་དེ་ཞི་གནས་སྤྱོད་པ་ཞིག་ཡིན་ན་འཇིག་རྟེན་པའི་ལམ་གྱིས་ཐོབ་ལ་གལ་ཏེ་ལྷག་མཐོང་སྤྱོད་པ་ཞིག་ཡིན་ན། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་བོ། །འབྲས་བུ་གང་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་པ་ལས་ནི་ཉམས་པ་མི་སྲིད་ཏེ། འདས་ལམ་ནི་སྤང་བྱའི་ས་བོན་དྲུངས་ནས་འབྱིན་བྱེད་ཡིན་པས་སོ། །འཇིག་རྟེན་པའི་ལམ་གྱིས་ཐོབ་པ་དག་ལ་ནི། ཉམས་པ་དག་སྲིད་དོ། །དེས་ན་འབྲས་བུ་དང་པོ་དང་ཐ་མ་གཉིས་ལས་ཉམས་པ་མི་སྲིད་ཅིང་། བར་པ་དག་ལས་ཉམས་པ་མི་སྲིད་དོ། །

ལྔ་པ་ནི། མཛོད་དུ། འདོད་པ་གསུམ་ཐོབ་ཐ་མ་ནི། །གསུམ་དུ་གོང་ནས་མཐོང་ལམ་མེད། །མི་སྐྱེ་ལུང་ལས་འདིར་རྩོམ་ཞིང་། །དེ་མཐར་ཕྱིན་ཞེས་འབྱུང་ཕྱིར་རོ། །ཞེས་པས། དང་པོ་གསུམ་ནི། འདོད་པའི་རྟེན་ཁོ་ནས་ཐོབ་སྟེ། རྒྱུན་ཞུགས་དང་ཕྱིར་འོང་ནི་འདོད་པ་ལ་འདོད་ཆགས་དང་མ་བྲལ་བའི་ཕྱིར་དང་། ཕྱིར་མི་འོང་ཡང་རིམ་གྱིས་པ་ནི། དང་པོའི་ཉེར་སྡོགས་ལ་བརྟེན་ནས་ཐོབ་པའི་ཕྱིར་དང་། ཐོས་རྒལ་བ་ནི་མཐོང་ལམ་ལ་བརྟེན་ནས་ཐོབ་ལ། ཁམས་གོང་གི་རྟེན་ལ་མཐོང་ལམ་མེད་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་། ཁམས་གོང་མའི་རྟེན་ལ་སྐྱོ་བ་མེད་པའི་ཕྱིར་དང་། སྐྱོ་བ་དང་བྲལ་བ་ཡང་ཁམས་གསུམ་ལ་ངེས་པ་འབྱུང་བར་བྱ་བའི་ཕྱིར་དུ་འཕགས་ལམ་ལ་རྩོམ་པ་མེད་པའི་ཕྱིར་རོ། །ལུང་ལས་ཀྱང་བར་དོར་མྱ་ངན་ལས་འདའ་བ་སོགས་ལྔ་པོ་འདིར་རྩོམ་ཞེས་དེར་མཐར་ཕྱིན་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །བཞི་པ་ནི། ཁམས་གསུམ་གའི་རྟེན་ལ་ཐོབ་བོ། །གཉིས་པ་དེ་ལ་གནས་པའི་གང་ཟག་གི་རྣམ་པར་བཞག་པ་ལ་མཚོན་བྱེད་དཔེ་དང་། མཚོན་བྱ་དོན་གཉིས་ཀྱི་དང་པོ་ལ་ཟུང་བཞིའི་ཟུང་དང་པོ་ལ་གཉིས་ཞུགས་པ་དང་། འབྲས་བུ་ལ་གནས་པའོ། །དང་པོ་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ་གྱི་དང་པོ་ནི། ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ཐོབ་ཕྱིར་དུ། ལམ་ལ་བརྩོན་པ། སྤངས་པ་ནི་འདོད་པ་སྒོམ་སྤང་གཏན་མ་སྤངས་པའམ། ལྔ་པ་མན་ཆད་གང་རུང་སྤངས་ཤིང་། མཐོང་སྤང་སྤོང་བཞིན་པའོ། །རྟོགས་པ་ནི་སྦྱོར་མཐོང་གང་རུང་གི་ལམ་ལ་གནས་པའོ། །གཉིས་པ་ནི། དད་པ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་གཉིས་ཏེ། དང་པོ་ནི་དབང་པོ་རྟུལ་པོ་དད་པས་ལམ་དེའི་རྗེས་སུ་འབྲང་བའོ། །གཉིས་པ་ནི། དབང་པོ་རྣོན་པོ་ཤེས་རབ་ཀྱིས་ལམ་དེའི་རྗེས་སུ་འབྲང་བའོ། །གསུམ་པ་ནི། སྦྱོར་ལམ་གཏན་གཅིག་པ་ནས་མཐོང་ལམ་སྐད་ཅིག་དང་པོ་བཅོ་ལྔ་གང་རུང་ལ་གནས་པའོ། །མཛོད་དུ། དེ་ལ་སྐད་ཅིག་བཅྭོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །དབང་པོ་རྣོ་རྟུལ་དེ་དག་དུ། །དད་དང་ཆོས་ཀྱི་རྗེས་སུ་འབྲང་། །ཞེས་བཤད། གཉིས་པ་ལ་རིམ་གྱིས་པ་དང་། ཅིག་ཅར་ངེས་པར་འབྱིན་པར་གཉིས་ཀྱི། དང་པོ་ལ་གསུམ་གྱི་དང་པོ་མཚན་ཉིད་ནི། ཀུན་ཏུ་སྦྱོར་བ་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་གནས་པ། ཀུན་སྦྱོར་གསུམ་ནི། འཇིག་ལྟ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དང་། ཐེ་ཚོམ་མོ། །ཅིའི་ཕྱིར་འདི་དག་སྤངས་པས་རྒྱུན་དུ་ཞུགས་པར་བཞག་ཅེ་ན། གསུམ་པོ་འདི་ནི། རྒྱུན་ཞུགས་ཀྱིས་སྤང་བྱའི་གཙོ་བོ་ཡིན་པའི་ཕྱིར་ཏེ། མྱ་ངན་ལས་འདའ་བའི་ལམ་ལ་ཞུགས་པའི་གེགས་ཀྱི་གཙོ་བོ་ཡིན་པས་སོ། །འདི་ལྟར་འཇིག་ལྟས་ཕུང་པོ་ལ་བདག་དུ་གཟུང་ནས་འཁོར་བ་ལ་མངོན་པར་དགའ་བས་སྡུག་བསྔལ་ལས་མི་འཕགས་པའི་རྒྱུ་བྱེད་ཅིང་། ཚུལ་བཞུགས་མཆོག་འཛིན་གྱིས་ལམ་ངན་པ་ལ་མངོན་པར་ཞེན་པས་འཕང་ཀྱང་ལོག་པས་ངེས་པར་འབྱུང་བའི་རྒྱུ་བྱེད་ལ། ཐེ་ཚོམ་གྱིས་ལམ་བཟང་པོ་ལ་སོམ་ཉི་ཟ་བས་ཡང་དག་པར་ངེས་པར་འབྱུང་བ་མ་ཡིན་པའི་རྒྱུ་བྱེད་པའི་ཕྱིར་ཏེ། དཔེར་ན། འགྲོ་བར་མི་འདོད་པ་དང་། འདོད་ཀྱང་ལམ་ལོག་པ་ལ་བརྟེན་པ་དང་། ཡང་དག་པའི་ལམ་ལ་ཐེ་ཚོམ་ཟ་བས་ནི། བགྲོད་བའི་ཡུལ་དུ་ཕྱིན་པར་བྱེད་པའི་གེགས་ཡིན་པ་བཞིན་ནོ། །དེ་སྐད་དུ། འགྲོ་མི་འདོད་དང་ལམ་ནོར་དང་། །ལམ་ལ་ཐེ་ཚོམ་ཇེ་སྙེད་གཅིག །ཐར་པ་བགྲོད་ལ་གེགས་བྱེད་པ། །དེའི་ཕྱིར་ན་གསུམ་བསྟན་ཏོ། །ཞེས་སོ། །ཅིས་རྒྱུན་དུ་ཞུགས་པ་ཞེས་བྱ་ཞེ་ན། ཐར་པའི་གེགས་དང་། གཉིས་པ་ལས་མྱ་ངན་འདས་པའི་རྒྱུན་ལ་ཞུགས་པའི་ཕྱིར་རོ། །གཉིས་པ་དབྱེ་བ་ནི། དད་མོས་དང་། མཐོང་ཐོབ་གཉིས་ཏེ། དང་པོ་ནི། སྔར་གྱི་དད་པའི་རྗེས་འབྲང་དེ་ཉིད་འབྲས་བུ་ལ་གནས་པའི་དུས་སུ་དད་པ་ལྷག་པ་ཉིད་ཀྱིས་ན། ལྷག་པར་མོས་པས་རབ་ཏུ་ཕྱེ་བའི་ཕྱིར་དད་མོས་ཞེས་བྱའོ། །གཉིས་པ་ནི། སྔར་གྱི་ཆོས་ཀྱི་རྗེས་འབྲངས་དེ་ཉིད་འབྲས་བུའི་དུས་སུ་ཤེས་རབ་ལྷག་པ་ཉིད་ཀྱིས་མཐོང་བས་རབ་ཏུ་ཕྱེ་བའི་ཕྱིར་དེ་སྐད་ཅེས་བྱའོ། །སྦྱོར་བས་ཕྱེ་བ་འབྲས་གནས་ཙམ་པོ་དང་ཁྱད་པར་ཅན་གཉིས། དང་པོ་ནི་འབྲས་བུ་ལ་གནས་པ་དེ་ཉིད་ཁྱད་པར་ཅན་གྱི་འབྲས་བུའི་དོན་དུ་ལམ་ལ་མི་བརྩོན་པ། གཉིས་པ་ནི་དེ་ལས་བཟློག་པའོ། །དབང་པོ་དང་། སྦྱོར་བས་ཕྱེ་བ་འདི་གཉིས་ནི། འབྲས་བུ་བར་པ་གཉིས་ལ་ཡང་འདི་ཁོ་ན་བཞིན་དུ་ལྟ་བར་བྱའོ། །

སྐྱེ་བའི་ཁྱད་པར་གྱིས་ཕྱེ་ན་དེ་ལྟར་ཐོགས་ན་ལན་བདུན་པ། རིགས་ནས་རིགས་སུ་སྐྱེ་བ་གཉིས་སོ། །དང་པོ་ནི། ཁྱད་པར་གསུམ་དང་ལྡན་པ་སྟེ། སྤངས་པའི་ཁྱད་པར་འདོད་པའི་སྒོམ་སྤང་གཏན་མ་སྤངས་པ། འབྲས་བུའི་ཁྱད་པར་འབྲས་བུ་ཙམ་ལ་གནས་པ། སྐྱེ་བའི་ཁྱད་པར་འདོད་པའི་ལྷ་དང་མིར་སྐྱེ་བ་ལན་བདུན་བླངས་ནས་བདུན་པ་ལ་སྡུག་བསྔལ་གྱི་ཐ་མ་མངོན་དུ་བྱེད་པའོ། །དེ་ལྟར་ཡང་། འབྲས་གནས་སྒོམ་སྤང་བྱ་མ་ཟད། །དེ་ལྟར་ཐོགས་ནས་ལན་བདུན་པ། །ཞེས་སོ། །འདི་ལ་བྱེ་བྲག་སྨྲ་བ་དག་མིར་སྐྱེ་སྲིད་ལན་བདུན། བར་སྲིད་ལན་བདུན། འདོད་པའི་ལྷར་སྐྱེ་སྲིད་ལན་བདུན་འདོད་པ་ལྟར། བར་སྲིད་ལན་བདུན་ཏེ། སྐྱེ་བ་ཉི་ཤུ་རྩ་བརྒྱད་ལེན་མོད་ཀྱི་བདུན་ཚན་དུ་འདྲ་བའི་ཕྱིར་ལན་བདུན་པ་ཞེས་བྱ་སྟེ། དཔེར་ན་ཤིང་འདབ་མ་བདུན་པ་དང་། གནས་བདུན་ལ་མཁས་པའི་དགེ་སློང་བཞིན་ནོ་ཞེས་ཟེར། མདོ་སྡེ་པ་རྣམས་ནི། མདོ་ལས། གང་ཟ ག་ལྟ་བ་ཕུན་སུམ་ཚོགས་པ་སྲིད་པ་བརྒྱད་འགྲུབ་པ་གནས་མེད་དེ་ཞེས་གསུངས་པ་དང་། ལྷ་དང་མི་རྣམས་ཀྱི་ནང་དུ་ལན་བདུན་ཞེས་སྤྱིར་གསུངས་པས། དེ་ནི་མི་རིགས་ཞེས་ཟེར། འདི་ལ་བརྗོད་པར་བྱ་བ་ལ་མང་སྟེ། རེ་ཞིག་བཞག་གོ །

གཉིས་པ་རིགས་ནས་རིགས་སུ་སྐྱེ་བ་ལ་ཡང་ཁྱད་པར་གསུམ་སྟེ། སྤངས་པའི་ཁྱད་པར་ནི། འདོད་པའི་སྒོམ་སྤང་གསུམ་མམ་བཞི་སྤངས་ཤིང་ལྔ་པ་མ་སྤངས་པའོ། །སྐྱེ་བའི་ཁྱད་པར་འདོད་པའི་ལྷའམ་མི་གང་རུང་དུ། སྐྱེ་བ་རིགས་མཐུན་གཉིས་སམ་གསུམ་བླངས་ནས་མྱ་ངན་ལས་འདས་པའོ། །གཉེན་པོའི་ཁྱད་པར་སྤངས་པ་དེ་དག་གི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པའོ། །དེ་ལྟར་ཡང་རྣམ་གསུམ་རྣམ་བཞི་ལས་གྲོལ་བ། །ཚེ་གཉིས་གསུམ་དུ་རིགས་ནས་རིགས། །ཞེས་པ་ལྟར་རོ། །དེ་ལ་འདོད་པའི་ཉོན་མོངས་པ་གསུམ་པ་ངེས་པར་སྤང་དགོས་ཏེ། གཞན་དུ་ན་འདོད་པའི་ཉོན་མོངས་པ་ཆེན་པོ་ལུས་པས་སྐྱེ་བ་བཞི་པ་སོགས་འགྲུབ་པ་མ་བཀག་པའི་ཕྱིར་སྐྱེ་བའི་ཁྱད་པར་མི་འགྲུབ་པར་འགྱུར་བའི་ཕྱིར་རོ།།དེ་ལྟར་འདོད་པའི་ཉོན་མོངས་པ་ཆེན་པོ་མ་སྤངས་པ་ལ་ནི། སྐྱེ་བ་རིགས་མཐུན་བདུན་ཚུན་ཆད་འགྲུབ་པའི་ནུས་པ་ཡོད་དེ། དཔེར་ན་དེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་བཞིན་ནོ། །འབྲིང་མ་སྤངས་པ་ལ་ནི། གསུམ་ཕན་ཆད་འགྲུབ་པའི་ནུས་པ་ཡོད་དེ། རིགས་ནས་རིགས་སྐྱེ་བཞིན་ནོ། །ཆུང་ངུ་མ་སྤངས་པ་ནི། སྐྱེ་བ་གཅིག་འགྲུབ་པའི་ནུས་པ་ཡོད་དེ། ལན་ཅིག་ཕྱིར་འོང་བཞིན་ནོ། །དེའི་ཕྱིར་འདོད་པའི་ཆེན་པོ་གསུམ་མ་སྤངས་ན། སྐྱེ་བའི་ཁྱད་པར་མི་འགྲུབ་བོ། །བཞི་པ་སྤངས་སམ། མ་སྤངས་ཀྱང་བླ། ལྔ་པ་སྔར་མ་སྤངས་ཤིང་ཚེ་དེ་ལ་གཏན་མི་སྤོང་བ་ཞིག་དགོས་ཏེ། དེ་སྤངས་ན་དྲུག་པ་ཡང་གདོན་མི་ཟ་བར་སྤོང་བས་ལན་ཅིག་ཕྱིར་འོང་དུ་འགྱུར་བའི་ཕྱིར། སྐྱེ་བའི་ཁྱད་པར་འགྲུབ་པར་འགྱུར་རོ། །དྲུག་པས་ནི་དགུ་པ་བཞིན་དུ་ཁམས་ལས་འདའ་མི་དགོས་པས་ཚེ་དེ་ལ་འབྲས་བུ་ཐོབ་པ་ལ་དགེག་བྱེད་མི་ནུས་སོ། །སྐྱེ་བ་རིགས་མཐུན་གཉིས་ངེས་པར་ལེན་དགོས་ཏེ། གཞན་དུ་ན། རིགས་ནས་རིགས་ཞེས་པ་རྒྱུད་པའི་ཚིག་གི་དོན་མི་རུང་བའི་ཕྱིར་དང་། ཉོན་མོངས་པ་འབྲིང་མ་སྤངས་པས་སྐྱེ་བ་གསུམ་ཚུན་ཆད་འགྲུབ་པའི་ནུས་པ་ཡོད་པའི་ཕྱིར་རོ། །གསུམ་པ་ལེན་ནམ། མི་ལེན་ཡང་རུང་། བཞི་པ་ཕན་ཆད་ལེན་པ་མི་སྲིད་དེ། ཉོན་མོངས་པ་ཆེན་པོ་གསུམ་སྤངས་པས་བཞི་པ་ཕན་ཆད་འགྲུབ་པ་མེད་པའི་ཕྱིར་རོ། །གཉེན་པོ་ཟག་མེད་ཀྱི་དབང་པོ་མ་ཐོབ་པའི་སྤངས་པ་ནི། སླར་ཉམས་པ་སྲིད་ལ་སྤངས་པ་ཉམས་ན་སྐྱེ་བའི་ཁྱད་པར་ཡང་མི་འགྲུབ་པས། དེའི་ཕྱིར་གཉེན་པོའི་ཁྱད་པར་ཟག་མེད་ཀྱི་དབང་པོ་ཐོབ་པ་རྣམ་པར་བཞག་གོ །དེ་ལ་གང་ཟག་གི་ལྷ་རྣམས་ཀྱི་ནང་དུ་བདེན་པ་མཐོང་བ་དེ་ནི། ལྷའི་རིགས་ནས་རིགས་སུ་སྐྱེས་ནས་མྱ་ངན་ལས་འདའ། མི་རྣམས་ཀྱི་ནང་དུ་བདེན་པ་མཐོང་བ་དེ་ནི། མིའི་རིགས་ནས་རིགས་སུ་སྐྱེས་ནས་མྱ་ངན་ལས་འདའོ། །དེའི་ཕྱིར་འདི་ལ་ལྷའི་རིགས་ནས་རིགས་སུ་སྐྱེ་བ་དང་། མིའི་རིགས་ནས་རིགས་སུ་སྐྱེ་བ་རྣམ་པ་གཉིས་སུ་དབྱེའོ། །འདི་ནི་འབྲས་བུ་ཁྱད་པར་ཅན་གྱི་ལམ་ལ་གནས་པའི་ཕྱིར་འབྲས་བུ་ཕྱི་མ་ལ་ཞུགས་པར་རྣམ་པར་བཞག་གོ །གསུམ་པ་ས་མཚམས་ནི། མཐོང་ལམ་སྐད་ཅིག་བཅུ་དྲུག་པ་ནས་བཟུང་སྟེ། འདོད་པའི་ཉོན་མོངས་དྲུག་པ་སྤོང་བའི་བར་ཆད་མེད་པའི་ལམ་ལ་གནས་པའི་བར་རོ། །གཉིས་པ་གཅིག་ཅར་བ་ལ་བཞི། མཚན་ཉིད། རྣམ་གཞག །དབྱེ་བ། ས་མཚམས་སོ། །དང་པོ་ནི། རྒྱུན་ཞུགས་གང་། ཁམས་གསུམ་གྱི་སྒོམ་སྤང་གིས་ཉོན་མོངས་རྣམས་རྣམ་པ་གཅིག་ཅར་སྤོང་བའོ། །གཉིས་པ་ལ། ཉོན་མོངས་སྤོང་ཚུལ། འབྲས་བུ་ཐོབ་ཚུལ། ཁུངས་ཀྱི་ལུང་དྲང་བ་གསུམ་གྱི་དང་པོ་ནི། ཀུན་ལས་བཏུས་སུ་གཅིག་ཅར་ངེས་པར་འབྱིན་པ་ནི། བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས་མི་ལྕོག་པ་མེད་པ་ལ་བརྟེན་ནས། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཁམས་གསུམ་པའི་ཉོན་མོངས་པ་རྣམས་རྣམ་པ་གཅིག་ཅར་སྤོང་སྟེ། འདི་ནི་རྒྱུན་དུ་ཞུགས་པ་དང་། དགྲ་བཅོམ་པའི་འབྲས་བུ་གཉིས་ལ་གདགས་སོ་ཞེས་གསུངས་པ་ལྟར་ཤེས་པར་བྱ་སྟེ། འདི་ཡང་དུས་ནམ་གྱི་ཚེ། ས་གང་ལ་བརྟེན་ནས། ལམ་གང་གིས། ཚུལ་ཇི་ལྟར། དེ་ལྟར་སྤོང་ནུས་པའི་རྒྱུ་མཚན། འབྲས་བུ་གང་ལ་གདམས་པ་རྣམས་ཀྱིས་ཤེས་པར་བྱའོ། །དང་པོ་ནི། བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས་ཞེས་འབྱུང་བས། མཐོང་ལམ་ཐོབ་ནས་ཏེ། བྱིས་པས་ཁམས་གསུམ་གའི་ཉོན་མོངས་པ་སྤོང་བར་མི་ནུས་པས་སོ། །གཉིས་པ་ནི། བསམ་གཏན་དང་པོའི་ཉེར་སྡོགས་མི་ལྕོགས་པ་མེད་པ་ལ་བརྟེན་ནས་ཏེ། འདིས་ཁམས་གསུམ་གའི་ཉོན་མོངས་ཐམས་ཅད་སྤོང་ནུས་པའི་ཕྱིར་དང་། ས་གཞན་རྣམས་འདོད་པའི་སྒོམ་སྤང་གི་གཉེན་པོར་མི་རུང་བའི་ཕྱིར་རོ། །གསུམ་པ་ནི། བདེན་པའི་མཚན་ཉིད་ལ་དམིགས་པར་འཇིག་རྟེན་ལས་འདས་པའི་ལམ་སྟེ། འཇིག་རྟེན་པ་ནི། ཞི་རགས་ཀྱི་རྣམ་པ་ཅན་ཡིན་པས་རང་ས་དང་གོང་སའི་གཉེན་པོ་མི་བྱེད་པའི་ཕྱིར་རོ། །བཞི་པ་ནི། ཁམས་གསུམ་གྱི་སྒོམ་སྤང་གིས་ཉོན་མོངས་རྣམས་ས་དགུའི་བྱེ་བྲག་གིས་མ་ཕྱེ་བར་ཆེ་འབྲིང་གི་རྣམ་དགུར་ཕྱེ་ནས་སྤོངས་ཏེ། གང་གི་ཚེ་ཉོན་མོངས་པ་ཆེན་པོའི་ཆེན་པོ་སྤངས་པ་ན། འདོད་པ་ནས་སྲིད་རྩེའི་བར་གྱི་ཆེན་པོའི་ཆེན་པོ་ཐམས་ཅད་སྤོང་ལ། ཆུང་ངུའི་ཆུང་ངུ་སྤངས་པ་ན་ཡང་འདོད་པ་ནས་སྲིད་རྩེའི་བར་གྱི་ཆུང་ངུའི་ཆུང་ངུ་རྣམས་སྤོང་བའི་ཚུལ་གྱིས་སོ། །ལྔ་པ་ནི། དེ་ལྟར་སྤོང་ནུས་པའི་རྒྱུ་མཚན། འདིར་ཁམས་གསུམ་གྱི་གཟུགས་སོགས་ཕུང་པོ་ཐམས་ཅད་ཁམས་དང་ས་སོ་སོར་མ་ཕྱེ་བར་འདི་ཐམས་ཅད་མི་རྟག་སྡུག་བསྔལ་བདག་མེད་དོ་ཞེས་གཅིག་ཏུ་བསྡུས་ནས་བསྒོམ་པར་བྱེད་ཀྱི་རིམ་པ་ལྟར་གོང་འོག་ལ་ཞི་རགས་ཀྱི་རྣམ་པས་སམ། ཁམས་གསུམ་གྱི་སྡུག་བསྔལ་སོགས་སོ་སོར་ཕྱེ་ནས་བསྒོམ་པར་མི་བྱེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་། སོར་མོའི་རྩེ་མོའི་མདོ་ལས། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། ཞེས་པ་ནས་རྣམ་པར་ཤེས་པའི་བར་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་ཞེས་རྒྱ་ཆེར་འབྱུང་བ་ནས། རྒྱང་རིང་བ་ནས་ཐག་ཉེ་བ་ཞེས་པའི་བར་དུ་དེ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་ཆ་གཅིག་དུ་བྱེད་དོ། །གཅིག་དུ་བཟླུམ་མོ་གཅིག་ཏུ་བསྡོམ་མོོ། །ཕུང་པོ་གཅིག་དུ་བྱེད་དོ། །ཆ་གཅིག་ཏུ་བྱས་ཤིང་ཕུང་པོ་གཅིག་གི་བར་དུ་བྱས་ནས་འདི་ལྟར་ཡང་དག་པར་སློབ་སྟེེ། འདི་ཐམས་ཅད་ནི་མི་རྟག་པ་འདི་ཐམས་ཅད་ནི་སྡུག་བསྔལ་བ་ཞེས་རྒྱ་ཆེར་གསུངས་སོ། །དྲུག་པ་ནི། ཇི་སྐད་བཤད་པའི་སྤང་བྱ་སྤོང་ཚུལ་དེ་ནི་རྒྱུན་ཞུགས་དང་། དགྲ་བཅོམ་པའི་འབྲས་བུ་གཉིས་ལ་བཞག་སྟེ། བདེན་པ་མངོན་པར་རྟོགས་ནས་ཇི་སྲིད་སྒོམ་སྤང་མ་ལུས་པ་མ་སྤངས་པ་དེ་སྲིད་དུ་རྒྱུན་དུ་ཞུགས་པ་ཡིན་ལ། སྒོམ་སྤང་མ་ལུས་པ་སྤངས་པ་ན་ནི་དགྲ་བཅོམ་པ་ཡིན་པས་སོ། །བར་པ་གཉིས་ལ་ནི། འདི་མི་རུང་སྟེ། དེ་གཉིས་ནི་བདེན་པ་མངོན་པར་རྟོགས་ནས་འདོད་པའི་སྒོམ་སྤང་གི་ཉོན་མོངས་པ་ཕལ་ཆེར་སྤངས་པ་དང་མ་ལུས་པ་སྤངས་པས་རབ་དུ་ཕྱེ་བའི་ཕྱིར་རོ། །གཉིས་པ་འབྲས་བུ་ཐོབ་ཚུལ་ནི། ཀུན་ལས་བཏུས་སུ། ཕལ་ཆེར་མཐོང་བའི་ཆོས་སམ་འཆི་བའི་དུས་ཀྱི་ཚེ་ཀུན་ཤེས་པ་ཐོབ་པར་བྱེད་དོ། །གལ་ཏེ་མི་བྱེད་ན་ཡང་། སྨོན་ལམ་གྱི་སྟོབས་ཅན་ཡིན་པས་སྨོན་ལམ་གྱི་དབང་གིས་འདོད་པ་ཁམས་སུ་སྐྱེ་སྟེ། སངས་རྒྱས་འབྱུང་བ་མེད་པ་ན་རང་རྒྱལ་བར་འགྱུར་རོ། །ཞེས་སོ། གསུམ་པ་ཁུངས་ཀྱི་ལུང་ནི། རྣམ་པར་འབྱེད་པའི་མདོ་ལས། རྒྱུན་ཞུགས་ཀྱི་འོག་དུ་དགྲ་བཅོམ་པའི་འབྲས་བུ་རྣམ་པར་བཞག་པ་ནི། གཅིག་ཅར་ངེས་པར་འབྱིན་པའི་དབང་དུ་བྱས་པས་ཡིན་ཏེ། གཞན་དུ་ན། རྒྱུན་ཞུགས་ཀྱི་འོག་ཏུ་དགྲ་བཅོམ་པ་འཇོག་པ་མི་འཐད་པའི་ཕྱིར་རོ། །

གཞན་ཡང་སྔར་དྲངས་པའི་སོར་མོའི་རྩེ་མོའི་མདོ་ཉིད་ཀྱང་འདིའི་ཁུངས་ཡིན་ནོ། །གསུམ་པ་དབྱེ་བ་ནི། འབྲས་གནས་ཙམ་པོ་དང་། ཁྱད་པར་ཅན་གཉིས་སོ། །གཉིས་པ་ནི། དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ཡིན་ནོ། །བཞི་པ་ས་མཚམས་ནི། བདེན་པ་མངོན་རྟོགས་སྐད་ཅིག་བཅུ་དྲུག་པ་ནས། སྒོམ་སྤང་ཆུང་ངུའི་ཆུང་ངུ་སྤོང་བའི་བར་ཆད་མེད་ལམ་ལ་གནས་པའི་བར་རོ། །

ཟུང་གཉིས་པ་ཕྱིར་འོང་གི་སྐོར་ལ། ཞུགས་པ་དང་། གནས་པ་གཉིས་ཀྱི་དང་པོ་ལ་གསུམ་གྱི་དང་པོ། མཚན་ཉིད་ནི། ཕལ་ཆེར་ལ་འདོད་ཆགས་དང་བྲལ་བས་རབ་དུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་ལམ་ལ་བརྩོན་པ་གཉིས། དབྱེ་བ་ནི། མཐར་གྱིས་པ་དང་། ཐོད་རྒལ་བའི་ཕྱིར་འོང་ཞུགས་པ་གཉིས་སོ། །དང་པོ་ལ་དད་མོས་དང་མཐོང་ཐོབ་གཉིས། གཉིས་པ་ལ་དད་པའི་རྗེས་འབྲང་དང་། ཆོས་ཀྱི་རྗེས་འབྲང་གཉིས་སོ། །གསུམ་པ་ས་མཚམས་ནི། མཐར་གྱིས་པའི་ཞུགས་པ་ལ་གཉིས་ནི། འདོད་པའི་སྒོམ་སྤང་དང་པོ་སྤོང་བའི་སྦྱོར་ལམ་ནས། དྲུག་པ་སྤོང་བའི་བར་ཆད་མེད་ལམ་གྱི་བར་རོ། །ཐོད་རྒལ་བའི་ཞུགས་པ་གཉིས་ནི། རྒྱུན་ཞུགས་ཞུགས་པ་ལྟར་ཏེ། སྒོམ་སྤང་དྲུག་པ་ནས། བརྒྱད་པའི་བར་སྤངས་པ་ནི་ཁྱད་པར། གཉིས་པ་འབྲས་གནས་ལ་གསུམ་གྱི་དང་པོ་མཚན་ཉིད་ནི། ཕལ་ཆེར་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གྱི་ཚུལ་གྱི་འབྲས་བུ་ལ་གནས་པའོ། །ཅིའི་ཕྱིར་ལན་ཅིག་ཕྱིར་འོང་བ་ཞེས་བྱ་ཞེ་ན། འདོད་པའི་ཉོན་མོངས་པ་ཕལ་ཆེར་སྤངས་པས་འདོད་པར་ལྷ་མིའི་སྐྱེ་བ་རིགས་མཐུན་གྱི་ལྷག་མ་གཅིག་ལུས་པའི་ཕྱིར་རོ། །འདོད་པའི་ལྷར་ལན་ཅིག །མིར་ལན་ཅིག་སྟེ་སྐྱེ་བ་གཉིས་ལེན་སྲིད་ཀྱང་། རིགས་མཐུན་ལན་གཉིས་ལེན་མི་སྲིད་པའི་ཕྱིར། ལན་ཅིག་ཕྱིར་འོང་ཞེས་བྱའོ། །གཉིས་པ་དབྱེ་བ་ལ། འབྲས་བུ་ཐོབ་ཚུལ་གྱིས་དབྱེ་ན། མཐར་གྱིས་པ་དང་། ཐོད་རྒལ་བ་གཉིས་སོ། །དེ་དག་ནི་གོ་རིམ་བཞིན་དུ་སྒོམ་ལམ་གྱིས་ཐོབ་པ་དང་། མཐོང་ལམ་གྱིས་ཐོབ་པའི་ཕྱིར་འོང་གི་འབྲས་བུ་ལ་གནས་པའོ། །དང་པོ་ནི། འབྲས་བུ་མངོན་དུ་བྱེད་ཚུལ་གྱི་རིམ་པ་ལས་མ་འདས་པའི་ཕྱིར་མཐར་གྱིས་པ་ཞེས་བྱ་ལ། ཕྱི་མ་ནི། དེ་ལས་འདས་པའི་ཕྱིར་ཐོད་རྒལ་བ་ཞེས་བྱའོ། །གཞན་དག་ཕྱི་མ་ལ་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞེས་སྨྲ་བ་ནི། ཆགས་བྲལ་གྱི་ཐ་སྙད་ལ་མི་མཁས་པ་སྟེ། འདི་ལྟར། འདོད་པའི་ཉོན་མོངས་པ་གཅིག་གམ་གཉིས། སྤངས་པ་ནི་ཆ་ལས་འདོད་ཆགས་དང་བྲལ་བ་ཞེས་བྱ་ལ། གསུམ་སྤངས་པ་ན་ཕྱོགས་གཅིག་ལས་དང་། དྲུག་སྤངས་པ་ན་ཕལ་ཆེར་ལས་དང་། དགུ་པ་སྤངས་པ་ན་འདོད་པ་ལ་འདོད་ཆགས་དང་བྲལ་བ་ཞེས་པའི་མིང་ཐོབ་ཀྱི་ཇི་སྲིད་དུ་འདོད་པའི་ཉིན་མོངས་དགུ་པ་མ་སྤངས་པ་དེ་སྲིད་དུ་ཆགས་བྲལ་གྱི་མིང་མི་ཐོབ་པའི་ཕྱིར་རོ། །ཕྱིར་འོང་འབྲས་གནས་ཁྱད་པར་ཅན་བར་ཆད་གཅིག་པ་ནི་ཁྱད་པར་གསུམ་སྟེ། སྤངས་པའི་ཁྱད་པར་འདོད་པའི་ཉོན་མོངས་པ་བདུན་ནམ། བརྒྱད་པ་སྤངས་ཤིང་དགུ་པ་མ་སྤངས། སྐྱེ་བའི་ཁྱད་པར་འདོད་པར་སྐྱེ་བ་གཅིག་བླངས་ནས་མྱ་ངན་ལས་འདའ་བ། གཉེན་པོའི་ཁྱད་པར་སྤང་བྱ་དེ་དག་གི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པའོ། །དེ་ལ་རྣམ་པ་བདུན་པ་ངེས་པར་སྤང་དགོས་ཏེ། གཞན་དུ་ན་འདོད་པའི་ཉོན་མོངས་ཆུང་ངུ་གསུམ་མ་སྤངས་པས་ཕྱིར་འོང་གཞན་དང་འདྲ་བར་ཚེ་གཉིས་ལེན་སྲིད་པས་སྐྱེ་བའི་ཁྱད་པར་མི་འགྲུབ་པའི་ཕྱིར་རོ། །བརྒྱད་པ་སྤངས་སམ་མ་སྤངས་ཀྱང་རུང་དགུ་པ་ཚེ་དེ་ལ་གཏན་མི་སྤོང་བ་གཅིག་དགོས་ཏེ། དེ་ལྟ་མ་ཡིན་ན། ཕྱིར་མི་འོང་ཐོབ་པས་འདོད་པར་སྐྱེ་བ་མི་ལེན་པའི་ཕྱིར་རོ། །འདོད་པར་སྐྱེ་བ་གཅིག་ལེན་པའི་ནུས་པ་ཡོད་དེ། ཉོན་མོངས་པ་དགུ་པ་མ་སྤངས་པའི་ཕྱིར་རོ། །སྐྱེ་བ་གཅིག་ལས་ལྷག་པ་ལེན་པའི་ནུས་པ་མེད་དེ། ཆུང་ངུའི་ཆེན་པོ་སྤངས་པའི་ཕྱིར་དང་། དེ་མ་སྤངས་སུ་ཟིན་ཀྱང་སྐྱེ་བ་གཉིས་ལས་ལྷག་པ་ལེན་པའི་ནུས་པ་མེད་པའི་ཕྱིར་རོ། །གཉེན་པོའི་ཁྱད་པར་སྔར་བཞིན་ནོ། །དེ་ནི་ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་ལ་ཉོན་མོངས་པའི་རྣམ་པ་གཅིག་གིས་བར་དུ་ཆོད་པའི་ཕྱིར་རམ། མྱ་ངན་ལས་འདས་པ་ཐོབ་པ་ལ་ཚེ་གཅིག་གིས་བར་དུ་ཆོད་པའི་ཕྱིར་བར་ཆད་གཅིག་པ་ཞེས་བྱའོ། །བདུན་པ་སྤངས། བརྒྱད་པ་མ་སྤངས་པ་ན། རྣམ་པ་གཉིས་ཀྱི་བར་དུ་ཆོད་པ་མ་ཡིན་ནམ། ཇི་ལྟར་ན། བར་ཆད་གཅིག་པ་ཞེས་བྱ་ཞེ་ན། བརྒྱད་པ་མ་སྤངས་ཀྱང་དེས་བར་དུ་གཅོད་མི་ནུས་ཏེ། ཚེ་དེ་ལ་སྤོང་ནུས་པའི་ཕྱིར་རོ། །དགུ་པས་ནི། ཚེ་དེར་ཕྱིར་མི་འོང་ཐོབ་པ་ལ་གེགས་བྱེད་ནུས་ཏེ། དེ་སྤངས་ནས། ཁམས་ལས་འདའ་དཀའ་བའི་ཕྱིར་དང་། གཟོད་ཕྱིར་མི་འོང་དགྲ་བཅོམ་ཐོབ་པ་ལ་བགེགས་ཤིན་ཏུ་བྱེད། ཅེས་པ་ལྟར། གནས་སྐབས་གསུམ་དུ་ལས་བགེགས་བྱེད་པ་བཞིན་དུ་ཉོན་མོངས་པ་དག་ཀྱང་བགེགས་བྱེད་པའི་ཕྱིར་རོ། །གསུམ་པ་ས་མཚམས་ནི། ཐོད་རྒལ་བ་བདེན་པ་ལ་མངོན་རྟོགས་སྐད་ཅིག་བཅུ་དྲུག་པ་ནས་དང་། མཐར་གྱིས་པ་དྲུག་པ་སྤངས་པའི་རྣམ་གྲོལ་ནས་དགུ་པའི་བར་ཆད་མེད་ལམ་གྱི་བར་རོ། །

ཟུང་གསུམ་པ་ཕྱིར་མི་འོང་གི་སྐོར་ལ་ཞུགས་པ་དང་། གནས་པ་གཉིས་ཀྱི་དང་པོ་ལ་གསུམ་གྱི་དང་པོ་མཚན་ཉིད་ནི། ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་ལམ་ལ་བརྩོན་པ། དབྱེ་བ་ཕྱིར་འོང་དང་འདྲ། ས་མཚམས་ནི་ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་ཞུགས་པ་གཉིས་ཀྱི་ས་མཚམས་ཐོད་རྒལ་བའི་ཕྱིར་འོང་ཞུགས་པ་དང་འདྲ་ལ། འདོད་པའི་དགུ་པ་ནས་ཅི་ཡང་གི་དགུ་པའི་བར་མཐོང་ལམ་གྱིས་སྔར་སྤངས་པ་ནི་ཁྱད་པར་རོ། །མཐར་གྱིས་པའི་ཞུགས་པ་གཉིས་ནི་བདུན་པ་སྤོང་བའི་སྦྱོར་ལམ་ནས་དགུ་པའི་བར་ཆད་མེད་ལམ་གྱི་བར་ལ་གནས་པའོ། །འབྲས་གནས་ལ་གསུམ་གྱི་མཚན་ཉིད་ནི། ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་གནས་པའོ། །ཐ་མའི་ཆ་མཐུན་ལྔ་ནི། ཀུན་སྦྱོར་གསུམ་དང་འདོད་པ་ལ་བདུན་པ་དང་། གནོད་སེམས་སོ། །དང་པོ་གསུམ་ནི། འགྲོ་བ་ཐ་མ་སོ་སྐྱེའི་རྒྱུ་ཡིན་པའི་ཕྱིར་དང་། ཐ་མ་གཉིས་ནི། ཁམས་ཐ་མ་འདོད་ཁམས་ཀྱི་རྒྱུ་ཡིན་པས་དེའི་ཕྱིར་ཐ་མའི་ཆ་དང་མཐུན་པ་ཞེས་བྱའོ། །ཅིའི་ཕྱིར། ཕྱིར་མི་འོང་ཞེས་བྱ་ཞེ་ན། འདོད་པར་སླར་མི་སྐྱེ་བའི་ཕྱིར་རམ། སྐྱེ་བའི་སྐྱེ་བ་ཆད་དེ་དེར་སྐྱེ་བ་གཉིས་པ་མི་ལེན་པའི་ཕྱིར་རོ། །གཉིས་པ་དབྱེ་བ་ལ་འབྲས་བུ་ཐོབ་ཚུལ་གྱིས་ཕྱེ་ན་མཐར་གྱིས་པ་དང་། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གཉིས། འཕགས་ཆོས་བརྟེན་ཚུལ་གྱིས་ཕྱེ་ན། འདོད་པར་ཚེ་ཡོངས་སུ་གྱུར་པ་དང་། མ་གྱུར་པའི་ཕྱིར་མི་འོང་གཉིས། དང་པོ་ནི། འདོད་པར་འཕགས་ལམ་སྐྱེ་བ་བརྒྱུད་མར་བརྟེན་ནས་ཕྱིར་མི་འོང་ཐོབ་པ་སྟེ། དེ་ནི་སྐྱོ་བ་ཤས་ཆེ་བའི་ཕྱིར། ཕྱིར་མི་འོང་ཐོབ་པའི་ཚེ་དེ་ཉིད་ལ་མྱ་ངན་ལས་འདའ་སྟེ། མཛོད་དུ། འདོད་པ་ཚེ་ཡོངས་གྱུར་པའི་འཕགས། ཁམས་གཞན་དུ་ནི་འགྲོ་བ་མེད། །ཅེས་སོ། །འདི་མཐོང་ཆོས་ཞི་དང་མི་འདྲ་སྟེ། འཕགས་ལམ་ཐོབ་པའི་ཚེ་དེ་ལ་མྱང་འདས་མངོན་སུམ་དུ་མ་བྱས་པའི་ཕྱིར་རོ། །གཉིས་པ་ནི། འཕགས་ལམ་ཐོབ་པའི་ཚེ་དེ་ཉིད་ལ་ཕྱིར་མི་འོང་ཐོབ་པ་སྟེ། དེ་ལ་བཞི། གཟུགས་སུ་ཉེར་འགྲོ། གཟུགས་མེད་དུ་ཉེར་འགྲོ། མཐོང་ཆོས་ཞི། ལུས་མངོན་བྱེད་རྣམས་སོ། །དང་པོ་ལ། མཚན་ཉིད་དང་། དབྱེ་བ་གཉིས་ཀྱི་དང་པོ་ནི། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གི་གང་ཟག་གི་གཟུགས་ཀྱི་བར་སྲིད་དམ་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བ། གཉིས་པ་ལ་ལྔའི་དང་པོ་བར་མ་དོར་མྱ་ངན་ལས་འདའ་བ་ནི། གཟུགས་སུ་སྐྱེ་བའི་ཀུན་སྦྱོར་སྤངས་ལ། མངོན་པར་འགྲུབ་པའི་ཀུན་སྦྱོར་མ་སྤངས་པས་གཟུགས་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའོ། །དེ་ཡང་རྣམ་པ་གསུམ་སྟེ། དཔེར་ན། ཞོགས་མའི་མེ་སྟག་འཕར་མ་ཐག་འཆི་བ་ལྟར། བར་སྲིད་གྲུབ་མ་ཐག་མྱ་ངན་ལས་འདའ་བ་དང་། ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་བཞིན་པ་འཆི་བ་ལྟར། བར་སྲིད་ཀྱི་ཚེ་དཀྱིལ་དུ་མྱ་ངན་ལས་འདའ་བ་དང་། ཆ ཚ་ཡར་བ་ས་ལ་མ་ལྷུང་ཙམ་ན་འཆི་བ་ལྟར། བར་སྲིད་ཀྱི་ཚེ་ཞུགས་དུ་མྱ་ངན་ལས་འདའ་བའོ། །འདི་དག་ནི་ལྷག་མེད་དུ་མྱ་ངན་ལས་འདའ་བ་ཡིན་ཏེ། བར་སྲིད་ནི་སྐྱེ་སྲིད་ཚོལ་བའི་ངང་ཚུལ་ཅན་ཡིན་པས་སྐྱེ་སྲིད་ལ་འདུན་པ་དང་བྲལ་བ་ན་འཆི་བར་འགྱུར་ལ། དགྲ་བཅོམ་པ་ན་སྐྱེ་སྲིད་ལ་འདུན་པ་དང་བྲལ་བས་ལུས་འགགས་པར་འགྱུར་བའི་ཕྱིར་རོ། །ཡང་ན་བར་སྲིད་ནི། དུས་ཐུང་ངུར་གནས་པས་མྱུར་བར་ལྷག་མེད་དུ་འཇུག་པའི་ཕྱིར་ལྷག་མེད་དུ་འདའ་ཞེས་བྱའོ། །གཟུགས་སུ་ཉི་འགྲོ་རྣམས་ཀྱི་ནང་ནས་འདི་དག་མངོན་འགྲུབ་ཀྱི་ལས་ཅན། དབང་པོ་རྣོ་བ་ཉོན་མོངས་ཆུང་ངུ་ཅན་ཡིན་ནོ། །གཉིས་པ་སྐྱེས་འདའ་བ་ནི། སྐྱེ་བ་དང་མངོན་འགྲུབ་ཀྱི་ཀུན་སྦྱོར་གཉིས་ཀ་མ་སྤངས་པས་་གཟུགས་ཀྱི་སྐྱེ་སྲིད་གྲུབ་ཙམ་ན། ལམ་མངོན་དུ་བྱས་ཏེ་མྱང་འདས་ཐོབ་པའོ། །གསུམ་པ་འདུ་བྱེད་དང་བཅས་པ་ནི་གཞན་སྔ་མ་དང་འདྲ་ཞིང་འབད་རྩོལ་གྱིས་ལམ་མངོན་དུ་བྱས་ནས་མྱ་ངན་ལས་འདའ་བའོ། །བཞི་པ་མངོན་པར་འདུ་བྱེད་མེད་པ་ནི། གོམས་པའི་དབང་གིས་འབད་པ་མེད་པར་ལམ་མངོན་དུ་བྱས་ནས་མྱང་འདས་ཐོབ་པའོ། །འདི་གསུམ་ནི་སྐྱེས་ནས་མྱོང་འགྱུར་གྱི་ལས་ཅན་དང་། དབང་པོ་དང་ཉོན་མོངས་པ་འབྲིང་དུ་གནས་པའོ། །འདི་དག་ནི། ཉོན་མོངས་པ་སྤངས་པ་ན་ལྷག་བཅས་སུ་འདའི་ཇི་སྲིད་ཚེའི་འཕེན་པ་མ་ཟད་པ་དེ་སྲིད་དུ་མི་འཆི་བའི་ཕྱིར་ལྷག་མེད་དུ་མ་ཡིན་ནོ། །ལྔ་པ་གོང་འཕོ་ལ་མཚན་ཉིད། དབྱེ་བ། རྒྱུ་སྤེལ་སྒོམ་བཤད་པ་དང་གསུམ་གྱི་དང་པོ་ནི། ཕྱིར་མི་འོང་གང་གཟུགས་སུ་སྐྱེ་ན་རྒྱུད་ནས། འོག་མིན་ནམ་སྲིད་རྩེའི་རྟེན་ལ་མྱ་ངན་ལས་འདའ་བར་རུང་བ། དེ་ལ་གོང་ནི་འོག་མིན་དང་སྲིད་རྩེའི་སྟེ། གོ་རིམ་བཞིན་དུ། གཟུགས་ཅན་དང་། སྲིད་པའི་སྤངས་མཐར་ཡིན་པས་སོ། །འཕོ་བ་ནི། དེར་སྐྱེ་བ་བརྒྱུད་ནས་འགྲོ་བའོ། །གཉིས་པ་ནི། རྒྱུའི་སྒོ་ནས་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་དང་། སྲིད་རྩེའི་མཐར་ཐུག་པར་འགྲོ་བ་གཉིས་ཏེ། གང་ཟག་གི་ལྷག་མཐོང་སྤྱོད་པ་དེ་ནི་ཟག་བཅས་ཟག་མེད་ཀྱི་བསམ་གཏན་སྤེལ་མར་བསྒོམས་པས་འོག་མིན་དུ་འགྲོ་ལ། ཞི་གནས་སྤྱོད་པ་དེ་ནི། ཇི་ལྟར་རྒྱུད་ལ་སྐྱེས་པའི་བསམ་གཏན་གྱི་རོ་མྱངས་པས་ཚངས་ཆེན་དང་འོག་མིན་མ་གཏོགས་པ་གཟུགས་གཟུགས་མེད་ཀྱི་གནས་གཞན་རིམ་གྱིས་རྒྱུད་དེ་སྲིད་རྩེེར་འགྲོ་བར་བྱེད་དོ། །དེ་དག་གི་མཚན་ཉིད་ནི་གོ་རིམ་བཞིན་དུ། གཟུགས་སུ་སྐྱེ་བ་བརྒྱུད་དེ་འོག་མིན་གྱི་རྟེན་ལ་མྱ་ངན་ལས་འདའ་རུང་བ་དང་། སྲིད་རྩེའི་རྟེན་ལ་མྱ་ངན་ལས་འདའ་རུང་བ་ཞེས་སྦྱར་རོ། །འདི་གཉིས་པར་ནི། གདོན་མི་ཟ་བར་འོག་མིན་དང་། སྲིད་རྩེར་འགྲོ་བའི་ངེས་པ་མེད་དེ། བར་སྐབས་སུ་ཡང་མྱ་ངན་ལས་འདར་རུང་བའི་ཕྱིར་རོ། །དེ་ལྟ་ན་ཡང་དེ་ཕན་ཆད་དུ་འགྲོར་མེད་པའི་ཕྱིར་དེ་སྐད་ཅེས་བྱ་སྟེ། རྒྱུན་དུ་ཞུགས་པ་དེ་ལྟར་ཐོགས་ན་ལན་བདུན་པ་བཞིན་ནོ། །ཅིའི་ཕྱིར་དེ་ཕན་ཆད་དུ་མི་འགྲོ་ཞེ་ན། འོག་མིན་གྱི་གོང་ན་འཕགས་པའི་གནས་གཞན་མེད་པའི་ཕྱིར་དང་། སྲིད་རྩེའི་གོང་ན་ས་གཞན་མེད་པའི་ཕྱིར་རོ། །འདི་དག་ནི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཅན་དང་། དབང་པོ་རྟུལ་པོ་དང་། ཉོན་མོངས་པ་ཆེན་པོ་ཅན་ཡིན་ནོ། །དེ་ལ་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་ནི་གསུམ་སྟེ། འཕར་བ་དང་། ཕྱེད་དུ་འཕར་བ་དང་། གནས་ཐམས་ཅད་དུ་འཆི་འཕོ་བའོ། །དང་པོ་ནི། འདིར་བསམ་གཏན་བཞི་པ་སྤེལ་མར་བསྒོམས་པས་དང་པོའི་རོ་མྱངས་པས་གཉིས་པ་ཡན་ཆད་ལས་ཉམས་ཏེ། ཕྱི་མ་ལ་ཚངས་རིས་སུ་སྐྱེས་ནས་དེར་སྔོན་གོམས་པའི་སྟོབས་ཀྱིས་བཞི་པ་སྤེལ་མར་བསྒོམས་པས་དེའི་འོག་དུ་འོག་མིན་དུ་སྐྱེས་ཏེ། མྱ་ངན་ལས་འདའ་བའོ། །གཉིས་པ་ནི། གཞན་སྔ་མ་དང་འདྲ་ཞིང་ཚངས་རིས་ནས་གནས་གཙང་མའི་འོག་མ་གསུམ་གང་རུང་དུ་སྐྱེས་ནས་དེའི་རྗེས་སུ་འོག་མིན་དུ་ཞུགས་ནས་མྱ་ངན་ལས་འདའ་བའོ། །གསུམ་པ་ནི། ཚངས་ཆེན་མ་གཏོགས་པ་གཟུགས་ཀྱི་གནས་གཞན་ཐམས་ཅད་རིམ་གྱིས་བརྒྱུད་དེ། མཐར་འོག་མིན་དུ་མྱ་ངན་ལས་འདའ་བའོ། །ཚངས་ཆེན་ནི་ལྟ་བའི་གནས་དང་། གཙོ་བོ་གཅིག་ཏུ་ཟད་པས་དེར་འཕགས་པ་མི་སྐྱེ་ལ། སྲིད་རྩེའི་མཐར་ཐུག་འགྲོ་ནི་རྒྱུ་བསམ་གཏན་སྤེལ་མར་མ་བསྒོམས་པས་གནས་གཙང་མ་རྣམས་སུ་ཡང་མི་སྐྱེའོ། །གསུམ་པ་ལ། གང་ཟག་གང་གིས། དགོས་པ་ཅིའི་དོན་དུ། སེམས་གང་ལ་བརྟེན་ནས། ཚུལ་ཇི་ལྟར་ན། བསྒོམས་པ་ལས་འབྲས་བུ་གང་འགྲུབ་པའོ། །དང་པོ་ནི། ཕྱིར་མི་འོང་ལུས་མངོན་བྱེད་དང་། དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་གྲོལ་གྱིས་བསྒོམ་མོ། །གཉིས་པ་ནི། དབང་པོ་རྟུལ་པོ་རྣམས་རོ་མྱང་གྱི་སྒྲིབ་པ་ཐམས་ཅད་ཐག་སྲིད་བར་བྱ་བའི་ཕྱིར་དང་། རྣོན་པོ་རྣམས་མཐོང་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་དང་། ཕྱིར་མི་འོང་དག་གནས་གཙང་མར་སྐྱེ་བར་བྱ་བའི་ཕྱིར་ཡང་བསྒོམ་པར་བྱེད་ལ་དགྲ་བཅོམ་པ་སྐྱེ་བའི་ཕྱིར་མི་བསྒོམ་མོ། །ཇི་སྐད་དུ། སྐྱེད་དང་གནས་པར་བྱ་ཕྱིར་དང་། །ཉོན་མོངས་པས་ནི་འཇིགས་ཕྱིར་དང་། །ཞེས་སོ། །གསུམ་པ་ནི། དང་པོར་བསམ་གཏན་བཞི་པའི་སེམས་ལ་བརྟེན་ནས་བསྒོམ་སྟེ། དེ་ནི་སེམས་ལས་སུ་རུང་བའི་མཆོག་ཉིད་ཀྱིས་སླ་བའི་ཕྱིར་རོ། །ཕྱིས་ནི་བསམ་གཏན་དང་གཟུགས་མེད་གཞན་དག་དང་ཡང་སྤེལ་ལོ། །དང་པོར་བཞི་པ་སྤེལ་བར་བྱེད། །ཅེས་སོ། །བཞི་པ་ནི། ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་། ཤིན་ཏུ་ཆེན་པོ་དང་། ཆེས་ཤིན་ཏུ་ཆེན་པོ་རྣམ་པ་ལྔར་བསྒོམ་སྟེ། དེ་ལ་དང་པོ་ཆུང་ངུར་བསྒོམ་པ་ནི་བསམ་གཏན་བཞི་པ་ཟག་མེད་ལ་སྙོམས་པར་འཇུག །དེ་འོག་དུ་ཟག་བཅས་ལ། དེའི་འོག་དུ་ཟག་མེད་གསུམ་དུ་སྤེལ་ལོ། །ཚུལ་དེ་དྲུག་དང་། དགུ་དང་། བཅུ་གཉིས་དང་། བཅོ་ལྔར་སྤེལ་བ་ནི་འབྲིང་ལ་སོགས་པར་ཤེས་པར་བྱའོ། །བྱེ་བྲག་སྨྲ་བ་དག་ནི་ཟག་བཅས་དང་ཟག་མེད་སྐད་ཅིག་རེ་རེེར་སྤེལ་ནུས་པ་ན་འགྲུབ་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་སངས་རྒྱས་ལས་གཞན་པས་མི་ནུས་པའི་ཕྱིར། ཟག་བཅས་དང་ཟག་མེད་ཀྱི་སེམས་རྒྱུན་ལྡན་པ་འདོད་རྒུར་སྙོམས་པར་འཇུག་ནུས་པ་ན་འགྲུབ་པ་ཡིན་ནོ། །དེ་ཡང་སྦྱོར་བ་གཅིག་གིས་ཟག་བཅས་ཟག་མེད་ཀྱི་སེམས་གསུམ་མངོན་དུ་བྱེད་ནུས་པ་ན། ཆུང་ངུ་འགྲུབ་ལ། སྦྱོར་བ་གཅིག་གིས་སེམས་བཅྭོ་ལྔ་མངོན་དུ་བྱེད་ནུས་པ་ན་ཆེས་ཤིན་ཏུ་ཆེན་པོ་འགྲུབ་པ་ཡིན་ནོ་ཞེས་སོགས་ཤེས་པར་བྱའོ། །ལྔ་པ་ནི། རྒྱུ་ཆུང་ངུར་ཡོངས་སུ་བསྒོམས་པ་ལ་སོགས་པ་ལྔ་པོ་དེ་དག་ལས་གོ་རིམ་བཞིན་དུ། འབྲས་བུ་མི་ཆེ་བ་ནས་འོག་མིན་གྱི་བར་གྱི་གནས་གཙང་མའི་སྐྱེ་བ་ལྔ་འགྲུབ་སྟེ། ཇི་སྐད་དུ། དེ་ནི་རྣམ་པར་ལྔའི་ཕྱིར། །གནས་གཙང་སྐྱེ་བ་ལྔ་ཁོ་ན། །ཞེས་སོ། །འདིར་གནས་གཙང་མ་རྣམས་སུ་སྐྱེ་བའི་ལས་དེ་སྔོན་སོ་སོ་སྐྱེ་བོའི་དུས་ན་བསོག་གམ། འོན་ཏེ་འཕགས་པའི་རྟེན་ལ་བསོག །དང་པོ་མི་རིགས་ཏེ། སོ་སྐྱེ་ལ་ཟག་མེད་སྤེལ་སྒོམ་མེད་པའི་ཕྱིར། གཉིས་པ་ཡང་མི་རིགས་ཏེ། བདེན་པ་མཐོང་བ་ཡང་སྲིད་ཀྱི། ལས་སོག་པ་མེད་པས་སོ་ཞེ་ན། འདི་ནི་སྔོན་སོ་སོ་སྐྱེ་བོའི་དུས་ན་བསམ་གཏན་བཞི་པ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བསགས་པ་དེ་ཉིད་འཕགས་པ་ཐོབ་ནས་སྤེལ་སྒོམ་གྱིས་གནས་གཙང་མར་སྐྱེ་བའི་རྒྱུར་འགྱུར་པར་བྱེད་པ་ཡིན་ནོ། །དེས་ན་བདེན་པ་མཐོང་བ་ལ་འཕེན་པ་ཡོད་པ་ཡང་མི་འགྱུར་ཏེ། སྤེལ་སྒོམ་ནི། གནས་གཙང་མངོན་པར་འགྲུབ་བྱེད་ཡིན་གྱི་འཕེན་བྱེད་མ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་བསམ་གཏན་བཞི་པའི་ལས་དེ་མི་གཡོ་བའི་ལས་མ་ཡིན་པར་འགྱུར་ཏེ་རྣམ་སྨིན་གཡོས་པས་སོ་ཞེ་ན། སྐྱོན་མེད་དེ། གནས་གཙང་རྣམས་ནི་བཞི་པའི་ས་པ་ཡིན་པས་རྣམ་སྨིན་ས་གཞན་དུ་གཡོས་པ་མེད་པས་སོ། །གཉིས་པ་གཟུགས་མེད་ཉེ་འགྲོ་ལ་མཚན་ཉིད་དང་། དབྱེ་བ་གཉིས་ཀྱི་དང་པོ་ནི། གཟུགས་ལ་འདོད་ཆགས་དང་བྲལ་བའི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་ཟག་གི་གཟུགས་མེད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ། གཉིས་པ་ནི། གཟུགས་མེད་ལ་བར་སྲིད་མེད་པས་བར་མ་དོར་མྱང་འདས་མ་གཏོགས་པ་སྐྱེ་འདའ་བ་སོགས་བཞིའོ། །འདིའི་གོང་འཕོ་ལ་འཕར་གསུམ་གྱི་དབྱེ་བ་མེད་དེ། ཞི་གནས་ལ་སྤྱོད་པ་ཡིན་པས་འཕང་བ་སོགས་བྱེད་མི་ནུས་སོ། །གསུམ་པ་མཐོང་ཆོས་ཞི་ནི། འཕགས་ལམ་སྐྱེས་པའི་ཚེ་དེ་ཉིད་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར་མི་འོང་། རྒྱུན་ཞུགས་དང་ཕྱིར་འོང་དག་ལ་ཡང་འཕགས་ལམ་ཐོབ་པའི་ཚེ། དེ་ཉིད་ལ་མྱང་འདས་མངོན་དུ་བྱེད་པ་ཡོད་པ་མ་ཡིན་ནམ། ཅིའི་ཕྱིར་དེ་དག་ལ་ཡང་མཐོང་ཆོས་ཞི་རྣམ་པར་མ་བཞག་ཅེ་ན། དེ་དག་ནི་ཚེ་དེ་ལ་མྱང་འདས་མངོན་དུ་བྱེད་པ་སྲིད་པ་ཙམ་དུ་ཟད་ཀྱི་གདོན་མི་ཟ་བ་མ་ཡིན་ནོ། ཁམས་གསུམ་གའི་ཀུན་སྦྱོར་དང་བཅས་པའི་ཕྱིར་དང་། འབྲས་བུ་གསུམ་མམ་གཉིས་གང་རུང་ཞིག་མངོན་དུ་བྱ་དགོས་པའི་ཕྱིར་རོ། །རྒྱུ་མཚན་དེ་ཉིད་ཀྱིས་ན། དེ་དག་ལ་བར་མ་དོར་འདའ་བ་ཡང་མ་བཞག་སྟེ། བར་སྲིད་ནི་དུས་ཐུང་ངུར་གནས་པས། སྤང་བྱ་དུ་མ་སྤོང་བ་དང་། འབྲས་བུ་དུ་མ་མངོན་དུ་བྱེད་པའི་བྱ་བ་མི་རྫོགས་པས་སོ། །གཟུགས་གཟུགས་མེད་དུ་ཉེར་འགྲོ་ཡང་མ་བཞག་སྟེ། འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་དེ་དག་ཏུ་སྐྱེ་བའི་ངེས་པ་མེད་པའི་ཕྱིར་རོ། །ལུས་མངོན་བྱེད་ནི། སློབ་པ་རྣམ་ཐར་བརྒྱད་དང་ལྡན་པའོ། ཁ་ཆེ་བ་རྣམས་ཞི་བ་མྱང་འདས་དང་འདྲ་བའི་འགོག་པ། སེམས་མེད་པའི་ལུས་ཀྱིས་མངོན་སུམ་དུ་བྱས་པའི་ཕྱིར་རོ་ཞེས་ཟེར་རོ། །སློབ་དཔོན་དབྱིག་གཉེན། འགོག་པ་ལས་ལངས་ནས་འདི་སྙམ་དུ་སྐྱེ་བ་འགོག་པའི་སྙོམས་འཇུག་ནི། མྱ་ངན་ལས་འདས་པ་དང་འདྲ་བར་ཞི་བ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་བ་རྣམ་ཤེས་དང་བཅས་པའི་ལུས་ཞི་བ་སྔོན་མ་ཐོབ་པ་ཐོབ་པའི་ཕྱིར་རོ། །ཞེས་འཆད་དོ། །འཕགས་པ་ཐོགས་མེད་རྣམ་ཐར་བརྒྱད་ལུས་ཀྱིས་མངོན་སུམ་དུ་བྱས་པས་སོ། །ཞེས་འཆད་དོ། །གསུམ་པ་ས་མཚམས་ནི། མཐར་གྱིས་པ་ནི། འདོད་ཉོན་དགུ་པའི་རྣམ་གྲོལ་ལམ་ནས། སྲིད་རྩེའི་དགུ་པ་སྤེལ་བའི་བར་ཆད་མེད་ལམ་ལ་གནས་ཀྱི་བར་ཡིན་ལ། ཆགས་བྲལ་སྔོན་སོང་བདེན་པ་མངོན་རྟོགས་སྐད་ཅིག་བཅུ་དྲུག་པ་ནས་བཞག་གོ །

ཟུང་བཞི་པ་དགྲ་བཅོམ་གྱི་སྐོར་ལ་ཞུགས་གནས་གཉིས་ཀྱི་དང་པོ་ལ་གསུམ་གྱི་མཚན་ཉིད་ནི། གོང་མའི་ཆ་མཐུན་ལྔ་སྤངས་པས། རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པ། གཉིས་པ་དབྱེ་བ་ནི། མཐར་གྱིས་པ་དང་གཅིག་ཅར་བའི་དགྲ་བཅོམ་ཞུགས་པ་གཉིས། དང་པོ་ལ་དད་མོས་དང་། མཐོང་ཐོབ་གཉིས་སོ། །གསུམ་པ་ས་མཚམས་ནི། མཐར་གྱིས་པའི་ཞུགས་པ་ཆགས་བྲལ་སྔོན་སོང་ཞིག་ཡིན་ན། སྒོམ་སྤང་ལྷག་མ་སྤོང་བའི་སྦྱོར་བ་ལ་བརྩོན་པ་ནས་བཟུང་ལ། གཞན་ནི་བསམ་གཏན་དང་པོའི་ཉོན་མོངས་སྤོང་བའི་སྦྱོར་བ་ནས་སྲིད་རྩེའི་དགུ་པའི་བར་ཆད་མེད་ལམ་གྱི་བར་རོ། །གཅིག་ཅར་བའི་ཞུགས་པ་ནི། གཅིག་ཅར་བའི་རྒྱུན་ཞུགས་ཁྱད་པར་ཅན་བཞིན་ནོ། །གཉིས་པ་འབྲས་གནས་ལ། གསུམ་གྱི་དང་པོ་མཚན་ཉིད་ནི། གོང་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུར་གནས་པའོ། །གོང་མའི་ཆ་མཐུན་ལྔ་ནི། གཟུགས་གཟུགས་མེད་ཀྱི་འདོད་ཆགས་དང་རྒོད་པ་དང་། ང་རྒྱལ་དང་། རྨོངས་པ་རྣམས་ཏེ། དེ་དག་ནི་ཁམས་གོང་མ་གཉིས་ཀྱི་རྒྱུ་ཡིན་པའི་ཕྱིར། དེ་སྐད་ཅེས་བྱའོ། །ཅིའི་ཕྱིར་དགྲ་བཅོམ་པ་ཞེས་བྱ་ཞེ་ན། ཉོན་མོངས་པ་མ་ལུས་པ་སྤངས་པས་ཆགས་བཅས་ཐམས་ཅད་ཀྱིས་མཆོད་པར་འོས་པའི་ཕྱིར་རོ། །

གཉིས་པ་དབྱེ་བ་ལ་སྤང་བྱ་ལས་ངེས་པར་འབྱུང་ཚུལ་གྱིས་དབྱེ་ན། མཐར་གྱིས་པ་དང་། གཅིག་ཅར་བ་གཉིས། དང་པོ་ནི། ས་དགུ་ལ་རིམ་གྱིས་འདོད་ཆགས་དང་བྲལ་བས་ཐོབ་པའི་དགྲ་བཅོམ་པ། གཉིས་པ་ནི། ཁམས་གསུམ་གྱི་ཉོན་མོངས་པ་རྣམས་རྣམ་པས་གཅིག་ཅར་སྤངས་པས་ཐོབ་པའི་དགྲ་བཅོམ་པའོ། །དབང་པོའི་སྒོ་ནས་ཕྱེ་ན་དྲུག་སྟེ། ཡོངས་སུ་ཉམས་པའི་ཆོས་ཅན། བདག་གསོད་པའི་ཆོས་ཅན། རྗེས་སུ་སྲུང་བའི་ཆོས་ཅན། གནས་པ་ལས་མི་སྐྱོད་པའི་ཆོས་ཅན། རྟོགས་པའི་འོས་སུ་གྱུར་པའི་ཆོས་ཅན། མི་གཡོ་བའི་ཆོས་ཅན་རྣམས་སོ། །དབང་པོ་རྟུལ་པོ་སྔོན་ལམ་གྱི་གནས་སྐབས་སུ་སྦྱོར་བ་གཉིས་དང་མི་ལྡན་པ་འདོད་ཡོན་གྱིས་དབེན་སྤྱོད་རུང་མ་སྤྱོད་རུང་གསོད་ཀྱང་མཐོང་ཆོས་ལ་བདེ་གནས་ཀྱི་བསམ་གཏན་ལས་ཉམས་པར་འགྱུར་བའོ། །གཉིས་པ་གཞན་རྣམས་སྔ་མ་དང་འདྲ་ལ། རང་གིས་རང་སྲོག་བཅད་ན་ཉམས་པར་མི་འགྱུར་བའོ། །གསུམ་པ་ནི། སྔོན་རྒྱུན་དུ་སྦྱོར་བ་དང་ལྡན་པས་འདོད་ཡོན་ལ་སེམས་བསྲུང་ན་ཉམས་པར་མི་འགྱུར་བའོ། །བཞི་པ་སྔོན་གུས་སྦྱོར་དང་ལྡན་པས་འདོད་ཡོན་གྱིས་སྤྱོད་རུང་ཉམས་པར་མི་འགྱུར་ལ། དབང་པོ་རྟུལ་པོ་རྣོན་པོར་སྦྱོར་བར་མི་ནུས་པས་སོ། །ལྔ་པ་ནི། སྔོན་སྦྱོར་བ་གཉིས་ལྡན་དུ་བསྒོམ་པས། འདོད་ཡོན་གྱིས་སྤྱོད་ཀྱང་ཉམས་པར་མི་འགྱུར་ལ། དབང་པོ་རྟུལ་པོ་རྣོན་པོར་སྦྱོར་ནུས་པས་སོ། །དྲུག་པ་ནི། སྔོན་སྦྱོར་བ་གཉིས་ལྡན་དུ་བསྒོམ་པས་འདོད་ཡོན་གྱིས་སྤྱོད་ཀྱང་ཉམས་པར་མི་འགྱུར་ལ། རང་བཞིན་གྱིས་དབང་པོ་རྣོ་བས་དབང་པོ་སྦྱར་མི་དགོས་པའོ། །དང་པོ་ལྔ་དད་མོས་སྔོན་དུ་འགྲོ་བ་ཅན་ཡིན་ལ། ཕྱི་མ་ནི་མཐོང་བས་ཐོབ་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ། །ཡང་དང་པོ་ལྔ་ནི། མཐོང་ཆོས་ལ་བདེ་གནས་ཀྱི་སེམས་རྣམ་གྲོལ་མངོན་དུ་བྱེད་པ་ཏིང་ངེ་འཛིན་སྐྱེ་བ་དང་རྗེས་སུ་མཐུན་པའི་ཡོ་བྱད་དང་། ནད་མེད་པ་དང་། ཡུལ་ཁྱད་པར་བ་ལ་ལྟོས་པའི་ཕྱིར་རོ། །རྣམ་གྲོལ་དུས་དང་སྦྱོར་བ་ཞེས་བྱ་ལ། ཕྱི་མ་ནི། རང་ཉིད་ཀྱིས་འདོད་རྒུར་ཏིང་ངེ་འཛིན་མངོན་དུ་གྱུར་པའི་ཕྱིར་སེམས་ཀྱི་རྣམ་གྲོལ་མངོན་དུ་བྱེད་པ་དུས་དང་མི་སྦྱོར་བ་ཞེས་བྱའོ། །ཡང་ན་མཐོང་ཆོས་ལ་བདེ་གནས་ཀྱི་བསམ་གཏན་ལས་ཡོངས་སུ་ཉམས་སྲིད་པ་དང་། མ་ིསྲིད་པའི་སྒོ་ནས་དུས་གཞན་གྱི་བར་དང་། གཏན་དུ་རྣམ་པར་གྲོལ་བའི་ཕྱིར་རིམ་པ་ལྟར། དུས་ཀྱི་རྣམ་པར་གྲོལ་བ་དང་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ཡིན་ནོ། །ཡོངས་སུ་ཉམས་པ་ཞེས་པ་བྱེ་བྲག་སྨྲ་བ་འབྲས་བུ་ལས་ཉམས་པར་འདོད་ཀྱང་། འདིར་ནི་མཐོང་ཆོས་ལ་བདེ་གནས་ཀྱི་བསམ་གཏན་ཙམ་ལས་ཉམས་པ་ཡིན་གྱི། འབྲས་བུ་ལ་མ་ཡིན་ཏེ། རྣམ་འགྲེལ་ལས། འཚེ་བ་མེད་དང་ཡང་དག་དོན། །རང་བཞིན་ལས་ནི་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་བཟློག་སྟེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་པས་རིགས་པས་འཕགས་པའི་སྤངས་པ་ནི། ལེགས་པར་སྤངས་པ་ཡིན་པས་སླར་མི་ལྡོག་པའི་ཕྱིར་རོ། །གཞན་དུ་ན་ཐར་པ་ལ་ཡིད་བརྟན་དུ་མེད་པར་འགྱུར་རོ། །མཛོད་འགྲེལ་དུ། ཡོངས་སུ་ཉམས་པའི་ཆོས་ཅན་ཡང་གདོན་མི་ཟ་བར་ཉམས་པར་འགྱུར་བ་མ་ཡིན་ལ་རྟོགས་པའི་སྐལ་བ་ཅན་གྱི་བར་དུ་ཡང་རྟོགས་པར་འགྱུར་བ་མ་ཡིན་གྱི་སྲིད་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ལྟར་བྱས་ནས་ཁམས་གསུམ་ཆར་ན་ཡང་དགྲ་བཅོམ་པ་དྲུག་ཡོད་དུ་རུང་ངོ་། །གང་དག་གིས་གདོན་མི་ཟ་བར་ཡོངས་སུ་ཉམས་པར་འགྱུར་བ་ནས། མངོན་པར་རྟོགས་པའི་བར་དུ་འགྱུར་བ་དེ་དག་གི་ལྟར་ན། འདོད་པའི་ཁམས་ན་ནི་དྲུག་ལ། གོང་མ་གཉིས་ན་གནས་ལས་མི་བསྐྱོད་པ་མི་གཡོ་བའི་ཆོས་ཅན་གཉིས་ཏེ། དེ་གཉིས་ན་ཡོངས་སུ་ཉམས་པ་དང་། འཆི་བར་སེམས་པ་དང་། དབང་པོ་འཕོ་བ་མི་སྲིད་པའི་ཕྱིར་རོ་ཞེས་བཤད་དོ། །གསུམ་པ་ས་མཚམས་ནི། སྲིད་རྩེའི་རྣམ་གྲོལ་ལམ་ཟད་མི་སྐྱེ་ཤེས་པ་ནས་ལྷག་མེད་ཀྱི་མྱང་འདས་སུ་མ་ཞུགས་ཀྱི་བར་རོ། །

གཉིས་པ་མཚོན་བྱའི་དོན་ལ་བཞི། འཇོག་ཚུལ་གྱི་མཚན་ཉིད་ལ་དཔྱད་པ། དབྱེ་གཞི་གང་ལ་ཉི་ཤུར་ཇི་ལྟར་ཕྱེ་བ། དངོས་བཏགས་ཀྱི་ཁྱད་པར། ས་མཚམས་ལ་དཔྱད་པའོ། །དང་པོ་ནི། གཞན་དག་མདོའི་སྒྲ་ཇི་བཞིན་པའི་རྗེས་སུ་འབྲངས་ནས་འདི་དག་གིས་མཚན་ཉིད་འཇོག་པར་བྱེད་པ་ནི་མི་རིགས་ཏེ། སློབ་དཔོན་དང་འཕགས་པ་གཉིས་ཀས་འདི་དག་ཕལ་ཆེ་བའི་མཚན་ཉིད་སྤངས་པའི་སྒོ་ནས་རྣམ་པར་བཞག་པའི་ཕྱིར་དང་། མདོའི་སྒྲས་ཟིན་ལ་སྤངས་པས་ཁྱད་པར་མིག་གསལ་བའི་ཕྱིར་རོ། །ཡང་སྔོན་གྱི་ཁྱུང་ལ་སོགས་པ་གཟུང་འཛིན་གྱི་རྟོག་པ་སྤངས་པ་ཉན་ཐོས་དང་ཆ་འདྲ་བས་འཇོག་གོ་ཞེས་ཟེར་བ་ཡང་མ་ཡིན་ཏེ། འཕགས་པས་ཕྱིར་འོང་དང་། ཕྱིར་མི་འོང་ལ་འབྲས་བུ་ཐོད་རྒལ་བའི་རྣམ་གཞག་མཛད་པའི་ཕྱིར་དང་། མཐོང་ལམ་གྱི་སྔར་གཟུང་འཛིན་གྱི་རྣམ་རྟོག་སྤོང་བར་མི་རིགས་པའི་ཕྱིར་རོ། །དེ་བས་ན། འདི་དག་གི་མཚན་ཉིད་ཉོན་མོངས་པའི་སྒྲིབ་པ་སྤངས་པ་དང་གཉེན་པོའི་བྱེ་བྲག་གིས་རྣམ་པར་བཞག་སྟེེ། སློབ་དཔོན་གྱིས་དེ་ལྟར་མཛད་པའི་ཕྱིར་རོ། །གལ་ཏེ་ཀུན་ལས་བཏུས་ལས། བྱང་ཆུབ་སེམས་དཔའ་རྣམས་ནི་ས་བཅུ་དག་དུ་སྒོམ་པའི་ལམ་ལ་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཉིད་དུ་ལམ་བསྒོམ་པར་བྱེད་ཀྱི། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ཉིད་དུ་ནི་མ་ཡིན་ནོ་ཞེས་བཤད་པ་མ་ཡིན་ནམ། ཇི་ལྟར་ན་ཉོན་སྒྲིབ་ཀྱིས་སྤངས་པའི་སྒོ་ནས་རྣམ་པར་འཇོག་ཅེ་ན། བདེན་མོད་ཀྱི་འོན་ཀྱང་། འདིར་དེ་ལྟར་རྣམ་པར་བཞག་པ་ནི། ཉོན་སྒྲིབ་གཉིས་བྱང་སེམས་ཀྱི་སྤང་བྱའི་གཙོ་བོ་ཡིན་པའི་དབང་གིས་བཞག་པ་མ་ཡིན་གྱི། དགོས་དབང་གིས་རྣམ་པར་བཞག་པའི་ཕྱིར་རོ། །འདིར་དགོས་པ་གང་ཞེ་ན། མདོ་ལས་གསུངས་པའི་བྱང་སེམས་རྣམས་ལ་རྗེ་བཙུན་གྱིས་ཞུགས་གནས་ཀྱི་མིང་གི་སྒོ་ནས་ཐ་སྙད་ཀྱིས་བསྟན་བཅོས་སུ་བསྡུས་པ་ནི། ཐ་སྙད་ཟོར་ཡང་བར་བྱ་བའི་ཕྱིར་ཡིན་ལ། རྩ་བའི་ཐ་སྙད་དང་མཐུན་པས་འགྲེལ་པས་དེའི་དོན་བཤད་པ་ཡིན་པས་སོ། །བྱང་སེམས་རྣམས་ཀྱིས་ཉོན་སྒྲིབ་གཙོ་བོར་མི་སྤོང་ཡང་དེ་དག་ལ་ཉོན་སྒྲིབ་ཀྱི་སྤོང་གཉེན་གྱི་རིམ་པ་ཉོན་སྒྲིབ་ཀྱི་སྤོང་གཉེན་གྱི་རིམ་པ་ཉན་ཐོས་དང་མཐུན་པ་མེད་པ་ནི་མ་ཡིན་ཏེ། འདི་ལྟར། བྱང་སེམས་ཤེས་སྒྲིབ་གཙོ་བོར་སྤངས་པའི་ཞར་ལ་ཉོན་སྒྲིབ་སྤོང་བའི་ཕྱིར་དང་། ཤེས་སྒྲིབ་སྤོང་བ་ན་ཡང་འདོད་པ་ལ་སོགས་པ་ས་དགུ་པོ་དག་ལ་རེ་རེ་ཞིང་གཟུང་འཛིན་གྱི་རྣམ་པར་རྟོག་པ་ཆེ་འབྲིང་དགུར་ཕྱེ་ནས་སྤོང་བའི་ཕྱིར་དང་། གང་གི་ཚེ་འདོད་པ་ན་སྤྱོད་པའི་ཤེས་སྒྲིབ་གཟུང་འཛིན་གྱི་རྣམ་རྟོག་ཆེན་པོའི་ཆེན་པོ་སྤངས་པ་ན། དེའི་རྒྱུ་ཅན། ཉོན་མོངས་པ་ཆེན་པོའི་ཆེན་པོ་སྤོང་ལ། སྲིད་རྩེའི་གཟུང་འཛིན་གྱི་རྣམ་རྟོག་ཆུང་ངུའི་ཆུང་ངུ་སྤངས་པ་ན་དེའི་ཉོན་མོངས་པ་ཆུང་ངུའི་བར་དུ་སྤོང་བར་འགྱུར་བས་སོ། །དེ་ལྟར་བྱས་ན་ཀུན་ལས་བཏུས་སུ། བྱང་སེམས་ཀྱིས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་གཅིག་ཅར་སྤོང་བ་དང་། གཅིག་ཅར་དགྲ་བཅོམ་པ་དང་། ངེས་པར་འགྱུར་བར་བཤད་པ་དང་། ཉི་སྣང་དུ། སྲིད་རྩེའི་ཉོན་མོངས་པ་བརྒྱད་པ་སྤངས་པ་དགྲ་བཅོམ་འབྲས་ཞུགས་སུ་བཞག་ནས། ས་བཅུ་ལ་ནི། བྱང་སེམས་དེའང་སངས་རྒྱས་ཁོ་ནར་བརྗོད་པར་བྱ་སྟེ། ཞེས་པ་ཁུངས་སུ་དྲངས་ནས། དེ་ཉིད་ས་བཅུ་པར་བཤད་པ་ཡང་ལེགས་པར་བཤད་པར་འགྱུར་རོ། །དེ་བས་ན། བྱང་སེམས་རྣམས་ཀྱང་ཉན་ཐོས་དང་འདྲ་བའི་རྒྱུན་ཞུགས་སོགས་ཀྱི་ཐ་སྙད་འཇུག་པའི་རྒྱུ་མཚན་ཉིད་ཡོད་ལ། འདིར་དེ་དག་ལ་ཞུགས་གནས་ཀྱི་མིང་གིས་བསྟན་ཅིང་དེའི་དོན་རྣམ་པར་བཞག་པ་ནི། སྐབས་འདིར་མིང་གི་ཐ་སྙད་མེད་པའི་བྱང་སེམས་མང་པོ་ཞིག་མདོ་ལས་གསུངས་པའི་དེ་རྣམས་བདེ་བླག་དུ་རྟོགས་པའི་དོན་དུ་ཐ་སྙད་ཡང་བའི་དགོས་པར་གཟིགས་ནས་མཛད་པ་ཡིན་ནོ། །གཉིས་པ་ལ་དབྱེ་གཞི། སྐྱེས་བུ་ཆེན་པོ་བདུན་པོ། རང་སངས་རྒྱས་དང་བརྒྱད་པོའམ། ཡང་ན་བྱང་སེམས་སློབ་པ་ཕྱིར་མི་ལྡོག་པ་ཙམ་མོ། །ཉི་ཤུར་ཕྱེ་ཚུལ་ནི། ཤནྟི་པ་དང་། བུདྡྷ་ཤྲཱིིས་བསྟན་བཅོས་ཀྱི་སྒྲས་ཟིན་བཞིན་འཆད་ལ། འབྲེ་ལ་སོགས་པ་བོད་ཁ་ཅིག་ཀྱང་དེ་དག་དང་མཐུན་པར་འཆད་མོད། སློབ་དཔོན་དང་འཕགས་པ་གཉིས་ཀ་དང་མི་མཐུན་པའི་ཕྱིར་ཡིད་བརྟན་དུ་མི་རུང་ངོ་། །ལེའུ་བརྒྱད་མ་ལས་གཞུང་གིས་ཟིན་པ་ཉི་ཤུ་དང་། བརྒྱད་པ་དང་། འབྲས་གནས་དང་པོ་གསུམ་དང་། དགྲ་བཅོམ་འབྲས་ཞུགས་རྣམས་ཀྱི་མདོ་ཉི་ཤུ་རྩ་ལྔ་འབྱུང་ལ། དེ་ལ་འཕགས་པས་གཞུང་གི་འོག་མིན་འགྲོ་ནས། སྲིད་རྩེའི་མཐར་ཐུག་འགྲོའི་བར་ལྔ་པོ་གོང་དུ་འཕོ་ཞེས་པ་གཅིག་དུ་བགྲང་ཞིང་བརྒྱད་པ་དང་། འབྲས་གནས་བར་པ་གཉིས། དགྲ་བཅོམ་ཞུགས་པ་དང་བཅས་པ་བཞི་བསྣན་ནས་ཉི་ཤུར་འཆད་དོ། །སློབ་དཔོན་གྱིས་བརྒྱད་པ་རྗེས་འབྲང་གཉིས་ཀྱི་དབྱེ་གཞི་དང་། ཕྱིར་མི་འོང་འབྲས་གནས་ཙམ་པོ། འོག་མིན་འགྲོ་ནས་ལུས་མངོན་བྱེད་བར་གྱིས་དབྱེ་གཞི་དང་། འོག་མིན་འགྲོ་འཕགས་གསུམ་གྱི་དབྱེ་གཞི་ཡིན་པས་དེ་དག་དུ་འདུ་བར་དགོངས་ནས་གྲངས་འཛིན་དུ་མ་བགྲང་། རིགས་སྐྱེ་གཉིས་དང་། བར་ཆད་གཅིག་པ་རྒྱུན་ཞུགས་དང་། ཕྱིར་འོང་གི་ཁྱད་པར་ཡིན་པས་དེ་དག་གིས། དེ་གཉིས་ཀྱི་འབྲས་གནས་ཙམ་པོ་མ་བསྡུས་པས་རྒྱུན་ཞུགས་དང་ཕྱིར་འོང་གི་འབྲས་གནས་དང་། དགྲ་བཅོམ་འབྲས་ཞུགས་གསུམ་ཁ་བསྐང་ལ། མངོན་པ་ཀུན་ལས་བཏུས་སུ་གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་མ་བཤད་པ་དང་། བྱང་སེམས་གཟུགས་མེད་ཁམས་སུ་སྐྱེ་བ་དོན་དུ་མི་གཉེར་བས། གཟུགས་མེད་ཉེར་འགྲོ་དང་སྲིད་རྩེའི་མཐར་ཐུག་འགྲོ་མཚན་ཉིད་པ་བྱང་སེམས་ལ་མི་འཐད་པར་དགོངས་ནས་སྲིད་རྩེའི་མཐར་ཐུག་འགྲོ་དང་། གཟུགས་ཀྱི་ཆགས་བཅོམ་གཅིག་ཏུ་བསྡུས་ཏེ། མཐོང་ཆོས་ཞི་དང་ལུས་མངོན་བྱེད་ཀྱི་དབྱེ་གཞིར་མཛད་ནས་ལོགས་སུ་མ་བགྲང་ངོ། །དད་མོས་མཐོང་ཐོབ་གཉིས་ཀྱང་གྲངས་འཛིན་མ་ཡིན་གྱིས། འབྲས་བུ་བར་པ་གཉིས་ཀྱི་ཞུགས་པ་ཡིན་པས་ཞུགས་པ་གཉིས་གྲངས་སུ་བགྲང་ངོ་། །འཕགས་པ་རྗེས་འབྲང་གཉིས་ཕྱིར་འོང་དང་། ཕྱིར་མི་འོང་ཐོད་རྒལ་བའི་ཞུགས་པར་བཞག་ལ། དད་མོས་མཐོང་ཐོབ་གཉིས་མཐར་གྱིས་པའི་ཞུགས་པར་མཛད་དོ། །གསུམ་པ་ནི། འདི་དག་ནི་རྒྱུན་ཞུགས་སོགས་མཚན་ཉིད་པ་ཡིན་ནམ། འོན་ཏེ་བཏགས་པ་བ་ཡིན་ཞེ་ན། ཤནྟི་པ་བཏགས་པར་བཞེད་ཅིང་། དེང་སང་བོད་ཕལ་ཆེ་བ་ཡང་དེ་དང་མཐུན་པར་འཆད་དེ། འདོགས་པའི་རྒྱུ་མཚན་ཡང་རྟོགས་པ་འགའ་ཞིག་ཆ་འདྲ་བ་ཙམ་དང་། དགོས་པ་དགེ་འདུན་དཀོན་མཆོག་དུ་ཡིད་ཆེས་པར་བྱ་བའི་དོན་དང་། གནོད་པ་ཅན་གྱི་ཚད་མ་བྱང་ཆུབ་སེམས་པར་བཤད་པའི་ཕྱིར་ཟེར་རོ། །དེ་ནི་མི་རིགས་ཏེ། བཏགས་པའི་དགོས་པ་དང་། གནོད་བྱེད་ཀྱི་ཚད་མ་ཇི་སྐད་བཤད་པ་དེ་དག་ཡང་དག་པར་ཡིན་པའི་ཕྱིར་རོ། །འདི་ལྟ་སྟེ། རེ་ཤིག་བཏགས་པའི་དགོས་པ་མི་འགྲུབ་ཏེ། གལ་ཏེ་བྱང་སེམས་དེ་དག་ལ་རྒྱུན་ཞུགས་སོགས་ཀྱི་དོན་མེད་ན། མིང་ཙམ་བཏགས་པས་དགེ་འདུན་དུ་ཡིད་ཆེས་པར་འགྱུར་བའི་གང་ཟག་རྨོངས་པ་དེ་སུ་ཞིག་ཡིན། གལ་ཏེ་ཉན་རང་གི་རིགས་ཅན་དག་ཡིན་ཏེ། དེ་དག་ནི་གང་ཟག་ཟུང་བཞི་ཡ་བརྒྱད་ཁོ་ན་དགེ་འདུན་དུ་མངོན་པར་འདོད་པས་སོ་ཞེ་ན། མི་རིགས་ཏེ། དོན་མེད་པའི་མིང་ཙམ་བཏགས་པས། དེ་དག་ཀྱང་ཡིད་ཆེས་པར་མི་འགྱུར་བའི་ཕྱིར་དང་། དེ་དག་གིས་བྱང་སེམས་དགེ་འདུན་དཀོན་མཆོག་དུ་ཡིད་མ་ཆེས་ཀྱང་རང་གི་འདོད་པའི་དོན་མི་འགྲུབ་པའི་ཉེས་པ་ལྕི་ཡང་མེད་པའི་ཕྱིར་དང་། སྐབས་འདིའི་དགེ་འདུན་དཀོན་མཆོག་ནི་བྱང་སེམས་ཁོ་ནའི་དབང་དུ་བྱས་པ་ཡིན་པའི་ཕྱིར་རོ། །བྱང་སེམས་ཀྱི་དབང་དུ་བྱས་ནས་དེ་ལྟར་བསྟན་པ་ཡང་མི་རིགས་ཏེ། དེ་དག་ལ་ནི་ཞུགས་གནས་ཀྱི་ཐ་སྙད་མ་བཏགས་ཀྱང་བྱང་སེམས་འཕགས་པ་རྣམས་ལ་དགེ་འདུན་དུ་ཡིད་མི་ཆེད་པའི་དགོས་པ་མེད་པའི་ཕྱིར་རོ། །དེ་བས་ན། ཇི་སྐད་དུ། བརྡ་སྤྲོད་པའི་གཞུང་ལས། དགོས་པ་མེད་པར་གཙོ་བོ་སྒྲ། །སྒྲ་དོན་ལས་འདི་སྦྱོར་མ་ཡིན། །ཞེས་བཤད་པས། བཏགས་པའི་དགོས་པ་མི་འགྲུབ་པའི་ཕྱིར། བཏགས་པ་བར་མི་འགྲུབ་བོ། །བྱང་སེམས་ཉིད་ནི་རྒྱུན་ཞུགས་སོགས་ལ་གནོད་བྱེད་ཀྱི་ཚད་མར་ཡང་མི་འགྲུབ་སྟེ། བྱང་སེམས་ཉིད་ལ་བཅོམ་ལྡན་འདས་ཀྱི་ཕྱིར་མི་ལྡོག་འཁོར་ལོའི་མདོར་རྒྱུན་ཞུགས་སོགས་ཀྱི་རྣམ་གཞག་མཛད་པའི་ཕྱིར་དང་། ཉན་ཐོས་རྣམས་ལ་རྒྱུན་ཞུགས་སོགས་དངོས་མིང་དུ་འཇུག་པའི་རྒྱུ་ུམཚན་ཡང་། སངས་རྒྱས་ཀྱི་རྣམ་གཞག་མཛད་པ་ལས་གཞན་མེད་པའི་ཕྱིར། ཅི་སྟེ་ཕྱིར་མི་ལྡོག་འཁོར་ལོའི་མདོར་དེ་སྐད་གསུངས་པ་ནི། ཉན་ཐོས་རྣམ་ཐེག་ཆེན་ལ་བཞུགས་པའི་དོན་དུ་དགོངས་ཏེ་གསུངས་པ་ཡིན་ནོ་ཞེ་ན། ཁོ་བོས་བཟློག་ཏེ། སྨྲ་བར་བྱ་ཡི་རྣམ་པར་དཔྱོད་པ་ལྡན་པ་སུ་ཡིན་པས་ལན་ཐོབ་ཅིག །བཅོམ་ལྡན་འདས་ཀྱིས་དང་པོར་ཉན་ཐོས་ཀྱི་ཐེག་པར་རྒྱུན་ཞུགས་སོགས་ཀྱི་རྣམ་གཞག་མཛད་པ་ནི། གདུལ་བྱ་ཐེག་པ་གསུམ་ལ་རིམ་གྱིས་གཞུག་པའི་དོན་དུ་དགོངས་ཏེ་གསུངས་པ་ཡིན་གྱི་ཡང་དག་པར་ན་དེ་དག་ལ་རྒྱུན་ཞུགས་སོགས་མཚན་ཉིད་པ་མེད་དེ། རྒྱུན་ཞུགས་སོགས་ནི་མྱ་ངན་ལས་འདས་པ་ཐོབ་པའི་དགོས་པ་ཅན་ཡིན་ན། དེ་དག་ལ་མྱང་འདས་མཚན་ཉིད་པ་མེད་པའི་ཕྱིར་རོ། །གལ་ཏེ་རྒྱུན་ཞུགས་སོགས་མཚན་ཉིད་པ་ཡོད་ན། མྱང་འདས་མཚན་ཉིད་པ་ཡོད་པར་འགྱུར་ཞིང་། དེ་ལྟར་ན་མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་མི་ནུས་པར་འགྱུར་རོ། །གལ་ཏེ་མིང་གང་དོན་གང་ལ་ཐོག་མར་བརྡ་སྦྱར་བ་དེ་ལ་དངོས་མིང་དང་། ཕྱིས་དོན་གཞན་ལ་སྦྱར་བ་ན་བཏགས་མིང་དུ་འགྱུར་ཏེ། དཔེར་ན། རི་དྭགས་ཀྱི་རྒྱལ་པོ་དང་། བྲམ་ཟེ་ཁྱེའུ་ལ་སེང་གེ་ཞེས་བརྡ་བཏགས་པ་བཞིན་ནོ། །རྒྱུན་ཞུགས་སོགས་ཀྱི་མིང་ཡང་ཐུབ་པས་ཉན་ཐོས་ཀྱི་ཐེག་པར་ཐོག་མར་བརྡ་མཛད་ལ་བྱང་སེམས་རྣམས་ལ་ནི། ཕྱིས་བརྡ་སྦྱར་བའི་ཕྱིར། དེ་དག་ལ་དངོས་བཏགས་སུ་འཇུག་པར་རིགས་སོ་ཞེ་ན། དེ་ལྟ་ན་ཐེག་ཆེན་པ་ལ་ཆོས་དང་དགེ་འདུན་དཀོན་མཆོག་ཀྱང་བཏགས་པ་ཙམ་ལས་མེད་པར་འགྱུར་ཏེ། ཐོག་མར་ཉན་ཐོས་ཀྱི་ཐེག་པའི་མྱ་ངན་འདས་དང་གང་ཟག་བརྒྱད་ལ་ཆོས་དང་དགེ་འདུན་དཀོན་མཆོག་གི་བརྡ་མཛད་ནས་དེའི་འོག་དུ་ཐེག་ཆེན་ལ་དེ་དག་གི་རྣམ་གཞག་མཛད་པའི་ཕྱིར་རོ། །གལ་ཏེ་ཐེག་པ་ཆེ་ཆུང་གི་སྐྱབས་གནས་ཀྱི་མཚན་ཉིད་ཐ་དད་པས། ཐེག་ཆེན་པའི་འགོག་ལམ་དང་། བྱང་སེམས་འཕགས་པ་དག་རང་ལུགས་ཀྱི་དཀོན་མཆོག་མཚན་ཉིད་པར་རུང་ངོ་ཞེ་ན། ཐེག་པ་ཆེ་ཆུང་གི་ཞུགས་གནས་དག་ཀྱང་མཚན་ཉིད་ཐ་དད་པས་བྱང་སེམས་རྣམས་ཐེག་ཆེན་གྱི་ཞུགས་གནས་མཚན་ཉིད་པ་ཡིན་ཞེས་སྨྲ་བར་ཡང་ནུས་སོ། །དེ་བས་ན། འདིར་རྒྱུན་ཞུགས་སོགས་དངོས་ཡིན་གྱི་བཏགས་པ་བ་མ་ཡིན་ཏེ། དངོས་ལ་གནོད་བྱེད་ཀྱི་ཚད་མ་མེད་པའི་ཕྱིར་དང་། བཏགས་པའི་དགོས་པ་མི་འགྲུབ་པའི་ཕྱིར་དང་། འཕགས་པ་དང་སློབ་དཔོན་གཉིས་ཀས་ཀྱང་ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ཤེས་བྱེད་དུ་དྲངས་ནས་རྒྱུན་ཞུགས་སོགས་སུ་བསྒྲུབས་པའི་ཕྱིར་རོ། །གལ་ཏེ་དེ་ནི་བྱང་སེམས་ལ་རྒྱུན་ཞུགས་སོགས་ཀྱི་ཐ་སྙད་བཏགས་པའི་ཁུངས་སུ་དྲངས་པ་ཡིན་གྱི་མཚན་ཉིད་པར་བསྒྲུབ་པ་མ་ཡིན་ནོ་ཞེ་ན། འདིར་མཚན་ཉིད་པར་སྒྲུབ་པར་མི་བཞེད་ན། འདོགས་པའི་ཆོས་གསུམ་འཆད་པར་རིགས་ཀྱི་ལུང་ཙམ་དྲངས་པས་ཅིར་ཡང་མི་འགྱུར་ཏེ། དེ་ཉིད་དུ་ཡང་བྱང་སེམས་ལ་རྒྱུན་ཞུགས་སོགས་ཀྱི་མིང་ཉེ་བར་བཏགས་པ་ཡིན་ན། འདོགས་པའི་རྒྱུ་མཚན་ལ་སོགས་ཅི་སྙམ་དུ་ཐེ་ཚོམ་དུ་འགྱུར་བའི་ཕྱིར་རོ། །གལ་ཏེ་ཀུན་ལས་བཏུས་ལས། ཅིའི་ཕྱིར་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་པ་ན་རྒྱུན་དུ་ཞུགས་པར་མི་འགྱུར་ཞེ་ན། རྒྱུན་ལ་འཇུག་པ་ཡོངས་སུ་མ་གྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་ལན་ཅིག་ཕྱིར་འོང་བར་མི་འགྱུར་ཞེ་ན། བསམ་བཞིན་དུ་སྲིད་པར་སྐྱེ་བ་ཚད་མེད་པ་ལེན་པའི་ཕྱིར་རོ་ཞེས་སོགས་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་དག་ནི་མཐར་ཐུག་ཐེག་པ་གསུམ་དུ་འདོད་པའི་ལུགས་ཡིན་ལ། འདིར་བྱང་སེམས་ལ་རྒྱུན་ཞུགས་སོགས་སུ་རྣམ་པར་བཞག་པ་ནི་ཕྱིར་མི་ལྡོག་པ་འཁོར་ལོའི་མདོའི་རྗེས་སུ་འབྲང་ནས། མཐར་ཐུག་ཐེག་པ་གཅིག་ཏུ་འདོད་པའི་དབང་དུ་བྱས་པ་ཡིན་པས་སོ། །བོད་དག་འདི་བཏགས་པ་བར་འདོད་པ་ནི། ཀུན་ལས་བཏུས་ཀྱི་གཞུང་འདིའི་སྐྱོན་སྤོང་མ་ཤེས་པས་འཁྲུལ་ལ། ཤནྟི་པ་མཐར་ཐུག་ཐེག་པ་གསུམ་འདོད་པས་ཁོ་རང་གི་གྲུབ་མཐའ་དང་མི་འགལ་ལོ། །ཕྱིར་མི་ལྡོག་འཁོར་ལོའི་མདོ་དང་འདི་གཉིས་རྒྱུན་ཞུགས་སོགས་མཚན་ཉིད་པར་རྣམ་པར་བཞག་པ་འདྲ་ལ། དགོངས་པ་མི་འདྲ་སྟེ། མདོ་དེར་ནི། མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབ་པའི་ཕྱིར་ཡིན་ལ། འདིར་ནི། ཐ་སྙད་ཟོར་ཡང་བའི་ཕྱིར་ཡིན་ནོ། །འཇོག་ཚུལ་གྱི་མཚན་ཉིད་ཀྱང་མི་འདྲ་སྟེ། འདིར་ནི། ཉན་ཐོས་རྣམས་ལ་རྒྱུན་ཞུགས་སོགས་སུ་འཇོག་པའི་མཚན་ཉིད། ཉོན་སྒྲིབ་ཀྱི་སྤངས་པ་དང་གཉེན་པོ་ཇི་ལྟ་བ་བཞིན་དུ། སྔར་ཇི་སྐད་བཤད་པའི་ཚུལ་གྱིས་བྱང་སེམས་ལ་ཡང་སྤངས་པ་དང་གཉེན་པོའི་རིམ་པ་དེ་ཡོད་པའི་དབང་དུ་བྱས་ནས་གསུངས། ཕྱིར་མི་ལྡོག་འཁོར་ལོའི་མདོར་ནི། མཚན་ཉིད་གཞན་གསུངས་ཏེ། ཇི་སྐད་དུ། ལོག་པ་བརྒྱད་ལ་ཡན་ལག་འདས། །རྣམ་པར་ཐར་པ་བརྒྱད་ལ་ཏོག །ཡན་ལག་བརྒྱད་ལ་ཞེན་པ་མེད། །དེས་དེ་བརྒྱད་པ་ཞེས་བྱའོ། །སངས་རྒྱས་མཐོང་ལ་ཆགས་པ་མེད། །སེམས་ཅན་དཔག་མེད་དད་པར་བྱེད། །དེ་ནི་དེ་ལ་ཆགས་མེད་དེ། །དེ་ཕྱིར་བློོ་ལྡན་དད་པས་འབྲང་། །ཆོས་རྒྱུན་བསམ་གྱིས་མི་ཁྱབ་པ། །རྒྱུན་དེ་ལས་ཀྱང་འདའ་མི་བྱེད། །ཆོས་ཉིད་དེའི་རྗེས་སུ་ཐོབ། །དེ་ཕྱིར་ཆོས་རྗེ་འབྲང་ཞེས་གསུང་། །ལམ་ལ་རྒྱུན་ཞེས་ངས་བརྗོད་ན། །བསམ་དུ་མེད་པ་སངས་རྒྱས་ལམ། །གང་དག་ལ་ལ་དེར་ཞུགས་པ། །དེ་དང་དེ་ནི་རྒྱུན་ལ་གཞོལ། །གང་གི་བྱང་ཆུབ་འགྲུབ་གྱུར་པའི། །རྐྱེན་རྣམས་མང་པོ་གང་གསུངས་པ། །བདག་གིས་ཤེས་པར་བྱའོ་ཞེས། །དེ་ཚོལ་བར་ནི་འོངས་པ་ཡིན། །འགྲོ་བ་རྣམ་གསུམ་གང་དུ་ཡང་། །དེ་ནི་ཕྱིར་ཞིང་མི་འགྲོ་སྟེ། །སངས་རྒྱས་ཆོས་རྣམས་ཐོས་པས་ན། །དེ་ནི་ཕྱིར་མི་འོང་ཞེས་བརྗོད། །གང་གིས་སེམས་ཅན་རབ་སྡུག་བསྔལ། །ཉོན་མོངས་ཐམས་ཅད་དེ་ཡིས་བཅོམ། །ཉོན་མོངས་པ་ལས་རབ་ཏུ་གྲོལ། །དེས་ནི་དགྲ་བཅོམ་པ་ཞེས་བརྗོད། །བྱང་ཆུབ་སེམས་དཔའ་འཇིགས་མེད་པ། །སངས་རྒྱས་ཆོས་རྣམས་བསམ་ཡས་དང་། །སེམས་ཅན་རྣམས་ལ་སྒྲོགས་པར་བྱེད། །དེས་དེ་ཉན་ཐོས་ཞེས་བརྗོད་དོ། །མ་རིག་ནམ་མཁའ་ཇི་བཞིན་དུ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །འདི་ནི་མངོན་དུ་གྱུར་པས་ན། །རང་རྒྱལ་བ་ཞེས་བརྗོད་པ་ཡིན། །ཞེས་གསུངས་སོ། །བཞི་པ་ནི། ཤནྟི་པས་ངེས་འབྱེད་ཡན་ལག་ནས་བཟུང་སྟེ། ཞེས་པའི་རྗེས་སུ་འབྲངས་ནས་སྦྱོར་ལམ་ནས་འཇོག་ཀྱང་། འཕགས་པ་དང་སློབ་དཔོན་གྱི་རྒྱུད་བླར། ཇི་ལྟར་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློོ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་གསུངས་པ་ལྟར་། སྤྱིའི་ས་མཚམས་ས་དང་པོ་ནས་བཞག་ལ། ནང་སེལ་ནི་ས་མཚམས་ངེས་པ་ཤེས་དཀའ་ཡང་རྗེས་འབྲང་གཉིས་དང་། རྒྱུན་ཞུགས་འབྲས་གནས་ཙམ་པོ་དང་། ཐོད་རྒལ་བའི་ཕྱིར་འོང་དང་ཕྱིར་མི་འོང་འབྲས་གནས་ཙམ་པོ་རྣམས་མཐོང་ལམ་པ་དང་། རིགས་སྐྱེ་གཉིས་དང་། མཐར་གྱིས་པའི་ཕྱིར་འོང་དང་། བར་ཆད་གཅིག་པ་དང་། ཕྱིར་མི་འོང་འབྲས་གནས་ཙམ་པོ་རྣམས་ས་དང་པོ་དང་གཉིས་པས་བསྡུས་པའི་སྒོམ་ལམ་པར་མངོན་ཏེ། སྔ་མ་རྣམས། འདོད་པ་ལ་འདོད་ཆགས་དང་མ་བྲལ་བའི་ཕྱིར་དང་། ཕྱིར་མི་འོང་འབྲས་གནས་ཙམ་པོས་ཀྱང་བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་ཕྱིར་རོ། །ས་གསུམ་པ་ནས་བསམ་གཏན་ཐོབ་སྟེ། དབུ་མ་འཇུག་པར། ས་དེར་བསམ་གཏན་མངོན་ཤེས་འབྱུང་འགྱུར་ཞིང་། །འདོད་ཆགས་ཞེ་སྡང་གཏི་མུག་ཟད་པར་འགྱུར། །ཞེས་གསུངས་པའོ། །དེས་ན། མདོ་སྡེ་རྒྱན་ལས། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས། །མི་རྟོག་ཡེ་ཤེས་ཡོངས་སུ་བཟུང་བ་དང་། །ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ལས། །མཐུ་གྲུབ་པའི་དམ་པ་ཐོབ་པར་འགྱུར་། །ཞེས་ཚོགས་སྦྱོར་ནས་བསམ་གཏན་གྱི་སེམས་ཐོབ་པར་བཤད་པ་ནི། བྱང་སེམས་དབང་རྣོན་ཁ་ཅིག་གི་དབང་དུ་བྱས་པ་ཡིན་གྱི་ངེས་པ་མ་ཡིན་ཏེ། ས་གཉིས་པ་མན་ཆད་དུ་བསམ་གཏན་གྱི་དངོས་གཞི་མི་ཐོབ་པ་ཡང་ཡོད་པས་སོ། །ས་གསུམ་པ་ནས་གདོན་མི་ཟ་བར་བསམ་གཏན་དང་མངོན་ཤེས་ཐོབ་པར་མདོ་སྡེ་ས་བཅུ་པ་ནས་བཤད་དོ། །ཕྱིར་མི་འོང་འབྲས་གནས་ཁྱད་པར་བ་ས་གཉིས་པ་ནས་གཟུང་ལ། དགྲ་བཅོམ་འབྲས་ཞུགས་ས་བཅུ་པར་བཤད་ཅིང་། གཞན་རྣམས་ཀྱི་ས་མཚམས་ངེས་དཀའོ། །ཨ་བྷ་ཡས་བཞག་པའི་ས་མཚམས་དང་། ལོ་ཙཱ་བ་ཆེན་པོས་བྱང་སེམས་བཞི་དང་སྦྱར་བ་ཡང་ཤེས་བྱེད་མེད་པའི་ཕྱིར་ཡིད་བརྟན་མི་རུང་ངོ་། །

གཉིས་པ་ཡན་ལག་གི་དོན་ལ་གསུམ་གྱི་དང་པོ། མཚམས་སྦྱར་བ་ནི། དགེ་འདུན་དཀོན་མཆོག་གི་ཞེས་སོ། །གཉིས་པ་རྩ་བ་ནི། འཕགས་པ་ལྟར་བཤད་དེ། འདིར་དགེ་འདུན་ནི་བྱང་སེམས་འཕགས་པ་ཕྱིར་མི་ལྡོག་པའི་ཚོགས་ཡིན་ལ་དེ་དག་ཀྱང་ཞུགས་གནས་ཀྱི་དབྱེ་བས་སྐྱེས་བུ་ཟུང་བཞིར་འགྱུར་ལ། དེ་དག་ཀྱང་བརྒྱད་པ་ལ་སོགས་པར་འདུས་པས། རེ་ཤིག་བརྒྱད་པའི་དབང་དུ་བྱས་ནས། བཅོམ་ལྡན་འདས་གང་དག་གི་ཤེར་ཕྱིན་གྱི་གནས་པ་འདིས་གནས་པའི་བྱང་སེམས་དེ། གང་ནས་ཤི་འཕོས་ནས་འདིར་སྐྱེ་བར་འགྱུར་ཞེས་སོ། །འདི་ནས་ཤི་འཕོས་ནས་གང་དུ་སྐྱེ་བ་འགྱུར་ཞེས་སོ། །དེ་ལ་ལམ་ཤེས་ཀྱི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་གི་དང་པོ་བཅྭོ་ལྔ་ལ་བྱང་སེམས་དབང་པོ་རྟུལ་པོ་གང་ཡིན་པ་དེ་ནི་དད་པའི་རྗེས་འབྲང་ཞེས་བྱ་སྟེ། དད་པས་ལམ་དེའི་རྗེས་སུ་འབྲང་བའི་ཕྱིར་རོ། །དབང་པོ་རྣོན་པོ་གང་ཡིན་པ་དེ་ནི་ཆོས་ཀྱི་རྗེས་འབྲང་ཞེས་བྱ་སྟེ། ཤེས་རབ་ཀྱིས་ལམ་དེའི་རྗེས་སུ་འབྲང་བའི་ཕྱིར་རོ། །དང་པོ་ནི་ཤ་བུ་བྱང་ཆེན་མིའི་ནང་ནས་ཤི་འཕོས་ནས་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་པ་གང་ཡིན་པ་དེ་ནི་ཕྱིར་མི་ལྡོག་པའི་བྱང་ཆེན་མ་གཏོགས་པ་དབང་པོ་རྟུལ་བ་ཡིན་ནོ་ཞེས་སོ། །ཕྱིར་མི་ལྡོག་བཀོལ་བ་ནི། དབང་པོ་རྣོན་པོས་ས་དེར་ཕྱིར་མི་ལྡོག་ཐོབ་པས་སོ། །གཉིས་པ་ནི། བྱང་ཆེན་སངས་རྒྱས་ཀྱི་ཞིང་གཞན་ནམ། དགའ་ལྡན་གྱི་རིས་ནས་ཤི་འཕོས་ནས་འདིར་སྐྱེས་པ་དེ་ནི་དབང་པོ་རྣོ་བར་འགྱུར་ཞིང་། ཞེས་སོ། །དེ་ལ་རྗེས་འབྲང་གཉིས་པོ་དེ་གལ་ཏེ་སྔར་འདོད་པའི་ཉོན་མོངས་དྲུག་པ་ནས་བརྒྱད་པའི་བར་སྤངས་ན། དེ་དག་འབྲས་བུ་གཉིས་པ་ལ་ཞུགས་པ་ཡིན་ལ། དགུ་པ་ནས་ཅི་ཡང་གི་བར་ལ་འདོད་ཆགས་དང་བྲལ་ན། གསུམ་པ་ལ་ཞུགས་པ་ཡིན་ནོ། །སྐད་ཅིག་མ་བཅུ་དྲུག་པ་ལ་ནི་དེ་དག་གོ་རིམ་བཞིན་དུ་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་ལ་གནས་པར་འགྱུར་གྱི། དགྲ་བཅོམ་པའི་འབྲས་བུ་ལ་ནི་མ་ཡིན་ཏེ། མཐོང་ལམ་གྱིས་སྒོམ་སྤང་སྤོང་བར་མི་སྲིད་པའི་ཕྱིར། སྔར་ཡང་སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བར་མི་སྲིད་པའི་ཕྱིར་རོ། །དེའི་ཚེ་སྔར་དད་པའི་རྗེས་འབྲང་གང་ཡིན་པ་དེ་ནི། དད་པས་མོས་པ་ཞེས་བྱ་སྟེ། དད་པ་ལྷག་པས་ལྷག་པར་མོས་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཆོས་ཀྱི་རྗེས་འབྲང་ནི། མཐོང་བས་ཐོབ་པ་ཞེས་བརྗོད་དེ། ཤེས་རབ་ལྷག་པས་མཐོང་བས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དང་པོ་ནི་ཤ་བུ་བྱང་སེམས་ཐབས་ལ་མི་མཁས་པ་གང་དག་བསམ་གཏན་བཞི་པོ་རྣམས་སྒྲུབ་པར་བྱེད། ཕར་ཕྱིན་དྲུག་ལ་ཡང་སྤྱོད་པར་བྱེད་ཅིང་། བསམ་གཏན་ཐོབ་པ་དེས་ཀྱང་ལྷ་ཚེ་རིང་པོ་རྣམས་སུ་སྐྱེས་ཏེ། དེ་ནས་ཤི་འཕོས་ནས། དེ་གལ་ཏེ་འདོད་པའི་ཁམས་སུ་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེས་ན། དེ་དག་ནི་དབང་པོ་རྟུལ་བར་འགྱུར་གྱི་དབང་པོ་རྣོ་བར་མི་འགྱུར་བ་དག་ཡོད་དོ་ཞེས་སོ། །གཉིས་པ་ནི། ཤ་བུ་བྱང་ཆེན་ཐབས་ལ་མཁས་པ་གང་དག་བསམ་གཏན་དང་གཟུགས་མེད་པ་ལ་སྙོམས་པར་འཇུག་པ་རྣམས་ལ་སྙོམས་པར་ཞུགས་ཤིང་། བྱང་ཕྱོགས་སོ་བདུན་པོ་རྣམས་ལ་ཡང་སྙོམས་པར་འཇུག་ལ། བསམ་གཏན་ལ་སོགས་པའི་དབང་གིས་མ་ཡིན་ཏེ། འོན་ཀྱང་ཐབས་ལ་མཁས་པས་གང་དང་གང་་ན་སངས་རྒྱས་བཅོམ་ལྡན་འདས་མཉེས་པར་བྱེད་པ་དེ་དང་དེ་དག་ཏུ་སྐྱེ་བར་འགྱུར་བ་དག་ཡོད་དེ་ཞེས་སོ། །རྒྱུན་དུ་ཞུགས་པ་ནི། ཤ་བུ་བྱང་ཆེན་ཤེར་ཕྱིན་ལ་སྤྱོད་ཅིང་སྦྱོར་བ་ལ་བརྩོན་པར་བྱེད་པ་ན། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཐབས་ལ་མཁས་པའི་སྟོབས་ཀྱིས་རྒྱུན་ཞུགས་ཀྱི་འབྲས་བུ་མངོན་དུ་བྱེད་ཀྱང་། དེས་ང་རྒྱལ་དུ་མི་བྱེད་པ་དག་ཡོད་དོ་ཞེས་སོ། །འཕགས་པས་འདི་མ་བགྲངས་ཏེ། ཕལ་ཆེར་འགྲེལ་པའི་ཡི་གེ་ཉམས་པར་མངོན་ཏེ། ལེའུ་བརྒྱད་མ་ལས་འབྱུང་བའི་ཕྱིར་རོ། །རྒྱུན་ཞུགས་དེ་ཉིད་རིགས་ནས་རིགས་སུ་སྐྱེ་བ་གཉིས་སུ་ཤེས་པར་བྱ་སྟེ། འདི་ལྟར། ལྷའི་རིགས་ནས་རིགས་སུ་དང་། མིའི་རིགས་ནས་རིགས་སུའོ། །དང་པོ་ནི། ཤ་བུ་བྱང་སེམས་གང་དག་བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བསྐྱེད་ནས། ཐབས་ལ་མཁས་པས་མིའི་རིགས་རྣམས་སུ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགས་སུ་སྐྱེ་བར་འགྱུར་བ་དག་ཡོད་དོ་ཞེས་སོ། །གཉིས་པ་ནི། བྱང་སེམས་བསམ་གཏན་སོགས་ཐོབ་པ་གང་དག་ཐབས་ལ་མཁས་པས་རྒྱལ་ཆེན་བཞིའི་རིགས་ནས། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་བར་དུ་སྐྱེ་སྟེ་ཞེས་སོ། །ཕྱིར་འོང་ནི། ཤ་བུ་བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པ་གང་དག་ཐབས་ལ་མཁས་པས་བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དག་ལ་སྙོམས་པར་ཞུགས་ཞེས་སོགས་སོ། །བར་ཆད་གཅིག་པ་ནི། ཤ་བུ་བྱང་ཆེན་གང་དག་བསམ་གཏན་བཞི་པ་ནས་འཕགས་པའི་བདེན་པ་བཞིའི་བར་དུ་ཐོབ་ཀྱང་དེ་མངོན་དུ་བྱེད་པ་དག་ཡོད་དེ། དེ་དག་ནི་ཚེ་གཅིག་གིས་ཐོགས་པ་ཞེས་བྱའོ། །ཕྱིར་མི་འོང་ནི། ཤ་བུ་བྱང་སེམས་མངོན་པར་ཤེས་པ་དྲུག་པོ་ཐོབ་པ་གང་དག །འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་སུ་མི་སྐྱེའོ། །

འོན་ཀྱང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོད་པ་ནས་བརྩམས་ཏེ། གང་དང་གང་ན་སངས་རྒྱས་བཅོན་ལྡན་འདས་རྣམས་བཞུགས་པ་དེ་དང་དེར་སྐྱེ་བར་འགྱུར་བ་བྱེད་པ་དག་ཀྱང་ཡོད་དོ་ཞེས་སོ། །ཕྱིར་མི་འོང་དེ་ཡང་རྣམ་པར་ལྔ་སྟེ། བར་མ་དོར་འདའ་བ་ནི། ཤ་བུ་བྱང་སེམས་བསམ་གཏན་སོགས་ཐོབ་པ་གང་དག་ཐབས་ལ་མཁས་པས་ཚངས་རིས་ཀྱི་ལྷ་རྣམས་ནས་འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སྐྱེ་བར་འགྱུར་བ་དག་ཡོད་དོ་ཞེས་སོ། །སྐྱེས་ནས་་འདའ་བ་ནི། ཤ་བུ་བྱང་སེམས་གང་དག་དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་བླ་མེད་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་ཞིང་། ཞེས་སོ། །འདུ་བྱེད་དང་བཅས་པས་འདའ་བ་ནི། ཤ་བུ་བྱང་སེམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་གང་དག་འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་འདོང་ཞིང་། དེ་དག་སེམས་ཅན་རྣམས་ཀྱི་དོན་ལ་རྟག་ཏུ་བརྩོན་ཏེ། ཞེས་སོ། །འདུ་བྱེད་མེད་པས་མྱ་ངན་ལས་འདའ་བ་ནི། ཤ་བུ་བྱང་སེམས་གང་དག་སེམས་དང་པོ་བསྐྱེད་པ་ཉིད་ཀྱིས་བྱང་སེམས་ཀྱི་སྐྱོན་མེད་པ་ལ་འདའ་ཞིང་། ཞེས་སོ། །གོང་དུ་འཕོ་བ་ནི། ཕྱིར་མི་འོང་ལྔ་པ་སྟེ། དེ་ཡང་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་དང་། སྲིད་རྩེའི་མཐར་ཐུག་པར་འགྲོ་བ་གཉིས་ཀྱི་དང་པོ་འོག་མིན་འགྲོ་ནི། ཤ་བུ་བྱང་སེམས་ཕར་ཕྱིན་དྲུག་ལ་སྤྱོད་པ་གང་དག་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ནས་སེམས་ཅན་རྣམས་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཉེ་བར་བསྒྲུབ་ཅིང་། ཟས་འདོད་པ་རྣམས་ལ་ཟས་ཞེས་པ་ནས། སེམས་ཅན་རྣམས་དགེ་བ་བཅུ་ལ་བཞག་ནས་ཚངས་རིས་ཀྱི་ལྷ་ནས་འོག་མིན་གྱི་བར་དུ་སྐྱེས་ཏེ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམས་སུ་བླ་མེད་བྱང་ཆུབ་དུ་མངོན་པར་འཚང་རྒྱ་བ་དག་ཡོད་དོ་ཞེས་སོ། །འོག་མིན་དུ་འགྲོ་བ་དེ་ནི། འཕར་བ་ལ་སོགས་པ་གསུམ་སྟེ། འཕར་བ་དང་། ཆེད་དུ་འཕར་བ་དང་། གནས་ཐམས་ཅད་དུ་འཆི་འཕོ་བའོ། །དང་པོ་ནི། ཤ་བུ་བྱང་ཆེན་གང་དག་བསམ་གཏན་བཞི་རྫོགས་པར་བྱས་ནས་བསམ་གཏན་ལས་ཡོངས་སུ་ཉམས་ནས་བསམ་གཏན་དང་པོ་བསྒྲུབས་ཏེ། ཚངས་རིས་ཀྱི་ལྷ་རྣམས་སུ་སྐྱེ་ཞིང་། དེ་དག་དུ་ཡང་བསམ་གཏན་རྣམས་བསྒྲུབས་ནས། འོག་མིན་གྱི་ལྷ་རྣམས་སུ་སྐྱེས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པར་བླ་མེད་རྫོགས་བྱང་དུ་མངོན་པར་རྫོགས་པ་འཚང་རྒྱ་བ་དག་ཡོད་དོ་ཞེས་སོ། །གཉིས་པ་ནི། ཤ་བུ་བྱང་ཆེན་གང་དག་ཚངས་པའི་འཇིག་རྟེན་ནས་ཤི་འཕོས་ནས། གནས་གཙང་མ་རྣམས་སུ་སྐྱེས་ཏེ། དེ་དག་གནས་གཙང་མའི་གནས་གཅིག་གམ་གཉིས་བརྒལ་ཏེ། འོག་མིན་དུ་སྐྱེས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་ཞེས་སོ། །གསུམ་པ་ནི། ཤ་བུ་བྱང་ཆེན་གང་དག་དགའ་ལྡན་གྱི་གནས་སྦྱངས་ནས་ཚངས་རིས་ནས་འོག་མིན་གྱི་བར་དུ་སྟེ། ཐབས་མཁས་པས་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་པ་དག་ཕྱོགས་བཅུ་རྣམས་སུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་པ་དང་ཞེས་སོ། །སྲིད་རྩེའི་མཐར་ཐུག་པར་འགྲོ་ནི། ཤ་བུ་བྱང་ཆེན་གང་དག་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བསྒྲུབ་པར་བྱེད་པ་དག་ཚངས་རིས་ནས་དགེ་རྒྱས་ཀྱི་བར་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་ཞིང་། དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་སྲིད་རྩེའི་བར་དུ་སྐྱེ་བར་འགྱུར་ལ། དེ་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམས་སུ་ཞེས་སོ། །གཟུགས་ཀྱི་འདོད་ཆགས་བཅོམ་པའི་ཕྱིར་མི་འོང་འདི་ནས་ཤི་འཕོས་ནས་གཟུགས་མེད་དུ་སྐྱེ་བ་ནི་ཕྱིར་མི་འོང་དྲུག་པ་སྟེ། དེ་ནི་ཤ་བུ་བྱང་ཆེན་གང་དག་བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པ་གྱུར་པ་དེ་དག་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་སྲིད་རྩེའི་བར་དུ་སྐྱེ་བར་འགྱུར་ཞིང་། དེ་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམས་སུ་ཞེས་སོ། །བདུན་པ་མཐོང་བའི་ཆོས་ལ་ཞི་བ་མྱང་འདས་མངོན་དུ་བྱེད་པ་ནི། ཤ་བུ་བྱང་ཆེན་གང་དག་ལུས་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་ཅིང་དབང་པོ་ཡོངས་སུ་དག་པ་བླ་ན་མེད་པ་དག་དང་ལྡན་ཏེ། ནམ་ཡང་ངན་སོང་ངམ་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་སྐྱེ་བར་མི་འགྱུར་བ་དང་། བདག་ཉིད་བསྟོད་པར་མི་བྱེད། གཞན་སྨོས་པར་མི་བྱེད་དེ། དེ་དག་ལ་འགྲོ་བ་མང་པོ་བྱམས་ཤིང་ཡིད་དུ་འོང་བ་སྟེ། སེམས་ཅན་གང་དག་གིས་བྱང་སེམས་དེ་དག་མཐོང་བ་དེ་དག་གིས་ཀྱང་། སེམས་རབ་ཏུ་དང་བ་དེ་ཉིད་ཀྱིས་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་དང་། ཞེས་སོ། །འགོག་པའི་སྙོམས་འཇུག་ཐོབ་པའི་ཕྱིར་མི་འོང་ནི། ཞི་བ་མྱང་འདས་དང་འདྲ་བའི་འགོག་པ་སེམས་མེད་པའི་ལུས་ཀྱིས་མངོན་སུམ་དུ་བྱེད་པས་ན་ལུས་ཀྱིས་མངོན་སུམ་དུ་བྱེད་པ་སྟེ། དེ་ནི་ཤ་བུ་བྱང་ཆེན་གང་དག་ཤེར་ཕྱིན་ལ་སྤྱོད་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་འཇུག་རྣམས་ཀྱི་རྣམ་པར་རྩེ་ཞིང་དེ་དག་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལའོ་ཞེས་སོ། །སྲིད་རྩེའི་ཉོན་མོངས་བརྒྱད་པ་སྤངས་ནས་དགུ་པ་སྤོང་བའི་སྦྱོར་བ་ལ་བརྩོན་པ་ན་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ཞེས་བྱ་སྟེ། དེ་ནི། ཤ་བུ་བྱང་ཆེན་གང་དག་ཕར་ཕྱིན་དྲུག་ལ་གནས་ནས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཆོས་རྣམས་སྣང་བར་བྱེད་ཅིང་། བདག་ཉིད་ཀྱང་བླ་མེད་རྫོགས་བྱང་དུ་མངོན་པར་རྫོགས་པ་སངས་རྒྱས་ཀྱི་བར་དུ་སངས་རྒྱས་ཀྱི་ཆོས་ཀྱི་སྣང་བ་དང་འབྲལ་བར་མི་བྱེད་པ་དག་ཡོད་དོ་ཞེས་སོ། །བསེ་རུ་ལྟ་བུའི་རང་རྒྱལ་ནི། ཤ་བུ་བྱང་ཆེན་གང་དག་སངས་རྒྱས་མི་ཞུགས་ཤིང་ཉན་ཐོས་མེད་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཡོད་དེ། དེ་དག་ཐབས་ལ་མཁས་པས་སྲོག་ཆགས་བྱེ་བ་བ རྒྱ་སྟོང་མང་པོ་ཐེག་པ་གསུམ་པོ་རྣམས་སུ་ཡོངས་སུ་སྨིན་པར་བྱས་ནས་བླ་མེད་རྫོགས་བྱང་དུ་འཚང་རྒྱའོ་ཞེས་སོ། །

གསུམ་པ་འགྲེལ་པ་ལ་ལྔའི་ཟུང་དང་པོ་རྒྱུན་ཞུགས་ཀྱི་སྐོར་ལ་ཞུགས་གནས་གཉིས་ཀྱི་དང་པོ་ནི། སྐབས་གཉིས་པར་འཆད་པར་འགྱུར་བའི་ལམ་ཤེས་ཀྱིས་བསྡུས་པའི་མཐོང་ལམ་སྐད་ཅིག་བཅུ་དྲུག་གི་དང་པོ་བཅྭོ་ལྔ་ལ་བརྟེན་ནས་གནས་ཤིང་སྔར་འདོད་པའི་སྒོམ་སྤང་གཏན་ནས་མ་སྤངས་པའི་བྱང་སེམས་ཆོས་ཅན། བྱང་སེམས་ཀྱི་འབྲས་བུ་དང་པོ་ལ་ཞུགས་པ་ཡིན་ཏེ། ཐེག་ཆེན་ལམ་གྱི་ཐོབ་བྱར་གྱུར་པའི་ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པ་ཡིན་པས་སོ། །ཐེག་ཆེན་ལམ་གྱི་ཐོབ་བྱ་ཞེས་པ་འོག་མ་རྣམས་ལ་ཡང་སྦྱར་རོ། །དབྱེ་ན་རྣམ་པ་གཉིས་ཏེ། དབང་རྟུལ་དད་པའི་རྗེས་འབྲང་དང་། རྣོན་པོ་ཆོས་ཀྱི་རྗེས་སུ་འབྲང་བའི་བྱེ་བྲག་གིས་སོ། །གཉིས་པ་ལ་ཙམ་པོ་དང་། ཁྱད་པར་ཅན་གྱི་དང་པོ་ནི། དེའི་འོག་དུ་ཞེས་པ་བཤད་པའི་རིམ་པ་སྟོན་པའོ། །སྔར་སྒོམ་སྤང་མ་སྤངས་ཤིང་བཅུ་དྲུག་པ་ལ་གནས་པའི་སེམས་དཔའ་ཆོས་ཅན། བྱང་སེམས་ཀྱི་རྒྱུན་ཞུགས་འབྲས་གནས་ཡིན་ཏེ། ཐེག་ཆེན་ལམ་གྱིས་ཐོབ་བྱ་ཀུན་སྦྱོར་གསུམ་སྤངས་པའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་གནས་པ་ཡིན་པས་སོ། །གཉིས་པ་ནི། རྒྱུན་ཞུགས་དེ་ཉིད་འདོད་དཔའི་སྒོམ་སྤང་གསུམ་མམ་བཞི་སྤངས་ལྔ་པ་མ་སྤངས་ཤིང་། དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་འདོད་པའི་ལྷ་མིར་སྐྱེ་བ་རིགས་མཐུན་གཉིས་སམ་གསུམ་ལེན་པ། དེ་ནི་བྱང་སེམས་རིགས་ནས་རིགས་སྐྱེ་ཡིན་ལ། དེ་ཉིད་འདོད་པའི་ལྷར་སྐྱེ་བ་རིགས་མཐུན་བརྒྱུད་ནས་ལེན་པ་ལྷའི་རིགས་ནས་རིགས་སུ་སྐྱེ་བ་དང་། མིར་སྐྱེ་བ་རིགས་མཐུན་བརྒྱུད་ནས་ལེན་པ་མིའི་རིགས་ནས་རིགས་སུ་སྐྱེ་བ་ཉིད་ཀྱིས་རྒྱུན་ཞུགས་འབྲས་གནས་ཙམ་པོ་ལས་གཞན་ཁྱད་པར་ཅན་གཉིས་སོ། །ཟུང་གཉིས་པ་ཕྱིར་འོང་གི་སྐོར་ལ་ཞུགས་འབྲས་ཀྱི་དང་པོ་ནི། སྔར་གྱི་དབང་པོ་རྟུལ་པོ་དད་རྗེས་འབྲང་དང་། རྣོན་པོ་ཆོས་རྗེས་འབྲང་དེ་དག་བཅུ་དྲུག་པའི་རྟོགས་པ་ལ་གནས་པ་ན་གོ་རིམ་བཞིན་དུ ། དད་པས་མོས་པ་དང་མཐོང་བས་ཐོབ་པ་ཞེས་བྱ་སྟེ། དད་པ་ལྷག་པ་དང་། ཤེས་རབ་ལྷག་པས་རབ་ཏུ་ཆེ་བའི་འབྲས་གནས་ཡིན་པས་སོ། །དེ་དག་ཉོན་མོངས་པ་ལྔ་པ་སྤངས་ནས་དྲུག་པ་སྤོང་བའི་སྦྱོར་བ་ལ་བརྩོན་པ་ན་བྱང་སེམས་ཀྱི་འབྲས་བུ་གཉིས་པ་ལ་ཞུགས་པ་ཡིན་ཏེ། ཐེག་ཆེན་ལམ་གྱིས་འཐོབ་བྱ་ཕལ་ཆེར་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པས་སོ། །དེ་གཉིས་ཀྱི་ནི་ཉི་ཤུའི་གྲངས་འཛིན་གཅིག་ཁོ་ནའོ། །མཐོང་ལམ་སྐད་ཅིག་མ་རྣམས་བར་མ་ཆད་དུ་སྐྱེ་བས་དབང་པོ་འཕོ་བ་མེད་པའི་ཕྱིར་རྗེས་འབྲང་གཉིས་སོ་སོར་བཞག་ལ། སྒོམ་ལམ་ལ་དབང་པོ་རྣོན་པོ་རྟུལ་པོར་འཕོ་སྲིད་པས་གཅིག་ཏུ་བཞག་གོ །ཞེས་སྔ་རབས་པ་དག་འཆད་དོ། །གཉིས་པ་ལ་ཙམ་ཁྱད་གཉིས་ཀྱི་དང་པོ་ནི ། འདོད་ཉོན་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པའི་སེམས་དཔའ་ཆོས་ཅན། བྱང་སེམས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པ་ཡིན་ཏེ། ཐེག་ཆེན་ལམ་གྱི་ཐོབ་བྱ་ཕལ་ཆེར་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་གནས་པས་སོ། །གཉིས་པ་ནི། ཕྱིར་འོང་དེ་ཉིད་ཉོན་མོངས་པ་བདུན་ནམ་བརྒྱད་པ་སྤངས་དགུ་པ་མ་སྤངས་པ་དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་འདོད་པར་སྐྱེ་བ་གཅིག་ལེན་པ་དེ་ནི་བར་ཆད་གཅིག་པ་ཞེས་བྱའོ། །

ཟུང་གསུམ་པ་ཕྱིར་མི་འོང་གི་སྐོར་ལ་ཞུགས་གནས་གཉིས་ཀྱི་དང་པོ་ནི། དད་མོས་དང་མཐོང་ཐོབ་དེ་དག་ཉོན་མོངས་པ་བརྒྱད་པ་སྤངས་ནས་དགུ་པ་སྤོང་བའི་སྦྱོར་བ་ལ་བརྩོན་པ་ན། བྱང་སེམས་ཀྱི་འབྲས་བུ་གསུམ་པ་ལ་ཞུགས་པ་ཡིན་ཏེ། ཐེག་ཆེན་གྱི་ཐོབ་བྱ་ཐ་མའི་ཆ་མཐུན་ལྔ་སྤངས་པའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པས་སོ། །དེ་གཉིས་ནི། སྔ་མ་ཕྱིར་འོང་ཞུགས་པ་བཞིན་དུ་གཅིག་ཁོ་ནའོ། །འདོད་པའི་ཉོན་མོངས་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པའི་སེམས་དཔའ་ཆོས་ཅན། བྱང་སེམས་ཀྱི་ཕྱིར་མི་འོང་གི་འབྲས་བུ་ལ་གནས་ཏེ། ཐེག་ཆེན་ལམ་གྱིས་ཐོབ་བྱ་ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་གནས་པས་སོ། །དེ་ཉིད་རྣམ་པ་ལྔ་སྟེ། དེ་ལ་དང་པོ་བྱང་སེམས་བར་མ་དོར་འདས་པ་ནི། གཟུགས་སུ་སྐྱེ་བའི་ཀུན་སྦྱོར་སྤངས་ལ་མངོན་པར་གྲུབ་པའི་ཀུན་སྦྱོར་མ་སྤངས་པའི་གཟུགས་ཀྱི་བར་སྲིད་གྲུབ་ཙམ་ན་ལམ་མངོན་དུ་བྱས་ནས་སྡུག་བསྔལ་མཐར་བྱེད་པ་ཐོབ་པའོ། །

འདིར་སྡུག་བསྔལ་མཐར་བྱེད་པ་ཐོབ་ཅེས་པའི་དོན་ཁམས་གསུམ་ཀྱི་སྐྱེ་བའི་རྒྱུ་ཉོན་སྒྲིབ་རགས་པ་སྤངས་པའི་རྣམ་གྲོལ་མངོན་སུམ་བྱས་པ་ཡིན་ལ། དེ་ཡང་ས་བརྒྱད་པ་ནས་ཐོབ་ཏེ། དེར་ཀུན་ནས་ཉོན་མོངས་པ་མ་ལུས་པ་སྤངས་པའི་ཕྱིར་ཏེ། ཇི་སྐད་དུ། དབུ་མ་འཇུག་པར། ས་བརྒྱད་པ་ལ་དྲི་མ་དེ་དག་རྩ་བཅས་ཉེ་བར་ཞི་གྱུར་ཞིང་། །ཞེས་བཤད་པས་སོ། །འོ་ན་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ས་བཅུ་པར་བཤད་ཅིང་། དེ་ལ་སྲིད་རྩེའི་ཉོན་མོངས་པ་དགུ་པ་སྤང་རྒྱུ་ཡོད་པ་ཡིན་ནམ་ཞེ་ན། དེ་ནི་ཉོན་མོངས་པའི་བག་ལ་ཉལ་ཕྲ་མོའི་དབང་དུ་བྱས་པའི་ཕྱིར་སྐྱོན་མེད་དོ། །གཉིས་པ་སྐྱེས་ནས་འདའ་བ་ནི། ཀུན་སྦྱོར་གཉིས་ཀ་ལ་མ་སྤངས་པའི་གཟུགས་སུ་སྐྱེས་ཙམ་ནས་ལམ་མངོན་དུ་བྱས་ནས་ཁམས་གསུམ་གྱི་ཉོན་སྒྲིབ་རགས་པ་སྤངས་པའི་རྣམ་གྲོལ་མངོན་དུ་བྱེད་པའོ ། །གསུམ་པ། འདུ་བྱེད་དང་བཅས་པས་འདའ་བ་ནི། ཀུན་སྦྱོར་གཉིས་ཀ་མ་སྤངས་གཟུགས་སུ་སྐྱེས་ནས། འབད་རྩོལ་གྱིས་ལམ་མངོན་དུ་བྱས་ནས་ཁམས་གསུམ་གྱི་ཉོན་སྒྲིབ་རགས་པ་སྤངས་པའི་རྣམ་གྲོལ་མངོན་དུ་བྱེད་པའོ། །བཞི་པ་འདུ་བྱེད་མེད་པར་མྱ་ངན་ལས་འདའ་བ་ནི། འབད་མེད་དུ་ལམ་མངོན་དུ་བྱས་ནས་མྱ་ངན་ལས་འདའ་བའོ། །ལྔ་པ་ནི། གོང་དུ་འཕོ་བ་སྟེ། དེ་ཡང་གཉིས་ཀྱི་དང་པོ་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་ནི། འཕར་བ་དང་། ཕྱེད་དུ་འཕར་བ་དང་། གནས་ཐམས་ཅད་དུ་འཆི་འཕོ་བ་ཉིད་ཀྱིས་གོང་དུ་འཕོ་བ་སྲིད་རྩེའི་མཐར་ཐུག་འགྲོ་ལས་གཞན་རྣམ་པ་གསུམ་སྟེ། དང་པོ་ནི། འདིར་བསམ་གཏན་སྤེལ་མར་སྒོམ་པ་ནས། དང་པོའི་རོ་མྱང་པས་བསམ་གཏན་གོང་མ་རྣམས་ལས་ཉམས་ནས། ཕྱི་མ་ཚངས་རིས་སུ་སྐྱེས་ནས་དེར་གོམས་པའི་སྟོབས་ཀྱིས་བསམ་གཏན་སྤེལ་ཏེ་འོག་མིན་དུ་ཞུགས་ནས་དེར་སྡུག་བསྔལ་མཐར་བྱེད་པ་ཐོབ་པའོ། །གཉིས་པ་ནི། གཞན་སྔ་མ་དང་འདྲ་བ་ལ་སྐྱེ་བ་གཉིས་པ་ལ། གནས་གཙང་འོག་མ་གསུམ་གང་རུང་དུ་སྐྱེ་བའོ། །གསུམ་པ་ནི། ཚངས་ཆེན་མ་གཏོགས་པ་གཟུགས་ཀྱི་གནས་གཞན་རིམ་གྱིས་བརྒྱུད་དེ། མཐར་འོག་མིན་དུ་སྡུག་བསྔལ་མཐར་བྱེད་པའོ། །གཉིས་པ་ཕྱིར་མི་འོང་དེ་ཉིད་སྲིད་རྩེའི་མཐར་ཐུག་པར་འགྲོ་བ་ནི། བྱང་འཕགས་གཟུགས་མེད་དུ་སྐྱེ་བ་དོན་དུ་མི་གཉེར་ཏེ། དེ་སེམས་ཅན་འདུལ་བའི་གནས་མ་ཡིན་པའི་ཕྱིར། དེས་ན་གཟུགས་ཀྱི་འདོད་ཆགས་དང་བྲལ་བས་དེར་སྐྱེ་བའི་ནུས་པ་ཡོད་པ་ཙམ་ལ་བྱ་སྟེ། དེ་ཡང་དབྱེ་ན། ཕྱིར་མི་འོང་ཐོབ་པའི་ཚེ་དེ་ཉིད་ལ་སྡུག་བསྔལ་མཐར་བྱེད་པ་མཐོང་བའི་ཆོས་ལ་ཞི་བ་དང་། རྣམ་ཐར་བརྒྱད་ཏིང་ངེ་འཛིན་གྱི་ལུས་ཀྱིས་མངོན་དུ་བྱེད་པ་གོང་དུ་འཕོ་བ་འོག་མིན་འགྲོ་ལས་གཞན་རྣམ་པ་གཉིས་སོ། །བཞི་པ་ནི། དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ནི། སྲིད་རྩེའི་ཉོན་མོངས་བརྒྱད་པ་སྤངས་པ་ནས་དགུ་པ་སྤོང་བའི་སྦྱོར་བ་ལ་བརྩོན་པའི་བྱང་སེམས་ཏེ། ཐེག་ཆེན་ལམ་གྱིས་ཐོབ་བྱ་གོང་མའི་ཆ་མཐུན་ལྔ་སྤངས་པའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པས་སོ། །ལྔ་པ་བསེ་རུ་ལྟ་བུའི་རང་རྒྱལ་གྱི་བྱང་སེམས་ནི། སངས་རྒྱས་མི་འབྱུང་ཞིང་བྱང་སེམས་གཞན་མེད་པའི་འཇིག་རྟེན་དུ་སྐྱེས་ནས། ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ནས་ཉོན་སྒྲིབ་སྤོང་བའི་ལམ་མངོན་དུ་བྱས་ནས་སྡུག་བསྔལ་མཐར་བྱེད་པའི་བྱང་སེམས་སོ། །འདི་ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་པར་འགྲེལ་ཆེན་དུ་བཤད་པ་ནི། ཐེག་ཆེན་གྱི་བསྟན་པ་མེད་ཅིང་ཉན་ཐོས་ཀྱི་བསྟན་པ་ཙམ་ཡོད་པའི་དབང་དུ་བྱས་པའོ། །ཐེག་ཆེན་གྱི་བསྟན་པ་ཡོད་ན་སངས་རྒྱས་དང་བྱང་སེམས་ཡོད་པས་འགྲན་ཟླ་དང་བཅས་པའི་ཕྱིར། བསེ་རུ་ལྟ་བུའི་རང་རྒྱལ་དུ་མི་འགྱུར་རོ། །ཉན་ཐོས་ཡོད་ཀྱང་རང་ལས་དམན་པའི་ཕྱིར་འགྲན་ཟླ་དང་བཅས་པར་མི་འགྱུར་རོ། །དགེ་འདུན་དཀོན་མཆོག་སློབ་དཔོན་གྱི་དགོངས་པ་བཞིན་འཆད་ཤེས་པ་སྔར་གངས་ཅན་གྱི་ཁྲོད་དུ་བྱུང་རེ་སྐན་ནོ། །

ངེས་ཆ་བཤད་པ།

གཉིས་པ་ཚུལ་བཞིན་ཡིད་བྱེད་ཀྱི་རང་བཞིན་ངེས་འབྱེད་ཆ་མཐུན་ལ་སྤྱི་དང་ཡན་ལག་གི་དོན་གཉིས་ཀྱི་དང་པོ་ལ་རྟེན། ངོ་བོ། བློ་རིགས་དཔྱད་པ་དང་གསུམ་གྱི་དང་པོ་ནི། མཐོ་ལམ་གྱི་ལུས་དང་བསམ་པའི་རྟེན་གང་ཡིན་པ་སྦྱོར་ལམ་གྱི་ཡང་ཡིན་ནོ། །སྦྱོར་ལམ་ནི་མཐོང་ལམ་གྱི་འཁོར་ཡིན་པས་སོ། །དེས་ན་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་འདོད་ལྷ་དང་བཅས་པ་ནི་ལུས་ཀྱི་རྟེན་ཡིན་ལ། སེམས་རྟེན་ནི་བསམ་གཏན་ས་དྲུག་ཡིན་ལ། བྱང་སེམས་ནི་ཐབས་ལ་མཁས་པས་འདོད་སེམས་ལ་ཡང་བརྟེན་ནོ། །ཐེག་ཆེན་མཐོང་ལམ་བསམ་གཏན་བཞི་པ་ཁོ་ན་ལ་བརྟེན་ཞེས་སྔ་རབས་པ་དག་འདོད་པ་ནི་མ་ཡིན་ནོ། །བྱང་སེམས་རྒྱུན་ཞུགས་དང་ཐོད་རྒལ་བའི་ཕྱིར་འོང་དག་འདོད་སེམས་དང་བསམ་གཏན་དང་པོའི་ཉེར་བསྡོགས་གང་རུང་ལ་བརྟེན་པའི་ཕྱིར་ཏེ། དེ་དག་གིས་བསམ་གཏན་གྱི་དངོས་གཞིའི་སེམས་མ་ཐོབ་པས་སོ། །གཉིས་པ་ལ་མཚན་ཉིད། དབྱེ་བ། ཕྱེ་བ་སོ་སོའི་དོན་དང་གསུམ་གྱི་དང་པོ་ནི། ཐར་པ་ཆ་མཐུན་རྫོགས་རྗེས་ཀྱི་བདེན་པ་མངོན་པར་རྟོགས་པ་དང་རྗེས་སུ་མཐུན་པའི་འཇིག་རྟེན་པའི་སྒོམ་བྱུང་། གཉིས་པ་ནི། གནས་སྐབས་ཀྱི་ཕྱེ་བ། ཆུང་ངུ་དང་། འབྲིང་དང་། ཆེན་པོ་གསུམ། ངོ་བོས་ཕྱེ་བ། དྲོ་བ་ལ་སོགས་པ་བཞིའོ། །གསུམ་པ་ནི། མཐོང་ལམ་སྐྱེད་པ་ཚེ་རབས་ཀྱི་དུས་ངེས་པ་མེད་པ་ཅན་ནི་ངེས་འབྱེད་ཆ་མཐུན་ཆུང་ངུའོ། །ཚེ་རབས་ཀྱི་དུས་ངེས་པ་ཅན་ནི་འབྲིང་ངོ་། །ཚེ་འདི་ཉིད་ལ་སྐྱེས་པ་ནི་ཆེན་པོའོ། །སྣང་བ་ཐོབ་པའི་ཏིང་ངེ་འཛིན་དྲོ་བར་གྱུར་པ་ནི། ཆོས་རང་བཞིན་མེད་པ་ལ་མཉམ་པར་བཞག་པ་ན། ཤེས་པ་ལས་ཐ་དད་པའི་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་དང་པོར་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དེ་སྐད་དུ་ཡང་རྒྱན་ལས། བྱང་ཆུབ་སེམས་པ་མཉམ་གཞག་པས། །ཡིད་ཀྱི་བརྗོད་པ་མ་གཏོགས་པ། །དོན་ཀུན་རབ་ཏུ་མི་མཐོང་ངོ་། །ཞེས་སོ། །སྣང་བ་མཆེད་པའི་ཏིང་ངེ་འཛིན་རྩེ་མོར་གྱུར་པ་ནི། གཟུགས་མེད་ཀྱི་སྣང་བ་དེ་འཕེལ་བར་བྱ་བའི་ཕྱིར་བརྩོན་འགྲུས་བརྩམས་པས་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་ཁྱད་པར་དུ་གྱུར་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དེ་སྐད་དུ་ཡང་། ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །བརྩོན་འགྲུས་བརྟན་པ་རབ་ཏུ་རྩོམ། །ཞེས་སོ། །དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་བཟོད་པ་ནི། སེམས་ཙམ་ལ་གནས་ཏེ་གཟུགས་མེད་ཀྱི་ཆོས་ཉིད་ལ་གསལ་སྣང་ཆེར་སྐྱེས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དེ་སྐད་དུ་ཡང་། དེ་ནས་དོན་ཀུན་སྣང་བ་ནི། །སེམས་སུ་རབ་ཏུ་སྣང་བར་འགྱུར། །དེ་ཚེ་དེ་ཡིས་གཟུང་བ་ཡིས། །རྣམ་པར་གཡེང་བ་དེས་སྤོང་འགྱུར། །ཞེས་སོ། །བར་ཆད་མེད་པའི་ཏིང་ངེ་འཛིན་ཆོས་ཀྱི་མཆོག་ནི། དེའི་འོག་དུ་འཛིན་པ་རང་བཞིན་མེད་པ་ལ་གསལ་སྣང་ཡོངས་སུ་རྫོགས་པར་གྱུར་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དེ་སྐད་དུ་ཡང་། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །འདི་ལྟར་དེ་ཡི་མཇུག་ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བ་ཡོད། །ཅེས་སོ། །གནས་སྐབས་འདི་དག་ཏུ་ཆོས་ཉིད་ལ་སྒོམ་བྱུང་གི་གསལ་གནང་ཐོབ་པས། མོས་པ་བརྟན་པའི་ཕྱིར་མོས་སྤྱོད་ཀྱི་ས་ཞེས་བྱའོ། །ས་འདི་ལ་གནས་པའི་བྱང་སེམས་ནི་སོ་སྐྱེ་ཡིན་ཡང་། བྱིས་པའི་རྒུད་པ་ཐམས་ཅད་ལས་ཡང་དག་པར་འདས་ཤིང་ཏིང་ངེ་འཛིན་དང་གཟུངས་དང་རྣམ་ཐར་དང་། མངོན་ཤེས་ལ་སོགས་པའི་ཡོན་ཏན་གྲངས་མེད་པ་དང་ལྡན་ནོ། །ཞེས་དཀོན་མཆོག་སྤྲིན་ལས་བཤད་པ་ནི། བྱང་སེམས་དབང་པོ་རྣོན་པོའི་དབང་དུ་བྱས་པ་ཡིན་གྱི། ཐམས་ཅད་ལ་ངེས་པ་མེད་དོ། །གསུམ་པ་ནི། ལོ་ཙཱ་བ་ཆེན་པོས། ངེས་འབྱེད་ཆ་མཐུན་འདི་རྣམས། རྒྱུ་སྒོམ་པའི་སྟོབས་ལས་བྱུང་བ་དང་། ཡུལ་ཆོས་ཉིད་ལ་རྣམ་པ་གསལ་སྣང་ཅན་ཡིན་པའི་ཕྱིར་རྣལ་འབྱོར་མངོན་སུམ་དུ་བཞེད་པར་གྲགས་སོ། །དེ་ནི་མི་རིགས་ཏེ་མངོན་སུམ་ནི། ཡུལ་ལ་ཆ་ཤས་མ་ཕྱེ་བར་མངོན་དུ་བྱེད་པའི་རྣམ་པས་འཇུག་པས་ཆོས་ཉིད་མངོན་སུམ་དུ་མཐོང་བ་དང་། མཐོང་སྤང་གི་སྒྲིབ་པ་སྤོང་བ་དང་མོས་སྤྱོད་ཀྱི་ས་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་ཁ་ཅིག་འདི་ནི་གཉིས་སྣང་གི་རྟོག་བཅས་ཡིན་གྱི་སྒྲ་དོན་འཛིན་པའི་རྟོག་པ་དང་བྲལ་བ་ཡིན་ཏེ། ཡུལ་ཆོས་ཉིད་ལ་གསལ་སྣང་ཅན་ཡིན་པས་སོ་ཞེས་ཟེར་རོ། །དེ་ལྟར་ན། འདི་རང་གི་ཡུལ་ཆོས་ཉིད་ལ་འཁྲུལ་པའམ་འོན་ཏེ་མ་འཁྲུལ་བ་ཡིན། དང་པོ་ལྟར་ན། ཆོས་ཉིད་དེ་ལ་ལྟོས་ནས་ཚད་མའི་སྟོབས་ཀྱིས་དྲངས་པས་ཤེས་པ་མ་ཡིན་པར་ཐལ། དེ་ལ་རྟོག་མེད་ལོག་ཤེས་ཡིན་ཕྱིར་ཟླ་གཉིས་ཀྱི་ཤེས་པ་བཞིན། རྟོག་མེད་ཀྱི་ཤེས་པ་འཁྲུལ་པའི་རྒྱུ་ནི་ཕྱི་ནང་གི་རྐྱེན་གྱིས་བདག་རྐྱེན་དབང་པོ་བསླད་པ་ཉིད་ཡིན་གྱི་ཚད་མའི་སྟོབས་ཀྱིས་སྐྱེད་པ་མ་སྲིད། ཅི་སྟེ། ཚད་མའི་སྟོབས་ཀྱིས་བསྐྱེད་པ་མ་ཡིན་ན་ཡང་བསྒོམས་པ་ལས་བདེན་པ་མངོན་པར་རྟོགས་པའི་ལམ་མི་སྐྱེ་བར་འགྱུར་ཏེ། ཚད་མས་གནོད་བཅས་ཀྱི་དོན་གོམས་པར་བྱས་པ་ལས་དེ་ཁོ་ན་ཉིད་ཀྱི་རྟོགས་པ་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཆོས་ཉིད་ལ་མ་འཁྲུལ་ན་ཡང་། དེ་མངོན་སུམ་ཚད་མར་འགྱུར་བས་གོང་དུ་བཤད་པའི་ཉེས་པ་སོ་ན་གནས་སོ། །དེས་ན། ངེས་འབྱེད་ཆ་མཐུན་འདི་རྣམས་ནི། གཅིག་དང་དུ་བྲལ་ལ་སོགས་པའི་རྟགས་ལ་བརྟེན་པའི་ཚད་མའི་སྟོབས་ཀྱིས་དྲངས་པའི་ཤེས་རབ་ཡང་དག་པ་དཔྱོད་པའི་ངོར་གྱུར་པ་བསྒོམས་པའི་སྟོབས་ཀྱིས་སྟོང་ཉིད་ལ་གསལ་སྣང་ཅུང་ཟད་དང་བཅས་པ་ཡིན་ནོ། །གསལ་བར་སྣང་ཡང་རྟོག་བྲལ་མ་ཡིན་ཏེ། མཐོང་སྤང་གི་ས་བོན་ཉམས་སྨད་པར་བྱེད་པ་ཙམ་ཡིན་གྱི་དྲུངས་ནས་འབྱེན་བྱེད་མ་ཡིན་པའི་ཕྱིར་རོ། །གསལ་བ་སྣང་བ་ནི། ཐོས་བསམ་གྱི་ཤེས་པ་ལ་ལྟོས་ཏེ། རྣམ་རྟོག་རགས་པ་དང་བྲལ་བ་ཙམ་ཡིན་གྱི། ཡུལ་ཇི་ལྟ་བ་བཞིན་དུ་མངོན་དུ་གྱུར་པ་མ་ཡིན་པས་མངོན་སུམ་དུ་མི་འགྱུར་རོ། །གཉིས་པ་ལ་མདོར་བསྟན། རྒྱས་བཤད་གཉིས་ཀྱི་དང་པོ་ལ་གསུམ་ལས་དང་པོ་ནི། གདམས་ངག་གི་འོག་ཏུ་ངེས་པར་འབྱེད་པའི་ཡན་ལག་ངེས་པའི་ལམ་གཞན་མ་བསྟན་པ་སྡུག་བསྔལ་འཆད་དོ། །དེའི་རྒྱུ་མཚན་ལས་དང་པོ་པ་ཚོགས་ཀྱི་ལམ་ལ་གནས་པ་གོང་དུ་བཤད་པའི་ཚུལ་དེ་ལྟར་གདམས་ངག་ཐོབ་པས་དེའི་དོན་ཚུལ་བཞིན་ཉམས་སུ་བླངས་པ་ལས་འབྲས་བུ་ངེས་པར་འབྱེད་པའི་ཡན་ལག་འབྱུང་བས་སོ། །གཉིས་པ་རྩ་བ་ནི། ཁྱད་པར་འཕགས་ཞེས་དྲང་། འདི་ལ་ཁྱད་གཞི། ཁྱད་ཆོས། གང་ལས་ཁྱད་པར་དུ་འཕགས་པ་གསུམ་གྱི་དང་པོ་ནི། རྟེན་གྱི་གང་ཟག་བྱང་ཆུབ་སེམས་དཔའ་ཉིད་ཀྱི་གཟིགས་པའི་ལམ་གཞན་ལ་བསྟན་པས་སྡུག་བསྔལ་སྐྱོབ་པའི་དྲོད་དང་སོགས་པས་རྩེ་མོ་བཟོད་པ་ཆོས་མཆོག་རྣམས་སོ། །

དེ་དག་གི་རང་བཞིན་ཅི་ཞེ་ན། དྲོད་ལ་སོགས་པ་བཞི་པོའི་བདག་ཉིད་གོ་རིམ་ཇི་ལྟ་བ་བཞིན་དུ་འོག་ནས་འཆད་པར་འགྱུར་བའི་གཟུང་འཛིན་གྱི་རྣམ་པར་རྟོག་པ་དང་པོར་ལྡན་པ་ལ་བ རྟེན་པ་ཅན་ནོ། །དབྱེ་བ་ནི། རེ་རེ་ཡང་སྔ་ཕྱི་རིམ་གྱིས་སྐྱེ་བས་སམ། གདམས་ངག་དབང་པོ་རྟུལ་འབྲིང་རྣོ་གསུམ་གྱི་བྱེ་བྲག་གིས་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་གསུམ་མོ། །གཉིས་པ་ནི། གང་ཡོངས་སུ་བཅད་པར་བྱ་བའི་དམིགས་པ་དང་། ཚུལ་ཇི་ལྟར་ཡོངས་སུ་གཅོད་པའི་རྣམ་པ་དང་། འབྲས་བུ་ཁྱད་པར་ཅན་གྱི་རྒྱུ་བྱེད་པ་དང་། མི་མཐུན་ཕྱོགས་སྤོང་ཞིང་མཐུན་རྐྱེན་སྒྲུབ་པར་བྱེད་པའི་ཡོངས་སུ་འཛིན་པ་སྟེ། ཁྱད་པར་བཞི་ཡིས་སོ། །གསུམ་པ་ནི། ཉན་ཐོས་དང་བསེ་རུ་ལྟ་བུའི་རང་རྒྱལ་ཚོགས་སྤྱོད་ཆེ་ཆུང་དང་བཅས་པའི་སྦྱོར་ལམ་དག་ལས་སོ། །ཉི་སྣང་དུ། ཉན་ཐོས་ལ་སོགས་པ་ལས་ཁྱད་པར་རྣམ་པར་བཞི་བརྗོད་པར་བྱ་བ་ཡིན་ཏེ། དམིགས་པའི་ཁྱད་པར་དང་། རྣམ་པའི་ཁྱད་པར་དང་། རྒྱུ་ཡི་ཁྱད་པར་དང་། ཡོངས་སུ་འཛིན་པའི་ཁྱད་པར་རོ་ཞེས་སོ། །ཁྱད་ཆོས་བཞི་དང་། ཟློས་སྤོང་གི་ཐད་དུ་རྣམ་རྟོག་བཞི་དང་། ཆུང་ངུ་འབྲིང་གི་དབྱེ་བ་ཡང་བསྣམས་ནས་ཁྱད་ཆོས་དྲུག་ཏུ་བཤད་ཅིང་། འགྲེལ་ཆེན་དུ། ཆུང་འབྲིང་གི་དབྱེ་བ་དང་བཅས་པ་ཁྱད་ཆོས་ལྔར་འཆད་ལ། འདིར་ཆུང་འབྲིང་སོགས་ཁྱད་གཞིའི་དབྱེ་བར་བྱས་ནས་རྣམ་རྟོག་དང་བཅས་པའི་ཁྱད་ཆོས་ལྔར་འཆད་དོ། །གསུམ་པ་འགྲེལ་པ་ལ་དངོས་དང་། ཞར་ལ་བྱང་སེམས་ཀྱི་སྦྱོར་ལམ་དམིགས་ཚུལ་སྣ་ཚོགས་སུ་བསྟན་པ་གཉིས་ཀྱི་དང་པོ་ལ། ཁྱད་པར་འཕགས་ཚུལ་དང་དེའི་རྒྱུ་མཚན་གཉིས་ཀྱི་དང་པོ་ནི། ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་དྲང་། འདི་ལ་རྩ་བ་ལྟར་གསུམ་གྱི་དང་པོ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོའོ། །འདི་ལ་རྒྱུ། ངོ་བོ། འབྲས་བུ། དབྱེ་བ་བཞིའི་དང་པོ་ནི། ཐར་པའི་ཆ་དང་མཐུན་པས་བསྡུས་པའི་དད་པ་ལ་སོགས་པ་དབང་པོ་ལྔའི་མཚན་ཉིད་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ལས་འབྱུང་བས་དེའི་འོག་ཏུའོ། །ཐར་པ་ཆ་མཐུན་གྱི་དགེ་བ་ཇི་ལྟ་བུ་ཞེ་ན། དེ་ཁོ་ན་ཉིད་རྟོགས་པ་དང་རྗེས་སུ་མཐུན་པའི་གསུང་རབ་ལ་ཐོས་པ་དང་སོགས་པས་བསམ་པ་སོགས་རྒྱུ་སྨིན་པར་བྱེད་པ་ཚོགས་ཀྱི་ལམ་རབ་ཀྱི་མཐར་ཕྱིན་པ་ཐོབ་པའོ། །གཉིས་པ་ནི། འཇིག་རྟེན་པའི་སྒོམ་པ་ལས་བྱུང་བ་སྟེ། རྟོག་བཅས་ཡིན་པའི་ཕྱིར་དང་། གོམས་ཡུལ་ལ་གསལ་སྣང་ཡོད་པས་སོ། །དང་པོས་འཕགས་ལམ་དང་། གཉིས་པས་ཐར་པ་ཆ་མཐུན་ལས་འབྱེད་པས། དེ་ནི་ཐོས་བསམ་གྱི་རང་བཞིན་ཡིན་པས་སོ། །དང་པོ་ནི། བདེན་བཞིའི་ཆོས་ཉིད་རྟོགས་པའི་མཐོང་ལམ་སྐྱེ་བ་དང་རྗེས་སུ་མཐུན་པ་སྟེ། འདིས་ནི། མི་སྡུག་པ་བསྒོམ་པ་སོགས་མོས་པ་ཡིད་བྱེད་ཀྱི་སྒོམ་བྱུང་ལས་ཁྱད་པར་དུ་བྱེད་དོ། །བཞི་པ་ལ་ངོ་བོ་དང་། གནས་སྐབས་ཀྱི་དབྱེ་བ་གཉིས་ཀྱི་དང་པོ་ནི། གཟུགས་མེད་ཀྱི་ཆོས་ཉིད་ལ་སྒོམ་བྱུང་གི་གསལ་སྣང་དང་པོ་ཐོབ་པ། དྲོ་བར་གྱུར་པ་ཞེས་བྱ་བའི་དགེ་བའི་རྩ་བ་དང་། དེའི་འོག་ཏུ་གསལ་སྣང་འབྲིང་དུ་ཐོབ་པ་རྩེ་མོར་གྱུར་པ་དང་། དེའི་འོག་ཏུ་གཟུགས་མེད་ལ་གསལ་སྣང་ཡོངས་སུ་རྫོགས་པ་བཟོད་པར་གྱུར་པ་དང་། དེའི་འོག་ཏུ་འཛིན་མེད་ལ་གསལ་སྣང་ཡོངས་སུ་རྫོགས་པ་ཆོས་ཀྱི་མཆོག་ཅེས་བྱ་བ་རྣམ་པ་བཞིའོ། །གཉིས་པ་ནི། ཐོག་མ་དང་། བར་དང་། ཐ་མ་གསུམ་དུ་སྔ་ཕྱི་རིམ་གྱིས་སྐྱེ་བས་སམ། རྟེན་གྱི་གང་ཟག་བྱང་སེམས་དང་འབྲེལ་བའི་དབང་པོ་རྟུལ་པོ་དང་། སོགས་པས་འབྲིང་དང་རྣོན་པོའི་གང་ཟག་གི་བྱེ་བྲག་གིས་དེ་དག་རེ་རེ་ལའང་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་གསུམ་མོ། །གཉིས་པ་ཁྱད་པར་གྱི་ཆོས་ནི། དམིགས་པ་མི་རྟག་ལ་སོགས་པ་ཞེས་སོགས་སུ་འཆད་པར་འགྱུར་བས་དམིགས་པའི་ཁྱད་པར་གྱི་ངོ་བོ་ཉིད་མི་རྟག་པ་ལ་སོགས་པས་ཁྱད་པར་དུ་བྱས་པའི་བདེན་པ་བཞིའི་དངོས་པོ་ལ་དམིགས་པ་དང་། མི་རྟག་པ་ལ་སོགས་པ་ཆོས་སུ་ལྟ་བའི་གཉེན་པོ་ཉིད་ཀྱིས་རྟག་མི་རྟག་སོགས་ཆོས་སུ་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པར་ཞུགས་པས། ཐེག་པ་གསུམ་ཆར་གྱི་ཡོན་ཏན་རྟོགས་ཤིང་ཐོབ་པའི་རྒྱུའི་ངོ་བོ་ཉིད་དང་། ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་ཐབས་ལ་མཁས་པའི་མཚན་ཉིད་ཀྱི་སྲིད་ཞིིའི་མཐའ་ལ་མི་ལྟུང་བར་ཡོངས་སུ་འཛིན་པ་དང་ལན་ཅིག་དང་། རྩེ་མོའི་སྐབས་ཀྱི་མཐོང་བ་དང་། སྒོམ་པས་སྤང་བྱའི་གཟུང་འཛིན་གྱི་རྣམ་རྟོག་བཞི་པོ་འོག་ནས་འཆད་པར་འགྱུར་བའི་ཚུལ་དང་། ཀུན་ནས་ཉོན་མོངས་བྱེད་དུ་འབྲེལ་བར་འབྱུང་བ་ཡིས་སོ། །གསུམ་པ་ཡུལ་གང་ལས་ཁྱད་པར་འཕགས་པ་ནི། ཉན་ཐོས་རྣམས་དང་། སོགས་པས་རང་རྒྱལ་རྣམས་ཀྱི་དྲོ་བ་ལ་སོགས་པ་ལས་སོ། །

གཉིས་པ་ཁྱད་ཆོས་དེ་དག་གི་ཁྱད་པར་འཕགས་པའི་རྒྱུ་མཚན་ནི། ཉན་རང་དེ་དག་གི་དྲོ་བ་ལ་སོགས་པའི་རྩ་བ་རྣམས་ནི། ཁྱད་ཆོས་ལྔ་པོ་དང་བྲལ་བའི་ཕྱིར་ཏེ། འདི་ལྟར། ཉན་ཐོས་ཀྱི་ཐེག་པའི་ལུང་ལས། དེ་དག་གི་ལམ་རྣམས་གཟུགས་སུ་རུང་བ་དང་། སོགས་པས་ཉམས་སུ་མྱོང་བ་དང་། ཡུལ་སོ་སོ་རྣམ་པར་རིག་པ་ལ་སོགས་པའི་མཚན་ཉིད་ཀྱི་ཕུང་པོ་ལྔའི་ངོ་བོའི་བདག་ཉིད་ཀྱི་བདེན་པ་བཞི་ལ་དམིགས་པ་དང་། སྤང་བྱ་གང་ཟག་གི་དབང་དུ་ལྟ་བའི་གཉེན་པོ་ཉིད་ཀྱིས་མི་རྟག་པ་ལ་སོགས་གང་ཟག་གི་བདག་མེད་པའི་རྣམ་པར་ཞུགས་པ་དང་རང་གཅིག་བུ་གྲོལ་བ་དོན་དུ་གཉེར་བས་རང་གི་ཐེག་པའི་འབྲས་བུ་རྟོགས་ཤིང་། ཐོས་པ་ཁོ་ནའི་ཆེད་དུ་དང་། སྲིད་ཞིའི་མཐའ་ལས་སྐྱོབ་པའི་ཡོངས་འཛིན་ཐབས་མཁས་དང་བྲལ་བ་དང་། གཟུང་འཛིན་གྱི་རྣམ་པར་རྟོག་པ་རྣམ་པ་བཞི་རང་གི་བྱང་ཆུབ་ཀྱི་གེགས་མི་བྱེད་པས་ཀུན་ནས་ཉོན་མོངས་བྱེད་དུ་མི་ལྡན་པར་འབྱུང་ངོ་ཞེས་འབྱུང་བའི་ཕྱིར་རོ། །

གཉིས་པ་ལ་དངོས་དང་། རྒྱས་པར་མ་དཀྲོལ་བའི་རྒྱུ་མཚན། ཐེག་པ་གཞན་དང་འགལ་བའི་རྩོད་པ་སྤང་བ་དང་གསུམ་གྱི་དང་པོ་ནི། བདེན་པ་བཞིའི་དངོས་པོ་ལ་དམིགས་པ་ཡིན་ནོ། །གང་གིས་ན། བྱང་སེམས་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་སོ། །གང་གི་སྒོ་ནས་ཞེ་ན། བཟོད་པ་འབྲིང་གི་གནས་སྐབས་ཁ་ཅིག་ཏུ་ནི་རྒྱུའི་སྒོ་ནས་དམིགས་ཏེ། སྒོ་གསུམ་མཚན་གཞི་དང་བཅས་པ་རྣམ་པར་དག་པའི་རྒྱུར་གྱུར་པའི་ཚུལ་དུ་བདེན་བཞི་ལ་དམིགས་པས་སོ། །ཆོས་མཆོག་ཆུང་ངུའི་གནས་སྐབས་ཁ་ཅིག་ཏུ་ནི་འབྲས་བུའི་སྒོ་ནས་དམིགས་ཏེ། གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་ཏིང་ངེ་འཛིན་གྱི་བྱེད་པ་འཇུག་པའི་ཆེད་དུ་བདེན་བཞི་ལ་དམིགས་པའི་ཕྱིར། བཟོད་པ་ཆུང་ངུའི་གནས་སྐབས་ཁ་ཅིག་ཏུ་ནི་བདེན་གཉིས་ཀྱི་ངོ་བོ་ཉིད་ཀྱི་སྒོ་ནས་དམིགས་ཏེ། བདེན་བཞིས་བསྡུས་པའི་གཟུགས་སོགས་དོན་དམ་པར་རང་བཞིན་མེད་ཅིང་ཀུན་རྫོབ་དུ་རང་བཞིན་དང་བཅས་པ་ལྟར་དུ་དམིགས་པའི་ཕྱིར་རོ། །དྲོ་བ་ཆུང་ངུ་ལ་སོགས་པ་ཁ་ཅིག་ཏུ་ནི་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་དམིགས་ཏེ། མངོན་ཤེས་བཀག་པ་ལ་སོགས་པ་སྟོང་པ་ཉིད་ཀྱི་ཚུལ་དུ་བདེན་བཞི་ལ་དམིགས་པའི་ཕྱིར། འོ་ན་སྦྱོར་ལམ་བཅུ་གཉིས་པོ་གང་གིས་རྒྱུའི་སྒོ་ནས་དམིགས་ཤིང་གང་གི་འབྲས་བུ་ལ་སོགས་པའི་སྒོ་ནས་དམིགས་ཞེ་ན། སྦྱོར་ལམ་གང་ལ་རྒྱུ་འབྲས་ངོ་བོ་ཆོས་ཉིད་ཀྱི་རྣམ་པ་ཇི་ལྟར་སྲིད་པ་བཞིན་དུ་དམིགས་པ་ཡིན་ལ།

དེ་ཡང་ཅི་རིགས་པ་རང་གི་རྣམ་པར་དཔྱད་ནས་ཤེས་པར་བྱའོ། །ཅིའི་ཕྱིར་དེ་ལྟར་དམིགས་པ་ཡིན་ཞེ་ན། བདེན་གཉིས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་སོ། །བོད་རྣམས་མཉམ་གཞག་དུ་དོན་དམ་ལ་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་དམིགས་ལ། རྗེས་ཐོབ་དུ་ཀུན་རྫོབ་ལ་རྒྱུ་འབྲས་ངོ་བོ་གསུམ་གྱི་སྒོ་ནས་དམིགས་ཏེ། ཀུན་རྫོབ་ལ་རྒྱུ་འབྲས་ངོ་བོ་གསུམ་ལས་མ་འདས་པས་སོ་ཞེས་འཆད་པ་ལེགས་པར་ལྟར་སྣང་ཡང་སློབ་དཔོན་གྱི་དགོངས་པར་མི་སྣང་ཞིང་། འགྲེལ་པ་གཞན་གྱི་བཤད་པ་ལ་སྙིང་པོ་མེད་དོ། །སྔ་མ་ཉན་ཐོས་ཀྱི་སྦྱོར་ལམ་བཞིན་དུ་མི་རྟག་པ་ལ་སོགས་པ་རྣམ་པ་གཞུང་དུ་བསྟན་པ་ལས་གཞན་གྱིས་ཀྱང་བདེན་པ་བཞི་ལ་ཀུན་ཏུ་དམིགས་སོ་ཞེས་བཤད་པར་བྱའོ། །དེ་ལྟར་ན་ཡང་། ཉན་ཐོས་བཞིན་དུ་ཆོས་ཀྱི་མཚན་མར་འཛིན་པ་དང་། མྱང་འདས་སུ་ལྟུང་བར་མི་འགྱུར་ཏེ། ཐབས་ལ་མཁས་པའི་སྟོབས་ཀྱིས་སོ། །གཉིས་པ་ནི། རྒྱུའི་སྒོ་ནས་དམིགས་ཚུལ་སོགས་འོག་ནས་གཞུང་ཉིད་ཀྱི་འཆད་ཀྱང་། རྣམ་པ་གཞན་གྱིས་དམིགས་ཚུལ་འདི། འགྲེལ་པས་འཆད་པར་རིགས་སོ་ཞེ་ན། འགྲེལ་པ་འདིར་དེ་དག་རྒྱས་པར་མ་སྤྲོས་ཏེ། མདོར་བསྡུས་ཏེ་རྩ་བའི་ཚིག་དོན་ཙམ་རྣམ་པར་བཀྲོལ་བ་ཙམ་དུ་བརྗོད་པར་འདོད་པས་སོ། །གསུམ་པ་ནི། གལ་ཏེ་བདེན་པ་བཞི་ལ་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་དམིགས་སོ་ཞེས་པ་དེ་མངོན་པའི་སྡེ་སྣོད་དང་འགལ་ཏེ། ཆོས་མངོན་པ་ལས་དྲི་མེད་བཅུ་དྲུག་གཞན་རྣམས་མེད་ཅེས་བདེན་པའི་རྣམ་པ་མི་རྟག་སོགས་བཅུ་དྲུག་ཏུ་བཤད་པས་སོ་ཞེ་ན། དེ་ནི་ཉན་ཐོས་ཉོན་སྒྲིབ་ཙམ་སྤངས་པའི་རྣམ་གྲོལ་དོན་དུ་གཉེར་བའི་དབང་དུ་བྱས་པ་ཡིན་ལ། འདི་ནི་བྱང་སེམས་ཤེས་སྒྲིབ་སྤོང་བ་དོན་དུ་གཉེར་བ་དག་གི་དབང་དུ་བྱས་པ་ཡིན་ཏེ། བདེན་འཛིན་ཇི་སྙེད་པའི་གཉེན་པོར་དེ་དང་འགལ་བའི་རྣམ་པ་དེ་སྙེད་སྒོམ་དགོས་པས་བཅུ་དྲུག་དུ་མ་ངེས་ཞེས་སྟོན་པ་ནི། གང་གི་ཕྱིར་ཤེར་ཕྱིན་གྱི་ཚུལ་འདི་ནི་ཉན་ཐོས་ཀྱི་ཐེག་པ་ལས་རྣམ་པར་བཞག་པ་གཞན་ཁོ་ན་ཡིན་ནོ། །ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ཡིན་པས་སོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་ཐེག་པ་གཞན་ཉན་ཐོས་ཀྱི་ཚུལ་ལ་བརྟེན་ནས་དེ་དང་འགལ་བར་བསམས་ཏེ། སྐབས་འདི་འབའ་ཞིག་དུ་མ་ཟད་གང་དུ་ཡང་སུན་འབྱིན་པར་བརྗོད་པར་མི་བྱ་སྟེ། ལུགས་ཐ་དད་ཁོ་ན་ཡིན་པས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། དམིགས་རྣམ་རྒྱུ་གསུམ། མཚུངས་ལྡན་ལྡོག་པ། ཡོངས་འཛིན་དགེ་བཤེས་བཤད་པ་དང་གསུམ་གྱི་དང་པོ་ལ། སྤྱིའི་མཚམས་སྦྱར། སོ་སོའི་དོན་བཤད། བརྗོད་ཚུལ་ལ་རྩོད་པ་སྤོང་བ་དང་གསུམ་གྱི། དང་པོ་ནི། གང་གིས་ཉན་རང་གི་སྦྱོར་ལམ་ལས་ཁྱད་པར་དུ་འཕགས་པའི་བྱང་སེམས་གྱི་སྦྱོར་ལམ་གྱི་དམིགས་པ་དང་རྣམ་པའི་ཁྱད་པར་དེ་ཇི་ལྟ་བུ་ཞེ་ན། དྲི་བ་དེའི་ལན་གདབ་པའི་ཕྱིར། དེའི་ཕྱིར་ཞེས་སོ། །དམིགས་རྣམ་ནི། སྦྱོར་ལམ་གྱི་ངོ་བོ་སྟོན་པའི་སྐབས་ལས་འཕྲོས་པའི་དོན་ཡིན་པས་བར་ཚིག་ཞེས་སོ། །གཉིས་པ་ལ་བཞིའི་དང་པོ་དྲོ་བ་ལ་རྩ་འགྲེལ་གཉིས་ཀྱི་དང་པོ་ནི། འདིར་དམིགས་པ་དང་རྣམ་པའི་དོན་ནི། སྒྲོ་འདོགས་གཅད་པར་བྱ་བའི་གཞི་ནི་དམིགས་པ་ཡིན་ལ། སྒྲོ་འདོགས་གཅོད་པར་བྱེད་པའི་གཉེན་པོ་ནི་རྣམ་པ་ཡིན་ནོ། །ཉི་སྣང་དུ། གལ་ཏེ་རེ་ཤིག་མངོན་པར་ཞེན་པ་མེད་པ་ཙམ། མངོན་པར་ཞེན་པ་མེད་པ་ཡིན་ན། དེ་ལྟར་ན་ནི་མེད་པའི་ཕྱིར་གཉེན་པོར་མི་རིགས་སོ། །འོན་ཏེ། གང་མངོན་པར་ཞེན་པ་མ་ཡིན་ན་ནི་མིག་ལ་སོགས་པ་ཡང་ཡིན་པར་ཐལ་བར་འགྱུར་རོ་ཞེ་ན། ཇི་ལྟར་མི་མཐུན་པ་ཡིན་པ་དེ་ལྟར་ནི་མངོན་པར་ཞེན་པ་ཡིན་ལ། ཇི་ལྟར་གཉེན་པོ་ཡིན་པ་དེ་ལྟར་ནི་མངོན་པར་ཞེན་པ་མ་ཡིན་པ་ཡིན་ནོ་ཞེས་སོ། །དེ་བས་ན་དམིགས་པ་བདེན་བཞིིའི་དེ་ཁོ་ན་ཉིད་ཡོངས་སུ་གཅོད་པར་བྱེད་པའི་ཏིང་ངེ་འཛིན་དང་ཤེས་རབ་ནི་རྣམ་པ་ཡིན་ནོ། །བདེན་པ་བཞི་ལ་ལོག་པར་ཞུགས་པའི་གདམས་ངག་དང་ཆོས་སུ་འཛིན་པའི་སྒྲོ་འདོགས་ཀྱི་གཉེན་པོ་བྱེད་པས་སོ། །དེ་ལ་དྲོ་བ་ཆུང་ངུའི་དམིགས་པ་ནི་མི་རྟག་པ་དང་སྡུག་བསྔལ་སོགས་བདེན་པ་བཞིའི་རྟེན་ཅན་ཏེ་མི་རྟག་པ་སོགས་ཀྱི་ཁྱད་པར་བྱས་པའི་བདེན་བཞི་ཡིན་ནོ། །མི་རྟག་སོགས་ཆོས་སུ་ཞེན་པའི་སྒྲོ་འདོགས་བཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར་རོ། །བདེན་པའི་རྟེན་ཅན་ནི་དམིགས་པ་དེ་ཡི་ནི་རྣམ་པ་མི་རྟག་སོགས་ཆོས་སུ་མངོན་པར་ཞེན་པ་དང་ལྷག་པར་གནས་པ་སོགས་འགོག་པ་ཡིན་ནོ། །དེ་ལ་ལོག་ཕྱོགས་སུ་སྒྲོ་འདོགས་པའི་མཐུན་ཕྱོགས་ཀྱི་གཉེན་པོ་ཡིན་པས་སོ། །མདོ་ནི། ཤ་བུ་བྱང་སེམས་ཤེར་ཕྱིན་ལ་སྤྱོད་པའི་ཚེ་གཟུགས་མི་རྟག་པ་དང་སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེད་ཅེས་བྱ་བར་མངོན་པར་ཞེན་པ་དང་། ལྷག་པར་གནས་པ་དང་། ཀུན་ཤེས་པ་དེ་ནི་བྱང་ཆེན་གྱི་ཆོས་ལ་མཐུན་པའི་སྲེད་པ་སྟེ། སྐྱོན་ནོ་ཞེས་པས་དམིགས་པ་རྗེས་འགྲོ་དང་། རྣམ་པ་བཟློག་པའི་སྒོ་ནས་བསྟན་ནོ། །དྲོ་བ་ཆུང་ངུ་ལ་སོགས་པ་ཐམས་ཅད་ནི་ཐེག་པ་གསུམ་ཆར་གྱི་ཡོན་ཏན་ཐོབ་པའི་རྒྱུ་ཡིན་ནོ། །བྱང་སེམས་ཀྱི་མཐོང་ལམ་ཉིད་ལ་ཐེག་པ་གསུམ་ཀའི་ཡོན་ཏན་ཚང་ཞིང་དེའི་རྒྱུ་བྱེད་པའི་ཕྱིར་རོ། །མདོ་ནི། ཉན་ཐོས་ཀྱི་ས་ལ་བསླབ་པར་འདོད་པས་ཀྱང་ཤེར་ཕྱིན་འདི་ཉིད་མཉན་པར་བྱ་བ་ཞེས་སོ། །དྲོད་འབྲིང་གི་དམིགས་པ་ནི་བདེན་པས་བསྡུས་པའི་གཟུགས་ལ་སོགས་པའི་འདུ་བ་སྒྲུབ་པ་དང་། འགོད་པ་དགག་པ་དང་བྲལ་བ་སྟེ། བཅོམ་ལྡན་འདས་བདག་གི་གཟུགས་ཀྱི་འདུ་བ་དང་། འགོད་པ་མ་འཚལ། མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ཞེས་སོ། །རྣམ་པ་ནི། དགག་སྒྲུབ་དང་བྲལ་བའི་གཟུགས་སོགས་ཀྱི་མིང་རྒྱུན་གནས་པ་དང་བྲལ་བ་ཡང་མེད་རྒྱུན་གནས་པ་ཡང་མེད་དེ། མིང་ཉིད་རང་བཞིན་མེད་པས་སོ། །མིང་དེ་ཡང་གནས་པ་ཡང་མ་ལགས། མི་གནས་པ་ཡང་མ་ལགས་ཞེས་སོ། །ཆེན་པོའི་དམིགས་པ་ནི། གཟུགས་ནས་སངས་རྒྱས་ཀྱི་བར་གྱི་ཆོས་བརྡར་བཏགས་པའི་ཐ་སྙད་པ་ཉིད་ཡིན་ནོ། །བཅོམ་ལྡན་འདས་འདི་ལྟ་སྟེ། བྱང་སེམས་ཞེས་ཆོས་ཀྱི་བརྡར་བཏགས་པ་དང་། ཆོས་སུ་བཏགས་པ་གང་ལགས་པ་འདིའང་ཞེས་སོ། །རྣམ་པ་ནི། དེ་ཉིད་དགེ་མི་དགེ་སོགས་ཆོས་གང་དུ་ཡང་བརྗོད་དུ་མེད་པར་རྟོགས་པ་སྟེ། ཕུང་པོ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་གང་གིས་ཀྱང་བརྗོད་པར་བགྱི་བ་མ་ལགས་ཏེ་ཞེས་སོ། །གཉིས་པ་འགྲེལ་པ་ལ་རྒྱས་པར་བཤད་པ། དོན་བསྡུ་བ་གཉིས་ཀྱི་དང་པོ་ནི། དེ་ལ་ཞེས་པ་ངག་ཉེ་བར་འགོད་པའི་ཚིག་ཕྲད་དོ། །སྡུག་བསྔལ་ལ་སོགས་པའི་བདེན་བཞི་ལ་བརྟེན་པའི་མི་རྟག་པ་ལ་སོགས་པའི་རྣམ་པ་སྟེ་ཆོས་བཅུ་དྲུག་ཆོས་ཅན། དྲོ་བ་ཆུང་ངུའི་དམིགས་པ་ཡིན་ནོ། །དེ་སྒྲོ་འདོགས་བཅད་པར་བྱ་བའི་གཞི་ཡིན་པས་སོ། །སྡུག་བསྔལ་ལ་སོགས་པ་བདེན་པ་བཞི་ལ་མི་རྟག་པ་ལ་སོགས་པ་དང་པོར་མངོན་པར་ཞེན་པ་དང་། དེའི་འོག་ཏུ་རྒྱུ་མཚན་ལྷག་པར་དམིགས་པ་དང་། སོགས་པས་ཕྱིན་ཅི་ལོག་གི་རྒྱུ་མཚན་འཛིན་པའི་སྒོ་ནས་ཀུན་ཤེས་པ་རྣམས་འགོག་པར་བྱེད་པའི་ཡེ་ཤེས་ཀྱི་བྱེ་བྲག་ཆོས་ཅན། བྱང་སེམས་ཀྱི་དྲོད་ཆུང་ངུའི་རྣམ་པ་ཡིན་ཏེ། དེའི་དམིགས་པ་ལ་ལོག་ཕྱོགས་སུ་སྒྲོ་འདོགས་པའི་མི་མཐུན་ཕྱོགས་ཀྱི་གཉེན་པོ་ཡིན་པའི་ཕྱིར་ཐམས་ཅད་ལ་དེ་བཞིན་ཤེས་པར་བྱའོ། །བྱང་སེམས་ཀྱི་དྲོ་བ་ལ་སོགས་པ་ངེས་འབྱེད་ཆ་མཐུན་ཐམས་ཅད་ཀྱང་ཆོས་ཅན། ཐེག་པ་གསུམ་ཆར་གྱི་རྟོགས་པ་ཐོབ་པའི་རྒྱུའི་ངོ་བོ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཉན་རང་གི་སྤངས་རྟོགས་ཡོན་ཏན་ཡར་ལྡན་དུ་ཐོབ་པའི་བྱང་སེམས་ཀྱི་མཐོང་ལམ་ཐོབ་བྱེད་ཡིན་པའི་ཕྱིར་རོ། །དྲོ་བ་འབྲིང་གི་དམིགས་པ་ནི་གཟུགས་ལ་སོགས་པ་ཡོད་དོ་ཡིན་ནོ་ཞེས་སོགས་སྒྲུབ་པ་དང་། མེད་དོ་མིན་ནོ་ཞེས་སོགས་དགག་པའི་ཐ་སྙད་དག་མོས་པ་ཡིད་ལ་བྱེད་པས་གྲངས་བཞིན་དུ་མི་དམིགས་ཤིང་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་མ་མཐོང་བ་ཞེས་བྱ་བ་ཡིན་ནོ། །དེ་ལ་ཐོས་བསམ་ལས་བྱུང་བ་དང་། འཇིག་རྟེན་པའི་སྒོམ་བྱུང་ནི་མོས་པ་ཡིད་ལ་བྱེད་པ་ཡིན་ནོ། །ཆོས་ཉིད་ལ་དོན་སྤྱིའི་ཚུལ་གྱིས་རྣམ་པར་སྤྱོད་པ་ཡིན་པའི་ཕྱིར་རོ། །མཐོང་སྒོམ་གྱིས་བསྡུས་པ་ནི། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ཡིན་ནོ། །ཆོས་ཉིད་ལ་མངོན་དུ་བྱེད་པའི་རྣམ་པས་འཇུག་པའི་ཕྱིར་རོ། །རྣམ་པ་ནི། དགག་སྒྲུབ་དང་བྲལ་བའི་གཟུགས་སོགས་ཆོས་རྣམས་ནི། མིང་ཙམ་དུ་ཟད་ལ་མིང་ཐམས་ཅད་ཀྱང་ངོ་བོར་མེད་པ་ཉིད་ཀྱིས་རྒྱུན་མི་འདྲ་བ་རིགས་འདྲ་ཆད་པ་དང་རྒྱུན་འདྲ་བ་མ་ཆད་པར་འ ཇུག་པའི་མཚན་ཉིད་དག་མེད་པ་ཞེས་བྱ་བའི་ཆོས་ཉིད་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་ནོ། །དྲོ་བ་ཆེན་པོའི་དམིགས་པ་ནི། གཟུགས་ནས་སངས་རྒྱས་ཞེས་བྱ་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་དོན་ལ་མ་གྲུབ་ཅིང་མིང་གི་བརྡར་བཏགས་པ་ཙམ་གྱི་ཆོས་འཇིག་རྟེན་གྱི་ཐ་སྙད་ཀྱིས་བཞག་པ་ཙམ་ཡིན་ནོ་ཞེས་བྱའོ། །རྣམ་པ་ནི། དེ་དག་དོན་དམ་པར་རང་བཞིན་མེད་པས་དགེ་མི་དགེ་ལུང་མ་བསྟན་ལ་སོགས་པ་ཉིད་ཀྱི་ཆོས་གང་དུ་ཡང་བརྗོད་པ་མེད་པ་ཞེས་བྱ་བ་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གོ །གཉིས་པ་ནི། ཇི་སྐད་བཤད་པའི་ཚུལ་གྱིས་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་ཡོད་པ་དེ་ལྟར་ན་དྲོ་བར་གྱུར་པ་ཞེས་སོ། །ཅིའི་ཕྱིར་དྲོ་བར་གྱུར་པ་ཞེས་བྱ་ཞེ་ན། དཔེར་ན་གཙུབ་ཤིང་གཙུབས་པ་ལས་མེ་འབྱུང་བའི་སྔ་ལྟས་སུ་དྲོད་འབྱུང་བ་ལྟར། ཆོས་ཉིད་ལ་སྒོམ་བྱུང་གི་གསལ་སྣང་དང་པོར་ཐོབ་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེའི་སྔ་ལྟས་སུ་གྱུར་པའི་ཕྱིར་རོ། །གཉིས་པ་རྩེ་མོ་ལ་རྩ་འགྲེལ་གཉིས་ཀྱི་དང་པོ་འཕགས་པ་ལྟར་ན། རྩེ་མོ་ཆུང་ངུའི་དམིགས་རྣམ་ལ་གཉིས་ཏེ། བདེན་བཞིར་ཕྱེ་བ་དང་། བདེན་བཞིར་མ་ཕྱེ་བ་གཉིས་ཀྱི་དང་པོ་ལ་དམིགས་པ་ནི། གཟུགས་ལ་སོགས་པ་དོན་དམ་པར་མི་གནས་པ་སྟེ་གནས་བྱར་མེད་དེ། གཟུགས་སོགས་དེ་དག་དོན་དམ་པར་དེའི་ངོ་བོར་རང་བཞིན་མེད་པས་སོ། །མདོ་ནི་བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཚེ་གཟུགས་ལ་གནས་པར་མི་བགྱི་ཞེས་སོ། །རྣམ་པ་ནི། གཟུགས་སོགས་དེ་དག་གི་སྟོང་ཉིད་དག་ཕན་ཚུན་གཅིག་པའི་རང་བཞིན་གཅིག་ཉིད་དབྱེར་མེད་པར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གོ། གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་དག་གཟུགས་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་གཟུགས་མ་འཆིས། ཞེས་སོ། །གཉིས་པ་ལ་དམིགས་པ་ནི། གཟུགས་ལ་སོགས་པ་དེ་དག་དོན་དམ་པར་མི་རྟག་པ་དང་སྡུག་བསྔལ་ལ་སོགས་པར་མི་གནས་ཏེ། གཟུགས་སོགས་ཀྱི་མི་རྟག་པ་ལ་སོགས་པ་དེ་རྣམས་དོན་དམ་པར་དེ་ཡི་ངོ་བོ་སྟོང་པའི་ཕྱིར། བཅོམ་ལྡན་འདས་གཞན་ཡང་བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པ་དེའི་ཚེ་དེས་གཟུགས་མི་རྟག་ཅེས་བགྱི་བར་གནས་པར་མི་བགྱི། ཞེས་པ་ནས། གཟུགས་ཞི་ཞེས་བགྱི་བར་གནས་པར་མི་བགྱི། ཞེས་པའི་བར་དུ་གསུངས་སོ། །རྣམ་པ་ནི་མི་རྟག་པ་ལ་སོགས་པ་དང་། དེ་དག་གི་སྟོང་པ་ཉིད་ལ་སོགས་པ་དེ་དག་དོན་དམ་པར་ཕན་ཚུན་གཅིག་གི་རང་བཞིན་གཅིག་ཡིན་པར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གོ། བཅོམ་ལྡན་འདས་མི་རྟག་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ནི་མི་རྟག་པ་མ་ལགས། མི་རྟག་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མ་འཆིས་ཏེ། ཞེས་སོ། །རྩེ་མོ་འབྲིང་གི་དམིགས་པ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་མཚན་མར་མི་འཛིན་པ་སྟེ། གཟུང་བྱར་མེད་པ་གང་ཡིན་པ་སྟེ། བཅོམ་ལྡན་འདས་རྣམ་པར་མཁྱེན་པ་ཉིད་ནི་མཚན་མར་བཟུང་བར་བགྱི་བ་མ་ལགས་ཏེ། ཞེས་སོ། །རྣམ་པ་ནི། ཆོས་དེ་དག་ལ་ཐོབ་བྱ་དང་མངོན་པར་རྟོགས་བྱའི་མཚན་མར་མི་མཐོང་བའི་ཡེ་ཤེས་ཀྱི་བྱེ་བྲག་གོ །དེས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ཆོས་གང་ཡོངས་སུ་མ་བ ཟུང་བའོ། །འདི་ལྟར་དེས་ཤེས་པ་དེ་ལ་ནང་གི་ཐོབ་པ་དང་མངོན་པར་རྟོགས་པ་ཡང་དག་པར་རྗེས་སུ་མ་མཐོང་ཞེས་སོ། །རྩེ་མོ་ཆེན་པོའི་དམིགས་པ་ནི། ཆོས་རྣམས་ལ་འདིའི་ངོ་བོ་ནི་གང་། འབྲེལ་བ་ཅན་གང་གིས། མཚན་ཉིད་ཅི་ཞིག་ཅེས་པ་ཡང་དག་པའི་ཤེས་རབ་ཀྱིས་ཡོངས་སུ་རྟོགས་པའི་སྟེ་བརྟག་པའི་ཁྱད་པར་ཅན་གྱི་གཟུགས་ལ་སོགས་པའོ། །བྱང་ཆེན་ཤིར་ཕྱིན་ལ་སྤྱོད་པའི་ཚེ་ཤེར་ཕྱིན་གང་། གང་གིས། ཅི་ཞིག །ཅིའི་ཕྱིར་ཤེར་ཕྱིན་ཞེས་བྱ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བགྱིའོ། །ཞེས་སོ། །རྣམ་པ་ནི། དེ་ལྟར་ན་བཏགས་པ་ནི་ཆོས་ཐམས་ཅད་བདེན་པར་དམིགས་སུ་མེད་པར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་གོ །ཚེ་དང་ལྡན་པ་ཤ་བུ་ནང་སྟོང་པ་ཉིད་ལ་སོགས་པའི་ཕྱིར། གཟུགས་མེད་ཅིང་མི་དམིགས་སོ་ཞེས་སོགས་སོ། །གཉིས་པ་འགྲེལ་པ་ལ་གཉིས་ཀྱི་དང་པོ་ནི། རྒྱས་པར་བཤད་པ་ནི། རྩེ་མོ་ཆུང་ངུའི་དམིགས་པ་ནི་གཟུགས་ལ་སོགས་པ་དོན་དམ་པར་མི་གནས་པ་ཞེས་བྱ་བ་ཡིན་ཏེ། དོན་དམ་པར་རང་གི་ངོ་བོ་སྟོང་པ་ཉིད་ཀྱིས་གནས་བྱར་མེད་པས་སོ། །དེའི་རྒྱུ་མཚན་ཡང་། གཟུགས་ལ་སོགས་པ་ནི། ཞེས་སོ། །རྐང་པ་དང་པོ་གཉིས་བཤད་དོ། །རྣམ་པ་ནི། གཟུགས་ལ་སོགས་པ་དེ་དག་ལ་དོན་དམ་པར་རྟག་མི་རྟག་ལ་སོགས་པ་མི་གནས་ཏེ། གནས་བྱར་མེད་པ་རྟོགས་པ་ཉིད་ཡིན་ནོ། །རྒྱུ་མཚན་ནི། དོན་དམ་པར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དང་སྟོང་པ་ཉིད་དག་རྒྱུ་མཚན་གཅིག་པས་སོ། ཁྱབ་ཏེ། སྟོང་པ་ཉིད་ལ་མི་རྟག་པ་དང་སོགས་པས་རྟག་པ་སོགས་ཀྱི་མཚན་མ་གང་ཡང་མེད་པ་ཉིད་ཀྱིས་སོ། །

གསུམ་པ་དང་བཞི་པ་བཤད་དོ། །རྩེ་མོ་འབྲིང་གི་དམིགས་པ་ནི། དམིགས་པ་མི་རྟག་ལ་སོགས་དང་། ཞེས་པ་དེ་དག་གི་སྟོང་པ་ཉིད་དོན་དམ་པར་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་ཏེ། དོན་དམ་པར་རང་གི་ངོ་བོ་ཉིད་མེད་པ་ཡིན་ནོ། །༼ ཆད་སྙམ་པས་དཔྱད་པར་མཛོད།༽དེའི་རྒྱུ་མཚན་ཡང་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་སོ། །དེས་ནི་ལྔ་པ་དང་དྲུག་པ་བཤད་དོ། །རྣམ་པ་ནི། དོན་དམ་པར་བདེན་པའི་ངོ་བོ་ཉིད་བཀག་པས་གཟུགས་ལ་སོགས་པ་རང་གིར་མི་བྱ་སྟེ། བདག་གི་གཟུང་བྱ་མ་ཡིན་པར་རྟོགས་པ་ཞེས་བྱ་བ་ཡིན་ནོ། །འདིས་ཆོས་རྣམས་མི་འཛིན་གང་ཡིན་དང་། །ཞེས་བཤད་དོ། །རྩེ་མོ་ཆེན་པོའི་དམིགས་པ་ནི། གཟུགས་ལ་སོགས་པ་དེ་དག་ལ་དོན་དམ་པར་སྔོན་པོ་དང་སེར་པོ་ལ་སོགས་པའི་ཆོས་ཐ་སྙད་ཀྱི་རྒྱུ་ུམཚན་གྱི་མཚན་མར་མི་མཐོང་བ་ཞེས་བྱ་བ་ཡིན་ནོ། །དོན་དམ་པར་སྟོང་ཉིད་མེད་པ་ཉིད་ཀྱིས་སོ། །དེས་ནི་དེ་དག་མཚན་མར་མི་མཐོང་ཕྱིར་ཞེས་པ་བཤད་དོ། །རྣམ་པ་ནི། རིགས་པའི་རྗེས་སུ་འགྲོ་བའི་ཤེས་རབ་ཀྱིས་ཡང་དག་པར་ཆོས་རྣམས་ལ་ངོ་བོ་གང་། འབྲེལ་བ་ཅན་གང་དག་གི མཚན་ཉིད་ཅི་ཞེས། རབ་ཏུ་རྣམ་པར་འབྱེད་པས་ཕྱི་ནང་གི་དངོས་པོ་ཐམས་ཅད་བདེན་པར་མི་དམིགས་པ་ངེས་པར་རྟོགས་ཞེས་བྱ་བ་ཡིན་ནོ། །འདིས་ནི་རྐང་པ་ཐ་མ་གཉིས་བཤད་དེ། དེ་ལྟར་ན་སློབ་དཔོན་གྱི་བསྟན་བཅོས་ཀྱི་སྒྲ་ཟིན་གཙོ་བོར་མཛད་ལ། འཕགས་པས་མདོ་དང་སྦྱར་བའི་དབང་དུ་མཛད་པ་ཡིན་པས་གཉིས་ཀ་ལྟར་ཡང་ཕྱོགས་རེ་རེ་ནས་བཤད་དུ་རུང་བས་སྐྱོན་ཅན་དུ་བསམ་པར་མི་བྱའོ། །གཉིས་པ་ནི། ཇི་སྐད་བཤད་པའི་ཚུལ་གྱིས་ཆུང་འབྲིང་ཆེན་པོ་གསུམ་ཡོད་པ་དེ་ལྟར་ན་རྩེ་མོ་གསུམ་ཞེས་སོ། །ཅིའི་ཕྱིར་རྩེ་མོ་ཞེས་བྱ་ཞེ་ན། དྲོད་མན་ཆད་དུ་ལོག་ལྟས་དགེ་བ་གཅོད་སྲིད་པས་དགེ་བའི་རྩ་བ་གཡོ་བ་ཞེས་བྱ་ལ་འདི་ཐོབ་ནས་དགེ་རྩ་ཆད་མི་སྲིད་པས་དེ་ལས་རབ་ཏུ་གྱུར་པས་རྩེ་མོ་ཡིན་པའི་ཕྱིར་རོ། །གསུམ་པ་བཟོད་པའི་དམིགས་རྣམ་ལ་རྩ་འགྲེལ་གཉིས་ཀྱི་དང་པོ་ནི། བཟོད་པ་ཆུང་ངུའི་དམིགས་པ་ནི། གཟུགས་ལ་སོགས་པ་དོན་དམ་པར་བདེན་པའི་ངོ་བོ་ཉིད་མེད་པས་ཁྱད་པར་དུ་བྱས་པ་ཡིན་པའི་ཕྱིར་རོ། །མདོ་ནི། ཤ་བུ་གཟུགས་ནི་གཟུགས་ཀྱི་རང་བཞིན་དང་བྲལ་བའོ་ཞེས་པ་ནས་མ་འདྲེས་པའི་བར་ལ་གསུངས་སོ། །རྣམ་པ་ནི་གཟུགས་སོགས་དོན་དམ་པར་བདེན་པར་མེད་པ་དེ་ཉིད་ཐ་སྙད་དུ་གཟུགས་སོགས་དེའི་ངོ་བོ་ཉིད་དུ་སྣང་བ་ཙམ་དུ་རྟོགས་པ་ཡིན་ནོ། །ཤ་བུ་མཚན་ཉིད་ཀྱང་མཚན་ཉིད་ཀྱི་ངོ་བོ་ཉིད་དང་བྲལ་བའོ། །ངོ་བོ་ཡང་ངོ་བོའི་མཚན་ཉིད་དང་བྲལ་བའོ་ཞེས་སོ། །འབྲིང་གི་དམིགས་པ་ནི། གཟུགས་ལ་སོགས་པ་དོན་དམ་པར་སྔོན་གྱི་མཐར་སྐྱེ་བ་ཡང་མེད་ཕྱི་མའི་མཐར་ངེས་པར་འབྱུང་བ་ཡང་མེད་པས་ཁྱད་པར་དུ་བྱས་པའོ། །མདོ་ནི། ཤ་བུ་གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས་སྟོང་སྟེ། དེ་ལ་སྐྱེ་བའམ། ངེས་པར་འབྱུང་བ་ཡང་མི་དམིགས་སོ་ཞེས་སོ། །རྣམ་པ་ནི། སྒོ་གསུམ་མཚན་གཞི་དང་བཅས་པ་རྣམ་པར་དག་པའི་རྒྱུར་གྱུར་པའི་ཆོས་རྣམས་ཀྱི་རང་བཞིན་རྟོགས་པའི་ཡེ་ཤེས་སོ། །མདོ་ནི། རྣམ་མཁྱེན་དང་ཉེ་བ་ཡིན་ཏེ། ཇི་ལྟ་ཇི་ལྟར་རྣམ་མཁྱེན་དང་ཉེ་བར་གྱུར་པ་དེ་ལྟ་དེ་ལྟར་ལུས་དང་། ངག་དང་། སེམས་དང་མཚན་དེ་འདོད་ཆགས་དང་ལྡན་པའི་སེམས་མི་བསྐྱེད་ཅིང་། ཞེས་སོ། །བཟོད་པ་ཆེན་པོའི་དམིགས་པ་ནི། གཟུགས་སོགས་དེ་དག་རྟག་མི་རྟག་ལ་སོགས་པའི་མཚན་མ་མེད་པས་ཁྱད་པར་དུ་བྱས་པའོ། །བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པ་ན། ཐབས་མི་མཁས་པས་གཟུགས་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ་ཞེས་སོ། །རྣམ་པ་ནི། གཟུགས་སོགས་དེའི་མཚན་མ་ལ་མི་བརྟེན་པས་དེ་རྟེན་དང་བྲལ་བས་མོས་པ་ཡིད་བྱེད་ཀྱིས་མོས་པ་མིན་ཞིང་དེ་ཁོ་ན་ཉིད་ཀྱི་ཡིད་བྱེད་ཀྱིས་འདུ་ཤེས་བྱར་མེད་པར་རྟོགས་པ་ཡིན་ཏེ། བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པ་ན་གཟུགས་ལ་གནས་པ་མེད་པ་དང་ལྷག་པར་མོས་པ་མེད་པ་དང་ཀུན་ཤེས་པ་མེད་པ་དང་ཞེས་སོ། །གཉིས་པ་འགྲེལ་པ་ལ་གཉིས་ཀྱི། དང་པོ་རྒྱས་པར་བཤད་པ་ནི། བཟོད་པ་ཆུང་ངུའི་དམིགས་པ་ནི། གཟུགས་ལ་སོགས་པ་དོན་དམ་པར་ངོ་བོ་ཉིད་མེད་ཅེས་བྱ་བ་ཡིན་ནོ། །ཆོས་རྣམས་ནི་མཚན་ཉིད་དང་མཚན་གཞི་གཉིས་སུ་ངེས་ལ། གཟུགས་སུ་རུང་བ་ལ་སོགས་པའི་མཚན་ཉིད་ཀྱི་ངོ་བོ་ཉིད་དང་གཟུགས་ལ་སོགས་པ་མཚན་གཞིའི་ངོ་བོ་ཉིད་ཀྱི་མཚན་ཉིད་དག་དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིག་པ་ཉིད་ཀྱིས་སོ། །རྣམ་པ་ནི། དངོས་པོར་མངོན་པར་ཞེན་པའི་སྐྱེ་བོ་དམིགས་པ་ཅན་གྱི་ངོར་གཟུགས་ལ་སོགས་པ་དོན་དམ་པར་དངོས་པོ་མེད་པ་ཉིད་ཐ་སྙད་དུ་སྣང་བ་ཙམ་གྱི་ངོ་བོ་ཉིད་དོ་ཞེས་རྟོགས་པ་ཡིན་ནོ། །བཟོད་པ་འབྲིང་གི་དམིགས་པ་ནི། དོན་དམ་པར་རང་བཞིན་གྱིས་མ་སྐྱེས་པ་ཉིད་ཀྱིས་གཟུགས་ལ་སོགས་པ་ཀུན་ནས་ཉོན་མོངས་པའི་རང་བཞིན་དུ་སྐྱེ་བ་ཡང་མེད། རྣམ་བྱང་གི་རང་བཞིན་དུ་མྱ་ངན་ལས་འདའ་བ་ཡང་མེད་ཅེས་བྱ་བ་ཡིན་ནོ། །རྣམ་པ་ནི། ལུས་དང་སོགས་པས་ངག་ཡིད་མཚན་གཞི་དང་བཅས་པ་སངས་རྒྱས་ཀྱི་སར་རྣམ་པ་ཐམས་ཅད་དུ་མི་མཐུན་ཕྱོགས་དང་བྲལ་བས་རྣམ་པར་དག་པ་ཞེས་བྱ་བའི་རྒྱུར་གྱུར་པའི་ཡེ་ཤེས་སོ། །ཅིའི་ཕྱིར་དེའི་རྒྱུར་གྱུར་ཞེ་ན། བཟོད་འབྲིང་གི་ཡེ་ཤེས་དེས་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་སྟོང་པ་ཉིད་རྟོགས་པ་ཁོ་ནས་སོ། །བཟོད་པ་ཆེན་པོའི་དམིགས་པ་ནི། ཆོས་ཐམས་ཅད་དོན་དམ་པར་མཚན་མ་མེད་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པའི་གཟུགས་ལ་སོགས་པའོ། །མཚན་མ་མེད་པའི་རྒྱུ་མཚན། གཟུགས་སུ་རུང་བ་ལ་སོགས་པ་རང་གི་མཚན་ཉིད་དང་མི་རྟག་པ་ལ་སོགས་པའི་སྤྱིའི་མཚན་ཉིད་དོན་དམ་པར་མེད་པས་སོ། །རྣམ་པ་ནི། རང་བཞིན་ཁོ་ནས་གཟུགས་ལ་སོགས་པའི་མཚན་མ་རྣམས་ཀྱི་རྟེན་དང་བྲལ་བ་ཉིད་ཀྱི་མཚན་མའི་ཆོས་རྣམས་དོན་དམ་པར་མོས་པ་ཡིད་ལ་བྱེད་པས་དོན་སྤྱིའི་ཚུལ་དུ་མི་མོས་ཤིང་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་མངོན་སུམ་གྱི་རྣམ་པས་ཡོངས་སུ་ཤེས་པ་མེད་པར་རྟོགས་པ་ཞེས་བྱ་བ་ཡིན་ནོ། །གཉིས་པ་དོན་བསྡུ་བ་ནི། ཇི་སྐད་བཤད་པའི་ཚུལ་གྱིས་ཆུང་འབྲིང་ཆེན་པོ་གསུམ་ཡོད་པ་དེ་ལྟར་ན་བཟོད་པར་གྱུར་པ་ཞེེས་སོ། །ཅིའི་ཕྱིར་བཟོད་པར་གྱུར་པ་ཞེས་བྱ་ཞེ་ན། འདི་ཐོབ་ནས་ངན་འགྲོར་སྐྱེ་བ་མེད་པས་འཛིན་པ་རང་བཞིན་མེད་པས་ཆོས་ཆེན་པོ་ལ་མི་སྐྲག་ཅིང་མོས་པའི་ཕྱིར་རོ། །བཞི་པ་ཆོས་མཆོག་གི་དམིགས་རྣམ་ལ་གཉིས་ཀྱི། དང་པོ་རྩ་བ་ནི། ཆོས་མཆོག་ཆུང་ངུའི་དམིགས་པ་ནི། དེ་ཁོ་ན་ཉིད་དུ་ཏིང་ངེ་འཛིན་གྱི་ངོ་བོར་གྱུར་པའི་གཟུགས་ལ་སོགས་པ་རྣམས་ཡིན་ནོ། །མདོ་ནི། འདི་ནི་བྱང་ཆེན་རྣམས་ཀྱི་ཏིང་ངེ་འཛིན་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་སྟེ་ཞེས་སོ། །ཏིང་ངེ་འཛིན་ནི་ལམ་བདེན་གྱིས་བསྡུས་པ་ལས། ཆོས་མཆོག་ནི་བདེན་པ་བཞི་ཀ་ལ་དམིགས་པའི་ཕྱིར་དམིགས་པར་མི་འཐད་དོ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་འདིར་གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་ནས་ཏིང་ངེ་འཛིན་གྱི་ཐབས་ཀྱིས་དོན་དམ་པར་ཏིང་ངེ་འཛིན་དང་རང་བཞིན་སྟོང་པ་ཉིད་དུ་གཅིག་པའི་གཟུགས་ལ་སོགས་པ་དམིགས་པར་བསྟན་ཏེ། འགྲེལ་ཆེན་དུ། འདི་ནི་དེ་ཁོ་ན་ཉིད་དུ་ཏིང་ངེ་འཛིན་གྱི་རང་གི་ངོ་བོར་གྱུར་པའི་གཟུགས་ལ་སོགས་པ་ལ་དམིགས་པ་ན་ཞེས་སོ། །རྣམ་པ་ནི། སངས་རྒྱས་པ་ན་རང་གི་སྔོན་གྱི་སྨོན་ལམ་ལ་སོགས་པའི་མཐུས་དཔའ་བར་འགྲོ་བ་ལ་སོགས་ཏིང་ངེ་འཛིན་དེ་མི་བྱེད་པར་གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་འཇུག་པར་འགྱུར་ཏེ། ཞེས་འབྲས་བུའི་སྒོ་ནས་བདེན་པའི་དེ་ཁོ་ན་ཉིད་ལ་དམིགས་པ་ཡིས་སོ། །ཆོས་མཆོག་ཆུང་ངུ་འདི་ནི། ཆེད་དུ་བྱ་བའི་ཏིང་ངེ་འཛིན་གྱི་འབྲས་བུའི་དོན་དུ་བདེན་པ་ལ་དམིགས་ནས་བསྒོམས་པས་འབྲས་བུའི་སྒོ་ནས་ཞེས་བྱ་ལ། བཟོད་པ་འབྲིང་ནི་ལུས་སོགས་རྣམ་པར་དག་པས་རྒྱུར་གྱུར་པའི་ཚུལ་དུ་བདེན་པ་ལ་དམིགས་པའི་ཕྱིར་རྒྱུའི་སྒོ་ནས་ཞེས་བྱའོ། །མདོ་ནི། ཏིང་ངེ་འཛིན་གང་གིས་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ཉམས་སུ་མྱོང་བར་འགྱུར་བ་སྟེ། དེ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཞེས་བྱའོ། །ཞེས་སོ། །འབྲིང་གི་དམིགས་པ་ནི། ལུང་སྟོན་པའི་རྒྱུའི་ཁྱད་པར་ཆོས་མཆོག་འབྲིང་གི་ཡེ་ཤེས་དང་དོན་དམ་པར་ངོ་བོ་དབྱེར་མེད་པའི་གཟུགས་ལ་སོགས་པར་དམིགས་པ་ཡིན་ཏེ། འགྲེལ་ཆེན་དུ། ལུང་བསྟན་པའི་རྒྱུ་ཁྱད་པར་ཅན་གྱི་གཟུགས་ལ་སོགས་པ་ལ་དམིགས་པའི་ཕྱིར་རོ། །ཞེས་སོ། །མདོ་ནི། ཤ་བུ་བྱང་ཆེན་ཏིང་ངེ་འཛིན་འདི་དག་གིས་གནས་པ་དེ་དག་ནི་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་བླ་མེད་རྫོགས་བྱང་དུ་ལུང་བསྟན་ཏོ་ཞེས་སོ། །རྣམ་པ་ནི། བདག་ནི་མཉམ་པར་བཞག་པའོ། །ཞེས་འཁོར་གསུམ་དུ་རྣམ་པར་རྟོག་པའི་རློམ་པ་ཟད་པའི་ཡེ་ཤེས་སོ། །དེས་ཏིང་ངེ་འཛིན་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བདག་ནི་སྙོམས་པར་འཇུག་གོ ། བདག་གིས་མཉམ་པར་བཞག་པར་བྱའོ། །བདག་ནི་མཉམ་པར་བཞག་པར་གྱུར་ཏོ་ཞེས་རློམ་སེམས་སུ་གྱུར་པ་མེད་དོ་ཞེས་སོ། །ཆེན་པོའི་དམིགས་པ་ནི། བསྒོམ་བྱ་སྒོམ་བྱེད་སྒོམ་པ་པོ་གསུམ་པོ་དོན་དམ་པར་སྟོང་པ་ཉིད་དུ་ཕན་ཚུན་ངོ་བོ་གཅིག་པས་ཁྱད་པར་དུ་བྱས་པའི་གཟུགས་ལ་སོགས་པའོ། །མདོ་ནི། ཤ་བུ་འདི་ལྟར་ཤེར་ཕྱིན་ཡང་གཞན་ལ། ཏིང་ངེ་འཛིན་ཡང་གཞན། བྱང་སེམས་ཀྱང་གཞན་ཞེས་བྱ་བ་མེད་ཅིང་ཞེས་སོ། །རྣམ་པ་ནི། ཆོས་མཆོག་ཆེན་པོའི་ཏིང་ངེ་འཛིན་རང་གི་ངོ་བོ་མཐའ་གང་དུ་ཡང་རྣམ་པར་མི་རྟོག་པའོ། །ཚེ་དང་ལྡན་པ་རབ་འབྱོར་རིགས་ཀྱི་བུ་ཏིང་ངེ་འཛིན་དེ་ལ་འདུ་ཤེས་སུ་བྱེད་དམ། སྨྲས་པ་ཚེ་དང་ལྡན་པ་ཤ་བུ་འདུ་ཤེས་སུ་བྱེད་པ་མེད་དོ་ཞེས་སོ། །སྤྱིའི་དོན་བསྡུ་བ་ནི། ཇི་སྐད་བཤད་པའི་ཚུལ་དེ་ལྟར་ངེས་འབྱེད་ཆ་མཐུན་བཞི་པོ་རྣམས་ནི་རེ་རེ་ཡང་། ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་གསུམ་ཡིན་པར་ཇི་སྐད་དུ་བཤད་པའི་ཚུལ་གྱིས་ཤེས་པར་བྱའོ། །འདིར་སྦྱོར་ལམ་བཞི་པོ་རེ་རེ་ལ་ཆུང་འབྲིང་ཆེན་པོ་གསུམ་གསུམ་དུ་འབྱེད་པ་ནི་རྗེ་བཙུན་གྱི་མཇུག་བསྡུད་ཀྱི་ཚིག་འདིས་གསལ་བར་བྱས་པ་ཡིན་ལ། དེ་དག་ནང་ཚན་སོ་སོར་མདོའི་སྐབས་འབྱེད་པ་ནི་འཕགས་པས་མཛད་ལ། བསྟན་བཅོས་ལ་སྦྱར་བ་ནི་སློབ་དཔོན་གྱིས་མཛད་པའོ། །ཐམས་ཅད་ལ་དམིགས་པ་དང་རྣམ་པ་མི་འདྲ་བའི་ཁྱད་པར་དུ་མ་འབྱུང་བ་ནི་གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་པ་ཡིན་ལ། ཡང་དག་པར་ན་ཐམས་ཅད་ཀྱང་དམིགས་པ་བདེན་པ་བཞི་དང་། རྣམ་པ་གཟུང་འཛིན་རང་བཞིན་མེད་པའི་སྟོང་ཉིད་ཡོངས་སུ་གཅོད་པར་འདྲ་ལ། ནང་སེལ་གྱི་རྣམ་པ་མི་འདྲ་བ་ལ་སོགས་པ་བཞི་པོ་གོ་རིམ་བཞིན་དུ་ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་གཟུང་བ་རང་བཞིན་མེད་པ་དང་། གང་ཟག་རྫས་ཡོད་དང་སྐྱེས་བུ་བཏགས་ཡོད་ཀྱི་འཛིན་པ་རང་བཞིན་མེད་པར་ཡོངས་སུ་གཅོད་པའི་རྣམ་པ་ཅན་ཡིན་ནོ། །སྤྱིར་ཆོས་ཐམས་ཅད་རང་བཞིན་མེད་པར་སྒྲོ་འདོགས་བཅད་ནས་སྒོམ་པ་ཡིན་ན་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱིས་ཀུན་ནས་ཉོན་མོངས་ཀྱི་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་དང་པོར་སྐྱེ་ཞིང་། མཐར་བཏགས་འཛིན་རང་བཞིན་མེད་པ་ལ་གསལ་སྣང་སྐྱེ་བས། དེའི་ཕྱིར་དྲོ་བ་ལ་སོགས་པ་ཡུལ་ཡོངས་སུ་གཅོད་ཚུལ་གྱིས་རྣམ་པ་མི་འདྲ་བར་བཞག་གོ །

གཉིས་པ་འགྲེལ་པ་ལ་གཉིས་ཀྱི། དང་པོ་རྒྱས་པ་བཤད་པ་ནི། ཆོས་མཆོག་ཆུང་ངུའི་དམིགས་པ་ནི། གདུལ་བྱ་ཉེ་བའི་བསམ་པས་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་དཔའ་བར་འགྲོ་བ་དང་རིན་ཆེན་ཕྱག་རྒྱ་ལ་སོགས་པའི་ཏིང་ངེ་འཛིན་བརྒྱ་ལྷག་ཙམ་སྒོམ་པ་གཅིག་པའོ་ཞེས་དངོས་སུ་བསྟན་པའི་ཐབས་ཀྱིས་དེ་ཁོ་ན་ཏི ང་ངེ་འཛིན་གྱི་ངོ་བོར་གྱུར་པའི་གཟུགས་ལ་སོགས་པ་དམིགས་པར་བསྟན་པ་ཡིན་ནོ། །རྣམ་པ་ནི། མངོན་པར་རྫོགས་པ་སངས་རྒྱས་པ་ན་ནམ་མཁའི་མཐར་གཏུགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་དོན་བྱེད་པའི་ཏིང་ངེ་འཛིན་གྱི་བྱེད་པ་འཇུག་པ་ཞེས་བྱ་བའི་འབྲས་བུའི་སྒོ་ནས་བདེན་བཞིའི་ཆོས་ཉིད་ལ་དམིགས་པའི་ཡེ་ཤེས་སོ། །ཚུལ་ཇི་ལྟར་འཇུག་ན། འབད་རྩོལ་ལ་མ་ལྟོས་པར་ཀུན་གྱིས་ནུས་སོ། །རྒྱུ་གང་ལ་ན། གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་དོན་བྱེད་པར་གྱུར་ཅིག་པའི་རང་གི་སྨོན་ལམ་དང་བསྐལ་བ་གྲངས་མེད་དུ་མར་བསགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་སོ། །འབྲིང་གི་དམིགས་པ་ནི་བཏགས་འཛིན་རང་བཞིན་མེད་པའི་ཆོས་ཉིད་ལ་ཡང་དག་པར་ཞུགས་པའི་ཏིང་ངེ་འཛིན་ཆོས་མཆོག་འབྲིང་དང་ལྡན་པའི་རྣལ་འབྱོར་པ་ལ་དུས་གསུམ་གྱི་སངས་རྒྱས་རྣམས་བྱང་ཆུབ་དུ་ལུང་སྟོན་པར་མཛད་པ་ནི་ཆོས་ཉིད་དོ་ཞེས་དངོས་སུ་བསྟན་པའི་ཐབས་ཀྱིས་ལུང་སྟོན་པའི་རྒྱུར་གྱུར་པའི་ཏིང་ངེ་འཛིན་དང་ངོ་བོ་དབྱེར་མེད་པའི་གཟུགས་ལ་སོགས་པ་དམིགས་པར་བསྟན་པ་ཡིན་ནོ། །ཅི་སྟེ་ས་བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ན་ལུང་སྟོན་པ་མ་ཡིན་ནམ། ཆོས་མཆོག་ལ་གནས་པར་ཇི་ལྟར་ལུང་སྟོན་ཞེ་ན། ས་བརྒྱད་པར་ནི་ཞིང་དང་བསྐལ་པའི་མིང་དང་འཁོར་དང་མཚན་མ་ལ་སོགས་པའི་སྒོ་ནས་མངོན་སུམ་དུ་དུས་ངེས་པ་ཅན་དུ་ལུང་སྟོན་པ་ཡིན་ལ། འདིར་དུས་ངེས་པ་མེད་པར་ལྐོག་དུ་ལུང་སྟོན་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང་ཆོས་མཆོག་ལ་གནས་པ་ནི་ཕྱིར་མི་ལྡོག་པའི་ས་གདོན་མི་ཟ་བར་ཐོབ་པའི་རྒྱུ་ལ་གནས་པའི་ཕྱིར། རྣམ་པ་ནི། འཁོར་གསུམ་དུ་རྟོག་པའི་རྣམ་རྟོག་མངོན་གྱུར་ཐམས་ཅད་འབྱུང་བ་མི་འཐད་པས་བྱང་སེམས་ཆོས་མཆོག་འབྲིང་གི་ཏིང་ངེ་འཛིན་གྱིས་རང་གི་ངོ་བོ་རྟོགས་ཤིང་ཐོབ་པ་ལ་བདག་གི་ད་ལྟ་མཉམ་པར་བཞག་པའོ། །འདས་པའི་དུས་ན་མཉམ་པར་བཞག་གོ ། མ་འོངས་པ་ན་ཡང་བཞག་པར་བྱའོ་སྙམ་པ་ལ་སོགས་པའི་ཤེས་པ་མི་འབྱུང་བ་ཞེས་བྱ་བ་ཡིན་ནོ། །ཆོས་མཆོག་ཆེན་པོའི་དམིགས་པ་ནི། དོན་དམ་པར་ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྒོམ་ཏིང་ངེ་འཛིན་དང་བསྒོམ་བྱ་ཤེར་ཕྱིན་དང་དོན་གསུམ་ཕན་ཚུན་སྟོང་པ་ཉིད་དུ་ངོ་བོ་གཅིག་པའི་ཞེས་བྱ་བ་ཡིན་ནོ། །རྣམ་པ་ནི། དོན་དམ་པར་ཆོས་ཐམས་ཅད་ཡོད་པ་མིན་པ་ཉིད་ཀྱིས་ཆོས་མཆོག་ཆེན་པོའི་ཏིང་ངེ་འཛིན་མཐའ་གང་དུ་ཡང་རྣམ་པར་མི་རྟོག་པ་ནི་སངས་རྒྱས་ཐོབ་བྱེད་ཀྱི་ཐབས་དམ་པའོ་ཞེས་བྱ་བ་ཡིན་ནོ། །གཉིས་པ་དོན་བསྡུ་བ་ནི། ཇི་སྐད་བཤད་པའི་ཚུལ་གྱི་ཆུང་ངུ་འབྲིང་ཆེན་པོ་གསུམ་ཡོད་པ་དེ་ལྟར་ན་ཆོས་ཀྱི་མཆོག་ཅེས་བྱའོ་ཞེས་སོ། །ཅིའི་ཕྱིར་ཆོས་ཀྱི་མཆོག་ཅེས་བྱ་ཞེ་ན། འདི་ནི་འཇིག་རྟེན་པ་ཡང་ཡིན་ལ་ཟག་མེད་ཀྱི་ཡེ་ཤེས་རྩལ་གྱི་འདྲེན་པར་བྱེད་པས་དེའི་འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རོ། །གསུམ་པ་བརྗོད་ཚུལ་ལ་རྩོད་པ་སྤོང་བ་ལ་གསུམ། རྩོད་པ་དང་ལན་ནོ། །དང་པོ་ལ་གང་ལ་རྩོད་པའི་གཞི། ཇི་ལྟར་རྩོད་པའི་ཚུལ། དེ་ལྟར་རྩོད་པའི་རྒྱུ་མཚན་དང་གསུམ་གྱིས་ཤེས་པར་བྱའོ། །དང་པོ་ནི། རྒྱན་གྱི་རྩ་བའི་ཚིག་གིས་བརྗོད་ཚུལ་ལ་རྩོད་དེ། བརྗོད་ཚུལ་དེ་ཡང་གང་ཞེ་ན། གཞན་དག་ན་རེ། གཟུགས་སོགས་འདུ་འགོད་གནས་བྲལ་དང་། །ཞེས་སོགས་ལེགས་སྦྱར་གྱི་སྐད་ལ་གཟུགས་སོགས་ཀྱི་འདུ་འགོད་གནས་བྲལ་ཞེས་སོགས་ཆོས་བརྗོད་དུ་ཡོད་པས་སོ། །ཞེས་ཟེར་རོ། །དེ་ལྟར་ན་སཾ་སྐྲྀ་ཏ་ལ་དྲུག་པའི་རྣམ་དབྱེ་དངོས་སུ་ཡོད་པས་བོད་སྐད་ལ་ཡང་དྲུག་སྒྲ་འབྱུང་བར་རིགས་ཏེ། གཞན་དུ་ན་སྒྲ་ཡི་ནུས་པ་མ་ཐོན་པས་དོན་ལོག་པར་འགྱུར་བའི་ཕྱིར་རོ། །དེ་བས་ན་འདི་ལྟར། དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཅེས་པའི་ཚིག་རྐང་པ་དང་པོ་འདི་ཆོས་མཆོག་གི་མཇུག་ཏུ་བྱུང་ཡང་དྲོ་བ་ལ་སོགས་པ་གཞན་གསུམ་གྱི་འཇུག་ཏུ་ཡང་སྦྱར་བར་བྱ་བ་ཡིན་ཏེ། དེ་ལྟར་སློབ་དཔོན་གྱིས་བཤད་པའི་ཕྱིར་རོ། །དེ་བཞིན་དུ་དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་དེ་ཡི་ནི། །ཞེས་པའི་རྐང་པ་གཉིས་པ་འདི་ཡང་དམིགས་རྣམ་ཐམས་ཅད་ལ་ཡང་རྗེས་སུ་འགྲོ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་དམིགས་རྣམ་ལྷག་མ་རྣམས་བདེན་པར་རྟོགས་པའི་ཆོས་སུ་མ་བསྟན་པར་འགྱུར་ཏེ། དེ་ལྟར་སྟོན་བྱེད་ཀྱི་ཚིག་མེད་པའི་ཕྱིར་རོ། །དེ་ལྟར་ན་བདེན་པ་ལ་མ་དམིགས་པའི་མངོན་རྟོགས་ནི། མི་མཐུན་ཕྱོགས་ཀྱི་གཉེན་པོར་མི་རུང་བ་དང་། བདེན་པ་མངོན་པར་རྟོགས་པ་དང་རྗེས་སུ་མཐུན་པའི་ལམ་མ་ཡིན་པར་ཐལ་བའི་སྐྱོན་དུ་འགྱུར་རོ། །དེ་བས་ན་ཚིག་གི་དོན་འདི་འབྱུང་སྟེ། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་དེ་ཡི་ནི། །གཟུགས་སོགས་འདུ་འགོད་གནས་བྲལ་དང་། །ཞེས་པ་ནས། དེའི་ནི། ཏིང་ངེ་འཛིན་དེའི་བྱེད་པ་དང་། །ཞེས་སོགས་སུ་འགྱུར་རོ། །དེ་བས་ན་འདིར་གང་ལ་རྩོད་པའི་གཞི་ནི་བརྗོད་ཚུལ་གྱི་རྣམ་པ་འདི་ཉིད་ཡིན་ནོ། །གཉིས་པ་ནི། འདིར་ངེས་འབྱེད་ཆ་མཐུན་ནི་བདེན་པ་མངོན་པར་རྟོགས་པ་དང་རྗེས་སུ་མཐུན་པའི་ལམ་ཡིན་པས་དམིགས་པ་བདེན་པ་བཞི་ལ་དམིགས་ནས་རྣམ་པ་དེ་ཡི་ཁྱད་པར་གྱི་ཆོས་ལ་སྒྲོ་འདོགས་གཅོད་པ་ཞིག་དགོས་པ་ཡིན་ལ། དེ་ཡང་སྒྲས་སྟོན་པ་ན་དམིགས་རྣམ་བདེན་བཞིས་ཁྱད་པར་དུ་བྱས་པ་ཅན་གྱི་ཆོས་ཅན་བརྗོད་པས་བརྗོད་པར་བྱ་བ་ཡིན་ཏེ། ཁྱད་པར་གྱི་ཆོས་ཡོངས་སུ་གཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར། རྣམ་པ་རྣམས་ནི་བདེན་བཞིའི་ཁྱད་པར་ཅན་གྱི་ཆོས་བརྗོད་པས་བརྗོད་པར་བྱ་བ་ཡིན་ཏེ། བདེན་བཞིར་གཏོགས་པའི་ཆོས་ཅན་གྱི་སྟེང་དུ་ཡོངས་སུ་གཅད་པར་བྱ་བའི་དོན་ཡིན་པའི་ཕྱིར་དེ་ལྟ་ན་ཡང་དམིགས་རྣམ་སྟོན་པའི་སྐབས་འདིར། དྲོ་བ་ཆུང་ངུའི་དམིགས་པ་སྟོན་པ་ན། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་འདི་ཡི་ཞེས་བྱ་བར་བདེན་པའི་ཁྱད་པར་ཅན་གྱི་ཆོས་ཅན་བརྗོད་པས། དེར་མ་གཏོགས་པ་དམིགས་པ་ལྷག་མ་བཅུ་གཅིག་པ་རྣམས་བདེན་པའི་རྟེན་ཅན་དེ་ཡིན་ཏེ། །ཞེས་པ་རྣམ་དབྱེ་དྲུག་པའི་སྒྲས་བདེན་པའི་ཁྱད་པར་ཅན་གྱི་ཆོས་བརྗོད་པས་ཐམས་ཅད་དུ་མཚུངས་པར་བརྗོད་པ་མི་རིགས་ཞེས་པ་འདི་ཇི་ལྟར་རྩོད་པའི་ཚུལ་ལོ། །གསུམ་པ་ནི། བརྡ་སྤྲོད་པའི་གཞུང་ལས་ཐ་དད་པ་ལས་ནི་དྲུག་པའོ། །ཞེས་ལྷ་སྦྱིན་དང་རིལ་བ་ལྟ་བུ་ཆོས་ཆོས་ཅན་རྫས་ཐ་དད་པ་ཁོ་ན་ལ་རྣམ་དབྱེ་དྲུག་པའི་སྒྲ་སྦྱོར་བ་ཡིན་པས་འདིའི་དམིགས་པ་ལྷག་མ་བཅུ་གཅིག་དང་རྣམ་པ་རྣམས་ནི་ཆོས་ཅན། བདེན་བཞི་ལས་དོན་ཐ་དད་པ་ཁོ་ནར་འགྱུར་ཏེ། ཆོས་བརྗོད་པའི་སྒྲས་དེ་ལས་ཐ་དད་པར་བརྗོད་པའི་ཕྱིར་རོ། །ཞེས་པ་ནི་དེ་ལྟར་རྩོད་པའི་རྒྱུ་མཚན་ནོ། །འདིར་གཞུང་གི་ཡང་ཞེས་པ་འགལ་བ་བསྡུ་བའི་ཚིག་གི་རྒྱན་ཡིན་ལ། ནི་ཞེས་པ་རྒྱུ་ུམཚན་འདྲེན་པར་བྱེད་པའི་ཚིག་གི་ཕྲད་ཡིན་པས། གང་གི་ཕྱིར་གྱི་དོན་ཏོ། །ཐམས་ཅད་དུ་བརྗོད་པ་ནི། ཞེས་པ་ཡན་ལག་རྩོད་པའི་ངག་ཏུ་དངོས་སུ་མ་བཀོད་ཀྱང་རྩོད་པའི་དོན་དངོས་སུ་བརྗོད་ནས་དགག་པའི་ཚིག་ཁོང་ནས་འདྲེན་བྱེད་ཡིན་པས་རྩོད་ངག་ཏུ་བརྗོད་པ་ལ་འགལ་བ་མེད་ཅིང་ཚིག་གི་ཚོགས་སྐྱུང་བའི་དགོས་པ་ཡང་ཡོད་དོ། །སློབ་དཔོན་གྱིས་ཀྱང་ཚིག་གི་ཚོགས་སྐྱུང་བའི་ཕྱིར་རྒོལ་བར་དངོས་སུ་མ་བཀོད་པར་རྩོད་པ་ཁོང་ནས་འདྲེན་བྱེད་ཀྱི་ལན་ཙམ་དངོས་སུ་བཀོད་དོ། །གཉིས་པ་ལན་ལ། ཚིག་ལ་བ རྟེན་པ་དང་། དོན་ལ་བརྟེན་པའི་ལན་གཉིས་ཀྱི། དང་པོ་ནི། ཇི་སྐད་བཤད་པའི་སྐྱོན་མེད་དེ། ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་གཉིས་ཀྱིས་བརྗོད་བྱ་ཆོས་ཆོས་ཅན་རྫས་ཐ་དད་པ་ཁོ་ན་བརྗོད་ན་ནི་ཇི་སྐད་བཤད་པའི་ཉེས་པར་འགྱུར་བ་ཞིག་ན། ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་ལ་ནི་དོན་གཅིག་ཉིད་གཞན་སྤོང་བའི་ཚུལ་གྱིས་བརྗོད་པ་དང་མི་སྤོང་བའི་ཚུལ་གྱིས་བརྗོད་པ་ཙམ་མ་གཏོགས་པ་ངེས་པའི་ཤེས་པའི་ཡུལ་དུ་ཡང་དོན་གྱི་ཁྱད་པར་འགའ་ཡང་མེད་པའི་ཕྱིར། དེ་ཡང་འདི་ལྟར། བ་ལང་མ་ཡིན་པ་ལས་ལོག་པའི་ལྡོག་པ་དེ་ཉིད་ཉན་པ་པོ་རྣམས་བ་ལང་གི་ཁྱད་ཆོས་གཞན་གྱི་རྟེན་དུ་མི་རུང་བའི་ཆོས་ཙམ་དུ་ཤེས་པར་འདོད་པ་ན་སྨྲ་བ་པོས་དེ་ལྟར་ཤེས་པར་བྱ་བའི་ཕྱིར་བ་ལང་ཉིད་ཅེས་ཆོས་བརྗོད་ཀྱི་སྒྲས་སྟོན་པར་བྱེད་ལ་དེའི་ཚེ་ཉན་པ་པོ་རྣམས་ཀྱི་བ་ལང་མ་ཡིན་པ་ལས་བཟློག་པའི་ལྡོག་པ་དེ་ཉིད་ཁྱད་ཆོས་གཞན་གྱི་རྟེན་དུ་མི་རུང་བའི་ཆོས་ཙམ་དུ་བློོ་ཡུལ་དུ་འཆར་བས་ཁྱད་པར་གཞན་སྤངས་པར་བརྗོད་པ་ཞེས་བྱ་ལ་གང་གི་ཚེ་དེ་ཉིད་དཀར་པོ་ལ་སོགས་པ་ཁྱད་ཆོས་གཞན་གྱི་རྟེན་དུ་རུང་བའི་ཆོས་ཅན་དུ་ཤེས་པར་འདོད་པ་ན་བ་ལང་ཞེས་ཆོས་ཅན་བརྗོད་པའི་སྒྲ་སྦྱོར་བར་བྱེད་ལ། དེའི་ཚེ་ཉན་པ་པོ་རྣམས་ཀྱི་བ་ལང་མ་ཡིན་པ་ལས་ལོག་པ་དེ་ཉིད་དཀར་པོ་སོགས་ཆོས་གཞན་གྱི་རྟེན་དུ་རུང་བའི་ཆོས་ཅན་ལྟ་བུར་བློ་ཡུལ་དུ་འཆར་བས་དེ་ཙམ་ལ་ཁྱད་པར་གཞན་མ་སྤངས་པར་བརྗོད་པ་ཞེས་བྱའོ། །དེ་ལྟར་ན་ཡང་སྒྲ་གཉིས་ཀའི་བ་ལང་མ་ཡིན་པ་ལས་ལོག་ཙམ་གྱི་ལྡོག་པ་དེ་ཉིད་བརྗོད་པ་ལ་ཁྱད་པར་མེད་དོ། །དོན་དེ་དག་ཀྱང་རྣམ་འགྲེལ་ལས། ཁྱད་པར་གཞན་ནི་སྤོང་བ་དང་། །མི་སྤོང་བ་དང་དེ་གཉིས་ཀྱི། །བརྡའི་བྱེ་བྲག་རྟོགས་པ་པོའི། །འདོད་པ་རྗེས་སུ་བྱེད་པ་གཞི། །ཀུན་ལ་རྫས་དང་དངོས་བརྗོད་པའི། །སྒྲ་ཡི་ཁྱད་པར་དེ་ཉིད་དེ། །དེ་ཕྱིར་དེ་དག་བརྗོད་བྱ་ལ། ཁྱད་པར་འགའ་ཡང་ཡོད་མ་ཡིན། །ཞེས་ཆོས་ཀྱི་གྲགས་པའི་ལུགས་ལས་འབྱུང་བའི་ཕྱིར་རོ། །དོན་ནི་འདི་ཡིན་ཏེ། གཟུགས་སོགས་འདུ་འགོད་གནས་བྲལ་དང་། །ཞེས་སོགས་སྦྱོར་ལམ་ལྷག་མ་བཅུ་གཅིག་གི་དམིགས་པ་སྟོན་པའི་རྒྱན་གྱི་ཚིགས་བཅད་ཆོས་ཅན། སྦྱོར་ལམ་གྱི་དམིགས་གཞི་བདེན་བཞི་ཁྱད་པར་ཅན་གྱི་ཆོས་ཅན་བརྗོད་པར་བྱ་བ་ཡིན་ན་ཡང་ཁྱད་པར་ཅན་གྱི་ཆོས་བརྗོད་ཀྱི་བརྗོད་པའི་སྒོ་ནས་བརྗོད་ཚུལ་ལ་སྐྱོན་ཆགས་པ་མ་ཡིན་ཏེ། ཁྱད་པར་ཅན་གྱི་ཆོས་བརྗོད་དང་ཆོས་ཅན་བརྗོད་པའི་སྒྲ་འདི་དག་ལ་དོན་གཅིག་ཉིད་ཁྱད་པར་གཞན་སྤངས་མ་སྤངས་ཀྱི་སྒོ་ནས་བརྗོད་པ་ཙམ་མ་གཏོགས་བརྗོད་བྱའི་དོན་ལ་ངེས་པའི་ཤེས་པའི་ཡུལ་དུ་ཡང་ཁྱད་པར་མེད་པའི་ཕྱིར་རོ། །ཞེས་པའོ། །གཉིས་པ་ནི། ལན་གྱི་རྣམ་པ་གཅིག་ཏུ་ན་དམིགས་པ་ལྷག་མ་བཅུ་གཅིག་དང་རྣམ་པ་རྣམས་སྡུག་བསྔལ་ལ་སོགས་པའི་བདེན་པར་རྟོགས་པ་ཁོ་ན་ཡིན་ཏེ། དྲོ་བ་ཆུང་ངུའི་རྣམ་པ་མངོན་ཞེན་སོགས་བཀག་པ་དང་ལྡན་པའི་བདེན་པའི་རྟེན་ཅན་གྱི་མི་རྟག་པ་ལ་སོགས་པ་དེ་དག་ཁོ་ན་སྒྲུབ་པ་དང་དགག་པ་དང་བྲལ་བར་འགྱུར་བའི་དྲོ་བ་འབྲིང་གི་དམིགས་པ་ཡིན་པའི་ཕྱིར། དེ་ནི་མཚོན་པ་སྟེ། དེ་བཞིན་དུ་མངོན་ཞེན་སོགས་བཀག་པ་དང་ལྡན་པ་དེ་ཁོ་ནར་བརྡར་བཏགས་པའི་ཆོས་ཐ་སྙད་པ་དྲོ་བ་ཆེན་པོའི་དམིགས་པ་དང་བྱང་སེམས། ཏིང་ངེ་འཛིན་ཤེར་ཕྱིན་གསུམ་ཕན་ཚུན་ངོ་བོ་གཅིག་པ་ཆོས་མཆོག་ཆེན་པོའི་དམིགས་པར་འགྱུར་བའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་དྲོ་བ་ཆུང་ངུའི་དམིགས་རྣམ་བདེན་པར་རྟོགས་པར་བསྟན་པ་ན་ལྷག་མ་རྣམས་ཀྱི་དམིགས་རྣམ་ཡང་བདེན་པར་རྟོགས་པ་དོན་གྱིས་ཤེས་ཏེ། མངོན་རྟོགས་རིགས་རྒྱུན་གཅིག་ཉིད་དམིགས་པ་མི་འདྲ་བ་ལ་དམིགས་པར་མི་རུང་བའི་ཕྱིར་ཏེ། མངོན་རྟོགས་རིགས་རྒྱུན་ཐ་དད་པར་ཐལ་བའི་ཕྱིར་རོ། །དེ་ལྟར་དྲོ་བ་ཆུང་ངུའི་དམིགས་པ་བདེན་བཞིའི་ནང་དུ་དམིགས་པ་ལྷག་མ་བཅུ་གཅིག་འདུ་བའི་ཕྱིར་དེ་ལས་ཐ་དད་པར་སྟོན་པར་མི་རིགས་སོ་ཞེ་ན། སྐྱོན་མེད་དེ། དྲོ་བ་ཆུང་ངུའི་དམིགས་པ་བདེན་བཞི་ལ་དམིགས་པ་ལྷག་མ་བཅུ་གཅིག་ཐ་དད་པར་བརྗོད་པ་ནི་རྒྱན་གྱི་རྩ་བའི་ཚིགས་ལེའུར་བྱས་པ་ལྡེབ་པའི་ངོར་ཡིན་པས་སོ། །ཀྱང་ཞེས་པ་འགལ་བ་བསྡུས་པའི་ཚིག་རྒྱན་ནོ། །སྐབས་འོག་མ་རྣམས་ཀྱི་སྦྱོར་བ་དག་ལའང་འདིར་ཇི་སྐད་བཤད་པ་དེ་བཞིན་དུ་བདེན་པར་རྟོགས་པ་ཁོ་ན་དམིགས་པ་དང་རྣམ་པར་བྱ་བ་ཡིན་པ་ཤེས་པར་བྱ་སྟེ། སྐབས་དང་པོར་ཇི་སྐད་བཤད་པའི་ཚུལ་གྱིས་བདེན་པར་རྟོགས་པ་ཁོ་ན་དམིགས་རྣམ་དུ་བཤད་པའི་ཕྱིར་དང་། རིགས་པ་མཚུངས་པའི་ཕྱིར་རོ། །གཞུང་འདི་དག་གི་ཡེ་གེའི་དོན་ལ་ཞུགས་པའི་བཤད་པ་ནི། དེ་ཁོ་ན་ལྟར་བཤད་པ་ཡིན་ལ། ཊཱིཀ་བྱེད་སྔ་མ་དག་དང་འགྲེལ་པ་དག་གི་བཤད་པ་ལ་ནི་ཡིད་བརྟན་མ་མཐོང་བའི་ཕྱིར་ཁོ་བོས་མ་བཀོད་དེ། རྨོངས་པ་འཆད་པ་པོའི་ཁ་ལ་ལྟས་ནས་སྒྲ་སྒྲོགས་པ་ཙམ་གྱིས་ཚིམ་པའི་ཉན་པ་པོ་དག་འདྲིད་པར་བྱེད་པའི་སྒྱུ་ཐབས་ཀྱི་བཤད་པ་ཁོ་བོ་དོན་དུ་མི་གཉེར་བའི་ཕྱིར་རོ། །

གཉིས་པ་མཚུངས་ལྡན་རྟོགས་པ་བཤད་པ་ལ། སྤྱི་དང་། ཡན་ལག་གཉིས་ཀྱི་དང་པོ་ལ། ངོ་བོ། དབྱེ་བ། གྲངས་དང་། གོ་རིམ་ངེས་པ་དང་། གཉེན་པོས་སྤོང་ཚུལ་རྣམས་ཀྱིས་ཤེས་པར་བྱའོ། །དང་པོ་ལ་སྤྱིའི་ངོས་འཛིན་དང་། དགག་སྒྲུབ་གང་གི་རྣམ་པ་ཅན་ཡིན་པར་དཔྱད་པ། ཁྱད་ཆོས་སུ་འགྱུར་ཚུལ་གསུམ་གྱི་དང་པོ་ནི། སྤྱིར་རྟོག་པ་ནི་གསུམ་སྟེ། ཡང་དག་པ་མ་ཡིན་པའི་ཀུན་རྟོག་དང་། སེམས་རྩིང་བའི་རྣམ་པ་ཅན་དང་། སྒྲ་དོན་འདྲེས་འཛིན་གྱི་རྟོག་པའོ། །དང་པོ་ནི། དབུས་མཐར། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་པ་ལྟར། སེམས་སེམས་བྱུང་གཟུང་འཛིན་གཉིས་སུ་སྣང་བ་ཁམས་གསུམ་པའི་རྣམ་པ་ཅན་རྣམས་སོ། །

གཉིས་པ་ནི། མངོན་པར་རྟོག་པ་གང་ཞེ་ན། སེམས་པའམ་ཤེས་རབ་ལ་བརྟེན་ནས་ཀུན་ཏུ་ཚོལ་བ་ཡིད་ཀྱི་བརྗོད་པ་སྟེ། དེ་ནི་སེམས་རྩིང་བའོ་ཞེས་སོ། །གསུམ་པ་ནི། རྣམ་འགྲེལ་དུ། ཤེས་གང་དག་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་ཡིན། །ཞེས་པ་ལྟར་མིང་གི་རྗེས་འབྲངས་ནས་དོན་ལ་མངོན་པར་ཞེན་པའོ། །དེ་ལ་ཁ་ཅིག་འདིར་རྣམ་པར་རྟོག་པ་དང་པོ་ཉེ་བར་གཟུང་ངོ་ཞེས་ཟེར་བ་ནི་མ་ཡིན་ཏེ། འདིར་ནི་བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོར་གྱུར་པའི་རྟོག་པ་གཟུང་བ་ཡིན་ལ། མངོན་ཞེན་དང་བྲལ་བའི་གཉིས་སྣང་ཙམ་ནི་ཆེད་དུ་གཉེར་ནས་སྤང་བྱ་མ་ཡིན་པའི་ཕྱིར་ཏེ། ཇི་སྲིད་གཉིས་སྣང་གི་བག་ཆགས་མ་སྤངས་པ་དེ་སྲིད་དུ་དེ་དག་རང་གི་ངང་གིས་འབྱུང་བས་སྤང་མི་ནུས་པའི་ཕྱིར་དང་། ཞེན་པ་མེད་ན་སྣང་བ་ཙམ་གྱིས་ཉེས་པ་མི་བསྐྱེད་ཅིང་། རྣམ་རྟོག་གི་བག་ཆགས་མ་ལུས་པ་སྤངས་ན་དེ་དག་རང་གི་ངང་གིས་ལྡོག་པས་ལོགས་སུ་སྤང་མི་དགོས་པའི་ཕྱིར་རོ། །གཞན་ཡང་འདི་དག་ཞེན་པ་དང་བྲལ་བའི་གཉིས་སྣང་ཙམ་ཡིན་ན་དགག་པའི་རྣམ་པ་ཅན་འདོད་པ་ཤིན་ཏུ་མི་རིགས་ཏེ། དགག་སྒྲུབ་ནི་རྟོག་བཅས་ཀྱི་ཤེས་པ་ཁོ་ནའི་བྱེད་པ་ཡིན་པའི་ཕྱིར་རོ། །དེ་བས་ན་འདིར་རྟོག་པ་ནི་སྒྲ་དོན་འདྲེས་འཛིན་གྱི་མཚན་ཉིད་ཅན་ཡིན་ཏེ། བྱང་སེམས་ལམ་གྱི་སྤང་བྱར་གྱུར་པ་མངོན་པར་ཞེན་པའི་བདག་ཉིད་ཅན་ཡིན་པས་སོ། །གཉིས་པ་ནི། འདིར་རྒྱ་བོད་ཀྱི་འགྲེལ་པ་བྱེད་པ་ཕལ་ཆེ་བ་ནི་སྐབས་འདིའི་གཟུང་འཛིན་གྱི་རྟོག་པ་རྣམས་སྦྱོར་ལམ་གྱི་ངོ་བོ་དང་། དེ་ཡང་དགག་པའི་རྣམ་པ་ཅན་དུ་བཞེད་དེ། སངས་རྒྱས་ཡེ་ཤེས་ཀྱི་བསྡུད་འགྲེལ་དུ། དངོས་པོ་ཙམ་ལ་བརྟེན་པ་ནི་གང་གིས་ན་ཕུང་པོ་ལ་སོགས་པའི་དངོས་པོ་ཙམ་ལ་བརྗོད་པ་ཙམ་དུ་ཤེས་པ་ཡིན་ཞེས་དང་། གཉེན་པོ་ལ་བརྟེན་པ་ནི་ཕར་ཕྱིན་ལ་སོགས་པ་རྣམ་པར་བྱང་བའི་དངོས་པོ་ཁོ་ན་ལ་སེམས་ཙམ་དུ་རྣམ་པར་འཇོག་པར་བྱེད་པའོ་ཞེས་དང་། གང་གི་རྫས་ལ་བརྟེན་པ་ནི་འཛིན་པའི་རྣམ་པ་གང་གིས་རྫས་སུ་སྒྲོ་བཏགས་པ་གཙོ་བོར་སེམས་ལ་སོགས་པར་ལྟ་བའི་ཡུལ་གྱི་དངོས་པོ་འགོག་པར་བྱེད་པའོ། །དེར་བཏགས་པ་ལ་བརྟེན་པ་ནི་གང་གིས་བཏགས་པ་ཙམ་ཡང་འཛིན་པ་མ་ཡིན་པ་ཉིད་དུ་རབ་ཏུ་འབྱེད་པའོ་ཞེས་བཤད་ཅིང་། གསེར་གླིང་པས། རྣམ་པར་རྟོག་པ་མཐའ་ཡས་པ་ཡིན་ན་ཡང་མི་མཐུན་ཕྱོགས་ཡིན་པའི་ཕྱིར་ལམ་དུ་རྟོག་པ་ཁོ་ནའི་རྣམ་པར་རྟོག་པ་བསྟན་གྱི་གཞན་ནི་ཅི་ཡང་མི་བྱེད་པ་ཉིད་ཀྱིས་ན་སྤང་བར་བྱ་བའི་ཡང་མ་ཡིན་ཅིང་། བླང་བར་བྱ་བ་ཡང་མ་ཡིན་པས་ཉེས་པ་མེད་དོ་ཞེས་བཤད་ཅིང་། བོད་རྣམས་ཀྱི་ཊཱི་ཀ་བྱེད་པ་ཕལ་ཆེ་བ་ཡང་། དེ་དག་དང་མཐུན་པར་བཤད་ལ། འཕགས་པས་གཟུང་བའི་རྣམ་པར་རྟོག་པ་གཉིས་ཏེ། དངོས་པོ་ཙམ་ལ་བརྟེན་པ་དང་གཉེན་པོའི་ཕྱོགས་ལ་བརྟེན་པའོ། །འཛིན་པའི་རྣམ་པར་རྟོག་པ་གཉིས་ཏེ། བདག་རྫས་སུ་ཡོད་པའི་རྟེན་ཅན་དང་། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་ནོ། །དེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་པོ་དང་། གཉིས་པ་དག་ནི་གོ་རིམ་བཞིན་དུ་གཟུང་བའི་རྣམ་པར་རྟོག་པ་གཉིས་སུ་གྱུར་པ་ཡིན་ལ། གསུམ་པ་དང་བཞི་པ་དག་ཀྱང་འཛིན་པའི་རྣམ་པར་རྟོག་པ་གཉིས་སུ་ཡིན་ནོ་ཞེས་པའི་དོན་དུ་བསམས་ནས་རྟོག་པ་བཞི་པོ་ངེས་འབྱེད་ཆ་མཐུན་གྱི་རང་བཞིན་དགག་པའི་རྣམ་པ་ཅན་ཁོ་ནར་འདོད་དོ། །འདི་དག་ནི་རིགས་པར་མ་མཐོང་སྟེ། བྱང་སེམས་ལམ་གྱི་སྤང་བར་བྱ་བ་ནི། གཟུང་འཛིན་གྱི་རྣམ་རྟོག་བཞི་པོ་འདི་ཙམ་ཁོ་ནར་ཟད་པའི་ཕྱིར་དང་། དེ་དག་ཀྱང་སྦྱོར་ལམ་བཞིའི་ངོ་བོ་ཡིན་ན་བྱང་སེམས་བསྐལ་པ་གྲངས་མེད་པ་གསུམ་དུ་ཤེས་སྒྲིབ་སྤངས་པའི་ཕྱིར་དུ་ཤེར་ཕྱིན་སྒོམ་པ་ནི་རང་གི་སྦྱོར་ལམ་ཁོ་ན་སྤང་བའི་ཕྱིར་དུ་ངལ་བ་བྱེད་པར་འགྱུར་བ་དང་། ལས་དང་པོ་པ་དག་གིས་སྦྱོར་ལམ་མ་སྐྱེད་པའི་ཕྱིར་དེ་དག་ལ་གཟུང་འཛིན་གྱི་རྣམ་རྟོག་མེད་པ་ཐལ་བར་ཡང་འགྱུར་རོ། །གལ་ཏེ་འདི་དག་ལས་མ་གཏོགས་པའི་གཟུང་འཛིན་གྱི་རྣམ་རྟོག་གཞན་ཡོད་དོ་ཞེ་ན། དེ་ལྟར་ན། དེ་གཞུང་འདིར་མ་བསྟན་པས་སྤང་བྱ་རྫོགས་པར་མ་བསྟན་པར་འགྱུར་ལ། དེ་ལྟར་ན་ལམ་རྣམས་ཀྱང་མི་མཐུན་ཕྱོགས་་གང་གི་གཉེན་པོ་ཡིན་པ་ཁོང་དུ་ཆུད་པ་མི་འགྱུར་རོ། །གཞན་ཡང་རྣམ་རྟོག་འདི་དག་དགག་པའི་རྣམ་པ་ཅན་ཡིན་ལ། སྐབས་ལྔ་པའི་འཇུག་པ་དང་ལྡོག་པ་གཟུང་རྟོག་སོགས་ཀྱང་དགག་པའི་རྣམ་པ་ཅན་དུ་འགྱུར་ན། དེ་ཡང་མི་རིགས་ཏེ། འགྲེལ་པར་འཇུག་པར་བྱའོ་ཞེས་དང་། ལྡོག་པར་བྱའོ་ཞེས་གཟུང་བར་རྣམ་པར་རྟོག་ཅེས་དངོས་སུ་སྒྲུབ་པའི་རྣམ་པ་ཅན་དུ་བཤད་པའི་ཕྱིར་དང་། མདོ་ལས་ཀྱང་། གཉེན་པོ་རང་བཞིན་མེད་པའི་ཤེས་རབ་དངོས་སུ་བསྟན་པའི་ལྡོག་པའི་སྒོ་ནས་གཟུང་འཛིན་གྱི་རྟོག་པ་རྣམས་བསྟན་པའི་ཕྱིར་རོ། །ཅི་སྟེ་སྐབས་ལྔ་པའི་རྟོག་པ་ནི། འདིའི་སྐབས་ཀྱི་རྟོག་པས་མ་བསྡུས་སོ་ཞེ་ན། མི་རིགས་ཏེ། འགྲེལ་ཆེན་དུ། དེ་ལྟར་ན་འོག་ནས་འཆད་པའི་རྩེ་མོའི་མངོན་པར་རྟོགས་པས་བསྡུས་པ་མཐོང་བ་དང་སྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་རྣམ་པར་རྟོག་པ་བཞི་པོ་རྣམས་ཀྱི་གྲངས་ཇི་ལྟ་བ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདི་ཀུན་ནས་ཉོན་མོངས་པ་ལ་བརྟེན་པར་བརྗོད་པར་བྱའོ་ཞེས་ཁྱད་ཆོས་ཀྱི་རྟོག་པ་འདི་རྣམས་རྩེ་མོའི་མཐོང་ལམ་གྱི་སྤང་བྱར་བཤད་པའི་ཕྱིར་རོ། །གཞན་ཡང་འགྲེལ་ཆེན་དུ། རྣམ་པར་རྟོག་པ་བཞི་པོ་ནི་རང་གི་བྱང་ཆུབ་ཀྱི་གེགས་སུ་གྱུར་པ་མ་ཡིན་པས་ན། གང་གི་ཕྱིར་དེ་དང་འདྲེས་པར་གྱུར་ཀྱང་མ་འདྲེས་པར་སྐྱེ་བ་ཡིན་ནོ་ཞེས་རྣམ་པར་བཞག་གོ །ཞེས་པ་ཡང་ཇི་ལྟར་དྲང་སྟེ། གཟུང་འཛིན་གྱི་རྣམ་རྟོག་འདི་དག་བྱང་སེམས་སྦྱོར་ལམ་གྱི་ངོ་བོ་ཡིན་ན་ཉན་རང་སྦྱོར་ལམ་དང་འདྲེས་པར་སྐྱེ་བོ་ཞེས་རྣམ་པར་བཞག་མི་ནུས་པའི་ཕྱིར་རོ། །འཕགས་པའི་དགོངས་པ་ནི། སྦྱོར་ལམ་གོ་རིམ་བཞིན་དུ་གཟུང་འཛིན་གྱི་རྣམ་རྟོག་བཞིའི་ངོ་བོར་སྟོན་པ་ཡིན་གྱི་གཟུང་འཛིམ་གྱི་རྣམ་པར་རྟོག་པ་རྣམས་སྦྱོར་ལམ་དུ་སྟོན་པ་མ་ཡིན་ནོ། །དེའི་ཕྱིར་ལུགས་འདི་ནི་མང་པོ་ཞིག་ལ་གྲགས་སུ་ཟིན་ཀྱང་དཔྱད་མི་བཟོད་པའི་ཕྱིར་མི་རིགས་པ་ཁོ་ནའོ། །ཡང་གཞན་དག་ཇི་སྐད་བཤད་པའི་འཐད་པའི་དགག་པའི་རྣམ་པ་ཅན་དང་། ལམ་གྱི་ངོ་བོར་མི་རིགས་པར་མཐོང་ནས་རྟོག་པ་བཞི་པོ་འདི་དག་སྤང་བྱ་ཁོ་ན་དང་། དེ་ཡང་སྒྲུབ་པའི་རྣམ་པ་ཅན་དུ་འཆད་དོ། །དེ་ཡང་མི་བཟང་སྟེ། དགག་པ་དང་སྒྲུབ་པའི་རྣམ་པ་ཅན་གྱི་མངོན་པར་ཞེན་པ་ཐམས་ཅད་བྱང་སེམས་ཀྱི་སྤང་བྱ་ཡིན་པའི་ཕྱིར་དང་། དེ་ཐམས་ཅད་ཀྱང་གཟུང་འཛིན་གྱི་རྣམ་པ་རྟོག་པ་བཞིས་བསྡུས་པའི་ཕྱིར་དང་། འཕགས་པ་དང་སློབ་དཔོན་གྱིས་ངེས་འབྱེད་ཆ་མཐུན་བཞི་པོ་གྲངས་བཞིན་དུ་གཟུང་འཛིན་གྱི་རྣམ་རྟོག་བཞིའི་ངོ་བོ་དང་དེ་དག་གིས་ཀུན་ནས་ཉོན་མོངས་པར་བྱས་པར་བཤད་པ་དང་ཡང་འགལ་བའི་ཕྱིར་རོ། །གལ་ཏེ་སྦྱོར་ལམ་བཞི་པོ་གཟུང་འཛིན་གྱི་རྣམ་རྟོག་བཞིའི་ངོ་བོར་མི་ལྡན་ན་ཇི་ལྟར་ལམ་དག་རྣམ་རྟོག་དག་གིས་ཀུན་ནས་ཉོན་མོངས་པར་བྱས་པར་འགྱུར། ཅི་སྟེ་སྤང་བྱར་ལྡན་པས་སོ་ཞེ་ན། ཤིན་ཏུ་ཡང་མི་རིགས་ཏེ། མཐོང་སྒོམ་གྱི་ལམ་དག་ཀྱང་དེར་ཐལ་བའི་ཕྱིར་རོ། །ཅི་སྟེ་བག་ལ་ཉལ་རྗེས་སུ་འབྲེལ་བས་སོ་ཞེ་ན་ཡང་། ཐལ་བ་དེ་ཉིད་ལྡོག་པ་མེད་དེ། འདི་དག་གི་བག་ལ་ཉལ་ནི་ས་བཅུ་པའི་ཡེ་ཤེས་ཀྱིས་སྤང་བྱ་ཡིན་པས་སོ། །གཞན་ཡང་སྦྱོར་ལམ་བཞི་གཟུང་འཛིན་གྱི་རྣམ་རྟོག་བཞིའི་ངོ་བོ་མ་ཡིན་ན་སྤང་བྱའི་རྟོག་པ་ལ་བཞིར་གྲངས་མ་ངེས་པའམ་ཡང་ན་སྦྱོར་ལམ་རྟོག་པའི་ངོ་བོ་མ་ཡིན་པར་འགྱུར་ན་གཉིས་ཀ་ལྟར་ཡང་མི་རིགས་ཏེ། གཟུང་འཛིན་གྱི་རྣམ་རྟོག་བཞི་པོ་རེ་རེ་ལ་ཆུང་འབྲིང་ཆེན་པོ་གསུམ་གྱི་དབྱེ་བས་དགུ་དགུ་དང་། དེ་ཡང་ཁམས་གསུམ་གྱི་བྱེ་བྲག་གིས་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་དུ་ཕྱེ་བ་རྣམས་མ་ལུས་པར་སྤངས་པས་ཇི་སྐད་དུ། ཡམས་ནད་འདི་དག་ཟད་ནས་ནི། །ཡུན་རིང་ལོན་ནས་དབུགས་ཕྱིན་ལྟར། །ཞེས་བཤད་པ་ལྟར་སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པའི་ཕྱིར་དང་། སྦྱོར་ལམ་རྟོག་པ་མ་ཡིན་པ་ཡང་སྔར་ཉེས་པ་བསྟན་ཟིན་པའི་ཕྱིར་རོ། །དེ་བས་ན་གཟུང་བ་དང་འཛིན་པའི་ཡུལ་ལ་དམིགས་ནས་དགག་པའམ་སྒྲུབ་པ་གང་ཡང་རུང་བའི་རྣམ་པར་མངོན་པར་ཞེན་པ་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ཡིན་ལ། ངེས་འབྱེད་ཆ་མཐུན་བཞི་ཡང་གོ་རིམ་བཞིན་དུ་ཀུན་ནས་ཉོན་མོངས་དང་རྣམ་བྱང་དག་གི་ཕྱོགས་ཀྱི་གཟུང་བ་དང་དགག་རྫས་དུ་ཡོད་པ་དང་སྐྱེས་བུ་བཏགས་པར་ཡོད་པའི་འཛིན་པ་དེ་དག་ལ་དགག་པའི་ཚུལ་དུ་རང་བཞིན་མེད་པར་མངོན་པར་ཞེན་པས་ན་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ཞེས་བྱའོ། །འདིར་གཟུང་བ་དང་འཛིན་པ་གང་ལ་བྱ་ཞེ་ན། ལོ་ཙཱ་བ་ཆེན་པོས། གཟུང་འཛིན་གྱི་ཚུལ་གསུམ་སྟེ། སྐྱེ་མཆེད་ཀྱི་དབང་དུ་བྱས་པ་གཟུགས་སོགས་ཕྱིའི་སྐྱེ་མཆེད་གཟུང་བ་དང་། མིག་སོགས་ནང་གི་སྐྱེ་མཆེད་འཛིན་པའོ། །ཡུལ་ཡུལ་ཅན་གྱི་དབང་དུ་བྱས་པ་བེམས་པོ་རྣམས་གཟུང་བ་དང་། རིག་པ་རྣམས་འཛིན་པའོ། །བདག་དང་བདག་གི་བའི་དབང་དུ་བྱས་པ་ལོངས་སྤྱོད་པ་པོའི་བདག་འཛིན་པ་དང་། ལོངས་སྤྱོད་བྱ་བའི་བདག་གི་བ་གཟུང་བའོ། །དེ་ལ་འདིར་ཐ་མ་གཟུང་ཞེས་གསུང་ཡང་སློབ་དཔོན་དང་འཕགས་པས་མུ་བཞིའི་དཔྱད་པ་དང་མི་འགྲིགས་པའི་ཕྱིར་མི་འཐད་ལ། བེམས་རིག་ལ་བྱས་ན་ཡང་ཀུན་བྱང་གི་གཟུང་བ་རྣམས་བེམས་པོ་ཁོ་ནར་མ་ངེས་ཤིང་། གང་ཟག་རྫས་སྤོང་རིགས་པར་མ་ངེས་པའི་ཕྱིར་མི་རིགས་སོ། །དེ་བས་ན་འདིར་འཛིན་པའི་མཚན་ཉིད་ལོངས་སྤྱོད་པ་པོ་དང་། གཟུང་བའི་མཚན་ཉིད་ལ་ལོངས་སྤྱད་བྱའོ། །དེ་དག་ལ་གོ་རིམ་བཞིན་དུ་དགག་སྒྲུབ་གང་རུང་གིས་རྣམ་པར་ཞེན་པ་ནི་གོ་རིམ་བཞིན་དུ་གཟུང་བ་དང་། འཛིན་པའི་རྣམ་རྟོག་གི་མཚན་ཉིད་དོ། །ལོངས་སྤྱོད་པ་པོ་ལ་ཡང་གཉིས་ཏེ། ཆོས་ཀྱི་རང་བཞིན་དང་། གང་ཟག་གི་རང་བཞིན་ནོ། །དང་པོ་ནི་ཤེས་རིག་གིས་བསྡུས་པའི་སེམས་སེམས་བྱུང་རྣམས་ཏེ། དེ་དག་རྒྱུན་ལྡན་རྣམས་ནི་གཟུང་བ་དང་འཛིན་པ་གཉིས་ཀ་ཡིན་ལ། སྐད་ཅིག་རེ་རེ་བ་རྣམས་ནི་འཛིན་པ་ཁོ་ན་ཡིན་ནོ། །གཉིས་པ་ནི། བདག་ཏུ་ཐ་སྙད་བཏགས་པའི་ཡུལ་ཏེ། དེ་ལ་ཡང་བྱིས་པས་ཕུང་པོ་ལ་རིལ་པོའི་བདག་ཏུ་གཟུང་བ་དགག་པ་རྫས་ཡོད་དང་། འཕགས་པས་གཟུགས་སོགས་ཆོས་ཙམ་ལ་སྐྱེས་བུར་ཐ་སྙད་བཏགས་པ་སྐྱེས་བུ་གཏགས་ཡོད་གཉིས་ཏེ། འདི་དག་ནི་འཛིན་པ་ཁོ་ན་ཡིན་ལ། འདི་དག་ལ་རྟོག་པ་ཡང་འཛིན་རྟོག་ཁོ་ན་ཡིན་ནོ། །གཉིས་པ་ལོངས་སྤྱོད་བྱ་ལ་ཡང་ཀུན་ནས་ཉོན་མོངས་ཕྱོགས་ཀྱིས་བསྡུས་པ་དང་། རྣམ་བྱང་ཕྱོགས་ཀྱིས་བསྡུས་པ་གཉིས་ཏེ། དེ་དག་སྤྱི་ལ་རྟོག་པ་ནི་གཟུང་རྟོག་ཁོ་ན་ཡིན་ལ། བྱེ་བྲག་ཕྱེ་ནས་རྟོག་པ་ན་ཅི་རིགས་པར་མུ་གསུམ་དུ་འགྱུར་རོ། །གསུམ་པ་ཁྱད་ཆོས་སུ་འགྱུར་ཚུལ་ནི། སྦྱོར་ལམ་བཞི་ལ་ཇི་སྐད་བཤད་པའི་ཚུལ་གྱིས་གཟུང་འཛིན་གྱི་རྣམ་རྟོག་བཞི་ངོ་བོར་ལྡན་པ་ཡིན་ལ། དེའི་ཕྱིར་དེ་དག་ནི་རྣམ་རྟོག་དེ་དག་གིས་ཀུན་ནས་ཉོན་མོངས་པར་བྱས་པ་ཡིན་ཏེ། བྱང་སེམས་ཀྱི་ཀུན་ནས་ཉོན་མོངས་པར་བྱས་པ་ནི་རྣམ་རྟོག་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གཟུང་འཛིན་གྱི་རྣམ་རྟོག་བཞི་ནི་བྱང་སེམས་ཀྱི་སྦྱོར་ལམ་དང་ཉན་རང་སྦྱོར་ལམ་གཉིས་ཀྱི་ནང་ནས་བྱང་སེམས་ཀྱི་སྦྱོར་ལམ་ཁོ་ནའི་ཁྱད་པར་བྱེད་ཆོས་ཡིན་ཏེ། བྱང་སེམས་ཀྱི་སྦྱོར་ལམ་ལ་ཀུན་ནས་ཉོན་མོངས་བྱེད་དུ་ལྡན་པའི་ཕྱིར་དང་། གཅིག་ཤོས་ཀྱི་ལ་ཡོད་དུ་ཟིན་ཀྱང་དེར་མི་ལྡན་པའི་ཕྱིར་རོ། །དེ་ཡང་འདི་ལྟར། ཉན་རང་གི་སྦྱོར་ལམ་དག་ནི་བདེན་པ་བཞི་ལ་མ་རིག་ལ་སོགས་བཅུ་དྲུག་གི་རྣམ་པར་མངོན་པར་ཞེན་པ་ཡིན་པའི་ཕྱིར་སྡུག་བསྔལ་དང་ཀུན་འབྱུང་ལ་དམིགས་པ་དག་ནི་ཀུན་ནས་ཉོན་མོངས་གཟུང་རྟོག་ཡིན་ལ། འགོག་ལམ་ལ་དམིགས་པ་དག་ནི་རྣམ་བྱང་གཟུང་རྟོག་ཡིན་ཞིང་ཐམས་ཅད་ཀྱང་གང་ཟག་གི་བདག་མེད་པར་མངོན་པར་ཞེན་པའི་ཕྱིར། རྫས་འཛིན་རྟོག་པ་དགག་པའི་རྣམ་པ་ཅན་ཡིན་ནོ། །དེའི་ཕྱིར་དེ་དག་ལ་གཟུང་འཛིན་གྱི་རྣམ་རྟོག་ངོ་བོར་ལྡན་ཡང་ཀུན་ནས་ཉོན་མོངས་བྱེད་དུ་མི་ལྡན་ཏེ། མི་རྟག་སོགས་ཆོས་སུ་མངོན་པར་ཞེན་པ་ནི་རང་གི་བྱང་ཆུབ་ཀྱི་གེགས་མ་ཡིན་པའི་ཕྱིར་རོ། །དེས་ན་སློབ་དཔོན་གྱིས། དེ་དག་འདྲེས་པར་གྱུར་ཀྱང་མ་འདྲེས་པར་སྐྱེ་བར་རྣམ་པ་བཞག་གོ་ཞེས་གསུངས་སོ། །གལ་ཏེ་ཉན་རང་གི་སྦྱོར་ལམ་ཡང་དེ་དག་གི་སྒོམ་སྤངས་སུ་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་ཉོན་སྒྲིབ་དང་འབྲེལ་བའི་ཆ་ནས་སྤང་བྱ་ཡིན་གྱི་རྣམ་རྟོག་དང་འབྲེལ་བའི་སྒོ་ནས་མ་ཡིན་པས་སྐྱོན་མེད་དོ། །དེ་བས་ན་རྣམ་རྟོག་ཁྱད་ཆོས་སུ་འགྱུར་ཚུལ་སློབ་དཔོན་གྱི་དགོངས་པ་ཕྱིན་ཅི་མ་ལོག་པ་ནི་ཇི་སྐད་བཤད་པ་དེ་ཁོ་ན་ལྟར་ཡིན་ལ། གང་དག་རྟོག་པ་དགག་པའི་རྣམ་པ་ཅན་དུ་འདོད་པ་གང་དག་སྦྱོར་ལམ་བཞིས་རང་བཞིན་མེད་པར་ཞེན་པའི་ཆ་ནས་ཉན་རང་གི་སྦྱོར་ལམ་ལས་ཁྱད་པར་འཕགས་ཞེས་འཆད་པ་ནི་རྣམ་པའི་ཁྱད་ཆོས་དང་ཟློས་པར་འགྱུར་ལ། གང་ཡང་སྒྲུབ་པའི་རྣམ་པ་ཅན་དུ་འདོད་པ་དག་སྤང་བྱར་འབྲེལ་བས་ཁྱད་པར་དུ་འཕགས་ཞེས་འཆད་པ་ཡང་མི་རིགས་ཏེ། རྟོག་པ་འདི་དག་མཐོང་སྒོམ་ལམ་གྱི་སྤང་བྱར་བཤད་པའི་ཕྱིར་དང་། སྦྱོར་ལམ་གྱི་སྤང་བྱ་ཡོད་མི་ནུས་པའི་ཕྱིར་དང་། སྦྱོར་ལམ་གྱི་སྤང་བྱ་ཡང་ཡོད་ན་སྤང་བྱ་ལ་མཐོང་སྒོམ་གྱིས་གཉིས་སུ་མ་ངེས་པར་ཐལ་བའི་ཕྱིར་རོ། །གཉིས་པ་དབྱེ་བ་ནི། རྩ་བའི་དབྱེ་བ་མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་གཟུང་བ་དང་འཛིན་པའི་རྣམ་རྟོག་བཞི་བཞི་སྟེ་བརྒྱད་དུ་གྱུར་པ། དེ་དག་རེ་རེ་ལ་ཡང་ཆེ་འབྲིང་གི་དབྱེ་བས་དགུ་དགུ་དང་། དེ་ཡང་ཁམས་གསུམ་གྱི་བྱེ་བྲག་གིས་བརྒྱ་རྩ་བརྒྱད་དུ་འགྱུར་རོ། །གསུམ་པ་གྲངས་ངེས་ནི། བརྟག་པར་བྱ་བའི་ཡུལ་ལ་གཟུང་འཛིན་གཉིས་སུ་ངེས་ལ། གཟུང་བ་ལ་ཡང་ཀུན་ནས་ཉོན་མོངས་དང་། རྣ་བྱང་གཉིས། འཛིན་པ་ལ་ཡང་རྫས་བཏགས་གཉིས་སུ་དངོས་པོ་ལ་ཡང་ངེས་པའི་ཕྱིར་དེའི་ཡུལ་ཅན་གྱི་རྟོག་པ་ཡང་བཞིར་ངེས་སོ། །བཞི་པ་གོ་རིམ་ངེས་པ་ནི། ངེས་འབྱེད་ཆ་མཐུན་བཞི་ནི། དོན་གྱི་གོ་རིམ་ཡིན་ལ། དེ་དག་འདིར་རྣམ་རྟོག་བཞིའི་ཁྱད་གཞི་ཡིན་ལ། དེས་ན་ཁྱད་གཞིའི་དབང་གིས་ཁྱད་ཆོས་ཀྱི་གོ་རིམ་རྣམ་པར་བཞག་གོ །ལྔ་པ་གཉེན་པོས་སྤོང་ཚུལ་ནི་རགས་པ་མངོན་གྱུར་རྣམས་ནི་ས་བརྒྱད་པ་མན་ཆད་དུ་སྤོང་ལ། ཕྲ་བ་བག་ལ་ཉལ་ནི་ས་བཅུ་པའི་ཡེ་ཤེས་ཀྱིས་སྤོང་ངོ་། །གཉིས་པ་ཡན་ལག་གི་དོན་ལ། མདོར་བསྟན་པ་དང་། རྒྱད་པར་བཤད་པ་དང་། སྦྱོར་ལམ་ལ་ལྡན་ཚུལ་གསུམ་གྱི་དང་པོ་ལ། སྤྱིའི་མཚམས་སྦྱར་དང་། སོ་སོའི་དོན་བཤད་པ་གཉིས་ཀྱི། དང་པོ་རྣམ་པར་རྟོག་པ་བཞི་དང་ལྡན་པ་ཡང་ཞེས་སོ། །གཉིས་པ་ལ་གཉིས་ཀྱི། དང་པོ་གཟུང་རྟོག་མདོར་བསྟན་པ་ལ། རྩ་འགྲེལ་གཉིས་ཀྱི། དང་པོ་ནི། གཟུང་བའི་རྣམ་པར་རྟོག་པ་དབྱེ་གཞི། དབྱེ་གྲངས་རྣམ་པ་གཉིས། དབྱེ་བའི་གཞི་དངོས་པོ་ཙམ་ལ་བརྟེན་པ་དང་། དེའི་གཉེན་པོ་མཐར་ཕྱིན་སོགས་རྣམ་བྱང་ལ་བརྟེན་པའོ། །དངོས་པོ་ཙམ་དང་རྣམ་བྱང་ལ་བརྟེན་པའི་གཟུང་རྟོག་དེ་ནི་སོ་སོ་རེ་རེ་ལ་ཡང་རྣམ་པ་དགུ་དགུ་སྟེ། གོ་རིམ་བཞིན་དུ་རྨོངས་པ་ལ་སོགས་པ་དང་། ཕུང་པོ་ལ་སོགས་ཡུལ་དགུ་དགུ་ཡོད་པའི་བྱེ་བྲག་གིས་སོ། །གཉིས་པ་འགྲེལ་པ་ནི། གཟུང་བར་རྣམ་པར་རྟོག་པ་ཆོས་ཅན། དབྱེ་ན་རྣམ་པ་གཉིས་ཡིན་ཏེ། ཀུན་ནས་ཉོན་མོངས་པའི་གཞིའི་རྟེན་ཅན་ཏེ་ཡུལ་ལ་མངོན་པར་ཞེན་པ་ཅན་དང་། གཉེན་པོའི་རྟེན་ཅན་ཏེ་ཡུལ་ལ་མངོན་པར་ཞེན་པ་ཉིད་ཀྱིས་སོ། །དེ་དག་རེ་རེ་ལ་ཡང་རྣམ་པ་དགུ་དགུ་ཡོད་དེ། གོ་རིམ་བཞིན་དུ་མ་རིག་པ་དང་རྣམ་བྱང་གི་ཕུང་པོ་ལ་སོགས་པ་ཡུལ་དགུ་དགུའི་རབ་ཏུ་དབྱེ་བས་སོ། །གཉིས་པ་འཛིན་རྟོག་མདོར་བསྟན་པ་ལ་རྩ་འགྲེལ་གཉིས་ཀྱི། དང་པོ་ནི། འཛིན་རྟོག་དབྱེ་གཞི། དབྱེ་གྲངས་རྣམ་པ་གཉིས་སུ་འདོད་དེ། ཕྱེ་བའི་ངོ་བོ་གང་ཟག་རྫས་ཡོད་ལ་བརྟེན་པ་ཅན་དང་། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གྱིས་སོ། །དེ་གཉིས་ཀ་ཡང་གཟུང་རྟོག་དེ་བཞིན་དུ་ཡུལ་གྱི་དབྱེ་བས་དགུ་དགུ་སྟེ། གོ་རིམ་བཞིན་དུ་རང་དབང་ཅན་གྱི་བདག་ལ་སོགས་པ་དང་ཕུང་པོ་ལ་སོགས་པ་ཡུལ་དགུ་དགུ་ལ་བརྟེན་པའི་བྱེ་བྲག་ལས་སོ། །གཉིས་པ་ནི། འཛིན་པའི་རྣམ་པར་རྟོག་པ་ཆོས་ཅན། རྣམ་པ་གཉིས་ཡིན་ཏེ། གང་ཟག་རྫས་སུ་ཡོད་པ་དང་སྐྱེས་བུ་བཏགས་པར་ཡོད་པ་ལ་མངོན་པར་ཞེན་པས་དམིགས་པས་སོ། །གཉིས་པ་དེ་དག་སོ་སོར་ཡང་གཟུང་རྟོག་དེ་ལྟར་རྣམ་པ་དགུ་དགུ་སྟེ། གོ་རིམ་བཞིན་དུ་བདག་རང་དབང་ཅན་དང་ཕུང་པོ་ལ་སོགས་པ་ཡུལ་དགུ་དགུ་ལ་དམིགས་པ་ཉིད་ཀྱིས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། མཚམས་སྦྱར་བ་དང་། སོ་སོའི་ངོ་བོ་གཉིས་ཀྱི། དང་པོ་ནི། རྣམ་རྟོག་བཞི་མདོར་བསྟན་པ་དེ་ལ་མིང་ཙམ་མདོར་བསྡུས་ནས་བཤད་པའི་དོན་ནི་འདི་ཡིན་ཏེ། གཉིས་པ་ལ། གཟུང་རྟོག་འཛིན་རྟོག་རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ལ། ཀུན་ནས་ཉོན་མོངས་དང་། རྣམ་བྱང་གི་རྟེན་ཅན་གཉིས་ཀྱི་དང་པོ་ནི། ཀུན་ནས་ཉོན་མོངས་པའི་གཞིའི་རྟེན་ཅན་གྱི་རྣམ་རྟོག་ནི་དབྱེ་གཞི་སྟེ། གྲངས་དགུ་སྟེ་ཡུལ་དགུ་ཡོད་པས་སོ། །ཡུལ་དགུ་པོ་དེ་ཡང་བཞིར་བསྡུས་ཏེ། ཀུན་ནས་ཉོན་མོངས་ཀྱི་དངོས་པོ། ཉེས་དམིགས། དམིགས་པ། དེའི་མཚན་ཉིད་ཤེས་བྱེད་དོ། །དང་པོ་ནི་ལྔ་སྟེ། དངོས་པོ་ཙམ་ཡུལ་དུ་བྱས་ནས་དེ་ཉིད་ལ་མངོན་པར་ཞེན་པ་ནི་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པའི་ཕྱིར་མ་རིག་པ་སྟེ། དེ་ལ་དགག་པའམ་སྒྲུབ་པའི་རྣམ་པར་མངོན་པར་ཞེན་པ་ནི་མ་རིག་པ་ལ་གཟུང་བར་རྣམ་པར་རྟོག་པ་ཞེས་བྱ་སྟེ། དེ་བཞིན་དུ་གཞན་རྣམས་ལ་ཡང་སྦྱར་རོ། །མདོ་ནི། ཤ་བུ་ཆོས་འདི་དག་ནི་བྱིས་པ་སོ་སོའི་སྐྱེ་བོས་ཇི་ལྟར་མངོན་པར་ཆགས་པར་བྱ་བ་དེ་ལྟ་བུའི་རྣམ་པར་ཡོད་པ་མ་ཡིན་ནོ་ཞེས་སོ། །མ་རིག་པས་ཀུན་ནས་བླང་བ་ལས་གཟུགས་སོགས་ཉེར་ལེན་གྱི་ཕུང་པོ་ལྔ་འབྱུང་བས་དེ་ལ་རྟོག་པ་ནི། ཤ་བུ་གཟུགས་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་ཡོད་པ་མ་ཡིན་ནོ་ཞེས་སོ། །ཕུང་པོ་ལྔ་པོ་དེ་དག་ཡུལ་དུ་བྱས་པའི་རྟོག་པ་ནི་མིང་དང་གཟུགས་ལ་མངོན་པར་ཞེན་པ་ཞེས་བྱ་ལ། དེ་ལ་རྟོག་པ་ནི། དེ་དག་གིས་ཇི་ལྟར་མེད་པའི་ཆོས་དེ་དག་བརྟགས་ནས་མིང་དང་གཟུགས་ལ་མངོན་པར་ཞེན་ཅེས་སོ། །ཇི་སྐད་དུ། དངོས་པོར་ཁས་ལེན་ཡོད་ན་ནི། །རྟག་དང་ཆད་པར་ལྟ་བ་ནི། །ཐལ་པར་འགྱུར་ཏེ་དངོས་དེ་ནི། །རྟག་དང་མི་རྟག་འགྱུར་ཕྱིར་རོ། །ཞེས་པ་ལྟར། མིང་གཟུགས་སུ་མངོན་པར་ཞེན་པ་ལས་དེ་ཐེར་ཟུག་མི་འགྱུར་བའི་རྟག་པའམ། སྔོན་བྱུང་ན་ཕྱིས་མེད་པར་འགྱུར་པའི་ཆད་པའི་མཐའ་གཉིས་ལ་ཆགས་པར་འགྱུར་བས་དེ་ལ་རྣམ་པར་རྟོག་པ་ནི། ཆོས་རྣམས་ལ་མངོན་པར་ཞེན་པ་དེ་དག་ནི་མེད་པའི་མཐའ་གཉིས་དག་ཏུ་རྟོག་པར་བྱེད་དོ་ཞེས་སོ། །དེ་ལྟར་རྟག་ཆད་དུ་ཞེན་པ་ལས་ནི་ཆགས་སོགས་ཀུན་ནས་ཉོན་མོངས་པ་སྤང་བྱ་དང་དད་སོགས་རྣམ་པར་བྱང་བ་བླང་བྱར་མི་ཤེས་ཤིང་དེ་ལ་རྣམ་པར་རྟོག་པ་ནི། གཟུགས་ཀུན་ནས་ཉོན་མོངས་པའོ། །གཟུགས་རྣམ་པར་བྱང་བའོ་ཞེས་མི་ཤེས་མི་མཐོང་ངོ་ཞེས་སོ། །གཉིས་པ་དེ་དག་གི་ཉེས་དམིགས་ནི། དེ་ལྟར་བླང་དོར་མི་ཤེས་པའི་སྦྱིན་སོགས་འཕགས་པའི་ལམ་ལ་མི་གནས་པས་དེ་ལ་རྣམ་པར་རྟོག་པ་ནི། དེ་གནས་པ་མ་ཡིན། ཇི་ལྟར་གནས་པ་མ་ཡིན་ཞེ་ན། སྦྱིན་པའི་ཕ་ཕྱིན་ལ་གནས་པ་མ་ཡིན་ཅེས་སོ། །གསུམ་པ་དམིགས་པའི་དབང་དུ་བྱས་པ་ནི། དམིགས་པ་དང་བདག་ལ་སོགས་པ་སྟེ། དེ་གཉིས་ནི་ཀུན་ནས་ཉོན་མོངས་ཀྱི་ངོ་བོ་མ་ཡིན་པས་སོ། །དེ་ལ་དམིགས་པ་ནི་ཕར་ཕྱིན་དྲུག་སྟེ་དེ་ལ་རྟོག་པ་ནི། བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཚེ་ཤེར་ཕྱིན་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ལྟར་སློབ་ཅེས་སོ། །བདག་དང་བདག་ཡོད་ན་ནི་གཞན་དུ་ཤེས། ཞེས་པའི་ཚུལ་གྱིས་སོགས་པས་གཞན་བསྡུས་ཏེ་དེ་ལ་རྣམ་པར་རྟོག་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཕྱིར་བདག་མི་དམིགས་ཤིང་མི་མཐོང་ཞེས་སོ། །ཀུན་ཉོན་གྱི་མཚན་ཉིད་ཤེས་བྱེད་ཀྱི་དབང་དུ་བྱས་པ་ནི། རྣམ་པར་དག་པ་སྐྱེད་པ་ལམ་དང་སོགས་པས་འགོག་པའི་བདེན་པ་ལ་གཟུགས་ལ་རྣམ་པར་རྟོག་པ་ནི། ཤ་བུ་ཤིན་ཏུ་རྣམ་པར་དག་པ་ནི་སྐྱེ་བ་མེད་པ་མ་བྱུང་བ་མངོན་པར་འདུ་བྱེད་པ་མེད་པའོ་ཞེས་སོ། །གཉིས་པ་ནི། གཉེན་པོའི་རྟེན་ཅན་གྱི་རྟོག་པ་ནི་དབྱེ་གཞི། གྲངས་རྣམ་པ་དགུ། ཕུང་པོ་ལ་སོགས་པ་ཡུལ་དགུ་ཡོད་པས་སོ། །ཡུལ་གྱི་ངོ་བོ་དེ་ལ། རྣམ་བྱང་གི་དངོས་པོ་ཡང་། རྐྱེན་དང་། རྒྱུ་དང་། རྟེན་འབྲེལ་དང་། དེའི་དཔྱོད་པ་དང་། དེའི་དབྱེ་བ་དང་དྲུག་གིས་ཤེས་པར་བྱའོ། །དང་པོ་ནི། རྣམ་བྱང་གི་ཆར་གཏོོགས་པའི་གཟུགས་སོགས་རིགས་མཐུན་ཕྱོགས་གཅིག་ཏུ་སྤུང་པ་ནི་ཕུང་པོ་སྟེ་དེ་ལ་རྟོག་པ་ནི། དེ་ཐབས་མི་མཁས་པས་གཟུགས་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་སོ། །གཉིས་པ་ནི། རྣམ་བྱང་གི་ཆར་གཏོགས་ཀྱི་མིག་སོགས་སེམས་སེམས་བྱུང་སྐྱེ་བའི་སྒོར་གྱུར་པ་ལ་རྟོག་པ་ནི་མིག་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཅེས་སོ། །གསུམ་པ་ནི། རྣམ་བྱང་འབྲས་བུའི་འབྱུང་ཁུངས་སུ་གྱུར་པའི་རིགས་ལ་རྟོག་པ་ནི། མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པའི་ཁམས་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་སོ། །བཞི་པ་ནི། མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ཀྱིས་ཡིད་ཀྱི་རང་བཞིན་གྱི་ལུས་གྲུབ་པ་རྣམ་བྱང་གི་སྐྱེ་བ་རྟེན་འབྲེལ་ལ་རྟོག་པ་ནི་མ་རིག་པ་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཅེས་སོ། །ལྔ་པ་ནི། སྟོང་པ་ཉིད་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ཏེ། རང་བཞིན་གྱི་རྣམ་བྱང་ནང་སྟོང་པ་ཉིད་ལ་སོགས་པ་སྟོང་པ་ཉིད་ལ་རྟོག་པ་ནི། དེ་ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་སྟོང་པ་ཉིད་ཀྱི་བར་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་སོ། །སྦྱིན་སོགས་ཕར་ཕྱིན་གྱི་དོན་ལ་རྟོག་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྟོག་ཅིང་ཞེན་པ་ཡིན་ནོ། །ཞེས་སོ། །དྲུག་པ་ནི། མཐོང་བ་ལ་སོགས་པ་གསུམ་སྟེ། བྱང་ཕྱོགས་སོ་བདུན་གྱི་རང་བཞིན་གྱི་མཐོང་བའི་ལམ་ལ་རྟོག་པ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་རྟོག་ཅིང་ཞེན་པ་ཡིན་ཞེས་སོ། །བསམ་གཏན་དང་གཟུགས་མེད་ཀྱི་རང་བཞིན་གྱི་སྒོམ་པའི་ལམ་ལ་རྟོག་པ་ནི། དེ་བསམ་གཏན་དང་མངོན་པར་ཤེས་པ་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་འཇུག་རྣམས་ལ་རྟོག་ཅིང་མངོན་པར་ཞེན་ཞེས་སོ། །སྟོབས་དང་མི་འཇིགས་པ་ལ་སོགས་པ་མི་སློབ་པའི་ལམ་ལ་དགག་སྒྲུབ་གང་རུང་དུ་མངོན་པར་ཞེན་པའི་གཟུང་བ་རྣམ་པར་རྟོག་པ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་རྣམ་མཁྱེན་གྱི་བར་ལ་རྟོག་ཅིང་མངོན་པར་ཞེན་པ་ཡིན་ཞེས་སོ། །དེ་ལ་འཕགས་པ་ལྟར་ན་གཟུང་རྟོག་དང་པོ་ནི་གཞི་ཐམས་ཅད་ཁོ་ན་ཡིན་ལ། གཉིས་པ་ནི། རྣམ་བྱང་ཁོ་ནའི་གཞི་ཅན་ཡིན་ནོ། །

དེ་ལྟར་བྱས་ན་གཟུང་རྟོག་དང་པོ་གང་ཡིན་པ་ནི་གཉིས་པ་ཡང་ཡིན་ནོ། །ཡུལ་རྣམ་བྱང་ལ་ཡང་རྟོག་པའི་ཕྱིར་རོ། །གཉིས་པ་ཁོ་ན་ཡིན་ལ། དང་པོ་མ་ཡིན་པ་ནི། རྣམ་བྱང་ཙམ་གྱི་རྟེན་ཅན་གཟུང་རྟོག་གཉིས་པ་བཞིན་ནོ། །ཞེས་འཆད་ལ། སློབ་དཔོན་ལྟར་ན་ཀུན་ནས་ཉོན་མོངས་པའི་གཞི་ལ་བརྟེན་པ་དང་པོ་ཡིན་ལ། རྣམ་བྱང་གི་གཞི་ལ་བརྟེན་པ་ནི་གཉིས་པ་ཡིན་པས་འདི་གཉིས་ནི་ཡུལ་ཕན་ཚུན་རྣམ་པར་ཆད་པའི་རང་བཞིན་ཡིན་པའི་ཕྱིར་ཐ་དད་པ་ཁོ་ན་ཡིན་ནོ་ཞེས་འཆད་དོ། །གཉིས་པ་འཛིན་རྟོག་ལ་རྫས་འཛིན་དང་། བཏགས་འཛིན་གཉིས་ཀྱི་དང་པོ་ནི། གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་གྱི་འཛིན་རྟོག་ནི། དབྱེ་གཞི། གྲངས་རྣམ་པ་དགུ་སྟེ། ཡུལ་དགུ་ཡོད་པས་སོ། །ཡུལ་དགུ་པ་གཉིས་སུ་བསྡུས་ཏེ། རྫས་ཀྱི་རང་བཞིན་གྱི་སྒོ་ནས་དང་། བྱེད་པའི་སྒོ་ནས་སོ། །དང་པོ་ནི། གཞན་ལ་རག་མ་ལས་པས་བདག་རང་དབང་ཅན་ལ་རྟོག་པ་ནི། ཤ་བུ་བདག་ཉེ་བར་མི་དམིགས་པ་དེ་བཞིན་དུ་སེམས་ཅན་དང་སྲོག་དང་ཞེས་སོ། །ཕུང་པོ་ལ་ཟླ་མེད་པའི་བདག་གཅིག་པུར་རྟོག་པ་ནི། ཤ་བུ་གཟུགས་ཉེ་བར་མི་དམིགས་ཞེས་པ་ནས་རྣམ་ཤེས་ཀྱི་བར་དུ་ཉེ་བར་མི་འགྲོ་ཞེས་སོ། །སྐྱེ་མཆེད་ལ་རྒྱུའི་བདག་དུ་རྟོག་པ་ནི་མིག་མི་དམིགས། དེ་བཞིན་དུ་ཡིད་ཀྱི་བར་དང་ཞེས་སོ། ཁམས་ལ། དབང་པོ་ནས་ཤེས་པ་པོའི་བར་གྱི་བདག་ཏུ་རྟོག་པ་ནི། མིག་དང་གཟུགས་དང་མིག་གི་རྣམ་པ་ཤེས་པ་མི་དམིགས་ཞེས་སོ། །གཉིས་པ་ནི། བདག་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཀུན་ནས་ཉོན་མོངས་པའི་རྟེན་བྱེད་པར་རྟོགས་པ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་མི་དམིགས་སོ་ཞེས་སོ། །འཛིན་པའི་འདོད་ཆགས་དང་བྲལ་བའི་རྟེན་བྱེད་པར་རྟོག་པ་ནི། བསམ་གཏན་དང་པོ་མི་དམིགས་སོ། །གཟུགས་མེད་པའི་སྙོམས་འཇུག་གི་བར་དུ་མི་དམིགས་སོ་ཞེས་སོ། །བདེན་པ་སྔར་མ་རྟོགས་གསར་དུ་རྟོགས་པ་ལ་མཐོང་ལམ་གྱི་རྟེན་དུ་རྟོག་པ་ནི། འཕགས་པའི་བདེན་པ་རྣམས་མི་དམིགས་སོ་ཞེས་སོ། །བདེན་པའི་མཚན་ཉིད་མཐོང་ཟིན་གོམས་པར་བྱེད་པ་སྒོམ་ལམ་གྱི་རྟེན་དུ་རྟོག་པ་ནི། རྣམ་ཐར་བརྒྱད་དང་མཐར་གནས་ཀྱི་སྙོམས་འཇུག་དགུ་མི་དམིགས་སོ་ཞེས་སོ། །དོན་བྱས་ཏེ་སྟོབས་སོགས་མི་སློབ་ལམ་གྱི་རྟེན་གྱི་བདག་ལ་དགག་པའམ་སྒྲུབ་པར་མངོན་པར་ཞེན་པའི་འཛིན་པའི་རྣམ་པར་རྟོག་པ་ནི། སྟོབས་བཅུ་མི་དམིགས་རྣམ་མཁྱེན་གྱི་བར་དུ་མི་དམིགས་སོ་ཞེས་སོ། །གཉིས་པ་བཏགས་འཛིན་ནི་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གྱི་འཛིན་རྟོག་ནི་དབྱེ་གཞི་གྲངས་དགུ་སྟེ། ཡུལ་དགུ་ཡོད་པས་སོ། །བཏགས་པའི་གཞི་དགུ་ཡང་གཉིས་སུ་བསྡུས་ཏེ། རིགས་ལྔའི་སེམས་སུ་གདགས་པའི་གཞི་དང་། འཕགས་པའི་གང་ཟག་ཏུ་གདགས་པའི་གཞིའོ། །དང་པོ་ནི། ཕུང་པོ་ལ་སོགས་པ་བཞི་སྟེ། རིགས་ལྔའི་སྐྱེས་བུར་ཐ་སྙད་གདགས་པའི་གཞི་ཟག་བཅས་ཀྱི་ཕུང་པོར་བཏགས་པ་ལ་རྟོག་པ་ནི། རབ་འབྱོར་དེ་ཇི་སྙམ་དུ་སེམས་གཟུགས་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ་ཞེས་སོ། །མིག་སོགས་སྐྱེ་བོ་རུ་བཏགས་པ་ལ་རྟོག་པ་ནི། མིག་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ་ཞེས་སོ། །མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ་སོགས་ཁམས་སུ་བཏགས་པ་ལ་རྟོག་པ་ནི། མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ་ཞེས་སོ། །མ་རིག་པ་ལ་སོགས་པའི་རྟེན་ཅིང་འབྲེལ་བར་འབྱུང་བར་བཏགས་པ་ལ་རྟོག་པ་ནི། སྒྱུ་མ་ཡང་གཞན་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་གཞན་ཞིག་ཡིན་སྙམ་མམ་ཞེས་སོ། །གཉིས་པ་ནི། བྱང་ཕྱོགས་སོགས་རྣམ་བྱང་དུ་བཏགས་པ་ལ་རྟོག་པ་ནི། བྱང་ཆུབ་ཀྱི་ཆོས་རྣམས་ཀྱི་བར་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ་ཞེས་སོ། །རྣམ་ཐར་སྒོ་གསུམ་གྱི་རང་བཞིན་མཐོང་བའི་ལམ་ལ་རྟོག་པ་ནི། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ་ཞེས་སོ། །བསམ་གཏན་གཟུགས་མེད་ཀྱི་རང་བཞིན་སྒོམ་པའི་ལམ་དུ་བཏགས་པ་ལ་རྟོག་པ་ནི། སྒྱུ་མ་ཡང་གཞན་ལ་བསམ་གཏན་དང་གཟུགས་མེད་པའི་སྙོམས་འཇུག་ཡང་གཞན་ནམ་ཞེས་སོ། །སྟོང་པ་ཉིད་ཐམས་ཅད་ཀྱི་རང་བཞིན་ཁྱད་པར་གྱི་ལམ་དུ་བཏགས་པ་ལ་རྟོག་པ་ནི། སྒྱུ་མ་ཡང་གཞན་ལ་སྟོང་པ་ཉིད་ཐམས་ཅད་ཀྱང་གཞན་ཡིན་ནམ་ཞེས་སོ། །སྟོབས་བཅུ་སོགས་མི་སློབ་པའི་ལམ་ལ་འཕགས་པའི་སྐྱེ་བོར་བཏགས་པ་ལ་དགག་པའམ་སྒྲུབ་པ་གང་རུང་དུ་མངོན་པར་ཞེན་པའི་འཛིན་པ་རང་བཞིན་རྣམ་པར་རྟོག་པ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ་ཞེས་སོ། །གསུམ་པ་ནི། ཇི་སྐད་བཤད་པ་དེ་ལྟ་བུའི་གཟུང་འཛིན་གྱི་རྣམ་པར་རྟོག་པ་དང་། དྲོ་བ་ལ་སོགས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་གྲངས་བཞིན་དུ་ཁྱད་པར་དུ་བྱས་གཞི་དང་ཁྱད་ཆོས་སུ་ལྡན་པ་ཡིན་ནོ། །

གསུམ་པ་ཡོངས་འཛིན་ལ་གསུམ་གྱི་དང་པོ་ནི། རྟོག་པའི་འཇུག་ཐོག་དུ་བར་སྐབས་ཀྱི་ཚིགས་སུ་བཅད་པས་ཡོངས་འཛིན་གསུང་བ་མི་རིགས་ཏེ། མདོར་བསྟན་དུ་ཡོངས་འཛིན་སྔར་གསུངས་པའི་ཕྱིར་རོ་ཞེ་ན། མདོར་བསྟན་དུ་ཡོངས་འཛིན་སྔར་གསུངས་པ་ནི། རྩ་བའི་ཚིགས་སུ་བཅད་པའི་སྦྱར་བ་དང་མཐུན་པར་བྱ་བའི་ཕྱིར་ཡིན་ལ། འདིར་མཇུག་ཏུ་བཤད་པ་ནི། ཡོངས་འཛིན་དེའི་སྟོབས་ཀྱིས་ཇི་སྐད་བཤད་པའི་དམིགས་རྣམ་རྒྱུ་གསུམ་གཟུང་འཛིན་གྱི་རྣམ་རྟོག་བཞི་པོ་དང་བཅས་པ་ཁྱད་པར་གྱི་ཆོས་སུ་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར་དུ་ཡིན་ཏེ། གལ་ཏེ་མདོར་བསྟན་དང་མཐུན་པར་ཡོངས་འཛིན་གྱི་མཇུག་ཏུ་བཤད་ན། མདོར་བསྟན་དུ་རྟོག་པ་ཁྱད་གཞིའི་ནང་དུ་ཆུད་པར་བསྟན་གྱི་ཁྱད་ཆོས་སྟོན་བྱེད་ཀྱི་སྒྲས་མ་ཟིན་པས་ཁྱད་ཆོས་མ་ཡིན་པར་དོགས་པར་འགྱུར་ལ། རྒྱས་བཤད་དུ་ཡོངས་འཛིན་གྱི་སྔར་བཤད་པ་ནི་ཁྱད་ཆོས་ཀྱི་ནང་དུ་ཆུད་པར་བཤད་པའི་ཕྱིར་རོ། །ཁྱད་ཆོས་སུ་ཤེས་པར་འགྱུར་བ་ཡང་ཡོངས་འཛིན་ཁྱད་ཆོས་ཀུན་གྱི་མཇུག་ཏུ་བསྟན་པས་དམིགས་རྣམ་རྒྱུ་གསུམ་མཚུངས་ལྡན་རྟོག་པ་དང་བཅས་པ་ཁྱད་པར་དུ་འགྱུར་བ་ཡང་ཡོངས་འཛིན་གྱི་སྟོབས་ཀྱིས་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཕྱིར་རོ། །ཡང་སྔ་མ་འགལ་བའི་ཚིག་རྒྱན་ཡིན་ལ། ཕྱི་མ་ནི་སྦྱོར་ལམ་གྱི་སྐབས་སུ་དམིགས་རྣམ་རྟོག་པ་དང་བཅས་པ་འཕྲོས་དོན་ཡིན་པས་བར་ཚིགས་ཀྱིས་བསྟན་པར་མ་ཟད་ཡོངས་འཛིན་ཡང་ཞེས་པའོ། །

གཉིས་པ་རྩ་བ་ལ་འཕགས་པ་ལྟར་ན་གཉིས་ཏེ། ནང་ཐབས་མཁས་དང་། ཕྱི་དགེ་བཤེས་ཀྱི་ཡོངས་འཛིན་གཉིས་ཀྱི། དང་པོ་ནི། རྣམ་མཁྱེན་ཡིད་བྱེད་དང་ནམ་ཡང་མི་འབྲལ་ཞིང་སྟོང་ཉིད་ཟབ་མོའི་དོན་ལ་སེམས་མི་འགོང་ཞིང་མི་སྐྲག་པ་ལ་སོགས་པ་ནི་ཐབས་མཁས་ཀྱི་ངོ་བོ་ཡིན་ལ། ཁྱད་པར་ནི། ཐབས་མཁས་དེའི་མི་མཐུན་ཕྱོགས་ཉན་རང་གི་ཡིད་བྱེད་དང་དངོས་པོར་མངོན་ཞེན་སོགས་བོར་བའོ། །མདོ་ནི། རབ་འབྱོར་བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཚེ་རྣམ་མཁྱེན་དང་ལྡན་པའི་སེམས་ཀྱི་གཟུགས་མི་རྟག་ཅེས་བྱ་བ་སོ་སོར་རྟོག་ཀྱང་དེ་མི་དམིགས་སོ་ཞེས་དང་། རབ་འབྱོར་བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཚེ་རྣམ་མཁྱེན་དང་ལྡན་པའི་ཡིད་བྱེད་དང་བྲལ་བས་ཤེར་ཕྱིན་བསྒོམ་ཞིང་དམིགས་ཏེ་ཞེས་སོ། །གཉིས་པ་ནི། གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཤེས་རབ་དང་དགེ་བའི་རྩ་བ་རྣམ་མཁྱེན་དུ་བསྔོ་བར་འཇུག་པའི་ཐབས་ལ་སོགས་པ་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པ་ནི་ངོ་བོ་ཡིན་ལ། དེའི་ཁྱད་པར་ནི། དགེ་བཤེས་དེ་མི་མཐུན་ཕྱོགས་ཐེག་ཆེན་གྱི་ལམ་དང་གཞུང་སོགས་སྤོང་དུ་འཇུག་པའི་སྡིག་གྲོགས་བོར་བའོ། །མདོ་ནི། རབ་འབྱོར་གཞན་ཡང་བྱང་ཆེན་གྱི་དགེ་བའི་བཤེན་གཉེན་གང་དེ་ལ་གཟུགས་མི་རྟག་ཅེས་བྱ་བར་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་དེ་ཐམས་ཅད་ཀྱང་རྣམ་མཁྱེན་གྱིས་མ་རྟོགས་པར་ཉན་རང་གི་སར་ཡོངས་སུ་བསྔོ་བར་མི་འཇུག་ཅེས་སོགས་དང་། བྱང་ཆེན་གྱི་སྡིག་པའི་གྲོགས་པོ་ནི་ཤེར་ཕྱིན་དང་འབྲལ་བར་བྱེད་པ་དང་ཞེས་སོ། །ཐབས་མཁས་དང་དགེ་བཤེས་དེ་གཉིས་ནི་བྱང་སེམས་རྣམ་པ་ཀུན་ཏུ་སྲིད་ཞིའི་མཐའ་ལས་སྐྱོབ་པར་བྱེད་པའི་ཡོངས་འཛིན་ཡིན་ནོ། །གསུམ་པ་འགྲེལ་པ་ནི། ཕྲིན་ལས་རྣམ་པར་དག་པའི་མཐུན་རྐྱེན་ཤེས་རབ་དང་སྙིང་རྗེ་ཁྱད་པར་ཅན་དང་ལྡན་ཞིང་། འགལ་རྐྱེན་ཕར་ཕྱིན་དྲུག་གི་མཐུན་ཕྱོགས་དང་བྲལ་བ་ནི་བྱང་སེམས་སྦྱོར་ལམ་པའི་ཡོངས་འཛིན་ཡིན་ཏེ། དེ་ཡི་དགེ་བའི་བཤེན་གཉེན་ཡིན་པས་སོ། །དེ་ལ་ཤེས་རབ་ཁྱད་པར་ཅན་དང་ལྡན་པ་ནི་རང་ཉིད་ཟབ་མོའི་དོན་ལ་དང་པོར་སེམས་མི་འགོང་ཞིང་བར་དུ་མི་སྐྲག་ཐ་མར་མི་དངངས་ལ། རྣམ་མཁྱེན་ཡིད་བྱེད་མི་འབྲལ་ཞིང་། དགེ་བའི་རྩ་བ་བླ་མེད་བྱང་ཆུབ་ཏུ་བསྔོ་བ་ལ་སོགས་པའི་ཐབས་ལ་མཁས་པ་ཞེས་སོ། །མཐུན་རྐྱེན་སྙིང་རྗེ་ཁྱད་པར་ཅན་དང་ལྡན་པ་ནི། གདུལ་བྱའི་ཁམས་དང་བསམ་པ་དང་བག་ལ་ཉལ་ཇི་ལྟ་བ་བཞིན་དུ་རིམ་གྱིས་ཕྱི་ནང་གི་དངོས་པོ་མཐའ་དག་གང་ཟག་དང་ཆོས་ཀྱི་བདག་མེད་པར་རྟོགས་པའི་ཤེས་རབ་དང་སོགས་པས་རྣམ་མཁྱེན་ཡིད་བྱེད་དང་མ་བྲལ་བས་དགེ་བ་རྫོགས་བྱང་དུ་བསྔོ་བར་འཇུག་པ་སོགས་ཐབས་དང་ཐེག་ཆེན་གྱི་གཞུང་ལམ་སྤོང་དུ་འཇུག་པའི་སྡིག་གྲོགས་སུ་སྟོན་པར་བྱེད་པའོ། །འགལ་རྐྱེན་སྤང་བ་ནི། ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་སེར་སྣ་དང་ཤེས་རབ་འཆལ་བ་སོགས་དང་མི་ལྡན་པའོ། །

སྒྲུབ་པ་བཤད་པ།

གཉིས་པ་ཡང་དག་ལྟ་བའི་རང་བཞིན་སྒྲུབ་པ་བཤད་པ་ལ། སྒྲུབ་པའི་རྟེན། དམིགས་པ། ཆེད་དུ་བྱ་བ། སྒྲུབ་པ་རང་གི་ངོ་བོ་དང་བཞིའོ། །དང་པོ་ལ། སྤྱི་དང་། ཡན་ལག་གི་དོན་གཉིས་ཀྱི་དང་པོ་ལ། ངོ་བོ་དང་། གནས་སྐབས་ཀྱི་དབྱེ་བ། རྩོད་པ་སྤོང་བ་དང་གསུམ་གྱི། དང་པོ་ལ་གཉིས་ཀྱི། དང་པོ་གཞན་ལུགས་དགག་པ་ནི། སེམས་ཙམ་པ་ལྟར་ན་མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་དེ་ནི་ཐོག་མ་མེད་པ་ནས་རྒྱུད་དེ་འོངས་པ་ཆོས་ཉིད་ཀྱིས་ཐོབ་པ་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། ཞེས་འབྱུང་བའི་དོན་དུ་བསམས་ནས་སྐྱེ་མཆེད་དྲུག་གི་ཁྱད་པར་རོ་ཞེས་ཟེར་རོ། །དེ་ལ་སྐྱེ་མཆེད་དྲུག་ནི། མིག་སོགས་ནང་གི་སྐྱེ་མཆེད་རྣམས་ཡིན་ལ། ཀུན་གཞི་རྣམ་པར་མ་བཞག་ན་དེ་དག་གི་སྟེང་ན་ཡོད་པའི་ཟག་པ་མེད་པའི་ས་བོན་རྐྱེན་དང་ཕྲད་ན་ཐེག་པ་གསུམ་གང་རུང་གི་རྟོགས་པ་སྐྱེ་རུང་གི་ནུས་པ་ཉིད་ཡིན་ཅིང་། ཀུན་གཞི་རྣམ་པར་བཞག་ན་ཀུན་གཞི་ལ་ཡོད་པའི་ཟག་མེད་ཀྱི་ས་བོན་ནོ། །གཉིས་ཀ་ཡང་ཐོག་མ་མེད་པ་ནས་ཆོས་ཉིད་ཀྱི་གནས་པ་ཡིན་ལ། དེ་ཐོས་པའི་རྐྱེན་གྱིས་གསོས་ཏེ་ཁྱད་པར་དུ་གྱུར་པ་ནི་རྒྱས་འགྱུར་གྱི་རིགས་ཡིན་ལ། རྐྱེན་གྱིས་གསོས་མ་བཏབ་ན་རང་བཞིན་དུ་གནས་པའི་རིགས་ཞེས་བྱའོ། །དེ་ལྟ་བུའི་ཟག་མེད་ཀྱི་ས་བོན་གང་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཐོས་པའི་རྐྱེན་གྱིས་གསོ་བར་བྱ་བ་གང་ཡིན་པ་དེ་ནི་ཐེག་ཆེན་གྱི་རིགས་ཞེས་བྱའོ། །རང་ཞི་བ་ཙམ་དང་གང་ཟག་གི་བདག་མེད་ཙམ་སྟོང་པའི་ཆོས་ཐོས་པས་གསོ་བར་བྱ་བ་ནི་ཉན་ཐོས་ཀྱི་རིགས་ཞེས་བྱ་ལ། དེ་ཉིད་གཟུང་མེད་ཙམ་རྟོགས་པའི་རྒྱུར་རུང་བ་ལ་རང་རྒྱལ་གྱི་རིགས་ཞེས་བྱའོ། །ཟག་མེད་ཀྱི་ས་བོན་གང་ངོ་བོ་ཉིད་ཀྱིས་ཐེག་པ་གསུམ་གང་རུང་གི་རྟོགས་པའི་རྒྱུར་ངེས་པ་དེ་ནི་ངེས་པའི་རིགས་ཞེས་བྱ་ལ། རྐྱེན་གྱི་ཐེག་པ་གསུམ་ཀས་རྟོགས་པའི་རྒྱུར་བསྒྱུར་དུ་རུང་བ་ནི་མ་ངེས་པའི་རིགས་ཡིན་ལ། རྒྱུད་གང་ལ་སྒྲིབ་པ་ཤས་ཆེ་བའི་རྒྱུ་མཚན་གྱི་དུས་རེ་ཤིག་ཟག་མེད་ཀྱི་ས་བོན་ཡོད་དུ་ཟིན་ཀྱང་ཐོས་པའི་རྐྱེན་གྱིས་གསོར་མི་རུང་བ་དེ་ནི་རིགས་ཆད་ཞེས་ཐ་སྙད་བྱའོ། །དེ་ཉིད་ཐོས་བསམ་གྱི་རྐྱེན་གྱིས་རིམ་གྱིས་གསོས་ཏེ་ནུས་པ་མཐུ་ཅན་དུ་གྱུར་པ་ན་དེའི་ཉེར་ལེན་དང་སྦྱོར་ལམ་ཆོས་མཆོག་གི་བདག་པོའི་རྐྱེན་ལས་མཐོང་ལམ་སྐད་ཅིག་དང་པོ་སྐྱེ་བའི་ཕྱིར་འཕགས་ལམ་གྱི་རིགས་ཞེས་ཀྱང་བྱ། ཟག་མེད་ཀྱི་ས་བོན་ཞེས་ཀྱང་བྱ། ཐོས་པའི་རྐྱེན་གྱིས་གསོ་བར་བྱ་བ་ཡིན་པས་ཐོས་པའི་བག་ཆགས་ཞེས་ཀྱང་བྱ། དེ་ཉིད་རང་གང་ལ་དམིགས་པའི་མིག་སོགས་ནང་གི་སྐྱེ་མཆེད་དྲུག་པོ་དེ་ཉིད་ཐེག་པ་གསུམ་ཆར་གྱི་རིགས་ཅན་གྱི་གང་ཟག་དུ་མཚོན་པར་བྱེད་པས་ན་སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་ཀྱང་བྱའོ། །གལ་ཏེ་དེ་ཉིད་ཐོག་མ་མེད་པ་ནས་སེམས་ཅན་གྱི་རྒྱུད་ལ་ཆོས་ཉིད་ཀྱི་གནས་པ་མ་ཡིན་ན། ཟག་མེད་སྐད་ཅིག་དང་པོ་ལ་སྐལ་མཉམ་གྱི་རྒྱུ་མེད་པའི་ཕྱིར་སེམས་ཅན་གྱི་ཐར་པ་མི་འཐོབ་པར་ཐལ་བར་འགྱུར་རོ། །དེའི་ཕྱིར། དེ་ནི་རྐྱེན་གྱིས་གསར་དུ་བསྒྲུབ་པ་མ་ཡིན་གྱི་ཐོག་མ་མེད་པ་ནས་རང་བཞིན་དུ་གནས་པའི་ཕྱིར་རང་བཞིན་དུ་གནས་པའི་རིགས་ཞེས་འདོད་དོ། །ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་རིགས་དེ་ཉིད། རྒྱན་དུ། ཡོད་དང་མཆོག་དང་མཚན་ཉིད་དང་། །རྟགས་དང་རིགས་རབ་དབྱེ་བ་དང་། །ཉེས་དམིགས་དང་ནི་ཕན་ཡོན་དང་། །དཔེ་རྣམ་གཉིས་ཏེ་རྣམ་པ་བཞི། །ཞེས་དོན་བརྒྱད་ཀྱི་སྒོ་ནས་གཏན་ལ་འབེབས་པར་མཛད་པ་ནི། རྣམ་རིག་པའི་དབང་དུ་བྱས་པ་ཡིན་ལ་གང་དག་གཞུང་འདི་དབུ་མའི་ལུགས་སུ་འཆད་པར་རློམ་བཞིན་དུ་མོས་དེ་རྒྱན་གྱི་གཞུང་དེ་དག་གིས་འདིའི་སྐབས་ཀྱི་རིགས་གཏན་ལ་འབེབས་པ་ནི་དབུ་སེམས་དང་གཞུང་གཉིས་ཀའི་རིགས་ཀྱི་ཁྱད་པར་ལ་ཤིན་ཏུ་སྨོངས་སོ་ཞེས་རང་གི་མཚང་གསལ་བར་བསྒྲོག་པའི་ཆོ་ངེས་འདེབས་པ་ཡིན་ནོ། །ཇི་སྐད་བཤད་པ་དེ་ནི་དབུ་མ་པ་དག་རང་བཞིན་དུ་གནས་པའི་རིགས་སུ་མི་འདོད་དེ། དེ་ནི་འདུས་བྱས་རྐྱེན་གྱིས་གསར་དུ་སྒྲུབ་པ་ཡིན་པས་རང་བཞིན་གྱི་སྒྲའི་དོན་མེད་པའི་ཕྱིར་རོ། །འདི་ལྟར། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་པའི་ཚུལ་གྱི་རང་བཞིན་ནི་རྐྱེན་གྱིས་བཅོས་སུ་མི་རུང་བས་འདུས་བྱས་སུ་མི་རིགས་སོ་སྙམ་དུ་བསྒོམ་ནས་འཕགས་པས་གཞན་དག་ནི། རིགས་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་ཡིན་ནོ། །དེ་ནི་རྣམ་པ་གཉིས་ཏེ། རྐྱེན་གྱིས་ཡང་དག་པར་བླངས་པ་དང་། རང་བཞིན་དུ་གནས་པའོ་ཞེས་ཟེར་རོ། །དེ་དག་གིས་ནི་རང་བཞིན་དུ་གནས་པའི་རིགས་ལ་རང་བཞིན་དུ་གནས་པ་ཞེས་བརྗོད་པའི་དོན་བརྗོད་དགོས་སོ། །རྒྱུའི་རྣམ་གྲངས་ཡིན་ནོ་ཞེ་ན། རྐྱེན་གྱིས་ཡང་དག་པར་བླངས་པ་ཡང་དེ་ཡིན་པ་དེས་ན་དོན་གྱི་ཁྱད་པར་ཅི་ཡོད། ཆོས་ཉིད་ཀྱི་རྣམ་གྲངས་ཡིན་པ་ལ་ནི་ཉེས་པ་འདི་མེད་དོ། །ཡང་ན་དེ་དག་གི་རིགས་ནི་བཏགས་པ་བ་ཡིན་ལ། འདི་ནི་མཚན་ཉིད་པ་ཡིན་ཏེ། དེས་ན་དེ་འདི་དང་འགྲིག་པ་མ་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་དབུ་མ་པའི་ལུགས་བཞག་པ་ལ་གཉིས། ངོ་བོ་ངོས་བཟུང་དེ་རིགས་སུ་འགྱུར་ཚུལ་ལོ། །དང་པོ་ནི། མདོ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་ཚིག་གི་དོན་གང་ལགས་ཞེས་ཏེ། སེམས་བསྐྱེད་དེ་དང་སྦྱོར་མཐོང་སྒོམ་པ་སོགས་རྟོགས་པའི་རྟེན་བྱང་སེམས་ལགས་ན་བྱང་སེམས་ཉིད་ཀྱི་རང་བཞིན་གང་ལགས་ཞེས་ཞུས་པའོ། །རབ་འབྱོར་བྱང་སེམས་ཀྱི་ཚིག་གི་དོན་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ལ་ནི་སྐྱེ་བའམ་ཡོད་པ་ཉིད་དམ་ཡོད་པའམ་དམིགས་པ་མ་ཡིན་ཏེ་ཞེས་གསུངས་ཤིང་། དེའི་འགྲེལ་པ། འདིས་ནི་རྟེན་བྱང་ཆུབ་རྫས་སུ་མེད་པའི་འཐད་པས་སྐྱེ་མཆེད་དྲུག་གི་ཆོས་ཉིད་ཀྱི་མཚན་ཉིད་ཀྱི་རིགས་ནི་བྱང་ཆུབ་སེམས་དཔའི་སྒྲ་འཇུག་པའི་རྒྱུ་ཡིན་གྱི་དངོས་པོར་གྱུར་པའི་ཚིག་དོན་མ་ཡིན་ནོ་ཞེས་བྱ་བར་སྟོན་ཞེས་བཤད་དོ། །དེ་ལ་དོན་ནི་འདི་ཡིན་ཏེ། ཐ་སྙད་དུ་སྒྲུབ་པའི་རྟེན་ནི་བྱང་ཆུབ་སེམས་ཡིན་ལ། དེ་ཡང་མིག་སོགས་ནང་གི་སྐྱེ་མཆེད་རྣམས་ཡིན་གྱི། དེ་ལས་གཞན་ཅུང་ཟད་ཀྱང་མེད་དོ། །དེ་དག་ཀྱང་དོན་དམ་པར་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས་ན་སྐྱེ་མཆེད་དྲུག་གི་ཆོས་ཉིད་ནི་སྒྲུབ་པའི་རྟེན་དུ་གྱུར་པའི་རིགས་སོ་ཞེས་བསྟན་ཏེ། དེ་ལ་ཆོད་ཉིད་ཡན་གར་བ་ཡང་རིགས་མ་ཡིན་ཏེ། རིགས་ཀྱི་དོན་རྟེན་ནམ་རྒྱུ་བྱེད་པ་ཡིན་ན། ཆོས་ཅན་དང་བྲལ་བའི་ཆོས་ཉིད་ནི་དངོས་པོར་མེད་པས་རིགས་ཀྱི་དོན་མེད་པའི་ཕྱིར་རོ། །ཆོས་ཅན་ཡན་གར་བ་ཡང་རང་བཞིན་དུ་གནས་པའི་རིགས་མ་ཡིན་ཏེ། དེ་ནི་རྒྱུ་དང་རྐྱེན་ལ་རག་ལས་པ་ཉིད་ཀྱིས་རང་བཞིན་གྱི་སྒྲའི་དོན་མེད་པའི་ཕྱིར་རོ། །ཆོས་ཅན་གང་ཡང་རུང་བའི་ཆོས་ཉིད་ཀྱང་མ་ཡིན་ཏེ། ཕྱི་རོལ་གྱི་ཁམས་ལ་ཡང་སངས་རྒྱས་ཀྱི་རིགས་ཡོད་པར་ཐལ་བའི་ཕྱིར་རོ། །དྲི་མ་མཐའ་དག་དང་བྲལ་བའི་གནས་སྐབས་ཀྱང་མ་ཡིན་ཏེ། ཆོས་ཀྱི་སྐུར་གནས་གྱུར་པའི་ཕྱིར་དང་། རིགས་ནི་རྒྱུའི་གནས་སྐབས་ཡིན་པའི་ཕྱིར་རོ། །དེ་བས་ན་ནང་སྐྱེ་མཆེད་དྲུག་གི་མ་དག་པའི་ཆོས་ཉིད་ཆོས་ཅན་དང་ཡ་མ་བྲལ་བ་ནི་རིགས་ཡིན་ནོ། །གཉིས་པ་ལ། རྟེན་གྱི་སྒོ་ནས་དང་། རྒྱུའི་སྒོ་ནས་རིགས་སུ་འགྱུར་ཚུལ་གཉིས་ཀྱིས། དང་པོ་ནི། སྐྱེ་མཆེད་དྲུག་གི་ཆོས་ཉིད་ཆོས་ཅན་དང་ཡ་མ་བྲལ་བར་དེ་ཉིད་སྒྲུབ་པའི་རྟེན་ཡིན་ཏེ། འདི་ལྟར་ཐ་སྙད་དུ་བྱང་ཆུབ་སེམས་དཔའ་དེ་ཉིད་སྒྲུབ་པའི་རྟེན་ཡིན་ལ། བྱང་སེམས་ཡང་དག་སྒྲུབ་པ་ལ་དམིགས་པའི་མིག་སོགས་ནང་གི་སྐྱེ་མཆེད་དྲུག་གི་རང་བཞིན་གྱི་སྟོང་པའི་ངོ་བོ་ཉིད་ཡིན་པས་སོ། །དེ་ལྟར་ན་རྒྱུད་བླ་མ་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་ས་དང་ཆུ་དག་དང་། །རླུང་གི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རབ་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །ཞེས་པ་དང་མཐུན་པར་འགྱུར་རོ། །གཉིས་པ་ནི། སྒྲུབ་པ་རྣམས་ནི་རང་གང་ལ་དམིགས་པའི་བྱང་སེམས་ཀྱི་ནང་གི་སྐྱེ་མཆེད་སྔ་མ་དག་གི་རྒྱུ་ལས་བྱུང་བ་ཡིན་ཏེ། རྒྱུ་གཞན་མ་དམིགས་ཕྱིར་རོ། །དེ་དག་ཀྱང་རང་བཞིན་གྱིས་བདེན་པས་སྟོང་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ན། སྐྱེ་མཆེད་དྲུག་གི་ཆོས་ཉིད་ཆོས་ཅན་གྱི་ཁྱད་པར་དུ་བྱས་པ་ནི་སྒྲུབ་པའི་རྒྱུ་ཉིད་དུ་རྣམ་པར་བཞག་གོ གཉིས་པ་ནི། ངོ་བོ་དབྱེ་བ་མེད་ཀྱང་གནས་སྐབས་ཐེག་པ་གསུམ་གྱི་རྟོགས་པའི་རྟེན་ནམ་རྒྱུ་བྱེད་པའི་ཆ་ནས་ཐེག་པ་གསུམ་གྱི་རིགས་སུ་ཐ་སྙད་འདོགས་ཤིང་། དེ་ཉིད་རྐྱེན་གྱི་འཕྲོག་པ་དང་མི་འཕྲོག་པའི་བྱེ་བྲག་ལས་ངེས་པ་དང་མ་ངེས་པའི་རིགས་གཉིས་སུ་ཐ་སྙད་བྱེད་དོ། །ཡང་དེ་ཉིད་ཐེག་པ་གསུམ་གྱི་སྒྲུབ་པའི་རྟེན་མི་བྱེད་པ་དེའི་ཚེ་རང་བཞིན་དུ་གནས་པའི་རིགས་ཞེས་བྱ་ལ། གང་གི་ཚེ་སྒྲུབ་པའི་རྟེན་བྱེད་པ་དེའི་ཚེ་རྐྱེན་གྱིས་ཡང་དག་པ་བླངས་པ་ཞེས་ཐ་སྙད་བཏགས་ཀྱང་རུང་ངོ་། །གསུམ་པ་རྩོད་པ་སྤོང་བ་ལ་གཉིས་ཀྱི། གོ་རིམ་ལ་རྩོད་པ་སྤོང་བ་ནི། འགྲེལ་ཆེན་དུ། སེམས་བསྐྱེད་པ་དང་ཐར་པ་དང་ངེས་པར་བྱེད་པའི་ཆ་དང་མཐུན་རྣམས་ཀྱི་མངོན་དུ་འགྲོ་བ་དེ་ཡིན་པས་དང་པོ་ཁོ་ནར་རིགས་བཤད་པར་བྱ་བ་མ་ཡིན་ནམ། ཅིའི་ཕྱིར་འདི་ལྟར་བཤད་ཅེ་ན། དེ་ནི་བདེན་མོད་ཀྱི་དེ་དོན་གྱི་གོ་རིམ་ཡིན་ལ། འདི་ནི་འབྲས་བུ་དང་པོར་བཤད་ནས་རྒྱུ་ཕྱིས་བསྟན་པ་ཡིན་པས་བཤད་པའི་གོ་རིམ་ཡིན་པའི་ཕྱིར་ཉེས་པ་མེད་དོ་ཞེས་སོ། །གཉིས་པ་ངོ་བོ་ལ་རྩོད་པ་སྤོང་བ་ནི། ཉི་སྣང་དུ། གལ་ཏེ་རང་བཞིན་དུ་གནས་པའི་རིགས་འགའ་ཞིག་ཡོད་ན་ཅིའི་ཕྱིར་ཐོག་མ་དང་བྲལ་བའི་འཁོར་བར་གངྒཱའི་ཀླུང་གི་བྱེ་བ་སྙེད་དང་མཉམ་པའི་སངས་རྒྱས་རྣམས་མྱ་ངན་ལས་འདས་ཀྱང་ད་རུང་དུ་ཡང་རང་བཞིན་དུ་གནས་པའི་རིགས་དང་ལྡན་པའི་སྲོག་ཆགས་རྣམས་མྱ་ངན་ལས་མ་འདས་ཞེ་ན། དེ་ནི་ཉེས་དམིགས་རྣམ་པ་བཞི་དང་ལྡན་པའི་ཕྱིར་ཏེ། ཉོན་མོངས་གོམས་དང་གྲོགས་ངན་དང་། །ཕོངས་དང་གཞན་གྱི་དབང་ཉིད་དང་། །མདོར་ན་རིགས་ཀྱི་ཉེས་དམིགས་ནི། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་གསུངས་པ་ཡིན་ནོ། །འདིར་བར་ཆད་མེད་པ་ཉིད་ལ་རང་བཞིན་དུ་གནས་པའི་རིགས་སུ་མངོན་པར་འདོད་དོ་ཞེས་བཤད་དོ། །དོན་ནི་རྒྱུ་རང་བཞིན་དུ་གནས་པའི་རིགས་ཡོད་ཀྱང་། རྐྱེན་སངས་རྒྱས་ཀྱི་ཕྲིན་ལས་འཇུག་པའི་འགལ་རྐྱེན་ཉེས་དམིགས་བཞི་དང་ལྡན་པའི་ཕྱིར། སེམས་ཅན་རྣམས་མྱ་ངན་ལས་མི་འདའོ། །ཞེས་པའོ། །གཉིས་པ་ཡན་ལག་གི་དོན་ལ། རིགས་ཀྱི་རང་བཞིན་སྟོན་པ་དང་། དེ་ལ་རྩོད་པ་སྤོང་བ་གཉིས་ཀྱི། དང་པོ་ལ་བཞིའི། དང་པོ་མཚམས་སྦྱར་བ་ནི། འོག་ནས་འབྱུང་བའི་སྒྲུབ་པ་དང་ལྡན་པ་ལ་ངེས་འབྱེད་ཆ་མཐུན་ཇི་སྐད་བཤད་པ་དང་མཐོང་བའི་ལམ་དང་སོགས་པ་སྒོམ་པའི་ལམ་ལ་སོགས་པ་རྟོགས་པ་གཞན་ཡང་འབྱུང་བས་ངེས་འབྱེད་ཆ་མཐུན་གྱི་འོག་ཏུ་སྒྲུབ་པ་འཆད་པར་རིགས་ལ། དེ་ཡང་རྟེན་ལ་རག་ལས་པས་དང་པོར་སྒྲུབ་པའི་རྟེན་དུ་གྱུར་པའི་རིགས་འཆད་དོ། །གཉིས་པ་རྩ་བ་ལ་བཞི་སྟེ། རྟོགས་པ་དང་བར་ཆད་མེད་ལམ་དང་། རྣམ་གྲོལ་ལམ་དང་། ཡོན་ཏན་ཁྱད་པར་ཅན་གྱི་དབང་དུ་བྱས་པ་དྲུག་དང་། གཉིས་དང་། གཅིག་དང་། བཞི་རྣམས་གྲངས་ཇི་ལྟ་བ་བཞིན་ནོ། །དང་པོ་ནི། ངེས་འབྱེད་ཆ་མཐུན་བཞི་དང་། མཐོང་བ་དང་། སྒོམ་པའི་ལམ་རྣམས་ནི་གོ་རིམ་བཞིན་དུ་ཁྱད་པར་རྟོགས་པར་བྱེད་པ་དང་། མ་མཐོང་བ་མཐོང་བ་དང་མཐོང་བ་ལ་མངོན་དུ་ཕྱོགས་པར་བྱེད་པའི་ཕྱིར་རྟོགས་པའི་ཆོས་དྲུག་ཅེས་བྱ་ལ། དེ་དག་གྱི་རྟེན་ལ་རིགས་ཞེས་བྱ་ཞེས་སྦྲེལ་ལོ། །མདོ་ནི། རབ་འབྱོར་ནམ་མཁའ་ལ་བྱའི་རྗེས་མེད་ཅིང་མི་དམིགས་སོ། །དེ་བཞིན་དུ་བྱང་སེམས་ཀྱི་ཚིག་གི་དོན་མེད་ཅིང་མི་དམིགས་ཞེས་བརྗོད་པས་དྲོད་དང་ཡང་དག་པའི་མཐའ་ལ་གནས་པ་མེད་ཅིང་མི་དམིགས་སོ་ཞེས་པས་རྩེ་མོ་དང་། སྒྱུ་མའི་སྐྱེས་བུས་གཟུགས་ལ་གནས་པ་མེད་ཅིང་མི་དམིགས་སོ་ཞེས་པས་བཟོད་པ་དང་། སྒྱུ་མའི་སྐྱེས་བུས་ནང་སྟོང་པ་ཉིད་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ་ཞེས་པས་ཆོས་མཆོག་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཟུགས་ལ་ཚིག་གི་དོན་མེད་ཅིང་མི་དམིགས་སོ་ཞེས་པས་མཐོང་ལམ་དང་། སྐྱེ་བ་མེད་པའི་ཚིག་གི་དོན་མེད་ཅིང་མི་དམིགས་སོ་ཞེས་པས་སྒོམ་པའི་ལམ་གྱི་རྟེན་བསྟན་ནོ། །གཉིས་པ་ནི། མཐོང་སྒོམ་གྱི་ལམ་དེ་དག་སྐྱེས་པའི་སྟོབས་ཀྱིས་གཉེན་པོ་སྐྱེ་བ་དང་མི་མཐུན་ཕྱོགས་སྤོང་བ་སྟེ་འགག་པ་དུས་མཉམ་པས། དེ་དག་གི་རྟེན་ནི་གོ་རིམ་བཞིན་དུ། ཉི་མའི་དཀྱིལ་འཁོར་མངོན་པར་འཆར་བའི་འོད་ཀྱི་གནས་མེད་ཅིང་མི་དམིགས་སོ། །ཞེས་པས་གཉེན་པོའི་རྟེན་དང་། བསྐལ་པའི་མེ་འབར་བའི་ཚེ་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཀྱི་གནས་མེད་ཅིང་མི་དམིགས་པ་ཞེས་པས་སྤོང་བའི་རྟེན་གསུངས་སོ། །གསུམ་པ་ནི། སྤང་གཉེན་དེ་དག་སྐྱེ་འགག་གི་རྣམ་རྟོག་ཡོངས་སུ་གཏུགས་ཤིང་སྤངས་པ་ནི། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚུལ་ཁྲིམས་ལ་ཚུལ་ཁྲིམས་ངན་པའི་གནས་མེད་ཅིང་མི་དམིགས་སོ་ཞེས་སོ། །བཞི་པ་ནི། འཁོར་འདས་ལ་མི་གནས་པའི་རྒྱུ་ཤེས་རབ་དང་སྙིང་བརྩེར་བཅས་པའི་རྟེན་ནི་ཉི་མ་དང་ཟླ་བའི་འོད་ལ་གནས་མེད་ཅིང་མི་དམིགས་སོ་ཞེས་སོ། །དེ་དག་གི་སྟོབས་ཀྱི་སློབ་མ་ཉན་ཐོས་སོགས་དང་ཡོན་ཏན་ཐུན་མོང་མ་ཡིན་པའི་ཆོས་ཀྱི་རྟེན་ནི། ཉན་ཐོས་དང་རང་སངས་རྒྱས་དང་གཟའ་དང་སྐར་མ་དང་ནོར་བུ་རིན་པོ་ཆེ་དང་གློག་གི་འོད་ལ་གནས་མེད་ཅིང་མི་དམིགས་སོ་ཞེས་སོ། །དེ་ནས་གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་ལ་འགོད་པའི་གཞན་གྱི་དོན་གྱི་གོ་རིམ་གྱི་རྟེན་ནི། རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་རྣམས་ཀྱི་འོད་ལ་གནས་མེད་ཅིང་མི་དམིགས་སོ། །འཁོར་བ་ཇི་སྲིད་པར་གཞན་དོན་གྱི་ཡེ་ཤེས་འབད་པ་དང་རྩོལ་བ་མི་མངའ་བར་འཇུག་པའི་རྟེན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་ལ་གནས་མེད་ཅིང་མི་དམིགས་སོ་ཞེས་སོ། །གསུམ་པ་འགྲེལ་པ་ལ། སོ་སོའི་རང་བཞིན་གོ་རིམ་ངེས་པ་དང་གྲངས་ངེས་པ་གསུམ་གྱི་དང་པོ་ནི། རེ་ཞིག་ཅེས་པ་གོ་རིམ་སྟོན་པའི་ཚིག་གི་ཕྲད་དོ། །སྒོམ་བྱུང་གི་སྒྲུབ་པ་རྣམས་ཀྱི་དང་པོར་འཇིག་རྟེན་པའི་སྒོམ་བྱུང་གི་ངོ་བོ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དྲོ་བ་ལ་སོགས་པ་བཞི་པོ་རྣམས་སྐྱེ་བས་དེ་དག་གི་རྟེན་དུ་གྱུར་པའི་རིགས་བསྟན་ནོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་རོ། །དེའི་འོག་ཏུ་འཇིག་རྟེན་ལས་འདས་པའི་སྒོམ་བྱུང་བདེན་པ་སྔར་མ་རྟོགས་གསར་དུ་རྟོགས་པ་མཐོང་བའི་ལམ་དང་མཐོང་ཟིན་གོམས་པར་བྱེད་པ་སྒོམ་པའི་ལམ་དག་དེ། དེའི་འོག་ཏུ་མཐོང་སྒོམ་གྱི་ལམ་དེ་དག་སྐྱེས་པའི་སྟོབས་ཀྱིས་མཐོང་སྒོམ་གྱིས་བསྡུས་པའི་གཉེན་པོའི་ཕྱོགས་མ་ལུས་པ་སྐྱེས་པ་དང་མི་མཐུན་ཕྱོགས་གཟུང་འཛིན་གྱི་རྣམ་རྟོག་མ་ལུས་པ་འགགས་པ་དང་དུས་མཉམ་སྟེ། དཔེར་ན། རྐུན་པོ་ཕྱིར་བྱུང་བ་དང་སྒོ་འཕར་བཅད་པ་དུས་མཉམ་པ་ལྟར་རོ། །རྐུན་པོ་སྔར་ཕྱུང་ནས་སྒོ་འཕར་ཕྱིས་གཅོད་པ་མ་ཡིན་ནམ། དེ་དག་དུས་མཉམ་པའི་དཔེར་ཇི་ལྟར་རུང་ཞེ་ན། ཇི་སྲིད་སྒོ་འཕར་མ་བཅད་པ་དེ་སྲིད་དུ་ནི་རྐུན་པོ་རེ་ཤིག་ཕྱིར་བྱུང་དུ་ཟིན་ཀྱང་གཏན་ཕྱུང་བ་མ་ཡིན་ཏེ། གེགས་བྱེད་པ་མེད་པས་སླར་ཡང་འཇུག་སྲིད་པའི་ཕྱིར་རོ། །གང་གི་ཚེ་སྒོ་འཕར་བཅད་པ་དེའི་ཚེ་སླར་འཇུག་མི་སྲིད་པས་ཡང་དག་པར་རྐུན་པོ་བྱུང་བ་ཞེས་བྱ་བའི་ཐ་སྙད་ཐོབ་བོ། །དེས་ན་འདིར་རྐུན་པོ་ཐོན་པ་ཙམ་གྱིས་ཕྱིར་བྱུང་བའི་དོན་མ་ཡིན་གྱི་སླར་འཇུག་པའི་གོ་སྐབས་མེད་པར་བྱས་པ་ཉིད་ཡིན་ལ། དེ་ནི་སྒོ་འཕར་བཅད་པ་དང་དུས་མཉམ་པ་ཡིན་ནོ། །དེ་བཞིན་དུ་ཇི་སྲིད་གཉེན་པོ་མ་སྐྱེས་པ་དེ་སྲིད་དུ་མི་མཐུན་ཕྱོགས་འགག་པར་ཞེས་མི་བྱ་སྟེ། སླར་ཡང་སྐྱེ་བ་ལ་གེགས་བྱེད་པ་མེད་པས་སོ། །གང་གི་ཚེ་གཉེན་པོ་རྫོགས་པར་སྐྱེས་པ་དེའི་ཚེ་སླར་སྐྱེ་བའི་གོ་སྐབས་མེད་པའི་ཕྱིར་སྤང་བྱ་འགགས་པ་ཞེས་བྱའོ། །འདིར་གཉེན་པོ་བར་ཆད་མེད་ལམ་མམ། འོན་ཏེ་རྣམ་གྲོལ་ལམ་གཟུང་ཞེ་ན། གཞན་དག་བར་ཆད་མེད་ལམ་འཛིན་མོད་དེ་ནི་མ་ཡིན་ཏེ། བར་ཆད་མེད་ལམ་སྐྱེས་པ་ན་སྤང་བྱ་སྤོང་བཞིན་པ་ཡིན་གྱི་སྤངས་པ་མ་ཡིན་པའི་ཕྱིར་ཏེ། གཞན་དུ་ན་བར་ཆད་མེད་ལམ་སྤང་བྱ་དངོས་སུ་སྤོང་བའི་བྱ་བ་མི་བྱེད་པར་ཐལ་བའི་ཕྱིར་རོ། །དེས་ན་གཉེན་པོའི་སྤྱི་འཛིན་ལ་གང་གི་ཚེ་རྣམ་གྲོལ་ལམ་སྐྱེས་པ་དེའི་ཚེ་གཉེན་པོ་རྫོགས་པར་སྐྱེས་པས་སྤང་བྱ་མ་ལུས་པར་འགགས་པའི་ཐ་སྙད་བྱེད་དོ། །སྔ་རབས་པ་དག་སྔ་མའི་སྒོམ་ལམ་ས་བདུན་པ་མན་ཆད། འདི་ས་བརྒྱད་པའི་བར་ཆད་མེད་ལམ་ལ་སྦྱོར་མོད། དེ་དག་སྐྱེས་པའི་སྟོབས་ཀྱི་ཞེས་པ་དང་མི་འགྲིག་གོ །དེའི་འོག་ཏུ་སྤང་གཉེན་དེ་དག་མི་དམིགས་པས་དེ་དག་སྐྱེ་བ་དང་དགག་པའི་ཡུལ་དུ་ལྡན་པའི་མ་རྟོགས་སྤངས་པ་ཐོབ་བོ། །འདི་ས་བརྒྱད་པའི་རྣམ་གྲོལ་ལམ་ལ་སྦྱོར་རོ། །དེའི་འོག་དུ་འཁོར་བ་ལ་མི་གནས་པའི་མཚན་ཉིད་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་དང་མྱང་འདས་ལ་མི་གནས་པའི་མཚན་ཉིད་ཐབས་སྙིང་རྗེ་ཆེན་པོ་ཐོབ་བོ། །གང་གི་སྟོབས་ཀྱིས་ན། སྲིད་ཞི་ལ་མི་གནས་པར་གཞན་དོན་བྱེད་པར་གྱུར་ཅིག་པའི་སྔོན་གྱི་སྨོན་ལམ་དང་སྦྱིན་སོགས་ཕར་ཕྱིན་དྲུག་ལ་སྦྱངས་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་སོ། །འདི་ཡང་ས་བརྒྱད་པའི་ཡོན་ཏན་ཁྱད་པར་ཅན་ལ་སྦྱར་རོ། །དེའི་འོག་ཏུ་འཁོར་འདས་ལ་མི་གནས་པའི་ཐབས་ཤེས་དེ་དག་སྐྱེས་པས་ཉན་ཐོས་དང་རང་རྒྱལ་སོགས་ཐེག་པ་དམན་པ་དག་དང་ཐུན་མོང་མ་ཡིན་པའི་ཆོས་འཐོབ་བོ། །འདི་ས་དགུ་པ་ལ་བཞག་སྟེ། སོ་སོ་ཡང་དག་རིག་བཞི་ཐོབ་པས་རྣམ་པ་ཐམས་ཅད་དུ་ཉན་རང་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །ཉན་རང་དང་ཐུན་མོང་མ་ཡིན་པ་ཐོབ་པ་དེའི་འོག་ཏུ་གཞན་གྱི་གོ་རིམ་གྱི་སྒྲུབ་པ་ཐོབ་བོ། །གཞན་དོན་ཇི་ལྟར་བུ་ན་གདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་རྒྱུན་དུ་ཐེག་པ་གསུམ་གྱི་ལམ་ལ་འབོད་པའི་མཚན་ཉིད་ཅན་གྱིའོ། །ཐབས་གང་གིས་ཞེ་ན། བཞུགས་པ་དང་སོགས་པས་མཚན་ཉིད་དང་གཉེན་པོ་བསྒྱུར་བ་ལ་ལྡེམ་པོར་དགོངས་པ་རྣམ་པ་བཞིའི་སྒོ་ནས་ཆོས་བསྟན་པས་སོ། །འདི་ས་བཅུ་པ་ལ་བཞག་སྟེ། དེར་སངས་རྒྱས་དང་གཞན་དོན་མཚུངས་པར་བཤད་པས་སོ་ཞེས་ཟེར་རོ། །འདི་ལ་ལྡེམ་དགོངས་སོ་སོའི་དོན་བཤད། གྲངས་ངེས་ཀྱི་ཁྱད་པར་བསྟན་པ་དང་གཉིས་ཀྱི། དང་པོ་ལ་བཞིའི། བཞུགས་པ་ལ་ལྡེམ་པོར་དགོངས་པ་ནི། གང་ཟག་དང་ཆོས་ཀྱི་བདག་མེད་པས་སྐྲག་པ་རྣམས་བསྟན་པ་ལ་རིམ་གྱིས་བཞུག་པར་བྱ་བའི་ཕྱིར། ཕྱི་ནང་གི་སྐྱེ་མཆེད་དང་སེམས་ཅན་དང་གང་ཟག་ལ་སོགས་པ་ཡོད་པར་གསུངས་པ་གང་ཡིན་པ་སྟེ། ཉི་ཤུ་པར། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བའི་སྐྱེ་བོ་ལ། །དགོངས་པའི་དབང་གིས་གསུང་པ་སྟེ། །རྫུས་ཏེ་འབྱུང་བའི་སེམས་ཅན་བཞིན། །ཞེས་པ་ལྟར་རོ། །གཉིས་པ་མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་ལ་དགོངས་ནས་ཤེར་ཕྱིན་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་སྟེ། སུམ་ཅུ་པ་ལས། དེ་ཕྱིར་ཆོས་རྣམས་ཐམས་ཅད་ཀྱི། །ངོ་བོ་ཉིད་མེད་རྣམ་གསུམ་ལ། །དགོངས་ནས་ཆོས་རྣམས་ཐམས་ཅད་ཀྱི། །ངོ་བོ་ཉིད་མེད་བསྟན་པ་ཡིན། །ཅེས་པ་ལྟར་རོ། །གསུམ་པ་གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི། རྒྱན་དུ། སངས་རྒྱས་ཆོས་ལ་བསྙས་པ་དང་། །ལེ་ལོ་ཅུང་ཟད་ཆོག་འཛིན་དང་། །འདོད་ཆགས་ང་རྒྱལ་སྤྱོད་པ་དང་། །འགྱོད་དང་མ་ངེས་ལྡོག་པ་ནི། །སེམས་ཅན་རྣམས་ཀྱི་སྒྲིབ་རྣམས་ཏེ། །དེའི་གཉེན་པོར་ཐེག་མཆོག་བརྟན། །ཅེས་པ་ལྟར་སྒྲིབ་པ་བརྒྱད་ཀྱི་གཉེན་པོར་གསུངས་པ་གང་ཡིན་པ་སྟེ། དེ་ལ་སངས་རྒྱས་རྣམ་པར་གཟིགས་ཀྱི་བསྔགས་པ་གསུངས་པ་ན་འཁོར་འགའ་ཞིག་ལ་བདག་ཅག་གི་སྟོན་པ་དེ་བས་དམན་ནོ་སྙམ་དུ་སངས་རྒྱས་ལ་བརྙས་པའི་གཉེན་པོར་མཉམ་པ་ཉིད་གསུམ་ལ་དགོངས་ནས་དེའི་ཚེ་དེའི་དུས་ན་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་གསུངས་པ་སྟེ། མཉམ་པ་ཉིད་གསུམ་ནི། སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པས། །མཉམ་པ་ཉིད་དེ་སྐུ་ཚེ་དང་། །རིགས་དང་སྐུ་བོང་ཚད་ཀྱིས་མིན། །ཞེས་སོ། །ཡང་འགའ་ཞིག་ལ་ཆད་པ་སྟོན་པའོ་ཞེས་ཐེག་ཆེན་གྱི་ཆོས་ལ་བརྙས་པའི་གཉེན་པོར་རྟོགས་པའི་ཆོས་ལ་དགོངས་ནས་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་ན་ཐེག་ཆེན་གྱི་ཆོས་ཐོས་པར་འགྱུར་རོ་ཞེས་སོ། །ལེ་ལོ་ཅན་དག་ལ་དུས་གཞན་དུ་སྐྱེ་བ་ལ་དགོངས་ནས་བདེ་བ་ཅན་དུ་སྨོན་ལམ་འདེབས་པ་དེ་དག་དེར་སྐྱེ་བར་འགྱུར་རོ་ཞེས་པའོ། །དགེ་བ་ཅུང་ཟད་ཀྱིས་ཆོག་པར་འཛིན་ལ་སྦྱིན་པ་ལ་སྨད་ནས་ཚུལ་ཁྲིམས་ལ་བསྔགས་པ་ལྟ་བུ་གང་ཟག་གི་བསམ་པ་ལ་དགོངས་པའོ། །འཁོར་བའི་ཕུན་ཚོགས་ལ་ཆགས་པའི་གཉེན་པོར་སངས་རྒྱས་ཀྱི་ཞིང་གི་འབྱོར་པ་བསྔགས་པ་ལྟ་བུ་དང་། རང་གི་ལུས་དང་སྟོབས་ཀྱིས་ང་རྒྱལ་བ་ལ་སངས་རྒྱས་ཀྱི་ཡོན་ཏན་བསྔགས་པ་ལྟ་བུ་དང་། མ་སྐྱེས་དགྲ་ལྟ་བུ་གནོད་པ་བྱས་པས་འགྱོད་པའི་གཉེན་པོར་སངས་རྒྱས་དང་བྱང་སེམས་ལ་གནོད་པ་བྱས་པ་ཡང་མཐོ་རིས་སུ་འགྲོའོ་ཞེས་པ་ལྟ་བུ་དང་། མ་ངེས་པའི་རིགས་ཅན་ཐེག་ཆེན་ལས་ལྡོག་པའི་གཉེན་པོར་མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་པ་དང་། ཉན་ཐོས་ལུང་བསྟན་པ་ལ་སོགས་པ་ལྟ་བུའོ། །བཞི་པ་བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི། རབ་ཏུ་གྲགས་པའི་ཡི་གེ་རྣམས་མ་གྲགས་པའི་དོན་ཟབ་མོ་སྟོན་བྱེད་དུ་བསྒྱུར་བ་སྟེ། ཇི་སྐད་དུ། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ཤིན་ཏུ་གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་པ་ལྟ་བུ་སྟེ། དོན་ནི་སྙིང་པོ་ནི་རྣམ་གཡེང་ཡིན་ལ། དེ་མེད་པ་ནི་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ནོ། །རྟག་སོགས་ལས་ཕྱིན་ཅི་ལོག་པ་ནི་མི་རྟག་པ་ལ་སོགས་པ་ཡིན་ལ། དེ་ལ་གནས་པའི་ལྷག་མཐོང་བསྟན་ཏོ། །ཡུན་རིང་པོར་གཞན་དོན་གྱི་དཀའ་སྤྱད་ཀྱི་ཉོན་མོངས་པས་རབ་ཏུ་ཉོན་མོངས་ཞེས་པས་སྙིང་རྗེ་བསྟན་ཏེ། དེ་ལྟར་ཏིང་ངེ་འཛིན་དང་ཤེས་རབ་སྒོམ་ཞིང་སྙིང་རྗེས་གཞན་དོན་ལ་འབད་པས་བྱང་ཆུབ་ཐོབ་བོ་ཞེས་པའོ། །ལྡེམ་དགོངས་བཞི་པོ་དེ་དག་ཀྱང་། རྒྱན་ལས། ཉོན་མོངས་དང་ནི་ངོ་བོ་ཉིད། །དེ་བཞིན་ཉེས་པ་འདུལ་བ་དང་། །བརྗོད་པ་ཟབ་པ་ཉིད་ལ་ནི། །ལྡེམ་པོར་དགོངས་པ་འདི་རྣམ་བཞི། །ཞེས་བཤད་པ་ལྟར་རོ། །གཉིས་པ་ནི། རྣམ་རིག་པ་དག་མདོ་སྡེ་དགོངས་འགྲེལ་གྱི་རྗེས་སུ་འབྲངས་ནས། མདོ་གང་མདོ་སྡེ་གཞན་གྱིས་དགོངས་པ་བཀྲལ་མི་དགོས་པའི་སྒྲ་ཇི་བཞིན་པ་ནི་ངེས་པའི་དོན་དང་། མདོ་སྡེ་གཞན་གྱིས་དགོངས་པ་དཀྲལ་དགོས་པ་སྒྲ་ཇི་བཞིན་པ་མ་ཡིན་པ་ནི་དྲང་བའི་དོན་དུ་འདོད་པས། ལྡེམ་དགོངས་བཞི་ཀ་སྒྲ་ཇི་བཞིན་པ་མ་ཡིན་པའི་ཕྱིར་དྲང་བའི་དོན་དུ་འཆད་དོ། །དབུ་མ་པ་དག་ཏིང་ངེ་འཛིན་རྒྱལ་པོ་ལས། སྟོང་པ་བདེ་བར་གཤེགས་པས་བསྟན་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལ་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་པའི་རྗེས་སུ་འབྲངས་ནས་བརྗོད་བྱ་དོན་དམ་པའི་བདེན་པ་སྟོན་པ་ངེས་དོན་དང་། ཀུན་རྫོབ་ཀྱི་བདེན་པ་སྟོན་པ་དྲང་དོན་དུ་བཞེད་པས། མཚན་ཉིད་ལ་ལྡེམ་པོར་དགོངས་པ་བརྗོད་བྱ་སྟོང་པ་ཉིད་སྟོན་པའི་ཕྱིར་ངེས་དོན་དུ་འཆད་ལ། གཞན་དག་དྲང་དོན་དུ་འཆད་དོ། །གཞན་གྱི་དོན་གྱི་གོ་རིམ་དེའི་འོག་ཏུ་འཁོར་བ་ཇི་སྲིད་པར་འབད་རྩོལ་གྱི་མཚན་མ་མེད་ཅིང་རང་གི་ངང་གིས་འཇུག་པ་ལྷུན་གྱིས་གྲུབ་པར་སེམས་ཅན་གཞན་གྱི་དོན་དང་མཐོང་ཆོས་ལ་བདེ་བར་གནས་པའི་སངས་རྒྱས་ཀྱི་ཡེ་ཤེས་དེ་དེ་མ་ཐག་ཏུ་འབྱུང་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ། དེའི་རྟེན་ལ་རིགས་ཞེས་བྱའོ་ཞེས་སྦྱར་རོ། །གཉིས་པ་ནི། ཇི་སྐད་བཤད་པའི་གོ་རིམ་འདི་ནི་རྟོགས་པའི་གོ་རིམ་ཡིན་པས་རིགས་པ་ཁོ་ནའོ། །གསུམ་པ་ནི། ཇི་སྐད་བཤད་པའི་སྒྲུབ་པ་བཅུ་གསུམ་པོ་འདིས་ཀྱང་རྣམ་མཁྱེན་དོན་དུ་གཉེར་བའི་སྐྱེས་བུས་ཉམས་སུ་བླང་བྱའི་ལམ་གྱི་དོན་ཐམས་ཅད་མ་ཚང་བ་མེད་པར་ཕུན་སུམ་ཚོགས་པ་ཡིན་ཏེ། སྦྱོར་ལམ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་གྱི་ལམ་ཐམས་ཅད་བསྡུས་པའི་ཕྱིར་རོ། །དེས་ན་འདི་དག་ལས་མང་མི་དགོས་ཤིང་ཉུང་ན་མི་ནུས་པའི་ཕྱིར་གྲངས་ངེས་པ་ཡིན་ནོ། །ཀྱང་ཞེས་པས་སེམས་བསྐྱེད་དང་གདམས་ངག་རྣམས་ཀྱིས་སྐྱེས་བུའི་དོན་ཐམས་ཅད་ཕུན་སུམ་ཚོགས་པར་མ་ཟད་ཅེས་པའོ། །བཞི་པ་དོན་བསྡུ་བ་ནི། རིགས་ཞེས་བསྟན་ནོ། །གང་ལ་ཞེ་ན། མིག་སོགས་སྐྱེ་མཆེད་དྲུག་གི་རང་བཞིན་གྱི་བྱང་ཆུབ་སེམས་དཔའ་བཅུ་གསུམ་པོ་དོན་དམ་པར་སྤྲོས་བྲལ་ཆོས་ཀྱི་དབྱིགས་ཀྱི་དངོས་པོའི་དེ་ཁོ་ན་ལའོ། །ཅིའི་ཕྱིར་ཞེ་ན། ཇི་སྐད་བཤད་པའི་བྱང་སེམས་ཀྱི་སྒྲུབ་པ་བཅུ་གསུམ་གྱི་ཆོས་ཀྱི་གཞིར་གྱུར་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་བཅུ་གསུམ་ཡིན་ཞེ་ན། ཐེག་ཆེན་སྒྲུབ་པའི་ཆོས་ཀྱི་གནས་སྐབས་ཐ་དད་པ་བཅུ་གསུམ་གྱི་བྱེ་བྲག་གིས་སོ། །གཉིས་པ་རྩོད་པ་སྤོང་བ་ལ། རྩོད་པ་དང་ལན་གཉིས་ཀྱི། དང་པོ་ལ་སྔ་རྒོལ་དང་། རྩ་བ་གཉིས་ཀྱི། དང་པོ་ལ། འདོད་པ་བརྗོད་པ་དང་། ཐལ་བ་དགོད་པ་གཉིས་ཀྱི། དང་པོ་ནི། འདིར་ཁྱེད་དབུ་མ་པ་ལྟར་ན་ཡང་དག་པར་ཆོས་ཀྱི་དབྱིངས་ཁོ་ན་ཡང་དག་པའི་ཆོས་རྟོགས་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་དེའི་བདག་ཉིད་ཅན་གྱི་ནང་གི་སྐྱེ་མཆེད་དྲུག་གི་རང་བཞིན་གྱི་བྱང་སེམས་བླ་ན་མེད་པའི་རང་བཞིན་དུ་གནས་པའི་ཕྱིར་ཡིན་པའོ། །གཉིས་པ་ནི། འོ་ན་ཞེས་པ་ཐེ་ཚོམ་མེད་པར་ཕྱོགས་སྔ་ཁོང་དུ་ཆུད་པར་སྟོན་པའི་ཕྲད་དོ། །ཆོས་དབྱིངས་སངས་རྒྱས་ཀྱི་རིགས་སུ་འདོད་པ་དེའི་ཚེ་བྱང་སེམས་ཁོ་ན་སངས་རྒྱས་ཀྱི་རིགས་ཅན་མ་ཡིན་པར་ཐལ། ཆོས་དབྱིངས་དེ་ནི་ཐེག་པ་གསུམ་གའི་གང་ཟག་ལ་སྤྱིར་ལྡན་པ་ཡིན་པའི་ཕྱིར་དེས་ན་ཆོས་དབྱིངས་རིགས་སུ་འཐད་པ་མ་ཡིན་ནོ། །སྙམ་པའི་སྐྱེ་བོ་བློ་དམན་པའི་ངོར་དགོངས་ནས་གསུང་པས་ལན་གདབ་པའི་ཕྱིར་དགོས་པ་སྟོན་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ནི། གལ་ཏེ་ཆོས་དབྱིངས་སངས་རྒྱས་ཀྱི་རིགས་ཡིན་ན། ཐེག་པ་གསུམ་གྱི་རིགས་ཐ་དད་པར་རུང་བ་མ་ཡིན་པར་ཐལ། ཆོས་ཀྱི་དབྱིངས་ལ་དབྱེ་བ་མེད་པའི་ཕྱིར། མདོ་ལས་ཀྱང་། འཇམ་དཔལ་གལ་ཏེ་ཆོས་ཀྱི་དབྱིངས་གཅིག །དེ་བཞིན་ཉིད་གཅིག་ཡང་དག་པའི་མཐའ་གཅིག་ཡིན་ན་དེ་ལ་ཇི་ལྟར་སྣོད་དང་སྣོད་མ་ཡིན་པར་གདགས་ཞེས་གསུངས་པ་བཞིན་ནོ་ཞེ་ན། གཉིས་པ་ལན་ལ། དོན་གྱིས་ཐོབ་པ་དང་། དངོས་སུ་བསྟན་པའི་ལན་གཉིས་ཀྱི། དང་པོ་ནི། ཉན་ཐོས་དང་རང་རྒྱལ་བྱང་སེམས་ཀྱི་ཐེག་པ་ཐ་དད་པ་རྣམས་གང་ཟག་གི་བདག་མེད་ཙམ་དང་བདག་ཕྱེད་དང་གཉིས་ཀྱིས་སྟོང་པ་དང་བདག་མེད་གཉིས་ཀ་ཁོང་དུ་ཆུད་པའི་རྟོགས་པའི་རིམ་གྱིས་དམིགས་པ་ན། གང་ཟག་ལ་ཐེག་པ་གར་རྟོགས་པའི་རིམ་གྱིས་ཇི་ལྟར་དམིགས་པ་དེ་བཞིན་དུ། གང་ཟག་དེའི་སྐྱེ་མཆེད་དྲུག་གི་ཆོས་དབྱིངས་དེ་ཉིད་རང་གི་ཐེག་པའམ་འཕགས་པའི་ཆོས་རྟོགས་ཤིང་ཐོབ་པའི་རྒྱུའི་ངོ་བོར་རྣམ་པར་འཇོག་པའི་སྒོ་ནས་ཉན་ཐོས་ལ་སོགས་པའི་རིགས་ཉིད་དུ་ཐ་སྙད་འདོགས་སོ། །དོན་ནི་འདི་ཡིན་ཏེ། གང་ཟག་གི་བདག་མེད་པའི་རྟོགས་པ་ཙམ་དང་ལྡན་པ་དེ་ཉིད་ཉན་ཐོས་ཀྱི་ཐེག་པ་ཡིན་ལ། དེའི་ནང་སྐྱེ་མཆེད་དྲུག་གི་ཆོས་ཉིད་ནི་ཉན་ཐོས་ཀྱི་རིགས་སོ། །ཞེས་ཐ་སྙད་དུ་བྱ་སྟེ། ཉན་ཐོས་འཕགས་པའི་ཆོས་རྟོགས་ཤིང་འཐོབ་པའི་རྒྱུ་ཡིན་པའི་ཕྱིར། དེ་བཞིན་དུ་གཟུགས་མེད་ཙམ་དང་བདག་མེད་གཉིས་ཀའི་རྟོགས་པ་དང་ལྡན་པ་ནི་རང་རྒྱལ་དང་བྱང་སེམས་ཀྱི་ཐེག་པ་བ་ཡིན་ལ། དེ་དག་གི་སྐྱེ་མཆེད་དྲུག་གི་མཚན་ཉིད་ནི་གོ་རིམ་བཞིན་དུ་རང་རྒྱལ་དང་ཐེག་ཆེན་གྱི་རིགས་སུ་བཞག་སྟེ། རང་རྒྱལ་དང་ཐེག་ཆེན་འཕགས་པའི་ཆོས་རྟོགས་ཤིང་འཐོབ་པའི་རྒྱུ་ཡིན་པའི་ཕྱིར་ཞེས་པའོ། །ཞེས་བྱ་བའི་ལན་ཞིག་ཀྱང་རྗེ་བཙུན་གྱིས་གཟིགས་ཏེ། རྩོད་པ་དེའི་ལན་དུ་སྐབས་སུ་བབ་ཅིང་དོན་དང་མཐུན་པ་ཡིན་ནོ། །ཀྱང་ཞེས་པ་འོག་ནས་བྱུང་བར་མ་ཟད་ཅེས་པའོ། །ཉི་སྣང་དུ། གལ་ཏེ་ཆོས་ཀྱི་དབྱིངས་ཡིན་ན་ཐམས་ཅད་རིགས་ལ་གནས་པར་འགྱུར་ཏེ། དེ་ནི་སྤྱིར་གནས་པ་ཡིན་པའི་ཕྱིར་རོ་ཞེ་ན། ཇི་ལྟར་དམིགས་པ་ན་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་འགྱུར་བ་དེ་ལྟར་རིགས་ཡིན་པར་བརྗོད་པ་དེས་ན་འདིར་ཧ་ཅང་ཐལ་བ་ཅིས་ཏེ་ཚོལ་བར་བྱེད་ཅེས་བཤད་པའི་དོན་ཅུང་ཟད་བཀྲལ་བ་གཞུང་འདི་ཡིན་ནོ། །དེ་ལ་ཆོས་ཉིད་ཀྱིས་ཇི་ལྟར་བརྗོད་པའི་གཞུང་ཉན་ཐོས་ལ་གྲགས་པའི་དཔེ་སྟོན་པར་འཆད་པ་ནི་མི་རིགས་ཏེ། ཉི་སྣང་གི་ཇི་ལྟར་དམིགས་པ་ན་ཞེས་པ་འདི་འགྲེལ་པ་འདིར་ཇི་ལྟར་ཉན་ཐོས་ལ་སོགས་ཞེས་པའི་གཞུང་འདི་ཡིན་པའི་ཕྱིར་དང་། ཉི་སྣང་གི་ཚིག་དེ་ཡང་དཔེ་སྟོན་བྱེད་མ་ཡིན་པའི་ཕྱིར་རོ། །དེས་ན་ཇི་ལྟར་དེ་བཞིན་ཞེས་པ་དཔེ་འགོད་པའི་ཚིག་ཕྲད་མ་ཡིན་གྱི་གང་དང་དེ་ཞེས་པ་ལྟར་དམིགས་ཀྱིས་མ་ཕྱེ་བའི་སྤྱི་འཛིན་པའི་ཚིག་ཕྲད་དོ། །ཡང་སྔ་རབས་པ་དག་ཇི་ལྟར་ཉན་ཐོས་དང་སོགས་པས་རང་རྒྱལ་བྱང་སེམས་ཀྱི་ཐེག་པས་གང་ཟག་གི་བདག་མེད་ཙམ་དང་གཟུང་མེད་དང་བདག་མེད་གཉིས་ཀ་རྟོགས་པའི་རིམ་གྱིས་ཆོས་དབྱིངས་ལ་དམིགས་པ་དེ་བཞིན་དུ་རང་རང་གི་འཕགས་པའི་ཆོས་རྟོགས་པ་དེ་མངོན་སུམ་དུ་བྱ་བའི་ཕྱིར་ཆོས་དབྱིངས་རྒྱུར་རྣམ་པར་འཇོག་པའི་སྒོ་ནས་ཉན་ཐོས་ལ་སོགས་པའི་རིགས་སུ་ཐ་སྙད་འདོགས་ཞེས་འཆད་པ་ལྟར་ན་ཡང་ཆོས་དབྱིངས་སྒྲུབ་པའི་དམིགས་པར་ཁས་བླངས་པས། དམིགས་པ་དག་པ་ཁྱད་པར་འགྲོར་མེད་པར་ཐལ་བའི་ཉེས་པ་བཟློག་ཏུ་མེད་ཅིང་དབྱིངས་དམིགས་པའི་སྒོ་ནས་ཐེག་པ་གསུམ་གྱི་འཕགས་པའི་ཆོས་ཀྱི་རྒྱུ་ཡིན་ཞིང་རྒྱུའི་སྒོ་ནས་རིགས་སུ་རྣམ་པར་འཇོག་ན། དོན་གྱིས་ན་དམིགས་པའི་སྒོ་ནས་རིགས་སུ་བཞག་པས་རིགས་ཀྱི་དབྱེ་བ་མི་རུང་བའི་ཉེས་པ་སོ་ན་གནས་པས་མི་རིགས་པ་ཁོ་ནའོ། །དེའི་ཕྱིར་གཞུང་འདི་ཡང་སྔོན་ཆད་དགོངས་པ་ཇི་ལྟ་བ་བཞིན་འཆད་ཤེས་པ་མ་བྱུང་བར་སྣང་ངོ་། །གཉིས་པ་ལ་གསུམ། དང་པོ་ནི། དེ་ལྟ་མོད་ཀྱི་འཇིག་རྟེན་པའི་ངག་གི་སྟེ་རབ་ཏུ་གྲགས་པའི་ལན་གཞན་གསུངས་སོ། །ཅིའི་ཕྱིར་གཞན་སྟོན་ཅེ་ན། རབ་ཏུ་གྲགས་པའི་དཔེའི་སྒོ་ནས་བསྙད་པས་སླ་ཆོས་ཉིད་དུ་སྟེ་གོ་སླ་བའི་ཕྱིར་རོ། །བརྟེན་པའི་ཆོས་ཀྱི་ཞེས་སོ། །འདིས་དཔེ་དངོས་སུ་མ་བསྟན་པ་ཡིན་པས་ཇི་ལྟར་ན་རབ་ཏུ་གྲགས་པའི་ལན་དུ་འགྱུར་ཞེ་ན་མ་ཡིན་ཏེ། བརྗོད་ཅེས་པ་རབ་ཏུ་གྲགས་པ་སྟོན་པའི་ཚིག་ཡིན་པས་དཔེ་ཉིད་དངོས་སུ་བསྟན་ནས་དོན་ཤུགས་ལ་འཕངས་པ་ཡིན་ནོ། །གསུམ་པ་འགྲེལ་པ་ནི། དཔེར་ན་ཉེར་ལེན་འཇིམ་པ་ལས་མངོན་པར་གྲུབ་ཅིང་ལྷན་ཅིག་བྱེད་རྐྱེན་མེ་ལྕེ་གཅིག་གིས་སོ་བཏང་བའི་རྟེན་བུམ་པ་དང་སོགས་པས་ལྷུང་བཟེད་ལ་སོགས་པ་གཅིག་ཉིད་དུས་སྔ་ཕྱི་རིམ་ཅན་བརྟེན་པ་ནང་གི་བཅུད་སྦྲང་རྩི་དང་ལི་ཁ་ར་དང་འབྲུ་མར་ལ་སོགས་པས་བླུགས་པའི་བྱེ་བྲག་གིས་དེ་དང་དེའི་སྣོད་ཉིད་ཐ་དད་པར་ཐ་སྙད་བྱེད་པ་དེ་བཞིན་དུ་བརྟེན་པའི་ཆོས་ཐེག་པ་གསུམ་གྱིས་བསྡུས་པ་རྟོགས་པར་བྱ་བའི་ཡོན་ཏན་ཐ་དད་ཉིད་ཀྱིས་རྟེན་སྐྱེ་མཆེད་དྲུག་གི་ཆོས་ཉིད་ཐེག་པ་གསུམ་རིགས་ཐ་དད་པ་ཉིད་དོ་ཞེས་པས་སོ། །དཔེའི་སྐབས་སུ་འཇིམ་པ་གཅིག་ལས་མངོན་པར་གྲུབ་ཅིང་ཞེས་པ་རྟེན་བུམ་པ་གཅིག་ཉིད་དུ་བསྟན་པས་གང་ཟག་གཅིག་ཉིད་ཐེག་པ་གསུམ་ལ་རིམ་གྱིས་ཞུགས་པ་ན་དེའི་ཆོས་ཉིད་ལ་ཐེག་པ་གསུམ་གྱི་རིགས་གསུམ་དུ་ཐ་སྙད་འདོགས་ཞེས་བསྟན་པ་ཡིན་ནོ་སྙམ་ན། དེ་ནི་མ་ཡིན་ཏེ། གང་ཟག་གཅིག་ཐེག་པ་ལ་རིམ་གྱིས་ཞུགས་པའི་དབང་དུ་བྱས་ནས། རིགས་ཐ་དད་མི་རུང་ཞེས་བརྩད་པ་མ་ཡིན་པའི་ཕྱིར་རོ། །དེས་ན་དོན་གྱི་སྐབས་སུ་གང་ཟག་ཐ་དད་ཀྱི་ཆོས་དབྱིངས་དབྱེར་བ་མེད་པ་ནི་ཕྱིར་རྒོལ་རང་གིས་ཀྱང་ཁས་བླངས་པས་འགྲུབ་ལ། དཔེའི་སྐབས་སུ་རྫ་བུམ་རིགས་མཐུན་གསུམ་དཔེར་བྱས་ན་རིགས་གཅིག་རྫས་ཐ་དད་པས་རྟེན་གཅིག་པའི་དཔེར་མི་འགྲུབ་པས་དེའི་ཕྱིར་རྟེན་རྫས་གཅིག་ཏུ་སྒྲུབ་པའི་དོན་དུ་འཇིམ་པ་གཅིག་ལས་མངོན་པར་གྲུབ་ཅིང་ཞེས་སོགས་སྨོས་པ་ཡིན་ནོ། །

དམིགས་པ་བཤད་པ།

གཉིས་པ་དམིགས་པ་ལ་གསུམ་གྱི། དང་པོ་ནི། ཇི་སྐད་བཤད་པའི་ཞེས་སོ། །རྩ་བ་ལ་དངོས་དང་། ཞར་ལ་གཞན་གྱི་དམིགས་པ་དགག་པ་གཉིས་ཀྱི། དང་པོ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དབྱེ་བ་གསུམ་གྱི་དང་པོ་ནི། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་པའི་ཚུལ་གྱིས་དམིགས་པས་ཆོས་རྣམས་ཐམས་ཅད་དེ་ཞེས་བྱའོ། །གཉིས་པ་ནི། དེ་ཡང་དགེ་ལ་སོགས་པ་ཡིན་ཅེས་ཏེ། ཅི་རིགས་པར་སྤང་བ་བླང་བ་དང་བཏང་སྙོམས་སུ་བྱ་བ་ཡིན་པས་སོ། །གསུམ་པ་ལ་དབྱེ་སྒོ་བཞི་སྟེ། ལམ་དང་མི་མཐུན་པས་དང་། གཉེན་པོ་དང་། བདེན་པ་དང་། འབྲས་བུའི་སྒོ་ནས་སྟེ། དེ་ཡང་ཚིག་རྐང་པ་གཉིས་དང་། གཅིག་དང་། གཅིག་དང་། ཡང་གཉིས་དང་གོ་རིམ་བཞིན་ནོ། །དེ་དག་ཀྱང་མདོ་ལས་རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ནི་དགེ་བ་དང་། མི་དགེ་བ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཟག་བཅས་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པ་དག་སྟེ། རབ་འབྱོར་དེ་དག་ནི་ཆོས་ཐམས་ཅད་ཅེས་བྱའོ་ཅེས་སོ། །གཉིས་པ་ལ་བཞི། དགག་པ་དངོས། ཞར་ལ་དམིགས་པ་དང་རིགས་ཀྱི་ཁྱད་པར་བསྟན་པའོ། །དང་པོ་ནི། ཉི་སྣང་གི་དགོངས་པ་འགྲེལ་ཆེན་དུ་བླངས་པ། གང་ཡང་ཆོས་ཀྱི་དབྱིངས་རྟག་ཏུ་རྣམ་པ་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ནི་དམིགས་པ་ཡིན་སྙམ་དུ་སེམས་པ་དེ་དག་གིས་རྟག་ཏུ་རྣམ་པར་དག་པ་ཉིད་ཡིན་པའི་ཕྱིར་གོང་ནས་གོང་དུ་རྣམ་པར་དག་པ་ཁྱད་པར་དུ་འགྲོ་བ་ཇི་ལྟར་བརྗོད་པར་བྱ་ཞེས་སོ། །དོན་ནི་འདི་ཡིན་ཏེ། སེམས་ཙམ་པ་དག་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ནི། ཆོས་ཅན་གཞན་དབང་སྒྱུ་མ་ལྟ་བུ་ལ་དམིགས་པ་ཡིན་ལ། མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཆོས་ཉིད་ཡོངས་གྲུབ་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན་ལ་དམིགས་སོ་ཞེས་ཟེར་རོ། །

དེ་ལྟར་ན་བྱང་ཆུབ་སེམས་དཔའི་ས་བཅུ་དག་ཏུ་སྒྲུབ་པ་སྔ་མ་ལས་ཕྱི་མ་མི་མཐུན་ཕྱོགས་སྤངས་པའི་སྒོ་ནས་དམིགས་པ་དག་པ་གོང་ནས་གོང་དུ་ཁྱད་པར་དུ་འགྲོར་མེད་པར་ཐལ། ཐམས་ཅད་ཀྱང་ཤིན་ཏུ་རྣམ་པར་དག་པའི་ཆོས་དབྱིངས་ཁོ་ན་ལ་དམིགས་པའི་ཕྱིར། འདོད་ན་སྒྲུབ་པ་བསྒོམ་པ་དོན་མེད་པར་འགྱུར་ཏེ། རྣལ་འབྱོར་པ་སྒྲུབ་པ་བསྒོམ་པ་ནི་དམིགས་པ་རྣམ་པར་དག་པའི་ཆེད་ཁོ་ན་ཡིན་པའི་ཕྱིར་རོ། །འདི་ལྟ། ཇི་སྲིད་དུ་རྣལ་འབྱོར་པའི་རྒྱུད་དམིགས་པ་ལ་བརྟེན་ནས་སྒྲིབ་གཉིས་ཀྱི་རྣམ་རྟོག་སྐྱེ་བ་དེ་སྲིད་དུ་ཕྱི་རོལ་དམིགས་པ་དང་རང་གི་རྒྱུ་གཉིས་ཀ་མ་དག་པ་ཡིན་ལ། གང་གི་ཚེ་རྣལ་འབྱོར་པའི་རྒྱུད་དམིགས་པ་ལ་བརྟེན་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་རྣམ་རྟོག་ཅུང་ཟད་ཀྱང་མི་སྐྱེ་བ་དེའི་ཚེ་སྒྲིབ་གཉིས་སྤངས་ཤིང་དམིགས་པ་དག་པ་མཐར་ཐུག་པ་ཡིན་ནོ། །དེ་ཡང་ས་བཅུ་དག་ཏུ་སྒྲུབ་པ་བསྒོམས་པས་མི་མཐུན་ཕྱོགས་ཀྱི་དྲི་མ་རིམ་གྱི་སྤངས་ཏེ་དམིགས་པ་དག་པ་གོང་ནས་གོང་དུ་འགྱུར་པ་ལས་ཡིན་ནོ། །ཉེས་པ་དེ་སྤང་བར་འདོད་ནས་སྨྲསཔ། ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་དག་པར་འདོད། །ཅེས་བྱ་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་དག་པ་ནི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཡིན་ནོ་ཞེས་གཉེན་པོའི་ཕྱོགས་ལ་མངོན་པར་ཞེན་པ་ཡིན་པའི་ཕྱིར་མི་མཐུན་པའི་ཕྱོགས་ལ་མངོན་པར་ཞེན་པ་དོན་གྱིས་འཕང་པ་ཡིན་ནོ། །དེ་བས་ན་མི་མཐུན་པ་དང་གཉེན་པོའི་ཕྱོགས་ཀྱི་རྣམ་པར་རྟོག་པ་སྤངས་པ་མེད་པས་ཕྱོགས་གཅིག་པའི་དག་པར་ཐལ་བར་འགྱུར་རོ་ཞེས་སོ། །དོན་ནི། དཔེར་ན། ཆུ་དང་ནམ་མཁའ་རང་བཞིན་གྱིས་དྭངས་ཤིང་དྲི་མ་མེད་པ་ཡིན་ན་ཡང་རྡུལ་དང་རྙོག་པ་སོགས་དང་བྲལ་ན་རྣམ་པར་དག་པའི་ཐ་སྙད་ཐོབ་པ་ལྟར། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང་ཆོས་ཅན་དྲི་མས་དག་པ་ན་དེ་ཡང་རྣམ་པར་དག་པའི་ཐ་སྙད་བྱེད་པས་དག་པ་ཁྱད་པར་དུ་མི་འགྲོ་བའི་ཉེས་པ་མེད་དོ་ཞེ་ན། དེ་ལྟར་ན་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ན་ཡང་དག་པ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཡིན་ནོ་ཞེས་གཉེན་པོའི་ཕྱོགས་ལ་མངོན་ཞེན་མ་སྤངས་པར་འགྱུར་ཏེ། ཡུལ་དག་པ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་བདེན་པར་ཡོད་པའི་ཕྱིར། ཁྱབ་སྟེ། ཡུལ་བདེན་པར་ཡོད་ན་དེ་ལ་བདེན་འཛིན་གྱི་བློ་སྤོང་བའི་ཐབས་མེད་པའི་ཕྱིར་རོ། །གཉེན་པོ་ལ་ཞེན་པ་ཡོད་ན་མི་མཐུན་ཕྱོགས་ལ་ཞེན་པ་ཡང་དོན་གྱིས་འཕེན་སྟེ། མི་མཐུན་ཕྱོགས་མེད་ན་གཉེན་པོའི་རྣམ་རྟོག་མི་འཇུག་པའི་ཕྱིར་རོ། །དེ་ལྟ་ན་ཁྱེད་ཀྱི་རྣམ་དག་ནི་དྲི་མ་ཕྱོགས་གཅིག་གིས་དག་པ་ཙམ་དུ་འགྱུར་ཏེ། མི་མཐུན་པ་དང་གཉེན་པོའི་ཕྱོགས་ཀྱི་རྣམ་རྟོག་མ་སྤངས་པའི་ཕྱིར་རོ། །གཉིས་པ་ནི། ཁྱེད་ཀྱི་ཕྱོགས་ལྟར་ན་ཡང་། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པ་ཡིན་ནོ་ཞེས་བྱ་བས་དམིགས་པ་དག་པ་མཐར་ཐུག་པ་ཇི་ལྟར་ཡིན་ཞེ་ན། ཉེས་པ་མེད་དེ། གང་གི་ཕྱིར་རིགས་པའི་རྗེས་སུ་འགྲོ་བའི་དངོས་པོ་མེད་པ་ཡིན་པའི་ཕྱིར་ན་དངོས་པོ་མེད་པ་ནི་ཡང་དག་པའི་ཀུན་རྫོབ་ཡིན་པར་བརྗོད་ལ། དེ་ཁོ་ན་ཉིད་ཀྱི་རང་བཞིན་སྒྲིབ་པ་དེ་རིམ་གྱིས་སྒྲུ་མ་ལྟ་བུར་རྟོགས་པ་ཉིད་ནི་རྣམ་པར་དག་པ་ཡིན་ནོ་ཞེས་སོ། །དོན་ནི། ཁྱེད་ཀྱིས་ཀྱང་རྣམ་མཁྱེན་གྱི་དམིགས་པ་དངོས་པོ་མེད་པར་བཤད་པས་དངོས་པོ་མེད་པ་ལ་དྲི་མ་སྤང་དུ་མེད་པས་དམིགས་པ་དག་པ་ཁྱད་པར་དུ་མི་འགྱུར་བ་མཚུངས་སོ་ཞེ་ན། ཁོ་བོ་ཅག་གི་རྣམ་མཁྱེན་གྱི་དམིགས་པ་ནི་རིགས་པས་རྣམ་པར་དཔྱད་ན་བདེན་པའི་དངོས་པོ་མེད་པའི་རྟེན་འབྲེལ་སྒྱུ་མ་ལྟ་བུ་འདི་ཉིད་ཡིན་གྱི། དངོས་པོ་བཀག་པའི་དངོས་མེད་མ་ཡིན་ལ། ཇི་སྲིད་འདི་སྒྱུ་མ་ལྟ་བུར་མ་རྟོགས་པ་དེ་སྲིད་དུ་འདི་ལ་དམིགས་པའི་མངོན་ཞེན་སྐྱེ་བས་དམིགས་པ་མ་དག་པ་ཞེས་བྱ་ལ། གང་གི་ཚེ་འདི་ལ་མཐའ་གང་དུ་ཡང་མི་རྟོག་པ་སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་ཡེ་ཤེས་སྐྱེས་པ་དེའི་ཚེ་སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་རྣམ་རྟོག་མཐའ་དག་སླར་མི་སྐྱེ་བའི་ཚུལ་གྱིས་སྤངས་པ་ན་དམིགས་པ་དག་པ་མཐར་ཐུག་པ་ཞེས་བྱའོ། །གསུམ་པ་ནི། དེ་ལྟར་བྱས་ན་རང་བཞིན་གཙོ་བོར་གྱུར་པ་ནི་རིགས་ཡིན་པ་དང་། རྣམ་འགྱུར་གཙོ་བོར་གྱུར་པ་ནི་དམིགས་པ་ཡིན་ལ། གཉི་ག་ཡང་གཉི་ཀ་ཡིན་པ་བཀག་པ་མེད་དོ་ཞེས་བྱ་བ་ནི་རྟེན་དང་དམིགས་པའི་མཚན་ཉིད་ཀྱི་དབྱེ་བ་ཡིན་ནོ་ཞེས་སོ། །དོན་ནི་འདི་ཡིན་ཏེ། རིགས་ཀྱི་གནས་སྐབས་སུ་ནི་རང་བཞིན་ཆོས་དབྱིངས་གཙོ་བོ་ཡིན་ཏེ། རིགས་ནི་རྟེན་དང་རྒྱུས་རབ་ཏུ་ཕྱེ་བ་ཡིན་ལ། ཆོས་ཐམས་ཅད་ཀྱང་ཡང་དག་པར་ན་ཆོས་ཀྱི་དབྱིངས་ཀྱི་རྩ་བ་ཅན་དང་རྟེན་ཅན་དུ་འཐད་པས་སོ། །དམིགས་པའི་གནས་སྐབས་སུ་ནི་རྣམ་འགྱུར་ཀུན་རྫོབ་པ་ཉིད་གཙོ་བོ་ཡིན་ཏེ། འདི་ལྟར། མི་མཐུན་ཕྱོགས་ཀྱི་དམིགས་པ་གང་ཡིན་པ་དེ་ཉིད་གཉེན་པོའི་ཡང་དམིགས་པ་ཡིན་ཏེ། གཞི་ཐ་དད་པ་ལ་དམིགས་པ་ནི་སྤང་བྱ་དང་གཉེན་པོར་མི་རུང་བའི་ཕྱིར་རོ། །མི་མཐུན་ཕྱོགས་ཉོན་མོངས་དང་རྣམ་རྟོག་དག་ཀྱང་ཀུན་རྫོབ་ཁོ་ན་ལ་དམིགས་ནས་སྐྱེ་བར་མཐོང་སྟེ། དེའི་ཕྱིར་སྒྲུབ་པའི་དམིགས་པ་ཡང་ཀུན་རྫོབ་ཉིད་གཙོ་བོ་ཡིན་ནོ། །རྣམ་འགྱུར་ཆོས་ཅན་དང་ཡ་མ་བྲལ་བའི་ཆོས་དབྱིངས་སྒྲུབ་པའི་རྟེན་དང་རྒྱུ་ཡིན་པས་དེའི་ཕྱིར་རྣམ་འགྱུར་ཡང་རིགས་ཀྱི་ཁྱད་པར་ཡིན་པ་མ་བཀག་ལ། རང་བཞིན་སྟོང་པ་ཉིད་ཀྱི་ཁྱད་པར་དུ་བྱས་པའི་རྣམ་འགྱུར་ལ་དམིགས་པ་བྱས་པའི་སྒྲུབ་པས་སྒྲིབ་གཉིས་ཀྱི་མི་མཐུན་ཕྱོགས་སྤོང་བར་ནུས་ཀྱི་རྣམ་འགྱུར་ཡན་གར་བ་ལ་དམིགས་པས་ནི་མི་མཐུན་ཕྱོགས་སྤོང་མི་ནུས་པའི་ཕྱིར་རང་བཞིན་ཡང་དམིགས་པའི་ཁྱད་པར་དུ་འགྱུར་བ་ལ་བཀག་པ་ཡིན་ནོ། །གསུམ་པ་འགྲེལ་པ་ལ་སྤྱིར་བསྟན་པ། སོ་སོར་བཤད་པ། དོན་བསྡུ་བ་གསུམ་གྱི་དང་པོ་ནི། བདེན་གཉིས་ལས་མི་འདའ་བར་ཡང་དག་པར་དམིགས་པས་དམིགས་པ་རྣམ་པར་དག་པ་རྟོགས་པ་ན་བླ་མེད་རྫོགས་བྱང་དུ་འཚང་རྒྱ་བར་འགྱུར་གྱི་གཞན་ནི་མ་ཡིན་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་རེ་ཤིག་དང་པོར་ཆོས་རྣམས་ལ་སྤྱིར་དམིགས་ནས་འདི་རྣམས་ལས་བླང་བར་བྱ་བ་དགེ་བ་ནི་གང་། སྤང་བར་བྱ་བ་མི་དགེ་བ་ནི་གང་། བཏང་སྙོམས་སུ་བྱ་བ་ལུང་དུ་མ་བསྟན་པ་ནི་གང་ཞེས་སོ་སོར་བརྟག་ཅིང་། ཚུལ་བཞིན་དུ་བསམ་པར་བྱའོ། །དེ་ལྟར་དཔྱད་པ་ན་གོ་རིམ་བཞིན་དུ་དགེ་སྦྱོང་གི་ཚུལ་ཉིད་ཀྱི་འབྲས་བུ་བཞི་ལ་སོགས་པ་ནི་དགེ་བ་ཡིན་ཏེ། འབྲས་བུ་འདོད་པ་དོན་དུ་གཉེར་བ་རྣམས་ཀྱིས་བརྟེན་པར་བྱ་བ་ཡིན་པའི་ཕྱིར་རོ། །བསམ་བཞིན་དུ་སྲོག་གཅོད་པ་ལ་སོགས་པ་ལས་ཀྱི་ལམ་བཅུ་ནི། མི་དགེ་བ་ཡིན་ཏེ་སྡུག་བསྔལ་འདོར་བའི་ཐབས་སུ་གནས་སྐབས་ཐམས་ཅད་དུ་སྤང་བྱ་ཡིན་པའི་ཕྱིར་རོ ། །སེམས་ལུང་མ་བསྟན་གྱིས་ཀུན་ནས་སླང་བའི་བཟོ་དང་སྤྱོད་ལམ་སོགས་ལུང་ཀྱི་ལས་ལ་སོགས་པ་ནི། ལུང་མ་བསྟན་ཡིན་ཏེ། བླང་དོར་བཏང་སྙོམས་སུ་བྱ་བ་ཡིན་པའི་ཕྱིར་རོ་ཞེས་རྟོགས་པར་འགྱུར་རོ། །གཉིས་པ་ནི། དེ་ལྟར་ཆོས་གསུམ་སྤྱིར་རྟོགས་པ་དེའི་འོག་ཏུ་དམིགས་པ་ལྷག་མ་རྣམས་ཚུལ་བཞིན་དུ་དཔྱད་དོ། །ཚུལ་གང་གིས་ཞེ་ན། ཆོས་གསུམ་པོ་དེ་དག་ཉིད་དབྱེ་གཞིར་བྱས་པ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ལ་སོགས་པ་རྣམ་པ་གཉིས་གཉིས་ཀྱིས་དབྱེ་བ་བཞི་ཉིད་ཀྱིས་སོ། །བཞི་པོ་འོག་ནས་འབྱུང་བ་དང་། གྲངས་བཞིན་དུ་སྦྱར་ན། བླང་དོར་བཏང་སྙོམས་སུ་བྱ་བའི་ཆོས་གསུམ་སོ་སོར་རྟོགས་པ་ན་དགེ་བ་བསྟེན་པར་བྱ་བའི་ཕྱིར་བླང་བྱ་ནས་གཟུང་སྟེ། བྱིས་པའི་སྐྱེ་བོ་ཐམས་ཅད་ཀྱི་རྒྱུད་དང་འབྲེལ་བ་འཇིག་རྟེན་པའི་ལམ་གྱིས་བསྡུས་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་འཇིག་རྟེན་པ་ཡིན་ཏེ། ཐོག་མ་མེད་པའི་འཁོར་བར་འདྲིས་པའི་ཁམས་གསུམ་པའི་ཆོས་ཡིན་པའི་ཕྱིར། འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱི་རྒྱུད་ཀྱི་ཡང་དག་པ་འཕགས་པའི་ལམ་གྱིས་བསྡུས་པའི་བསམ་གཏན་བཞི་ནི་འཇིག་རྟེན་ལས་འདས་པ་ཡིན་ཏེ། ཁམས་གསུམ་པའི་གཉེན་པོ་ཉིད་ཀྱིས་འཁོར་བར་མ་འདྲིས་པའི་ཆོས་ཡིན་པའི་ཕྱིར་རོ་ཞེས་ཚུལ་བཞིན་དུ་སེམས་པར་བྱེད་དོ། །

དེ་ནས་མི་མཐུན་ཕྱོགས་སྤང་བར་བྱ་བའི་ཕྱིར་དུ་སྤང་བར་བྱ་བའི་ཟག་བཅས་ནི་གང་། སྤོང་བྱེད་ཀྱི་གཉེན་པོ་ཟག་མེད་ནི་གང་ཞེས་རྟོགས་པ་ནི་མ་འོངས་པའི་སྐྱེ་བོས་དོན་དུ་གཉེར་བའི་འདུན་པ་དང་། ད་ལྟར་གྱི་ཕུང་པོ་ལ་ལྷག་པར་ཆགས་པའི་འདོད་ཆགས་ནི་ཉེ་བར་ལེན་པ་ཞེས་བྱ་ལ། དེ་ལས་བྱུང་བའི་གཟུགས་སོགས་ཕུང་པོ་ལྔ་ནི་ཟག་བཅས་ཡིན་ཏེ། ཟག་པའི་རྩ་བ་བདག་ཏུ་ལྟ་བ་དང་མི་འགལ་བས་དེའི་གཉེན་པོ་ཡང་ཡིན་པ་ཉིད་ཀྱིས་སོ། །འཇིག་རྟེན་ལས་འདས་པས་བསྡུས་པའི་དྲན་པ་ཉེར་བར་བཞག་པ་བཞི་ལ་སོགས་པ་ནི་ཟག་མེད་ཡིན་ཏེ། བདག་དང་བདག་གི་བ་དེར་ལྟ་བའི་གཉེན་པོ་བྱེད་པས་སོ་ཞེས་ཚུལ་བཞིན་དུ་རྟོག་པར་བྱེད་དོ། །དེ་ནས་གཉེན་པོ་ཟག་མེད་དེ་ཉིད་ལ་རྒྱུ་དང་འབྲས་བུའི་ཆར་གྱུར་པ་འགོག་ལམ་གཉིས་ཡོད་པས་དེ་གང་ཞེས་དཔྱོད་པ་ན་འདོད་པའི་ཁམས་དང་སོགས་པས་གཟུགས་ཀྱི་ཁམས་ལ་སོགས་པས་བསྡུས་པའི་བྱང་ཕྱོགས་སོགས་ནི་ཀུན་རྫོབ་ཏུ་འདུས་བྱས་ལམ་གྱི་ཆ་ཡིན་ཏེ། རྒྱུ་དང་རྐྱེན་ལ་རག་ལས་པའི་ཟག་མེད་ཡིན་པས་སོ། །དེ་བཞིན་ཉིད་དང་ཡང་དག་པའི་མཐའ་ལ་སོགས་པ་ནི་དོན་དམ་པར་འདུས་མ་བྱས་འགོག་པའི་ཆ་ཡིན་ཏེ། རྒྱུ་ལ་མི་ལྟོས་པའི་རྣམ་བྱང་ཡིན་པས་སོ་ཞེས་ཚུལ་བཞིན་དུ་སེམས་པར་བྱེད་དོ། །དེ་ནས་རྒྱུ་ལམ་གྱི་བདེན་པ་དེས་ཐོབ་བྱའི་འབྲས་བུ་གང་ཡིན་ཞེས་དཔྱོད་པ་ན། བསམ་གཏན་ནི། ཐུན་མོང་མ་ཡིན་པའི་ཡོན་ཏན་ཡིན་ཏེ། ཐེག་པ་གསུམ་གྱི་འཕགས་པའི་སྐྱེ་བོ་ཐམས་ཅད་ཀྱི་རྒྱུད་ལ་འབྱུང་བའི་ཡོན་ཏན་ཡིན་པའི་ཕྱིར་རོ། །སྟོབས་བཅུ་ནི། ཐུན་མོང་མ་ཡིན་པའི་ཡོན་ཏན་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཁོ་ནའི་རྒྱུད་ལ་འབྱུང་བའི་ཕྱིར་ཞེས་སེམས་པར་བྱེད་དོ། །འདིར་ཆོས་ཅན་ཞེས་སྨོས་པ་ནི། སྟོབས་བཅུ་ཉིད་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པར་ཤེས་པའི་ཕྱིར་ཡིན་ཏེ། སྟོབས་རེ་རེས་ཀྱང་སངས་རྒྱས་ཀྱི་ཆོས་ཚད་མེད་པའི་རྟེན་བྱེད་པའི་ཕྱིར་རོ། །གསུམ་པ་ནི། དེ་ལྟ་བུ་ལ་སོགས་པའི་རྟོགས་པའི་རིམ་གྱི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་དམིགས་པས་ན་དམིགས་པ་ནི་རྣམ་པ་བཅུ་གཅིག་པོ་འདི་ཁོ་ན་ཡིན་པ་ཤེས་པར་བྱའོ། །

ཆེད་དུ་བྱ་བ་བཤད་པ།

གསུམ་པ་ཆེད་དུ་བྱ་བ་ལ་གསུམ་གྱི་དང་པོ་ནི། ཇི་སྐད་བཤད་པའི་དམིགས་པ་དེ་ལྟ་བུ་ལ་དམིགས་ནས་སྒྲུབ་པའི་ཆེད་དུ་བྱ་བ་གང་ཞེ་ན། གཉིས་པ་རྩ་བ་ལ། སྤྱི་དང་། ཡན་ལག་གི་དོན་གཉིས་ཀྱི་དང་པོ་ལ་ཆེད་དུ་བྱ་བའི་ངོ་བོ། དབྱེ་བ། གྲངས་དང་། གོ་རིམ་ངེས་པ་དང་། དམིགས་པ་དང་ཆེད་དུ་བྱ་བའི་ཁྱད་པར་རྣམས་ཀྱིས་ཤེས་པར་བྱའོ། །དང་པོ་ནི། དགོས་པ་གང་གི་དབང་དུ་བྱས་ནས་བྱང་སེམས་སྒྲུབ་པ་ལ་འཇུག་པར་འགྱུར་བའོ། །གཉིས་པ་ནི། སེམས་ཅན་ཀུན་གྱི་མཆོག་ཉིད་ཀྱི་སེམས་ཆེན་པོ་དང་སྤོང་བ་ཆེན་པོ་དང་རྟོགས་པ་ཆེན་པོའོ། །འཕགས་པས་མཆོག་ཉིད་ཆེན་པོ་དང་། །ཞེས་སོ། །དང་པོ་སེམས་ཆེན་པོ་ཉིད་ནི། མདོ་ལས། རབ་འབྱོར་འདི་ལ་སེམས་ཅན་གྱི་ཕུང་པོ་ཆེན་པོ་དང་སེམས་གྱི་སྡེ་ཆེན་པོའི་མཆོག་ཉིད་དུ་བྱེད་པར་འགྱུར་བ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བའོ་ཞེས་སོ། །དེ་ལ་སེམས་ཅན་གྱི་ཕུང་པོ་ཆེན་པོ་ནི་རིགས་ལྔའི་སེམས་ཅན་སྤྱིའི་དབང་དུ་བྱས་པ་ཡིན་ལ། སྡེ་ཆེན་པོ་ནི་འཕགས་པའི་གང་ཟག་ཞུགས་པ་དང་གནས་པ་རྣམས་ཀྱི་དབང་དུ་བྱས་པའོ། །སྤངས་རྟོགས་མཐར་ཕྱིན་པའི་སེམས་ཅན་ནི་དེ་དག་ཉིད་ཀྱི་མཆོག་ཏུ་གྱུར་པའི་སེམས་ཆེན་པོ་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །རྡོ་རྗེ་ལྟ་བུ་དང་མི་འགུལ་བ་དང་རླབས་པོ་ཆེ་དང་ཕན་བདེའི་སེམས་རྣམས་ནི་སེམས་ཆེན་པོའི་རྒྱུ་ཡིན་གྱི་ངོ་བོ་མ་ཡིན་ནོ། །གཉིས་པ་སྤོང་བ་ཆེན་པོ་ནི། མདོ་ལས། བཅོམ་ལྡན་འདས་བདག་ཏུ་ལྟ་བ་དང་ཞེས་པ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་ལྟ་བ་དང་ལྟ་བ་འདི་ཐམས་ཅད་རབ་ཏུ་སྤངས་པའི་སླད་དུ་སེམས་ཅན་ཐམས་ཅད་ལ་ཆོས་སྟོན་པར་བགྱིད་ཀྱང་། དེ་མི་དམིགས་པའི་ཚུལ་གྱིས་བགྱིད་དེ། དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བགྱིའོ་ཞེས་སོ། །མི་མཐུན་ཕྱོགས་མ་ལུས་པ་སྤངས་པ་ནི་སྤངས་པ་ཆེན་པོའོ་ཞེས་སོ། །གསུམ་པ་རྟོགས་པ་ཆེན་པོ་ནི། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས། མི་མཉམ་པ་དང་མཉམ་པའི་སེམས། ཉན་རང་ཐམས་ཅད་དང་ཐུན་མོང་མ་ལགས་པའི་སེམས། ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པའི་སེམས་གང་ལགས་པ་དེ་ལ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཆགས་པ་མ་མཆིས་པ་དེའི་ཕྱིར་བྱང་ཆེན་ཞེས་བགྱི་བའི་གྲངས་སུ་མཆིའོ་ཞེས་སོ། །འདིར་འཕགས་པས། མི་མཉམ་པ་ནི་སངས་རྒྱས། དེ་དང་མཉམ་པ་ནི་སེམས་སོགས་རྟོགས་པ་ཆེན་པོར་བཤད་ལ། དེ་ཡང་བརྡ་བྱུང་གི་སེམས་དང་པོར་བསྐྱེད་པ་ནས་གཟུང་སྟེ། སྦྱོར་མཐོང་སྒོམ་གསུམ་གྱིས་བསྡུས་པའི་རྟོགས་པ་རྣམས་ལ་བཤད་དོ། །བརྒྱད་སྟོང་པ་ལས། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས། མཉམ་པ་མེད་པའི་སེམས། མི་མཉམ་པ་དང་མཉམ་པའི་སེམས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་པའི་སེམས་ཞེས་བྱུང་བ། འགྲེལ་ཆེན་དུ་བྱང་ཆུབ་ཀྱི་སེམས་ནི་སྨོན་འཇུག་གི་བདག་ཉིད། རྣམ་མཁྱེན་གྱི་སེམས་ནི་མོས་སྤྱོད་ཀྱི་སས་བསྡུས་པ་དང་། ཟག་པ་མེད་པའི་སེམས་ནི་སྦྱོར་བ་ས་བདུན་གྱིས་བསྡུས་པ་དང་། མཉམ་པ་མེད་པའི་སེམས་ནི་ས་བརྒྱད་པ་ལ་སོགས་པ་རྣམ་སྨིན་ལས་བྱུང་བ་དང་། མི་མཉམ་པ་དང་མཉམ་པའི་སེམས་ནི་སྒྲིབ་པ་ཐམས་ཅད་སྤངས་པ་སངས་རྒྱས་ཀྱི་སར་གཏོགས་པས་སོ་ཞེས་དང་། ཡང་ན་བྱང་ཆུབ་ཀྱི་སེམས་ནི་མ་སྐྱེས་པའི་ངོ་བོ་བྱང་ཆུབ་ཀྱི་རང་བཞིན་དུ་གྱུར་པའི་སེམས་སོ། །དེ་ཉིད་ཀྱང་རྣལ་འབྱོར་པའི་ཀུན་རྫོབ་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་དང་འབྲེལ་བས་ལྡོག་པའི་ཆ་འགའ་ཞིག་གིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སོགས་པ་རྣམ་པ་བཞིར་བཤད་དོ་ཞེས་འཆད་དོ། །དེ་ལྟར་ན་རྟོགས་པ་ཆེན་པོ་ནི་རྒྱུ་དང་འབྲས་བུའི་གནས་སྐབས་རྟོགས་པ་ཐམས་ཅད་བསྡུས་སོ། །གསུམ་པ་གྲངས་ངེས་པ་ནི། འགྲེལ་ཆེན་དུ། དེས་ན་དེ་ལྟར་མ་རྒྱལ་བ་ལས་རྒྱལ་བའི་ཆེད་དུ་བྱ་བ་དང་ཆོས་མཐུན་པར་བྱང་ཆུབ་སེམས་དཔའི་ཆེད་དུ་བྱ་བ་རྣམ་པ་གསུམ་བསྟན་པ་ཡིན་པར་ཤེས་པར་བྱའོ་ཞེས་སོ། །དོན་ནི་འདི་ཡིན་ཏེ། རྒྱལ་པོས་ཕ་རོལ་གྱི་སྡེ་གཞོམ་པའི་ཕྱིར་གཡུལ་སྤྲོད་པའི་ཆེད་དུ་བྱ་བ་ནི་གསུམ་དུ་ངེས་ཏེ། འདི་ལྟར་མི་མཐུན་ཕྱོགས་ཀྱི་དགྲ་གཞོམ་པ་དང་། ཡུལ་འཁོར་ལ་སོགས་པ་ཁྱད་པར་རྟོགས་པར་བྱ་བ་ཐོབ་པ་དང་། རང་ཉིད་འགྲན་ཟླ་མེད་པའི་མཆོག་དུ་གྱུར་པ་སྟེ། གསུམ་པོ་འདི་ཙམ་གྱི་དོན་དུ་གསུམ་དུ་འཇུག་པ་ཡིན་ནོ། །

དེ་བཞིན་དུ་བྱང་སེམས་སྒྲུབ་པ་ལ་འཇུག་པའི་ཆེད་དུ་བྱ་བ་ཡང་མི་མཐུན་ཕྱོགས་མ་ལུས་པ་སྤངས་པ་དང་། ཐོབ་བྱའི་ཡོན་ཏན་མ་ལུས་པ་རྟོགས་པ་དང་། དེ་གཉིས་དང་ལྡན་པའི་སྒོ་ནས་རང་ཉིད་སེམས་ཅན་ཀུན་གྱི་མཆོག་ཉིད་དུ་གྱུར་པ་ཉིད་དང་གསུམ་ཡིན་པའི་ཕྱིར་ཆེད་དུ་བྱ་བ་གསུམ་ཁོ་ནའོ། །བཞི་པ་གོ་རིམ་ངེས་པ་ནི། ཆེད་དུ་བྱ་བའི་གཙོ་བོ་ཡིན་པས་སེམས་ཆེན་པོ་དང་པོར་བསྟན་ལ། དེ་ཡང་མི་མཐུན་ཕྱོགས་མཐའ་དག་སྤངས་པས་ཐོབ་པས་འོག་ཏུ་སྤོང་བ་ཆེན་པོར་བསྟན་ཅིང་། དེ་ཡང་རྟོགས་པ་ཆེན་པོ་མེད་པར་མེད་པས་རྟོགས་ཆེན་ཕྱིས་བསྟན་ཏེ་བཤད་པའི་གོ་རིམ་མོ། །ལྔ་པ་ནི། འཕགས་པ་རྣམ་པར་གྲོལ་བའི་སྡེས། མདའ་སྟོང་ལ་སྦྱོར་བ་དང་། འབེན་ལ་ཕོག་པ་དང་འདྲ་བར་དེའི་ཚེ་ཉེ་བ་ན་གནས་པ་ལ་དམིགས་པ་ཡིན་ལ། ཕྱིས་ཐག་རིང་བ་ནི་ཆེད་དུ་བྱ་བ་ཡིན་ནོ་ཞེས་བཤད་དོ་ཞེས་སོ། །དེ་ལྟར་དམིགས་པ་ཕྱིན་ཅི་མ་ལོག་པ་རྟོགས་པ་ལས་མ་འོངས་པ་ན་ཇི་སྐད་བཤད་པའི་ཆེད་དུ་བྱ་བ་ཐོབ་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །གཉིས་པ་ནི། ཤེས་པར་བྱ། གང་དུ་ན་ཆེད་དུ་བྱ་བ་འདིའོ། །གང་གིས་ན་རང་བྱུང་དུ་འགྱུར་བས་ན་རང་བྱུང་བྱང་སེམས་ཀྱིའོ། །གང་གི་སྒོ་ནས་ན་ཆེན་པོ་གསུམ་གྱི་སྒོ་ནས་སོ། །དེ་དག་གང་ཞེ་ན། སེམས་ཅན་ཀུན་གྱི་མཆོག་ཉིད་ཀྱི་སེམས་ཆེན་པོ་དང་སྤོང་བ་ཆེན་པོ་དང་རྟོགས་པ་ཆེན་པོ་དང་གསུམ་མོ། །གསུམ་པ་འགྲེལ་པ་ནི། ཤེས་པར་བྱའོ། །གང་དུ་ན། ཆེད་དུ་བྱ་བ་གསུམ་དུའོ། །གང་གི་ཆེད་དུ་བྱ་བ་ཞེ་ན། མ་འོངས་པ་ན་འབྱུང་བར་འགྱུར་བའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །གང་གི་སྒོ་ནས་སངས་རྒྱས་སུ་འབྱུང་བར་འགྱུར་ཞེ་ན། རྣམ་པར་ཐམས་ཅད་དུ་ཞེས་སོགས་སོ། །ཅིའི་ཕྱིར་ཆེད་དུ་བྱ་བ་གསུམ་ཡིན་ཞེ་ན། གང་གི་དབང་དུ་བྱས་ནས་སྒྲུབ་པ་ལ་འཇུག་པ་ཆེན་པོ་གསུམ་དང་ལྡན་པས་སོ། །དེ་ཅིའི་ཕྱིར་ཞེ་ན། རང་ཉིད་སེམས་ཅན་ཀུན་གྱི་མཆོག་ཉིད་ཀྱི་སེམས་ཆེན་པོ་རྟོགས་ནས་སེམས་ཅན་གཞན་ཐམས་ཅད་ཀྱང་སེམས་ཅན་གྱི་ཕུང་པོ་ཆེན་པོ་དང་སྡེ་ཆེན་པོ་ཀུན་གྱི་མཆོག་ཉིད་ཀྱི་སེམས་ཆེན་པོ་དང་མི་མཐུན་ཕྱོགས་མ་ལུས་པ་སྤངས་པའི་སྤོང་བ་ཆེན་པོ་དང་རྟོགས་བྱ་མ་ལུས་པ་རྟོགས་པའི་རྟོགས་པ་ཆེན་པོ་ཉིད་ལ་འགོད་པའི་དབང་དུ་བྱས་ནས་དེ་ལྟར་བྱང་སེམས་སྒྲུབ་པ་ལ་འཇུག་པ་དེའི་ཕྱིར་རོ། །བཞི་པ་སྒྲུབ་པ་རང་གི་ངོ་བོ་ལ། སྤྱིར་བསྟན་པ་དང་། སོ་སོར་བཤད་པ་གཉིས་ཀྱི་དང་པོ་ལ་གཉིས་ཀྱི། དྲི་བ་ནི། ཇི་སྐད་བཤད་པའི་ཚུལ་དེ་ལྟར་སྒྲུབ་པའི་རྟེན་དུ་གྱུར་པ་དང་དམིགས་པ་དང་ཆེད་དུ་བྱ་བ་ལ་སོགས་པ་བརྗོད་ནས་སྒྲུབ་པ་ཞེས་མིང་ཙམ་ཞིག་སྔར་ལན་མང་དུ་སྨོས་པ་དེའི་རང་གི་ངོ་བོ་གང་ཞེ་ན། གཉིས་པ་ལན་ལ། སྒྲུབ་པ་སྤྱིའི་མཚན་ཉིད། སོ་སོའི་ས་མཚམས་གཉིས་ཀྱི། དང་པོ་ནི། རྒྱན་དུ། གནས་རྩོམ་འབྲས་བུ་འབྱུང་བ་ཆེ་བདག་ཉིད། །རྒྱལ་སྲས་རྣམས་ཀྱི་སྒྲུབ་པ་ཡིན་པར་བསྔགས། །རྟག་ཏུ་ལེན་པ་ཆེ་དང་གཏོང་བ་ཆེ། །དོན་ཆེན་ཡང་དག་འབྱུང་བའི་བྱ་བ་བྱེད། །ཅེས་པ་ལྟར་ཐེག་ཆེན་སེམས་བསྐྱེད་ལ་གནས་ནས་འབྲས་བུ་སངས་རྒྱས་ཀྱི་དོན་དུ་གཞན་དོན་གྱི་དཀའ་སྤྱད་ལ་བཟོད་པའི་བྱ་བ་ནི་ཐེག་ཆེན་སྒྲུབ་པའི་མཚན་ཉིད་ཡིན་ལ། དེ་ཡང་རྣམ་པ་གཉིས་ཏེ། མཁྱེན་གསུམ་ཡུལ་གྱི་སྒྲུབ་པ་དང་། སྦྱོར་བ་ཉམས་ལེན་གྱི་སྒྲུབ་པའོ། །དང་པོ་ནི། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་ལ་ཐོབ་བྱའི་འབྲས་བུ་ནི་གང་། ཐོབ་བྱེད་ཀྱི་རྒྱུ་ནི་གང་། དེའི་གོལ་ས་ནི་གང་ཞེ་ན། ཐོས་པ་དང་། བསམ་པས་ཉམས་སུ་ལེན་པའི་བྱ་བ་ནི་སྒྲུབ་པ་སྟེ། དེ་ཡང་ཐོས་བསམ་གྱིས་གཏན་ལ་ཕབ་ནས་སྒོམ་པ་ལས་དཀར་ཆོས་ཐམས་ཅད་བྱུང་བས་སྤྱིར་དཀར་ཆོས་དགེ་བའི་ཆོས་ཀྱི་རྟེན་ཅན་ཞེས་བྱ་ལ། སྦྱིན་སོགས་ཕར་ཕྱིན་དྲུག་གི་མགོ་མིག་མ་བསྟོད་པས་སྤྱིའི་སྒྲུབ་པ་ཡིན་ནོ། །གཉིས་པ་ནི། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་དང་སོགས་པས་རྩེ་མོ་མཐར་གྱིས་པ་སྐད་ཅིག་མ་དང་བཅས་པ་བཞི་ལ་མངོན་པར་རྟོགས་པ་རེ་རེ་ཞིང་ཕ་རོལ་ཕྱིན་པ་དྲུག་གི་རྟེན་ཅན་ཏེ། ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་བྱ་བ་ནི་སྒྲུབ་པ་སྟེ། དེ་ཡང་སྦྱིན་སོགས་ཕར་ཕྱིན་དྲུག་གི་མཚན་ཉིད་ཀྱིས་ཟིན་པ་ན་བྱེ་བྲག་གི་སྒྲུབ་པ་ཞེས་བྱའོ། །དེ་ལ་ཕྱིན་དྲུག་འབད་རྩོལ་གྱིས་གོམས་པར་བྱེད་པའི་བྱ་བ་ནི་རྣམ་ཀུན་གྱི་དང་། འབད་རྩོལ་ཉེ་བར་ཞི་བའི་སྒོམ་པའི་བྱ་བ་ནི་རྩེ་མོ་དང་། ནུས་པ་མཐར་ཐུག་པར་བྱ་བའི་ཕྱིར་དཀར་ཆོས་གཞན་དང་། འབྲེལ་བར་བྱས་ཤིང་ཕྱིན་དྲུག་རིམ་ཅན་དུ་སྒོམ་པའི་བྱ་བ་དང་། དེ་དག་སྐད་ཅིག་རེ་རེ་ལ་མངོན་པར་རྟོགས་པར་བྱེད་པའི་སྒོམ་པའི་བྱ་བ་ནི་སྐད་ཅིག་སྒྲུབ་པ་ཡིན་ནོ། །དེ་ལྟར་ན་མངོན་པར་རྟོགས་པ་བདུན་གྱི་ཡུལ་ཅན་གྱི་བྱ་བ་ནི་སྒྲུབ་པ་ཡིན་ལ། ཆོས་སྐུའི་མངོན་རྟོགས་ལ་མ་ཡིན་ཏེ། དེ་ནི་འབྲས་བུ་ཡིན་པས་དེ་ལ་བྱ་བ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་རྣམ་མཁྱེན་ལ་བྱ་བ་ཡོད་པས་དེ་ལ་ཡང་ཡོད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། རྣམ་མཁྱེན་གཏན་ལ་དབབ་བྱའི་ཡུལ་གྱི་ལྡོག་པ་ནས་བསྟན་ལ། ཆོས་སྐུ་ཐོབ་བྱའི་འབྲས་བུའི་ལྡོག་པ་ནས་བསྟན་པས་སོ། །ཆོས་ཤེས་ཀྱིས། མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་འབེབས་པ་ན་གོམས་པའི་མཐུ་མ་ཐོབ་པས་དཀར་ཆོས་སྒོ་དུ་མ་ནས་སྤྱོད་པའི་བྱ་བ་མཁྱེན་གསུམ་ཡུལ་གྱི་སྒྲུབ་པ་ཡིན་ལ། མངོན་པར་རྟོགས་པ་བཞི་པོ་སྒོམ་བྱུང་གིས་ཉམས་སུ་ལེན་པ་གོམས་པའི་མཐུ་ཐོབ་པས་ཕར་ཕྱིན་རེ་རེ་ཡང་དྲུག་ལྡན་དུ་ཉམས་སུ་ལེན་པའི་བྱ་བ་ནི་སྦྱོར་བ་བྱེ་བྲག་གི་སྒྲུབ་པ་ཡིན་ནོ། །དེས་ན་གོ་ཆའི་སྒྲུབ་པ་གཉིས་ཀ་ཡིན་ལ། སྒྲུབ་པ་གཞན་གསུམ་མཁྱེན་གསུམ་ཡུལ་གྱི་སྒྲུབ་པ་ཡིན་ནོ་ཞེས་འཆད་ཀྱང་སྒྲུབ་པ་བཞིའི་ས་མཚམས་དང་བསྟུན་ནས་འཐད་པ་དཀའོ། །གཉིས་པ་ནི། འགྲེལ་ཆེན་དུ། དེ་ལ་འཕགས་པ་ཐོགས་མེད་ཀྱིས་གོ་ཆ་དང་འཇུག་པའི་སྒྲུབ་པ་དག་ནི་གོ་རིམ་བཞིན་དུ་རྒྱུད་པ་དང་དངོས་སུ་སྦྱོར་བའི་རང་བཞིན་ཚོགས་དང་མོས་པ་སྤྱོད་པའི་སས་བསྡུས་པ་ཡིན་ནོ། །ཚོགས་ཀྱི་སྒྲུབ་པ་ནི་བརྩེ་བ་ནས་བརྩམས་ཏེ་གཟུངས་ཀྱི་བར་ནི་མངོན་སུམ་དུ་སྦྱོར་བའི་ལམ་གྱི་རང་བཞིན་གྱི་ཆོས་ཀྱི་མཆོག་ཆེན་པོས་བསྡུས་པ་ཡིན་ནོ། །ས་དང་པོ་རབ་ཏུ་དགའ་བའི་རང་བཞིན་དུ་གྱུར་པའི་ཚོགས་ཀྱི་སྒྲུབ་པ་ནི་མཐོང་བའི་ལམ་གྱི་བདག་ཉིད་ཡིན་ལ། ས་གཉིས་པ་ལ་སོགས་པའི་རང་བཞིན་སྒོམ་པའི་ལམ་གྱི་ངོ་བོ་ཉིད་ཡིན་ཞིང་། གཉེན་པོའི་ཕྱོགས་ཀྱི་བདག་ཉིད་ཀྱི་ཚོགས་ཀྱི་སྒྲུབ་པ་ནི་ལམ་གཉིས་ཀའི་སྤྱོད་ཡུལ་ཅན་ཡིན་ནོ། །ངེས་པར་འབྱུང་བའི་སྒྲུབ་པ་ནི་སྒོམ་པའི་ལམ་ལ་བརྟེན་པ་ཡིན་ནོ་ཞེས་བཤད་དོ། །དེ་ལྟར་སྦྱོར་བ་དང་མཐོང་བ་དང་སྒོམ་པའི་ལམ་གྱི་རང་བཞིན་སྒྲུབ་པའི་མཚན་ཉིད་གོ་ཆ་དང་འཇུག་པ་དང་ཚོགས་དང་ངེས་པར་འབྱུང་བ་རྣམས་ཞེས་བཤད་པ་དང་མཐུན་པར་གཞུང་འདིར་ཡང་འཆད་པ་ནི་མི་རིགས་ཏེ། དེ་ལྟར་ན། འདིར་ཡང་སྦྱོར་བ་དང་མཐོང་བ་དང་སྒོམ་པའི་ལམ་གྱི་ངོ་བོ་ཉིད་ཅེས་འབྱུང་བར་རིགས་ཀྱི་ཁྱད་པར་གྱི་ལམ་གྱི་ངོ་བོ་ཉིད་ཅེས་དང་ཇི་ལྟ་བ་བཞིན་ཞེས་ལམ་བཞི་དང་སྒྲུབ་པ་བཞི་གོ་རིམ་བཞིན་དུ་སྦྱོར་བའི་ཚིག་སྨོས་པ་མི་རིགས་པའི་ཕྱིར་རོ། །དེས་ན་སྔོན་གྱི་ཁྱུང་ལ་སོགས་པ་ལམ་བཞི་དང་སྒྲུབ་པ་བཞི་སྦྱར་ནས་འཆད་པ་ལྟར་འཐད་ཅིང་། དེ་ཡང་ལམ་དེ་དང་དེར་སྒྲུབ་པ་དེ་དང་དེ་གཙོ་ཆེ་བའི་དབང་དུ་བྱས་ཞེས་ཆོས་ཤེས་ཀྱིས་བཤད་པ་ལྟར་གཙོ་ཆེ་བའི་དབང་དུ་བྱས་ནས་ལམ་བཞི་དང་སྒྲུབ་པ་བཞི་གོ་རིམ་ཇིི་ལྟ་བ་བཞིན་དུ་སྦྱར་ན་སྦྱོར་ལམ་གྱི་ངོ་བོ་ཉིད་ཀྱི་སྒྲུབ་པའི་མཚན་ཉིད་གོ་ཆ་སྟེ། དེ་ནི་གཡུལ་དུ་འཇུག་པའི་ཆེད་དུ་གོ་གྱོན་པ་ལྟར་ཐེག་ཆེན་གྱི་ལམ་ལ་འཇུག་པའི་སྦྱོར་བ་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །མཐོང་ལམ་གྱི་ངོ་བོ་ཉིད་ཀྱི་སྒྲུབ་པའི་མཚན་ཉིད་འཇུག་པ་སྟེ། འདི་ནི་གཡུལ་གྱི་ནང་དུ་ཞུགས་པ་དང་འདྲ་བར་ཐེག་ཆེན་ལ་དངོས་སུ་ཞུགས་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །མ་དག་ས་བདུན་མན་གྱི་སྒོམ་ལམ་གྱི་ངོ་བོ་ཉིད་ཀྱི་སྒྲུབ་པའི་མཚན་ཉིད་ཚོགས་ཏེ། དེ་ནི་ཞུགས་པ་དེ་དཔུང་གི་ཚོགས་བསགག་པ་ལྟར་བྱང་ཆེན་གྱི་རྒྱུ་ཚོགས་གཉིས་ཀྱི་དཔུང་གི་རང་བཞིན་ཡིན་པའི་ཕྱིར་རོ། །ས་བརྒྱད་པ་ཡན་ཆད་ཀྱི་ཁྱད་པར་གྱི་ལམ་གྱི་ངོ་བོ་ཉིད་ཀྱི་སྒྲུབ་པའི་མཚན་ཉིད་ངེས་པར་འབྱུང་སྟེ། དེ་ནི་མ་རྒྱལ་བ་ལས་རྒྱལ་བ་ལྟར་མི་མཐུན་ཕྱོགས་ཀྱིས་བར་དུ་གཅོད་པར་མི་ནུས་པས་བགྲོད་བྱ་ཇི་སྲིད་པར་དོན་མི་ཟ་བར་འབྱིན་པར་བྱེད་པའི་ཕྱིར་རོ། །

གོ་སྒྲུབ་བཤད་པ།

གཉིས་པ་སོ་སོའི་རང་བཞིན་ལ་བཞི། མ་ཞུགས་པ་འཇུག་པར་བྱེད་པ་གོ་སྒྲུབ། ཞུགས་པར་ཁྱད་པར་ཅན་གྱི་ངོ་བོ་འཇུག་སྒྲུབ། འབྲས་བུ་ལ་མངོན་དུ་ཕྱོགས་པར་བྱེད་པ་ཚོར་སྒྲུབ། གདོན་མི་ཟ་བར་འབྱིན་བྱེད་ངེས་འབྱུང་སྒྲུབ་པའོ། །དང་པོ་མཚམས་སྦྱར་བ་ནི་། དེ་རྣམས་ཀྱི་ནང་ནས་དང་པོ་གོ་ཆའི་སྒྲུབ་པ་གསུངས་སོ། །རྒྱུ་མཚན་ནི། ཇི་སྐད་དུ། ཡི་ཆད་རྒུད་པའི་ངོ་ལོན་ཐབས་མ་ཡིན། །དེ་ཕྱིར་མི་དགའ་འཛིན་པ་གཏང་བར་གྱིས། །དགོས་པ་སྒྲུབ་ལ་མཁས་རྣམས་སྲན་ཐུབ་པ། །དཀའ་བ་རྣམས་ཀྱང་དཀའ་བ་མེད་པས་རྒལ། །དེ་ཕྱིར་ཡིད་ཆད་མི་དགའ་སྤངས་ནས་ནི། །དོན་གྱི་སྐབས་དབྱེ་བ་ལ་བརྟེན་པར་གྱིས། །ཤེས་པའི་གཟི་བྱིན་སྲན་གྱིས་སྦྱར་བ་ནི། །དོན་ཀུན་འགྲུབ་འཛིན་ལག་པའི་སོར་མོ་ཡིན། །ཅེས་གོ་ཆའི་བརྩོན་འགྲུས་དོན་འགྲུབ་བྱེད་ཀྱི་རྒྱུར་གསུངས་པ་ལྟར། བསམ་པས་གོ་གྱོན་པ་གོ་ཆའི་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཀྱིས་དགོས་པ་འགྲུབ་བྱེད་ཀྱི་རྒྱུའི་གཙོ་བོ་ཡིན་པས་སོ། །གཉིས་པ་རྩ་བ་ནི། ཇི་བཞིན་བཤད། གང་ན་གོ་ཆའི་སྒྲུབ་པ་གང་ཡིན་པ་དེའོ། །གང་ལས་ན། མདོ་ལས་སོ། །ཚུལ་ཇི་ལྟར་ན། ཕྱིན་དྲུག་དེ་དག་སོ་སོ་རེ་རེར་ཡང་སྦྱིན་པ་ལ་སོགས་པ་རྣམ་པ་དྲུག་བསྡུས་པ་ཡིས་དྲུག་ཚན་དྲུག་གིས་སོ། །མདོ་ལས། བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཚེ་སྦྱིན་པ་ཡོངས་སུ་གཏོང་བ་དེ་དག་རྣམ་མཁྱེན་ཡིད་ལ་བྱ་བས་གཏོང་སྟེ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་བླ་མེད་རྫོགས་བྱང་དུ་བསྔོ་སྟེ། འདི་ནི་བྱང་ཆེན་ཤེར་ཕྱིན་ལ་སྤྱོད་ཅིང་སྦྱིན་པ་ཡོངས་སུ་གཏོང་བའི་སྦྱིན་པའི་གོ་ཆའོ་ཞེས་སོ། །གསུམ་པ་འགྲེལ་པ་ལ་རྒྱས་པར་བཤད་པ་དང་། དོན་བསྡུ་བ་གཉིས་ཀྱི་དང་པོ་ལ། སྦྱིན་པའི་གོ་ཆ་བཤད་པ། ཚུལ་དེ་གཞན་རྣམས་ལ་འགྲེ་བ་གཉིས་ཀྱི། དང་པོ་ནི། ཆོས་ཀྱི་སྦྱིན་པ་དང་སོགས་པས་ཟང་ཟིང་གི་སྦྱིན་པ་སོགས་སྦྱིན་པར་བྱེད་པ་དེ་ཉིད་ཀྱི་རང་གི་ངོ་བོ་སྦྱིན་པའི་ཕར་ཕྱིན་དང་། དེ་ཉིད་ཉན་ཐོས་ཀྱི་ཡིད་བྱེད་དང་སོགས་པས་རང་རྒྱལ་གྱི་ཡིད་བྱེད་སྤོང་བ་ཚུལ་ཁྲིམས་དང་། དེ་ཉིད་རྣམ་མཁྱེན་ལ་མོས་པ་དང་། བཟོད་པ་དང་སློང་མོ་བ་ལ་སོགས་པའི་སྐྱེ་བོ་ཐམས་ཅད་ཀྱི་མི་སྙན་པར་སྨྲ་བ་ཉིད་བཟོད་པ་ནི་བཟོད་པ་དང་། དེ་ཉིད་དགེ་བའི་རྩ་བ་གོང་ནས་གོང་དུ་འཕེལ་བར་བྱ་བའི་ཕྱིར་འདུན་པ་སོགས་བསྐྱེད་པ་བརྩོན་འགྲུས་དང་། དེ་ཉིད་ཐེག་པ་དམན་པ་གཞན་དང་མ་འདྲེས་པ་རྩེ་གཅིག་པ་ཉིད་ཀྱིས་དགེ་བའི་རྩ་བ་བླ་མེད་རྫོགས་བྱང་དུ་བསྔོ་བ་བསམ་གཏན་དང་དེ་ཉིད་ལ་སྒྱུ་མ་ལྟ་བུར་གནས་ནས་སྦྱིན་པར་བྱ་བ་དང་ལེན་པ་པོ་དང་སྦྱིན་པ་པོ་ལ་སོགས་འཁོར་གསུམ་མི་དམིགས་པ་ནི་ཤེར་ཕྱིན་ཏེ། དྲུག་ནི་སྦྱིན་པའི་གོ་ཆ་ཉིད་ཀྱི་བྱེད་པ་སྟེ་ཡུལ་ཡིན་ལ། སྦྱིན་པ་དེ་ལྟར་བཏང་ངོ་སྙམ་དུ་བསམ་པས་གོ་གྱོན་པ་ནི་སྦྱིན་པའི་གོ་ཆ་དངོས་ཡིན་ནོ། །དེ་ལ་གཞུང་གི་འགྱུར་འདི་མ་བདེ་བས་འགྲེལ་ཆེན་དང་ཉི་སྣང་གཉིས་ལྟར་ན། ཐེག་པ་གཞན་དང་མ་འདྲེས་པའི་རྩེ་གཅིག་པ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་དང་སྦྱིན་པར་བྱ་བ་ལ་སོགས་པ་མི་དམིགས་པ་ནི་གོ་རིམ་བཞིན་དུ་སྦྱིན་པ་ལ་སོགས་པའི་གོ་ཆ་ཉིད་དང་ཞེས་པར་བསྒྱུར་ནས་བཤད་པར་བྱའོ། །ཉི་སྣང་དུ། དགེ་བ་རྫོགས་བྱང་དུ་བསྔོ་བ་བརྩོན་འགྲུས་དང་བསམ་གཏན་གཉིས་ཀ་ལ་སྦྱར་ཞིང་། མདོ་ལས། བསྔོ་བ་སྦྱིན་པའི་ངོ་བོར་བཤད་དོ། །གཉིས་པ་ནི། སྦྱིན་པས་ཇི་སྐད་བཤད་པ་དེ་བཞིན་དུ་ཉན་རང་གི་ཡིད་བྱེད་སྤོང་བ་ནས་འཁོར་གསུམ་མི་དམིགས་པའི་ཚུལ་ཁྲིམས་བསྲུང་བར་བྱེད་པ་ནི་ཚུལ་ཁྲིམས་ཀྱི་གོ་ཆ་ཡིན་ནོ་ཞེས་གཞན་རྣམས་ལ་ཡང་སྦྱར་རོ། །ཚུལ་ཁྲིམས་སོགས་ཀྱི་སྦྱིན་པ་ནི་དེ་དང་དེ་ལ་འགོད་པ་ལ་བྱའོ། །གཉིས་པ་ནི། གོ་ཆའི་སྒྲུབ་པ་ནི། དབྱེ་ན་རྣམ་པ་དྲུག་སྟེ། ཇི་སྐད་བཤད་པའི་ཚུལ་གྱི་སྦྱིན་པའི་གོ་ཆ་ནས་ཤེས་རབ་ཀྱི་གོ་ཆའི་བར་དུ་ཡོད་པ་དེ་ལྟར་ཏེ། གལ་ཏེ་སྡུད་བྱེད་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་སོ་སོ་རེ་རེ་ཡང་བསྡུ་བྱ་སྦྱིན་པ་ལ་སོགས་པ་དྲུག་དྲུག་བསྡུས་པ་ན་དྲུག་ཚན་དྲུག་གིས་རྣམ་པ་སུམ་ཅུ་རྩ་དྲུག་ཡིན་པའི་ཕྱིར་དྲུག་ཏུ་དབྱེ་བ་མི་རིགས་སོ་ཞེ་ན། ལྡོག་པས་ཕྱེ་ན་སུམ་ཅུ་རྩ་དྲུག་ཡིན་མོད་ཀྱང་ཡུལ་སྦྱིན་པ་དང་ཤེས་རབ་ལ་སོགས་དྲུག་པོ་དེ་དང་དེར་ཆོས་མཐུན་པའི་ཕྱིར་དེ་དག་གི་ཡུལ་ཅན་གྱི་གོ་ཆ་རྣམས་ཀྱང་སྦྱིན་པའི་གོ་ཆ་ནས་ཤེས་རབ་ཀྱི་གོ་ཆའི་བར་དྲུག་ཏུ་བཞག་པའི་ཕྱིར་རོ། །དོན་ནི་སྦྱིན་པའི་སྦྱིན་པ་ནས། ཤེས་རབ་ཀྱི་སྦྱིན་པའི་བར་དྲུག་རྫས་ཐ་དད་ཀྱང་སྦྱིན་པར་ཆོས་མཐུན་པས་སྦྱིན་པའི་ཕར་ཕྱིན་དུ་བཞག་ལ། དེ་དག་གི་ཡུལ་ཅན་གོ་ཆ་དྲུག་ཀྱང་སྦྱིན་པའི་གོ་ཆ་ཞེས་པ་གཅིག་ཏུ་བཞག་གོ་ཞེས་པའོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་སྦྱར་རོ། །སྦྱིན་པས་བསྡུས་པའི་ཕར་ཕྱིན་དྲུག་སྦྱིན་པར་མཐུན་ཞེས་འཆད་པ་ནི་མ་ཡིན་ཏེ། དེ་ལྟ་ན་ཕར་ཕྱིན་རེ་རེ་ལ་དྲུག་དྲུག་མ་ཚང་བར་ཐལ་བའི་ཕྱིར་རོ། །

འཇུག་སྒྲུབ་བཤད་པ།

གཉིས་པ་ཞུགས་པ་ཁྱད་པར་ཅན་འཇུག་པའི་སྒྲུབ་པ་ལ་གསུམ་གྱི། དང་པོ་མཚམས་སྦྱར་བ་ནི། གཉིས་པ་འཇུག་པའི་སྒྲུབ་པ་གསུངས་ཏེ། དེ་ལྟར་བསམ་པས་གོ་བགོས་པ་ལ་སྦྱོར་བ་ཉམས་སུ་ལེན་པའི་འཇུག་པ་འབྱུང་བས་སོ། །གཉིས་པ་རྩ་བ་ནི། ཤེས་པར་བྱ། གང་ན། འཇུག་པའི་སྒྲུབ་པའོ། །ཇི་ལྟར་ན། རྒྱུ་དང་འབྲས་བུའི་ཐེག་ཆེན་ལ་དང་པོར་འཇུག་ཅིང་། ཕྱིས་གོང་ནས་གོང་དུ་ཁྱད་པར་རྟོགས་པའི་སྒོ་ནས་འཛེག་པ་ཡིན་པར་རོ། །གང་ལ་འཇུག་པར་བྱ་བའི་ཐེག་ཆེན་དེ་ཡང་གང་ཞེ་ན། འདི་ལ་གསུམ། ངོ་བོ་དང་། གྲངས་དང་། གོ་རིམ་ངེས་པའོ། །དང་པོ་ནི། སྐྱེས་བུ་ཆེན་པོ་རྣམས་འདིས་བགྲོད་པར་བྱེད་པ་ན་ཐེག་པ་ཆེན་པོ་སྟེ། དེ་ཡང་རྣམ་པ་གཉིས་ཏེ། འདིས་བགྲོད་པར་བྱེད་པ་རྒྱུའི་ཐེག་པ་དང་། འདིར་བགྲོད་པར་བྱ་བ་འབྲས་བུའི་ཐེག་པ་སྟེ། ཐེག་པའི་སྒྲ་ལས་དང་བྱེད་པར་གྲུབ་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་བསམ་གཏན་ནས་འཁོར་གསུམ་རྣམ་པར་དག་པའི་བར་ནི་རྒྱུའི་ཐེག་ཆེན་ཡིན་ལ། ཆེད་དུ་བྱ་བ་ལ་སོགས་པ་གསུམ་ནི་འབྲས་བུའི་ཐེག་ཆེན་ནོ། །གཉིས་པ་ནི། དེ་དག་ཀྱང་གསུམ་དུ་འདུས་ཏེ། རང་དོན་དང་། གཞན་དོན་དང་། གཉིས་དོན་གྱི་དབང་དུ་བྱས་ནས། བསམ་གཏན་ལ་སོགས་པ་གསུམ་དང་། བྱམས་པ་ལ་སོགས་པ་གསུམ་དང་། ཆེད་དུ་བྱ་བ་ལ་སོགས་པ་གསུམ་རྣམས་གོ་རིམ་བཞིན་ནོ། །དེའི་ཕྱིར་དགུ་པོ་འདི་དག་ཏུ་གྲངས་ངེས་སོ། །གསུམ་པ་ནི། དེ་དག་གི་གོ་རིམ་ནི་འདི་ཡིན་ཏེ། དང་པོར་སེམས་ལས་སུ་རུང་བར་མ་བྱས་པས་ནི་རང་དང་གཞན་གྱི་དོན་གང་ཡང་་མི་འགྲུབ་པས་སེམས་བརྟན་པར་གྱུར་པས་རང་གི་རྟགས་དང་མཚན་མ་རྣམས་ཀྱིས་བསམ་གཏན་དང་གཟུགས་མེད་པའི་སྙོམས་འཇུག་གིས་རང་བཞིན་གྱིས་ཐེག་ཆེན་ལ་འཇུག་གོ ། དེའི་འོག་ཏུ་སེམས་བརྟན་པར་གྱུར་པ་ནི་ཚོགས་གཉིས་ལ་སློབ་པའི་ཕྱིར་འཁོར་གསུམ་ཡོངས་སུ་དག་པས་སྦྱིན་པ་ལ་སོགས་པའི་ཕར་ཕྱིན་དྲུག་གི་ཐེག་ཆེན་ལ་འཇུག་གོ །དེའི་འོག་འོག་ཏུ་ཚོགས་གཉིས་བསགས་པ་ནི་དེ་ཁོ་ན་ཉིད་ལ་ལྷག་པར་མོས་པའི་ཕྱིར་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་མཐོང་བ་ལ་སོགས་པའི་ལམ་གྱི་ཐེག་པ་ལ་འཇུག་གོ །དེ་གསུམ་ནི་ཆེད་དུ་བྱ་བ་གཞན་གྱི་དོན་ཅན་དང་། དངོས་སུ་བྱ་བ་རང་གི་དོན་ཅན་ཡིན་ནོ། །དེའི་འོག་ཏུ་ཆོས་ཉིད་ལ་གཞོལ་བ་ནི་བསམ་པ་ཇི་ལྟ་བ་བཞིན་དུ་གཞན་གྱི་དོན་ལ་འཇུག་པས་གཞན་དོན་ལ་འཇུག་པའི་རྒྱུ་བྱམས་སོགས་ཚད་མེད་བཞིའི་ཐེག་པ་ལ་འཇུག་གོ །དེའི་འོག་ཏུ་གཞན་དོན་ལ་འཇུག་པའི་འཆིང་བ་ནི། དངོས་པོ་ལ་མངོན་པར་ཞེན་པའི་དམིགས་པ་ཡིན་ཏེ། དེ་ཡོད་ན་སེམས་ལ་རིས་སུ་བཅད་ནས་ཆགས་སྡང་དུ་འགྱུར་བས་དེའི་གཉེན་པོར་ཆོས་ཐམས་ཅད་བདེན་པར་དམིགས་པ་མེད་པའི་ཐེག་ཆེན་ལ་འཇུག་གོ ། དེའི་འོག་ཏུ་མི་དམིགས་པ་དེ་ཉིད་ཇི་ལྟར་བསྒོམ་པའི་ཚུལ་ལས་དང་བྱེད་པ་པོ་དང་བྱ་བ་མ་དམིགས་པས་སྒྱུ་མའི་སྐྱེས་བུ་བཞིན་དུ་དངོས་པོ་ཐམས་ཅད་ལ་འཁོར་གསུམ་རྣམ་པར་དག་པའི་ཐེག་ཆེན་ལ་འཇུག་གོ །དེའི་འོག་ཏུ་དེ་ལྟར་ཡོངས་སུ་དག་པའི་སྤྱོད་པ་དང་ལྡན་པ་རྣམས་རང་གི་བསྒྲུབ་བྱ་ལ་འབད་པས་སེམས་ཅན་ཀུན་གྱི་མཆོག་ཉིད་ལ་སོགས་པའི་ཆེད་དུ་བྱ་བ་གསུམ་གྱི་ཐེག་ཆེན་ལ་འཇུག་གོ །དེའི་འོག་ཏུ་ཆེད་དུ་བྱ་བ་ལ་འབད་པ་བྱས་པ་རྣམས་ནི་རང་གཞན་གཉིས་ཀའི་དོན་འགྲུབ་པའི་རྒྱུ་གཞན་སེམས་ཤེས་པ་ལ་སོགས་པ་ལ་བརྩོན་པར་བྱེད་པའི་ཕྱིར་མངོན་པར་ཤེས་པ་དྲུག་གི་ཐེག་ཆེན་ལ་འཇུག་གོ །དེའི་འོག་ཏུ་མངོན་ཤེས་ཐོབ་པ་རྣམས་ནི་རང་གཞན་གྱི་དོན་བྱེད་ནུས་པར་མཐོང་ནས་སངས་རྒྱ་བ་ལ་སྤྲོ་བའི་ཕྱིར་རྣམ་ཀུན་མཁྱེན་པའི་ཚུལ་གྱིས་ཐེག་ཆེན་ལ་འཇུག་སྟེ། དེ་ལྟར་རྟོགས་པའི་རིམ་པས་ཐེག་ཆེན་མཐའ་དག་རྣམ་པར་གནོན་པར་བྱེད་པ་ཡིན་པས་འཇུག་པའི་སྒྲུབ་པ་རྣམ་པ་དགུ་ཡིན་ནོ། །དེ་དག་ཀྱང་མདོ་ལས་ཤ་བུས་སྨྲས་པ། ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་ན་བྱང་ཆེན་ཐེག་པ་ཆེན་པོ་ལ་ཡང་དག་པར་འཇུག་པ་དང་འཛེག་པ་ཡིན། གང་པོས་སྨྲས་པ། ཚེ་དང་ལྡན་པ་ཤ་བུ་འདི་ལ་བྱང་ཆེན་སྦྱིན་པའི་ཕར་ཕྱིན་ལ་སྤྱོད་ཅིང་འདོད་པས་དབེན། སྡིག་པ་མི་དགེ་བའི་ཆོས་ཀྱིས་དབེན། རྟོག་པ་དང་བཅས་དཔྱོད་པ་དང་བཅས་དབེན་པ་ལས་སྐྱེད་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་སོ། །ཞེས་སོགས་གསུངས་སོ། །གསུམ་པ་འགྲེལ་པ་ལ། སྤྱིར་བསྟན་པ་དང་། ཞར་ལ་རྟོགས་དཀའ་བྱེ་བྲག་ཏུ་བཤད་པ་གཉིས་ཀྱི། དང་པོ་ནི། འཇུག་པའི་སྒྲུབ་པ་ནི། རྣམ་པ་དགུའོ། །དེ་དག་ཀྱང་གང་ཞེ་ན། སེམས་ལས་སུ་རུང་བར་བྱེད་པ་འགོག་པ་ལས་ཡན་ལག་གིས་འདའ་བ་བསམ་གཏན་དམིགས་པས་འདའ་བ་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་བྱེད་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། མི་མཐུན་ཕྱོགས་ཀྱི་སྒྲིབ་པ་སྤོང་བྱེད་ཆོས་ཉིད་གསར་དུ་རྟོགས་པ་མཐོང་ལམ་དང་། ས་བདུན་པ་མན་ཆད་དུ་མཐོང་ཟིན་གོམས་པར་བྱེད་པ་སྒོམ་ལམ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་མི་སློབ་ལམ་དང་། ས་བརྒྱད་པ་ཡན་ཆད་ཁྱད་པར་གྱི་ལམ་དང་། གཞན་དོན་ལ་འཇུག་པའི་རྒྱུ་བྱམས་སོགས་ཚད་མེད་པ་བཞི་དང་། གཞན་དོན་རྣམ་པར་དག་བྱེད་མི་དམིགས་པ་དང་ལྡན་པ། མི་དམིགས་པ་ཇི་ལྟར་བསྒོམ་ཚུལ་དངོས་པོ་ཐམས་ཅད་ལ་བྱ་བ་བྱེད་པ་པོའི་འཁོར་གསུམ་རྣམ་པར་དག་པ་དང་རང་གི་བསྒྲུབ་བྱའི་མཆོག་ཆེན་པོ་གསུམ་གྱིས་རང་བཞིན་གྱི་ཆེད་དུ་བྱ་བ་དང་རང་གཞན་གྱི་དོན་འགྲུབ་པའི་རྒྱུ་མངོན་ཤེས་དྲུག་དང་འབྲས་བུའི་གཙོ་བོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དག་ལ་བསམ་པ་དང་སྦྱོར་བས་ཡང་དག་པར་གནས་པའི་མཚན་ཉིད་རྣམས་སོ། །ཅིའི་ཕྱིར་འཇུག་པའི་སྒྲུབ་པ་ཞེས་བྱ་ཞེ་ན། རྒྱུ་དང་འབྲས་བུའི་ཐེག་པ་ཆེན་པོའི་ཆོས་མཐའ་དག་རྣམ་པར་གནོན་པའི་ངོ་བོ་ཉིད་ཡིན་པས་སོ། །གཉིས་པ་ལ། བསམ་གཏན་གཟུགས་མེད་དང་། ཚད་མེད་བཞི་བྱེ་བྲག་ཏུ་བཤད་པ་གཉིས་ཀྱི་དང་པོ་ལ་རྒྱུ། ངོ་བོ། འབྲས་བུ་གསུམ་གྱི། དང་པོ་ནི། གང་གིས་བསམ་གཏན་དང གཟུགས་མེད་པ་རྣམས་འཐོབ་པར་བྱེད་པའི་རྒྱུ་ནི་ཡིད་ལ་བྱེད་པ་བདུན་སྟེ། འདི་ལྟར། མཚན་ཉིད་རབ་ཏུ་རིག་པ་དང་། མོས་པ་ལས་བྱུང་བ་དང་། རབ་ཏུ་དབེན་པ་ལས་བྱུང་བ་དང་། དགའ་བ་བསྡུད་པ་དང་། དཔྱོད་པ་དང་། སྦྱོར་བའི་མཐའ་དང་སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པ་རྣམས་སོ། །དེ་ལ་དང་པོ་ནི། མཉམ་པར་བཞག་པའི་ཡིད་ལ་བྱེད་པ་གང་གིས་འདོད་པ་ལ་སོགས་པའི་ས་འོག་མ་རྣམས་ལ་ཚེ་ཐུང་བ་དང་ཉོན་མོངས་པ་མང་བ་སོགས་ཉེས་དམིགས་ཀྱི་སྒོ་ནས་རགས་པ་དང་བསམ་གཏན་དང་པོ་སོགས་གོང་མ་རྣམས་ལ་དེ་ལས་བཟློག་སྟེ་ཞི་བའི་མཚན་ཉིད་དུ་དཔྱོད་པ་སྟེ། དེ་ནི་ཐོས་བསམ་འདྲེས་པའི་རང་བཞིན་ཅན་དུ་རིག་པར་བྱའོ། །གཉིས་པ་ནི། དེའི་འོག་ཏུ་ཐོས་བསམ་ལས་འདས་ཏེ་གཅིག་ཏུ་བསྒོམ་པའི་རྣམ་པས་ནི་རང་གི་མཚན་མ་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་སྒོམ་པར་བྱེད་པ་སྟེ། །དེ་ནི་སྒོམ་བྱུང་ངོ་། །གསུམ་པ་ནི་། ཐོག་མར་སྤོང་བའི་ལམ་དང་ལྡན་པའི་ཡིད་ལ་བྱེད་པ་སྟེ། དེས་འདོད་པ་ལ་སོགས་པའི་ས་འོག་མ་རྣམས་ཀྱི་ཉོན་མོངས་པ་ཆེན་པོ་གསུམ་སྤོང་ཞིང་དེའི་ཕྱོགས་ཀྱི་གནས་ང ན་ལེན་དང་བྲལ་བ་འཐོབ་བོ། །བཞི་པ་ནི། དེའི་འོག་ཏུ་རྣལ་འབྱོར་པ་དེ་ཉོན་མོངས་པ་ཆེན་པོ་གསུམ་སྤངས་པས་དགའ་བདེ་ཆུང་ངུ་ལ་རེག་ཅིང་སྤོང་བ་ལ་དགའ་བས་དུས་དུས་སུ་དགའ་བར་གྱུར་བའི་དངོས་པོ་ཡིད་ལ་བྱེད་ཅིང་རྨུགས་གཉིད་སོགས་དང་བྲལ་བར་བྱེད་ལ་ཉོན་མོངས་པ་འབྲིང་གསུམ་སྤོང་བར་བྱེད་དོ། །ལྔ་པ་ནི། དེའི་འོག་ཏུ་ཉོན་མོངས་པ་ཕལ་ཆེར་སྤངས་པས་ཀུན་དཀྲིས་མངོན་འགྱུར་མི་འབྱུང་ཞིང་ཉོན་མོངས་པ་ཀུན་སྤངས་སམ་སྙམ་པའི་རློམ་པ་འབྱུང་བས་སྤངས་མ་སྤངས་བརྟག་པའི་ཕྱིར་ཉོན་མོངས་སྐྱེ་བ་དང་རྗེས་སུ་མཐུན་པའི་མཚན་མ་ཡིད་ལ་བྱེད་ཅིང་སོ་སོར་རྟོག་པའོ། །དྲུག་པ་ནི། དེ་ལྟར་དཔྱད་པ་ན་ཉོན་མོངས་ཅུང་ཟད་མ་སྤངས་པར་ཤེས་ནས་ཉོན་མོངས་ཐམས་ཅད་དང་བྲལ་བར་བྱ་བའི་ཕྱིར་ཆུང་ངུ་གསུམ་སྤོང་བའི་གཉེན་པོ་ཡིད་ལ་བྱེད་པའོ། །བདུན་པ་ནི། དེའི་འོག་ཏུ་བསམ་གཏན་དང་པོ་ལ་སོགས་པའི་དངོས་གཞིའི་སེམས་ཐོབ་པའོ། །དེ་ལ་དང་པོ་གཉིས་ནི་སྦྱོར་བའི་ལམ་མོ། །གསུམ་པ་དང་བཞི་པ་དང་དྲུག་པ་ནི་བར་ཆད་མེད་པའི་ལམ་མོ། །ལྔ་པ་ནི་ཁྱད་པར་གྱི་ལམ་མོ། །བདུན་པ་ནི་རྣམ་གྲོལ་གྱི་ལམ་མོ། །དང་པོ་དྲུག་ནི་ཉེར་སྡོགས་ཡིན་ལ། ཐ་མ་ནི་དངོས་གཞིའོ། །གཉིས་པ་ལ། མཚན་ཉིད། དབྱེ་བ། ཕྱེ་བ་སོ་སོའི་དོན། རྣམ་གཞག་གཏན་ལ་དབབ་པ་དང་བཞིའི། དང་པོ་ནི། བསམ་གཏན་དང་གཟུགས་མེད་པ་གཉིས་ཀྱི། དང་པོ་བསམ་གཏན་ལ་ཡང་། རྒྱུ་སྙོམས་འཇུག་དང་། འབྲས་བུ་སྐྱེ་བའི་བྱེ་བྲག་གིས་རྣམ་པ་གཉིས་ཡིན་ལ། དང་པོ་ནི། ཡན་ལག་གི་སྒོ་ནས་འོག་ས་ལས་འདས་པའི་སེམས་རྩེ་གཅིག་པའི་མཚུངས་ལྡན་དང་བཅས་པའོ། །གཉིས་པ་ནི། སྐྱེ་བ་གཞན་དུ་རྒྱུ་སྙོམས་འཇུག་བསམ་གཏན་བསྒོམས་པའི་རྣམ་སྨིན་ནམ་རྒྱུ་མཐུན་གྱི་འབྲས་བུར་གྱུར་པ་སྟེ། དེ་ཡང་ཚངས་རིས་ནས་འོག་མིན་གྱི་བར་གྱི་སེམས་ཅན་གྱི་རྒྱུད་ཀྱི་སྐྱེས་ཐོབ་ཀྱི་ཆོས་ཇི་སྙེད་པ་རྣམས་སོ། །གཉིས་པ་གཟུགས་མེད་ལ་ཡང་བསམ་གཏན་ལྟར་གཉིས་ཀྱི། དང་པོ་རྒྱུ་སྙོམས་འཇུག་གི་གཟུགས་མེད་ནི། དམིགས་པའི་སྒོ་ནས་འོག་ས་ལས་འདས་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་འབྲས་བུ་སྐྱེ་བའི་གཟུགས་མེད་ནི། སྐྱེ་བ་གཞན་དུ་རྒྱུ་སྙོམས་འཇུག་གི་གཟུགས་མེད་བསྒོམས་པའི་སྒོ་ནས་རྣམ་སྨིན་ནམ་རྒྱུ་མཐུན་གྱི་འབྲས་བུར་གྱུར་པ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་སོགས་བཞིར་སྐྱེས་པའི་སེམས་ཅན་གྱི་རྒྱུད་ཀྱི་སྐྱེས་ཐོབ་ཀྱི་ཆོས་རྣམས་སོ། །ཅིའི་ཕྱིར་བསམ་གཏན་རྣམས་ཡན་ལག་གིས་འདའ་ཞིང་། གཟུགས་མེད་པ་རྣམས་དམིགས་པས་འདའ་ཞེ་ན། བསམ་གཏན་རྣམས་ནི་ཐམས་ཅད་ཞི་རགས་ཀྱི་རྣམ་པ་ཅན་དུ་འདྲ་བའི་ཕྱིར་དམིགས་པ་དང་རྣམ་པ་མི་འདྲ་བ་མེད་ཀྱི། གོང་མ་རྣམས་འོག་མའི་ཡན་ལག་རགས་པ་དག་ལ་ངེས་པར་འབྱུང་བའི་ཕྱིར་ཡན་ལག་མི་འདྲ་བའི་བྱེ་བྲག་ཡོད་ལ། དེའི་ཕྱིར་ཡན་ལག་གིས་འདའ་བ་ཞེས་བྱའོ། །གཟུགས་མེད་པ་རྣམས་ནི་ཐམས་ཅད་ཞི་གནས་སུ་རོ་གཅིག་པའི་ཕྱིར་ཡན་ལག་མི་འདྲ་བ་མེད་ཀྱི་ནམ་མཁའ་དང་རྣམ་ཤེས་སོགས་དམིགས་པ་མི་འདྲ་བའི་སྒོ་ནས་གོང་མ་རྣམས་འོག་མ་ལས་ངེས་པར་འབྱུང་བའི་ཕྱིར་དམིགས་པ་ནི་མི་འདྲ་བ་ཡོད་ལ། དེས་ན་དམིགས་པས་འདའ་བ་ཞེས་བྱའོ། །གཉིས་པ་ནི། བསམ་གཏན་ལ་ནི་ས་དང་པོ་ནས་བཞི་པའི་བར་རོ། །གཟུགས་མེད་ལ་ནི་ནམ་མཁའ་དང་། རྣམ་ཤེས་དང་། ཅི་ཡང་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་ཀྱི་བར་བཞིའོ། །ཡང་བསམ་གཏན་རྣམས་དང་གཟུགས་མེད་དང་པོ་གསུམ་ལ་ནི་ཉོན་མོངས་ཅན་དང་། དག་པ་དང་། ཟག་མེད་གསུམ་གསུམ་ཡོད་། འདུ་ཤེས་མེད་འདུ་མེད་མིན་གྱི་སྐྱེ་མཆེད་ལ་ནི་ཉོན་མོངས་ཅན་དང་དག་པ་གཉིས་ཡོད་ཀྱི་ཟག་མེད་མེད་དེ། དེ་ནི་འདུ་ཤེས་ཀྱི་རྒྱུ་བ་མི་གསལ་བས་དམིགས་རྣམ་ཤིན་ཏུ་གསལ་བའི་འདས་ལམ་གྱི་རྟེན་དུ་མི་རུང་བའི་ཕྱིར་རོ། །ཉེར་སྡོགས་རྣམས་ལ་དང་པོ་ལ་དག་པ་བ་དང་ཟག་མེད་གཉིས་ཡོད་ལ། ལྷག་མ་རྣམས་ལ་དག་པ་བ་འབའ་ཤིག་ཡོད་དེ། ཅིའི་ཕྱིར་ཉེར་སྡོགས་རྣམས་ལ་ཉོན་མོངས་ཅན་མི་འབྱུང་ཞེ་ན། འདི་དག་ནི་འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་ཡིན་པའི་ཕྱིར་དང་། ཉོན་མོངས་ཅན་གྱིས་འདོད་ཆགས་དང་བྲལ་བར་བྱེད་མི་ནུས་པའི་ཕྱིར་རོ། །ཅིའི་ཕྱིར་ཉེར་སྡོགས་ལྷག་མ་རྣམས་ལ་ཟག་མེད་མི་འབྱུང་ཞེ་ན། གང་གིས་འོག་སའི་དངོས་གཞི་མ་ཐོབ་པ་དེས་ནི་གོང་མའི་ཉེར་སྡོགས་ལ་སྙོམས་པར་འཇུག་མི་ནུས་ལ། གང་ཞིག་གོང་མའི་ཉེར་སྡོགས་ཐོབ་པ་དེས་ནི་འོག་མའི་དངོས་གཞི་ལ་བརྟེན་ནས་ལམ་སྒྲུབ་ཀྱི་གོང་མའི་ཉེར་སྡོགས་ལ་མ་ཡིན་ཏེ། གོང་མའི་ཉེར་སྡོགས་ལས་འོག་མའི་དངོས་གཞི་ལམ་སྒྲུབ་སླ་བའི་ཕྱིར་རོ། །ཅིའི་ཕྱིར་བསམ་གཏན་དང་པོའི་ཉེར་སྡོགས་ལ་ཟག་མེད་ཡོད་ཅེ་ན། བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་རྒྱུན་ཞུགས་ལ་སོགས་པ་རྣམས་ནི་དང་པོའི་ཉེར་སྡོགས་ཁོ་ན་ལ་བརྟེན་ནས་ལམ་བསྒྲུབས་ཏེ་འཇིག་རྟེན་ལས་འདས་པའི་ལམ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བ་ཡིན་པས་མཉམ་པར་བཞག་པའི་སེམས་ལ་བརྟེན་ནས་སྒྲུབ་དགོས་པའི་ཕྱིར་དང་། དངོས་གཞིའི་སེམས་མ་ཐོབ་པའི་ཕྱིར་ཏེ། དཔེར་ན་ལག་པ་གཡས་པ་མེད་ན་གཡོན་པ་ལ་བརྟེན་དགོས་པ་བཞིན་ནོ། །དེས་ན་བསམ་གཏན་དང་པོའི་ཉེར་སྡོགས་ཀྱིས་ནི་ཁམས་གསུམ་ཀ་ལས་འདོད་ཆགས་དང་བྲལ་བར་བྱེད་ནུས་པའི་ཕྱིར་མི་ལྕོགས་པ་མེད་པ་ཞེས་ཀྱང་བྱའོ། །དངོས་གཞི་རྣམས་ཀྱིས་འོག་ས་ལ་འདོད་ཆགས་དང་བྲལ་བར་མི་བྱེད་དེ། ཉེར་སྡོགས་ཀྱི་བྲལ་ཟིན་པས་མི་དགོས་པའི་ཕྱིར་རོ། །དངོས་གཞི་ཟག་བཅས་རྣམས་ནི་རང་ས་དང་གོང་སའི་སྤང་བྱའི་གཉེན་པོ་མི་བྱེད་དེ། རང་སའི་སྲེད་པས་བཅིངས་པའི་ཕྱིར་དང་། གོང་ས་ལས་དམན་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ནི་མཐོང་ཆོས་ལ་བདེར་གནས་ཙམ་དང་ཡོན་ཏན་མངོན་པར་སྒྲུབ་པའི་ལམ་ཡིན་གྱི་འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་མ་ཡིན་ནོ། །དངོས་གཞི་ཟག་མེད་རྣམས་ནི་རང་ས་དང་གོང་སའི་གཉེན་པོ་བྱེད་པས་འདོད་ཆགས་དང་བྲལ་བའི་ལམ་ཡང་ཡིན་ལ། ཡོན་ཏན་མངོན་པར་བསྒྲུབ་པ་དང་། མཐོང་ཆོས་ལ་བདེར་གནས་ཀྱི་ལམ་ཡང་ཡིན་ནོ། །ཉེར་སྡོགས་རྣམས་ནི་འོག་ས་ཁོ་ནའི་གཉེན་པོ་བྱེད་པའི་ཕྱིར་འདོད་ཆགས་དང་བྲལ་བའི་ལམ་ཁོ་ན་ཡིན་གྱི་ཡན་ལག་གི་མ་ཟིན་པས་ཡོན་ཏན་མངོན་པར་སྒྲུབ་པའི་ལམ་མ་ཡིན་ལ། མི་མཐུན་ཕྱོགས་སྤོོང་བའི་རྩོལ་བ་དང་བཅས་པས་མཐོང་ཆོས་ལ་བདེར་གནས་ཀྱི་ལམ་ཡང་མ་ཡིན་ནོ། །བསམ་གཏན་དང་པོ་ལ་དངོས་གཞི་ཙམ་དང་། ཁྱད་པར་ཅན་གཉིས་ཀྱི་དང་པོ་ནི། རྟོགས་དཔྱོད་གཉེན་པོའི་ཡན་ལག་གིས་འདོད་པ་ལ་འདོད་ཆགས་དང་བྲལ་བ་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བདེ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པ། གཉིས་པ་ནི། དཔྱོད་པ་གཉེན་པོའི་ཡན་ལག་གི་རྟོག་པ་ལས་འདོད་ཆགས་དང་བྲལ་བས་རབ་ཏུ་ཆེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་ཚོར་བ་བཏང་སྙོམས་དང་ལྡན་པ། བསམ་གཏན་དང་པོའི་ཡན་ལག་ལྔའི་ནང་ནས་རྟོག་པ་ནི་ཆེས་རགས་པའི་ཕྱིར་བསམ་གཏན་དང་པོ་ལས་འདོད་ཆགས་དང་མ་བྲལ་བས་ཀྱང་སྤོང་ནུས་པས། དེའི་ཕྱིར་བསམ་གཏན་དང་པོ་ལ་རང་གི་ཡན་ལག་རགས་པ་ལ་འདོད་ཆགས་དང་བྲལ་བ་དང་མ་བྲལ་བའི་བྱེ་བྲག་གི་དངོས་གཞི་ཙམ་པོ་དང་ཁྱད་པར་ཅན་གཉིས་ཡོད་ལ། བསམ་གཏན་གཉིས་པ་ཡན་ཆད་ཀྱི་ཡན་ལག་རྣམས་ནི་རང་ས་ལས་འདོད་ཆགས་དང་མ་བྲལ་བས་སྤོོང་མི་ནུས་པའི་ཕྱིར་དེ་དག་ལ་ཙམ་པོ་དང་ཁྱད་པར་ཅན་གྱི་རྣམ་དབྱེ་མེད་དོ། །བསམ་གཏན་གཉིས་པ་ནི། ནང་རབ་ཏུ་དང་བ་གཉེན་པོའི་ཡན་ལག་གིས་རྟོག་དཔྱོད་ལས། འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་ཕན་ཡོན་གྱི་ཡན་ལག་དུ་ལྡན་པའོ། །བསམ་གཏན་གསུམ་པ་ནི། དྲན་ཤེས་བཞིན་བཏང་སྙོམས་གཉེན་པོའི་ཡན་ལག་གིས་དགའ་བ་ལས་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ། དགའ་བས་དབེན་པའི་བདེ་བ་ཕན་ཡོན་གྱི་ལག་ཏུ་ལྡན་པའོ། །བསམ་གཏན་བཞི་པ་ནི། དྲན་པ་དང་བཏང་སྙོམས་ཡོངས་དག་གཉེན་པོའི་ཡན་ལག་གིས་བདེ་བ་ལས་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ། ཚོར་བ་བཏང་སྙོམས་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པའོ། །དེ་ལ་དང་པོ་རྣལ་འབྱོར་པས་འདོད་པ་ལ་འདུན་པ་དང་རྣམ་འཚེ་གཉིས་འཁྲུག་ལོང་དང་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བར་མཐོང་ནས་འདོད་པའི་ཉེས་དམིགས་ལ་རྟོག་པ་དང་དཔྱོད་པས་འདོད་པ་ལ་འདུན་པ་དང་རྣམ་མཚེ་གཉིས་སྤོོང་བར་བྱེད་ཅིང་། དེ་སྤངས་པས་དབེན་པ་ལས་སྐྱེས་པའི་དགའ་བདེ་ཅན་གྱི་བསམ་གཏན་དང་པོ་ཐོབ་བོ། །དེའི་འོག་ཏུ་རྟོག་དཔྱོད་རྒྱུད་འཁྲུག་པར་བྱེད་པས་མི་མཐུན་ཕྱོགས་སུ་མཐོང་ནས་ནང་རབ་དུ་དང་བས་དེ་སྤོོང་བར་བྱེད་ཅིང་། དེ་སྤངས་པས་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་ཅན་གྱི་བསམ་གཏན་གཉིས་པ་ཐོབ་བོ། །དེའི་འོག་ཏུ་དགའ་བ་ཡང་ཡིད་གཡོ་བར་བྱེད་པ་ཉིད་ཀྱིས་ཏིང་ངེ་འཛིན་དང་འགལ་བར་མཐོང་ནས་དྲན་ཤེས་བཞིན་བཏང་སྙོམས་གསུམ་གྱིས་དེ་སྤོང་བར་བྱེད་ཅིང་། དེ་སྤངས་པས་དགའ་བ་མེད་པའི་བདེ་བའི་སྙིང་པོ་ཅན་གྱི་བསམ་གཏན་གསུམ་པ་ཐོབ་བོ། །དེའི་འོག་ཏུ་བདེ་བ་ཡང་སེམས་ལ་འགྱུར་བ་སྐྱེད་པར་བྱེད་པ་ཉིད་ཀྱིས་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་སུ་མཐོང་ནས་དྲན་པ་དང་བཏང་སྙོམས་ཡོངས་དག་གཉིས་ཀྱི་དེ་སྤོོང་བར་བྱེད་ཅིང་། དེ་སྤངས་པས་བདེ་བ་དང་སྡུག་བསྔལ་ཡང་སྤངས་པའི་ཚོར་བ་བཏང་སྙོམས་ཅན་གྱི་བསམ་གཏན་བཞི་པ་ཐོབ་བོ། །དེ་ལྟར་ན་བསམ་གཏན་གྱི་མི་མཐུན་ཕྱོགས་ནི་ཆེན་པོ་དང་འབྲིང་དང་ཆུང་ངུ་རྣམ་པ་གསུམ་མོ། །དང་པོ་ནི། འདོད་པ་ལ་འདུན་པ་དང་རྣམ་འཚེ་སྟེ། དེ་དག་གིས་བསམ་གཏན་མ་ཐོབ་པ་ཐོབ་པ་ལ་གེགས་བྱེད་དོ། །གཉིས་པ་ནི། རྟོག་པ་དང་དཔྱོད་པ་སྟེ། དེ་དག་གིས་ཐོབ་པར་ཁྱད་པར་དུ་འགྱུར་བ་ལ་གེགས་བྱེད་དོ། །གསུམ་པ་ནི། དགའ་བ་དང་བདེ་བ་སྟེ། དེ་དག་གིས་སེམས་ལས་སུ་རུང་བ་མཆོག་ཏུ་འགྱུར་བ་ལ་གེགས་བྱེད་དོ། །དེ་ལ་མི་མཐུན་ཕྱོགས་ཆེན་པོ་དང་བྲལ་བ་ནི་བསམ་གཏན་དང་པོའོ། །འབྲིང་དང་བྲལ་བ་ནི་གཉིས་པ་དང་གསུམ་པའོ། །ཆུང་ངུ་དང་བྲལ་བ་ནི་བཞི་པ་སྟེ། དེའི་ཕྱིར་བཞི་པ་ནི་མི་མཐུན་ཕྱོགས་དང་བྲལ་བའི་ཕྱིར་སེམས་ལས་སུ་རུང་བའི་མཆོག་ཡིན་ནོ། །དེ་ལྟར་འགྱུར་བ་སྐྱེད་པའི་ཚོར་བ་མཐའ་དག་ལ་འདོད་ཆགས་དང་བྲལ་ན་རྣལ་འབྱོར་པས་འདུ་ཤེས་ཉིད་ཡུལ་ལ་མཚན་མར་འཛིན་པའི་སྒོ་ནས་རྒྱུད་འཁྲུག་བྱེད་དུ་རྟོགས་ནས་འདུ་ཤེས་ལས་ངེས་པར་འབྱུང་བའི་དོན་དུ་གཟུགས་མེད་པའི་སྙོམས་འཇུག་རྣམས་བསྒོམ་པར་བྱེད་དོ། །

དེ་ཡང་དང་པོར་གཟུགས་དང་ཐོགས་པའི་འདུ་ཤེས་ཉིད་རགས་པར་མཐོང་ནས་ནམ་མཁའི་འདུ་ཤེས་ཀྱིས་དེ་སྤོང་བར་བྱེད་ཅིང་། དེ་སྤངས་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཐོབ་བོ། །དེའི་འོག་ཏུ་ནམ་མཁའི་འདུ་ཤེས་དེ་ཉིད་སྤོོང་བའི་དོན་དུ་རྣམ་ཤེས་ཀྱི་འདུ་ཤེས་དེ་སྤོོང་བར་བྱེད་ཅིང་། དེ་སྤངས་པས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཐོབ་བོ། །དེའི་འོག་ཏུ་རྣམ་ཤེས་ཀྱི་འདུ་ཤེས་ཀྱང་སྐྱོན་དུ་མཐོང་ནས་ཅི་ཡང་མེད་པའི་འདུ་ཤེས་ཀྱིས་དེ་སྤོོང་བར་བྱེད་ཅིང་། དེ་སྤངས་པས་ཅི་ཡང་མེད་པའི་སྐྱེ་མཆེད་ཐོབ་བོ། །དེའི་འོག་དུ་ཅི་ཡང་མེད་པའི་འདུ་ཤེས་དེ་ལ་ཡང་ཉེས་དམིགས་སུ་བལྟས་ནས་འདུ་ཤེས་ཡོད་མིན་མེད་མིན་གྱི་འདུ་ཤེས་ཀྱི་དེ་སྤོོང་བར་བྱེད་ཅིང་། དེ་སྤངས་པས་འདུ་ཤེས་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ཐོབ་བོ། །འདི་ལས་ངེས་པར་འབྱུང་བའི་འདུ་ཤེས་ནི་ཆོས་ཀྱི་དབྱིངས་མ་རྟོགས་པ་ལས་གཞན་མེད་པས། དེའི་ཕྱིར་འདིའི་གོང་ན་འཇིག་རྟེན་པའི་གནས་གཞན་མེད་དོ། །

དེ་ལྟར་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི། སྦྱོར་བའི་དུས་སུ་གཟུགས་དང་ཐོགས་པའི་འདུ་ཤེས་རྣམ་པར་བཤིག་སྟེ་དངོས་གཞིའི་དུས་སུ་དེ་ཉིད་མངོན་དུ་གྱུར་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི། ནམ་མཁའ་མཐའ་ཡས་སྙམ་དུ་ཡིད་ལ་བྱེད་པའི་རྣམ་ཤེས་དེ་ཉིད་ཀྱང་མཐའ་ཡས་སོ་སྙམ་དུ་ཡིད་ལ་བྱས་པས་དེ་ཉིད་མངོན་དུ་གྱུར་པའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ནི་གཟུང་བྱ་ཅི་ཡང་མེད་དོ་སྙམ་དུ་ཡིད་ལ་བྱས་པས་དེ་ཉིད་མངོན་དུ་གྱུར་པའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ནི། འདུ་ཤེས་ནི་ནད་དང་འབྲས་དང་ཟུག་རྔུའོ། །འདུ་ཤེས་མེད་པ་ནི་ཀུན་ཏུ་རྨོངས་པའོ། །འདུ་ཤེས་ཡོད་མིན་མེད་མིན་ནི་ཞི་བ་གྱ་ནོམ་པའོ་ཞེས་ཡིད་ལ་བྱས་པའི་དེ་ཉིད་མངོན་དུ་གྱུར་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །བསམ་གཏན་དང་། གཟུགས་མེད་དེ་དག་ཉོན་མོངས་ཅན་ནི་རང་སའི་ཉོན་མོངས་དང་མཚུངས་པར་ལྡན་པའི་སེམས་རྩེ་གཅིག་པའོ། །དེ་ཡང་རྣམ་པ་བཞི་སྟེ། སྲེད་པ་ཤས་ཆེ་བ་ནི། བསམ་གཏན་གྱི་བདེ་བ་ལ་རོ་མྱོང་བའི་སྲེད་པ་དང་མཚུངས་པར་ལྡན་པའོ། །ལྟ་བ་ཤས་ཆེ་བ་ནི། སྔོན་གྱི་མཐར་རྟོག་པ་ལ་སོགས་པའི་ལྟ་བ་སྐྱེད་པར་བྱེད་པའོ། །ང་རྒྱལ་ཤས་ཆེ་བ་ནི། ཁྱད་པར་མ་ཐོབ་པར་སེམས་ཁེངས་པར་གྱུར་པའི་བསམ་གཏན་ནོ། །ཐེ་ཚོམ་ཤས་ཆེ་བ་ནི། རང་གི་གནས་པ་ལ་ཐར་ལམ་ཡིན་སྙམ་སུ་སོམ་ཉི་ཟ་བའོ། །དེ་དག་ནི་ས་བོན་རུལ་པ་དང་འདྲ་བར་རྣམ་སྨིན་མི་འཕེན་པའི་ཕྱིར། རྒྱུ་སྙོམས་འཇུག་གི་བསམ་གཏན་མ་ཡིན་ལ། བསམ་གཏན་དང་འདྲ་བས་བསམ་གཏན་དུ་ཉེ་བར་བཏགས་པ་ཙམ་མོ། །དག་པ་ནི། རང་སའི་ཉོན་མོངས་པས་མ་བསླད་པའི་དགེ་བ་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་སྟེ། དེ་ཡང་ཉམས་པ་ཆ་མཐུན་དང་། གནས་པ་ཆ་མཐུན་དང་། ཁྱད་པར་ཆ་མཐུན་དང་། ངེས་འབྱེད་ཆ་མཐུན་དང་རྣམ་པ་བཞིའོ། །དང་པོ་ནི། དག་པའི་བསམ་གཏན་གང་གིས་མཇུག་ཐོགས་སུ་རང་སའམ་འོག་སའི་ཉོན་མོངས་སྐྱེ་བ་དང་རྗེས་སུ་མཐུན་པའོ། །གཉིས་པ་ནི། གང་གི་འཇུག་ཐོགས་སུ་རང་ས་དང་གཅིག་པའི་བསམ་གཏན་དག་པ་གཞན་འདྲེན་པའོ། །གསུམ་པ་ནི། གང་གི་མཇུག་ཐོགས་སུ་ས་གོང་མའི་བསམ་གཏན་དག་པ་བ་གཞན་རྣམས་ཐོབ་པར་བྱེད་པའོ། །བཞི་པ་ནི། གང་གི་མཇུག་ཐོགས་སུ་འཇིག་རྟེན་ལས་འདས་པའི་ལམ་འདྲེན་པར་བྱེད་པའོ། །སྲིད་རྩེ་ལ་ནི་ཁྱད་པར་ཆ་མཐུན་མེད་དེ། དེའི་གོང་ན་ས་གཞན་མེད་པའི་ཕྱིར་རོ། །གཞན་རྣམས་ལ་ཡང་བཞི་བཞི་ཡོད་པར་ཤེས་པར་བྱའོ། །བདེན་པའི་རྣམ་པ་མངོན་སུམ་དུ་རྟོགས་པའི་བསམ་གཏན་དང་། གཟུགས་མེད་ནི་ཟག་མེད་ཅེས་བྱའོ། །བཞི་པ་ལ། ཡན་ལག་དང་། གྲངས་དང་། གོ་རིམ་ངེས་པ་རྣམ་པར་བཞག་པ་གསུམ་གྱིས་དང་པོ་ལ་ཡན་ལག་གི་དབྱེ་བ། ཕྱེ་བ་སོ་སོའི་དོན། གྲངས་ངེས་པ་དང་གསུམ་གྱི། དང་པོ་ནི། བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། རྟོག་པ་དང་། དཔྱོད་པ་དང་། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པའོ། །གཉིས་པར་ནི་ཡན་ལག་བཞི་སྟེ། ནང་རབ་ཏུ་དང་བ་དང་། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་དང་སེམས་རྩེ་གཅིག་པའོ། །གསུམ་པར་ནི། ཡན་ལག་ལྔ་སྟེ། དྲན་པ་དང་ཤེས་བཞིན་དང་བཏང་སྙོམས་དང་བདེ་བ་དང་སེམས་རྩེ་གཅིག་པའོ། །བཞི་པར་ནི། དྲན་པ་དང་བཏང་སྙོམས་ཡོངས་སུ་དག་པ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་དང་སེམས་རྩེ་གཅིག་པ་རྣམས་སོ། །གཉིས་པ་ནི། བསམ་གཏན་དང་པོའི་རྟོག་པ་ནི། འདོད་པ་རགས་པའོ། །བསམ་གཏན་དང་པོ་ནི་ཞི་བའོ་ཞེས་ཀུན་ཏུ་ཚོལ་བའི་རྣམ་པ་ཅན་ནོ། །དཔྱོད་པ་ནི། དེའི་འོག་ཏུ་ཉོན་མོངས་པ་མང་བ་དང་ཉུང་བ་དང་ཚེ་རིང་བ་དང་ཐུང་བ་ལ་སོགས་པའི་སྒོ་ནས་ཁྱད་པར་ཞིབ་མོར་དཔྱོད་པའི་རྣམ་པ་ཅན་ནོ། །དེ་གཉིས་ནི་གཉེན་པོའི་ཡན་ལག་སྟེ། འདོད་པའི་འདོད་ཆགས་དང་གནོད་སེམས་དང་ཡིད་མི་བདེ་སོགས་བསམ་གཏན་དང་པོའི་མི་མཐུན་ཕྱོགས་རྣམས་སྤོོང་བར་བྱེད་པའི་ཕྱིར་རོ། །སྡིག་ཏོ་མི་དགེ་བའི་ཆོས་ཀྱི་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་ཕན་ཡོན་གྱི་ཡན་ལག་ཏེ། དེ་དག་གིས་བསམ་གཏན་པ་རྣམས་ཀྱི་ལུས་སེམས་ལ་ཕན་འདོགས་པའི་ཕྱིར་རོ། །སེམས་རྩེ་གཅིག་པ་གནས་ཀྱི་ཡན་ལག་ཡིན་ཏེ། དེ་ལ་བརྟེན་ནས་རྟོག་དཔྱོད་སོགས་གཉེན་པོ་དང་ཕན་ཡོན་གྱི་ཡན་ལག་རྣམས་འཇུག་པའི་ཕྱིར་རོ། །དེ་བཞིན་དུ་བསམ་གཏན་གཉིས་པ་ལ་ནི། དྲན་ཤེས་བཞིན་བཏང་སྙོམས་གསུམ་གྱི་རང་བཞིན་གྱི་ནང་རབ་ཏུ་དང་བ་ནི་གཉེན་པོའི་ཡན་ལག་ཡིན་ནོ། །རྟོག་དཔྱོད་སོགས་བསམ་གཏན་གཉིས་པའི་མི་མཐུན་ཕྱོགས་རྣམས་སྤོོང་བའི་ཕྱིར། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཕན་ཡོན་གྱི་ཡན་ལག་ཡིན་ནོ། །བསམ་གཏན་གསུམ་པ་ནི། ཏིང་ངེ་འཛིན་གྱི་དམིགས་པ་མི་བརྗེད་པའི་དྲན་པ་དང་བྱིང་རྒོད་ལ་བྱ་ར་བྱེད་པའི་ཤེས་བཞིན་དང་། སེམས་མཉམ་པ་ཉིད་དུ་འཇོག་པའི་འདུ་བྱེད་བཏང་སྙོམས་རྣམས་ནི་གཉེན་པོའི་ཡན་ལག་ཡིན་ཏེ། དེ་དག་གིས་དགའ་བ་ལ་སོགས་པ་བསམ་གཏན་གསུམ་པའི་མི་མཐུན་ཕྱོགས་རྣམས་སྤོོང་བའི་ཕྱིར་རོ། །དགའ་བ་མེད་པའི་བདེ་བ་ནི་ཕན་ཡོན་གྱི་ཡན་ལག་ཡིན་ནོ། །བསམ་གཏན་བཞི་པ་ལ། དྲན་པ་དང་བཏང་སྙོམས་ཡོངས་དག་ནི་གཉེན་པོའི་ཡན་ལག་ཡིན་ཏེ། དེ་དག་གིས་བདེ་བ་ལ་སོགས་པ་བསམ་གཏན་བཞི་པའི་མི་མཐུན་ཕྱོགས་སྤོོང་བའི་ཕྱིར་རོ། །ཚོར་བ་བཏང་སྙོམས་ནི་ཕན་ཡོན་གྱི་ཡན་ལག་གོ །ཅིའི་ཕྱིར་བསམ་གཏན་དང་པོ་ལ་དྲན་ཤེས་བཞིན་བཏང་སྙོམས་གསུམ་ཡོད་ཀྱང་གཉེན་པོའི་ཡན་ལག་ཏུ་མ་བཞག་ཅེ་ན། དང་པོ་ན་དྲན་པ་ལ་སོགས་ཡོད་ཀྱང་རྟོག་དཔྱོད་ཀྱིས་མངོན་པར་བསྒྲུབ་པས་རང་གི་ངོ་བོས་ལས་མི་བྱེད་པའི་ཕྱིར་གཉེན་པོའི་ཡན་ལག་ཏུ་མ་སྨོས་ལ། གཉིས་པ་ན། རང་གི་ངོ་བོས་ལས་བྱེད་ཀྱང་དགའ་བས་ཟིལ་གྱིས་གནན་པའི་ཕྱིར་རང་མིང་གིས་མ་སྨོས་ལ་ནང་རབ་ཏུ་དང་བ་ཞེས་པའི་མིང་གིས་སྨོས་སོ། །བསམ་གཏན་གསུམ་པ་ནི་དགའ་བའི་ཀུན་ནས་དཀྲིས་པ་ལས་གྲོལ་བའི་ཕྱིར་དྲན་པ་སོགས་རང་མིང་གིས་སྨོས་ལ། བསམ་གཏན་བཞི་པ་ན་ནི་བསམ་གཏན་གྱི་སྐྱོན་ཐམས་ཅད་དང་བྲལ་བའི་ཕྱིར་དྲན་པ་དང་བཏང་སྙོམས་ལ་ཡོངས་སུ་དག་པའི་སྒྲས་བསྟན་ཏེ། བསམ་གཏན་དང་པོ་དང་གཉིས་པ་ལ་བྱེ་བྲག་ཅི་ཞིག་ཡོད་ཅེ་ན། རྟོག་དཔྱོད་ལ་འདོད་ཆགས་དང་བྲལ་བ་དང་མ་བྲལ་བའི་བྱེ་བྲག་གི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་དང་མ་རྫོགས་པའི་ཁྱད་པར་ཡོད་དོ། །

གཉིས་པ་དང་གསུམ་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། དགའ་བ་ལས་འདོད་ཆགས་དང་མ་བྲལ་བ་དང་བྲལ་བའི་བྱེ་བྲག་གིས་ཕན་འདོགས་ཡོངས་སུ་མ་རྫོགས་པ་དང་རྫོགས་པའི་ཁྱད་པར་ཡོད་དོ། །གསུམ་པ་དང་བཞི་པ་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། བསམ་གཏན་ཀྱི་སྐྱོན་ལས་མ་གྲོལ་བ་དང་གྲོལ་བའི་བྱེ་བྲག་དངོས་སུ་དག་པ་མ་རྫོགས་པ་དང་རྫོགས་པའི་ཁྱད་པར་ཡོད་དོ། །ཅིའི་ཕྱིར་བསམ་གཏན་དང་པོ་ལ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་ཞེས་བྱ་ཞེ་ན། དེའི་དགའ་བདེ་ནི་འདོད་པའི་འདོད་ཆགས་དང་རྣམ་འཚེ་སོགས་སྡིག་པ་མི་དགེ་བ་ལས་འདོད་ཆགས་དང་བྲལ་བ་ཙམ་ལས་སྐྱེས་པའི་ཕྱིར་རོ། །ཅིའི་ཕྱིར་གཉིས་པ་ལ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་ཅན་ཞེས་བྱ་ཞེ་ན། དེའི་དགའ་བདེ་དེ་དག་ནི་རྟོག་དཔྱོད་ལས་འདོད་ཆགས་དང་བྲལ་བའི་ཏིང་ངེ་འཛིན་ནི་ཡོངས་སུ་རྫོགས་པ་ལས་སྐྱེས་པའི་ཕྱིར་རོ། །དང་པོ་གཉིས་ཀྱི་དགའ་བ་དང་བདེ་བའི་རང་བཞིན་ཇི་ལྟ་བུ་ཞེ་ན། དེ་ལ་བྱེ་བྲག་ཏུ་སྨྲ་བ་ནི། དགའ་བ་ནི་ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པ་ཡིན་ལ། བདེ་བ་ནི་ཤིན་ཏུ་སྦྱངས་པ་ཉིད་ཡིན་ནོ་ཞེས་ཟེར་རོ། །མདོ་སྡེ་པ་ཁ་ཅིག་དགའ་བ་ནི་སྔ་མ་ལྟར་ཡིན་ལ། བདེ་བ་ནི་དབང་ཤེས་འཁོར་གྱི་ཚོར་བ་སིམ་པ་ཡིན་ཏེ། མདོ་ལས། བདེ་བ་ལུས་ཀྱིས་མྱོང་ཞེས་འབྱུང་བའི་ཕྱིར་དང་། ཤིན་ཏུ་སྦྱངས་པ་ནི་བདེ་བར་མི་རིགས་ཏེ། བསམ་གཏན་བཞི་པ་ན་ཤིན་ཏུ་སྦྱངས་པ་ཆེས་ཁྱད་པར་དུ་འཕགས་པ་ཡིན་ཡང་བདེ་བ་ཡན་ལག་ཏུ་མ་སྨོས་པའི་ཕྱིར་ཞེས་ཟེར་རོ། །འདིར་བསྡུ་བར་བཤད་པ་ལྟར་ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པ་དེ་ཉིད་ཡིད་ཤེས་འཁོར་དང་བཅས་པ་ལ་ཕན་འདོགས་པའི་ཕྱིར་དགའ་བ་ཞེས་བྱ་ལ། ཏིང་ངེ་འཛིན་དང་མཚུངས་པར་ལྡན་པས་ཁ་ནང་དུ་ཕྱོགས་ཏེ་དབང་པོ་དང་བཅས་པའི་ལུས་ལ་ཕན་འདོགས་པའི་ཕྱིར་བདེ་བ་ཞེས་བརྗོད་ཀྱི་དེ་གཉིས་རྫས་ཐ་དད་མ་ཡིན་ནོ། །བསམ་གཏན་གསུམ་པ་ན་ནི་ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པ་དེ་ཉིད་དྲན་ཤེས་བཞིན་བཏང་སྙོམས་ཀྱིས་ཡོངས་སུ་ཟིན་པས་སེམས་གཡོ་བའི་བྱ་བ་མི་བྱེད་པའི་ཕྱིར་དགའ་བ་ཞེས་མི་བརྗོད་ལ། ཁ་ནང་དུ་བལྟས་ཏེ་དབང་པོ་དང་བཅས་པའི་ལུས་ལ་ཕན་འདོགས་པའི་ཕྱིར་བདེ་བ་ཞེས་བྱའོ། །གསུམ་པ་ནི། ཅིའི་ཕྱིར་བསམ་གཏན་རྣམས་ཡན་ལག་ལྔ་དང་བཞིར་ངེས་ཤེ་ན། གནོད་པ་སྤོང་བ་གཉེན་པོའི་ཡན་ལག་དང་། ཕན་པ་སྒྲུབ་པ་ཕན་ཡོན་གྱི་ཡན་ལག་དང་། དེ་གཉིས་ཀའི་གནས་ཀྱི་ཡན་ལག་གི་དབང་དུ་བྱས་ནས་ཡན་ལག་ལྔ་ལ་སོགས་པར་རྣམ་པར་བཞག་པའི་ཕྱིར་རོ། །ཅིའི་ཕྱིར་གཟུགས་མེད་པ་རྣམས་ལ་ཡན་ལག་རྣམ་པར་མ་བཞག་ཅེ་ན། ཐམས་ཅད་ཀྱང་ཞི་གནས་སུ་རོ་གཅིག་པའི་ཕྱིར་ཡན་ལག་ཐ་དད་པ་རྣམ་པར་མ་བཞག་གོ །གསུམ་པ་ནི། ཅིའི་ཕྱིར་བསམ་གཏན་བཞིར་ངེས་ཀྱི་མང་བའམ་ཉུང་བ་མ་ཡིན་ཞེ་ན། བསམ་གཏན་པ་རྣམས་ནི་བདེ་བ་དང་སྡུག་བསྔལ་ཚོར་བ་ལས་ངེས་པར་འབྱུང་བ་ཚོལ་བར་བྱེད་ཀྱི་བཏང་སྙོམས་ལས་ངེས་པར་འབྱུང་བ་ཚོལ་བར་མི་བྱེད་དེ། བྱིས་པ་རྣམས་ཀྱིས་འདུ་བྱེད་ཀྱི་སྡུག་བསྔལ་རྟོགས་པར་དཀའ་བའི་ཕྱིར་རོ། །སྡུག་བསྔལ་ཚོར་བ་ནི་གཉིས་ཏེ། རགས་པ་དང་། ཕྲ་བའོ། །བསམ་གཏན་དང་པོ་ནི་ཡིད་མི་བདེ་བ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་སྡུག་བསྔལ་ཚོར་བ་རགས་པ་ལས་ངེས་པ་འབྱུང་བ་ཡིན་ནོ། །གཉིས་པ་ནི་སྡུག་བསྔལ་ཕྱོགས་ཀྱི་གནས་ངན་ལེན་དང་བྲལ་བའི་ཕྱིར་སྡུག་བསྔལ་ཕྲ་བ་ལས་ཀྱང་ངེས་པར་འབྱུང་བ་ཡིན་ནོ། །བསམ་གཏན་དང་པོ་ནི་སྡུག་བསྔལ་ཐམས་ཅད་ལས་ངེས་པར་འབྱུང་བ་མ་ཡིན་ཏེ། སྡུག་བསྔལ་དབང་པོ་མ་སྤངས་པའི་ཕྱིར་རོ། །དེ་སྐད་དུ་ཡང་། བསྡུ་བར། ཅིའི་ཕྱིར་བསམ་གཏན་དང་པོ་ལ་སྡུག་བསྔལ་དབང་པོ་མ་སྤངས་ཞེ་ན། སྨྲས་པ། དེ་ལ་དེའི་ཕྱོགས་ཀྱི་གནས་ངན་ལེན་དང་མ་བྲལ་བའི་ཕྱིར་རོ། །གལ་ཏེ། སྡུག་བསྔལ་དབང་པོ་སྤངས་པར་འགྱུར་ན། བསམ་གཏན་གཉིས་པ་ལ་གནས་པའི་ཁྱད་པར་མི་དམིགས་པར་འགྱུར་བས། དེའི་ཕྱིར་མ་སྤངས་པ་ཁོ་ནར་རིག་པར་བྱའོ་ཞེས་གསུངས་པ་ཁོ་ནའོ། །བདེ་བའི་ཚོར་བ་ཡང་རགས་པ་དང་། ཕྲ་བ་གཉིས་ཡིན་ལ། བསམ་གཏན་གསུམ་པ་ནི་བདེ་བའི་ཚོར་བ་རགས་པ་ལས་ངེས་པར་འབྱུང་བ་ཡིན་ཏེ། ཡིད་བདེ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །བཞི་པ་ནི། བདེ་བའི་དབང་པོ་ལས་ཀྱང་འདོད་ཆགས་དང་བྲལ་བའི་ཕྱིར་བདེ་བའི་ཚོར་བ་ཕྲ་བ་ལས་ཀྱང་ངེས་པར་འབྱུང་བ་ཡིན་ནོ། །དེ་བས་ན་བདེ་བ་དང་སྡུག་བསྔལ་ཚོར་བ་ཕྲ་རགས་རྣམ་པ་བཞི་ལས་ངེས་པར་འབྱུང་བའི་དབང་དུ་བྱས་ནས་བསམ་གཏན་བཞིར་རྣམ་པར་བཞག་པ་ཡིན་ཏེ། ཇི་སྐད་དུ། བསྡུ་བར། ཅིའི་ཕྱིར་བཞི་ཁོ་ནར་ཟད་དེ། ཆེ་མང་བ་ཡང་མ་ཡིན། ཆེས་ཉུང་བ་ཡང་མ་ཡིན་ཞེ་ན། སྨྲས་པ། བདེ་བ་དང་སྡུག་བསྔལ་ལས་ཤིན་ཏུ་འདས་ཤིང་ཡོངས་སུ་རྫོགས་པའི་ཕྱིར་ཏེ། འདི་ལྟར་མཐར་གྱི་བསམ་གཏན་བཞི་པའི་བར་དུ་བདེ་བ་སྡུག་བསྔལ་ལས་ཤིན་ཏུ་འདས་པ་ཡིན་པའི་ཕྱིར་ཞེས་གསུངས་སོ། །དེ་ལྟར་བསམ་གཏན་རྣམས་ནི་ཚོར་བ་ལས་ངེས་པར་འབྱུང་བས་རབ་ཏུ་ཕྱེ་བ་ཡིན་ལ། གཟུགས་མེད་རྣམས་ནི་འདུ་ཤེས་ལས་ངེས་པར་འབྱུང་བས་རབ་ཏུ་ཕྱེ་བ་ཡིན་ཏེ། འདི་ལྟར་འདུ་ཤེས་ནི་གཉིས་ཏེ། ཕྱི་རོལ་གཟུགས་དང་། ནང་རྣམ་ཤེས་ལས་བཀྲ་འཛིན་གྱི་འདུ་ཤེས་གཉིས་སོ། །དང་པོ་ལ་ཡང་སྤང་བྱ་གཟུགས་དང་ཐོགས་པའི་འདུ་ཤེས་དང་། གཉེན་པོ་ནམ་མཁའི་འདུ་ཤེས་གཉིས་སོ། །དེ་དག་ལ་ངེས་པར་འབྱུང་བ་ནི་གོ་རིམ་བཞིན་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་གཉིས་སོ། །རྣམ་ཤེས་ལ་བཀྲ་འཛིན་ལ་ཡང་། མི་མཐུན་ཕྱོགས་རྣམ་ཤེས་ལ་ཞེན་པ་དང་། དེའི་གཉེན་པོ་ཅི་ཡང་མེད་པའི་འདུ་ཤེས་གཉིས་ཀྱི། དང་པོ་ལ་ངེས་པར་འབྱུང་བ་ཅི་ཡང་མེད་པའི་སྐྱེ་མཆེད་དང་། གཉིས་པ་ལ་ངེས་པར་འབྱུང་བ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དོ། །དེའི་ཕྱིར་གཟུགས་མེད་བཞི་ལས་མི་མང་ཞིང་མི་ཉུང་ངོ་། །གོ་རིམ་ནི། རྣལ་འབྱོར་པའི་རྒྱུད་ལ་ཇི་ལྟར་སྐྱེ་བའི་རིམ་པས་བཞག་གོ ། གསུམ་པ་འབྲས་བུ་ནི། བསམ་གཏན་དང་པོ་ཆུང་ངུ་དང་འབྲིང་དང་ཆེན་པོར་ཡོངས་སུ་བསྒོམ་པ་ལས་གོ་རིམ་བཞིན་དུ། ཚངས་རིས་དང་ཚངས་པ་མདུན་ན་མདོན་དང་ཚངས་ཆེན་རྣམས་སུ་སྐྱེ་ལ། དེ་བཞིན་དུ་བསམ་གཏན་གཉིས་པ་དང་གསུམ་པ་དང་བཞི་པ་རྣམས་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་སུ་བསྒོམ་པ་ལས་གོ་རིམ་བཞིན་བསམ་གཏན་གཉིས་པ་དང་གསུམ་པ་དང་བཞི་པ་རྣམས་ཀྱི་སྐྱེ་བ་གསུམ་གསུམ་འགྲུབ་པར་ཤེས་པར་བྱའོ། །གཟུགས་མེད་པ་རྣམས་འབྲིང་དང་ཆུང་ངུ་དང་ཆེན་པོར་ཡོངས་སུ་བསྒོམ་པ་ལས་ནི་གཟུགས་མེད་རྣམས་ཀྱི་སྐྱེ་བ་མཐོན་པོ་དང་དམའ་བ་དང་ངན་པ་དང་བཟང་པོ་ཅི་རིགས་པ་འགྲུབ་པར་ཤེས་པར་བྱའོ། །དེ་ལ་ཆུང་ངུ་ནི། སྦྱོར་བ་གཉིས་ཀ་དང་མི་ལྡན་པའོ། །འབྲིང་ནི་གང་རུང་དང་ལྡན་པའོ། །ཆེན་པོ་ནི་གཉིས་ཀ་དང་ལྡན་པའོ། །གཉིས་པ་ཚད་མེད་བཞི་བྱེ་བྲག་དུ་བཤད་པ་ལ། དོན་དྲུག་གི་དང་པོ་སོ་སོའི་ངོ་བོ་ནི། བྱམས་པ་ནི་བསམ་གཏན་ལ་བརྟེན་ནས་བདེ་བ་འདོད་པའི་སེམས་ཅན་ལ་དམིགས་ནས་ཀྱེ་མ་སེམས་ཅན་རྣམས་བདེ་བ་དང་ཕྲད་ན་ཅི་མ་རུང་སྙམ་པའི་གནས་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་ཤེས་རབ་བོ། །སྙིང་རྗེ་ནི། སྡུག་བསྔལ་ཅན་གྱི་སེམས་ཅན་ལ་དམིགས་ནས་ཀྱེ་མ་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་རྣམ་པ་ཅན་ནོ། །དགའ་བ་ནི། བདེ་བ་དང་ལྡན་པའི་སེམས་ཅན་ལ་དམིགས་ནས་བདེ་བ་དང་མ་བྲལ་ན་ཅི་མ་རུང་སྙམ་པའི་རྣམ་པ་ཅན་ནོ། །བཏང་སྙོམས་ནི། ཉོན་མོངས་ཅན་གྱི་སེམས་ཅན་ལ་དམིགས་ནས་ཀྱེ་མ་འདི་དག་འདོད་ཆགས་ལ་སོགས་པའི་ཉོན་མོངས་དང་བྲལ་ན་ཅི་མ་རུང་སྙམ་པའི་རྣམ་པ་ཅན་ནོ། །ཡང་ན་ཉེ་རིང་བར་མའི་སེམས་ཅན་རྣམས་ལ་མཉམ་སྙོམས་པའི་རྣམ་པ་ཅན་ནོ། །གཉིས་པ་དབྱེ་བ་ནི་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའོ། །དང་པོ་ནི། སེམས་ཅན་རྫས་ཡོད་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པ་སོགས་ཀྱི་རྣམ་པ་ཅན་ཏེ། སོ་སོ་སྐྱེ་བོ་རྣམས་ཀྱི་ཡིན་ནོ། །གཉིས་པ་ནི། ཕུང་པོའི་ཆོས་ཙམ་ལ་སེམས་ཅན་དུ་ཉེ་བར་བཏགས་པ་ལ་དམིགས་པ་སྟེ། གང་ཟག་གི་བདག་མེད་རྟོགས་པ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །གསུམ་པ་ནི། ཕུང་པོ་བདེན་པའི་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་ལ་སེམས་ཅན་དུ་བཏགས་པ་ཙམ་ལ་དམིགས་པའོ། །དེ་ནི་ཆོས་བདག་མེད་པར་རྟོགས་པ་བྱང་སེམས་དང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །གསུམ་པ་ཡུལ་ནི་ཕྱི་རོལ་པ་དང་ཉན་རང་རྣམས་ཀྱི་གནོད་སེམས་དང་རྣམ་པར་འཚེ་བ་དང་མི་དགའ་བ་དང་། ཆགས་སྡང་གི་གཉེན་པོར་གོ་རིམ་བཞིན་དུ་འདོད་པའི་སེམས་ཅན་ལ་དམིགས་ནས་བསྒོམ་སྟེ། མཛོད་དུ། ཚད་མེད་པ་ནི་བཞི་ཡིན་ནོ། །གནོད་སེམས་ལ་སོགས་གཉེན་པོའི་ཕྱིར། །ཞེས་པ་དང་། སྤྱོད་ཡུལ་འདོད་པའི་སེམས་ཅན་ནོ། །ཞེས་བཤད་དོ། །སངས་རྒྱས་དང་བྱང་སེམས་རྣམས་ཀྱི་སྲིད་པ་གསུམ་ན་སྤྱོད་པའི་སེམས་ཅན་ཐམས་ཅད་དང་། ཁྱད་པར་དུ་སྙིང་རྗེའི་ཡུལ་ནི། འཁོར་བ་དང་མྱང་འདས་གཉིས་ཀ་ལ་དགའ་བ་དང་། ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་ཐམས་ཅད་དང་ལྡན་པ་ཡིན་ཏེ། མདོ་སྡེའི་རྒྱན་ལས། དེ་བཞིན་གཤེགས་པ་དེ་ནི་དེར་བཞུགས་ནས། །རི་དབང་མཐོ་སྟེང་བཞུགས་བཞིན་འགྲོ་ལ་གཟིགས། །ཞི་ལ་མངོན་དགའི་འགྲོ་ལའང་ཐུགས་རྗེ་ན། །སྲིད་ལ་མངོན་དགའི་སེམས་ཅན་བཞན་ཅི་སྨོས། །ཞེས་དང་། བཀྲེན་ལ་བརྩེ་དང་མ་རུང་པ་ལ་བརྩེ། །ཀུན་འཁྲུགས་ལ་བརྩེ་བག་མེད་རྣམས་ལ་བརྩེ། །ཡུལ་གྱི་གཞན་དབང་ཅན་ལ་སྙིང་བརྩེ་དང་། །ལོག་པར་མངོན་ཞེན་ཅན་ལ་སྙིང་རྗེའོ། །ཞེས་གསུངས་ཏེ། ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་དང་རིམ་པ་བཞིན་སྦྱར་རོ། །ཡང་དེ་ཉིད་ལས། རབ་འབར་དགྲའི་དབང་དུ་སོང་། །སྡུག་བསྔལ་གྱིས་ནོན་མུན་པས་སྒྲིབས། །བགྲོད་དཀའི་ལམ་ལ་རབ་ཏུ་ཞུགས། །འཆིང་བ་ཆེ་དང་ཡང་དག་ལྡན། །ཟས་ཆེན་དུག་དང་འདྲེས་ལ་ཞེན། །ལམ་ནི་རབ་ཏུ་སྟོར་གྱུར་པ། །ལམ་གོལ་རབ་ཞུགས་སྟོབས་ཆུང་བའི། །སེམས་ཅན་རྣམས་ལ་སྙིང་རྗེའོ། །ཞེས་གསུངས་ཏེ། དེ་ལ་རབ་འབར་ནི་འདོད་པའི་བདེ་བ་ལ་ཆགས་པའོ། །དགྲའི་དབང་དུ་སོང་བ་ནི་དགེ་བ་ལ་ཞུགས་པ་བདུད་ཀྱི་བར་ཆད་བྱས་པའོ། །སྡུག་བསྔལ་གྱིས་ནོན་ནི་ངན་སོང་བ་རྣམས་སོ། །མུན་པས་སྒྲིབ་པ་ནི་ལས་འབྲས་མི་འདྲ་བ་ལ་རྨོངས་པ་རྣམས་སོ། །བགྲོད་དཀའི་ལམ་ལ་རབ་ཏུ་ཞུགས་པ་ནི་རིགས་ཆད་ཀྱི་གང་ཟག་རྣམས་སོ། །འཆིང་བ་ཆེ་དང་ལྡན་པ་ནི་རྟག་ཆད་ཀྱི་ལྟ་བས་རྒྱུད་བཅིངས་པ་རྣམས་སོ། །ཟས་ཆེན་དུག་དང་འདྲེས་པ་ལ་ཞེན་པ་ནི་བསམ་གཏན་གྱི་བདེ་བ་ལ་རོ་མྱོང་བ་རྣམས་སོ། །ལམ་རབ་ཏུ་སྟོར་བ་ནི་མངོན་པའི་ང་རྒྱལ་ཅན་རྣམས་སོ། ལམ་གོལ་བར་ཞུགས་པ་ནི། མ་ངེས་པའི་རིགས་ཅན་ཐེག་པ་ཆུང་ངུ་ལ་ཞུགས་པ་རྣམས་སོ། །སྟོབས་ཆུང་བ་ནི་བྱང་སེམས་ཚོགས་ཡོངས་སུ་མ་རྫོགས་པ་རྣམས་ཏེ་དེ་དག་ནི་བྱང་སེམས་ཀྱི་སྙིང་རྗེའི་ཡུལ་ཡིན་ནོ། །བཞི་པ་བསྒོམ་ཚུལ་ནི། བྱམས་པ་དང་སྙིང་རྗེ་དང་དགའ་བ་གསུམ་ནི། དང་པོར་མཛའ་བཤེས་དང་། དེ་ནས་བར་པ་དང་མཐར་དགྲ་ལ་དམིགས་ནས་བསྒོམ་སྟེ། བུ་གཅིག་པ་དང་། དགྲ་བོ་ལ་བདེ་བ་དང་ཕྲད་འདོད་དེ། སྡུག་བསྔལ་བྲལ་བར་འདོད་པ་སོགས་མཚུངས་པར་གྱུར་པ་ན་འབྱོངས་པ་ཡིན་ནོ། །བཏང་སྙོམས་ནི། དང་པོ་ཐ་མལ་པའི་ཕྱོགས་ལ་བརྟེན་ནས་བསྒོམ་ལ། མཐར་མཛའ་བཤེས་དང་དགྲ་བོ་ལ་མཚུངས་པར་ཆགས་པ་དང་སྡང་བ་མི་སྐྱེ་བ་ན་འབྱོངས་པ་ཡིན་ནོ། །ལྔ་པ་བསྒོམས་པའི་ཕན་ཡོན་ནི། ཏིང་ངེ་འཛིན་རྒྱལ་པོ་ལས། བྱེ་བ་ཕྲག་ཁྲིག་གཏམས་པའི་ཞིང་དག་ན། །མཆོད་པ་རྣམ་པ་དཔག་མེད་ཅི་ཡོད་པ། །སྐྱེས་བུ་མཆོག་ལ་ཉིན་རེ་རྟག་མཆོད་པས། །བྱམས་པའི་སེམས་ལ་གྲངས་དང་ཆར་མི་འཕོད། །ཅེས་དང་། མ་དྲོས་པས་ཞུས་པ་ལས། སེམས་ཅན་རྣམས་ལ་བྱམས་པའི་སེམས་མཉམ་པ། །རྟག་ཏུ་ཐམས་ཅད་མཁྱེན་པའི་སེམས་འཛིན་ཅིང་། །སྙིང་རྗེས་སེམས་ཅན་རྣམས་ནི་མི་གཏོང་ཞིང་། །དགའ་བས་འཁོར་བ་ན་ནི་སྐྱོ་བ་མེད། །བཏང་སྙོམས་ཆེན་པོས་སྐྱོན་རྣམས་སྤངས་པས་ཏེ། །ཞེས་གསུངས་པ་ནི། རིན་ཆེན་ཕྲེང་བ་ལས་ཀྱང་། ལྷ་མི་བྱམས་པར་གྱུར་པ་དང་། །དེ་དག་ཀྱང་ནི་བསྲུང་བ་དང་། །ཡིད་བདེ་བ་དང་བདེ་མང་དང་། །དུག་དང་མཚོན་གྱིས་གནོད་མེད་དང་། །འབད་པ་མེད་པར་དོན་ཐོབ་དང་། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །གལ་ཏེ་གྲོལ་བར་མ་གྱུར་ཀྱང་། །བྱམས་ཆོས་ཡོན་ཏན་བརྒྱད་ཐོབ་བོ་ཞེས་གསུངས་སོ། །དྲུག་པ་སྒྲ་དོན་ནི། ཡུལ་སེམས་ཅན་ཚད་མེད་པ་ལ་དམིགས་པས་སམ་འབྲས་བུ་བསོད་ནམས་ཚད་མེད་པ་བསྐྱེད་པ་ན་ཚད་མེད་པ་དང་། འདི་བསྒོམས་པས་ཚངས་པའི་འཇིག་རྟེན་དུ་སྐྱེ་བས་ན་ཚངས་པའི་གནས་པ་ཞེས་བྱའོ། །

ཚོགས་སྒྲུབ་བཤད་པ།

གསུམ་པ་འབྲས་བུ་ལ་མངོན་དུ་ཕྱོགས་པ་ཚོགས་ཀྱི་སྒྲུབ་པ་ལ། དབྱེ་བ་སྤྱིར་བསྟན་པ་དང་། རྟོགས་དཀའ་བྱེ་བྲག་དུ་བཤད་པ་གཉིས། དང་པོ་ལ་གསུམ་གྱི་དང་པོ་ནི། འཇུག་པའི་འོག་ཏུ་གསུམ་པ་ཚོགས་ཀྱི་སྒྲུབ་པ་འཆད་དེ། གོང་དུ་བཤད་པའི་ཚུལ་དེ་ལྟར་ཐེག་ཆེན་ལ་འཇུག་པར་བྱས་པ་ལ་བྱང་ཆུབ་ཆེན་པོ་ལ་དངོས་སུ་ཕྱོགས་པར་བྱེད་པའི་ཚོགས་ཀྱི་སྒྲུབ་པ་སྐྱེ་བས་སོ། །གཉིས་པ་རྩ་བ་ནི། ཤེས་པར་བྱ། ཇི་ལྟར་ན། ཚོགས་ཀྱི་སྒྲུབ་པའི་རིམ་པ་ཡིན་པས་སོ། །གང་ཞིག་ན། བརྩེ་བ་ནས་སྙིང་པོའི་བར་རྣམས་སོ། །དེ་དག་ཀྱང་མདོ་ལས། བརྩེ་བ་ནས་ཟུང་དུ་འབྲེལ་བའི་བར་བཅུ་ནི་གོ་ཆའི་སྒྲུབ་པ་ལས་འཕྲོས་ནས་གོ་ཆ་ཆེན་པོ་བགོས་པ་ཞེས་བརྗོད་ན། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་བགོས་པ་ཞེས་བགྱི་བ་ལགས་ཞེས་པའི་ལན་དུ་གོ་ཆའི་སྒྲ་འཇུག་པའི་རྒྱུ་མཚན་གྱི་སྒོ་ནས་སྟོན་ནོ། །ཐབས་མཁས་མན་ཆད་བདུན་ནི། འཇུག་སྒྲུབ་ལས་འཕྲོས་ནས། བཅོམ་ལྡན་འདས་བྱང་ཆེན་གྱི་ཐེག་པ་ཆེན་པོ་གང་ལགས། ཇི་ཙམ་གྱི་ན་བྱང་ཆེན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རིག་པར་བགྱིད་ལ། ཐེག་པ་དེས་གང་ནས་བྱང་ཆུབ་པ་ལགས། ཐེག་པ་དེ་དག་དུ་གནས་པར་འགྱུར་ལ། ཐེག་པ་དེས་གང་ཞིག་འབྱུང་བར་འགྱུར་ལགས་ཞེས་ཤེས་རབ་དང་སྙིང་རྗེའི་སྦྱོར་བ་དང་། དེ་དག་ཕན་ཚུན་ཐ་མི་དད་པ་དང་། མི་མཐུན་པའི་ཕྱོགས་ལས་འདས་པ་དང་། སྦྱོར་བ་ཤིན་ཏུ་ཡངས་པ་དང་། རྟོགས་པའི་དབང་དུ་མཛད་ནས་དྲི་བ་ལྔའི་ལན་ཉེ་བར་བསྟན་པའི་སྒོ་ནས་སྟོན་པར་མཛད་དེ། དེ་ལ་ཐབས་མཁས་ནས་གཟུངས་ཀྱི་བར་ལྔ་ནི་དྲི་བ་དང་པོའི་ལན་ཐེག་ཆེན་གྱི་ངོ་བོ་བསྟན་པའི་སྒོ་ནས་གསུངས་ལ། སའི་ཚོགས་ནི་དྲི་བ་གཉིས་པའི་ལན་བསྟན་པའི་སྒོ་ནས་གསུངས་ཤིང་། གཉེན་པོའི་ཚོགས་ནི་དྲི་བ་ཐ་མ་གསུམ་གྱི་ལན་བསྟན་པའི་སྒོ་ནས་གསུངས་ཏེ། དེ་ཡང་དྲི་བ་གསུམ་པའི་ལན་ནི། རབ་འབྱོར་གྱིས་གང་ཡང་འདི་སྐད་དུ་ཐེག་པ་དེ་གང་ནས་འབྱུང་བར་འགྱུར་ཞེས་སྨྲས་པ་ནི། དེ་མི་དམིགས་པའི་ཚུལ་གྱིས་ཁམས་གསུམ་ནས་འབྱུང་བར་འགྱུར་ཞིང་། གཉིས་སུ་མེད་པའི་ཚུལ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར་གནས་པར་འགྱུར་རོ། །ཞེས་གཉེན་པོའི་ཚོགས་མདོར་བསྟན་པ་གསུངས་ཤིང་། དྲི་བ་བཞི་པའི་ལན་ནི། རབ་འབྱོར་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་དེ་གང་དུ་གནས་པར་འགྱུར་ཞེས་ཟེར་བ་དེ་ནི། ཐེག་པ་དེ་གང་དུ་ཡང་གནས་པར་མི་འགྱུར་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་གནས་པ་མེད་པའི་ཕྱིར་ཏེ། འོན་ཀྱང་ཐེག་པ་དེ་ནི་མི་གནས་པའི་ཚུལ་གྱི་གནས་པར་འགྱུར་རོ་ཞེས་སོགས་སྒོམ་ལམ་གྱིས་གཟུང་རྟོག་དང་པོའི་གཉེན་པོའི་དབང་དུ་མཛད་ནས་གསུངས་ཤིང་། དྲི་བ་ལྔ་པའི་ལན་ནི། རབ་འབྱོར་གང་ཡང་ཁྱོད་ཀྱིས་ཐེག་པ་དེ་སུ་ཞིག་གིས་ངེས་པར་འབྱུང་བར་འགྱུར་ཞེས་ཟེར་བ་དེ་ཐེག་པ་དེས་སུའང་འབྱུང་བར་འགྱུར་བ་མེད་དོ་ཞེས་སྒོམ་ལམ་གྱི་གཟུང་རྟོག་གཉིས་པའི་གཉེན་པོའི་དབང་དུ་མཛད་ནས་གསུངས་སོ། །གསུམ་པ་འགྲེལ་པ་ལ་ཚོགས་སུ་འཇོག་པའི་རྒྱུ་མཚན། ཇི་ལྟར་བསྒྲུབ་པའི་ཚུལ། གྲངས་ངེས་པ། སོ་སོའི་རང་བཞིན་བསྟན་ནས་གོ་རིམ་ངེས་པ་དང་བཞིའི་དང་པོ་ནི། སྙིང་རྗེ་ཆེན་པོ་ལ་སོགས་པ་ནི་ཆོས་ཅན། ཚོགས་ཀྱི་སྒྲུབ་པ་ཡིན་ཏེ། བྱང་ཆེན་དངོས་སུ་འབྱིན་པར་བྱེད་པའི་རྒྱུའི་ཚོགས་པ་ཡིན་པས་སོ། །དེའི་རྒྱུ་མཚན་ཡང་། འདི་དག་གིས་ཡང་དག་པར་གྲུབ་པའི་ངོ་བོས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་དུ་བྱང་ཆུབ་ཆེན་པོ་འབྲས་བུར་འཛིན་པར་བྱེད་པའི་ཕྱིར་རོ། །གཉིས་པ་ནི། ཅིའི་ཕྱིར་འདི་དག་གིས་བྱང་ཆེན་འབྲས་བུར་འཛིན་པར་བྱེད་ཅེ་ན། ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་དེ་ཡི་འདའ་བར་མཚན་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་ནས་རྒྱུད་ལ་བསྐྱེད་ཅིང་དོན་དམ་པ་ལ་བ རྟེན་ནས་བདེན་པར་མི་དམིགས་པས་རྒྱུ་དང་འབྲས་བུས་བསྡུས་པའི་ཐེག་པ་ཆེན་པོའི་དོན་མཐའ་དག་སྒྲུབ་པའོ། །དེ་དག་ཀྱང་རྣམ་པ་དུ་ཞིག་ཅེ་ན། སྙིང་རྗེ་ལ་སོགས་པ་རྣམ་པ་བཅུ་བདུན་ནོ། །

གསུམ་པ་གྲངས་ངེས་ནི། འདི་ཐམས་ཅད་ཀྱང་གཉིས་སུ་བསྡུ་སྟེ། གང་བགྲོད་པ་བྱང་སེམས་གོ་ཆ་ཆེན་པོ་བགོས་པར་འཇོག་བྱེད་ཀྱི་ཆོས་དང་། གང་གིས་བགྲོད་པ་ཐེག་ཆེན་གྱི་རང་བཞིན་ཏེ། དེ་དག་ཀྱང་གོ་རིམ་བཞིན་དུ་དང་པོ་བཅུ་དང་། ཐ་མ་བདུན་ཏེ། དང་པོ་ཡང་བསམ་པ་དང་། སྦྱོར་བ་དང་། སྲིད་ཞིའི་མཐའ་ལས་འཛིན་པར་བྱེད་པའི་ཆོས་དང་གསུམ་སྟེ། གཅིག་དང་། དྲུག་དང་། གསུམ་དང་གོ་རིམ་བཞིན་ནོ། །གཉིས་པ་ལ་ཡང་བགྲོད་བྱེད་ལམ་གྱི་རང་བཞིན། དེས་ཇི་ལྟར་བགྲོད་ཚུལ་གཉིས་ཀྱི། དང་པོ་ལ་ཡང་ལམ་གྱི་ཁྱད་པར་རྒྱུ་ངོ་བོ་འབྲས་བུ་བཞིའི་དབང་དུ་བྱས་ནས་ཐབས་མཁས་ལ་སོགས་པ་ལྔ་གོ་རིམ་བཞིན་དུ། གཅིག་དང་གཉིས་དང་། གཅིག་དང་གཅིག་གོ །གཉིས་པ་ནི། ས་དང་སྙིང་པོ་སྟེ། མཐོང་བ་དང་སྒོམ་པའི་རང་བཞིན་གྱིས་ལམ་གྱི་རྟོགས་པ་ཕྱི་མ་དང་ཡོན་ཏན་རྣམས་ཀྱི་གཞི་བྱེད་པ་དང་། མི་མཐུན་ཕྱོགས་སྤོང་བྱེད་ཀྱི་གཉེན་པོའི་སྒོ་ནས་རྣམ་མཁྱེན་དུ་བགྲོད་པར་བྱེད་པའི་ཕྱིར་རོ། །དེ་བས་ན་འདི་དག་ལས་མང་མི་དགོས་ཤིང་ཉུང་ན་མི་འདུས་པས་ཚོགས་ཀྱི་སྒྲུབ་པ་བཅུ་བདུན་ནོ། །བཞི་པ་ནི། གཞན་དོན་དུ་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པར་བསམ་པས་གོ་གོས་པའི་གོ་ཆའི་སྒྲུབ་པ་དང་ལྡན་པའི་བྱང་སེམས་ནི་སྦྱོར་བ་ཁྱད་པར་ཅན་དང་ལྡན་པས་གཞན་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་སྙིང་རྗེ་ཆེན་པོ་མངོན་དུ་བྱེད་དོ། །སྙིང་རྗེས་ཡིད་གདུང་པ་རྣམས་ནི་སྦྱིན་པས་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་བསལ་སྟེ་ཚེ་འདིའི་བདེ་བ་ཉེ་བར་སྒྲུབ་པ་དང་། ཚུལ་ཁྲིམས་ཀྱིས་བདེ་འགྲོའི་རྒྱུ་ལ་བཀོད་པས་མ་འོངས་པའི་བདེ་བ་ཉེ་བར་སྒྲུབ་པ་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་རྣམས་ཀྱི་ཏིང་ངེ་འཛིན་གྱི་བདེ་བ་ལ་བཀོད་པའི་སྒོ་ནས་སྡུག་བསྔལ་དང་མ་འདྲེས་པ་གཅིག་ཏུ་ངེས་པའི་བདེ་བ་སྒྲུབ་པ་དང་། ཤེས་རབ་ཀྱི་མྱང་འདས་ལ་བཀོད་པས་གཏན་དུ་བའི་བདེ་བ་ཉེ་བར་བསྒྲུབས་པས་ན་ཕྱིན་དྲུག་གི་སྒོ་ནས་གཞན་རྗེས་སུ་འཛིན་ནོ། །དེ་དག་ཀྱང་མཚན་འཛིན་དང་འབྲེལ་བས་འཁོར་བར་འཆིང་བས། དེའི་ཕྱིར་བྱེད་པ་པོ་དང་ལས་སུ་མི་དམིགས་པའི་སྟོང་པ་ཉིད་ལ་སེམས་གཅིག་པའི་ཞི་གནས་དང་། ཞི་གནས་དང་ལྡན་པ་ལ་ལྷག་མཐོང་སྐྱེ་བས་སྟོང་པ་ཉིད་རྟོགས་པའི་ལྷག་མཐོང་དང་། ཐབས་དང་བྲལ་བའི་སྟོང་པ་ཉིད་ལ་དམིགས་པའི་ལྷག་མཐོང་གིས་ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལྷུང་བར་འགྱུར་བས་ཤེས་རབ་དང་སྙིང་རྗེ་ཟུང་དུ་འབྲེལ་བ་དང་། ཟུང་དུ་འཇུག་པའི་ལམ་གྱི་ཚོགས་དང་ལྡན་པ་ནི་རྣམ་མཁྱེན་ཡིད་ལ་བྱེད་པས་སེམས་ཅན་གྱི་དོན་སྒྲུབ་པའི་ཕྱིར་གཞན་དོན་བྱེད་པའི་ཐབས་མཁས་དང་། ཐབས་མཁས་དང་ལྡན་པ་ནི་ཡེ་ཤེས་ཀྱི་ཚོགས་ལ་སློབ་པའི་ཕྱིར་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་དང་། ཤེས་རབ་རྣམ་པར་དག་པ་དང་ཏིང་ངེ་འཛིན་དང་ལྡན་པའི་སེམས་ཅན་གྱི་དོན་བྱེད་པ་ལ་བསོད་ནམས་འབྱུང་བས་བསོད་ནམས་དང་། ཚོགས་གཉིས་གོམས་པར་བྱས་པ་ནི་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་ལམ་ལ་འབད་པས་མཐོང་བ་དང་སྒོམ་པ་ལ་དགོས་པའི་ལམ་དང་ལྡན་པ་ནི་ཚིག་དང་དོན་བསྐལ་པ་མང་པོར་མི་བརྗེད་པའི་དྲན་པ་བཏུགས་པ་མེད་པར་འགྱུར་བའི་ཕྱིར་ཚིག་ལོབས་པའི་གཟུངས་ཀྱི་ཚོགས་ཏེ། འདི་ལ་བཞི། དང་པོ་གཟུངས་ཀྱི་ངོ་བོ་ནི། ཏིང་ངེ་འཛིན་དང་མཚུངས་པར་ལྡན་པའི་དྲན་པ་དང་ཤེས་རབ་ཡིན་ལ། གསང་སྔགས་ནི་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པའོ། །གཉིས་པ་དབྱེ་བ་ནི། ཨ་ར་པ་ཙ་ན་ལ་སོགས་པའི་ཡི་གེ་ལ་དམིགས་ནས་ཨ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ་མ་སྐྱེས་པའི་ཕྱིར་ཞེས་ཡི་གེ་སྟོང་པ་ཉིད་དུ་སྒྲོ་བཏགས་ཏེ་བསྒོམས་པས་གོམས་པ་ཡོངས་སུ་རྫོགས་པ་ན་སྟོང་ཉིད་ལ་མི་སྐྲག་པའི་ཏིང་ངེ་འཛིན་དང་ཤེས་རབ་ནི་བཟོད་པའི་གཟུངས། དེ་ནས་སངས་རྒྱས་དང་བྱང་སེམས་ཀྱིས་བསྟན་པའི་ཆོས་རྣམས་ཀྱི་ཚིག་དང་དོན་གོ་རིམ་དེ་ཉིད་ཀྱི་ཡུན་རིང་དུ་འཛིན་པར་ནུས་པ་ནི་ཚིག་དང་དོན་གྱི་གཟུངས་སོ། །ཏིང་ངེ་འཛིན་དང་ཤེས་རབ་ཀྱི་སྟོབས་ཀྱིས་སྡིག་པ་ཞི་བ་ལ་སོགས་པ་གཞན་སྐྱོབ་པར་ནུས་པའི་གསང་སྔགས་བརྩོམ་པར་ནུས་པ་གསང་སྔགས་ཀྱི་གཟུངས་སོ། །གསུམ་པ་ས་མཚམས་ནི། ཚིག་དང་དོན་གྱི་གཟུངས་ཚོགས་ལམ་ཆེན་པོ་ནས་དང་། བཟོད་པའི་གཟུངས་སྦྱོར་ལམ་ནས་དང་། གསང་སྔགས་ཀྱི་གཟུངས་མཐོང་ལམ་ནས་སོ། །བཞི་པ་སྒྲ་དོན་ནི། འཛིན་པར་བྱེད་པས་ན་གཟུངས་ཏེ་ཚིག་དང་དོན་འཛིན་པས་སམ། ལེགས་པའི་ལམ་ལས་མི་ཉམས་པར་འཛིན་པས་སོ། །གཟུངས་ཐོབ་པའི་གནས་སྐབས་ཀྱི་རྟོགས་པ་རྣམས་རྟོགས་པ་ཕྱི་མའི་རྟེན་བྱེད་པ་དང་ཡོན་ཏན་གྱི་གཞི་བྱེད་པའི་ཕྱིར་ས་དང་། མི་མཐུན་ཕྱོགས་སྤོང་བའི་ཕྱིར་གཉེན་པོའི་ཚོགས་སོ། །དེས་ན་འདི་དག་གི་གོ་རིམ་ནི་བཤད་པའི་རིམ་པའོ། །

གཉིས་པ་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་ལ། ཡེ་ཤེས་དང་། ས་དང་། གཉེན་པོའི་ཚོགས་བྱེ་བྲག་ཏུ་བཤད་པ་གསུམ་གྱི་དང་པོ་ལ། ཡུལ་སྟོང་ཉིད་ཉི་ཤུ་དང་། ཡུལ་ཅན་དེ་རྟོགས་ཀྱི་ཡེ་ཤེས་གཉིས་ཀྱི་དང་པོ་ལ། སྟོང་གཞི་ངོས་གཟུང་དེ་ཇི་ལྟར་སྟོང་པའི་ཚུལ། ཞར་ལ་ཡེ་ཤེས་ཀྱི་དམིགས་པ་གང་ཡིན་དཔྱད་པ་གསུམ་གྱི། དང་པོ་ནི། སྟོང་ཉིད་ཉི་ཤུ། འདིར་བར་སྐབས་ཀྱི་ཚིགས་སུ་བཅད་པས་སྨྲས་པ། ནང་དང་ཞེས་སོ། །དེ་ལ་ནང་ནི་མིག་སོགས་ནང་གི་སྐྱེ་མཆེད་རྣམས་ཏེ། བདག་ཏུ་འཛིན་པའི་གཞི་ཡིན་པའི་ཕྱིར་རོ། །ཕྱི་ནི་གཟུགས་སོགས་ཕྱིའི་སྐྱེ་མཆེད་རྣམས་ཏེ། སེམས་ཀྱིས་མ་ཟིན་པའི་ཕྱིར་རོ། །ཕྱི་ནང་གཉིས་ཀ་ནི། དབང་པོའི་རྟེན་གྱིས་བསྡུས་པ་རྣམས་ཏེ། སེམས་ཀྱིས་ཟིན་པ་དང་དབང་པོས་མ་བསྡུས་པའི་ཕྱིར་རོ། །སྟོང་པའི་དངོས་པོ་ནི་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་གཞི་སྟེ། སྟོང་པ་ཉིད་ལ་དམིགས་པའི་ཤེས་པའོ། །ཕྱོགས་བཅུ་ནི་ཆེན་པོ་སྟོང་པ་ཉིད་ཀྱི་གཞི་སྟེ། དེ་རྣམས་ནི་ཕྱོགས་ཀྱི་ངོས་མ་ལུས་པ་ཁྱབ་པས་དབྱིབས་ཆེ་བའི་ཕྱིར་རོ། །མྱ་ངན་ལས་འདས་པ་ནི་དོན་དམ་པར་སྟོང་པ་ཉིད་ཀྱི་གཞི་སྟེ། སྐྱེས་བུའི་དགོས་པའི་མཆོག་ཡིན་པའི་ཕྱིར་དོན་དམ་པའོ། །འདོད་པ་ལ་སོགས་པ་རྐྱེན་ལས་སྐྱེས་པ་རྣམས་ནི་འདུས་བྱས་སྟོང་པ་ཉིད་ཀྱི་གཞིའོ། །ནམ་མཁའ་ལ་སོགས་པ་ནི་གཅིག་ཤོས། འདུ་བྱས་རྣམས་ནི་འདུས་མ་བྱས་སྟོང་པ་ཉིད་ཀྱི་གཞིའོ། །རྟག་པ་དང་ཆད་པའི་མཐའ་གཉིས་ལས་འདས་ཤིང་དེ་གཉིས་སྤངས་པའི་དབུས་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་གཞིའོ། །ཐོག་མ་དང་བར་དང་ཐ་མ་མེད་པ་འཁོར་བ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་གཞིའོ། །བྲལ་ཞིང་སྤངས་ལ་ཡོངས་སུ་བཏང་བའི་མཚན་ཉིད་ཅན་གྱི་དོར་བ་ལས་བཟློག་པའི་དོར་བ་མེད་པ་ནི། དོར་བ་མེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་གཞིའོ། །ཆོས་རྣམས་ཀྱི་རང་བཞིན་ནི་འཕགས་པ་རྣམས་ཀྱི་ཤེས་པ་དང་མཐོང་བས་མ་མཛད་པའི་ཕྱིར་རང་བཞིན་ཏེ། རང་བཞིན་སྟོང་པ་ཉིད་ཀྱི་གཞིའོ། །གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ཀུན་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་གཞིའོ། །ཆོས་རྣམས་ཀྱི་སྐྱེ་བ་དང་འགག་པ་ལ་སོགས་པ་སྤྱིའི་མཚན་ཉིད་དང་གཟུགས་སུ་རུང་བ་ལ་སོགས་པ་རང་གི་མཚན་ཉིད་རྣམས་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་གཞིའོ། །འདས་མ་འོངས་སོགས་དུས་གསུམ་ནི་ཕན་ཚུན་གཅིག་ལ་གཅིག་མི་དམིགས་པས་ན་མི་དམིགས་པ་སྟོང་པ་ཉིད་ཀྱི་གཞིའོ། །དངོས་པོ་རྣམས་ཀྱི་རྒྱུན་ལྡན་པ་སྟེ་ཚོགས་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་གཞིའོ། །དེ་ལས་གཅིག་ཤོས་ངོ་བོ་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་དངོས་པོ་སྟོང་པ་ཉིད་ཀྱི་གཞི་སྟེ། མདོར་བསྡུ་ན་དངོས་པོ་ཐམས་ཅད་ཕུང་པོ་ལྔར་འདུས་པའི་ཕྱིར་རོ། །ནམ་མཁའ་ལ་སོགས་པ་དངོས་པོ་མེད་པ་རྣམས་ནི་དངོས་པོ་མེད་པའི་སྟོང་པ་ཉིད་ཀྱི་གཞིའོ། །ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་འཕགས་པ་རྣམས་ཀྱི་ཤེས་མཐོང་གིས་མ་མཛད་པའི་རང་རང་གི་ངོ་བོ་སྟེ་དེ་ནི་རང་གི་ངོ་བོ་སྟོང་པ་ཉིད་ཀྱི་གཞི་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་བྱོན་ཡང་རུང་མ་བྱོན་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་ནི་གནས་སོ་ཞེས་པས་བྱེད་པ་པོ་གཞན་གྱིས་སྟོང་པའི་ཕྱིར་སྟོང་པ་ཉིད་ལ་ཆོས་ཀྱི་གཞན་གྱི་ངོ་བོ་ཉིད་ཅེས་བྱ་ལ། དེ་ནི་གཞན་གྱི་ངོ་བོ་སྟོང་པ་ཉིད་ཀྱི་གཞིའོ། །རང་བཞིན་དང་རང་གི་ངོ་བོ་དང་གཞན་གྱི་ངོ་བོ་སྟོང་པ་ཉིད་གསུམ་གྱི་གཞི་གཅིག་ཡིན་ཡང་། དང་པོ་ནི་ཆོས་རྣམས་ཀྱི་རང་བཞིན་བདེན་པར་སྒྲོ་འདོགས་པའི་གཉེན་པོ་དང་། གཉིས་པ་ནི། ཆོས་རྣམས་ཀྱི་སྟོང་པ་ཉིད་འཕགས་པའི་ཤེས་མཐོང་གིས་གསར་དུ་བྱས་སམ་སྙམ་པའི་གཉེན་པོར་ཐ་མ་ནི་སྟོང་པ་ཉིད་ལ་གཞན་གྱིས་ཀུན་བཏགས་པའི་བྱེད་པ་པོ་དགག་པའི་ཕྱིར་ཡིན་ནོ། །གཉིས་པ་ནི། དེ་ལྟར་ནང་ལ་སོགས་པའི་ཆོས་ཅན་ཉི་ཤུ་པོ་དེ་དག་དོན་དམ་པར་ཐེར་ཟུག་རྟག་པའམ་སྐད་ཅིག་དང་རྒྱུན་གྱི་མི་རྟག་པར་མ་གྲུབ་པ་དང་རང་རང་གི་ངོ་བོས་སྟོང་པའི་ཕྱིར་ན་གཞན་གྱི་ངོ་བོ་སྟོང་པ་ཉིད་ཀྱི་བར་སྟོང་པ་ཉིད་ཉི་ཤུར་འདོད་དོ། །གསུམ་པ་ལ། འཐད་པའི་ཕྱོགས་དགོད། མི་འཐད་པའི་ཕྱོགས་དགག་པ་གཉིས་ཀྱི་དང་པོ་ལ་དངོས་དང་། རྩོད་པ་སྤང་བ་གཉིས་ཀྱི་དང་པོ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དམིགས་པ་གང་ཡིན་ཞེ་ན། ཁ་ཅིག་ནི་སྟོང་ཉིད་ཡན་གར་བ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོང་པ་ཉིད་ལ་དམིགས་སོ། །ཞེས་ཟེར་རོ། །ཕྱི་མ་འདི་ཉིད་རིགས་པ་ཡིན་ཏེ། འདི་ལྟར་གང་དང་གང་ཤེས་པ་ཡིན་པ་དེ་ནི་རང་བཞིན་གྱིས་སྟོང་པའི་ཆོས་ལ་དམིགས་ཏེ། དཔེར་ན། རྨི་ལམ་དུ་རྟ་གླང་ལ་སོགས་པ་རང་བཞིན་གྱིས་སྟོང་པ་ཉིད་ལ་དམིགས་པ་བཞིན། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་ཤེས་པ་ཡིན་ནོ། །ཞེས་བྱ་བ་རང་བཞིན་གྱི་གཏན་ཚིགས་སོ། །དམིགས་པ་མངོན་སུམ་མ་ཡིན་ན། །དོན་མཐོང་རབ་ཏུ་གྲུབ་མ་ཡིན། །ཞེས་ཤེས་པ་མ་གྲུབ་ན་ཡུལ་མི་རྟོགས་པས་གཏན་ཚིགས་མ་གྲུབ་པ་མ་ཡིན་ལ་མཐུན་ཕྱོགས་ལ་ཡོད་པས་འགལ་བ་མ་ཡིན་ལ། ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་མ་ཡིན་པ་ལ་གཅིག་དང་དུ་བྲལ་ལ་སོགས་པའི་གཏན་ཚིགས་ཀྱིས་གནོད་པའི་ཕྱིར་མ་ངེས་པ་མ་ཡིན་ནོ། །གཉིས་པ་ནི། གང་དམིགས་པ་ཡིན་པ་དེ་ནི་མེད་པ་ཡིན་ཏེ། ཟླ་གཉིས་ལ་སོགས་པ་བཞིན། ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་འདི་ཡང་དམིགས་པ་ཡིན་པའི་ཕྱིར་མེད་པར་འགྱུར་ལ། དེས་ན་ཆོས་ཐམས་ཅད་ཀྱི་རང་བཞིན་ཡོད་པར་འགྱུར་ཏེ། དགག་པ་བཀག་པ་སྒྲུབ་པ་ཡིན་པས་སོ་ཞེ་ན། སྐྱོན་མེད་དེ། ལྷས་སྦྱིན་གསོད་བྱེད་མཆོད་སྦྱིན་བསད་པས་ལྷས་སྦྱིན་སླར་མི་འབྱུང་བ་བཞིན་དུ་གང་གི་ཕྱིར་དངོས་པོར་སྒྲོ་འདོགས་པའི་མཐའ་ལྷས་སྦྱིན་དང་འདྲ་བ་དེའི་གསོད་བྱེད་རང་བཞིན་གྱིས་སྟོང་པ་མཆོད་སྦྱིན་དང་འདྲ་བ་སྟོང་པ་ཉིད་ཀྱིས་བསད་པས་སླར་འབྱུང་བ་མ་ཡིན་པའི་ཕྱིར་རོ། །འདིར་འགྲེལ་ཆེན་དུ་འགྱུར་ཅུང་ཟད་འཁྲུགས་སོ། །གཉིས་པ་ནི། སྟོང་ཉིད་ཡན་གར་བ་ཡེ་ཤེས་ཀྱི་དམིགས་པ་ཡིན་པའི་ཕྱོགས་ལ་ནི། ཡེ་ཤེས་དངོས་པོ་མེད་པའི་སྤྱོད་ཡུལ་ཅན་གཅིག་ཏུ་འགྱུར་ཞིང་དེ་ལྟ་ན་ཡང་དམིགས་པ་དག་པ་ཁྱད་པར་དུ་མི་འགྱུར་བ་དང་། སྟོང་པ་ཉིད་ཀྱང་འདུས་བྱས་སུ་ཐལ་བར་འགྱུར་ཏེ། གོ་རིམ་བཞིན་དུ་ཡེ་ཤེས་དང་དེའི་སྟོང་པ་ཉིད་དག་དངོས་པོ་དང་དངོས་པོ་མེད་པ་ཉིད་ཀྱིས་ཕན་ཚུན་ཐ་དད་མ་ཡིན་པར་རྣམ་པར་རྟོག་པའི་ཕྱིར་རོ། །ཞེས་འགྲེལ་ཆེན་ལས་བཤད་ཀྱང་ཧ་ཅང་འགྲིག་པར་མ་མཐོང་བས་དཔྱད་དོ། །གཉིས་པ་ལ་ངོ་བོ་དབྱེ་བ། ས་མཚམས་གསུམ་གྱི། དང་པོ་ནི། དེ་ལ་ཡེ་ཤེས་ཀྱི་ཚོགས་ནི། ལས་དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་གྱི་སྟོང་པ་ཉིད་ཀྱི་ཡུལ་ཅན་གྱི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་རྣམས་སོ། །གཉིས་པ་ནི། ནང་སྟོང་པ་ཉིད་ནས་གཞན་གྱི་ངོ་བོ་སྟོང་པ་ཉིད་ཀྱི་བར་གྱི་བྱེ་བྲག་གི་རྣམ་པ་ཉི་ཤུའོ། །གསུམ་པ་ནི། ནང་དང་ཕྱི་དང་གཉིས་ཀ་སྟོང་པ་ཉིད་ཀྱི་ཡེ་ཤེས་གསུམ་ནི་མོས་སྤྱོད་ཀྱི་ས་དང་། སྟོང་པ་ཉིད་སྟོང་པ་ཉིད་ནི་སྦྱོར་ལམ་ལ་བཤད་པ་ལ། ལོ་ཙཱ་བ་ཆེན་པོ་མོས་སྤྱོད་ཚོགས་ལམ་དང་། སྦྱོར་ལམ་ངེས་འབྱེད་ཆ་མཐུན་ལ་བྱའོ་ཞེས་གསུངས་ལ། འབྲེ་དང་ཨར་མོས་སྤྱོད་སྦྱོར་ལམ་སྤྱི་དང་། ཕྱི་མ་ཆོས་མཆོག་ལ་འཆད་དོ། །ཆེན་པོ་སྟོང་པ་ཉིད་ནས་དོར་བ་མེད་པ་སྟོང་པ་ཉིད་ཀྱི་བར་བདུན་ནི་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བར་རྟོགས་པ་ལ་སོགས་པའི་དོན་ཉིད་ཀྱི་ཕྱིར་གོ་རིམ་བཞིན་དུ་ས་དང་པོ་ནས་བདུན་པའི་བར་དང་། རང་བཞིན་དང་ཆོས་ཐམས་ཅད་སྟོང་པ་ཉིད་ནི། འཕེལ་འགྲིབ་མེད་པའི་དོན་དང་རྣམ་པར་མི་རྟོག་པ་དང་ཞི་དག་པ་ལ་དབང་བ་གཉིས་ཀྱི་རྟེན་ཡིན་པའི་ཕྱིར་ས་བརྒྱད་པ་དང་། རང་གི་མཚན་ཉིད་མི་དམིགས་པ་སྟོང་པ་ཉིད་ནི་ཡེ་ཤེས་ལ་དབང་བའི་རྟེན་ཡིན་པས་ན་ས་དགུ་པ་དང་། དངོས་པོ་མེད་པའི་ངོ་བོ་སྟོང་པ་ཉིད་དང་དངོས་པོ་སྟོང་པ་ཉིད་ནི་ལས་ལ་དབང་བའི་རྟེན་ཡིན་པ་ཉིད་ཀྱི་ན་ས་བཅུ་པ་ལ་བཞག་གོ །དངོས་པོ་མེད་པ་དང་རང་གི་ངོ་བོ་དང་གཞན་གྱི་ངོ་བོ་སྟོང་པ་ཉིད་གསུམ་ནི་གོ་རིམ་བཞིན་དུ་ཉོན་མོངས་པའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པའི་རྟེན་ཡིན་པའི་ཕྱིར་དང་། ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པའི་རྟེན་ཡིན་པའི་ཕྱིར་དང་། རང་བྱུང་གི་རྟེན་ཡིན་པའི་དོན་གྱིས་ན་སངས་རྒྱས་ཀྱི་ས་ལ་ཡིན་པ་ཤེས་པར་བྱའོ། །ཞེས་འགྲེལ་ཆེན་ལས་བཤད་དོ། །

གཉིས་པ་ཚོགས་བྱེ་བྲག་དུ་བཤད་པ་ལ། སྤྱི་དང་། ཡན་ལག་གི་དོན་གཉིས་ཀྱི། དང་པོ་ལ། སའི་ངོ་བོ། དབྱེ་བ། ཁྱད་ཆོས། འཕོ་ཚུལ། སྒྲ་དོན་དང་ལྔའི་དང་པོ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་དབྱིངས་ཀྱི་ཡུལ་ཅན་གྱི་ཟག་པ་མེད་པའི་ཡེ་ཤེས་སྙིང་རྗེ་ཆེན་པོ་དང་བསྔོོ་བ་དང་སྨོན་ལམ་ལ་སོགས་པ་ཐབས་ཀྱིས་ཡོངས་སུ་ཟིན་པ་ནི་རྟོགས་པ་ཕྱི་མ་དང་ཡོན་ཏན་གྱི་རྟེན་བྱེད་པའི་ཕྱིར་ས་ཞེས་བྱའོ། །གཉིས་པ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་རང་གི་ངོ་བོ་ལ་དབྱེ་བ་མེད་ཀྱང་། རྣམ་སྨིན་གྱི་ལུས་ཡོངས་སུ་འཛིན་པ་དང་། ཡོན་ཏན་གྱི་གྲངས་དང་། ཕ་རོལ་ཏུ་ཕྱིན་པ་བཅུའི་ཡོན་ཏན་ཡོངས་སུ་དག་པའི་ཁྱད་པར་གྱི་ས་དང་པོ་རབ་ཏུ་དགའ་བ་ནས་ས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་རྣམ་པར་དབྱེ་བའོ། །གསུམ་པ་ལ་གསུམ་གྱི་དང་པོ་ལུས་འཛིན་པའི་ཁྱད་པར་ནི། ས་བཅུ་པོ་ལ་རིམ་པ་བཞིན་དུ། འཛམ་བུ་གླིང་གི་རྒྱལ་པོ་དང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། བརྒྱ་བྱིན་དང་། མཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་དང་། སྟོང་གི་བདག་པོ་ཚངས་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་བདག་པོ་ཚངས་པ་ཆེན་པོ་དང་། འོག་མིན་དུ་ལྷའི་བུ་དབང་ཕྱུག་ཆེན་པོ་རྣམས་སུ་རྣམ་སྨིན་འཛིན་པར་འགྱུར་རོ། །གཉིས་པ་ཡོན་ཏན་གྱི་གྲངས་ནི། དང་པོར་སྐད་ཅིག་མ་གཅིག་ལ་སྤྲུལ་སྐུའི་སངས་རྒྱས་བརྒྱ་མཐོང་། དེ་དག་གིས་བྱིན་གྱིས་རླབས་པ་ཤེས། ཏིང་ངེ་འཛིན་བརྒྱ་ལ་འཇུག །འཇིག་རྟེན་གྱི་ཁམས་བརྒྱ་གཡོ་ཞིང་། བརྒྱར་འགྲོ། འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད། སེམས་ཅན་བརྒྱ་སྨིན། བསྐལ་པ་བརྒྱར་གནས། དེ་དག་གི་སྔོན་དང་ཕྱི་མའི་མཐའ་ལ་འཇུག །ཆོས་ཀྱི་སྒོ་བརྒྱ་འབྱེད། ལུས་བརྒྱ་སྟོན། ལུས་རེ་རེ་ལ་བྱང་སེམས་ཀྱི་འཁོར་བརྒྱ་ཕྲག་རེ་སྟོན་པ་སྟེ། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་བོ། །དེ་བཞིན་དུ་ས་གཉིས་པ་ལ་སྟོང་འགྱུར་དང་། ས་གསུམ་པ་ལ་འབུམ་འགྱུར་དང་། ས་བཞི་པ་ལ་ཕྲག་ཁྲིག་དང་། ལྔ་པ་ལ་ཕྲག་ཁྲིག་ཕྲག་སྟོང་དང་། དྲུག་པ་ལ་ཕྲག་ཁྲིག་བརྒྱ་སྟོང་དང་། བདུན་པ་ལ་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དང་། བརྒྱད་པ་ལ་སྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་རྙེད་དང་། དགུ་པ་ལ་སངས་རྒྱས་ཀྱི་ཞིང་གྲངས་མེད་འབུམ་ཕྲག་བཅུའི་རྡུལ་རྙེད་དང་། བཅུ་པ་ལ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་རྙེད་རྣམས་འཐོབ་བོ། །གསུམ་པ་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་ནི། ས་བཅུ་པ་དེ་དག་ལ་གོ་རིམ་བཞིན་དུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུའི་ཡོན་ཏན་ཡོངས་སུ་དག་པ་ཐོབ་བོ། །གཞན་ཡང་རྨི་ལམ་གྱི་རྟགས་དང་གཟུངས་དང་སྤངས་པའི་ཁྱད་པར་ལ་སོགས་པ་གསེར་འོད་དམ་པའི་མདོ་ལས་གསུངས་པ་རྣམས་ནི་འདོད་ན་དེ་ཉིད་དུ་ལྟ་བར་བྱའོ། །བཞི་པ་ནི། ས་གང་གིས་ཡོངས་སུ་སྦྱོར་བར་འགྱུར་བའི་ཆོས་གང་ཡིན་པ་རྣམས་ཇི་སྲིད་མ་རྫོགས་པ་དེ་སྲིད་དུ་དུས་དེ་ཡིན་ལ་ཡོངས་སུ་རྫོགས་ནས་ས་གཞན་ཡིན་པར་ཤེས་པར་བྱའོ། །ལྔ་པ་ནི། སོ་སོའི་སྒྲ་དོན་འཆད་པར་འགྱུར་ལ། སྤྱིའི་སྒྲ་དོན་སའི་སྐད་དོད་བྷུ་མི་ཞེས་པ་ལ་ཡིག་གེ་བསྣན་པས་ངེས་ཚིག་གི་བཤད་ན། འབྱུང་པོ་དཔག་མེད་འཇིགས་པ་མེད་པར་བྱེད་པའམ། དཔག་ཏུ་མེད་པ་གོང་ནས་གོང་དུ་འགྲོ་བས་ན་ཞེས་པར་འགྱུར་ཏེ། མདོ་རྒྱན་ལས། འབྱུང་པོ་དཔག་མེད་འཇིག་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱི་ཕྱིར་གོང་དུ་འགྲོ་ལྡན་ཕྱིར། །དེ་དག་ཉིད་ནི་སར་འདོད་དོ། །ཞེས་སོ། །གཉིས་པ་ཡན་ལག་གི་དོན་ལ། སྤྱིའི་མཚམས་སྦྱར། སོ་སོའི་རང་བཞིན་གཉིས་ཀྱི་དང་པོ་ནི། སའི་ཚོགས་ལ་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཉི་ཤུ་རྩ་གསུམ་གསུངས་ཞེས་སྦྲེལ་ལོ། །དགོས་པ་ནི། ས་གང་གིས་སྐྱོན་ཟད་ཅིང་ཡོན་ཏན་རྫོགས་པའི་དོན་དུ་ཡོངས་སུ་སྦྱོང་བར་འགྱུར་བའི་ཆོས་གང་དག་ཡིན་པ་དེ་དག་བསྟན་པའི་ཕྱིར་རོ། །

འབྲས་བུ་ཡོངས་སྦྱོངས་བཤད་པ།

ལྔ་པ་ལ་རྒྱུའི་ས་དང་འབྲས་བུའི་ས་གཉིས་ཀྱི་དང་པོ་ལ་དགུའི་དང་པོ་ལ། རྩ་བ་དང་། འགྲེལ་པ་གཉིས་ཀྱི། དང་པོ་ལ་གང་གིས་སྦྱོང་བའི་ཆོས་དང་། ཇི་ལྟར་སྦྱོང་བའི་ཚུལ་གཉིས་ཀྱི། དང་པོ་ནི། འཆད་པར་འགྱུར་བའི་ཡོངས་སུ་སྦྱོང་བ་རྣམ་པ་བཅུ་ཡིས་ས་ནི་དང་པོའི་མི་མཐུན་ཕྱོགས་མ་ལུས་པ་ཟད་ཅིང་ཡོན་ཏན་ཡོངས་སུ་རྫོགས་པའི་སྒོ་ནས་འཐོབ་པར་འགྱུར་རོ། །དེ་དག་ཀྱང་གང་ཞེ་ན། བསམ་པ་དང་ཕན་པའི་དངོས་པོ་ཉིད་ཞེས་སོགས་སོ། །གཉིས་པ་ནི། བཅུ་པོ་འདི་དག་རང་བཞིན་མི་དམིགས་པར་ཉམས་སུ་བླངས་པས་ས་དང་པོའི་མི་མཐུན་ཕྱོགས་སྤངས་ཤིང་ཡོན་ཏན་ཡོངས་སུ་རྫོགས་པའི་སྒོ་ནས་ཡོངས་སུ་སྦྱོང་བར་ཤེས་པར་བྱའོ། །དེ་དག་ཀྱང་མདོ་ལས། ས་དང་པོ་ལ་གནས་པའི་ལྷག་པའི་བསམ་པ་ཡོངས་སུ་སྦྱོང་བ་གང་ལགས་ཞེས་པ་ནས། ཇི་སྐད་སྨོས་པ་དེ་ལྟར་བྱེད་པ་སྟེ་འདི་ནི་བདེན་པའི་ཚིག་ཡོངས་སུ་སྦྱོང་བའོ་ཞེས་པའི་བར་རོ། །གཉིས་པ་འགྲེལ་པ་ནི། ཇི་ལྟ་བ་བཞིན་ཞེས་པ་རྩ་བ་དང་འགྲེལ་པ་གོ་རིམ་བཞིན་སྦྱོར་བས་བསམ། གཞི་ནི་དགེ་བའི་ཆོས་ཐམས་ཅད་དེ། དེ་དག་ཡང་དག་པར་སྒྲུབ་པ་ལ་རང་དོན་ཡིད་བྱེད་ཀྱི་གྱ་གྱུ་མེད་པའི་བསམ་པ་དང་། རང་དང་གཞན་གྱི་དགོས་པ་སྒྲུབ་པ་ལ་ཕན་པ་སེམས་ཅན་གྱི་དོན་དུ་ཐེག་ཆེན་གྱི་ཆོས་ཡོངས་སུ་འཛིན་པ་དང་། ཚད་མེད་པ་བཞི་སྒྲུབ་པའི་སྒོ་ནས་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་ལ་སོགས་པའི་སེམས་རྩེ་གཅིག་པ་ཉིད་དང་། འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་སྦྱོར་བས་ཕྱི་ནང་གི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། རང་ལ་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་སྒོ་གསུམ་གྱི་བསྙེན་བཀུར་གྱིས་མགུ་བར་བྱེད་པ་དང་། རིགས་ཅན་གསུམ་གྱི་སྐལ་བ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པའི་ཕྱིར་ཐེག་པ་གསུམ་དུ་རྟོག་པའི་ཆོས་ཀྱི་དམིགས་པ་འདོད་པ་དང་། རྣམ་གཡེང་གི་གཞི་དང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་གེགས་སུ་མཐོང་བས་རྟག་ཏུ་ཁྱིམ་ན་གནས་པ་ལ་མངོན་པར་མི་དགའ་བ་དང་། སངས་རྒྱས་རྗེས་སུ་དྲན་པ་དང་མི་འབྲལ་བའི་སྒོ་ནས་རྣམ་པ་ཐམས་ཅད་དུ་ཞུམ་པ་མེད་པའི་སངས་རྒྱས་ཀྱི་སྐུ་འདོད་ཅིང་ཡིད་ལ་བྱེད་པ་དང་། མདོ་ལ་སོགས་པའི་དམ་པའི་ཆོས་སློབ་དཔོན་གྱི་དཔེ་མཁྱུད་མེད་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་སྟོན་པ་དང་། དམ་བཅས་པའི་དོན་ཡོངས་སུ་རྫོགས་པར་བྱེད་པས་བདེན་པར་སྨྲ་བ་ཉིད་ཅེས་བྱ་བ་དེ་ལྟ་བུའི་མཚན་ཉིད་ཀྱི་ཆོས་བཅུས་ས་དང་པོ་རབ་ཏུ་དགའ་བ་ཐོབ་པ་ཡིན་ནོ། །ཅིའི་ཕྱིར་ས་དང་པོ་ལ་རབ་ཏུ་དགའ་བ་ཞེས་བྱ་ཞེ་ན། བྱང་ཆུབ་དང་ནི་ཉེ་བ་དང་། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་བ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །ཞེས་པ་ལྟར་། སྔོན་མ་བྱུང་བའི་དེ་ཁོ་ན་ཉིད་རྟོགས་པའི་རབ་ཏུ་དགའ་བ་ཞེས་བྱའོ། །ཅིའི་ཕྱིར་ས་དང་པོ་ཐོབ་པ་ལ་ཆོས་བཅུ་དགོས་ཞེ་ན། ས་དང་པོའི་ཉེས་པ་མ་ལུས་པ་སྤངས་ཤིང་ཡོན་ཏན་རྣམ་པ་ཐམས་ཅད་དུ་རྫོགས་པར་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །སྦྱོང་བྱེད་ཀྱི་ཆོས་ཁྱད་པར་ཇི་ལྟ་བུས་འཐོབ་ཅེ་ན། ཡོངས་སུ་སྦྱོང་རྒྱུའི་ཁྱད་པར་དོན་དམ་པར་ངོ་བོ་ཉིད་མི་དམིགས་པས་ཁྱད་པར་དུ་བྱས་པའི་མཚན་ཉིད་ཀྱིས་ཡོངས་སུ་སྦྱོང་བའི་ཁྱད་པར་ཁོ་ནས་སོ། །ས་གཉིས་པ་ལ་གཉིས་ཀྱི། དང་པོ་ནི། ས་གཉིས་པར་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཡོངས་སུ་རྫོགས་པ་ཚུལ་ཁྲིམས་ཡོངས་སུ་དག་པའི་དབང་དུ་བྱས་ནས་ཚུལ་ཁྲིམས་ཁྱད་པར་དག་ཐོབ་དང་ཞེས་སོ། །མདོ་ལས། ཚུལ་ཁྲིམས་རྣམ་པར་དག་པ་གང་ཞེ་ན། ཉན་རང་གི་སེམས་ཡིད་ལ་མི་བྱེད་པ་དང་ཞེས་པ་ནས། ལས་གཞན་མེད་པར་ཕར་ཕྱིན་རྣམས་འཚོལ་བ་སྟེ། འདི་ནི་ཕར་ཕྱིན་རྣམས་ལ་བརྩོན་ཞིང་འཚོལ་བའོ་ཞེས་སོ། །གཉིས་པ་འགྲེལ་པ་ནི། དགེ་བའི་ཆོས་བསྡུས་དང་། སེམས་ཅན་གྱི་དོན་བྱེད་དང་། མི་མཐུན་ཕྱོགས་ཡོངས་སུ་སྡོམ་པའི་ཚུལ་ཁྲིམས་རྣམས་ཡོངས་སུ་དག་པས་ཉན་རང་གི་ཡིད་བྱེད་སྤོང་བ་དང་། གཞན་གྱི་ཕན་པ་ཆུང་ངུ་བྱས་པ་ཡང་དྲན་ཞིང་ཆུས་མི་གསོན་པ་དང་། གཞན་གྱིས་གནོད་པ་བྱས་པ་ཕན་པ་མི་བཟོ་བ་ལ་སོགས་པ་མི་བྱེད་པའི་བཟོད་པ་དང་། སེམས་ཅན་སྨིན་པར་བྱེད་པ་ལ་སོགས་པའི་ཆོས་སྒྲུབ་པ་ལ་འགྱོད་པ་མེད་པ་དང་། སེམས་ཅན་གཅིག་གི་དོན་དུ་ཡང་ཡུན་རིང་པོར་དམྱལ་བར་འགྲོ་བ་ལ་སྤྲོ་བའི་སྒོ་ནས་སྐྱེ་བོ་ཐམས་ཅད་ལ་བྱམས་པ་དང་། མཁན་པོ་དང་སློབ་དཔོན་ལ་སོགས་པ་སྐྱེ་བོ་ཡོན་ཏན་ཅན་ཐམས་ཅད་ལ་ང་རྒྱལ་མེད་པར་འདུད་པ་དང་། དགེ་བའི་བཤེས་གཉེན་གྱིས་བསྟན་པའི་དོན་ལ་ནན་ཏན་སྙིང་པོར་བྱེད་པའི་སྒོ་ནས་སྒྲུབ་པ་དང་། ལས་གཞན་མེད་པར་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་པ་སྤྲོ་བ་ཞེས་བྱ་བ་ཡོངས་སུ་སྦྱོང་བ་རྣམ་པ་བརྒྱད་ཀྱིས་ས་གཉིས་པ་ཞེས་སོ། །ཅིིའི་ཕྱིར་དྲི་མ་མེད་པ་ཞེས་བྱ་ཞེ་ན། འཆལ་ཚུལ་རྩོལ་པའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་སར་འདོད་དོ། །ཞེས་པ་ལྟར་ཚུལ་ཁྲིམས་ཀྱི་ཕར་ཕྱིན་རྫོགས་པས་འཆལ་ཚུལ་གྱི་དྲི་མས་མ་གོས་པའི་ཕྱིར་རོ། །ཇི་ལྟར་ཡོངས་སུ་སྦྱོང་བ་བྱས་པས་ཞེ་ན། སྔ་མ་ས་དང་པོར་བཤད་པ་བཞིན་དུ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པས་ཡོངས་སུ་སྦྱང་བར་བྱས་པའི་ཁྱད་པར་གྱིས་སོ། །ས་གསུམ་པ་ལ་གཉིས་ཀྱི། དང་པོ་རྩ་བ་ནི། ཐོས་པས་མི་ངོམས་ཉིད་དང་ནི། །ཞེས་སོ། །བྱང་སེམས་ས་གསུམ་པ་ལ་གནས་པས་ཆོས་ལྔ་ལ་གནས་པར་བྱ་སྟེ། ལྔ་གང་ཞེ་ན། མང་དུ་ཐོས་པས་མི་ངོམས་ཤིང་དེ་ལ་ཡང་ཡིག་གེར་མངོན་པར་མ་ཞེན་པ་དང་ཞེས་སོ། །གཉིས་པ་འགྲེལ་པ་ནི། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་དམ་པའི་ཆོས་འཛིན་པར་འདོད་པ་དམ་པའི་ཆོས་ཉན་པས་ངོམས་མི་ཤེས་པ་དང་། རྙེད་པ་དང་བཀུར་སྟི་སོགས་ལ་མི་ལྟ་བར་བྱམས་པའི་སེམས་ཀྱིས་དམ་པའི་ཆོས་རབ་ཏུ་སྟོན་པ་དང་། ཞིང་སྦྱོང་བར་བྱེད་པའི་ཆོས་རྣམས་དེར་ཡོངས་སུ་བསྔོས་པས་རང་གི་སངས་རྒྱས་ཀྱི་ཞིང་རྟེན་སྣོད་ཀྱི་འཇིག་རྟེན་དང་བརྟེན་པ་བཅུད་ཀྱི་སེམས་ཅན་ཀྱི་སྐྱོན་ཀུན་ཏུ་སྦྱོང་བར་བྱེད་པ་དང་། རང་གིས་ཕན་བཏགས་པའི་སེམས་ཅན་གྱིས་ཕན་ལན་དུ་གནོད་པ་བྱེད་པའི་སྒོ་ནས་མི་མཐུན་པ་ལ་སོགས་པ་འཁོར་བའི་ཉེས་པ་མཐོང་བས་གཞན་དོན་ལ་ཡོངས་སུ་མི་སྐྱོ་བ་དང་། རང་ལ་ལྟོས་ནས་ཉན་རང་གི་ཡིད་བྱེད་སོགས་མི་བྱེད་པ་ངོ་ཚ་ཤེས་པ་དང་། གཞན་ལ་ལྟོས་ནས་འདི་ལྟ་བུའི་མི་དགེ་བའི་ཆོས་མི་བྱེད་པ་ཁྲེལ་ཡོད་པ་ཞེས་བྱ་བ་ཡོངས་སུ་སྦྱོང་བ་རྣམ་པ་ལྔས་ས་གསུམ་པ་ཞེས་པའོ། །ཅིའི་ཕྱིར་འོད་བྱེད་པ་ཞེས་བྱ་ཞེ་ན། ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པའོ། །ཞེས་པ་ལྟར། ཏིང་ངེ་འཛིན་གྱི་མཐུས་རང་གཞན་ལ་ཆོས་ཀྱི་སྣང་བ་བྱེད་པའི་ཕྱིར་རོ། །ཇི་ལྟར་ཡོངས་སུ་སྦྱོར་བ་བྱས་པས་ཞེ་ན། སྔ་མ་བཞིན་དུ་ཞེས་སོ། །ས་བཞི་པ་ལ་གཉིས་ཀྱི་རྩ་བ་ནི ། ཉན་རང་གི་ཡིད་བྱེད་ཀྱིས་དབེན་པས་ནགས་ན་གནས་པ་དང་། དངོས་པོའི་སྦྱོར་བས་ཐོབ་བྱའི་བྱང་ཆུབ་ལ་ཡང་འདོད་པ་མེད་པས་འདོད་པ་ཆུང་བ་དང་། དངོས་པོ་ཁྱད་པར་ཅན་ཐོབ་དུ་ཟིན་ཀྱང་དོན་དུ་གཉེར་བ་མེད་པས་ཆོག་ཤེས་པ་དང་། ཆོས་ཟབ་མོ་ལ་ངེས་པ་རྟོགས་པའི་བཟོད་པ་ཡོངས་སུ་མི་བཏོང་བ་སོགས་སྦྱངས་པའི་ཡོན་ཏན་ཡང་དག་པར་རྫོགས་པ་དང་། ཆོས་ཐམས་ཅད་ལ་མངོན་པར་འདུ་བྱེད་པ་མེད་པར་ལྟ་ངན་ལས་ཡང་དག་པ་དང་ཅེས་པ་རྣམས་ནི་མདོ་དང་མཐུན་པར་འགྲེལ་ཆེན་གྱིས་བཤད་པའོ། །འགྲེལ་པར་བསྟན་བཅོས་ཀྱི་སྒྲ་ཇི་བཞིན་པའི་རྗེས་སུ་མཐུན་པར་བཤད་པའོ། །མདོ་ནི། བྱང་ཆེན་ས་བཞི་པ་ལ་གནས་པས་ཆོས་བཅུ་པོ་འདི་དག་ཡོངས་སུ་གཏང་བར་མི་བྱའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ་དགོན་པ་ན་གནས་པ་དང་ཞེས་སོ། །གཉིས་པ་འགྲེལ་པ་ནི། དབེན་པ་ལ་དགའ་བ་ཉིད་ཀྱིས་གྲོང་ནས་རྒྱང་གྲགས་གཅིག་འཕགས་པའི་དགོན་པར་རྟག་ཏུ་གནས་པ་དང་། ཆོས་གོས་སོགས་རྙེད་པ་ཐོབ་པ་ལ་འདོད་པ་མེད་པས་འདོད་པ་ཆུང་བ་དང་། རྙེད་པ་ཐོབ་པ་ལ་དེ་ལས་བཟང་བ་དང་མང་བ་སོགས་ལྷག་པ་དོན་དུ་གཉེར་བ་མེད་པས་ཆོག་ཤེས་པ་དང་། ཟས་ལ་ཆགས་པའི་གཉེན་པོར་བསོད་སྙོམས་པ་དང་། སྟན་གཅིག་པ་དང་། ཟས་ཕྱིས་མི་ལེན་པ་གསུམ་མོ། །གནས་ལ་ཆགས་པའི་གཉེན་པོར་དགོན་པ་བ་དང་། ཤིང་དྲུང་བ་དང་། བླ་གབ་མེད་པ་དང་། དུར་ཁྲོད་པ་དང་བཞི་རྣམས་སོ། །གོས་ལ་ཆགས་པའི་གཉེན་པོ། ཆོས་གོས་གསུམ་པ་དང་། ཕྱག་དར་ཁྲོད་པ་དང་། ཕྱིང་པ་བ་རྣམས་སོ། །མལ་སྟན་ལ་ཆགས་པའི་གཉེན་པོར་ཙོག་པུ་ུབ་དང་། གཞི་ཇི་བཞིན་པ་གཉིས་ཏེ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་སྡོམ་པ་དང་། བསླབ་པ་བླངས་པ་སྲོག་དང་བསྙེན་བཀུར་ལ་སོགས་པའི་ཕྱིར་ཡང་ཡོངས་སུ་མི་གཏོང་བ་སྟེ། ཇི་སྐད་དུ། རྒྱ་ཆེ་རོལ་པ་ལས། རྟག་ཏུ་གཟུགས་སྡུག་མཆོག་དང་སྒྲ་སྙན་དང་། །དྲི་ཞིམ་རོ་མཆོག་རེག་པ་བདེ་བྱེད་པ། །དུས་ངན་རྙིི་ལ་འགྲོ་བ་དེ་དག་ཐོགས། དཔེར་ན་རྔོན་པའི་རྙི་ལ་སྒྲོ་ཐོགས་བཞིན། །འདོད་པའི་ཡོན་ཏན་མྱ་ངན་གནོད་པ་མང་། །འཇིགས་བཅས་རྟག་ཏུ་དགྲ་བྱེད་ཉོན་མོངས་བཅས། །རལ་གྲིའི་སོ་འདྲ་དུག་སྡོང་ལོ་མ་མཚུངས། །ངན་སྐྱུགས་སྣོད་ལྟར་འཕགས་པའི་སྐྱེ་བོས་སྤངས། །ཞེས་གསུངས་པ་ལྟར། འདོད་པའི་ཡོན་ཏན་ལ་ཉེས་དམིགས་སུ་ལྟ་བས་སྨོད་པ་དང་། གདུལ་བྱའི་སྐལ་བ་དང་འཚམ་པར་མྱ་ངན་ལས་འདས་པ་ལ་གཞོལ་བར་བྱེད་པ་དང་། ཕྱི་ནང་གི་དངོས་པོ་ཐམས་ཅད་ཡོངས་སུ་བཏོང་བ་དང་། དགེ་བ་སྒྲུབ་པ་ལ་སེམས་མི་ཞུམ་ཞིང་མི་འགོང་བ་དང་། དངོས་པོ་ཐམས་ཅད་ལ་མངོན་ཞེན་གྱིས་མི་ལྟ་བ་ཞེས་བྱ་བ་ཡོངས་སུ་སྦྱོང་བ་རྣམ་པ་བཅུས་ས་བཞི་པ་ཞེས་སོ། །ཅིའི་ཕྱིར་འོད་འཕྲོ་བ་ཞེས་བྱ་ཞེ་ན། འདི་ལྟ་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་བསྲེག་པས་འོད་འཕྲོ་ཅན། །ཞེས་པ་ལྟར་སྒྲིབ་གཉིས་བུད་ཤིང་བསྲེག་པའི་མེ་འབར་བ་དང་ཉེ་བར་ལྡན་པའི་ཕྱིར་རོ། །དེ་ཡང་སྔ་མ་ལྟ་བུ་མི་དམིགས་པའི་རྣམ་པས་ཡོངས་སུ་ཟིན་པས་སོ། །ས་ལྔ་པ་ལ་གཉིས་ཀྱི། དང་པོ་རྩ་བ་ནི། འདྲིས་དང་ཞེས་ཏེ། དངོས་སུ་བསྟན་པའི་སྤང་བྱ་བཅུ་པོ་འདི་རྣམ་པར་སྤངས་ནས་བཟློག་པས་འཕངས་པའི་ཆོས་བཅུ་ཡང་དག་པར་བསྟེན་པས་ས་ལྔ་པ་ནི་ཡང་དག་ཐོབ་ཅེས་སྦྱར་རོ། །གཉིས་པ་འགྲེལ་པ་ནི། རྙེད་པ་དང་བསྐུར་སྟི་ལ་སོགས་པའི་དོན་དུ་རབ་ཏུ་བྱུང་བ་དང་ཁྱིམ་པ་ལ་སོགས་པ་དང་ཧ་ཅང་འགྲོགས་ཅིང་སྨོས་འདྲིས་བྱེད་པ་དང་། རྙེད་པ་ལ་སེར་སྣ་བྱེད་པས་དད་པ་ཅམ་གྱི་ཁྱིམ་ཚངས་པ་མཚུངས་པར་སྤྱོད་པ་གཞན་ལ་ཉེ་བར་མི་སྟོན་པ་དང་། འདུ་འཛིའི་གནས་སྐྱེ་བོ་མང་པོ་འདུ་བའི་གྲོང་དང་གྲོང་ཁྱེར་ལ་སོགས་པ་དང་། བསྙེན་བཀུར་དོན་དུ་གཉེར་བས་བདག་ལ་ཡོན་ཏན་བརྗོད་པས་བསྔགས་པ་དང་། གཞན་ལ་སྐྱོན་བརྗོད་པས་སྨོད་པ་དང་། སྲོག་བཅོད་པ་ལ་སོགས་པ་མི་དགེ་བའི་ལས་ཀྱི་ལམ་བཅུ་དང་། ཐོས་པ་དང་ཚུལ་ཁྲིམས་ལ་སོགས་པས་བརློམ་ཞིང་ཡོན་ཏན་ཅན་གཞན་ལ་མི་འདུ་བ་དང་། མི་དགེ་བ་ལ་བཟློག་སྟེེ་དགེ་བ་ལ་མངོན་པ ར་ཞེན་པ་དང་ལོག་པར་ལྟ་བ་དང་ལ་སོགས་པས་བློ་གྲོས་ངན་པ་དང་། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་ལ་མངོན་དུ་ཕྱོགས་པ་ཞེས་བྱ་བ་དེ་ལྟ་བུའི་མཚན་ཉིད་ཀྱི་ཆོས་བཅུ་རྣམ་པར་སྤོང་ཞིང་བཟློག་པའི་ཆོས་རྙེད་པ་སོགས་ཀྱི་དོན་དུ་གཞན་དང་སྨོས་འདྲིས་མི་བྱེད་པ་སོགས་དོན་གྱིས་འཕངས་པ་ཡོངས་སུ་སྦྱོང་བ་རྣམ་པ་བཅུ་ས་ལྔ་པ་ཞེས་སོ། །ཅིའི་ཕྱིར་སྦྱང་དཀའ་བ་ཞེས་བྱ་ཞེ་ན། སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང་། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ནི་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བྱའོ། །ཞེས་པ་ལྟར། སེམས་ཅན་སྨིན་པར་བྱེད་ཅིང་། དེའི་ལོག་སྒྲུབ་ཀྱིས་རང་གི་སེམས་ཉོན་མོངས་པར་མི་བྱེད་པས་ཤིན་ཏུ་སྦྱང་དཀའ་བའི་ཕྱིར་རོ། །དེ་ཡང་སྔ་མ་བཞིན་དུ་མི་དམིགས་པར་རྟོགས་པས་སོ། །འདིར་མི་དགེ་བའི་ལས་ཀྱི་ལམ་ལ་སོགས་པ་སྤང་བྱ་རགས་པ་རྣམས་ཀྱི་ས་བོན་ཙམ་ལ་བྱའོ། །ས་དྲུག་པ་ལ་རྩ་འགྲེལ་གཉིས་ཀྱི་དང་པོ་ནི། སྦྱིན་དང་ཞེས་ཏེ། བླང་བྱའི་ཆོས་དྲུག་བསྒོམས་ཤིང་སྤང་བྱའི་ཆོས་དྲུག་སྤངས་པས་ས་ནི་དྲུག་པ་ཡང་དག་པར་ཐོབ་ཅེས་སྦྱར་རོ། །མདོ་ནི། བྱང་ཆེན་ས་དྲུག་པ་ལ་གནས་པས་ཆོས་དྲུག་ཡོངས་སུ་རྫོགས་པར་བྱ་སྟེ། འདི་ལྟ་སྟེ་ཕར་ཕྱིན་དྲུག་གོ །གཞན་ཡང་ཆོས་དྲུག་ཡོངས་སུ་སྤང་བར་བྱ་སྟེ། དྲུག་གང་ཞེ་ན། ཉན་ཐོས་ཀྱི་སེམས་ཡོངས་སུ་སྤང་བར་བྱའོ་ཞེས་སོ། །གཉིས་པ་ནི། ས་དྲུག་པར་ཕར་ཕྱིན་དྲུག་གི་གཙོ་བོ་ཤེར་ཕྱིན་གྱི་ཡོན་ཏན་ཡོངས་སུ་དག་པ་ཐོབ་པས་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་ཞེས་བྱ་ལ། དེ་དག་གི་ནང་ནས་མི་མཐུན་ཕྱོགས་སྤོང་བའི་ཚུལ་ཁྲིམས་དང་གཞན་དོན་ལ་རྩེ་གཅིག་པའི་བསམ་གཏན་རྫོགས་པས་ཉན་རང་ལ་འདོད་པའི་སེམས་སྤོང་བ་དང་། ཆོས་ལ་ངེས་རྟོག་གི་བཟོད་པའི་ཕར་ཕྱིན་རྫོགས་པས་ངོ་བོ་ཉིད་མི་དམིགས་པ་ལ་སྐྲག་པ་སྤོང་བ་དང་། སྦྱིན་པའི་ཕར་ཕྱིན་རྫོགས་པས་སློང་བ་པོའི་སྐྱེ་བོས་སློང་པ་ན་བདག་གིས་འདིའི་སེམས་རྫོགས་པར་བྱེད་མི་ནུས་སྙམ་དུ་ཞུམ་པ་སྤོང་བ་དང་། སྦྱིན་པ་ལ་སྤྲོ་དགའ་བརྩོན་འགྲུས་ཀྱི་ཕར་ཕྱིན་རྫོགས་པས་བདོག་པ་ཐམས་ཅད་རང་གི་ངང་གིས་གཏོང་བར་ཞུགས་པ་ལ་མི་དགའི་སེམས་སྤོང་བ་དང་། ཐབས་མཁས་ཀྱིས་ཤེར་ཕྱིན་རྫོགས་པས་རང་སྐྱོ་ཡང་སློང་བ་པོའི་སྐྱེ་བོ་ཡོངས་ལ་སྦྱིན་སེམས་སྤོང་བ་སྟེ། མི་མཐུན་ཕྱོགས་དྲུག་སྤོང་ཞིང་ཡོན་ཏན་དྲུག་བསྟེན་པ་དེ་ལྟ་བུའི་ཡོངས་སུ་སྦྱོང་བ་རྣམ་པ་བཅུ་གཉིས་ཀྱིས་ས་དྲུག་པ་ཞེས་སོ། །ཅིའི་ཕྱིར་མངོན་དུ་གྱུར་པ་ཞེས་བྱ་ན། ཤེས་རབ་ཕ་རོལ་ཕྱིན་རྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདི་མངོན་དུ་གྱུར་པས་ན། །མངོན་དུ་གྱུར་པའི་ས་ཞེས་བཤད། །ཅེས་པ་ལྟར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་དུ་གྱུར་པས་སོ། །དེ་ཡང་སྔ་མ་བཞིན་དུ་མི་དམིགས་པར་རྟོགས་པས་སོ། །ས་བདུན་པ་ལ་སྤང་བྱ་ཉི་ཤུ་སྤང་བར་བསྟན་པ་དང་། གཉེན་པོ་ཉི་ཤུ་བསྟེན་པར་བསྟན་པ་གཉིས་ཀྱི། དང་པོ་ལ་རྩ་འགྲེལ་གཉིས་ཀྱིི། དང་པོ་ནི་བདག་དང་ཞེས་ཏེ། ཉེས་པ་ཉི་ཤུ་པོ་དེ་དག་ལ་རྣམ་པར་ཆད་ཅིང་གཉེན་པོ་ཉི་ཤུ་དང་ལྡན་པ་དེ་ཡིས་ས་ནི་བདུན་པ་ཐོབ་ཅེས་སྦྱོར་རོ། །མདོ་ནི། བྱང་ཆེན་ས་བདུན་པ་ལ་གནས་པ་ལ་ཆོས་ཉི་ཤུ་མི་འབྱུང་སྟེ། ཉི་ཤུ་གང་ཞེ་ན། བདག་ཏུ་འཛིན་པ་དང་ཞེས་སོགས་སོ། །གཉིས་པ་ནི། ཟ་བ་པོའི་བདག་དང་ཞུམ་པའི་བདག་ཉིད་ཅན་གྱི་སེམས་དང་། རིགས་མཐུན་གནས་པའི་སྲོག་དང་། འགྲོ་བ་རྣམས་སུ་ཉིང་མཚམས་སྦྱོར་བའི་གང་ཟག་དང་། ཤི་བའི་འོག་ཏུ་ཡང་སྲིད་ཕྱི་མར་མཚམས་མི་སྦྱོར་བའི་ཆད་པ་དང་། འགྱུར་བ་མེད་པར་འཇུག་པའི་རྟག་པ་དང་། འདི་དྲུག་ནི་སོ་སོ་སྐྱེ་བོ་དང་ཐུན་མོང་བའི་འཛིན་པའོ། །འཁོར་འདས་ཀྱི་མཚན་མ་དང་། རྒྱུ་སྟེ་རིགས་ཐ་དད་པ་དང་། རིགས་མཐུན་ཕྱོགས་གཅིག་ཏུ་སྤུང་པའི་ཕུང་པོ་དང་། འབྲས་བུའི་འབྱུང་ཁུངས་སུ་གྱུར་པ་ཁམས་དང་། སེམས་སེམས་བྱུང་སྐྱེ་བའི་སྒོར་གྱུར་པའི་སྐྱེ་བྱེད་དང། གཟུང་འཛིན་དུ་སྣང་བའི་སྒོ་ནས་འདོད་པ་ལ་སོགས་པའི་ཁམས་གསུམ་ལ་གནས་པ་དང་། དེ་ཉིད་ལ་དོར་བྱར་ཀུན་ཏུ་ཆགས་པ་དང་། སེམས་ཅན་གྱི་དོན་དང་རྣམ་མཁྱེན་ཐོབ་པ་ལ་སེམས་ཀུན་ཏུ་ཞུམ་པ་དང་། མཚན་དཔེའི་རང་བཞིན་གྱི་སངས་རྒྱས་སུ་ཞེན་པ་དང་། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་དང་། ཟུང་བཞི་ཡ་བརྒྱད་ཀྱི་དགེ་འདུན་དང་། མི་མཐུན་ཕྱོགས་སྤོང་བའི་ཚུལ་ཁྲིམས་སུ་ལྟ་བར་མངོན་པར་ཞེན་པ་དང་། འདི་དག་ནི་ཉན་ཐོས་དང་ཐུན་མོང་བའོ། །དངོས་པོར་མངོན་ཞེན་གྱི་བག་ཆགས་རང་རྒྱུད་ལ་ཡོད་པ་སྟོང་པ་ཉིད་ལ་རྩོད་པ་དང་། རང་གི་འཁོར་དངོས་པོར་འཛིན་པ་འགལ་བ་བརྗོད་པ་འཛིན་པ་སྟེ། དེ་དག་ཡོངས་སུ་སྤངས་པ་སྟེ། ཉེས་པ་དེ་ལྟ་བུ་ཉི་ཤུ་དང་བྲལ་ནས་དེ་ལས་བཟློག་པའི་ཆོས་དོན་གྱིས་འཕངས་པ་འོག་ནས་འབྱུང་བ་ཡོངས་སུ་སྦྱོང་བ་རྣམ་པ་ཉི་ཤུས་ས་བདུན་པ་ཞེས་སོ། །ཅིའི་ཕྱིར་རིང་དུ་སོང་བ་ཞེས་བྱ་ཞེ་ན། བགྲོད་གཅིག་པའི་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །ཞེས་པ་ལྟར། བགྲོད་པ་གཅིག་པའི་ལམ་ས་བརྒྱད་པ་དང་འབྲེལ་བས་འཁོར་འདས་ཀྱི་གཡང་ས་ལས་ཤིན་ཏུ་རིང་དུ་འདས་པའི་ཕྱིར་རོ། །དེ་ཡང་སྔ་མ་བཞིན་དུ་མི་དམིགས་པར་རྟོགས་པས་སོ། །གཉིས་པ་ལ་རྩ་འགྲེལ་གཉིས་ཀྱི། དང་པོ་ནི། སྤང་བྱ་ཉི་ཤུ་པོས་དོན་གྱིས་འཕངས་པའི་གཉེན་པོའི་ཆོས་ཉི་ཤུ་པོ་བསྟན་པའི་ཕྱིར་རྣམ་ཐར་སྒོ་གསུམ་ཤེས་པ་དང་ཞེས་སོ། །དོན་གྱིས་འཕངས་པ་ཞེས་པ་ནི་སྔ་མ་སྤང་བྱ་ཉི་ཤུ་སྤངས་པ་ཉིད་ཀྱིས་གཉེན་པོའི་ཆོས་ཉི་ཤུ་དོན་གྱིས་འཕངས་པའི་ཕྱིར་སྔ་ཕྱི་གཉིས་ཡོངས་སྦྱོང་ཐ་དད་པ་མ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །མདོ་ནི། བྱང་ཆེན་ས་བདུན་པ་ལ་གནས་པས་ཆོས་ཉི་ཤུ་པོ་འདི་དག་ཉིད་ཡོངས་སུ་རྫོགས་པར་བྱ་སྟེ། ཉི་ཤུ་གང་ཞེ་ན། སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་དང་། ཞེས་སོ། །གཉིས་པ་ནི། རྣམ་པར་ཐར་པའི་སྒོ་ཆོས་ཐམས་ཅད་བདག་མེད་པར་རྟོགས་པའི་སྟོང་པ་ཉིད་དང་། མྱ་ངན་ལས་འདས་པ་སྤྲོས་པའི་མཚན་མ་མེད་པ་དང་། ཟག་བཅས་ཀྱི་ཆོས་ལ་སྨོན་པ་མེད་པ་ཡང་དག་པར་ཤེས་པ་རྣམས་ནི་གོ་རིམ་བཞིན་དུ་བདག་དང་། སེམས་ཅན་དང་། སྲོག་ཏུ་འཛིན་པ་རྣམས་ཀྱི་གཉེན་པོ་དང་། སྲོག་གཅོད་པ་སྤོང་བ་ལ་སོགས་པ་དགེ་བ་བཅུའི་ལས་ཀྱི་ལམ་ལ་གསད་བྱ་སོགས་འཁོར་གསུམ་དུ་མི་དམིགས་པ་ཞིག་གང་ཟག་ཏུ་འཛིན་པའི་གཉེན་པོ་དང་། སྐྱེ་བ་རྒྱུད་མང་སྡུག་བསྔལ་གྱིས་གདུང་པའི་སྐྱེ་བོ་ཐམས་ཅད་ལ་དམིགས་པའི་སྐྱེ་བ་ཆད་པར་འཛིན་པའི་གཉེན་པོ་དང་། དངོས་པོར་བདེན་པར་དམིགས་པ་མེད་པ་རྟག་པར་འཛིན་པའི་གཉེན་པའོ། །འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་འཁོར་འདས་ལ་བླང་དོར་གྱི་མཚན་མར་འཛིན་པའི་གཉེན་པོ་དང་། མཐར་ཐུག་ཐེག་པ་ཆེན་པོ་གཅིག་ཏུ་རྟོགས་པ་ནི་ཐེག་པ་གསུམ་གྱི་རྒྱུའི་རིགས་ཐ་དད་པར་འཛིན་པའི་གཉེན་པོ་དང་། མིང་གཟུགས་ཀྱི་ཆོས་རྣམས་མི་སྐྱེ་བར་ཡོངས་སུ་ཤེས་པ་ནི་ཕུང་པོར་འཛིན་པའི་གཉེན་པོ་དང་། སྟོང་ཉིད་ཀྱི་ཆོས་ཟབ་མོ་ངེས་པར་རྟོགས་པའི་བཟོད་པ་ཁོང་དུ་ཆུད་པ་ནི་ཁམས་སུ་འཛིན་པའི་གཉེན་པོ་དང་། ཕྱི་ནང་གི་སྐྱེ་མཆེད་ཀྱིས་བསྡུས་པའི་ཤེས་བྱ་ཐམས་ཅད་ཐེག་པ་ཆེན་པོའི་ཐབས་གཟུང་འཛིན་གཉིས་སུ་མེད་པའི་སྒོ་ནས་རབ་ཏུ་སྟོན་པ་ནི་སྐྱེ་མཆེད་དུ་འཛིན་པའི་གཉེན་པོ་དང་། རྟོག་པ་ཐམས་ཅད་གཅོད་པ་ནི་ཁམས་གསུམ་ལ་ཡང་དག་མ་ཡིན་པའི་ཀུན་རྟོག་གིས་གནས་པའི་གཉེན་པོ་དང་། གཙང་བདེ་སོགས་ཀྱི་མཚན་མར་འཛིན་པའི་རྟོག་པ་ཚུལ་མིན་ཡིད་བྱེད་མེད་པ་དང་འཇིག་ཚོགས་ལ་ལྟ་བ་དང་། སོགས་པས་མཐར་འཛིན་པ་དང་ལོག་ལྟ་དང་ཚུལ་ཞུགས་མཆོག་འཛིན་དང་ལྟ་བ་མཆོག་འཛིན་སྟེ། ལྟ་ལོག་དང་། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་སྤོང་བ་གསུམ་ནི་ཆགས་པ་འཛིན་པའི་གཉེན་པོ་ཡིན་ཏེ། ཚུལ་མིན་ཡིད་བྱེད་ཀྱིས་མཚན་མར་གཟུང་བ་ལས་འཇིག་ཚོགས་ལ་ལྟ་བ་སོགས་དང་འདོད་ཆགས་སོགས་སྐྱེས་ནས་ཁམས་གསུམ་ལ་ཆགས་པར་འགྱུར་བའི་ཕྱིར་རོ། །དེས་ན་གསུམ་པོ་དེ་ཆོས་གཅིག་གོ །གཞན་དོན་ལ་རྩེ་གཅིག་པའི་ཞི་གནས་བསྒོམ་པ་ནི་སེམས་ཅན་གྱི་དོན་ལ་སེམས་ཀུན་ཏུ་ཞུམ་པའི་གཉེན་པོ་དང་། དོན་དམ་སྟོང་པ་ཉིད་རྟོགས་པའི་ཤེས་རབ་དང་། ཀུན་རྫོབ་སྣང་ཆ་མ་དོར་བའི་ཐབས་ལ་མཁས་པར་བྱེད་པ་ནི་སངས་རྒྱས་སུ་ལྟ་བ་ལ་མངོན་པར་ཞེན་པའི་གཉེན་པོ་དང་། ཆོས་བདག་མེད་པར་བསྒོམས་པས་སེམས་ཉེ་བར་ཞི་བ་ནི་ཆོས་སུ་ལྟ་བའི་གཉེན་པོ་དང་། བདེན་པ་གཉིས་ལ་བརྟེན་པ་གཟུགས་ལ་སོགས་པའི་ཇི་ལྟ་བ་དང་ཇི་སྙེད་པ་ལ་ཐོགས་པ་མེད་པའི་ཡེ་ཤེས་ནི་དགེ་འདུན་དུ་མངོན་པར་ཞེན་པའི་གཉེན་པོ་དང་། གང་ལ་ཡང་མངོན་པར་ཞེན་པའི་གནས་མ་ཡིན་པའི་ཡེ་ཤེས་ཐོབ་པ་ནི་ཚུལ་ཁྲིམས་སུ་ལྟ་བའི་མངོན་ཞེན་གྱི་གཉེན་པོ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པའི་དོན་དུ་ཇི་ལྟར་འདོད་པ་བཞིན་དུ་དུས་མཉམ་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བ་ནི་སྟོང་པ་ཉིད་ལ་རྩོོད་པའི་གཉེན་པོ་དང་། དམིགས་པ་ལ་མངོན་པར་ཞེན་པའི་སེམས་ཅན་གྱི་ཁམས་བསྒྲལ་བའི་ཕྱིར་གདུལ་བྱ་དང་མཐུན་པར་ཐམས་ཅད་དུ་བདག་གི་ལུས་རབ་ཏུ་སྟོན་པ་ཞེས་བྱ་བ་ནི་འགལ་བ་བརྗོད་པའི་འཛིན་པའི་གཉེན་པོ་ཡིན་ཏེ། དེ་ལྟར་ན་དོན་གྱིས་འཕངས་པའི་གཉེན་པོའི་ཆེད་དུ་གྱུར་པ་ཡོངས་སུ་སྦྱོང་བ་རྣམ་པ་ཉི་ཤུ་པོ་འདིས་ཀྱང་ས་བདུན་པ་རྟོགས་པ་ཡིན་ནོ། །དེ་ཡང་སྔ་མ་བཞིན་དུ་མི་དམིགས་པ་རྟོགས་པས་སོ། །ཀྱང་ཞེས་པ་སྔ་མར་མ་ཟད་ཅེས་པ་སྟེ། སྔ་ཕྱི་དག་ཡོངས་སུ་སྦྱོང་བྱེད་རྣམ་གྲངས་པར་སྟོན་པའོ། །ས་བརྒྱད་པ་ལ་རྩ་འགྲེལ་གཉིས་ཀྱི་དང་པོ་ནི། སེམས་ཅན་ཀུན་ཡིད་ཤེས་པ་དང་ཞེས་སོ། །མདོ་ནི། བྱང་ཆེན་ས་བརྒྱད་པ་ལ་གནས་པས་ཆོས་བཞི་པོ་འདི་དག་ཡོངས་སུ་རྫོགས་པར་བྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཁོང་དུ་ཆུད་པ་དང་ཞེས་སོགས་དང་། གཞན་ཡང་ཆོས་བཞི་ཡོངས་སུ་རྫོགས་པར་བྱ་སྟེ་ཞེས་སོགས་གསུངས་སོ། །བཞི་ཕྲག་གཉིས་སོ་སོར་བྱས་པ་ནི་གང་ཡང་རུང་བ་སྤང་པ་དེའི་ཡོངས་སྦྱོང་ཡིན་པར་ཤེས་པའི་དོན་ཏོ་ཞེས་ཉི་སྣང་ལས་སོ། །གཉིས་པ་ནི་གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་གདུལ་བྱའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཆགས་བཅས་དང་ཆགས་བྲལ་སོགས་ཇི་ལྟ་བ་བཞིན་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་མཆོད་པ་དང་སེམས་ཅན་གདུལ་བའི་ཕྱིར་གཅིག་ཏུ་བསྒྱུར་ཞིང་མང་དུ་བསྒྱུར་བ་ལ་སོགས་པ་རྫུ་འཕྲུལ་གྱི་མངོན་པར་ཤེས་པས་བརྩེ་བ་དང་། དགེ་བའི་རྩ་བ་དེར་ཡོངས་སུ་བསྔོས་པས་སངས་རྒྱས་ཀྱི་ཞིང་རྟེན་གསེར་དང་བེ་ཌུཪྱ་ལ་སོགས་པའི་ངོ་བོར་ཡོངས་སུ་བསྒྱུར་བ་དང་། རྣམ་པ་ཐམས་ཅད་དུ་ཆོས་ཀྱི་ཚིག་དང་དོན་ལ་ཐེ་ཚོམ་གྱི་དོན་ཞུས་ནས་ཡོངས་སུ་བརྟག་པར་བྱ་བའི་ཕྱིར་སྒོ་གསུམ་གྱི་བསྙེེན་བཀུར་གྱིས་སངས་རྒྱས་མཉེས་པར་བྱེད་པ་དང་། ཡོངས་སུ་བཏགས་པས་ཞེས་པ་རྩ་བ་དང་མི་མཐུན་པས་འགྱུར་མི་ལེགས་སོ། །ལྷའི་མིག་རྣམ་པར་དག་པ་བསྐྱེད་པ་དང་། རང་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་བརྟེན་པ་སེམས་ཅན་གྱི་བཀྲེས་སྐོམ་དང་ཉོན་མོངས་པ་ལ་སོགས་པའི་སྐྱོན་ཡོངས་སུ་སྦྱོང་བ་དང་། གནས་སྐབས་ཐམས་ཅད་དུ་མངོན་པར་ཞེན་པ་མེད་པས་སྒྱུ་མ་ལྟ་བུར་གནས་པ་དང་། གང་དུ་གང་གི་སྐྱེ་བ་གཟུང་ནས་སེམས་ཅན་ཐམས་ཅད་ཀྱི་མངོན་མཐོ་ངེས་ལེགས་ཀྱི་དོན་མཐོང་ནས་བློ་མངོན་དུ་གཏང་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པའི་སྐྱེ་བ་ཡོངས་སུ་འཛིན་པ་ཞེས་བྱ་བ་ཡོངས་སུ་སྦྱོང་བའི་ཆོས་དེ་ལྟ་བུ་རྣམ་པ་བརྒྱད་ཀྱིས་ས་བརྒྱད་པ་ཞེས་སོ། །ཅིའི་ཕྱིར་མི་གཡོ་བ་ཞེས་བྱ་ཞེ་ན། འདུ་ཤེས་གཉིས་ཀྱིས་མི་གཡོ་ཕྱིར། །མི་གཡོ་བའི་སར་འདོད་དོ། །ཞེས་པ་ལྟར་རོ། །མཚན་བཅས་དང་མཚན་མེད་ལ་རྩོལ་བའི་འདུ་ཤེས་གཉིས་ཀྱིས་མི་བསྐྱོད་པའི་ཕྱིར་རོ། །དེ་ཡང་སྔ་མ་བཞིན་མི་དམིགས་པར་རྟོགས་པས་སོ། །ས་དགུ་པ་ལ་རྩ་འགྲེལ་གཉིས་ཀྱི་དང་པོ། སྨོན་ལམ་དང་ནི་མཐའ་ཡས་དང་ཞེས་སོ། །མདོ་ནི། བྱང་ཆེན་ས་དགུ་པ་ལ་གནས་པས་ཆོས་བཅུ་གཉིས་ཡོངས་སུ་རྫོགས་པར་བྱ་སྟེ། བཅུ་གཉིས་གང་ཞེ་ན། འདི་ལྟར་སྨོན་ལམ་མཐའ་ཡས་པ་ཡོངས་སུ་གཟུང་བ་དང་། ལྷ་ལ་སོགས་པའི་སྐད་ཡོངས་སུ་ཤེས་པ་དང་ཞེས་སོ། །གཉིས་པ་ནི། ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པས་སྨོན་ལམ་མཐའ་ཡས་པ་ཕུན་སུམ་ཚོགས་པར་འགྱུར་བ་དང་། ངེས་ཚིག་སོ་སོ་ཡང་དག་པར་རིག་པ་ཐོབ་པས་ལྷ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་པ་དང་སྤོབས་པ་སོ་སོ་ཡང་དག་རིག་པ་ཐོབ་པས་ཆུ་བོ་ལྟར་མི་ཟད་པ་དང་། སྐྱེ་བོ་ཐམས་ཅད་ཀྱིས་བསྔགས་པའི་བུད་མེད་ཀྱི་སྐྱོན་ཐམས་ཅད་དང་བྲལ་བའི་ཡུམ་གྱི་མངལ་དུ་འཇུག་པ་དང་། རིགས་ཕུན་སུམ་ཆོགས་པ་རྒྱལ་པོ་དང་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ུསོགས་སུ་གནས་པ་དང་། རུས་ཕུན་སུམ་ཚོགས་པ་དང་པོར་མངལ་དུ་མ་ཞུགས་པ་ཉི་མ་དང་བུ་རམ་ཤིང་ལ་སོགས་པ་ལས་སྐྱེས་པས་ཉི་མའི་གཉེན་དང་། བུ་རམ་ཤིང་པའི་རིགས་ལྟ་བུ་དང་། ཆོ་འབྲང་ཕུན་སུམ་ཚོགས་པ་མ་དང་ཕ་ལ་སོགས་པའི་བདུན་རྒྱུད་ཚུན་ཆད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའམ། འཇིག་རྟེན་གྱི་ཆོས་ཀྱིས་མ་གོས་པའི་དམ་པ་བྱོན་པ་ལེགས་པར་འབྲེལ་བའི་གཉེན་དང་། རང་གིས་བཏུལ་ཏེ་བྱང་ཆུབ་ལ་བཞག་པ་རང་དབང་བའི་འཁོར་དང་། ཇི་སྐད་དུ། གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བཞུད་དེ། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར། བརྒྱ་བྱིན་དང་མིའི་དབང་པོ་ལ་སོགས་པས་མངོན་པར་བསྟོད་པར་སྐྱེ་བ་དང་། སོགས་པས་གནས་གཙང་མའི་ལྷའི་བུ་ལ་སོགས་པས། ཇི་སྐད་དུ། རྒྱ་ཆེ་རོལ་པ་ལས། འདུས་བྱས་ཐམས་ཅད་མྱུར་དུ་འཇིག་པ་སྟེ། །མཁའ་ལ་གློག་འགྱུ་རིང་དུ་མ་ིགནས་བཞིན། ཁྱོད་ཀྱི་དུས་འདི་ཉེ་བར་གནས་གྱུར་གྱི། །བརྟུལ་ཞུགས་བཟང་པོ་སྔོན་འབྱུང་དུས་ལ་བབ། །ཅེས་པ་ལྟར། བསྐུལ་ཏེ། ཁྱིམ་ནས་ངེས་པར་འབྱུང་བ་དང་། དགོས་འདོད་ཀུན་འབྱུང་བས་ཡིད་བཞིན་ནོར་བུ་དང་འདྲ་བའི་བྱང་ཆུབ་ཀྱི་ཤིང་སྟོན་པ་འདིའི་ཨ་ཤྭད་ཐ་དང་བྱམས་པའི་ཀླུ་ཤིང་ལ་སོགས་པ་ལྟ་བུ། ཆོས་སྐུའི་རང་བཞིན་གྱི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཀྱི་ངོ་བོར་གྱུར་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་བྱ་བ་ཞེས་བྱ་བ་ལྟ་བུའི་ཕུན་སུམ་ཚོགས་པའི་མཚན་ཉིད་ཡོངས་སུ་སྦྱོང་བ་རྣམ་པ་བཅུ་གཉིས་པོས་ས་དགུ་པ་ཞེས་སོ། །ཅིའི་ཕྱིར་ལེགས་པའི་བློ་གྲོས་ཞེས་བྱ་ཞེ་ན། སོ་སོ་ཡང་དག་རིག་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་ཡིན། །ཅེས་པ་ལྟར། སོ་སོ་ཡང་དག་རིག་བཞིའི་བློ་གྲོས་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་རོ། །དེ་ཡང་སྔ་མ་བཞིན་དུ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་ཡོངས་སུ་སྦྱངས་པ་བྱས་པའི་ཁྱད་པར་གྱིས་སོ། །

གཉིས་པ་འབྲས་བུའི་ས་ལ་གསུམ་གྱི་དང་པོ་མཚམས་སྦྱར་བ་ནི། རྒྱུའི་ས་རྣམས་ཀྱི་ཡོངས་སུ་སྦྱོང་བ་ཇི་སྐད་བཤད་པའི་ཚུལ་དེ་ལྟར་ས་སོ་སོ་ལ་ངེས་པར་བསྟན་ནས། འབྲས་བུའི་ས་ཉིད་དུ་ཡོངས་སྦྱོང་དེ་ལྟར་མ་བཤད་པར། ས་བཅུ་པའི་མཚན་ཉིད་མཆད་དོ། །ཇི་ལྟར་ན། རྒྱུའི་ས་ཐམས་ཅད་ཀྱི་ཡོན་ཏན་བསྡུས་པའི་སྒོ་ནས་སོ། །ས་བཅུ་པའི་ཡོངས་སྦྱོང་མི་འཆད་པའི་རྒྱུ་མཚན་ལ། ལོ་ཙཱ་བ་ཆེན་པོ། ས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྣམས་ཁྱད་པར་དུ་བྱ་བའི་ཕྱིར་ཡོངས་སྦྱོང་བསྟན་པ་ཡིན་ན། ས་བཅུ་པ་ནི་ཐམས་ཅད་ལས་ཁྱད་པར་དུ་གྱུར་ཟིན་པའི་ཕྱིར་མ་བཤད། ཅེས་གསུངས་སོ། །འབྲེ་ཨར་དག །ས་དགུ་པ་མན་ཆད་དུ་ཐོབ་ཟིན་པའི་ཡོན་ཏན་རྣམས་སངས་རྒྱས་ཀྱི་ཕྲིན་ལས་དང་འབྲེལ་བར་བྱས་ནས་གོམས་པར་བྱེད་པ་ཉིད་ས་བཅུ་པའི་ཡོངས་སྦྱོང་ཡིན་ལ། དེ་ཡང་གོ་སླ་བས་མ་བཤད་ཅེས་འཆད་མོད། དོན་ནི་འདི་ཡིན་ཏེ། ཡོངས་སྦྱོང་རྣམས་ནི་སའི་ཡོན་ཏན་མ་ཐོབ་པ་ཐོབ་པར་བྱ་བའི་ཆེད་ཡིན་ལ། ས་བཅུ་པ་ཐོབ་མ་ཐག་ཏུ་འོད་ཟེར་ཆེན་པོའི་དབང་བསྐུར་ཐོབ་པ་ན། ས་བཅུ་པའི་ཡོན་ཏན་ཐམས་ཅད་འབད་མེད་དུ་ཐོབ་པར་འགྱུར་བས་དེའི་ཕྱིར་ཡོངས་སྦྱོང་མ་བསྟན་ཏེ། ས་བཅུ་པའི་ཡོན་ཏན་ཐོབ་པ་ཡོངས་སྦྱོང་གི་འབད་པ་ལ་མི་ལྟོས་པའི་ཕྱིར་རོ། །འོ་ན་སྐད་ཅིག་མའི་དོན་དུ་མཐར་གྱིས་པ་བསྒོམ་མི་དགོས་པར་འགྱུར་རོ་ཞེ་ན། དེ་ནི་ཡོན་ཏན་གྱི་རིགས་མ་ཐོབ་པ་ཐོབ་པའི་དོན་དུ་བསྒོམ་པ་མ་ཡིན་གྱི། ཐོབ་ཟིན་གྱི་ཡོན་ཏན་རྣམས་མངོན་དུ་བྱ་བའི་ཕྱིར་བསྒོམ་པ་ཡིན་པས་སྐྱོན་མེད་དོ། །འོ་ན་ས་བཅུ་པ་ལ་ཡང་རྣམ་པར་རྟོག་པའི་བག་ལ་ཉལ་སྤང་བའི་ཕྱིར། རྩེ་མོས་བསྡུས་པའི་བསྒོམ་དགོས་པ་མ་ཡིན་ནམ་ཞེ་ན། དེ་ནི་སངས་རྒྱས་ལ་སྒྲིབ་པའི་གེགས་བསལ་བའི་ཕྱིར་བསྒོམ་པ་ཡིན་གྱི། ས་བཅུ་པའི་ཡོན་ཏན་ཐོབ་པའི་གེགས་བསལ་བའི་ཕྱིར་མ་ཡིན་པས་ས་བཅུ་པའི་ཡོངས་སྦྱོང་མ་ཡིན་ནོ། །གཉིས་པ་རྩ་བ་ནི། ཤེས་པར་བྱ། གང་ཞིག་ཅེ་ན། དམན་པ་ས་བརྒྱད་བྱང་སེམས་ཀྱི་རྒྱུའི་ས་དགུ་གཅིག་ཏུ་བྱས་པའི་ས་དགུ་པོ་དག་ལ་དང་པོ་བརྒྱད་ཤེས་མཐོང་གི་ལྟས་ནས་དང་། ཕྱི་མ་མངོན་སུམ་དུ་བྱས་ཏེ་འདས་ནས་མངོན་པར་ཤེས་པ་ཆེན་པོའི་ལས་ལ་དབང་བའི་ཡེ་ཤེས་དེ་དག་གིས་སངས་རྒྱས་ཀྱི་མཛད་པ་ཉེ་བར་སྒྲུབ་པས་སངས་རྒྱས་ཀྱི་སར་གནས་པ་དེ་ནའོ། །ཇི་ལྟར་ན། བྱང་ཆུབ་སེམས་དཔའི་ས་བཅུ་པ་ཡིན་པར་རོ། །མདོ་ལས་རབ་འབྱོར་བྱང་ཆེན་གྱི་ས་བཅུ་པ་གང་ཞེ་ན། འདི་ལྟར་བྱང་ཆེན་ཐབས་ལ་མཁས་པས་ཕར་ཕྱིན་དྲུག་ལ་སྤྱོད་པ་དང་། ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ལ་སྤྱོད་པའི་ཚེ། རིགས་ཀྱི་ས་དང་ཞེས་པ་ནས་བྱང་ཆུབ་སེམས་དཔའི་ས་ལས་ཡང་དག་པར་འདས་ཏེ། རབ་འབྱོར་དེ་ལྟར་བྱང་ཆེན་ས་དགུ་ལས་ཡོངས་སུ་འདས་ནས་སངས་རྒྱས་ཀྱི་ས་ལ་གནས་ཏེ། རབ་འབྱོར་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་བཅུ་པའོ། །ཞེས་སོ། །གཉིས་པ་ལ་གཉིས། འདའ་བྱ་ས་དགུ་བཤད་པ་དང་། དེ་ལས་འདས་པ་འབྲས་བུ་ས་བཅུ་པའི་མཚན་ཉིད་བཤད་པའོ། །དང་པོ་ནི། ཉན་ཐོས་དང་སོགས་པས་རང་རྒྱལ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཆོས་ཉིད་ཀྱི་རིགས་ལ་བརྟེན་པའི་ཐེག་དམན་གྱི་སྦྱོར་ལམ་བཞི་ནི། རིགས་ཀྱི་ས་ཡིན་ཏེ། ཐེག་དམན་གྱི་ཡང་དག་པར་བླངས་པའི་རིགས་ལ་མི་འཁྲུལ་བའི་སོ་སྐྱེའི་རྟོགས་པ་ཡིན་པའི་ཕྱིར་རོ། །ཡང་ན་དམན་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་སོ་སྐྱེའི་རྟོགས་པ་ཡིན་པས་སོ་ཞེས་སྦྱར་རོ། །འདིར་བྱང་སེམས་ཀྱི་རིགས་ཀྱི་ས་ཡང་བསྡུད་པ་ནི་མི་རིགས་ཏེ། དམན་པའི་སྐབས་ཡིན་པའི་ཕྱིར། བྱང་སེམས་ཀྱི་རིགས་ཀྱི་ས་ལ་འདའ་བ་ནི། རྒྱུའི་ས་དགུ་ལ་འདའ་བར་བསྟན་པས་འགྲུབ་པའི་ཕྱིར་རོ། །རིགས་ཀྱི་ས་འདི་ལ་གྲུབ་མཐའ་ཐ་དད་ཀྱི་ལུགས་ཐ་དད་པ་ཡིན་ཏེ། བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་ཁ་ཅིག་རང་བཞིན་གྱིས་ངེས་པའི་ཐེག་པ་གསུམ་གྱི་རིགས་མི་འདོད་ལ། རྟོགས་པའི་དབང་གི་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་ཀྱི་ཐེག་པ་རྣམས་དྲོད་ནས་ངེས་པར་འདོད་དེ། མཛོད་དུ། སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐར་རྟེན་གཅིག་ལ་ཀུན། །ཞེས་ཏེ་དེ་དག་གིས་དྲོད་ཡན་ཆད་ཀྱི་རྟོགས་པ་ཐམས་ཅད་སྟན་གཅིག་ལ་བསྐྱེད་པར་བཤད་པས་སོ། །ཉན་ཐོས་ཀྱི་རིགས་ནི་བཟོད་ཆེན་ནས་ངེས་ཀྱི། དེ་བས་སྔར་མ་ཡིན་ཏེ། གཉིས་སློབ་རིགས་ལས་ཟློག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང་། །ཞེས་བཟོད་པ་མ་ཐོབ་བར་དུ་ཐེག་ཆེན་དུ་ཡང་འཇུག་སྲིད་ལ། བཟོད་འབྲིང་མན་ཆད་དུ་རང་རྒྱལ་དུ་ཡང་ལྡོག་པ་བཤད་པས་སོ། །དེས་ན་དེ་དག་གི་ལྟར་ན། བཟོད་ཆེན་ཆོས་མཆོག་རིགས་ཀྱི་སར་འདོད་ཀྱང་། དེ་དག་ཀྱང་འདིར་མི་བཟུང་སྟེ། བཟོད་ཆེན་དང་ཆོས་མཆོག་བསྐྱེད་ཀྱང་ཐེག་ཆེན་དུ་འཇུག་སྲིད་པའི་ཕྱིར་རོ། །སེམས་ཙམ་པ་ལྟར་ན། ཉན་ཐོས་མ་ངེས་པའི་རིགས་ཅན་རྣམས་ཕུང་པོ་ལྷག་མེད་དུ་མ་ཞུགས་བར་དུ་ཐེག་ཆེན་དུ་ལྡོག་སྲིད་པ་དང་། དེ་དག་ནམ་ཡང་རིགས་མ་ངེས་པས་དེ་དག་ལ་རིགས་ཀྱི་ས་མ་བཞག་ལ། ཞི་བ་བགྲོད་པ་གཅིག་པུ་བ་རྣམས་ཚོགས་ལམ་ནས་ཉན་ཐོས་ཀྱི་བྱང་ཆུབ་ཏུ་རིགས་ངེས་ཀྱང་ཇི་སྲིད་ཆོས་མཆོག་མ་ཐོབ་པ་དེ་སྲིད་དུ་མྱ་ངན་ལས་འདའ་བའི་དུས་ངེས་པ་མེད་པས། ཉན་ཐོས་ཀྱི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་ཞེས་མི་བྱ་ལ། དེའི་ཕྱིར་ཆོས་མཆོག་མན་ཆད་ལ་རིགས་ཀྱི་སར་མི་བཞག་ཅིང་། གང་གི་ཚེ་ཆོས་མཆོག་ཐོབ་པ་དེའི་ཚེ་གདོན་མི་ཟ་བར་འཕགས་ལམ་བསྐྱེད་ཅིང་། གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་སྲིད་པ་བརྒྱད་འགྲུབ་པ་གནས་མེད་དེ་ཞེས་གསུངས་པས། གདོན་མི་ཟ་བར་ཉན་ཐོས་ཀྱི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་ཡིན་ལ། དེའི་ཕྱིར་ཞི་བ་བགྲོད་པ་གཅིག་པུ་དེ་ཉན་ཐོས་ཀྱི་བྱང་ཆུབ་ལ་ཡང་དག་པར་ཞུགས་པའི་དབང་དུ་བྱས་ནས་སྦྱོར་ལམ་ཆོས་མཆོག་རིགས་ཀྱི་སར་བཞག་གོ །འདིར་སློབ་དཔོན་གྱི་བཞེད་པ་ཉན་ཐོས་མ་ངེས་པའི་རིགས་ཅན་ལ། སེམས་ཙམ་པ་དང་མཐུན་པར་རིགས་ཀྱི་ས་མི་བཞག་ཅིང་། ཉན་ཐོས་རིགས་ངེས་པ་དང་རང་རྒྱལ་རྣམས་སྦྱོར་ལམ་ནས་རྟོགས་པའི་སྟོབས་ཀྱིས་རང་གི་བྱང་ཆུབ་ལས་མི་ལྡོག་པས། དེ་དག་གི་སྦྱོར་ལམ་བཞི་པོ་རིགས་ཀྱི་སར་བཞེས་དེ། རང་རྒྱལ་གྱི་ལམ་ཤེས་ཀྱི་མདོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཞེས་པའི་ཐ་དད་དུ་འགྲེལ་ཆེན་ལས། ཕྱིར་མི་ལྡོག་པས་ཞེས་བྱ་བ་ནི། ངེས་པར་འབྱིན་པའི་ཆ་རྟོགས་པས་རང་བྱང་ཆུབ་ལས་ཕྱིར་མི་ལྡོག་པའོ་ཞེས་བཤད་ཅིང་། ཉན་ཐོས་ལ་ཡང་རྒྱུ་མཚན་དེ་མཚུངས་པའི་ཕྱིར་རོ། །འབྲས་བུ་དང་པོ་རྒྱུན་ཞུགས་ལ་ཞུགས་པའི་རྟོགས་པ་ནི། བརྒྱད་པའི་ས་ཡིན་ཏེ། ཟུང་བཞི་དང་པོའི་མངོན་རྟོགས་ཡིན་པའི་ཕྱིར། རྒྱུན་དུ་ཞུགས་པའི་རྟོགས་པ་ནི། མཐོང་བའི་ས་ཡིན་ཏེ། ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་མངོན་རྟོགས་ཡིན་པའི་ཕྱིར། ལན་ཅིག་ཕྱིར་འོང་གི་རྟོགས་པ་ནི། བསྲབས་པའི་ས་ཡིན་ཏེ། ཕལ་ཆེར་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་མངོན་རྟོགས་ཡིན་པའི་ཕྱིར། ཕྱིར་མི་འོང་གི་རྟོགས་པ་ནི། འདོད་ཆགས་དང་བྲལ་བའི་ས་ཡིན་ཏེ། ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་མངོན་རྟོགས་ཡིན་པའི་ཕྱིར། དགྲ་བཅོམ་པ་ཉིད་ཀྱི་རྟོགས་པ་ནི། བྱས་པ་རྟོགས་པའི་ས་ཡིན་ཏེ། གོང་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་མངོན་རྟོགས་ཡིན་པའི་ཕྱིར་རོ། །རྒྱུན་ཞུགས་མ་རྟོགས་པའི་འབྲས་བུ་ལྷག་མ་གསུམ་ལ་ཞུགས་པའི་རྟོགས་པ་ནི། ཉན་ཐོས་ཀྱི་ས་ཡིན་ཏེ། རིགས་ཅན་གསུམ་གྱི་ནང་ནས་རང་བཞིན་གྱི་དབང་པོ་རྟུལ་པོའི་མངོན་རྟོགས་ཡིན་པས་སོ། །ཅིའི་ཕྱིར་ཞུགས་པ་ལྷག་མ་གསུམ་བསྡུས་ནས་ཉན་ཐོས་ཀྱི་སར་བཞག་ཅེ་ན། ཞུགས་པ་ལྷག་མ་གསུམ་གྱི་རྟོགས་པ་ཆོས་ཅན། འདའ་བྱ་ས་དགུ་འཆད་པའི་སྐབས་སུ་ཉན་ཐོས་ཀྱི་ས་ཞེས་གཅིག་ཏུ་བསྡུས་པ་ལ་དགོས་པ་ཡོད་དེ། སྐབས་དེར་ཚུལ་གསུམ་སྟེ། ཐེག་པ་གསུམ་གྱི་རྟོགས་པ་རྣམ་པར་བཞག་ནས་དེ་དག་ལ་ཡོན་ཏན་ཡར་ལྡན་གྱི་ཚུལ་གྱིས་འདས་ནས་ས་བཅུ་པའི་མཚན་ཉིད་བཞག་པར་དགོངས་ནས་དེར་བསྡུས་པས་སོ། །རང་སངས་རྒྱས་འཕགས་པའི་མངོན་རྟོགས་རྣམས་ནི། རང་སངས་རྒྱས་ཀྱི་ས་ཡིན་ཏེ། རིགས་ཅན་གསུམ་གྱི་ནང་ནས་རང་བཞིན་གྱིས་དབང་པོ་འབྲིང་པོའི་མངོན་རྟོགས་ཡིན་པས་སོ། །སྔར་ཇི་སྐད་བཤད་པའི་བྱང་སེམས་ཀྱི་རྒྱུའི་ས་རྣམ་པ་དགུ་པོ་རྣམས་ནི་བྱང་སེམས་ཀྱི་ས་ཞེས་པ་གཅིག་ཁོ་ནར་རྣམ་པར་བཞག་གོ །གཉིས་པ་ནི་ཇི་སྐད་བཤད་པའི་ཚུལ་དེ་ལྟར། དམན་པ་ས་བརྒྱད་བྱང་སེམས་ཀྱི་ས་དགུ་གཅིག་ཏུ་བྱས་པའི་ས་དགུ་ལ་ཡོན་ཏན་ཡར་ལྡན་གྱི་ཚུལ་དུ་འདས་ནས་མངོན་པར་ཤེས་པ་ཆེན་པོའི་ལས་ལ་དབང་བའི་རང་བཞིན་གྱི་སྨོན་ལམ་ཤེས་པ་ཤེས་པ་གང་གིས་སངས་རྒྱས་ཀྱི་ས་དེ་ལ་གནས་པ་དེ་ནི་བྱང་སེམས་ཀྱི་ས་བཅུ་པ་ཡིན་པ་ཤེས་པར་བྱའོ། །ཞེས་སྦྲེལ་ལོ། །སངས་རྒྱས་ཀྱི་ས་ཡིན་ན། བྱང་སེམས་ཀྱི་སར་འགལ་ལོ་ཞེ་ན། སྐྱོན་མེད་དེ། མདོ་ལས། རབ་འབྱོར་བྱང་ཆེན་ས་བཅུ་པ་ལ་གནས་པ་ནི་དེ་བཞིན་གཤེགས་པར་བརྗོད་དོ། །ཞེས་པས། ས་བཅུ་པ་ལ་ནི་བྱང་ཆུབ་སེམས་དཔའ་ལ་སངསརྒྱས་ཁོ་ནར་བརྗོད་པར་བྱ་ཞེས་དོན་གྱིས་བསྟན་པས་ས་བཅུ་པ་ལ་སངས་རྒྱས་ཀྱི་སར་ཡང་བསྟན་ལ། ཡང་མདོ་ལས། བྱང་ཆེན་དཀར་པོ་རྣམ་པར་མཐོང་བའི་ས་ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མེད་པའི་བྱང་ཆུབ་ཏུ་རྫོགས་པར་འཚང་རྒྱའོ། །ཞེས་པ་ནས། སངས་རྒྱས་ཀྱི་ས་ཡོངས་སུ་རྫོགས་པར་བྱས་ནས་བླ་མེད་བྱང་ཆུབ་ཏུ་འཚང་རྒྱའོ་ཞེས་པའི་བར་གྱིས་སངས་རྒྱས་ཀྱི་ས་དེ་ཡང་། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་ཞེས་དོན་གྱིས་འབྱུང་བའི་ཕྱིར་ན། བྱང་སེམས་ཀྱི་སར་ཡང་བསྟན་པ་ཡིན་ནོ། །དེས་ན་འདི་ནི་མདོའི་དོན་བླངས་པ་ཡིན་གྱི་ཚིག་དངོས་མ་ཡིན་ལ། འདས་བྱ་ས་དགུའི་རྗེས་ཐོག་སངས་རྒྱས་ཀྱི་ས་དེ་བྱང་སེམས་ཀྱི་ས་བཅུ་པར་འཆད་པའི་ཤེས་བྱེད་ཡིན་གྱི། བྱང་སེམས་ཀྱི་ས་བཅུ་པ་སངས་རྒྱས་ཀྱི་སར་འཆད་པའི་ཤེས་བྱེད་མ་ཡིན་པས་ཊཱི་ཀ་བྱེད་པ་སྔ་མ་དག་གིས་ནོར་བ་ཁོ་ནར་བཤད་དོ། །ངག་དོན་ནི། འདའ་བྱ་ས་དགུའི་རྗེས་ཐོག་གི་སངས་རྒྱས་ཀྱི་ས་དེ་ཆོས་ཅན། བྱང་སེམས་ཀྱི་ས་བཅུ་པ་ཡིན་ཏེ། ཁྱོད་ལ་གནས་པའི་སེམས་དཔའི་དབང་དུ་མཛད་ནས་མདོ་ལས་ས་བཅུ་པ་ལ་བྱང་སེམས་སངས་རྒྱས་ཁོ་ནར་བརྗོད་པར་བྱའི་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །

གསུམ་པ་གཉེན་པོའི་ཚོགས་བྱེ་བྲག་དུ་བཤད་པ་ལ་གསུམ་གྱི། དང་པོ་ནི། གཉེན་པོའི་ཚོགས་ཞེས་སོ། །རྩ་བ་ནི། མཐོང་བ་དང་སྒོམ་པའི་ལམ་གྱི་གནས་སྐབས་དག་དབྱེ་གཞི། དབྱེ་གྲངས་གཉེན་པོ་རྣམ་པར་བརྒྱད་ཅེས་པའོ། །འབྱེད་པའི་རྒྱུ་མཚན་ནི། མཐོང་སྤང་དང་སྒོམ་སྤང་དག་གིས་བསྡུས་པའི་ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཕྱོགས་ཀྱིས་བསྡུས་པའི་གཟུང་བའི་རྟོག་པ་གཉིས་གང་ཟག་རྫས་ཡོད་དང་སྐྱེས་བུ་བཏགས་ཡོད་ལ་བརྟེན་པའི་འཛིན་པའི་རྣམ་རྟོག་གཉིས་རྣམས་སོ་སོར་ཉེ་བར་ཞི་བར་བྱ་བའི་ཕྱིར་མཐོང་སྒོམ་གྱིས་བསྡུས་པའི་གཉེན་པོ་དེ་སྙེད་འཇུག་པའི་ཕྱིར་རོ། །མདོ་ནི། རབ་འབྱོར་ཁྱོད་གང་ཡང་འདི་སྐད་དུ་ཐེག་པ་དེ་དག་གང་ནས་བྱུང་བར་འགྱུར་ཞེས་སྨྲས་པ་ནི། དེ་མི་དམིགས་པའི་ཚུལ་གྱིས་ཁམས་གསུམ་ལས་འབྱུང་བར་འགྱུར་ཞིང་། གཉིས་སུ་མེད་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར་འགྱུར་རོ་ཞེས་སོ། །གསུམ་པ་འགྲེལ་པ་ནི། མཐོང་བ་དང་སྒོམ་པའི་ལམ་གཉིས་པོ་ཁོ་ནའི་མི་མཐུན་ཕྱོགས་སྤོང་བའི་གནས་སྐབས་ཀྱི་ཁྱད་པར་དབྱེ་གཞི། དབྱེ་གྲངས་གཉེན་པོ་རྣམ་པ་བརྒྱད་དོ། །འབྱེད་པའི་རྒྱུ་མཚན་ནི། མཐོང་སྤང་གིས་བསྡུས་པའི་གཟུང་བ་དང་འཛིན་པའི་རྣམ་རྟོག་བཞི་དང་། སྒོམ་སྤང་གིས་བསྡུས་པ་བཞི་སྟེ། བརྒྱད་ཉེ་བར་ཞི་བར་བྱ་བའི་ཕྱིར། མི་མཐུན་ཕྱོགས་ཀྱི་རབ་ཏུ་དབྱེ་བས་དེ་དག་སྤོང་བྱེད་ཀྱི་གཉེན་པོ་ཡང་དེ་སྙེད་འཇུག་པའོ། །མི་མཐུན་ཕྱོགས་ཀྱི་དབྱེ་བས་གཉེན་པོ་རྣམ་པ་བརྒྱད་དུ་འགྱུར་བ་ཅི་ཞེ་ན། གཟུང་བའི་རྣམ་རྟོག་ཀུན་ནས་ཉོན་མོངས་ཀྱི་དངོས་པོ་ཙམ་དང་དེའི་གཉེན་པོའི་རྟེན་ཅན་གཉིས་དང་། འཛིན་པའི་རྣམ་རྟོག་གང་ཟག་རྫས་ཡོད་དང་། སྐྱེས་བུ་བཏགས་ཡོད་ལ་བརྟེན་པ་ཅན་གཉིས་པོ་རགས་པ་ཀུན་བཏགས་ཀྱི་ཆ་རྣམས་སོ་སོར་མཐོང་བའི་ལམ་ལ་སྤོང་ཞིང་ཕྲ་བ་ལྷན་སྐྱེས་ཀྱི་ཆ་རྣམས་སྒོམ་པའི་ལམ་ལ་སྤོང་བས་སོ། །

གཟུང་འཛིན་གྱི་རྣམ་པར་རྟོག་པའི་གཉེན་པོ་དེ་དག་མདོ་ལས་ཇི་ལྟར་བསྟན་ཅེ་ན། དེ་གཉིས་ཀ་ཡང་མདོ་ལས། ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀའི་རྣམ་པ་ལ་བརྟེན་ནས་མངོན་དུ་བྱ་བ་སྟེ། ཤེས་པར་བྱ་བར་བསྟན་ཏེ། འདི་ལྟར། བརྒྱད་སྟོང་པ་ལས། ཐེག་པ་ཆེན་པོ་དེས་གང་ནས་ངེས་པར་འབྱུང་བར་འགྱུར། གང་དུ་གནས་པར་འགྱུར། གང་གིས་ངེས་པར་འབྱུང་བར་འགྱུར། གང་ཞིག་ངེས་པར་འབྱུང་བར་འགྱུར། ཞེས་དྲིས་པའི་ལན་དུ། ཁམས་གསུམ་ལས་ངེས་པར་འབྱུང་བར་འགྱུར་ཞིང་ཞེས་སོགས་ཀྱིས་ཀུན་རྫོབ་གྱི་བདེན་པ་ལ་བརྟེན་ནས་ངེས་པར་འབྱུང་ས། འབྱུང་བྱེད། འབྱུང་ཚུལ་རྣམས་ཁས་བླངས་ནས་མཐོང་སྤང་གཟུང་འཛིན་གྱི་གཉེན་པོ་གསུངས་ལ། གང་ནས་ཀྱང་བྱུང་བ་མེད། གང་དུའང་གནས་པར་འགྱུར་བ་མེད་དོ། །གང་གིས་ངེས་པར་འབྱུང་བར་འགྱུར་བ་ཡང་མེད། གང་འབྱུང་བར་འགྱུར་བ་ཡང་མེད་དོ་ཞེས་དོན་དམ་པའི་བདེན་པ་ལ་བརྟེན་ནས། ངེས་པར་འབྱུང་ས། འབྱུང་བྱེད་སོགས་བཀག་པའི་སྒོ་ནས་སྒོམ་སྤང་གཟུང་འཛིན་གྱི་གཉེན་པོ་གསུངས་སོ། །དེས་ན་འདིར་འགྲེལ་པའི་བདེན་གཉིས་ལ་བརྟེན་ཅེས་པ་བརྒྱད་སྟོང་པ་དང་བསྟུན་པ་ཡིན་གྱི། ཉི་ཤུ་ལྔ་པར། མཐོང་སྤང་གི་གཉེན་པོ་ཀུན་རྫོབ་ལ་བརྟེན་པ་དང་། སྒོམ་སྤང་གི་གཉེན་པོ་དོན་དམ་ལ་བརྟེན་པའི་ངེས་པ་མེད་དོ། །

བཞི་པ་འབྲས་བུ་གདོན་མི་ཟ་བར་འབྱིན་པ་ངེས་འབྱུང་སྒྲུབ་པ་ལ་གསུམ་གྱི་དང་པོ་མཚམས་སྦྱར་བ་ནི། དེ་ལྟར་དཔུང་གི་ཚོགས་འཚོགས་དགོས་པ་ནི། མ་རྒྱལ་བ་ལས་རྒྱལ་བ་ཐོབ་སྟེ། ངེས་པར་འབྱུང་བྱ་བརྒྱད་ལ་ངེས་པར་འབྱུང་བྱེད་བརྒྱད་ཀྱིས་འཆད་དོ། །གཉིས་པ་རྩ་བ་ལ་ངེས་པར་འབྱུང་བྱའི་གཞི། ངེས་པར་འབྱུང་བྱེད་ཀྱི་སྒྲུབ་པ་གཉིས་ཀྱི། དང་པོ་ནི། ལོ་ཙཱ་བ་ཆེན་པོ་ལྟར་ན། སྤྱི་དང་ཁྱད་པར་གཉིས་ཀྱི་དང་པོ་ནི། ཆེན་པོ་གསུམ་གྱི་བདག་ཉིད་ཀྱི་ཆེད་དུ་བྱ་བ་ཡིན་ལ། གཉིས་པ་ནི། ལྷག་མ་བདུན་ཏེ། དེ་ཡང་སེམས་ཆེན་པོ་དང་། སྤོང་བ་ཆེན་པོ་དང་། རྟོགས་པ་ཆེན་པོ་གསུམ་གྱི་དབང་དུ་བྱས་ནས་གསུམ་དང་། གཉིས་དང་གཉིས་རྣམས་གོ་རིམ་བཞིན་ནོ་ཞེས་འཆད་དོ། །འབྲེ་དང་ཨར་ལྟར་ན། ངེས་པར་འབྱུང་བ་བརྒྱད་པོ་འདི་དག་མདོར་བསྡུ་ན་གཉིས་ཏེ། འབྲས་བུ་མཐར་ཐུག་པ་དང་རྒྱུ་མཐར་ཐུག་པའོ། །དང་པོ་ནི། ཆེད་དུ་བྱ་བ་ནས་རྣམ་མཁྱེན་གྱི་བར་བདུན་ནི། སངས་རྒྱས་ཀྱི་ས་ཡིན་ཏེ། འགྲེལ་མགོ་དང་འགྲེལ་ཞབས་སངས་རྒྱས་ཀྱི་ས་ཡིན་པའི་ཕྱིར་རོ། །གཉིས་པ་ཁྱད་པར་གྱི་ལམ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་ཏེ། སྒོམ་པའི་ལམ་ལ་བརྟེན་པ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །ཞེས་འཆད་དོ། །མདོ་ནི། བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཞེས་བགྱི་བའི་འདི་ནི། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་འབྱུང་བར་འགྱུར་རོ་ཞེས་སོགས་གསུངས་སོ། །གཉིས་པ་ནི། ངེས་པར་འབྱུང་བ་དེ་དག་དུ་མི་དམིགས་པའི་རྣམ་པའི་གདོན་མི་ཟ་བར་འབྱིན་པར་བྱེད་པ་རྣམ་པ་བརྒྱད་ཀྱི་བདག་ཉིད་འདི་ནི་ངེས་པ་འབྱུང་བའི་སྒྲུབ་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་དང་པོ་བདུན་ནི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཉིད་ཡིན་ཏེ། དེས་གཞི་བདུན་པོ་དེ་ཉིད་ཐོབ་པའམ་བསྐྱེད་པར་བྱེད་པའི་ཕྱིར། ལམ་གྱི་ཡུལ་ཅན་ནི་རྡོ་རྗེ་ལྟ་བུའི་སྦྱོར་བའི་ལམ་གྱིས་བསྡུས་སོ་ཞེས་འཆད་ཀྱང་། སྔར་ས་མཚམས་ཀྱི་སྐབས་སུ། ངེས་འབྱུང་སྒྲུབ་པ་ཁྱད་པར་གྱི་ལམ་ལ་བཞག་པས། ས་བརྒྱད་པ་ནས་འཛིན་པ་འཐད་དོ། །གསུམ་པ་འགྲེལ་པ་ལ་ཡང་རྩ་བ་ལྟར་གཉིས་ཀྱི་དང་པོ་ནི། ཆེན་པོ་གསུམ་གྱི་བདག་ཉིད་ཀྱི་ཆེད་དུ་བྱ་བ་སྔར་ཇི་ལྟར་བཤད་པ་ནི། ངེས་པར་འབྱུང་བའི་གཙོ་བོ་ཡིན་པས་དང་པོར་བསྟན་ཏོ། །དེ་ངེས་པར་འབྱུང་བ་ལ་ཡང་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་དགོས་པས། དེ་ནས་མཉམ་པ་ཉིད་ཀྱི་ངེས་འབྱུང་བསྟན་ཏོ། །སེམས་ཅན་གྱི་དོན་བྱས་ནས་བསོད་ནམས་ཀྱི་ཚོགས་མ་བསགས་པར་མཉམ་པ་ཉིད་མི་རྟོགས་པས། དེ་ནས་སེམས་ཅན་གྱི་ཁྱད་པར་གྱི་དོན་བྱ་བའི་ངེས་འབྱུང་སྟོན་ཏོ། །འབད་རྩོལ་དང་བཅས་པས་སེམས་ཅན་གྱི་དོན་མ་ཚང་བ་མེད་པར་རྫོགས་མི་ནུས་པས། དེ་ནས་འབད་རྩོལ་གྱི་མཚན་མ་མེད་པའི་སྒོ་གསུམ་གྱི་བྱ་བ་ཐམས་ཅད་བྱེད་པ་ཉིད་ཀྱི་ལྷུན་གྱིས་གྲུབ་པའི་ངེས་འབྱུང་སྟོན་ཏོ། །འཁོར་འདས་རྟག་ཆད་ཀྱི་མཐའ་དང་བྲལ་བའི་གནས་སྐབས་རྟོགས་པ་མེད་པར་སེམས་ཅན་གྱི་དོན་འབད་མེད་དུ་བྱེད་མི་ནུས་པས། དེ་ནས༼མ་དཔེ་མ་གསལ།༽རྟག་ཆད་དང་བྲལ་བའི་ངོ་བོའི་གནས་སྐབས་ཀྱི་ཁྱད་པར་གྱི་ངེས་པར་འབྱུང་བ་བསྟན་ཏོ། །ཐེག་པ་གསུམ་སོ་སོའི་ཡོན་ཏན་ཐོབ་པ་མེད་པར་མཐའ་ལས་འདས་པར་ངེས་པར་འབྱུང་མི་ནུས་པས་དེ་ནས་ཐེག་པ་གསུམ་གྱི་དོན་ཐམས་ཅད་ཐོབ་པའི་ངེས་པར་འབྱུང་བ་བསྟན་ཏོ། །རྣམ་མཁྱེན་མ་ཐོབ་པར་ཡང་ཐེག་པ་གསུམ་གྱི་ཡོན་ཏན་མ་ལུས་པ་ཐོབ་པར་མི་ནུས་པས་གོང་དུ་ཇི་སྐད་བཤད་པའི་སེམས་བསྐྱེད་ལ་སོགས་པའི་ཡུལ་ཅན་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བ་བསྟན་ཏོ། །རྣམ་མཁྱེམ་དུ་ངེས་པར་འབྱུང་བ་དེ་ཡང་ཁྱད་པར་གྱི་ལམ་ལ་སོགས་པ་མེད་ན་མེད་པས་རྣམ་མཁྱེན་དེའི་ཁྱད་པར་གྱི་ལམ་དུ་ངེས་པར་འབྱུང་བ་བསྟན་ཏེ། འདི་དག་ནི་བཤད་པའི་གོ་རིམ་མོ། །གཉིས་པ་ནི། ངེས་པར་འབྱུང་བའི་སྒྲུབ་པ་ནི་ཆོས་ཅན། རྣམ་པ་བརྒྱད་ཡིན་ཏེ། ཆེད་དུ་བྱ་བ་ནས། ཁྱད་པར་གྱི་ལམ་གྱི་བར་ངེས་པར་འབྱུང་བ་ཐམས་ཅད་དོན་དམ་པར་མི་དམིགས་པ་ཉིད་ཀྱིས། ཀུན་རྫོབ་དུ་དེ་དང་དེར་གདོན་མི་ཟ་བར་ངེས་པར་འབྱུང་བར་རྣམ་པ་བརྒྱད་ཡིན་པས་སོ། །ཅིའི་ཕྱིར་ཆེད་དུ་བྱ་བ་སོགས་བརྒྱད་དུ་ངེས་པར་འབྱུང་བས་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་ཞེ་ན། ཐེག་ཆེན་སྒྲུབ་པས་ངེས་པར་འབྱུང་བར་བྱ་བའི་གཞི་ཆེད་དུ་བྱ་བ་ལ་སོགས་གོང་དུ་བཤད་པ་དེ་ལྟ་བུ་དག་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་མེད་པའི་ཕྱིར་ཏེ། དེ་དག་ནི་འབྲས་བུ་མཐར་ཐུག་པ་དང་། རྒྱུ་མཐར་ཐུག་པ་ཡིན་པས་སོ། །གསུམ་པ་སྐབས་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དོན་གསལ་བའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སྐབས་དང་པོའི་བཤད་པའོ། །མཾ་གྷ་ལཾ་བྷ་ཝནྟུ།། །།

༼འདི་མ་དཔེ་ཤིན་ཏུ་ངན་པས་ཁོ་བོས་འབྲེལ་ཡོད་འགྲེལ་པ་ཁག་ལ་ལེགས་པར་བསྡུར་ཏེ་ཞུས་ཁུལ་བྱས་ཀྱང་ད་དུང་དྭོགས་གཞི་ཡོད་པ་དང་མ་མཐོང་བ་ཤིན་ཏུ་མང་པོ་ལུས་ཡོད་བསམ་པས་རྟོགས་ལྡན་དམ་པ་རྣམས་ཀྱིས་ཞིབ་དཔྱད་ཡོད་པ་མཁྱེན། དཔེ་འདིའི་མ་དཔེ་ལ་མ་ཚང་བ་དང་མི་གསལ་བ་ཤིན་ཏུ་མང་བས། དཔལ་ལྡན་འབྲས་སྤུངས་ཀྱི་དགེ་བའི་བཤེས་གཉེན་བསོད་ནམས་བརྟན་པའི་ཞབས་ཀྱིས་མ་དཔེ་གཞན་བཙལ་བར་ཕྱག་རོགས་གང་ཟབ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་བར་ཞུའོ། །


previousའགྲེལ་པ་དོན་གསལ་རྣམ་བཤད་ཉི་མའི་འོད་ཟེར།no next