Nitartha Digital Library
Tibetan
 
no previousདམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་རྒྱ་ཆེར་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ། སྨད་ཆ། next

དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་རྒྱ་ཆེར་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ། སྨད་ཆ།

དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་རྒྱ་ཆེར་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །

སྨད་ཆ།

ཀུན་ལས་བཏུས་པ་གཉིས་པ་བདེན་པ་རྣམ་པར་ངེས་པ།

དེ་ལྟར་ཆོས་གསུམ་གྱི་རང་བཞིན་རྒྱས་པར་བཤད་ནས་དེའི་འོག་ཏུ་རྟོགས་པར་དཀའ་བའི་གནས་བྱེ་བྲག་ཏུ་གཏན་ལ་འབེབས་པར་བཞེད་ནས། རྣམ་པར་ངེས་པ་གང་ཞེ་ན་ཞེས་སྨོས་སོ། །དེ་ཡང་དོན་བཞིས་རིག་པར་བྱ་སྟེ། འདི་ལྟར་སྤྱད་བྱ་མངོན་རྟོགས་ཀྱི་དམིགས་ཡུལ་བདེན་པ་བཞིའི་རང་བཞིན་བྱེ་བྲག་ཏུ་གཏན་ལ་འབེབས་པ་བདེན་པ་རྣམ་པར་ངེས་པ་དང་། སྤྱོད་པ་རང་གི་ངོ་བོ་མངོན་རྟོགས་ཀྱི་རྒྱུ་ཚོགས་བྱེ་བྲག་ཏུ་གཏན་ལ་འབེབས་པ་ཆོས་རྣམ་པར་ངེས་པ་དང་། སྤྱད་པའི་འབྲས་བུ་ལ་གཉིས་ཏེ། རང་དོན་དང་། གཞན་དོན་ནོ། །

དེ་ལ་རང་དོན་རྟོགས་པའི་ཆོས་དེ་ཉིད་ཐོབ་བྱེད་ཀྱི་གང་ཟག །ཐོབ་པར་བྱ་བའི་མངོན་རྟོགས། ཐོབ་འབྲས་ཡོན་ཏན་གྱི་དབྱེ་བ་དང་བཅས་པ་བྱེ་བྲག་ཏུ་གཏན་ལ་འབེབས་པར་བྱེད་པ་ཐོབ་པ་རྣམས་པར་ངེས་པ་དང་གཞན་དོན་ལུང་གི་ཆོས་དང་འབྲེལ་པ་སློབ་མ་རྗེས་སུ་བཟུང་བའི་ཡན་ལག།མདོ་དང་བསྟན་བཅོས་ཀྱི་བཤད་པའི་ཚུལ། རྒོལ་བ་ཚར་གཅད་པའི་ཡན་ལག །རྒོལ་ཕྱིར་རྒོལ་རྩོད་པའི་ཚུལ། དྲང་དོན་གྱི་དགོངས་པ་རྟོགས་པའི་ཡན་ལག་ལྡེམ་དགོངས་ཀྱི་བརྗོད་པ་ཟབ་མོ་བཤད་ཐབས་རྣམས་བྱེ་བྲག་ཏུ་གཏན་ལ་འབེབས་པ་འབྲེལ་བའི་གཏམ་རྣམ་པར་ངེས་པ་རྣམས་སོ། །དེ་རྣམས་ལས་རེ་ཞིག་བདེན་པ་རྣམ་པར་ངེས་པ་འཆད་པར་བཞེད་ནས་བདེན་པ་རྣམ་པར་ངེས་པ་གང་ཞེ་ན་ཞེས་གསུངས་ཏེ། འདི་ཡང་བདེན་པའི་དབྱེ་བ་དང་། སོ་སོའི་རང་བཞིན་དང་། བདེན་པའི་རྣམ་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་བསྟན་པ་གསུམ་གྱིས་རིག་པར་བྱའོ། །དང་པོ་ནི་འཕགས་པའི་བདེན་པ་བཞི་པོ་དག་སྟེ། འདི་ལྟར་མི་བཟད་པའི་ནད་ལྟར་ཐོག་མར་རྣལ་འབྱོར་པ་རྣམས་ཀྱིས་གང་གི་རང་བཞིན་ཤེས་པར་བྱ་བ་སྡུག་བསྔལ་གྱི་བདེན་པ་དང་། དེའི་འོག་ཏུ་ནད་ཀྱི་རྒྱུ་ལྟར་འབད་པས་སྤང་བར་བྱ་བ་ཀུན་འབྱུང་གི་བདེན་པ་དང་། དེའི་འོག་ཏུ་ནད་མེད་པ་ལྟར་མངོན་སུམ་དུ་བྱ་བ་འགོག་པའི་བདེན་པ་དང་། དེའི་འོག་ཏུ་དེ་རྣམས་ཀྱི་དོན་དུ་འབད་པ་བརྟེན་པར་བྱ་བ་ལམ་གྱི་བདེན་པ་རྣམས་སོ། །ཅིའི་ཕྱིར་འདི་རྣམས་ལ་འཕགས་པའི་བདེན་པ་ཞེས་བྱ་ཞེ་ན། འདི་རྣམས་ནི་སྡུག་བསྔལ་དང་སྡུག་བསྔལ་ཀུན་འབྱུང་བ་སོགས་ཀྱི་ངོ་བོ་འཕགས་པ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་གཟིགས་ཀྱིས་བྱིས་པ་རྣམས་ཀྱི་ནི་མ་ཡིན་པས། དེའི་ཕྱིར་འཕགས་པའི་བདེན་པ་ཞེས་བྱའོ། །ཅིའི་ཕྱིར་བདེན་པ་ཞེས་བྱ་ཞེ་ན། བསྟན་པ་དང་མི་མཐུན་པ་མེད་པ་དང་། དེ་མཐོང་བ་རྣམས་པར་དག་པར་འགྱུར་བའི་ཕྱིར་བདེན་པ་ཡིན་ནོ། །

དེ་ལ་བསྟན་པ་དང་མཐུན་པའི་དོན་ནི་འདི་རྣམས་སྡུག་བསྔལ་ལ་སོགས་པར་ཇི་ལྟར་བསྟན་པ་དེ་ལྟར་རིགས་པའི་རྗེས་སུ་འབྲང་བ་དག་གིས་རྣམ་པར་དཔྱད་ན་ཡང་དེ་བཞིན་དུ་གནས་ཀྱི་རྣམ་པ་གཞན་དུ་བྱ་བར་མི་ནུས་པས་དེའི་ཕྱིར་བསྟན་པ་དང་མི་མཐུན་པ་མེད་པར་ཞེས་བྱའོ། །དེའི་ཕྱིར་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། བདེན་པའི་དོན་གང་ཞེ་ན། སྨྲས་པ། བསྟན་པ་དང་མི་མཐུན་པ་མེད་པའི་མཚན་ཉིད་ཀྱི་དོན། དེ་མཐོང་བ་རྣམ་པར་དག་པའི་རྒྱུར་འགྱུར་བའི་དོན་ནི་བདེན་པའི་དོན་ནོ། །ཞེས་གང་གསུངས་པ་ཡིན་ནོ། །གཞན་ཡང་དེ་ཉིད་ལས་སྡུག་བསྔལ་གྱི་བདེན་པའི་དོན་གང་ཞེ་ན་སྨྲས་པ། ཉོན་མོངས་པ་ལས་བྱུང་བའི་འདུ་བྱེད་ཀྱི་དོན་ནོ། །ཀུན་འབྱུང་གི་བདེན་པའི་དོན་གང་ཞེ་ན། སྨྲས་པ་སྡུག་བསྔལ་གྱི་བདེན་པ་བསྐྱེད་པའི་དོན་ནོ། །འགོག་པའི་བདེན་པའི་དོན་གང་ཞེ་ན། སྨྲས་པ་དེ་གཉིས་ཀ་ཉེ་བར་ཞི་བའི་དོན་ཏོ། །ལམ་གྱི་བདེན་པའི་དོན་གང་ཞེ་ན། སྨྲས་པ་དོན་གསུམ་པོ་སྒྲུབ་པའི་དོན་ནོ། །ཞེས་པས་བདེན་པ་སོ་སོའི་ངོ་བོ་དང་གོ་རིམ་ཀྱང་གསུངས་ཏེ། ཇི་སྐད་དུ་འཕགས་པའི་བདེན་པ་བཞི་པོ་དག་གི་བཤད་པའི་གོ་རིམ་གཞན་ཡང་གང་གིས་སྡུག་བསྔལ་བར་འགྱུར་བ་དེ་ནི་དང་པོ་ཡིན་ནོ། །ཇི་ལྟར་སྡུག་བསྔལ་བར་འགྱུར་བ་དེ་ནི་གཉིས་པ་ཡིན་ནོ། །ནག་པོའི་ཕྱོགས་གཏུགས་ནས་ཡང་གང་གིས་བདེ་བར་འགྱུར་བ་དེ་ནི་གསུམ་པ་ཡིན་ནོ། །ཇི་ལྟར་བདེ་བར་འགྱུར་བ་དེ་ནི་བཞི་པ་ཡིན་ཏེ། ནད་དང་དེའི་རྒྱུ་དང་། ནད་མེད་པ་དང་། སྨན་ལྟ་བུ་ཡིན་ནོ། །རྣམ་གྲངས་གཞན་ཡང་འཇིག་རྟེན་པའི་སྡུག་བསྔལ་འབྱུང་བའི་གོ་རིམ་བཞིན་དུ་བདེན་པ་རྣམས་ཀྱི་གོ་རིམ་རྣམ་པར་བཞག་པར་བྱ་སྟེ། འདི་ལྟར་འཇིག་རྟེན་པ་དག་ནི་དང་པོར་སྡུག་བསྔལ་གང་ཡང་རུང་བ་གཅིག་གིས་ཐེབས་པ་ན་དེ་ལ་རྟོག་པར་བྱེད་དོ། །དེའི་འོག་ཏུ་གང་ལས་བྱུང་བ་ལའོ། །དེའི་འོག་ཏུ་དེ་ལས་ཐར་པ་ལའོ། །དེའི་འོག་ཏུ་དེ་ལས་ཐར་པའི་ཐབས་ལ་རྟོགས་པར་བྱེད་པའི་ཕྱིར་རོ། །ཞེས་གང་གསུངས་པ་ཡིན་ནོ། །གཞན་ཡང་དེ་ཉིད་ལས་ཅི་འཕགས་པའི་བདེན་པ་བཞི་པོ་དེ་དག་ཀུན་རྫོབ་ཀྱི་བདེན་པས་བསྡུས་པ་ཡིན་ནམ། འོན་ཏེ་དོན་དམ་པའི་བདེན་པས་བསྡུས་ཞེ་ན། སྨྲས་པ། དོན་དམ་པའི་བདེན་པས་བསྡུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཀུན་རྫོབ་ཀྱི་བདེན་པ་ནི་བདེ་བ་དང་། སྡུག་བསྔལ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་གནས་དང་མཐུན་པ་དག་ལ། རང་གི་མཚན་ཉིད་ཡོངས་སུ་གྲུབ་པ་ལ་རྣམ་པར་བཞག་ལ། །དོན་དམ་པའི་བདེན་པ་ནི་སྡུག་བསྔལ་དུ་རོ་གཅིག་པའི་མཚན་ཉིད་ཀྱི་ཕྱིར་སྤྱིའི་མཚན་ཉིད་ཀྱིས་རྣམ་པར་བཞག་པར་ལྟ་བར་བྱ་བའི་ཕྱིར་རོ། །ཞེས་གང་གསུངས་པ་ཡིན་ནོ། །

དོན་ནི་འདི་ཡིན་ཏེ། ཀུན་རྫོབ་ཏུ་ནི་ཟག་པ་དང་བཅས་པའི་ཆོས་རྣམས་ལ། གང་ཞིག་བདེ་བ་འབྱུང་བའི་གནས་སུ་གྱུར་པ་དེ་ནི་བདེ་བ་ཡིན་ཞེས་བརྗོད། སྡུག་བསྔལ་འབྱུང་བའི་གནས་གང་ཡིན་པ་དེ་ནི་སྡུག་བསྔལ་དང་། བཏང་སྙོམས་འབྱུང་བའི་གནས་གང་ཡིན་པ་དེ་ནི་བཏང་སྙོམས་ཞེས་བྱ་བར་འཇིག་རྟེན་ན་གྲགས་པ་ཡིན་གྱི། ཀུན་ཀྱང་སྡུག་བསྔལ་དུ་འཇིག་རྟེན་ན་གྲགས་པ་ནི་འགའ་ཡང་མེད་དོ། །དེའི་ཕྱིར་ཟག་པ་དང་བཅས་པའི་ཆོས་རྣམས་ལ་བདེ་བ་དང་། སྡུག་བསྔལ་དང་། གཉིས་ཀ་མ་ཡིན་པ་བཏང་སྙོམས་ཀྱི་གནས་གསུམ་དུ་རྣམ་པར་གཞག་པ་འདི་ནི། མ་རིག་པའི་རྗེས་སུ་འགྲོ་བའི་འཇིག་རྟེན་པ་དག་གིས་རྣམ་པར་གཞག་པས་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ། །གང་ཡང་འཇིག་རྟེན་པ་དག་ལ་བདེ་བ་དང་བཏང་སྙོམས་སུ་གྲགས་པའི་ཆོས་གང་ཇི་སྙེད་པ་དེ་དག་ཀྱང་ཡང་དག་པར་ཚུལ་བཞིན་དུ་སྤྱད་ན་སྡུག་བསྔལ་དུ་གྲགས་པའི་ཆོས་རྣམས་དང་མཚུངས་པར་རོ་གཅིག་ཏུ་སྡུག་བསྔལ་བ་མི་མཐུན་པའི་རང་བཞིན་ཅན་ཡིན་གྱི། འདི་ལ་བདེ་བའི་རོ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཟག་པ་དང་བཅས་པ་མ་ལུས་པ་སྡུག་བསྔལ་དུ་རྣམ་པར་གཞག་པ་གང་ཡིན་པ་དེ་ནི་དོན་དམ་པའི་དབང་དུ་བྱས་པ་ཡིན་པས། སྡུག་བསྔལ་གྱི་བདེན་པ་དོན་དམ་པའོ་ཞེས་བྱ་བར་འཐད་པ་ཡིན་ནོ། །གང་ཡང་ཟག་པ་དང་བཅས་པ་མ་ལུས་པ་སྡུག་བསྔལ་དུ་གནས་པ་ན་དེ་དག་འབྱིན་པར་བྱེད་པའི་ལས་དང་ཉོན་མོངས་པ་གང་ཡིན་པ་དེ་རྣམས་ཀྱང་སྡུག་བསྔལ་ཀུན་འབྱུང་བ་ཉིད་དུ་དོན་ལ་གནས་པའི་ཕྱིར་ཀུན་འབྱུང་གི་བདེན་པ་ཡང་དོན་དམ་པ་ཡིན་ནོ། །དེ་ལྟར་ན་དེ་དག་ཉེ་བར་ཞི་བ་ནི་སྡུག་བསྔལ་མ་ལུས་པ་འགགས་པ་དང་། ཀུན་འབྱུང་གི་གཉེན་པོ་གང་ཡིན་པ་དེ་ཡང་སྡུག་བསྔལ་མ་ལུས་པ་འགགས་པའི་ཐར་པར་བགྲོད་པར་བྱེད་པའི་ལམ་དུ་དོན་ལ་གནས་པའི་ཕྱིར་འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་ཡང་དོན་དམ་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་བདེན་པ་བཞི་པོ་འདི་དག་ནི་རྣམ་པར་དག་པའི་དམིགས་པ་ཡིན་པའི་ཕྱིར་དོན་དམ་པ་ཡིན་ནོ། །

ཇི་སྐད་དུ། རྣམ་པར་དག་པར་འགྱུར་བའི་དམིགས་པ་ནི་དོན་དམ་པའོ་ཞེས་སྔར་བཤད་པ་ཡིན་ནོ། །ཡང་གསུངས་པས། ཅིའི་ཕྱིར་སྡུག་བསྔལ་གྱི་བདེན་པ་ནི་ཡོངས་སུ་ཤེས་པར་བྱ། ཀུན་འབྱུང་གི་བདེན་པ་ནི་སྤང་བར་བྱ། འགོག་པའི་བདེན་པ་ནི་མངོན་གསུམ་དུ་བྱ། ལམ་གྱི་བདེན་པ་ནི་བསྒོམ་པར་བྱ་ཞེ་ན་སྨྲས་པ། སྡུག་བསྔལ་གྱི་བདེན་པ་ནི་ཕྱིན་ཅི་ལོག་བཞིའི་གནས་ཡིན་པས་ཕྱིན་ཅི་ལོག་བསལ་བའི་ཕྱིར་ཡོངས་སུ་ཤེས་པར་བྱ་བ་ཡིན་ནོ། །ཀུན་འབྱུང་གི་བདེན་པ་ནི་སྡུག་བསྔལ་གྱི་བདེན་པས་བསྡུས་པ་ཡིན་པའི་ཕྱིར། སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་སུ་ཟིན་ཀྱང་ད་རུང་ཀུན་འབྱུང་གི་བདེན་པ་དང་རྗེས་སུ་འབྲེལ་བའི་ཕྱིར་ཀུན་འབྱུང་གི་བདེན་པ་ནི་སྤང་བར་བྱ་བ་ཡིན་ནོ། །མངོན་གསུམ་དུ་བྱ་བ་ནི་མངོན་དུ་བྱ་བའི་དོན་ཡིན་པས། དེ་མངོན་གསུམ་དུ་བྱས་ན་འགོག་པ་ལ་མི་སྐྲག་ཅིང་དགའ་བ་ཡོངས་སུ་འཛིན་པའི་ཕྱིར་འགོག་པའི་བདེན་པ་ནི་མངོན་དུ་བྱ་བ་ཡིན་ནོ། །ཇི་སྐད་སྨོས་པའི་དོན་གསུམ་པོ་དག་བསྒྲུབ་པའི་ཕྱིར་ལམ་སྒོམས་པར་བྱ་དགོས་པས། ལམ་གྱི་བདེན་པ་ནི་བསྒོམ་པར་བྱ་བ་ཡིན་ནོ་ཞེས་གསུངས་ཏེ། དེའི་ཡང་དོན་ནི་འདི་ཡིན་ཏེ། བདེན་པ་བཞི་ཀ་ཡང་ཡོངས་སུ་ཤེས་པར་བྱ་བ་ཡིན་ན་ཅིའི་ཕྱིར་སྡུག་བསྔལ་གྱི་བདེན་པ་འབའ་ཞིག་ཡོངས་སུ་ཤེས་པར་བྱ་བ་ཡིན་ཞེ་ན། སྡུག་བསྔལ་གྱི་བདེན་པ་ལ་ནི་བྱིས་པ་རྣམས་གཙང་བདེ་རྟག་བདག་གི་རྣམ་པར་ལོག་པར་ཞུགས་པ་ཡིན་ལ་དེའི་ཕྱིར་སྡུག་བསྔལ་གྱི་བདེན་པ་ནི་ཕྱིན་ཅི་ལོག་བཞིའི་གནས་ཡིན་པས། ཕྱིན་ཅི་ལོག་བསལ་བའི་ཕྱིར། རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་གཉིས་ཀྱི་སྒོ་ནས་ཤེས་པར་བྱ་བ་ཡིན་པས། དེའི་ཕྱིར་སྡུག་བསྔལ་གྱི་བདེན་པ་ཡོངས་སུ་ཤེས་པར་བྱ་བ་ཡིན་ནོ། །དེ་ལ་མི་རྟག་པ་ལ་སོགས་པའི་རྣམ་པ་གཞན་གསུམ་ནི་བདེན་པ་ལྷག་མ་རྣམས་ལ་ཡང་རྗེས་སུ་ཞུགས་པའི་ཕྱིར། སྤྱིའི་མཚན་ཉིད་ཡིན་ལ། སྡུག་བསྔལ་གྱི་རྣམ་པ་གཅིག་པུ་ནི་རང་གི་མཚན་ཉིད་ཡིན་ནོ། །

བདེན་པ་ལྷག་མ་རྣམས་ནི། རྒྱུ་དང་ཀུན་འབྱུང་བ་ལ་སོགས་པ་རང་གི་མཚན་ཉིད་ཙམ་གྱི་སྒོ་ནས་ཤེས་པར་བྱ་བ་ཡིན་གྱི་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་མ་ཡིན་ཏེ། དེ་དག་ལ་རྟག་སོགས་ཕྱིན་ཅི་ལོག་ཏུ་ལོག་པར་ཞུགས་པ་མེད་པའི་ཕྱིར་རོ། །སྡུག་བསྔལ་གྱི་བདེན་པ་ཡང་ཟག་པ་དང་བཅས་པ་ཉིད་ཀྱིས་སྤང་བར་བྱ་བ་ཡིན་ན་ཅིའི་ཕྱིར་ཀུན་འབྱུང་གི་བདེན་པ་ཁོ་ན་སྤང་བར་བྱ་བ་ཡིན་ཞེ་ན། སྡུག་བསྔལ་གྱི་རྒྱུ་མ་སྤངས་པར་ཡང་སྡུག་བསྔལ་སྤང་བར་ནུས་པ་མ་ཡིན་ནོ། །རྒྱུ་ཡོད་ན་སླར་ཡང་རྐྱེན་ཇི་ལྟ་བ་བཞིན་འབྲས་བུ་འབྱུང་བའི་ཕྱིར་རོ། །གང་ཞིག་གང་གི་རང་བཞིན་མི་འདོད་པ་དེས་ནི་དེའི་རྒྱུའི་རང་བཞིན་སྤང་བར་བྱ་བ་ཡིན་ནོ། །ནད་དང་བྲལ་བར་འདོད་པས་ནི་ནད་ཀྱི་རྒྱུ་སྤོང་བ་བཞིན། སྡུག་བསྔལ་མི་འདོད་པ་དེས་ཀྱང་སྡུག་བསྔལ་གྱི་རྒྱུ་སྤང་བར་བྱ་བ་ཡིན་ནོ། །དེ་བས་ན་ཀུན་འབྱུང་གི་བདེན་པ་ནི་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །ལམ་ཡང་མངོན་སུམ་དུ་བྱ་བ་ཡིན་ན་ཅིའི་ཕྱིར་འགོག་པ་ཁོ་ན་མངོན་དུ་བྱ་བར་བརྗོད་ཅེ་ན། བྱིས་པ་རྣམས་ནི་སྡུག་བསྔལ་གྱི་ཕུང་པོ་ལ་བདག་ཏུ་བཟུང་ནས། དེ་ཆད་ཀྱི་དོགས་པའི་སྒོ་ནས་སྡུག་བསྔལ་མ་ལུས་པ་འགགས་པའི་འགོག་པ་ལ་སྐྲག་པར་འགྱུར་ཞིང་། དེའི་ཕྱིར་དེ་ཐོབ་པའི་ཐབས་ལམ་བརྟེན་པར་ཡང་མི་བྱེད་དོ། །གང་གི་ཚེ་སྡུག་བསྔལ་མ་ལུས་པ་ཉེ་བར་ཞི་བའི་འགོག་པ་དེ་ཉིད་མངོན་གསུམ་དུ་བྱ་བ་དམ་པར་བསྟན་པ་ན། འགོག་པ་ལ་མི་སྐྲག་ཅིང་དགའ་བ་ཡོངས་སུ་འཛིན་ལ། དེ་ཐོབ་པའི་དོན་དུ་ལམ་ལ་ཡང་འབད་པར་འགྱུར་བས་དེའི་ཕྱིར་འགོག་པའི་བདེན་པ་ནི་མངོན་དུ་བྱ་བར་བསྟན་ཏོ། །སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་སྤོང་བ་དང་། འགོག་པ་མངོན་གསུམ་དུ་བྱེད་པ་རྣམས་ཀྱང་ལམ་གོམས་པར་མ་བྱས་ན་མི་འབྱུང་བས་དེའི་ཕྱིར་ལམ་བསྒོམ་པར་བྱ་བར་བསྟན་ཏོ། །ད་ནི་བདེན་པ་སོ་སོའི་རང་བཞིན་བཤད་པར་བྱའོ། །

དེ་ལ་རེ་ཞིག་སྡུག་བསྔལ་གྱི་བདེན་པའི་རང་བཞིན་བཤད་པར་བཞེད་ནས་སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། ཞེས་སྨོས་ཏེ། འདི་ལ་ཡང་བཞི་སྟེ། བརྟན་གཡོའི་འཇིག་རྟེན་སྡུག་བསྔལ་གྱི་བདེན་པར་བསྟན་པ་དང་། སྡུག་བསྔལ་མདོ་ལས་བྱུང་བ་བཤད་པ་དང་། ཕྱིའི་མཚན་ཉིད་དང་རྣམ་པ་དང་། དེ་རྣམས་ལས་ཁྱད་པར་བཤད་པའོ། །དང་པོ་ལ་ཡང་གཉིས་ཏེ། དངོས་དང་། དམིགས་བསལ་ལོ། །དང་པོ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། དོན་བསྡུ་བ་གསུམ་ལས། དང་པོ་མདོར་བསྟན་པ་ནི། སྡུག་བསྔལ་གྱི་བདེན་པ་དེ་ནི་གང་སྐྱེ་བ་སེམས་ཅན་གྱི་འཇིག་རྟེན་དང་། གང་དུ་སྐྱེ་བའི་གནས་སྣོད་ཀྱི་འཇིག་རྟེན་གཉིས་ཀྱིས་རིག་པར་བྱ་བའོ། །

གཉིས་པ་རྒྱས་པར་བཤད་པ་ནི། གཡོ་བའི་འཇིག་རྟེན་དང་། བརྟན་པའི་འཇིག་རྟེན་གཉིས་ལས། དང་པོའི་དབང་དུ་བྱས་ནས་སེམས་ཅན་སྐྱེ་བ་གང་ཞེ་ན་ཞེས་སྨོས་སོ། །དེ་ཡང་སེམས་ཅན་དམྱལ་བ་རྣམས་སུ་སེམས་ཅན་རྣམས་སྐྱེ་ཞེས་སོགས་སྦྱར་རོ། །དེ་ལ་བསོད་ནམས་མ་ཡིན་པས་དེར་ཁྲིད་པས་སམ་དགའ་བར་བྱེད་པ་མེད་པས་དེའི་ཕྱིར་དམྱལ་བའོ། །མི་ལྟར་འགྲེང་སྟེ་མི་འགྲོ་བར་དུད་དེ་འགྲོ་བའི་ཕྱིར་དུད་འགྲོའོ། །ཕྱིར་མི་ལྡོག་པར་སོང་བས་སམ་སྐོམ་པ་དང་ལྡན་པས་དེའི་ཕྱིར་ཡི་དྭགས་སོ། །ཡིད་ཤས་ཆེ་བས་སམ། སྐྱེ་དགུའི་བདག་པོ་ཤེད་ཀྱི་བུ་ཡིན་པས་དེའི་ཕྱིར་མིའོ། །འཛམ་བུའི་གླིང་ལ་ལྟོས་པའི་རི་རབ་ཀྱི་ཤར་ན་ཡོད་ཅིང་ལུས་ཁྱད་པར་དུ་འཕགས་པར་བཟང་བའི་ཕྱིར་ལུས་འཕགས་སོ། །བ་ལང་སྦྱིན་ཞིང་འཚོ་བ་དང་བ་ལང་ལ་ལོངས་སྤྱོད་པས་བ་ལང་སྤྱོད་དོ། །སྐད་ངན་པ་སྨྲ་བས་སམ་འཆི་ཁར་སྒྲ་མི་སྙན་པ་འབྱུང་སྟེ་འཆི་ཕྱིར་སྒྲ་མི་སྙན་ནོ། །བྱང་ཕྱོགས་ཀྱི་རྒྱ་མཚོའི་འགྲམ་མ་དྲོས་པའི་འགྲམ་ན་ཡོད་པའི་ཤིང་འཛམ་བུ་ཡིས་མཚོན་པས་དེའི་ཕྱིར་འཛམ་བུའི་གླིང་ངོ་། །ལྷོ་མི་སྨོས་པ་ནི་གཞན་རྣམས་འདི་ལ་ལྟོས་ནས་ཕྱོགས་ཕྱེ་བར་གོ་བའི་ཕྱིར་རོ། །རྒྱལ་པོ་ཆེན་པོ་བཞིའི་རིས་སུ་གཏོགས་པའམ། དེ་དག་གི་གནས་ན་ཡོད་པའི་རྒྱལ་ཆེན་བཞིའི་རིས་སོ། །ལེགས་བྱས་ལྷན་ཅིག་ཏུ་བྱས་པ་རྣམས་དེར་སྐྱེས་པས་སམ། ཉེ་དབང་སུམ་ཅུ་རྩ་གཉིས་པོ་དང་སུམ་ཅུ་རྩ་གསུམ་ཡོད་པའི་ཕྱིར་སུམ་ཅུ་རྩ་གསུམ་མོ། །ལྷ་དང་ལྷ་མ་ཡིན་འཐབ་པ་དང་བྲལ་བའི་ཕྱིར་འཐབ་བྲལ་ལམ། ཡང་ན་ལྷ་མཚེ་མར་བརྫུས་ཏེ་སྐྱེ་བས་སམ། མེལ་ཚེ་ཐུན་རེས་ལ་བསྐུལ་བའི་ཕྱིར་ཡང་མའོ། །ཆོས་ཀྱི་དགའ་བ་དང་བདེ་བ་ལྷག་པར་ཆེ་བས་དགའ་ལྡན་ནོ། །རང་གི་སྤྲུལ་པའི་ལོངས་སྤྱོད་ལ་དགའ་བར་བྱེད་པས་འཕྲུལ་དགའོ། །གཞན་གྱིས་སྤྲུལ་པའི་ལོངས་སྤྱོད་ལ་དབང་བསྒྱུར་བས་གཞན་འཕྲུལ་དབང་བྱེད་དོ། །སྡིག་པའི་ཆོས་བསལ་བའི་ཕྱིར་ཚངས་པ་དེའི་རིས་སུ་གཏོགས་པས་ན་ཚངས་རིས་སོ། །ཚངས་པ་ཆེན་པོའི་མདུན་ན་འདུག་སྟེ་ཚིག་འདོན་པའི་ཕྱིར་ཚངས་པ་འདུན་ན་འདོན་ནོ། །ཚེ་དང་ཁ་དོག་སོགས་ཚངས་པ་གཞན་ལས་ཆེ་བའི་ཕྱིར་ཚངས་ཆེན་ནོ། །རང་གི་ས་གོང་མ་ལ་ལྟོས་ནས་འོད་ཆུང་བའི་ཕྱིར་འོད་ཆུང་ངོ་། །འོད་ས་འོག་མ་པས་ཚད་བཟུང་བར་མི་ནུས་པའི་ཕྱིར་ཚད་མེད་འོད་དོ། །གནས་གཞན་ཀུན་སྣང་བར་བྱེད་པའི་ཕྱིར་འོད་གསལ་ལོ། །ཡིད་ཀྱི་ས་པའི་བདེ་བ་ལ་དགེ་བར་བཏགས་ཏེ། དེ་རང་གི་ས་གོང་མ་བས་ཆུང་བ་ཡོད་པའི་ཕྱིར་དགེ་ཆུང་ངོ་། །བདེ་བ་དེ་ས་འོག་མ་པས་ཚད་བཟུང་བར་མི་ནུས་པའི་ཕྱིར་ཚད་མེད་འོད་དོ། །བདེ་བ་ཆེར་རྒྱས་པའི་ཕྱིར་དགེ་རྒྱས་སོ། །ས་གཞི་སྤྲིན་ཆགས་པ་ལྟ་བུ་འདབ་ཆགས་པ་མེད་པའི་ཕྱིར་སྤྲིན་མེད་དོ། །མི་གཡོ་བའི་ལས་ལས་བྱུང་བའི་ཕྱིར་བསོད་ནམས་སྐྱེས་སོ། །གནས་གཞན་དང་འབྲེལ་བའི་བྱིས་པ་ཀུན་ལས་འབྲས་བུ་ཆེ་བའི་ཕྱིར་འབྲས་བུ་ཆེ་བའོ། །ཚོགས་དྲུག་གི་འདུ་ཤེས་རྒྱུན་བཅད་དེ་གནས་པས་འདུ་ཤེས་མེད་པའོ། །སོ་སོ་སྐྱེ་བོ་དང་མ་འདྲེས་པའི་གཞན་གོང་མ་རྣམས་ལས་མི་ཆེ་བའི་ཕྱིར་མི་ཆེ་བའོ། །ཏིང་ངེ་འཛིན་ཁྱད་པར་ཅན་ཐོབ་པས་ཉོན་མོངས་པའི་གདུང་བ་མེད་པའི་ཕྱིར་མི་གདུང་པའོ། །རབ་ཏུ་ཞི་ཞིང་མིག་སྔར་མཛེས་པའི་ཕྱིར་གྱ་ནོམ་སྣང་ངོ་། །མཐོང་བའི་ལྟ་བ་རྣམ་པར་དག་ཅིང་བཟང་བས་ཤིན་ཏུ་མཐོང་ངོ་། །གནས་ཡོད་པ་ལ་འདི་ལས་ཆུ་ཞེང་སོགས་ཡོན་ཏན་གཞན་མེད་པས་འོག་མིན་ནོ། །ཡང་ན་གཟུགས་ཀྱི་མཐའ་ཡིན་པས་བསགས་མཐའ་འོ། །སྙོམས་འཇུག་གི་སྦྱོར་བའི་དུས་ན་ནམ་མཁའ་མཐའ་ཡས་སོ་སྙམ་པའི་རྣམ་པར་བྱེད་པས་དེའི་ཕྱིར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དོ། །དེ་བཞིན་དུ་རྣམ་ཤེས་མཐའ་ཡས་སོ་སྙམ་པ་དང་། གཟུང་བ་ཅི་ཡང་མེད་དོ་སྙམ་པའི་རྣམ་པར་བྱེད་པའི་ཕྱིར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཅེས་བྱའོ། །འདུ་ཤེས་ནི་འབྲས་དང་ཟུག་རྔུ། འདུ་ཤེས་མེད་པ་ནི་ཀུན་ཏུ་རྨོངས་པའོ་སྙམ་པའི་རྣམ་པར་བྱེད་ཅིང་། འདུ་ཤེས་ཞན་པ་འབྱུང་བས་དེའི་ཕྱིར་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཅེས་བྱའོ། །

སེམས་ཅན་གྱི་འཇིག་རྟེན་འདི་ཉིད་རྣམ་པར་གཏན་ལ་དབབ་པ་ཇི་ལྟ་བུ་ཞེ་ན། འདི་ལ་བོད་ཀྱི་སློབ་དཔོན་སྔ་མ་རྣམས་མདོ་དང་བསྟན་བཅོས་མི་མཐུན་པ་སྣ་ཚོགས་ཕྱོགས་གཅིག་ཏུ་བསྡུས་ནས་རྒྱ་ཆེར་འཆད་མོད་ཀྱི། འོན་ཀྱང་དེ་དག་ནི་རང་ཉིད་འབྲས་བུ་མེད་པ་ལ་ཤ་ཐང་བར་བྱེད་པ་འབའ་ཞིག་ཏུ་ཟད་ཀྱི། འདིར་ནི་འགལ་བ་སྣ་ཚོགས་ཕྱོགས་གཅིག་ཏུ་བསྡུད་པ་ལ་ངལ་བ་མི་བྱེད་ཅིང་། ཅོལ་ཆུང་བ་རྣམས་ཀྱི་བཤད་པའི་རྗེས་སུ་ཡང་མི་འབྲང་ངོ་། །འོ་ན་ཇི་ལྟར་འཆད་ཅེ་ན། སློབ་དཔོན་འདི་ཉིད་ཀྱི་ཐེག་པ་ཆེ་ཆུང་གི་མངོན་པའི་མདོ་དག་ལས་ཇི་ལྟར་འབྱུང་བ་རྣམས་ཐུགས་སུ་ཆུད་ནས་ཤིན་ཏུ་གསལ་ཞིང་འཇེབས་པའི་ཚིག་གིས་ཕྱོགས་གཅིག་ཏུ་འབྲེལ་ཆགས་པར་སྟོན་པ་ནི། རྣལ་འབྱོར་སྤྱོད་པའི་ས་ལས་གསུངས་པས། དེ་ཇི་ལྟ་བ་བཞིན་དུ་བཤད་པར་བྱའོ། །དེ་ལས་བྱུང་བའི་བར་གྱི་སྡོམ་ནི་འདི་ཡིན་ཏེ། གྲངས་དང་གནས་དང་ཚད་རྣམས་དང་། །ཚེའི་ཚད་དང་ལོངས་སྤྱོད་དང་། །སྐྱེ་བ་དང་ནི་ལུས་རྣམས་དང་། །རྒྱུ་དང་རྐྱེན་རྣམས་རྒྱ་ཆེར་རོ། །ཞེས་གསུངས་སོ། །དེ་ལ་སེམས་ཅན་གྱི་འཇིག་རྟེན་གྱི་ཁམས་ཀྱི་གྲངས་རྣམ་པར་གཞག་པ་ནི་འདི་ཡིན་ཏེ། ཁམས་ནི་གསུམ་ཏེ། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སོ། །དེ་ལ་འདོད་པའི་ཁམས་དང་། བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་གཏོགས་པའི་བསམ་གཏན་དང་པོ་རྣམས་ནི་རྟོག་པ་དང་བཅས་ཤིང་སྤྱོད་པ་དང་བཅས་པའི་ས་ཡིན་ནོ། །དང་པོའི་དངོས་གཞི་ཁྱད་པར་ཅན་ནི་རྟོག་པ་མེད་ལ་སྤྱོད་པ་ཙམ་གྱི་ས་པ་ཡིན་ནོ། །བསམ་གཏན་གཉིས་པ་ཡན་ཆད་ཀྱི་གཟུགས་དང་གཟུགས་མེད་པའི་ཁམས་རྣམས་ནི་རྟོག་པ་ཡང་མེད་སྤྱོད་པ་ཡང་མེད་པའི་ས་པ་ཡིན་ནོ། །དེ་ལ་གནས་རྣམ་པར་གཞག་པ་ནི་འདི་ཡིན་ནོ། །

འདོད་པའི་ཁམས་ན་གནས་གཞན་སུམ་ཅུ་རྩ་དྲུག་ཡོད་དེ། འདི་ལྟར་སེམས་ཅན་དམྱལ་བ་ཆེན་པོའི་གནས་བརྒྱད་ནི་འདི་ཡིན་ཏེ། ཡང་སོས་དང་ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་རབ་ཚ་བ་དང་། མནར་མེད་པའོ། །སེམས་ཅན་དམྱལ་བ་ཆེན་པོ་དེ་དག་གི་ཐད་ཀ་དཔག་ཚད་ཁྲིའི་ཕ་རོལ་ན་གྲང་བའི་སེམས་ཅན་དམྱལ་བའི་གནས་བརྒྱད་ཡོད་པ་འདི་ལྟ་སྟེ། ཆུ་བུར་ཅན་དང་ཆུ་བུར་རྡོལ་བ་དང་། སོ་ཐམ་ཐམ་པ་དང་། ཀྱི་ཧུད་ཟེར་བ་དང་། ཨ་ཆུ་ཟེར་བ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ལྟར་ཆེར་གས་པའོ། །ཡང་སོས་ནི་འདི་ནས་དཔག་ཚད་སུམ་ཁྲི་ཉིས་སྟོང་གི་འོག་ན་ཡོད་དོ། །དེའི་འོག་ཏུ་དཔག་ཚད་བཞི་སྟོང་བཞི་སྟོང་གིས་བཅད་པ་ན་ནི་དེ་ལས་གཞན་པ་རྣམས་ཡོད་དོ། །ཡང་སོས་ཀྱི་གནས་ཇི་ལྟ་བ་བཞིན་དུ། གྲང་བའི་སེམས་དམྱལ་བའི་གནས་དང་པོ་ཡང་དེ་དང་འདྲའོ། །དེའི་འོག་དཔག་ཚད་ཉིས་སྟོང་ཉིས་སྟོང་གིས་བཅད་པ་ན་ནི། དེ་ལས་གཞན་པ་རྣམས་ཡོད་དོ། །ཡི་དྭགས་དང་ལྷ་མ་ཡིན་དང་དུད་འགྲོ་རྣམས་ནི་ལྷ་དང་མི་རྣམས་དང་ལྷན་ཅིག་རྒྱུ་བའི་ཕྱིར། དེ་དག་གི་གནས་གཞན་ལོགས་ཤིག་ཏུ་རྣམ་པར་མི་བཞག་གོ །མི་རྣམས་ཀྱི་གནས་ནི་བཅུ་གཉིས་ཏེ། གླིང་བཞི་དང་གླིང་ཕྲན་བརྒྱད་དེ། འོག་ཏུ་འཆད་པར་འགྱུར་རོ། །འདོད་པ་སྤྱོད་པའི་ལྷའི་གནས་གཞན་དྲུག་སྟེ། རྒྱལ་ཆེན་བཞི་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་རྣམས་སོ། །བདུད་ཀྱི་གནས་ནི་གཞན་འཕྲུལ་དབང་བྱེད་ཀྱི་ནང་དུ་གཏོགས་པའི་གནས་གཞན་ཁྱད་པར་ཅན་ཡིན་ནོ། །ཉི་ཚེ་བ་དང་། ཉེ་འཁོར་བའི་སེམས་ཅན་དམྱལ་བ་རྣམས་ནི་སེམས་ཅན་དམྱལ་བ་ཆེན་པོ་དང་། གྲང་བའི་སེམས་ཅན་དམྱལ་བའི་ཉེ་འཁོར་དེ་ཉིད་ཡིན་པས། གནས་གཞན་ཁྱད་པར་བ་མེད་དོ། །ཉི་ཚེ་བའི་སེམས་ཅན་དམྱལ་བ་དེ་དག་ལས་ཁ་ཅིག་ནི། མི་རྣམས་ཀྱི་ནང་ན་ཡང་དམིགས་ཏེ། ཇི་སྐད་དུ། གནས་བརྟན་མཽང་འགལ་གྱི་བུས། ངས་སེམས་ཅན་འབར་ཞིང་རབ་ཏུ་འབར་ལ། ཀུན་ནས་མཆེད་ཅིང་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ལྟར་ན་གནས་གཞན་སུམ་ཅུ་རྩ་དྲུག་པོ་འདི་ནི་འདོད་པའི་ཁམས་ཞེས་བྱའོ། །

གཟུགས་ཀྱི་ཁམས་ན་གནས་གཞན་བཅོ་བརྒྱད་ཡོད་དེ། འདི་ལྟར་བསམ་གཏན་དང་པོ་ཆུང་ངུ་དང་། འབྲིང་དང་ཆེན་པོར་ཡོངས་སུ་བསྒོམ་པ་ལས་ཚངས་རིས་དང་། ཚངས་པ་འདུན་ན་འདོན་དང་། ཚངས་ཆེན་པ་རྣམས་སོ། །བསམ་གཏན་གཉིས་པ་ཆུང་ངུ་དང་འབྲིང་དང་ཆེན་པོར་ཡོངས་སུ་བསྒོམ་པ་ལས་ནི། འོད་ཆུང་དང་ཚད་མེད་འོད་འོད་གསལ་རྣམས་སོ། །བསམ་གཏན་གསུམ་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོར་ཡོངས་སུ་བསྒོམ་པ་ལས་དེ་དག་དགེ་ཆུང་དང་ཚད་མེད་དགེ་དང་དགེ་རྒྱས་རྣམས་སོ། །བསམ་གཏན་བཞི་པ་ཆུང་ངུ་དང་འབྲིང་དང་ཆེན་པོར་ཡོངས་སུ་བསྒོམ་པ་ལས་ནི། སྤྲིན་མེད་དང་བསོད་ནམས་སྐྱེས་དང་འབྲས་བུ་ཆེ་རྣམས་སོ། །འདུ་ཤེས་མེད་པ་པ་རྣམས་ནི། འབྲས་བུ་ཆེ་བའི་ནང་དུ་གཏོགས་པའི་ཕྱིར་གནས་གཞན་མེད་དོ། །བསམ་གཏན་བཞི་པ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་སྤེལ་མར་ཡོངས་སུ་བསྒོམ་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་། ཆེས་ཆེན་པོ་དང་། མཆོག་ཏུ་ཆེན་པོར་ཡོངས་སུ་བསྒོམས་པས་གནས་གཙང་མའི་ས་ལྔ་པོ་མི་ཆེ་བ་མི་གདུང་བ་དང་། གྱ་ནོམ་སྣང་དང་། ཤིན་ཏུ་མཐོང་དང་། འོག་མིན་པ་རྣམས་སོ། །གནས་གཙང་མའི་གནས་རྣམས་འདས་ནས། དབང་ཕྱུག་ཆེན་པོའི་གནས་ཡོད་དེ། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་རྣམས་ཀྱིས་ས་བཅུ་ཡོངས་སུ་བསྒོམས་ནས་གང་དུ་སྐྱེ་བའོ། །གཟུགས་མེད་པའི་ཁམས་ན་གནས་གཞན་བཞི་པོ་རྣམས་སོ། །ཡང་ལུས་མེད་པའི་ཕྱིར་གནས་གཞན་ཅི་ཡང་མེད་དོ། །དེ་ལ་སེམས་ཅན་རྣམས་ཀྱི་ལུས་ཀྱི་ཚད་རྣམ་པར་གཞག་པ་ནི་འདི་ཡིན་ཏེ། འཛམ་བུ་གླིང་པ་རྣམས་ཀྱི་མིའི་ལུས་ཀྱི་ཚད་ནི་ངེས་པ་མེད་དེ། རེས་ཆེ་ཞིང་རེས་ཆུང་ངུར་འགྱུར་ཏེ། དེ་ཡང་རང་གི་ཁྲུ་ཕྱེད་དང་བཞི་པའོ། །ཤར་གྱི་ལུས་འཕགས་ལ་སོགས་པའི་གླིང་གསུམ་གྱི་ལུས་ཀྱི་ཚད་ནི་ངེས་པ་ཡིན་ཏེ། རང་གི་ཁྲུ་ཕྱེད་དང་བཞི་པའོ། །ལུས་ཤིན་ཏུ་ཆེན་པོ་ཡིན་ནོ། །རྒྱལ་ཆེན་རིས་བཞིའི་ལྷ་རྣམས་ཀྱི་ཚད་ནི། རྒྱང་གྲགས་བཞི་ཆ་གཅིག་གོ །སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ཚད་ནི། རྒྱང་གྲགས་བཞི་ཆ་གཅིག་ལྷག་ཙམ་མོ། །བརྒྱ་བྱིན་གྱི་ཚད་ནི་རྒྱང་གྲགས་ཕྱེད་དོ། །འཐབ་བྲལ་བ་རྣམས་ཀྱང་རྒྱང་གྲགས་ཕྱེད་དོ། །དེ་ཡན་ཆད་ཀྱི་འདོད་པའི་ལྷའི་རིས་རྣམས་ནི། འོག་མ་འོག་མ་ལས་གོང་མ་གོང་མ་རྒྱང་གྲགས་བཞི་ཆ་རེ་རེས་ལྷག་པར་བལྟ་བར་བྱའོ། །ཚངས་རིས་པ་རྣམས་ཀྱི་དཔག་ཚད་ཕྱེད་དོ། །ཚངས་པ་འདུན་ན་འདོན་པ་རྣམས་ཀྱིས་དཔག་ཚད་གཅིག་གོ །ཚངས་ཆེན་པ་རྣམས་ཀྱི་དཔག་ཚད་ཕྱེད་དང་གཉིས་སོ། །འོད་ཆུང་པ་རྣམས་ཀྱི་དཔག་ཚད་གཉིས་སོ། །དེ་ཡན་ཆད་ནི། འོག་མ་འོག་མ་ལས་གོང་མ་གོང་མ་ལུས་ཉིས་འགྱུར་དུ་བལྟ་བར་བྱའོ། །སྤྲིན་མེད་མ་གཏོགས་ཏེ། དེ་དག་ལ་དཔག་ཚད་གསུམ་དོར་བར་བྱའོ། །

སེམས་ཅན་དམྱལ་བ་ཆེན་པོ་རྣམས་ཀྱི་ལུས་ཀྱི་ཚད་ནི་ངེས་པ་མེད་དེ། གང་གིས་སྡིག་པ་མི་དགེ་བའི་ལས་ཤིན་ཏུ་ཆེན་པོ་བྱས་ཤིང་བསགས་པ་དེ་དག་གི་ལུས་ནི་ཆེན་པོར་འགྱུར་ལ། གཞན་རྣམས་ཀྱི་ནི་གཞན་དུ་ཡང་འགྱུར་རོ། །སེམས་ཅན་དམྱལ་བ་ཆེན་པོ་ཇི་ལྟ་བ་བཞིན་དུ་གྲང་བའི་སེམས་ཅན་དམྱལ་བ་དང་། ཉི་ཚེ་བ་དང་། ཉེ་འཁོར་བའི་སེམས་ཅན་དམྱལ་བ་རྣམས་དང་། ཡི་དྭགས་དང་དུད་འགྲོ་རྣམས་ཀྱང་དེ་དང་འདྲའོ། །ལྷ་མ་ཡིན་རྣམས་ཀྱི་ལུས་ནི། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཚད་བཞིན་དུ་རྣམ་པར་གཞག་པར་རིག་པར་བྱའོ། །གཟུགས་མེད་པ་དག་ལ་ནི་གཟུགས་མེད་པའི་ཕྱིར་ཚད་མེད་དོ། །དེ་ལ་ཚེའི་ཚད་རྣམ་པར་བཞག་པ་ནི་འདི་ཡིན་ནོ། །འཛམ་བུ་གླིང་པའི་མི་རྣམས་ཀྱི་ནི་ཞག་སུམ་ཅུ་ལ་ཟླ་བ་གཅིག་དང་ཟླ་བ་བཅུ་གཉིས་ལ་ལོ་གཅིག་གཅིག་གི་ཚུལ་གྱིས་ཚེའི་ཚད་ངེས་པར་བྱེད་དོ། །དེ་ཡང་རེས་འགའ་ནི་ཚེའི་ཚད་དཔག་ཏུ་མེད་པར་འགྱུར་ལ། རེས་འགའ་ནི་བརྒྱད་ཁྲི་བར་འགྱུར་རོ། །རེས་འགའ་ནི་ཚེ་ལོ་བཅུ་པའི་བར་དུ་འགྱུར་རོ། །ཤར་གྱི་ལུས་འཕགས་ལ་སོགས་པའི་ཚེའི་ཚད་ནི་ངེས་པ་ཡིན་ཏེ། ཤར་པ་རྣམས་ཀྱི་ནི་ལོ་ཉིས་བརྒྱ་ལྔ་བཅུའོ། །ནུབ་པ་རྣམས་ཀྱི་ནི་ལོ་ལྔ་བརྒྱའོ། །བྱང་པ་རྣམས་ཀྱི་ནི་ལོ་སྟོང་ངོ་། །མི་རྣམས་ཀྱི་ལོ་ལྔ་བཅུ་གང་ཡིན་པ་དེ་ནི་རྒྱལ་ཆེན་རིས་བཞི་པ་རྣམས་ཀྱི་ཉིན་ཞག་གཅིག་གོ །དེའི་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་དང་། ཟླ་བ་བཅུ་གཉིས་ལ་ལོར་བརྩིས་པའི་ལྷའི་ལོ་ལྔ་བརྒྱ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་ཐུབ་བོ། །མི་རྣམས་ཀྱི་ལོ་བརྒྱ་གང་ཡིན་པ་དེ་ནི་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ཉིན་ཞག་གཅིག་གོ །དེ་ལྟ་བུའི་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་སྟེ། སྔ་མ་བཞིན་དུ་ཚེ་ལོ་སྟོང་ཐུབ་བོ། །དེ་ལས་གཞན་པའི་རིས་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བར་གྱིས་ཚེའི་ཚད་ནི། འོག་མ་འོག་མ་རྣམས་དང་ཉིན་ཞག་ཀྱང་ཉིས་འགྱུར་ཡིན་ལ། ཚེའི་ཚད་ཀྱང་ཉིས་འགྱུར་ཡིན་ནོ། །རྒྱལ་ཆེན་རིས་བཞི་པ་རྣམས་ཀྱི་ཚེའི་ཚད་རངས་སོ་གང་ཡིན་པ་དེ་ནི། ཡང་སོས་པ་རྣམས་ཀྱི་ཉིན་ཞག་གཅིག་གོ །དེ་ལྟ་བུའི་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་དང་། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། ཚེའི་ཚད་སེམས་ཅན་དམྱལ་བའི་ལོ་ལྔ་བརྒྱ་ཐུབ་བོ། །རྒྱལ་ཆེན་རིས་བཞིའི་ཚེའི་ཚད་ཀྱིས་ཡང་སོས་སུ་སྐྱེས་པ་རྣམས་ཀྱི་ཚེའི་ཚད་འགྲེལ་པ་དེ་བཞིན་དུ། སུམ་ཅུ་རྩ་གསུམ་པ་རྣམས་ཀྱིས་ཐིག་ནག་པ་རྣམས་དང་། འཐབ་བྲལ་བ་རྣམས་ཀྱིས་བསྡུས་འཇོམས་པ་རྣམས་དང་། དགའ་ལྡན་པ་རྣམས་ཀྱིས། ངུ་འབོད་པ་རྣམས་དང་། འཕྲུལ་དགའ་བ་རྣམས་ཀྱིས་ངུ་འབོད་ཆེན་པོ་པ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ཚེའི་ཚད་ཀྱིས་ཚ་བར་སྐྱེས་པ་རྣམས་ཀྱི་ཚེའི་ཚད་སྒྲེ་བར་རིག་པར་བྱའོ། །རབ་ཏུ་ཚ་བར་སྐྱེས་པ་རྣམས་ཀྱི་ནི་བར་གྱི་བསྐལ་པ་ཕྱེད་དོ། །མནར་མེད་པ་རྣམས་ཀྱི་ནི་བར་གྱི་བསྐལ་པ་གཅིག་གོ །

ལྷ་མ་ཡིན་རྣམས་ཀྱི་ནི། སུམ་ཅུ་རྩ་གསུམ་པ་རྣམས་དང་འདྲའོ། །དུད་འགྲོ་དང་ཡི་དགས་རྣམས་ཀྱི་ཚེའི་ཚད་ནི་ངེས་པ་མེད་དོ། །དུད་འགྲོ་རྣམས། མཆོག་རིང་བསྐལ་པའོ་ཡི་དྭགས་རྣམས། ཟླ་བ་ཉིན་ཞག་གིས་ལྔ་བརྒྱ། །ཞེས་ཀྱང་བཤད་དོ། །གྲང་བའི་སེམས་ཅན་དམྱལ་བའི་ཚེའི་ཚད་ནི། སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་པ་རྣམས་ཀྱི་ཚེའི་ཚད་ལས་ཕྱི་མ་ཕྱི་མ་ཕྱེད་ཕྱེད་ཞུགས་པར་རིག་པར་བྱ་སྟེ། འདི་ལྟར། ཡང་སོས་ཀྱི་ཚེ་ཕྱེད་གང་ཡིན་པ་དེ་ནི་ཆུ་བུར་ཅན་གྱི་ཚེའི་ཚད་ཡིན་ལ། མནར་མེད་པའི་ཕྱེད་གང་ཡིན་པ་དེ་ནི་པདྨ་ལྟར་ཆེར་གས་པའི་ཚེའི་ཚད་ཡིན་ནོ་ཞེས་པའི་བར་དུ་འགྱུར་རོ། །ཏིལ་སྦྱང་ནང་ནས་ལོ་བརྒྱ་ཞིག །ཏིལ་གཅིག་ཕྱུང་བ་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། གཞན་གྱི་ཚེ་ནི་ཉི་ཤུར་བསྒྱུར། །ཞེས་ཀྱང་བཤད་དོ། །ཉི་ཚེ་བ་དང་ཉེ་འཁོར་བའི་ཚེའི་ཚད་ནི་ངེས་པ་མེད་དོ། །ཚངས་རིས་པ་རྣམས་ཀྱི་ཚེའི་ཚད་ནི། བར་གྱི་བསྐལ་པ་ཉི་ཤུ་ལ་བསྐལ་པ་གཅིག་ཏུ་བགྲང་བའི་བསྐལ་པ་གཅིག་ཡིན་ནོ། །ཚངས་པ་མདུན་ན་འདོན་པ་རྣམས་ཀྱི་ནི། བར་གྱི་བསྐལ་པ་བཞི་བཅུ་ལ་བསྐལ་པ་གཅིག་ཏུ་བགྲང་བའི་བསྐལ་པ་གཅིག་ཡིན་ནོ། །ཚངས་ཆེན་པ་རྣམས་ཀྱི་ནི་བར་གྱི་བསྐལ་པ་དྲུག་བཅུ་ལ་བསྐལ་པ་གཅིག་ཏུ་བགྲང་བའི་བསྐལ་པ་གཅིག་ཡིན་ནོ། །འོད་ཆུང་བ་རྣམས་ཀྱི་ནི། བར་གྱི་བསྐལ་པ་བརྒྱད་ཅུ་ལ་བསྐལ་པ་གཅིག་ཏུ་བགྲང་བའི་བསྐལ་པ་ཆེན་པོ་གཅིག་ཡིན་ནོ། །དེ་ཡར་བཅད་ཀྱི་གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱི་ཚེའི་ཚད་ནི། འོག་མ་འོག་མ་ལས་གོང་མ་གོང་མ་ཉིས་འགྱུར་དུ་བརྩི་བར་བྱ་སྟེ། །སྤྲིན་མེད་པ་ལ་ནི་བསྐལ་པ་ཆེན་པོ་གསུམ་ཕྲི་བར་བྱའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་བཞིའི་ཚེའི་ཚད་ནི། གོ་རིམ་བཞིན་དུ། བསྐལ་པ་ཆེན་པོ་ཉི་ཁྲི་དང་། བཞི་ཁྲི་དང་། དྲུག་ཁྲི་དང་། བརྒྱད་ཁྲིའི་བར་ཡིན་ནོ། །བྱང་གི་སྒྲ་མི་སྙན་མ་གཏོགས་པ་རྣམས་རང་རང་གི་ཚེའི་ཚད་ལ་མ་སླེབས་པར་བར་མ་དོར་འཆི་བ་ཡོད་དོ། །དེ་ལ་མི་རྣམས་དང་། དུད་འགྲོ་དང་། ཡི་དྭགས་རྣམས་ཀྱི་ལུས་ནི་ཤི་བའི་རོར་གྱུར་ཏེ་འདུག་གོ །ལྷ་རྣམས་དང་སེམས་དམྱལ་བ་རྣམས་ཀྱི་ནི། རྣམ་པར་ཤེས་པ་དང་མགོ་མཉམ་དུ་མི་སྣང་བར་འགྱུར་གྱི། ལུས་རོར་གྱུར་ཏེ་འདུག་པ་མེད་དོ། །དེ་ལ་ལོངས་སྤྱོད་དང་ཡོངས་སུ་དཔྱད་པ་རྣམ་པར་གཞག་པ་ནི་འདི་ཡིན་ཏེ། འདི་ལྟར། བདེ་བ་དང་། སྡུག་བསྔལ་དང་། ཁམ་ཟས་དང་། འཁྲིག་པའི་ལོངས་སྤྱོད་དོ། །དེ་ལ་སྡུག་བསྔལ་གྱི་ལོངས་སྤྱོད་ནི་འདི་ཡིན་ཏེ། སེམས་ཅན་དམྱལ་བ་པ་རྣམས་ཀྱི་གནོད་པའི་སྡུག་བསྔལ་ཤས་ཆེར་ཉམས་སུ་མྱོང་བར་འགྱུར་རོ། །དུད་འགྲོ་རྣམས་ཀྱི་ནི་གཅིག་ལ་གཅིག་ཟ་བའི་སྡུག་བསྔལ་དང་། ཡི་དགས་རྣམས་ཀྱི་ནི་བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་མྱོང་བར་འགྱུར་རོ། །མི་རྣམས་ཀྱི་ནི་རྩོལ་གྲོས་ཉོན་མོངས་པའི་སྡུག་བསྔལ་དང་། ལྷ་རྣམས་ནི་འཆི་འཕོ་བ་དང་ལྟུང་བའི་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་ལ་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ནི་འདི་ལྟ་བུའི་སྡུག་བསྔལ་ཤས་ཆེར་ཉམས་སུ་མྱོང་བར་འགྱུར་ཏེ། དེ་ན་སེམས་ཅན་དེ་དག་ཕན་ཚུན་འདུས་པ་ན་ལས་ཀྱི་དབང་གིས་བྱུང་བའི་མཚོན་རྣམས་སྣ་ཚོགས་དག་འབྱུང་སྟེ། དེ་དག་གིས་ཕན་ཚུན་གཅིག་ལ་གཅིག་བསྣུན་པར་བྱེད་དོ། །དེས་བརྒྱལ་ནས་ས་ལ་འགྱེལ་ཏོ། །དེ་ནས་ནམ་མཁའ་ལ་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་འབྱུང་ངོ་། །དེ་ནས་ཡང་ལངས་ཏེ་ཕན་ཚུན་གཅིག་ལ་གཅིག་གིས་བསྣུན་པར་བྱེད་དོ། །གཞི་དེ་ལས་ཡུན་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་ཏེ། ཇི་སྲིད་སྡིག་པ་མི་དགེ་བའི་ལས་ཐམས་ཅད་ཀྱིས་ཐམས་ཅད་མ་ཟད་ཀྱི་བར་དུའོ། །སེམས་ཅན་དམྱལ་བ་ཆེན་པོ་དེ་ནི་ཡང་སོས་ཞེས་བྱའོ། །

དེ་ལ་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་ན་ནི། གནོད་པའི་སྡུག་བསྔལ་འདི་ལྟ་བུ་ཤས་ཆེར་ཉམས་སུ་མྱོང་བར་འགྱུར་ཏེ། དེ་ན་སེམས་ཅན་དེ་དག་ལ་དམྱལ་བའི་བསྲུངས་མ་དག་གིས་ཐིག་ནག་པོས་ཟུར་བཞི་འམ། ཟུར་བརྒྱད་དམ། ཆར་གསེ་བ་རྣམ་པ་སྣ་ཚོགས་པ་དུ་མར་འཇལ་བར་བྱེད་དོ། །གཞལ་ནས་ཀྱང་དེ་ལྟ་དེ་ལྟར་བཤོག་འཇོག་པར་བྱེད་ལ། གཞི་དེ་ལས་ཡུན་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཏེ། ཇི་སྲིད་སྡིག་པ་མི་དགེ་བའི་ལས་མ་ཟད་ཀྱི་བར་དུའོ། །དེ་བས་ན་སེམས་ཅན་དམྱལ་བ་ཆེན་པོ་དེ་ནི་ཐིག་ནག་ཅེས་བྱའོ། །

དེ་ལ་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་འཇོམས་ན་ནི། གནོད་པའི་སྡུག་བསྔལ་འདི་ལྟ་བུ་ཤས་ཆེར་ཉམས་སུ་མྱོང་བར་འགྱུར་ཏེ། སེམས་ཅན་དེ་དག་གང་གི་ཚེ་གཅིག་ཏུ་འདུས་ཤིང་ཚོགས་པ་དེའི་ཚེ། དམྱལ་བའི་བསྲུངས་མ་རྣམས་ཀྱིས་ལྕགས་ཀྱི་ར་དང་ལུག་དང་རྟ་དང་གླང་པོ་ཆེ་དང་། སྟག་གི་གདོང་པ་ལྟ་བུ་གཉིས་གཉིས་ཀྱི་བར་དུ་བརྫང་བར་བྱེད་དོ། །བརྫངས་མ་ཐག་ཏུ་རི་དེ་གཉིས་ཀྱིས་བཙིར་བར་བྱེད། བཙིར་ནས་སྒོ་ཐམས་ཅད་ནས་ཁྲག་གིས་རྒྱུན་འབབ་བོ། །ཡང་འདུས་པར་གྱུར་པ་ན། ལྕགས་ཀྱི་འཁྲུལ་འཁོར་ཆེན་པོའི་ནང་དུ་བཅུག་ནས། བུར་ཤིང་ལྟར་འཚིར་བར་བྱེད་དོ། །དེ་ནས་སྒོ་ཐམས་ཅད་ནས་ཁྲག་གི་རྒྱུན་འབབ་བོ། །ཡང་འདུས་པ་ན་ནམ་མཁའ་ནས་ལྕགས་ཀྱི་ཕ་ཝོང་ཆེན་པོའི་ཆར་འབབ་པར་བྱེད་དོ། །དེ་ལས་ལྕགས་ཀྱི་ས་གཞི་ལས་ཀུན་ཏུ་བརྡུངས་ཤིང་། ཀུན་ཏུ་དམྱལ་བར་བྱེད་དོ། །གཞི་དེ་ལས་སྡུག་བསྔལ་ཡུན་རིང་པོར་ཉམས་སུ་མྱོང་བར་འགྱུར་ཏེ། ཇི་སྲིད་སྡིག་པའི་ལས་མ་ཟད་ཀྱི་བར་དུའོ། །དེའི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོ་དེ་ནི་བསྡུས་འཇོམས་ཞེས་བྱའོ། །

དེ་ལ་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ན་ནི། གནོད་པའི་སྡུལ་འདི་ལྟ་བུ་ཤས་ཆེར་མྱོང་བར་འགྱུར་ཏེ། དེ་ན་སེམས་ཅན་དེ་དག་གནས་ཚོལ་ཞིང་འགྲོ་བ་ན། ལྕགས་ཀྱི་ཁང་པའི་ནང་དུ་འཇུག་པར་བྱེད་དོ། །དེར་ཞུགས་པ་ན་མེ་བཏང་སྟེ། དེ་དག་ལ་ཀུན་ཏུ་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་མཆེད་དེ་སྲེག་པར་འགྱུར་རོ། །དེ་དག་དེ་ན་ངུ་ཞིང་ཉམ་ཐག་པའི་སྐད་འབྱིན་པར་བྱེད་དོ། །གཞི་དེ་ལས་ཡུན་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཏེ། ཇི་སྲིད་སྡིག་པའི་ལས་མ་ཟད་ཀྱི་བར་དུའོ། །དེ་བས་ན། སེམས་ཅན་དམྱལ་བ་དེ་ནི་ངུ་འབོད་ཅེས་བྱའོ། །

དེ་ལ་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོ་ན་ནི། ངུ་འབོད་ཀྱི་སྐབས་སུ་བསྟན་པའི་ཁང་པ་དེ་ལྟ་བུ་ཉིས་སྦྲག་གི་ནང་ན་འདུག་པར་རིག་པར་བྱ་སྟེ། དེ་བས་ན་ངུ་འབོད་ཆེན་པོ་ཞེས་བྱའོ། །

དེ་ལ་སེམས་ཅན་དམྱལ་བ་ཆེན་པོ་ཚ་བ་ན་ནི། གནོད་པའི་སྡུག་བསྔལ་འདི་ལྟ་བུ་ཤས་ཆེར་ཉམས་སུ་མྱོང་བར་འགྱུར་ཏེ། སེམས་ཅན་དེ་དག་དམྱལ་བའི་བསྲུངས་མ་རྣམས་ཀྱིས་ལྕགས་ཀྱིས་ཕྲུ་བ་དཔག་ཚད་དུ་མ་ཡོད་པ་ཚ་ཞིང་རབ་ཏུ་ཚ་བའི་ནང་དུ་བཅུག་ནས་བསྐོལ་ཞིང་ཡོངས་སུ་བསྐོལ་ཏེ། ཉ་བཞིན་བསྲེག་པར་བྱེད་དོ། །ཡང་ལྕགས་ཀྱི་གསལ་ཤིང་འབར་བ་གཤང་ལམ་ནས་སྤྱི་བོར་ཕྱུར་ངོ་། །གཞི་དེ་ལས་ཁ་དང་མིག་ལ་སོགས་པའི་བུ་ག་ཀུན་ནས་མེ་ལྕེ་འབར་ཞིང་རབ་ཏུ་འབར་བར་འགྱུར་རོ། །ཡང་ལྕགས་ཀྱི་ས་གཞི་ཚ་ཞིང་རབ་ཏུ་ཚ་བ་ལ་གན་རྐྱལ་ལམ། ཁ་སྦུབ་ཏུ་བཞག་སྟེ། ལྕགས་ཀྱི་ཐོ་བ་མེ་འབར་བས་བརྡུངས་ཤིང་། རབ་ཏུ་བརྡུངས་ཏེ་དམྱལ་བར་བྱེད་དོ། །གཞི་དེ་ལས་ཡུན་རིང་པོར་སྡུག་བསྔལ་མྱོང་བར་འགྱུར་ཏེ། ཇི་སྲིད་སྡིག་པའི་ལས་མ་ཟད་ཀྱི་བར་དུའོ། །དེ་བས་ན་སེམས་ཅན་དམྱལ་བ་དེ་ནི་ཚ་བ་ཞེས་བྱའོ། །

དེ་ལ་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བ་ན་ནི། བྱེ་བྲག་ཏུ་ལྕགས་ཀྱི་གསལ་ཤིང་རྩེ་གསུམ་པ་གཤང་ལམ་ནས་བཅུག་སྟེ། རྩེ་མོ་གསུམ་པོ་ཕྲག་པ་གཉིས་དང་། སྤྱི་བོར་ཕྱུང་སྟེ། གཞི་དེ་ལས་ཁ་ལ་སོགས་པའི་བུ་ག་ཀུན་ནས་མེ་ལྕེ་འབར་བ་འབྱུང་ངོ་། །ཡང་ལྕགས་གླེགས་པ་ཚ་ཞིང་རབ་ཏུ་ཚ་བ་འབར་ཞིང་ཀུན་ཏུ་འབར་བ་དག་གིས་ལུས་ཡོངས་སུ་བཀྲི་བར་བྱེད་དོ། །ཡང་ལྕགས་ཟངས་ཆེན་མོ་འགྱུར་བྱེད་ཀྱི་ཆུ་ཁོལ་བས་གང་བའི་ནང་དུ་སེམས་ཅན་དེ་དག་སྤྱི་བོ་གཙུག་ཏུ་འཇུག་པར་བྱེད་དོ། །བཅུག་ནས་ཀྱང་བསྐོལ་ཞིང་ཡོངས་སུ་བསྐོལ་ཏེ། ཀེང་རུས་འབའ་ཞིག་ལུས་པར་གྱུར་པ་དེའི་ཚེ་ཡང་ཕྱིར་དབྱུང་བར་བྱེད་ཅིང་། ལྕགས་ཀྱི་ས་གཞི་ལ་འགྲེམ་པར་བྱེད་དོ། །དེ་ནས་ལྤགས་པ་དང་། ཤ་ཁྲག་ཕྱིར་སྐྱེས་ནས་ཡང་འཇུག་པར་བྱེད་དོ། །ལྷག་མ་གཞན་ནི་ཚ་བ་བཞིན་ནོ། །གཞི་དེ་ལས་ཡུན་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཏེ། ཇི་སྲིད་སྡིག་པའི་ལས་མ་ཟད་ཀྱི་བར་དུའོ། །དེ་བས་ན། སེམས་ཅན་དམྱལ་བ་དེ་ནི་རབ་ཏུ་ཚ་བ་ཞེས་བྱའོ། །

དེ་ལ་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ན་ནི། གནོད་པའི་སྡུག་བསྔལ་འདི་ལྟ་བུ་ཤས་ཆེར་མྱོང་བར་འགྱུར་ཏེ། སེམས་ཅན་དེ་དག་ལ་ཤར་ཕྱོགས་ནས་ས་གཞི་དཔག་ཚད་བརྒྱ་ཕྲག་དུ་མ་ཡོད་པ་འབར་ཞིང་རབ་ཏུ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་པ་འོང་བར་འགྱུར་ཏེ། དེས་སེམས་ཅན་དེ་དག་གི་ཤ་དང་། ལྤགས་པ་དང་། རུས་པ་རྣམས་བཤིག་སྟེ། རྐང་དང་རུས་པ་ལ་ཐུག་པར་བྱེད་དོ། །དཔེར་ན། མར་མེའི་སྙིང་པོ་བཞིན་དུ་ལུས་ཐམས་ཅད་མེ་འབར་བས་ཁྱབ་པར་འདུག་གོ ། ཤར་ཕྱོགས་ཇི་ལྟ་བ་བཞིན་དུ། ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་རྣམས་ཀྱང་དེ་དང་འདྲ་སྟེ། མེའི་ཕུང་པོ་ཕྱོགས་བཞི་ནས་འོངས་པ་རྣམས་སེམས་ཅན་དེའི་ལུས་ལ་འདྲེས་པར་འགྱུར་ཏེ། མེའི་ཕུང་པོ་ལྟ་བུར་སྣང་ལ། དེ་དག་ན་སྡུག་བསྔལ་མྱོང་བ་ན་བར་སྐབས་ཀྱང་མེད་དེ། ཉམ་ཐག་པའི་སྐད་འབྱིན་པ་ལས་སེམས་ཅན་ཡིན་པར་མངོན་པར་ཟད་དོ། །ཡང་ལྕགས་ཀྱི་ཞིབ་མའི་ནང་དུ་ལྕགས་ཀྱི་འདབ་མ་མེ་འབར་བ་དང་ལྷན་ཅིག་འཁྲབ་པར་བྱེད་དོ། །ཡང་ལྕགས་ཀྱི་རི་རབ་ཏུ་འབར་བ་ལ་འབབ་འཛེག་བྱེད་དུ་འཇུག་གོ །ཡང་ཁ་ནས་ལྕེ་ཕྱུང་སྟེ། ལྕགས་ཀྱི་ཕུར་པ་བརྒྱས་བརྒྱངས་ནས་ཐང་ཤ་ཆོད་པར་བྱེད་དོ། །ཡང་ལྕགས་ཀྱི་ས་གཞི་དེ་ཉིད་ལ་གན་རྐྱལ་དུ་དེ་བཞག་ནས་ཁ་ལྕགས་ཀྱི་འབྱེད་སྤྱད་ཀྱིས་ཕྱེ་ནས། ལྕགས་ཀྱི་ཐུ་ལུམ་འབར་བ་དང་། ཟངས་བསྐོལ་བ་བླུགས་པ་ན་དེས་ཁ་ཡང་འཚིག །ལྐོག་མ་དང་ནང་ཁྲོལ་རྣམས་ཀྱང་འཚིག་སྟེ། རོ་སྨད་ནས་འབྱུང་བར་འགྱུར་རོ། །ལྷག་མ་གཞན་རྣམས་ནི་རབ་ཏུ་ཚ་བ་བཞིན་ནོ། །གཞི་དེ་ལས་ཡུན་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཏེ། ཇི་སྲིད་ལས་མ་ཟད་ཀྱི་བར་དུའོ། །དེ་བས་ན། སེམས་ཅན་དམྱལ་བ་དེ་ནི་མནར་མེད་པ་ཞེས་བྱའོ། །དེ་ལ་འདི་དག་ནི་གནོད་པ་ཆེ་ལོང་ཙམ་སྨོས་པར་ཟད་ཀྱི། སེམས་ཅན་དམྱལ་བ་དེ་དག་ན་དེ་ལས་གཞན་པའི་གནོད་པ་རྣམས་མང་པོ་སྣ་ཚོགས་པ་རྣམས་མེད་པ་ནི་མ་ཡིན་ནོ། །

ཉེ་འཁོར་བའི་སེམས་ཅན་དམྱལ་བ་དག་ན་ནི། གནོད་པའི་སྡུག་བསྔལ་འདི་ལྟ་བུ་ཉམས་སུ་མྱོང་བར་འགྱུར་ཏེ། སེམས་ཅན་དམྱལ་བ་ཆེན་པོ་དེ་དག་གི་ཕྱོགས་བཞི་ན། རྩིག་ངོས་བཞི་དང་སྒོ་བཞི་ཡོད་ལ། ལྕགས་ཀྱི་ར་བ་དག་གིས་བསྐོར་ཏེ། ཕྱོགས་བཞི་པོ་དེ་དག་ན་ཡང་སྒོ་བཞི་ཡོད་ཀྱི། ཕྱི་རོལ་གྱི་སྒོ་རེ་རེ་ན་སེམས་ཅན་དམྱལ་བ་ལྷག་པ་བཞི་བཞི་ཡོད་དོ། །འདི་ལྟ་སྟེ། མེ་མ་མུར་པུས་ནུབ་ཙམ་ཡོད་ལ། སེམས་ཅན་དེ་དག་གནས་ཚོལ་དུ་འགྲོ་བ་ན། དེ་དག་གིས་དེར་རྐང་པ་བཞག་ན་ནི་ལྤགས་པ་དང་། ཤ་དང་ཁྲག་རྣམས་འཇིག་པར་འགྱུར་ལ། བཏེགས་པ་ན་སླར་ཡང་སྐྱེ་བར་འགྱུར་རོ། །དེ་དང་འདབ་འབྱར་ན། རོ་མྱགས་ཕྱི་སའི་འདམ་དྲི་ཤིན་ཏུ་སྣམ་པ་ཡོད་དེ། སེམས་ཅན་དེ་དག་གིས་དེ་ལ་འབོགས་པ་དང་། དེ་དག་དེར་སྒྱེལ་ཏེ། མགོ་དང་རྐང་པ་དང་བཅས་པ་བྱིང་སྟེ་འདུག་གོ །དེ་ན་སྲོག་ཆགས་འབུ་མཆུ་རྣོན་ཞེས་བྱ་བ་ཡོད་པ་དེས། དེ་དག་གི་ལྤགས་པ་དང་། ཤ་ལ་སོགས་པ་འབིགས་པར་བྱེད་ཅིང་། རུས་པ་དང་རྐང་ལ་ཐུག་པར་འབྲུ་བར་བྱེད་དོ། །རོ་མྱགས་ཀྱི་འདམ་དེ་དང་འདབ་ཆགས་པ་ན་སྤུ་གྲི་གཏམ་པའི་ལམ་ཡོད་དེ། དེ་ལ་སེམས་ཅན་དེ་དག་གིས་ཕྱིན་པ་ན། རྐང་པ་བཞག་པ་ན་ནི་ལྤགས་པ་དང་ཤ་ལ་སོགས་པ་གཅོད་པར་བྱེད། བཏེགས་པ་ན་ནི་སླར་ཡང་སྐྱེ་བར་བྱེད་དོ། །སྤུ་གྲི་གཏམས་པའི་ལམ་དང་འདབ་ཆགས་པ་ན། ནགས་ཚལ་རལ་གྲིའི་ལོ་མ་ཅན་ཡོད་དེ། དེར་སེམས་ཅན་དེ་དག་བསིལ་གྲིབ་ལ་འཁོད་པ་ན། ཤིང་ལས་རལ་གྲིའི་ལོ་མ་ཅན་རྣམས་བབས་ནས། དེ་དག་གིས་སེམས་ཅན་དེ་རྣམས་ཀྱི་ཡན་ལག་དང་ཉིང་ལག་ཀུན་བཅད་ཅིང་གཤོག་པར་བྱེད་ལ། དེ་དག་དེར་འགྱེལ་བ་ན། ཁྱི་སྲེ་བོ་དག་གིས་རྒྱབ་ཀྱི་གཤུལ་ཤ་འཐོག་ཅིང་ཟའོ། །ནགས་ཚལ་དེ་དང་འདབ་ཆགས་པ་ན་ལྕགས་ཀྱི་ཤིང་ཤལ་མ་ལིའི་ཚལ་ཡོད་དེ། སེམས་ཅན་དེ་དག་དེར་སོང་བ་ན་དེ་ལས་འབབ་འཛེག་བྱེད་དུ་འཇུག་སྟེ། གང་གི་ཚེ་དེ་དག་དེ་ལ་འཛེག་པའི་ཚེ་ནི། ཚེར་མ་རྣམས་ཀྱི་ཁ་ཐུར་དུ་བལྟ་བར་འགྱུར། འབབས་པའི་ཚེ་ནི་ཚེར་མ་རྣམས་ཀྱི་ཁ་གྱེན་དུ་བལྟ་བར་འགྱུར་རོ། །གཞི་དེ་ལས་དེ་དག་གི་ཡན་ལག་དང་ཉིང་ལག་རྣམས་འབིགས་ཤིང་བཤོགས་པར་བྱེད་དོ། །དེ་ན་ཁྭ་ཏ་ལྕགས་ཀྱི་མཆུ་ཅན་ཞེས་བྱ་བ་ཡོད་དེ། དེས་སེམས་ཅན་དེ་དག་གི་ཕྲག་པའམ། མགོ་བོ་ལ་འཁོད་ནས་མིག་གི་འབྲས་བུ་དག་འཐོག་ཅིང་ཟ་བར་བྱེད་དོ། །ལྕགས་ཀྱི་ཤིང་ཤལ་མ་ལིའི་འདབ་ཆགས་པ་ན། ཆུ་ཀླུང་རབ་མེད་ཅེས་བྱ་བ་འགྱུར་བྱེད་ཀྱི་ཆུ་སྐོལ་བས་གང་བ་ཡོད་དེ། དེར་སེམས་ཅན་དེ་དག་ལྷུང་བ་ན། ངོས་གཉིས་ན་སེམས་ཅན་ལག་ན་དབྱུག་པ་ལ་སོགས་པ་ཐོགས་པ་དག་ཀྱང་འཁོད་དེ། དེ་དག་གིས་སེམས་ཅན་དེ་དག་ཕྱིར་འབྱུང་དུ་མི་སྟེར་ཞིང་། གལ་ཏེ་ཕྱིར་འཆིས་ན། ས་གཞི་མེ་ཆེན་པོ་ཀུན་ཏུ་འབར་བ་ལ་གན་རྐྱལ་དུ་བཞག་ནས། ཀྱཻ། སེམས་ཅན་འདི་དག་ཅི་འདོད་ཅེས་དྲི་བར་བྱེད་དོ། །དེ་དག་གིས་སྨྲས་པ། བདག་ཅག་གིས་མི་ཤེས་མི་མཐོང་མོད་ཀྱི། འོན་ཀྱང་བཀྲེས་སོ་སྐོམ་མོ་ཞེས་ཟེར་བ་ན། ཁ་ལྕགས་ཀྱི་འབྱེད་སྤྱད་ཀྱིས་ཕྱེ་ནས། ལྕགས་ཀྱི་ཐུ་ལུམ་མེ་འབར་བའི་ཟངས་ཞུན་བླུགས་པར་བྱེད་དོ། །གཞི་དེ་ལས་སྡུག་བསྔལ་རིང་པོར་མྱོང་བར་འགྱུར་ཏེ། ཇི་སྲིད་སྡིག་པའི་ལས་རྣམས་མ་ཟད་ཀྱི་བར་དུའོ། །དེ་ལ་སྤུ་གྲི་གཏམས་པ་དང་། ནགས་ཚལ་རལ་གྲིའི་ལོ་མ་ཅན་དང་། ལྕགས་ཀྱི་ཤིང་ཤལ་མ་ལི་རྣམས་ནི་ལྷག་པ་གཅིག་ཏུ་བསྡུས་པས་དེ་ལྟར་ན་ལྷག་པ་བཞིར་འགྱུར་རོ། །

དེ་ལ་གྲང་བའི་སེམས་ཅན་དམྱལ་བར་སྐྱེས་པའི་སེམས་ཅན་རྣམས་ཀྱིས་ནི་གྲང་བའི་སྡུག་བསྔལ་འདི་ལྟ་བུ་ཉམས་སུ་མྱོང་བར་འགྱུར་ཏེ། ཆུ་བུར་ཅན་དུ་སྐྱེས་པ་རྣམས་ནི། ས་དེ་ན་ཡོད་པའི་ལྷགས་པ་ཆེན་པོས་བཏབ་སྟེ། ལུས་ཐམས་ཅད་ཆུ་བུར་བྱུང་བ་བཞིན་དུ་འཁུམས་པར་འགྱུར་ཏེ། དེ་བས་ན་སེམས་ཅན་དམྱལ་བ་དེ་ནི་ཆུ་བུར་ཅན་ཞེས་བྱའོ། །དེ་ལ་ཆུ་བུར་རྡོལ་པའི་བྱེ་བྲག་ནི་འདི་ཡིན་ཏེ། ཆུ་བུར་རྡོལ་པ་བཞིན་དུ་འཁུམས་པར་འགྱུར་ཏེ། དེ་བས་ན་སེམས་ཅན་དམྱལ་བ་དེ་ནི་ཆུ་བུར། རྡོལ་པ་ཞེས་བྱའོ། །དེ་ལ་སོ་ཐམ་ཐམ་པ་དང་། ཀྱི་ཧུད་ཟེར་བ་དང་། ཨ་ཆུ་ཟེར་བ་རྣམས་ཚིག་ཏུ་བརྗོད་པ་ལས་སེམས་ཅན་དེ་དག་གི་མིང་དུ་བཏགས་པའོ། །

ཨུཏྤལ་ལྟར་གས་པ་ནི། ས་དེ་ན་ཡོད་པའི་ལྷགས་པ་ཆེན་པོས་བཏབ་སྟེ། ལྤགས་པ་རྣམས་སྔོ་ཞིང་ཁ་ལྔ་འམ་དྲུག་ཏུ་གས་པར་འགྱུར་ཏེ། དེ་བས་ན་སེམས་ཅན་དམྱལ་བ་དེ་ཨུཏྤལ་ལྟར་གས་པ་ཞེས་བྱའོ། །དེ་ལ་པདྨ་ལྟར་གས་པའི་བྱེ་བྲག་ནི་འདི་ཡིན་ཏེ། ལྤགས་པ་སྔོན་པོར་གྱུར་པ་ལས་འདས་ནས། རྣམ་པར་དམར་ཞིང་། ཁ་བཅུའམ། དེ་ལས་ལྷག་པར་གས་པར་གྱུར་ཏེ། དེ་བས་ན་སེམས་ཅན་དམྱལ་བ་དེ་པདྨ་ལྟར་གས་པ་ཞེས་བྱའོ། །པདྨ་ལྟར་གས་པ་ཆེན་པོའི་བྱེ་བྲག་ནི་འདི་ཡིན་ཏེ། ལྤགས་པ་ཤིན་ཏུ་དམར་བ་ཁོ་ནར་གྱུར་ནས་ཁ་བརྒྱ་འམ། དེ་ལས་ལྷག་པར་གས་པར་གྱུར་ཏེ། དེ་བས་ན་སེམས་ཅན་དམྱལ་བ་དེ་ནི་པདྨ་ལྟར་གས་པ་ཆེན་པོ་ཞེས་བྱའོ། །ཉི་ཚེ་བའི་སེམས་ཅན་དམྱལ་བ་པ་རྣམས་ཀྱི་ནི་རང་རང་གི་ལས་ལས་སྐྱེས་པའི་སྡུག་བསྔལ་འདི་ལྟ་བུ་དག་ཉམས་སུ་མྱོང་བར་འགྱུར་ཏེ། རྒྱལ་པོའི་ཁབ་ཀྱི་བ་ལང་གི་ཤེན་པ་སྐྱེས་པ་ཁང་པ་བརྩེགས་པ་ཙམ་ཉེན་སྐད་ཀྱིས་ངུ་ཞིང་ནམ་མཁའ་ལས་འོང་བ་དང་། བ་ལང་གི་ཤེན་པའི་སློབ་མ་རུས་གོང་དྲི་ང་བ་ལ་བྱ་རོག་སོགས་ཀྱིས་འཐོག་པར་སྐྱེས་པ་སོགས་དང་། གཞན་ཡང་འཕག་པ་དགེ་འདུན་འོད་སྲུངས་ཀྱི་རྟོགས་བརྗོད་ལྟ་བུ་མྱོང་ངོ་། །

དེ་ལྟར་ན་དམྱལ་བའི་སྡུག་བསྔལ་ལ་དཔག་ཏུ་མེད་དེ། བཤེས་པའི་སྤྲིང་ཡིག་ཏུ། འདི་ན་ཉིན་གཅིག་མདུང་ཐུང་སུམ་རྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ཡིན་པ་། །དེས་ནི་དམྱལ་བའི་སྡུལ་ཆུང་ངུ་ཡི། །འོལ་ཡང་མི་བཟོད་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་ལྟར་རོ། །དེ་ལ་དུད་འགྲོ་རྣམས་ནི་གཅིག་ལ་གཅིག་གསོད་པར་བྱེད་དེ། གང་མཐུ་ཆུང་བ་རྣམས་གསོད་པར་བྱེད་དོ། །རང་དབང་མེད་པར་ཡང་བསད་པ་དང་བརྡེག་པ་དང་གནོད་པར་བྱེད་ལ། ལྷ་དང་མི་རྣམས་ཀྱི་དོན་བྱེད་དུ་གྱུར་པ་ཡང་ཡིན་ཏེ། གཞི་དེ་ལས་སྡུག་བསྔལ་རྣམ་པ་སྣ་ཚོགས་པ་མང་པོ་ཉམས་སུ་མྱོང་པར་འགྱུར་རོ། །དེ་ལྟར་ཡང་བཤེས་པའི་སྤྲིང་ཡིག་ལས། ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག །ཤ་དང་ལྤགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་ནི་ལག་པ་རྡོག་པ་དང་། །ལྕགས་དང་ལྕགས་རྣམས་ཀྱིས་ནི་བཏབ་སྟེ་བསྐོལ། །ཞེས་གསུངས་སོ། །

ཡི་དྭགས་རྣམས་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། ཟས་དང་སྐོམ་ལ་ཕྱིའི་སྒྲིབ་པ་ཡོད་པ་དང་། ཟས་སྐོམ་ལ་ནང་གི་སྒྲིབ་པ་ཡོད་པ་དང་། ཟས་སྐོམ་ཉིད་ལ་སྒྲིབ་པ་ཡོད་པའོ། །དང་པོ་ནི། སེམས་ཅན་གང་དག་སེར་སྣ་ཤས་ཆེར་བསྟེན་པའི་ཕྱིར་ཡི་དྭགས་ཀྱི་གནས་སུ་སྐྱེས་ལ། དེ་དག་ཀྱང་བཀྲེས་ཤིང་སྐོམ་པ་དང་ལྡན་པས། ལྤགས་པ་དང་ཤ་ལ་སོགས་པ་ཀུན་སྐམས་ཏེ། སྡོང་དུམ་མེས་ཚིག་པ་ལྟར་འདུག་པ་དང་། གདོང་སྐྲས་ཁེབས་ཤིང་། བཀྲེས་ཤིང་སྐོམ་པ་དང་ལྡན་པས་བཞིན་དང་། ཁ་ཤིན་ཏུ་བསྐམས་ཤིང་ལྕེས་བལྡག་པ་བཞིན་འགྱུར་བས། ཆུ་མིག་དང་མཚོ་དང་མཚེའུ་རྣམས་སུ་ཀུན་ཏུ་རྒྱུག་པར་བྱེད་དོ། །དེ་དག་ཏུ་ཡང་སེམས་ཅན་ལག་ན་རལ་གྲི་ལ་སོགས་པ་ཐོགས་པ་རྣམས་ཀྱིས་བསྲུང་ཞིང་འགོགས་པར་བྱེད་ལ། ཆུ་དེ་དག་ཀྱང་ཁྲག་དང་རྣག་ཏུ་མཐོང་སྟེ། རང་ཉིད་ཀྱང་འཐུང་མི་འདོད་པར་འགྱུར་རོ། །དེ་ལྟ་བུ་དག་ནི་ཟས་དང་སྐོམ་ལ་ཕྱིའི་སྒྲིབ་པ་ཡོད་པའི་ཡི་དྭགས་ཤེས་བྱའོ། །ཟས་སྐོམ་ལ་ནང་གི་སྒྲིབ་པ་ཡོད་པ་ནི། ཁ་ཁབ་མིག་ཙམ་ལ་མེ་འབར་བ་དང་། ལྦ་བ་ཅན་དང་། བསུས་པ་ཆེ་བ་སྟེ། འདི་ལྟར། དེ་དག་ལ་གཞན་གྱིས་གེགས་མ་བྱས་པར། རང་གིས་ཟས་དང་སྐོམ་རྙེད་དུ་ཟིན་ན་ཡང་། བཟའ་བ་དང་བཏུང་བ་མི་ནུས་པ་དེ་ལྟ་བུའོ། །

ཟས་སྐོམ་ཉིད་ལ་ཡོད་པའི་སྒྲིབ་པ་ཅན་ནི། ཡི་དྭགས་མེ་ལྕེའི་ཕྲེང་བ་ཅན་ཞེས་བྱ་བ་ཡོད་དེ། དེ་དག་གིས་ཟོས་སོ་ཅོག་དང་། འཐུང་སོ་ཅོག་གིས་འཚིག་པར་འགྱུར་ཏེ། དེས་ན་དེ་དག་གི་བཀྲེས་པ་དང་སྐོམ་པ་ནི་ཡང་མེད་པར་མི་འགྱུར་རོ། །ཡི་དྭགས་ལྗན་ལྗིན་ཟབ་ཞེས་བྱ་བ་དག་ཀྱང་ཡོད་དེ། དེ་དག་ལས་ཁ་ཅིག་ནི། ཕྱིས་ས་ཟ་ཞིང་གཅིན་འཐུང་སྟེ། གང་མི་གཙང་བ་དྲི་ང་བ་སྨད་པ་རྣམས་ཟ་བའམ་འཐུང་བར་ནུས་པ་དག་ཀྱང་ཡོད། ཁ་ཅིག་ནི་རང་གི་ཤ་བཅད་དེ་ཟ་ལ། གཙང་བ་དང་གསོད་པའི་ཟས་གང་ཡིན་པ་ནི་ཟ་བའམ་བཏུང་བར་མི་ནུས་པ་ཡོད་དེ། དེ་ལྟ་བུ་ནི་ཟས་སྐོམ་ཉིད་ལ་སྒྲིབ་པ་ཡོད་པའོ། །དེ་ལ་མིར་སྐྱེས་པའི་སེམས་ཅན་རྣམས་ཀྱིས་ཕོངས་པའི་སྡུག་བསྔལ་འདི་ལྟ་བུ་ཉམས་སུ་མྱོང་བར་འགྱུར་ཏེ། ལྷན་ཅིག་སྐྱེས་པའི་བཀྲེས་ཤིང་སྐོམ་པས་ཕོངས་པའི་སྡུག་བསྔལ་དང་། འདོད་པས་ཕོངས་པ་དང་། ཁ་ཟས་ངན་པས་ཕོངས་པ་དང་། འགྲོ་བ་དང་། རྩོལ་གྲོ་དང་། ངལ་དུབ་ལ་སོགས་པས་ཕོངས་པའི་སྡུག་བསྔལ་དང་། དུས་ཚིགས་འགྱུར་བ་མི་སྙོམས་པས་ཚ་གྲངས་སོགས་ཀྱིས་ཕོངས་པའི་སྡུག་བསྔལ་དང་། མུན་པས་བསྒྲིབས་པ་དང་། ཐ་སྙད་ཆད་པ་དང་། གཞན་ཡང་ན་བ་དང་། རྒ་བ་དང་། ཡོངས་སུ་འགྱུར་བའི་སྡུག་བསྔལ་ལོ། །དམྱལ་བ་ན་ནི་འཆི་བ་ཉིད་ལ་བདེ་བར་འཛིན་ཏེ། དེ་བས་ན་དེ་ལ་ནི་འཆི་བ་སྡུག་བསྔལ་དུ་རྣམ་པར་མ་གཞག་གོ །ལྷ་རྣམས་ལ་ནི་གནད་འཆད་པ་མེད་ལ། འཆི་འཕོ་བ་དང་ལྟུང་བའི་སྡུག་བསྔལ་ཡོད་དེ། འདི་ལྟར། ལྷའི་བུ་འཆི་འཕོ་བ་ན་སྔ་ལྟས་རྣམ་པ་ལྔ་འབྱུང་སྟེ། གོས་དྲི་མ་མེད་པ་ལ་དྲི་མ་ཅན་དུ་འགྱུར་བ་དང་། མེ་ཏོག་གི་ཕྲེང་བ་སྔོན་མ་རྙིངས་པ་རྙིངས་པར་འགྱུར་བ་དང་། མཆན་ཁུང་གཉིས་ལས་དངུལ་འབྱུང་བར་འགྱུར་བ་དང་། ལུས་ལ་དྲི་མི་ཞིམ་པ་འབྱུང་བ་དང་། ལྷ་དང་ལྷའི་བུ་མོ་གང་ཡང་རུང་བ་རང་གི་སྟན་ལ་མི་དགའ་བར་འགྱུར་བ་སྟེ། དེའི་འཁོར་གྱི་ནང་དུ་འདུས་པ་ན། ལྷའི་བུ་མོ་དག་དེ་ལས་གཞན་པའི་ལྷའི་བུ་དག་དང་ལྷན་ཅིག་དགའ་མགུར་སྤྱོད་པ་དེ་དག་མཐོང་ནས་གཞི་དེ་ལས་སྡུག་བསྔལ་དང་། ཡིད་མི་བདེ་བ་ཆེན་པོ་མྱོང་བར་འགྱུར་རོ། །ཞེས་གསུངས་པ་ལྟ་བུའོ། །

དེ་བཞིན་དུ་སྤ་གོང་བའི་སྡུག་བསྔལ་ཡང་མྱོང་བར་འགྱུར་ཏེ། འདི་ལྟར། དེ་ལས་བསོད་ནམས་ཀྱི་ཕུང་པོ་ཆེས་རྒྱ་ཆེན་པོ་དང་ལྡན་པ་གང་ཡིན་པ་དེས། ལྷའི་འདོད་པ་ལྔའི་ཡོན་ཏན་ཆེས་ཆེ་བ་དག་འབྱུང་བར་འགྱུར་ཏེ། དེར་དེ་ལས་གཞན་པའི་ལྷའི་བུ་བསོད་ནམས་ཆུང་བ་རྣམས་ཀྱིས་མཐོང་ནས་སྤ་གོང་བར་འགྱུར་ལ། །གཞི་དེ་ལས་སྡུག་བསྔལ་དང་ཡིད་མི་བདེ་བ་ཆེན་པོ་མྱོང་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་བཅད་པ་དང་། འདྲལ་བ་དང་། སྤྱུག་པ་དང་། གསོད་པའི་སྡུག་བསྔལ་ཡང་མྱོང་བར་འགྱུར་ཏེ། འདི་ལྟར། ལྷ་རྣམས་དང་ལྷ་མ་ཡིན་རྣམས་གཡུལ་སྤྲོད་པ་ན། དེ་དག་ཕན་ཚུན་འགྲས་པར་གྱུར་པས་གསེར་དང་། དངུལ་དང་། ཤེལ་དང་། མན་ཤེལ་དང་། བེེ་ཌཱུརྱའི་ཚོན་སྣ་བཞི་པོ་དག་བླངས་ནས་གཡུལ་འགྱེད་དེ། དེ་ཡང་ལྷ་རྣམས་དང་། ལྷ་མ་ཡིན་རྣམས་ཀྱི་ཡན་ལག་དང་། ཉིང་ལག་བཅད་པ་ཡང་ཡོད་དོ། །ལུས་འདྲལ་བ་ཡང་ཡོད། གསོད་པ་ཡང་ཡོད་དོ། །དེ་དག་གི་ཡན་ལག་བཅད་པ་རྣམས་ཀྱང་ཕྱིར་སྐྱེ་བར་འགྱུར་ལ། ལུས་དྲལ་བ་རྣམས་ཀྱང་ཕྱིར་འཚོ་བར་འགྱུར་རོ། །གང་གི་ཚེ་མགོ་བཅད་པར་གྱུར་པ་དེའི་ཚེ་ནི་འཆི་བར་འགྱུར་རོ། །མདོ་གཞན་དུ། ལྷ་མ་ཡིན་རྣམས་མི་བཞིན་དུ། །གནད་དུ་ཕོག་ན་འཆི་བར་འགྱུར་ཞེས་བཤད་དོ། །དེ་ལ་རེས་འགའ་ནི་ལྷ་རྣམས་ཕམ་པར་འགྱུར། རེས་འགའ་ནི་ལྷ་མ་ཡིན་རྣམས་ཕམ་པར་འགྱུར་རོ། །དེ་གཉིས་ལས་གང་དག་ཕམ་པར་གྱུར་པ་དེ་དག་ནི་རང་གི་གྲོང་ཁྱེར་དུ་ཞུགས་པས་བདེ་བར་འགྱུར་ཏེ། དེར་ཞུགས་པ་ན་ཕན་ཚུན་གཅིག་གིས་གཅིག་ལ་མི་ཚུགས་སོ། །དེ་ལ་ལྷ་རྣམས་ནི་ལྷ་མ་ཡིན་གྱི་བུ་མོ་དག་གི་ཕྱིར་དེ་དག་དང་འགྲས་པར་འགྱུར་རོ། །ལྷ་མ་ཡིན་རྣམས་ནི་ལྷའི་བདུད་རྩི་བཞིའི་ཕྱིར་ལྷ་རྣམས་དང་འགྲས་པར་འགྱུར་རོ། །ལྷ་མ་ཡིན་རྣམས་ནི་ལྷའི་འགྲོ་བས་བསྡུས་པར་བལྟ་བར་བྱའོ། །འོན་ཀྱང་དེ་དག་ནི། སྒྱུ་ཅན་འབྲིད་པའི་བསམ་པ་དང་ལྡན་པ། སྒྱུ་དང་གཡོ་ཤས་ཆེ་བ་ཡིན་ཏེ། དེ་བས་ན་འདི་དག་ནི་ལྷ་རྣམས་བཞིན་དུ། དཀར་པོའི་ཆོས་ཀྱི་སྣོད་དུ་གྱུར་པ་མ་ཡིན་ནོ། །དེའི་ཕྱིར་རེས་མདོ་གཞན་དུ་འགྲོ་བ་ཐ་དད་པར་བསྟན་པས་བསྟན་ཏོ། །དེ་དག་ནི་ལྷ་ཉིད་ཡིན་ཡང་ལྷའི་ཆོས་ཡང་དག་པར་བླངས་ཏེ་གནས་པ་མ་ཡིན་པས། དེའི་ཕྱིར་ལྷ་མ་ཡིན་རྣམས་ཤེས་བྱའོ། །ལྷའི་བུ་ཆེས་མཐུ་དང་ལྡན་པ་འཁྲུགས་པར་གྱུར་ན། ལྷ་ཡི་བུ་མཐུ་ཆུང་བ་རྣམས་རང་གི་གནས་ནས་སྤོང་ཞིང་སྐྲོད་པར་ཡང་བྱེད་ཏེ། དེའི་ཕྱིར་སྤྱུག་པའི་སྡུག་བསྔལ་ཡང་མྱོང་བར་འགྱུར་རོ། །

དེ་ལྟར་ན་ལྷ་རྣམས་ཀྱི་ནི་འཆི་འཕོ་བ་དང་། ལྟུང་བའི་སྡུག་བསྔལ་དང་། སྤ་གོང་བའི་སྡུག་བསྔལ་དང་། སྤྱད་པ་དང་འདྲལ་བ་དང་། གསོད་པ་དང་། སྤྱུག་པའི་སྡུག་བསྔལ་རྣམས་མྱོང་བར་འགྱུར་རོ། །གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་སེམས་ཅན་རྣམས་ལ་ནི་སྡུག་བསྔལ་དེ་དག་ཐམས་ཅད་མེད་དེ། སེམས་ཅན་དེ་དག་ནི་སྡུག་བསྔལ་གྱི་ཚོར་བའི་སྣོད་དུ་མ་གྱུར་པའི་ཕྱིར་རོ། །འོན་ཀྱང་། ཉོན་མོངས་དང་ལྡན་ཞིང་། སྒྲིབ་པ་དང་བཅས་ལ། འཆི་འཕོ་བ་དང་། གནས་པ་ལ་རང་དབང་མེད་པའི་ཕྱིར་དེ་དག་ཀྱང་གནས་ངན་ལེན་གྱི་སྡུག་བསྔལ་གྱིས་ནི་སྡུག་བསྔལ་ལོ། །ཟག་པ་མེད་པའི་ཁམས་ནི་གནས་ངན་ལེན་གྱི་སྡུག་བསྔལ་ལས་ཀྱང་ཡང་དག་པར་འདས་པས། དེའི་ཕྱིར་ཡང་དག་པར་བདེ་བ་ཡིན་གྱི། གཞན་ཐམས་ཅད་ནི་སྡུག་བསྔལ་བར་རིག་པར་བྱའོ། །དེ་ལྟར་ན་སྡུག་བསྔལ་གྱི་ལོངས་སྤྱོད་བཤད་ཟིན་ཏོ།། །།

༈ ད་ནི་བདེ་བའི་ལོངས་སྤྱོད་བཤད་པར་བྱ་སྟེ། དེ་ལ་སེམས་ཅན་དམྱལ་བ་བཞི་ཆར་ན་ཡང་བདེ་བ་མྱོང་བ་མེད་ལ། སེམས་ཅན་དམྱལ་བ་རྣམས་ཇི་ལྟ་བ་བཞིན་དུ། ཡི་དྭགས་རྣམས་ཀྱང་དེ་དང་འདྲའོ། །ཁ་ཅིག་ན་རེ། དེ་དག་ན་ཡང་རྣམ་སྨིན་ལས་སྐྱེས་པའི་བདེ་བ་མེད་པ་ཡིན་གྱི། རྒྱུ་མཐུན་ལས་སྐྱེས་པ་ནི་མེད་པ་མ་ཡིན་ནོ་ཞེས་ཟེར་རོ། །ཡི་དྭགས་རྫུ་འཕྲུལ་ཆེ་བ་རྣམས་དང་། དུད་འགྲོ་རྣམས་དང་། མི་རྣམས་ལ་ནི། ཕྱི་རོལ་དུ་བལྟས་པ་ལས་བྱུང་བའི་ཡོ་བྱད་ཀྱི་བདེ་བ་དང་། སྡུག་བསྔལ་འདྲེས་མར་སྣང་ངོ་། །དེ་ལ་མི་རྣམས་ཀྱི་ནང་ན་ནི་འཁོར་ལོས་བསྒྱུར་བའི་བདེ་བ་ནི་མཆོག་དང་། གཙོ་བོ་དང་། གྱ་ནོམ་པ་ཡིན་ནོ། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་ཡང་ཚེ་ལོ་བརྒྱད་ཁྲི་ནས་དཔག་མེད་ཀྱི་བར་ལ་འབྱུང་གི །བརྒྱད་ཁྲི་ལས་ཆུང་བར་ནི་མ་ཡིན་ཏེ། དེའི་ཕུན་སུམ་ཚོགས་པ་བརྒྱད་ཁྲི་མན་ཆད་ལ་མི་རྫོགས་པའི་ཕྱིར་རོ། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་བ་ན། རིན་པོ་ཆེ་བདུན་དང་ལྡན་པར་འབྱུང་སྟེ། འདི་ལྟར་འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་བློན་པོ་རིན་པོ་ཆེའོ། །

དེའི་ཚེ་འཁོར་ལོ་རིན་པོ་ཆེ་ལ་སོགས་པ་འབྱུང་བ་ནི། མདོ་ཇི་ལྟ་བ་བཞིན་བརྗོད་པར་བྱའོ་ཞེས་གསུངས་ཤིང་། མདོ་ལས། རྒྱལ་པོ་དེ་ཚེས་བཅོ་ལྔ་ལ་མགོ་དང་བཅས་པ་བཀྲུས་ནས། བསྙེན་གནས་བྱས་ཤིང་། བློན་པོའི་ཚོགས་ཀྱིས་བསྐོར་ཏེ་འདུག་པ་ན། ཤར་ཕྱོགས་ནས་ལྷའི་འཁོར་ལོ་བརྒྱ་བྱིན་གྱི་ཚིག་གིས་ལས་ཐམས་ཅད་པས་བྱས་པ། རྒྱལ་པོ་ཆེན་པོ་བཞིས་རྒྱལ་པོ་བསྟན་པ་འབྱུང་ངོ་། །ཞེས་དང་། དྲན་པ་ཉེར་གཞག་ཏུ་གསེར་ལས་བྱས་པ་དཔག་ཚད་ལྔ་བརྒྱ་པ། རྩིབས་སྟོང་ཡོད་པ། མཛེས་པ། ནམ་མཁའ་ལ་དཔག་ཚད་འབུམ་དུ་ཉི་མ་གཅིག་གིས་འགྲོ་བ། གླིང་བཞི་དང་། ལྷའི་རིས་རྣམས་སུ་འང་གླང་པོ་སོགས་ཀུན་ནམ་མཁའ་ལ་འགྲོ་བ། རྒྱལ་པོས་མི་ཐོས་པ་དེས་ཐོས་པར་བྱེད་པ། འགྲན་པ་སུ་ཡང་མེད་པར་བྱེད་པའོ། །རྒྱལ་པོ་ཤི་ནས་སྒོ་ཁང་དུ་ཟུག་ནས་འདུག་སྟེ། བུ་ལ་མི་ཕན་ནོ། །ནོར་བུ་རིན་པོ་ཆེ་ནི། མི་ཆེན་པོའི་བརླ་ཙམ་པ་ཟུར་བརྒྱད་པ་སྟེ། མཚན་མོ་དཔག་ཚད་བརྒྱད་དུ་འོད་འབྱུང་བ། ཉི་མ་ཚ་བ་ན་བསིལ་བ་འབྱུང་བ། སྐོམ་པ་ན་ཆུ་ཡན་ལག་བརྒྱད་དང་ལྡན་པ་འབྱུང་བ། རྒྱལ་པོས་ཅི་བསམ་པ་འབྱུང་བ། འོད་སྣ་ཚོགས་འབྱུང་བ། དཔག་ཚད་བརྒྱར་ནད་མེད་པར་བྱེད་ཅིང་། ལས་ཀུན་ལ་ཇི་ལྟར་འདོད་པའི་འབྲས་བུ་འབྱུང་བ། ཀླུ་ངན་པས་སེར་བ་ལ་སོགས་པ་འབེབས་མི་ནུས་པ། མྱ་ངན་དང་གཡང་སའི་ཡུལ་ཀུན་ལྗོན་པ་དང་། མཚེའུ་སོགས་ཕུན་སུམ་ཚོགས་པར་བྱེད་པ། མི་དུས་མ་ཡིན་པར་མི་འཆི་ཞིང་། དུད་འགྲོ་གང་གིས་ཀྱང་མི་ཚུགས་པར་བྱེད་པ་སྦྲུལ་དང་། ནེའུ་ལེ་ལྟ་བུ་མི་མཐུན་པ་རྣམས་ཀྱང་ཕན་ཚུན་མི་གནོད་པར་བྱེད་པ་ཞིག་དབང་པོས་སྟེར་བར་འགྱུར་རོ། །

བུད་མེད་ནི། ལུས་ལས་ཙན་དན་དང་། ཁ་ལ་ཨུཏྤལ་ལའི་དྲི་འབྱུང་བ། རེག་ན་ཉོན་མོངས་པ་མེད་པར་འགྱུར་བ། གླིང་དེའི་བཀྲེས་སྐོམ་དང་མྱ་ངན་དང་བྲལ་བར་བྱེད་པ། རྒྱལ་པོས་མཐོང་ན། གྲང་དུས་སུ་དྲོ་ཞིང་དྲོ་དུས་སུ་བསིལ་བར་བྱེད་ལ། མི་ཀུན་གྱིས་མ་དང་སྲིང་མོ་ལྟར་མཐོང་བ། བསམ་པ་མཐུན་པའི་བུ་མང་པོ་བཙའ་བ། ཁྱིམ་བདག་བུད་མེད་གཞན་ལ་འགྲོ་ཡང་ཕྲག་དོག་མེད་པ། ཁྱིམ་ཐབས་མེད་ཀྱང་འདོད་ཡོན་ལྔའི་དབང་དུ་མི་འགྱུར་བ་ཞིག་བློན་པོས་འབུལ་ཏེ། དེ་ཤི་ནས་ལྷར་སྐྱེ་བ་ཡིན་ནོ། །བློན་པོ་ནི་བྱ་བ་ཐམས་ཅད་མ་བསླབས་ཀྱང་ཤེས་ནས་བྱེད་པ། མི་དགེ་བ་སྤངས་ཤིང་ཉོན་མོངས་པ་མེད་པ། སེམས་ཅན་ཀུན་ལ་ཕ་མ་ལྟར་ཕན་པའོ། །གླང་པོ་ནི། ཅང་ཤེས་ཤིང་བཀའ་ཉན་པ་ཕ་རོལ་ལས་རྒྱལ་བར་བྱེད་པ། གླང་པོ་ཆེ་སྟོང་གི་སྟོབས་ཡོད་པ། ཆུ་དང་སྐམ་དང་བར་སྣང་གསུམ་ལ་གཡུལ་འགྱེད་པ། ཉི་མ་གཅིག་ལ་འཛམ་བུའི་གླིང་ལན་གསུམ་འཁོར་ཞིང་། སྐུད་པས་ཀྱང་དཀྲིར་རུང་ལ། རྒྱལ་པོས་ཞོན་པའི་ཚེ་བསྐུལ་མི་དགོས་པར་དལ་གྱིས་འགྲོ་བ་ཞིག་དབང་པོས་སྟེར་རོ། །དེ་ནི་གླང་པོ་ཆེ་རབ་བརྟན་གྱི་བུ་ཐ་ཆུང་ངོ་ཞེས་བཤད་དོ། །རྟ་མཆོག་ནི། ཀུ་མུ་ཏ་དང་། དུང་ལྟར་དཀར་བ། གླང་པོ་དང་ཡོན་ཏན་མཚུངས་པ་ཞིག་དབང་པོས་སྟེར་རོ། །དེ་ཡང་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱི་བུ་ཐ་ཆུང་། ལུས་སྔོ་ལ་མགོ་ནག་པའོ་ཞེས་པ་འགྲེལ་ལས་འཆད་དོ། །ཁྱིམ་བདག་ནི། བང་མཛོད་གསེར་དངུལ་ལ་སོགས་པས་འགེངས་ཤིང་། རྒྱལ་པོའི་བཀའ་ཉན་པ། སྐྱེ་བོ་ཀུན་ལ་མི་གནོད་པའོ། །

ཉེ་བའི་རིན་པོ་ཆེ་བདུན་ཡང་། རལ་གྲི་ནི། རྒྱལ་པོ་དང་འགལ་བྱེད་འདོད་པ་དེར་སོང་སྟེ། མ་བཏབ་ཀྱང་འདུད་པའོ། །དམག་དཔོན་ནི། དགྲའི་ཚོགས་མ་ལུས་པ་འཇོམས་པའི་ནུས་པ་ཡོད་ཀྱང་། གཞན་ལ་འཚེ་བ་མི་བྱེད་པའོ། །ལྤགས་པ་ནི། མཆུར་དཔག་ཚད་བཅུ། ཞེང་དུ་ལྔ་ཡོད་པ། ཆར་གྱིས་མི་རླན་ཞིང་རླུང་གིས་མི་བསྐྱོད་པ། གྲང་ན་དྲོ་ཞིང་དྲོ་ན་བསིལ་བར་བྱེད་པ། བུད་མེད་མི་སྡུག་པ་མི་མཐོང་བ། ཉི་ཟླའི་འོད་སྣང་ཞིང་ཀླུའི་ལྤགས་པ་རྒྱ་མཚོ་ནས་བྱུང་བ་གང་འགྲོ་སར་བློན་པོས་ཁྱེར་ཏེ། ཁང་པའི་བྱ་བ་བྱེད་པ་ཞིག་ཚོང་པས་འབུལ་ལོ། །ཁང་པ་ནི། མཆུར་དཔག་ཚད་བཅུ་གཉིས་ཞེང་དུ་དཔག་ཚད་བདུན་པ། རིན་པོ་ཆེའི་དང་ཟླ་བ་དང་རྒྱུ་སྐར་སོགས་བལྟ་བར་འདོད་ན་ཁང་པ་དེར་འོང་བ། རྨི་ལམ་དགེ་བ་མཐོང་བ། གྲང་བ་ན་དྲོ་ཞིང་དྲོ་བ་ན་བསིལ་བའི་རླུང་འབྱུང་བ་དེར་ལྷ་མོ་རྣམས་འོངས་ནས་རོལ་མོ་བྱེད་པའོ། །གོས་ནི། འཇམ་པ། དྲི་མས་མ་གོས་པ། གྱོན་ན་ཚ་གྲང་དང་བཀྲེས་སྐོམ་ངལ་དུབ་སོགས་ཀྱིས་མི་གནོད་ལ། མེས་མི་འཚིག་ཅིང་མཚོན་གྱིས་མི་ཆོད་པའོ། །ཚལ་ནི། རྒྱལ་པོས་དེར་ཕྱིན་པ་དང་། ཚལ་གྱི་མཐུས་ལྷའི་བུ་མོ་དང་། བྱ་རྣམ་པ་སྣ་ཚོགས་འོངས་ནས་འདོད་ཡོན་ལ་ལོངས་སྤྱོད་པའོ། །མལ་ཆ་ནི། བསམ་གཏན་བྱེད་ན་རྣམ་པར་གྲོལ་ཞིང་བློ་གསལ་བ་དང་། ཀུན་ནས་ཉོན་མོངས་པ་མི་སྐྱེ་བའོ། །ལྷམ་ནི། གྱོན་ན་ཆུ་ལ་མི་བྱིང་ཞིང་། ཡུད་ཙམ་གྱིས་དཔག་ཚད་བརྒྱར་འགྲོ་ཡང་ངལ་བ་མེད་པའོ། །གཞན་ཡང་མི་སྟོང་ཐུབ་པའི་བུ་སྟོང་དང་། དགྲ་ཟིལ་གྱིས་གནོན་པའི་མདའ་གཞུ་ཡང་འབྱུང་བར་བཤད་དོ། །

དེ་ཡང་གླིང་བཞི་པ་དང་། གླིང་གསུམ་པ་དང་། གླིང་གཉིས་པ་དང་། གླིང་གཅིག་པ་ལ་དབང་བསྒྱུར་བ་བཞི་ཡིན་ནོ། །དེ་ལ་གླིང་བཞི་པ་ལ་ནི། ཁམས་ཀྱི་རྒྱལ་པོ་རྣམས་རང་ཕྱག་འཚལ་བར་འགྱུར་ཏེ། འདི་དག་ནི་ལྷའི་འབངས་ལགས་ཀྱི། ལྷས་འདི་དག་ལ་ལེགས་པར་རྗེས་སུ་བསྟན་དུ་གསོལ། བདག་ཅག་ནི་ལྷའི་རྗེས་སུ་མཆིས་པ་ལགས་སོ་ཞེས་ཟེར་རོ། །འཁོར་ལོས་བསྒྱུར་བའི་རྒྱལ་པོས་བསྒོ་བ། གཙོ་བོ་དག །ཁྱེད་རྣམས་ཀྱིས་རང་རང་གི་རིགས་སུ་གཏོགས་པ་རྣམས་ཆོས་ཀྱིས་ལེགས་པར་རྗེས་སུ་སྟོན་ཅིག །ཆོས་མ་ཡིན་པ་ནི་མ་བྱེད་ཅིག །ཁྱེད་ཀྱིས་ཆོས་མ་ཡིན་པ་སྤྱོད་པ་དང་། ལོག་པར་སྤྱོད་པ་རྣམས་ཀྱང་ཡུལ་འཁོར་དུ་འདུག་ཏུ་མ་གཞུག །ཅེས་བསྒོ་བར་བྱེད་དོ། །གླིང་གསུམ་པ་ལ་ནི། ཕོ་ཉ་བཏང་བས་ཕྱག་འཚལ་བར་འགྱུར་རོ། །གླིང་གཉིས་པ་ལ་ནི། རང་རེང་བྱེད་དེ་བརྩད་པས་ཕྱག་འཚལ་བར་འགྱུར་རོ། །གླིང་གཅིག་པ་ལ་ནི། མཚོན་ཆས་ཀུན་ཏུ་འཁྲུག་པའི་བར་བྱས་པས་ཕྱག་འཚལ་བར་འགྱུར་རོ། །དེ་རྣམས་ཀྱི་ཁྱད་པར་ནི། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །དེ་དག་གླིང་གཅིག་གླིང་གཉིས་དང་། །གསུམ་དང་བཞི་ལ་མས་རིམས་བཞིན། །ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན། །ཕས་བསུ་རང་འགྲོ་གཡུལ་བཤམས་དང་། །མཚོན་བརྩམས་པས་རྒྱལ་གནོད་པ་མེད། །ཅེས་ཀྱང་བཤད་དོ། །

རྒྱལ་པོ་དེ་རྣམས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཀྱང་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། རིན་པོ་ཆེའི་ཕྲེང་བར། འཁོར་ལོས་བསྒྱུར་རྒྱལ་ཐམས་ཅད་ལ། །འདི་རྣམས་ཡོད་པར་འདོད་མོད་ཀྱི། །དག་དང་མཛེས་དང་གསལ་བ་ནི། །སངས་རྒྱས་རྣམས་ཀྱི་ཆར་མི་ཕོད། །ཅེས་གསུངས་པ་ཡིན་ནོ། །ལྷ་རྣམས་ནི་མཐོ་རིས་ཀྱི་རྣམ་པར་འབྱོར་པ་ཆེན་པོ་མྱོང་བར་འགྱུར་བ་ཡིན་ཏེ། ཁ་དོག་དང་ལྡན་ཞིང་དགའ་བ་ཤས་ཆེ་ལ། རང་རང་གི་གཞལ་མེད་ཁང་དག་ན་ཡུན་རིང་དུ་གནས་པ་ཡིན་ཏེ། དེ་དག་གི་ལུས་ཀྱི་ཕྱི་ནང་གཙང་ཞིང་དྲི་ང་བ་མེད་དོ། །དེ་དག་གི་གཞལ་མེད་ཁང་ཡང་། གསེར་དང་། དངུལ་དང་། ཤེལ་དང་། བེེ་ཌཱུརྱ་ལས་གྲུབ་པ་བཞི་ཡོད་དོ། །ཐ་དད་པར་ཕྱིས་ཤིང་རྣམ་པར་བཀྲ་བའི་ཁང་པ་བརྩེགས་པ་དང་། བ་གམ་དང་། བསིལ་ཁང་ཉམས་དགའ་བ་དག་དང་། སྟེགས་བུ་དང་། སྐར་ཁུང་དྲ་བ་ཅན་ཉམས་དགའ་བ་དག་དང་ནོར་བུ་སྣ་ཚོགས་ཀྱིས་སྤྲས་ཤིང་། སྣང་བ་ཀུན་ཏུ་འགྱེད་པ་ཀུན་ནས་མཛེས་པ་དག་ཡོད་དོ། །དེ་བཞིན་དུ། བཟའ་བ་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དེ། དེ་དག་ལས་བདུད་རྩིའི་ཁ་ཟས་རྣམ་པ་བཞི་པོ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་འབྱུང་ངོ་། །

དེ་བཞིན་དུ། བཏུང་བ་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དེ། དེ་དག་ལས་སྦྲང་རྩི་དང་། སྦྲང་ཆང་དག་འབྱུང་བར་འགྱུར་རོ། །བཞོན་པ་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དེ། དེ་དག་ལས་བཞོན་པ་རྣམས་སྣ་ཚོགས། ཤིང་རྟ་དང་། ཁྱོགས་དང་། ཁྱོགས་གཡོགས་པ་ལ་སོགས་པ་འབྱུང་ངོ་། །གོས་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དེ། དེ་དག་ལས་གོས་རྣམས་སྣ་ཚོགས་ཕྲ་དར་ཆེ་ཞིང་ཤིན་ཏུ་དཀར་བ་དང་། ཁ་དོག་རྣམ་པ་སྣ་ཚོགས་པ་དང་། གསེར་གྱིས་སྤྲས་པ་རྣམ་པར་བཀྲ་བ་དག་འབྱུང་བར་འགྱུར་རོ། །རྒྱན་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དེ། དེ་དག་ལས་ནོར་བུ་དང་། དཔུང་རྒྱན་དང་། རྣ་ཆ་གདུབ་སྐོར་དང་། མགུལ་རྒྱན་དང་། གདུབ་བུ་དང་། ལག་པའི་རྒྱན་དང་། རྐང་པའི་རྒྱན་དང་། དེ་ལྟ་བུ་དང་མཐུན་པའི་རྒྱན་ནོར་བུ་སྣ་ཚོགས་པས་སྤྲས་པ་དག་འབྱུང་ངོ་། །སྤོས་དང་། བདུག་པ་དང་། མེ་ཏོག་གི་ཕྲེང་བའི་ཤིང་ལྗོན་པ་དག་ཡོད་དེ། དེ་དག་ལས་སྤོས་དང་། བདུག་པ་དང་། ཕྲེང་བ་རྣམ་པ་སྣ་ཚོགས་པ་དག་འབྱུང་ངོ་། །དེ་དག་གི་ནང་ནས་ཤིང་ཡོངས་འདུ་ས་རྡོལ་ཞེས་བྱ་བ་མཆོག་དང་གཙོ་བོ་དང་གྱ་ནོམ་པ་ཞིག་ཡོད་དེ། དེའི་རྩ་བ་ནི་དཔག་ཚད་ལྔ་བཅུ་ཐུར་དུ་ཟུག་གོ །འཕང་དུ་ནི་དཔག་ཚད་བརྒྱ་ཡོད་དོ། །ཡལ་ག་དང་། ལོ་མ་དང་། ལོ་མ་གཞོན་ནུ་རྣམས་ནི་དཔག་ཚད་བརྒྱད་ཅུར་ཁྱབ་པར་འདུག་གོ །དེའི་མེ་ཏོག་ཐམས་ཅད་ཡོངས་སུ་རྒྱས་པའི་དྲི་རྣམས་རྫི་ཕྱོགས་སུ་ནི་དཔག་ཚད་བརྒྱར་ངད་ལྡང་ངོ་། །ལྡོག་ན་ནི་དཔག་ཚད་ལྔ་བཅུར་ངད་ལྡང་སྟེ། དེའི་དྲུང་དུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དབྱར་ཟླ་བཞི་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་རྩེ་ཞིང་དགའ་བར་བྱེད་དོ། །དེ་བཞིན་དུ་བཞད་གད་དང་། གླུ་དང་རོལ་མོའི་སྒྲ་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དེ། དེ་དག་ལས་བཞད་གད་དང་། གར་དང་། གླུ་དང་། རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་པ་དག་འབྱུང་ངོ་། །དེ་བཞིན་དུ་སྣོད་སྤྱད་ཀྱི་ཤིང་ལྗོན་པ་དག་ཡོད་དེ། དེ་དག་ལས་ཁ་ཟས་དང་། སྐོམ་དང་། མལ་ཆ་དང་། སྟན་གྱི་སྣོད་སྤྱད་དང་། དེ་ལྟ་བུ་དང་མཐུན་པའི་སྣོད་སྤྱད་ཀྱི་ཡོ་བྱད་རྣམས་འབྱུང་ངོ་། །དེ་དག་ཅི་འདོད་པ་དང་། ལས་ཇི་ལྟ་བ་བཞིན་དུ་ལོངས་སྤྱོད་པར་འདོད་པ་རྣམས་ཀྱི་ལག་ཏུ་ཡོ་བྱད་དེ་དག་འོང་བར་འགྱུར་རོ། །ལྷ་མ་ཡིན་རྣམས་ཀྱི་གཞལ་མེད་ཁང་དང་། རྣམ་པར་འབྱོར་པ་དང་། བདེ་བ་དང་། ལོངས་སྤྱོད་ཀྱང་དེ་དང་འདྲ་བར་རིག་པར་བྱའོ། །

བྱང་གི་སྒྲ་མི་སྙན་དག་ན་ནི། ཤིང་ལྗོན་པ་དེ་ལྟ་བུ་དག་ལ་དཔག་བསམ་གྱི་ཤིང་རྣམས་ཞེས་བྱ་སྟེ། དེ་དག་ནི་ཤིང་དེ་དག་ལས་རང་གིས་ལེན་གྱི། བསམས་པས་ལག་ཏུ་འོང་བ་ནིམ་ཡིན་ཏེ། དེ་ན་མ་རྨོས་མ་བཏབ་པའི་འབྲས་བུ་ཡང་ཡོད། སེམས་ཅན་དེ་དག་ནི་བདག་གིར་འཛིན་པ་དང་། ཡོངས་སུ་འཛིན་པ་མེད་ཅིང་། ཤི་ནས་ཀྱང་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེ་བ་ཡིན་ནོ། །སུམ་ཅུ་རྩ་གསུམ་དེ་ན། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཁང་བཟང་རྣམ་པར་རྒྱལ་བྱེད་ཅེས་བྱ་བ། ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཞིག་ཡོད་དེ། དེ་ལ་བ་གམ་བརྒྱད་ཅུ་རྩ་གཅིག་ཡོད། བ་གམ་རེ་རེ་ལ་ཁང་པ་བརྩེགས་པ་བརྒྱ་བརྒྱ་ཡོད་དོ། །དེ་རེ་རེ་ལ་ཁང་མིག་བདུན་བདུན་ཡོད་དོ། །དེ་རེ་རེ་ལ་ལྷའི་བུ་མོ་བདུན་བདུན་ཡོད་དོ། །དེ་རེ་རེ་ལ་ཡང་གཡོག་མོ་བདུན་ཡོད་དོ། །ལྷ་རྣམས་ཀྱི་ས་གཞི་རྣམས་ཀྱང་ལག་མཐིལ་བཞིན་དུ་མཉམ་ལ། མཐོ་དམའ་མེད་ཅིང་རེག་ན་བདེ་བ་སྟེ། རྐང་པ་བཞག་ན་ནི་ནེམས་ཀྱིས་བྱེད་ལ། བཏེག་ན་ནི་སྤར་གྱིས་བྱེད་པའོ། །རྟག་ཏུ་མེ་ཏོག་མན་ད་ར་བ་པུས་ནུབ་ཙམ་དུ་ཁེབས་པར་འདུག་སྟེ། དེར་མེ་ཏོག་རྙིང་པ་རྣམས་ནི་རླུང་གིས་འདོར་བར་བྱེད་ལ། མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲིམས་པར་བྱེད་དོ། །ལྷ་ཡི་གྲོང་ཁྱེར་དེའི་ཕྱོགས་བཞི་ན་སྲང་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་བྱས་པ་དག་ཡོད་དོ། །ཕྱོགས་བཞི་ན་སྒོ་བཞི་བཟང་ཞིང་སྡུག་ལ་མཛེས་པར་བྱས་པ་དག་ཡོད་དོ། །དེ་དག་ན་གནོད་སྦྱིན་མང་པོ་གཟུགས་བཟང་བ་རྣམ་པ་སྣ་ཚོགས་བཀོད་པ་དག་ཡོད་དོ། །གྲོང་ཁྱེར་གྱི་ཕྱོགས་བཞི་ན་སྐྱེད་མོས་ཚལ་བཞི་ལ་འདི་ལྟ་སྟེ། ཤིང་རྟ་སྣ་ཚོགས་ཅན་དང་། རྩུབ་འགྱུར་དང་། འདྲེས་པ་དང་། དགའ་བའི་ཚལ་རྣམས་ཡོད་དོ། །དེ་དག་གི་ཕ་རོལ་ན་ས་གཞི་བཟང་པོ་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་གཅིག་ཡོད་དོ། །ལྷའི་གྲོང་ཁྱེར་གྱི་བྱང་ཤར་གྱི་མཚམས་ན། ལྷའི་མདུན་ས་ཆོས་བཟང་ཞེས་བྱ་བ་ཡོད་དེ། ལྷ་རྣམས་དེར་ཞུགས་ནས་དོན་སེམས་ཤིང་འཇལ་ལ་ཉེ་བར་རྟོག་པར་བྱེད་དོ། །དེའི་འདབས་ན་རྡོ་ལེབ་བཟང་ཞིང་ལྟ་ན་སྡུག་པ་མཛེས་པ་ཞིག་ཡོད་དོ། །ལྷ་དེ་དག་ཀྱང་རང་གི་ལུས་ལས་འོད་འབྱུང་ལ། དེས་སྣང་བར་བྱེད་ཀྱི། ཉི་མ་དང་ཟླ་བའི་སྣང་བ་ནི་མེད་དོ། །དེ་དག་ལ་མཚན་མོའི་རྟགས་ནི་འདི་ལྟར། ལེ་ལོར་གྱུར་པ་དང་། འདོད་པའི་ཡོན་ཏན་ལྔ་པོ་དག་གིས་བརྩེ་བར་མི་འདོད་པ་དང་། རྨུགས་པ་དང་། གཉིད་འབྱུང་བ་དང་། བྱ་རྣམས་སྐད་མི་འབྱིན་པ་ལ་སོགས་པ་རྣམས་འབྱུང་སྟེ། དེ་ལས་དེ་དག་འདི་སྙམ་དུ་སེམས་ཏེ། མཚན་མོ་འོངས་སོ། །ཉིན་མོ་ནི་འདས་སོ་སྙམ་མོ། །དེ་དག་ཉིན་མཚན་དུས་གཅིག་ཏུ་བདེ་བ་དང་། ཡིད་བདེ་བ་དང་ལྡན་ཞིང་། ལྷའི་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་དགའ་བས་དུས་འདའ་བར་བྱེད་དེ། སུམ་ཅུ་རྩ་གསུམ་པའི་རྣམས་ཀྱིས་དེ་ལྟ་བུའི་བདེ་བ་མྱོང་བར་བྱེད་དོ། །དེ་བས་ཀྱང་། གོང་མ་གོང་མའི་བདེ་བ་ཆེས་ལྷག་ཅིང་། དགའ་ལྡན་ན་ནི་ས་བཅུའི་དབང་ཕྱུག་གི་དྲུང་ན་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་རྒྱུན་མི་འཆད་པར་ཉམས་སུ་མྱོང་བས་ཀྱང་ཆེས་ལྷག་པ་ཡིན་ནོ། ། དེར་སྐྱེ་བའི་རྒྱུ་ནི། དྲན་པ་ཉེར་གཞག་ཏུ། ཐོས་པ་མང་དང་ཆོས་འཛིན་དང་། །ཤེས་རབ་ལྡན་ཞིང་ཐར་པར་འདོད། །ཡོན་ཏན་རྣམས་ལ་དགའ་བའི་མི། །དེ་རྣམས་དགའ་ལྡན་ཉེ་བར་འགྲོ་ཞེས་གསུངས་སོ། །གཟུགས་ན་སྤྱོད་པའི་བསམ་གཏན་དང་པོའི་ས་པ་རྣམས་ནི། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་མྱོང་ངོ་། །བསམ་གཏན་གཉིས་པའི་ས་པ་རྣམས་ནི། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་མྱོང་ངོ་། །བསམ་གཏན་གསུམ་པའི་ས་པ་རྣམས་ནི། དགའ་བ་མེད་པའི་བདེ་བ་སྙིང་པོ་ཅན་མྱོང་ངོ་། །བསམ་གཏན་བཞི་པའི་ས་པ་རྣམས་ནི། བཏང་སྙོམས་དང་། དྲན་པ་ཡོངས་སུ་དག་པ་དང་། ཞི་བའི་བདེ་བ་ཅན་མི་གཡོ་བ་མྱོང་ངོ་། །གཟུགས་མེད་པར་སྐྱེས་པ་རྣམས་ནི། ཞི་བ་དང་རྣམ་པར་ཐར་པའི་བདེ་བ་ཅན་མྱོང་ངོ་། །བདེ་བའི་ལོངས་སྤྱོད་བཤད་ཟིན་ཏོ།། །།

༈ དེ་ལ་ཟས་ཀྱི་ལོངས་སྤྱོད་ནི་འདི་ཡིན་ནོ། །འདི་ལྟར། ཁམས་གསུམ་ན་སྤྱོད་པའི་སེམས་ཅན་སྐྱེས་ཤིང་བྱུང་བ་རྣམས་ནི། ཟས་བཞི་པོ་རྣམས་ཀྱིས་ཚེའི་ཚད་ཇི་ཙམ་དུ་གནས་ཤིང་འཚོའོ། །དེ་ལ་རེག་པ་དང་། ཡིད་ལ་སེམས་པ་དང་། རྣམ་པར་ཤེས་པའི་ཟས་རྣམ་པ་གསུམ་གྱིས་ནི། ཁམས་གསུམ་ན་སྤྱོད་པའི་སེམས་ཅན་ཐམས་ཅད་གནས་ཤིང་འཚོའོ། །ཁམ་གྱིས་ཟས་ཀྱིས་ནི། འདོད་པ་ན་སྤྱོད་པའི་སེམས་ཅན་རྣམས་ཁོ་ན་གནས་ཤིང་འཚོའོ། །དེ་ལ་དམྱལ་བར་སྐྱེས་པའི་སེམས་ཅན་རྣམས་ཀྱིས་ཁོང་ན་ནི། རླུང་རྒྱུ་བའི་ཁམ་གྱི་ཟས་ཆ་ཕྲ་བ་ཡོད་དེ། དེས་དེ་གནས་ཤིང་འཚོའོ། །དེ་ལ་ཁམ་གྱི་ཟས་ནི་རགས་པ་ཡིན་ཏེ། དུད་འགྲོ་དང་ཡི་དྭགས་དང་། དེ་དག་གིས་ནི་ཁམ་གྱི་ཟས་གཅོད་ཅིང་ཟ་བར་བྱེད་པའི་ཕྱིར་རོ། །དེ་ལས་ཀྱང་མེར་མེར་པོར་འདུག་པ་ལ་སོགས་པའི་སེམས་ཅན་རྣམས་དང་། འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ནི་ཆ་ཕྲ་བ་ཡིན་ནོ། །འདི་ལྟར། དེ་དག་ནི། ཁམ་གྱི་ཟས་ཟོས་པའི་མདོ་ལ། ལུས་ཀྱི་ཡན་ལག་ཐམས་ཅད་དུ་སོང་ནས་ཞུ་བར་འགྱུར་ཏེ། དེ་དག་ལ་ཕྱི་ས་དང་གཅིན་དུ་འགྱུར་བ་མེད་པའི་ཕྱིར་རོ། །དེ་ལ་འཁྲིག་པའི་ལོངས་སྤྱོད་ནི་འདི་ཡིན་ཏེ། དམྱལ་བའི་སེམས་ཅན་རྣམས་ལ་ནི་ཐམས་ཅད་ཀྱིས་ཐམས་ཅད་དུ་མེད་དེ། འདི་ལྟར་དེ་དག་ནི་སྡུག་བསྔལ་དྲག་པོ་དང་། རྣམ་པ་སྣ་ཚོགས་དང་། ཡུན་རིང་བ་དང་། རྒྱུན་མི་འཆད་པར་ཉམས་སུ་མྱོང་བའི་ཕྱིར་རོ། །དེ་བས་ན་དེ་དག་ན་སྐྱེས་པ་རྣམས་ཀྱང་བུད་མེད་ལ་བུད་མེད་ཀྱི་འདུན་པ་ཡང་མི་སྐྱེ་ལ། བུད་མེད་རྣམས་ཀྱང་སྐྱེས་པ་ལ་སྐྱེས་པའི་འདུན་པ་ཡང་མི་སྐྱེ་ན། ཕན་ཚུན་གཉིས་ཀྱིས་གཉིས་སྤྲད་ཅིང་སྦྱོར་བ་ལྟ་སྨོས་ཀྱང་ཅི་དགོས། དུད་འགྲོ་རྣམས་དང་། ཡི་དྭགས་རྣམས་དང་། མི་རྣམས་ལ་ནི་ལུས་ཀྱི་བདེ་བ་དང་། སྡུག་བསྔལ་འདྲེས་པར་ཡོད་པ་འཁྲིག་པའི་སྦྱོར་བ་བྱེད་པ་ཡང་ཡོད་དེ། དེ་དག་སྐྱེས་པ་དང་བུད་མེད་དེ་རྣམས་ཕན་ཚུན་གཉིས་ཀྱིས་གཉིས་སྤྲོད་པར་ཡང་བྱེད་དེ། ཁུ་བ་ཡང་འབྱུང་ངོ་། འདོད་པའི་ལྷ་རྣམས་ལ་འཁྲིག་པའི་སྦྱོར་བ་ཡོད་ལ། ཁུ་བ་འབྱུང་བ་མེད་དེ། དེ་དག་གི་ནི་འབྱུང་བའི་ཚེ་མཚན་གྱི་སྒོ་ནས་རླུང་ཉི་ཚེ་བ་འབྱུང་ངོ་། །དེ་ལ་རྒྱལ་ཆེན་རིས་བཞི་པ་དང་། སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ནི་གཉིས་ཀྱི་གཉིས་སྤྲད་པས་གདུང་བ་མེད་པར་འགྱུར་རོ། །

འཐབ་བྲལ་བ་རྣམས་ནི། གཅིག་ལ་གཅིག་འཁྱུད་པ་ཙམ་གྱིས་སོ། །དགའ་ལྡན་པ་རྣམས་ནི་གཅིག་ལ་གཅིག་ལག་པ་ནས་འཛིན་པ་ཙམ་གྱིས་སོ། །འཕྲུལ་དགའ་བ་རྣམས་ནི། གཅིག་ལ་གཅིག་དགོད་པ་ཙམ་གྱིས་སོ། །གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ནི། ཕན་ཚུན་མིག་ཚུགས་སུ་བལྟས་པ་ཙམ་གྱིས་གདུང་བ་མེད་པར་འགྱུར་རོ། །དེ་ལ་འཛམ་བུ་གླིང་དང་། ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་པའི་གླིང་གསུམ་ན་ནི་ཆུང་མ་འཆང་བ་དང་། བག་མ་གཏོང་བ་དང་། ལེན་པའང་ཡོད་དོ། །བྱང་གི་སྒྲ་མི་སྙན་ན་ནི། སེམས་ཅན་དེ་དག་བདག་གིར་འཛིན་པ་དང་། ཡོངས་སུ་འཛིན་པ་མེད་པས། དེ་དག་ལ་ནི་ཕན་ཚུན་ཆུང་མ་འཆང་བ་ལ་སོགས་པ་མེད་དོ། །

གླིང་གསུམ་ཇི་ལྟ་བ་བཞིན་དུ། ཡི་དྭགས་རྫུ་འཕྲུལ་ཆེ་བ་རྣམས་དང་། འདོད་པའི་ལྷ་རྣམས་ལས་འཕྲུལ་དགའ་བ་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་མ་གཏོགས་པ་དག་ཀྱང་དེ་དང་འདྲའོ། །འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ལྷའི་བུ་མོ་རྣམས་ལ་ནི་མངལ་གྱི་གནས་མེད་དོ། །དེའི་ཕྱིར་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ནི་ཕ་དང་མའི་ཕྲག་པའམ་པང་པར་བྱིས་པ་ལོ་ལྔ་ལོན་པ་ལྟ་བུར་བརྫུས་ཏེ་འབྱུང་བར་འགྱུར་རོ། །སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ནི་ལོ་དྲུག་ལོན་པ་ལྟ་བུའོ། །འཐབ་བྲལ་བ་རྣམས་ཀྱི་ནི་ལོ་བདུན་ལོན་པ་ལྟ་བུའོ། །དགའ་ལྡན་པ་རྣམས་ཀྱི་ནི་ལོ་བརྒྱད་ལོན་པ་ལྟ་བུའོ། །འཕྲུལ་དགའ་བ་རྣམས་ཀྱི་ནི་ལོ་དགུ་ལོན་པ་ལྟ་བུའོ། །གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ནི་ལོ་བཅུ་ལོན་པ་ལྟ་བུ་ཕྲག་པའམ་པང་པར་བརྫུས་ཏེ་འབྱུང་བར་འགྱུར་རོ། །འཁྲིག་པའི་ལོངས་སྤྱོད་བཤད་ཟིན་ཏོ།། །།

༈ དེ་ལ་སྐྱེ་བ་འདོགས་པ་རྣམ་པར་གཞག་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། འདོད་པ་སྐྱེ་བ་རྣམ་པ་གསུམ་པོ་རྣམས་སོ། །སེམས་ཅན་གང་དག་འདོད་པ་ཉེ་བར་གནས་པར་གྱུར་ལ། འདོད་པ་ཉེ་བར་གནས་པར་གྱུར་པ་དག་གིས་དབང་ཕྱུག་ལ་དབང་བྱེད་པ་དག་ཀྱང་ཡོད་དེ། འདི་ལྟར། མི་ཐམས་ཅད་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ནས་བཟུང་སྟེ། དགའ་ལྡན་ལ་ཐུག་པ་དེ་ནི་འདོད་པ་སྐྱེ་བ་དང་པོ་ཡིན་ནོ། །སེམས་ཅན་འདོད་པ་སྤྲུལ་ལ། སྤྲུལ་པ་དེ་དག་སྤྲུལ་ཞིང་དབང་ཕྱུག་ལ་དབང་བྱེད་པ་དག་ཀྱང་ཡོད་དེ། འདི་ལྟར་འཕྲུལ་དགའི་ལྷ་རྣམས་སོ། །འཕྲུལ་དགའི་ལྷ་དེ་དག་གི་ཡང་། རང་གི་ཕྱིར་འདོད་པ་སྤྲུལ་པ་འགྲུབ་ཀྱི། གཞན་གྱི་ཕྱིར་ནི་མ་ཡིན་ནོ། །དེ་བས་ན་དེ་དག་ནི་རང་ཉིད་ཀྱིས་འདོད་པ་སྤྲུལ་པ་རྣམས་ཁོ་ནས་དབང་ཕྱུག་ལ་དབང་བྱེད་པ་དག་ཀྱང་ཡོད་དེ། འདི་ལྟར། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཏེ། འདི་ལྟར་དེ་དག་ནི་བདག་ཉིད་ཀྱི་ཕྱིར་དང་། གཞན་གྱི་ཕྱིར་ཡང་སྤྲུལ་པ་འགྲུབ་སྟེ། དེ་བས་ན་དེ་དག་ནི་རང་ཉིད་ཀྱི་སྤྲུལ་པ་ལ་སྙིང་ལས་ཆུང་ངུར་གནས་པའི་ཕྱིར། གཞན་གྱིས་འདོད་པ་སྤྲུལ་པ་དག་གིས་དབང་ཕྱུག་ལ་དབང་བྱེད་དེ། དེས་ན་དེ་དག་ལ་གཞན་འཕྲུལ་དབང་བྱེད་ཅེས་བྱའོ། །དེ་དག་ནི་གཞན་གྱིས་སྤྲུལ་པའི་འདོད་པ་ཁོ་ན་ལ་བརྟེན་པ་ནི་མ་ཡིན་ཏེ། བདག་ཉིད་ཀྱི་སྤྲུལ་པ་ལ་ཡང་བརྟེན་པས་སོ། །དེ་ནི་འདོད་པ་སྐྱེ་བ་གསུམ་པ་ཡིན་ནོ། །

བདེ་བ་སྐྱེ་བ་རྣམ་པ་གསུམ་ནི། འདི་དག་ཡིན་ཏེ། སེམས་ཅན་གང་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བས་ལུས་བརླན་པ་ཡང་ཡོད་དེ། འདི་ལྟ་སྟེ། བསམ་གཏན་དང་པོའི་ལྷ་རྣམས་ཏེ། དེ་ནི་བདེ་བ་སྐྱེ་བ་དང་པོ་ཡིན་ནོ། །སེམས་ཅན་གང་དག་ཏིང་ངེ་འཛིན་ལ་སྐྱེས་པའི་དགའ་བ་དང་། བདེ་བས་ལུས་བརླན་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་བསམ་གཏན་གཉིས་པའི་ས་པའི་ལྷ་རྣམས་སོ། །དེ་ནི་བདེ་བ་སྐྱེ་བ་གཉིས་པ་ཡིན་ནོ། །སེམས་ཅན་གང་དག་དགའ་བ་མེད་པའི་བདེ་བས་ལུས་བརླན་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། བསམ་གཏན་གསུམ་པའི་ས་པའི་ལྷ་རྣམས་ཏེ། དེ་ནི་བདེ་བ་སྐྱེ་བ་གསུམ་པ་ཡིན་ནོ། །ཅིའི་ཕྱིར་འདོད་པ་སྐྱེ་བ་གསུམ་དང་། བདེ་བ་སྐྱེ་བ་རྣམ་པར་གཞག་ཅེ་ན། སྨྲས་པ། འདོད་པ་ཚོལ་བ་དང་། སྲིད་པ་ཚོལ་བ་དང་། ཚངས་པར་སྤྱོད་པ་ཚོལ་བའོ། །དེ་ལ་དགེ་སྦྱོང་ངམ་བྲམ་ཟེ་འདོད་པ་ཚོལ་བ་ལ་འཇུག་པ་གང་ཡང་རུང་བ་དེ་དག་ཐམས་ཅད་ནི་འདོད་པ་སྐྱེ་བ་གསུམ་པོ་དེ་དག་གི་ཕྱིར་ཏེ། དེ་ལས་མི་ཉུང་། མི་མང་བའོ། །དགེ་སྦྱོང་བྲམ་ཟེ་བདེ་བའི་རྒྱུར་སྲིད་པ་ཚོལ་བ་གང་ཡིན་པ་དེ་དག་ནི་ཤས་ཆེར་བདེ་བ་སྐྱེ་བ་གསུམ་གྱི་ཕྱིར་རོ། །གང་ཡང་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་ཞི་བ་སྐྱེ་བའི་དོན་ཚོལ་བ་ལ་འཇུག་པ་དེ་ནི་འཇིག་རྟེན་ན་ཆེས་ཉུང་བ་བས་ཀྱང་ཆེས་ཉུང་ངོ་། །དེ་བས་ན། དེའི་གོང་དུ་སྐྱེ་བ་རྣམ་པར་མི་གཞག་གོ །དགེ་སྦྱོང་བྲམ་ཟེ་ཚངས་པར་སྤྱོད་པ་ཚོལ་བ་ལ་འཇུག་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་ཟག་པ་མེད་པའི་དབྱིངས་ཀྱི་ཕྱིར་རོ། །ཡང་ཁ་ཅིག་ནི་ལོག་པས་རྣམ་པར་ཡོངས་སུ་བཏགས་པ་མི་གཡོ་བའི་དོན་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་དོན་དུ་ལོག་པའི་ཚངས་པར་སྤྱོད་པ་ཚོལ་བ་ལ་འཇུག་སྟེ། དེ་ནི་ཚངས་པར་སྤྱོད་པ་བླ་ན་མེད་པ་མ་ཡིན་པར་རིག་པར་བྱའོ། །བླ་ན་མེད་པ་ནི་ཟག་པ་མེད་པའི་དབྱིངས་ཀྱི་ཕྱིར་རོ། །དེ་ལ་ལུས་རྣམ་པར་གཞག་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། ཁམས་གསུམ་ན་སེམས་ཅན་རྣམས་ཀྱི་ལུས་ཐོབ་པ་རྣམ་པ་བཞི་ཡོད་དེ། ལུས་ཐོབ་པ་གང་བདག་ཉིད་ཀྱི་སེམས་ཀྱིས་རྐྱེན་བྱས་ནས་འཆི་འཕོ་བར་འགྱུར་ལ། གཞན་གྱིས་སེམས་ཀྱིས་མ་ཡིན་པ་ཡོད་དེ། འདི་ལྟར། འདོད་པའི་ཁམས་ན་ལྷ་རྩེད་མོས་མྱོས་པ་ཞེས་བྱ་བ་ཡོད་དོ། །དེ་དག་གང་གིས་ཚེ་རྟག་ཏུ་རྩེ་བ་དང་དགའ་བ་དང་། རྒྱན་གྱི་སྦྱོར་བ་དང་ལྡན་པར་གནས་པ་ན། དེ་དག་དེ་ལྟར་གནས་པས་དྲན་པ་བརྗེད་པར་འགྱུར་རོ། །དྲན་པ་བརྗེད་པར་འགྱུར་བས་སེམས་ཅན་དེ་དག་གནས་དེ་ནས་འཆི་འཕོ་བར་འགྱུར་རོ། །དེ་བཞིན་དུ་ལྷ་ཡིད་འཁྲུག་པར་བྱེད་པ་ཞེས་བྱ་བ་དག་ཡོད་དེ། དེ་དག་གང་ཚེ་གཅིག་ལ་གཅིག་མིག་ཚུགས་སུ་རྟོག་པར་བྱེད་དེ། དེ་ལྟར་དེ་དག་རྟོག་པ་ན་གཅིག་ལ་གཅིག་འཁྲུག་པར་བྱེད་དོ། །ཡིད་འཁྲུགས་པས་སེམས་ཅན་དེ་དག་གནས་དེ་ནས་འཆི་འཕོ་བར་འགྱུར་རོ། །ལུས་ཐོབ་པ་གང་གཞན་གྱི་སེམས་ཀྱིས་འཕོ་བར་འགྱུར་ལ། བདག་ཉིད་ཀྱིས་མ་ཡིན་པ་ཡང་ཡོད་དེ། འདི་ལྟར་སེམས་ཅན་མའི་མངལ་ན་གནས་པ་མེར་མེར་པོ་དང་ནུར་ནུར་པོར་གྱུར་པ་ལ་སོགས་པ་རྣམས་སོ། །ལུས་ཐོབ་པ་གང་གཉིས་ཀའི་སེམས་ཀྱིས་འཕོ་བར་འགྱུར་བ་ཡོད་དེ། འདི་ལྟར། དེ་དག་ཉིད་སྐྱེས་པ་དང་། དབང་པོ་ཡོངས་སུ་རྫོགས་པ་དང་། དབང་པོ་ཡོངས་སུ་སྨིན་པ་རྣམས་སོ། །ལུས་ཐོབ་པ་གང་དག་ཉིད་དང་། གཞན་གཉིས་ཀའི་སེམས་ཀྱི་འཆི་འཕོ་བ་མི་འགྱུར་བ་ཡོད་དེ། འདི་ལྟར། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་དང་། སེམས་ཅན་དམྱལ་བ་པ་ཐམས་ཅད་དང་། དེ་བཞིན་དུ་ཡི་དྭགས་རྣམས་དང་། དེ་བཞིན་གཤེགས་པའི་ཕོ་ཉ་བ་དང་། སྲིད་པ་ཐ་མ་པ་དང་། བྱམས་པ་དང་། འགོག་པ་དང་། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་རྣམས་དང་། དེ་ལྟ་བུ་དང་མཐུན་པའི་སེམས་ཅན་རྣམས་སོ། །དེ་ལ་དུས་མ་ཡིན་པར་འཆི་བའི་རྐྱེན་གསར་པ་རང་གིས་སེམས་ཀྱི་བསྒྲུབས་པ་དང་། དེ་གཞན་གྱི་སེམས་ཀྱིས་སྒྲུབ་པ་དག་ནི་གོ་རིམས་བཞིན་དུ་རང་གི་སེམས་ཀྱི་འཆི་འཕོ་བ་དང་། གཞན་གྱི་སེམས་ཀྱིས་འཆི་འཕོ་བ་ཞེས་བྱའོ། །གང་ཚེའི་འཕེན་པ་ཡོངས་སུ་གཏུགས་ནས་འཆི་འཕོ་བ་གང་ཡིན་པ་དེ་ནི་གཉིས་ཀ་མ་ཡིན་པར་འཆི་འཕོ་བ་ཞེས་བྱའོ། །དེ་ལ་འདོད་ལྷ་ཡིད་འཁྲུགས་པ་དང་། རྩེད་མོས་མྱོས་པ་དག་ནི། དུས་མ་ཡིན་པར་འཆི་བའི་རྐྱེན་རང་གི་སེམས་ཀྱིས་བསྒྲུབས་པའི་ཕྱིར་རོ། །མངལ་ན་གནས་པ་རྣམས་ནི་རྣམ་པར་ཤེས་པ་ཡོངས་སུ་མི་གསལ་བས་འཆི་བའི་རྐྱེན་རང་གི་སེམས་ཀྱིས་སྒྲུབ་པར་ཡང་མི་ནུས་ལ་དེ་ནི་ཚེའི་འཕེན་པ་རྫོགས་ནས་འཆི་བའང་མེད་དེ། རྣམ་པར་སྨིན་པའི་རང་བཞིན་ལུས་སྐྱེ་བ་ཡོངས་སུ་མ་རྫོགས་པའི་ཕྱིར་རོ། །དེ་བས་ན་དེར་འཆི་བ་རྣམས་ནི་མ་ལ་སོགས་པ་སེམས་ཅན་གྱི་སྒྲུབས་པའི་རྐྱེན་ལས་དུས་མ་ཡིན་པར་འཆི་བ་ཡིན་པའི་ཕྱིར་རོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ནི་གཞན་གྱིས་གནོད་པ་རྗེས་སུ་བསྒྲུབ་པའི་ཡུལ་མ་ཡིན་པས། གཞན་གྱི་སེམས་ཀྱིས་འཆི་འཕོ་བར་མི་འགྱུར་གྱི། འོན་ཀྱང་དེར་སྐྱེས་པའི་སེམས་ཅན་རྣམས་སྙོམས་པར་འཇུག་པའི་རོ་མྱངས་པས། བསོད་ནམས་ཟད་དེ་འཆི་འཕོ་བར་འདིར་བཤད་པ་དང་། རང་གི་སེམས་ཀྱིས་མི་འཆི་བར་བཤད་པ་ནི་གཉིས་འགལ་བ་ལྟར་སྣང་སྟེ་བརྟགས་པར་བྱའོ། །དེ་བཞིན་གཤེགས་པའི་ཕོ་ཉ་ལ་སོགས་པ་ནི་བར་སྐབས་སུ་མི་འཆི་བའི་ཕྱིར་གཉིས་ཀས་མི་འཆི་བར་བཤད་པ་ཡིན་ནོ། །དམྱལ་བ་དང་ཡི་དྭགས་རྣམས་ནི་རང་གི་ལས་མ་ཟད་ཀྱི་བར་དུ་མི་འཆི་བའི་ཕྱིར་རོ། །རྒྱུ་དང་རྐྱེན་རྣམ་པར་གཞག་པ་ནི་བཤད་ཅིང་འཆད་པར་འགྱུར་བའི་ཕྱིར་ཡང་མི་སྤྲོའོ། །སེམས་ཅན་གྱི་འཇིག་རྟེན་རྣམ་པར་གཏན་ལ་དབབ་པ་བཤད་ཟིན་ཏོ།། །།

དེའི་འོག་ཏུ་སྣོད་ཀྱི་འཇིག་རྟེན་རྣམ་པར་བཤད་པས་བཞེད་ནས་གང་དུ་སེམས་ཅན་རྣམས་སྐྱེ་བའི་གནས་གང་ཞེ་ན། སྣོད་ཀྱི་འཇིག་རྟེན་ནོ་ཞེས་པ་ལ་སོགས་པ་སྨོས་སོ། །དེ་ཡང་སྟོང་གསུམ་གྱི་སྣོད་བཤད་པ་དང་། ཕྱོགས་བཅུའི་སྣོད་བཤད་པ་གཉིས་ཀྱིས་རིག་པར་བྱའོ། །དང་པོ་ལ་ཡང་གླིང་བཞི་པ་གཅིག་གི་ཆགས་ཚུལ་དང་། དེ་དུ་མ་སྡོམས་པའི་འཇིག་རྟེན་གཉིས་ལས། དང་པོ་ནི། རླུང་གི་དཀྱིལ་འཁོར་ལ་ནི་ཆུའི་དཀྱིལ་འཁོར་རྟེན་ཏོ་ཞེས་པ་ནས་ཡི་དྭགས་དེ་དག་ཁ་ཅིག་གི་གནས་གཞན་རྣམས་དང་ཞེས་པའི་བར་རོ། །གཉིས་པ་ནི། ཉི་མ་རྣམ་པར་སྣང་བྱེད་ཀུན་ཏུ་བརྒྱུ་ཞིང་ཕྱོགས་སྣང་བར་བྱེད་པ་ཞེས་པ་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི་མཉམ་དུ་འཇིག་ཅིང་ཆགས་སོ། །ཞེས་པའི་བར་ཡིན་ནོ། །ཕྱོགས་བཅུའི་སྣོད་བཤད་པ་ནི། འདི་ལྟ་སྟེ་དཔེར་ན། ཞེས་པ་ནས། ཤར་ཕྱོགས་ཅི་ལྟ་བར་ཕྱོགས་བཅུ་ཐམས་ཅད་དུ་ཡང་དེ་བཞིན་ནོ་ཞེས་པའི་བར་ཡིན་ནོ། །དེ་རྣམས་ཀྱི་ཚིག་གི་དོན་ནི་གོ་སླ་ཞིང་། དོན་རྣམ་པར་གཏན་ལ་དབབ་པའི་ནི་སློབ་དཔོན་ཉིད་ཀྱིས་རྣལ་འབྱོར་སྤྱོད་པའི་ས་ལས་ཇི་སྐད་གསུངས་པ་ལྟར་བཤད་པར་བྱའོ། །དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་མཉམ་དུ་འཇིག་ཅིང་། ཆགས་སོ་ཞེས་བཤད་ན། ཇི་ལྟར་འཇིག་ཅིང་ཇི་ལྟར་ཆགས་པ་ཡིན་ཞེ་ན། དེ་ནི་སེམས་ཅན་རྣམས་ཀྱི་འཇིག་པ་དང་། ཆགས་པའི་ལས་ཀྱི་དབང་གིས་འགྱུར་ཏེ། གལ་ཏེ་སེམས་ཅན་རྣམས་ཀྱི་སྣོད་འཇིག་པའི་ལས་ཉེ་བར་གནས་པར་གྱུར་ན་ནི། དེ་ལས་ཕྱི་རོལ་གྱི་འཇིག་པའི་རྐྱེན་གྱིས་དེ་དག་འཇིག་པར་འགྱུར་བ་ཡིན་གྱི། ནང་གི་འདུ་བྱེད་རྣམས་ཚེ་ཟད་པས་འགྱུར་བ་ལྟ་བུ་ནི་མ་ཡིན་ནོ། །

དེ་ཅིའི་ཕྱིར་ཞེ་ན། ཕྱི་རོལ་གྱི་དངོས་པོ་རྣམས་ནི་གཟུགས་ཅན་རགས་པ་འབྱུང་བ་ཆེན་པོ་བཞི་ལས་བྱུང་བས་རྒྱུན་བརྟན་པ་ཡིན་ལ། ནང་གི་རྣམས་ནི་དེ་ལྟ་མ་ཡིན་པའི་ཕྱིར་རོ། །སྣོད་དེ་དག་གི་ཆགས་པ་དང་འཇིག་པའི་ལས་གང་ཡིན་པ་དེ་ནི། ངེས་པར་བསྐལ་པར་གནས་པ་འཕེན་པ་ཡིན་ཏེ། དེ་ལས་རིང་བའམ་ཐུང་བ་མ་ཡིན་ནོ། །དེའི་ཕྱིར་ཕྱི་རོལ་གྱི་སྣོད་རྣམས་ནི་བསྐལ་པར་གནས་ཤིང་། ལས་ཀྱི་འཕེན་པ་ཡོངས་སུ་རྫོགས་པ་ན་འཇིག་པར་འགྱུར་བ་ཡིན་ནོ། །སེམས་ཅན་དུ་བགྲངས་པ་རྣམས་ཀྱི་ནི་དུས་ངེས་པ་མེད་དེ། ལས་ཁ་ཅིག་གིས་རྣམ་པར་སྨིན་པའི་ལུས་བསྐལ་པ་བས་ལྷག་པར་ཡང་གནས་པར་འཕེན་པར་བྱེད་ལ། ཁ་ཅིག་གིས་ནི། ལོ་བཅུའི་བར་དུ་འཕེན་པར་བྱེད་པ་དག་ཀྱང་ཡོད་དོ། །དེའི་ཕྱིར་ནང་གི་འདུ་བྱེད་རྣམས་ནི་ཁ་ཅིག་བསྐལ་པའམ་བསྐལ་པས་ཀྱང་ལྷག་པར་གནས་ལ། ཁ་ཅིག་ནི་དུས་ཐུང་ངུར་གནས་ཤིང་མྱུར་དུ་འཇིག་པ་ཡིན་ནོ། །འཇིག་པ་དེ་ཡང་རྣམ་པ་གསུམ་ཡོད་དེ། དེ་ལ་མེས་འཇིག་པས་མནར་མེད་པ་ཡན་ཆད་ནས་ཚངས་པའི་འཇིག་རྟེན་མན་ཆད་འཇིག་གོ །ཆུས་འཇིག་པས་ནི་བསམ་གཏན་གཉིས་པ་མན་ཆད་དོ། །རླུང་གིས་འཇིག་པས་ནི་བསམ་གཏན་གསུམ་པ་མན་ཆད་འཇིག་གོ ། བསམ་གཏན་བཞི་པའི་གཞལ་མེད་ཁང་རྣམས་ནི་དེའི་ས་པའི་ལྷ་རྣམས་སྐྱེ་བ་ན་ལྷན་ཅིག་ཏུ་སྐྱེ་ཞིང་། འཆི་འཕོ་བ་ན་ཡང་ལྷན་ཅིག་ཏུ་འཇིག་པར་འགྱུར་གྱི། ཕྱིའི་རྐྱེན་གྱིས་འཇིག་པར་མི་འགྱུར་རོ། །དེའི་རྒྱུ་མཚན་ཡང་། བསམ་གཏན་དང་པོ་གསུམ་ན་མེ་དང་། ཆུ་དང་། རླུང་གསུམ་དང་། ཆོས་མཐུན་པའི་ནང་གི་སྐྱོན་རྟོག་དཔྱོད་དང་། དགའ་བདེ་དང་། དབུགས་འབྱུང་རྔུབ་དག་ཡོད་པའི་ཕྱིར་ཕྱིའི་སྐྱོན་མེ་ལ་སོགས་པས་འཇིག་པ་ཡིན་ལ། བཞི་པ་ན་ནི་ནང་གི་སྐྱོན་དེ་དག་མེད་པའི་ཕྱིར་ཞེས་གཞན་དག་ཟེར་རོ། །འཇིག་རྟེན་འདི་བར་གྱི་བསྐལ་པ་ཉི་ཤུར་ནི་འཇིག་སྟེ། གཅིག་དང་བཅུ་དགུས་གོ་རིམས་བཞིན་དུ་སྣོད་དང་བཅུད་ཀྱི་འཇིག་རྟེན་འཇིག་པའི་ཕྱིར་རོ། །བར་གྱི་བསྐལ་པ་ཉི་ཤུར་ནི་ཞིག་པར་གནས་སོ། །བར་གྱི་བསྐལ་པ་ཉི་ཤུར་ནི་ཆགས་ཏེ། གཅིག་དང་བཅུ་དགུས་སྣོད་དང་། བཅུད་ཀྱི་འཇིག་རྟེན་དག་གོ་རིམས་བཞིན་ནོ། །བར་གྱི་བསྐལ་པ་ཉི་ཤུར་ནི་ཆགས་ནས་གནས་སོ། །དེ་དག་ནི་བར་གྱི་བསྐལ་པ་བརྒྱད་ཅུ་སྟེ། དེ་ལ་ནི་བསྐལ་པ་ཆེན་པོ་ཞེས་གདགས་སོ། །

དེ་ལ་མེས་འཇིག་པ་གང་ཞེ་ན། སེམས་ཅན་ཚེ་དཔག་ཏུ་མེད་པ་དག་གི་ཚེ་འགྲིབ་སྟེ། ཚེ་ལོ་བརྒྱད་ཁྲི་ལ་ཐུག་པར་འགྱུར་བ་དང་། དེ་དག་གིས་མི་དགེ་བའི་ཆོས་ཡང་དག་པར་བླངས་པས་ཡང་འགྲིབས་ནས་ཚེ་ལོ་བཅུ་པ་ལ་ཐུག་པར་འགྱུར་བ་དང་། དེ་དག་སྐྱེ་བར་འགྱུར་བས་དགེ་བའི་ཆོས་ཡང་དག་པར་བླངས་པས། ཚེ་ནུར་ནས་སླར་ཚེ་ལོ་བརྒྱད་ཁྲི་བ་ལ་ཐུག་པར་འགྱུར་བའི་དུས་ཀྱང་ཡོད་དེ། དེ་ལྟར་མར་འབྲི་བ་གང་ཡིན་པ་དང་། ཡར་སྐྱེ་བ་གང་ཡིན་པ་དེ་གཉིས་བསྡུས་ཏེ། བར་གྱི་བསྐལ་པ་ཞེས་བྱ་སྟེ། དེ་ནི་ཆགས་ནས་གནས་པའི་བར་གྱི་བསྐལ་པ་དང་པོའོ། །གཞན་དག་ན་རེ། འཇིག་རྟེན་ཆགས་པ་ན། ཚེ་དཔག་ཏུ་མེད་པ་ལ་བར་གྱི་བསྐལ་པ་བཅུ་དགུ་བདའ་ཞིང་ཚེ་དཔག་ཏུ་མེད་པ་ནས་ཚེ་ལོ་བཅུའི་བར་དུ་འགྱུར་ཏེ། འདི་ཆགས་ནས་གནས་པ་རྣམས་ཀྱི་བར་གྱི་བསྐལ་པ་དང་པོ་ཟེར་ཏེ། ཇི་སྐད་དུ་བར་གྱི་བསྐལ་པ་དཔག་མེད་ནས་ཚེ་ལོ་བཅུ་པའི་བར་དུའོ་ཞེས་བཤད་དོ། །བར་གྱི་བསྐལ་པ་དེ་ཡང་མུ་གེ་དང་། ནད་དང་། མཚོན་གྱི་བསྐལ་པ་བར་མ་རྣམ་པ་གསུམ་གྱིས་མཐར་ཕྱིན་པས་འགྱུར་ཏེ། འདི་ལྟར། མུ་གེའི་བསྐལ་པ་ནི། གང་གི་ཚེ་མི་རྣམས་ཀྱིས་ཚེ་ལོ་སུམ་ཅུ་ཐུབ་པ་དེའི་ཚེ་འབྱུང་ངོ་། །འདི་ལྟ་བུ་དག་འབྱུང་བར་འགྱུར་ཏེ། མི་དགེ་བའི་ཉེས་པས་ལྷས་ཆར་མི་འབེབས་པས་འབྲུ་རྣམས་མི་སྨིན་ཞིང་། དེའི་ཕྱིར་རུས་པ་རྙིང་པ་དག་ཀྱང་སྐོལ་ཞིང་སྲོག་འཛིན་པར་བྱེད་ལ། དེར་རྒྱལ་ནས་ཀྱི་འབྲུའམ། འབྲས་ཀྱི་འབྲུའམ། རྒྱ་ཤུག་གམ། རྒྱ་སྲན་ནམ། ཏིལ་གྱི་འབྲུ་རྙེད་པར་གྱུར་ན། དེ་ནོར་བུ་རིན་པོ་ཆེ་བཞིན་དུ་ཟ་མ་ཏོག་གི་ནང་དུ་བཅུག་སྟེ་བསྲུང་བར་བྱེད་དོ། །སེམས་ཅན་དེ་དག་ཕལ་ཆེར་ཉམས་སྟོབས་མེད་དེ། ས་ལ་གན་རྐྱལ་དུ་འགྱེལ་ཏེ། ལྡང་བར་ཡང་མི་ནུས་ཏེ། མུ་གེ་དེས་སེམས་ཅན་ཕལ་ཆེར་འཆི་བའི་དུས་བྱེད་པར་འགྱུར་རོ། །མུ་གེ་དེ་ཡང་རེ་ལྟར་ཐོགས་ན་ལོ་བདུན་དང་། ཟླ་བ་བདུན་དང་། ཞག་བདུན་དུ་ཟད་དེ། དེ་ཡན་ཆད་དུ་མི་འབྱུང་ངོ་། །སེམས་ཅན་དེ་དག་ཀྱང་ཤས་ཆུང་ངུར་སྐྱེ་བར་འགྱུར་ཏེ། དེ་དག་རྒྱུ་དེ་དང་རྐྱེན་དེས་ཚེ་འགྲིབ་པར་མི་འགྱུར་ཞིང་། མུ་གེ་ཡང་མེད་པར་འགྱུར་རོ། །གང་ཚེ་མི་རྣམས་ཚེ་ལོ་ཉི་ཤུ་ཐུབ་ཅིང་སྐྱེ་བ་དེ་ཉིད་མེད་པར་གྱུར་ནས་འགྲིབ་པ་དེའི་ཚེ། ཡམས་ཀྱི་ནད་དང་གནོད་པ་དང་། འགོ་བའི་ནད་དང་། འཁྲུག་པ་མང་པོ་འབྱུང་བར་འགྱུར་ཏེ་དེ་དག་ནད་མང་པོས་ཕལ་ཆེར་འཆི་བའི་དུས་བྱེད་པར་འགྱུར་རོ། །

དེ་དག་གི་ནད་དེ་ཡང་རེ་ལྟར་ཐོགས་ན་ཞག་བདུན་དང་། ཟླ་བ་བདུན་དུ་གནས་ཏེ། དེ་ཕན་ཆད་དུ་མི་འབྱུང་ངོ་། །དེ་ནས་སེམས་ཅན་དེ་དག་འབྲིང་དུ་སྐྱེ་བར་འགྱུར་ལ། རྒྱུ་དེ་དང་རྐྱེན་དེས་ཚེ་འགྲིབ་པར་མི་འགྱུར་ཞིང་། ནད་ཀྱང་མེད་པར་འགྱུར་རོ། །གང་གི་ཚེ་མི་རྣམས་ཀྱིས་ཚེ་ལོ་བཅུ་ཐུབ་ཅིང་། སྐྱེ་བ་དེ་ཉིད་མེད་པར་གྱུར་པས། ཚེ་འགྲིབ་པར་འགྱུར་བ་དེའི་ཚེ། སེམས་ཅན་དེ་དག་གཅིག་གིས་གཅིག་མཐོང་ན་ཕན་ཚུན་བསོད་པའི་སེམས་དྲག་པོ་ཉེ་བར་གནས་པར་འགྱུར་རོ། །དེ་ནས་དེ་དག་གི་རྩའམ། ཤིང་ངམ། བསེག་མའམ། གྱོ་མོ་ལ་སོགས་པ་གང་དང་གང་བླངས་པ་དེ་ཐམས་ཅད་མཚོན་རྣོན་པོ་ལེགས་པར་བརྡར་བ་བཞིན་དུ་འགྱུར་ཏེ། དེ་དག་གིས་དེ་དག་གཅིག་ལ་གཅིག་གསོད་པར་བྱེད་དོ། །དེ་ཡང་རེ་ལྟར་ཐོགས་ན་ཞག་བདུན་དུ་ཟད་དོ། །དེ་ཕན་ཆད་དུ་མི་འབྱུང་ངོ་། །དེའི་ཚེ་ལུས་རྒུད་པ་ནི། ལུས་ཀྱི་ཚད་རིང་ན་མཐོ་གང་དང་ཆགས་གང་ཡིན་ནོ། །ཡོ་བྱད་རྒུད་པ་ནི། ཁ་ཟས་ཀྱི་མཆོག་ཁྲེ་རྒོད་ཡིན་ནོ། །གོས་ཀྱི་མཆོག་སྐྲའི་ལ་བ་ཡིན་ནོ། །རྒྱན་གྱིས་མཆོག་གི་མཚོན་ཆ་ཡིན་ནོ། །རོ་རྣམས་པ་ལྔ་པོ་མར་གྱི་རོ་དང་། སྦྲང་རྩིའི་རོ་དང་། འབྲུ་མར་གྱི་རོ་དང་། བུ་རམ་ཤིང་ལས་བྱུང་བའི་རོ་དང་། ལན་ཚྭའི་རོ་རྣམས་ནི་ཐམས་ཅད་ནམ་ཐམས་ཅད་དུ་མེད་པར་འགྱུར་རོ། །དེ་ནས་སེམས་ཅན་དེ་དག་ཤས་ཆེར་སྐྱེ་བར་འགྱུར་ཏེ། སྐྱེ་བ་ལས་སླར་ཚེ་འགྲིབ་པར་མི་གྱུར་རོ། །དེ་དག་ཕན་ཚུན་འདུས་ཤིང་ཚོགས་ནས་ཚེ་ཡོངས་སུ་འགྲིབ་པར་འགྱུར་བའི་སྡིག་པ་མི་དགེ་བའི་ཆོས་རྣམས་སྤངས། ཚེ་ནུར་བར་བྱེད་པའི་དགེ་བའི་ཚོགས་རྣམས་ཡང་དག་པར་བླངས་ནས་འདུག་པས། དེ་དག་གི་ཚེ་ཡང་ཕྱིར་ནུར་བར་འགྱུར་རོ། །མདོག་དང་། སྟོབས་དང་། བདེ་བ་དང་། དབང་ཕྱུག་རྣམས་ཀྱང་དར་བར་འགྱུར་རོ། །ཚེ་ཡང་བརྒྱད་ཁྲི་ལ་ཐུག་པར་འགྱུར་རོ། །སྙིང་རྗེ་པདྨ་དཀར་པོར། ཚེ་ལོ་བཅུ་པའི་ཚེ་རྗེ་བཙུན་བྱམས་པ་ཁྲུ་གང་པ་གཅིག་བྱོན་ནས། ལུས་ཆེ་བའི་རྒྱུ་མི་དགེ་བ་སྤངས་པའོ་ཞེས་གསུངས་པས། ལུས་ཀྱི་གསུམ་སྤངས་པས་ཉི་ཤུ་དང་། ལྔ་བཅུ་དང་། བརྒྱ་པ་དང་། ངག་གི་བཞི་སྤངས་པས་ཉིས་སྟོང་དང་། ཡིད་ཀྱི་གསུམ་སྤངས་པས་བཞི་ཁྲི་དང་། ཕ་དང་མར་བཟུང་བས་བརྒྱད་ཁྲི་བར་འཕེལ་ཏེ། སྙེ་མ་རེ་ལ་བྲེ་བཞི་བཞི་དང་། བུ་མོ་ལོ་ལྔ་བརྒྱ་ལོན་པ་བག་མར་གཏོང་བ་ལ་སོགས་པ་བཀའ་སྩལ་ཏོ། །དེ་ལྟར་མར་འབྲི་བ་ཉི་ཤུ་དང་། ཡར་སྐྱེ་བ་ཉི་ཤུ་སྟེ། བཞི་བཅུ་ཐམས་པ་ནི་འཇིག་རྟེན་གནས་པའི་བར་གྱི་བསྐལ་པ་ཉི་ཤུ་ཡིན་ནོ། །གཞན་དུ་ནི་ཐོག་མཐའི་བར་གྱི་བསྐལ་པ་རྣམས་ནི་མར་འབྲི་བ་དང་། ཡར་སྐྱེ་བའི་རྐྱང་པ་རེ་རེ་ཡིན་ལ། དབུས་ཀྱི་བར་བསྐལ་བཅོ་བརྒྱད་ནི། འཕེལ་འགྲིབ་གཉིས་གཉིས་སྡོམ་པའི་ཁུག་པ་ཡིན་པར་འཆད་དེ། ཇི་སྐད་དུ། དེ་ནས་ཡར་སྐྱེ་མར་འགྲིབ་པའི། །བསྐལ་པ་གཞན་ནི་བཅོ་རྒྱད་དོ། །ཡར་སྐྱེ་བ་ནི་གཅིག་ཡིན་ནོ། །དེ་ལྟར་འཇིག་རྟེན་འཆགས་པ་འདི། །བསྐལ་པ་ཉི་ཤུར་གནས་པ་ཡིན་ཞེས་བཤད་དོ། །གཞུང་འདིར་ཡང་། དེ་དང་འཐུན་པར་བཤད་ཅིང་། རྣལ་འབྱོར་སྤྱོད་པ་པའི་ས་ནི་སྔར་བཤད་པ་ལྟར་ཉི་ཤུ་པོ་ཀུན་ཀྱང་ཁུག་པར་གསུངས་སྣང་སྟེ། དགོངས་པ་བརྟག་པར་དཀའོ། །མདོ་སོ་སོའི་དགོངས་པ་ཡིན་ཞེས་སམ། གྲུབ་མཐའ་ཐ་དད་ཀྱི་ལུགས་ཡིན་ཞེས་འཆད་པར་ནུས་པ་ཡང་མ་ཡིན་ཏེ། འདི་དང་རྣལ་འབྱོར་སྤྱོད་པ་པའི་ས་ནི་མདོར་བསྡུས་པ་རྒྱས་པ་ལས་མ་གཏོགས་པའི་བྱེ་བྲག་མེད་པའི་ཕྱིར་རོ། །དེ་ལྟར་གནས་པའི་བར་གྱི་བསྐལ་པ་རྣམས་རྫོགས་པ་ན་འཇིག་པའི་བསྐལ་པ་རྩོམ་པར་བྱེད་དོ། །

དེ་ཡང་ཐོག་མར་སེམས་ཅན་གྱི་འཇིག་རྟེན་འཇིག་པར་འགྱུར་ལ། དེའི་འོག་ཏུ་སྣོད་ཀྱི་འཇིག་རྟེན་འཇིག་པར་འགྱུར་རོ། །དེ་ལ་གང་གི་ཚེ་སེམས་ཅན་དམྱལ་བ་པ་རྣམས་རིམ་གྱིས་ཤི་འཕོས་ནས་འགྲོ་བ་གཞན་ནམ། འཇིག་རྟེན་གྱི་ཁམས་གཞན་དུ་སྐྱེ་བར་འགྱུར་གྱི། འཇིག་རྟེན་འདིའི་དམྱལ་བའི་གནས་སུ་སེམས་ཅན་གསར་པ་མི་སྐྱེ་བ་དེའི་ཚེ། འཇིག་རྟེན་འཇིག་པའི་མགོ་རྩོམ་པ་ཞེས་བྱའོ། །ཚུལ་དེས་དམྱལ་བའི་སེམས་ཅན་སྟོང་པར་གྱུར་པ་ནི། དམྱལ་བའི་འཇིག་རྟེན་ཞིག་པ་ཞེས་བྱ་ལ། དུད་འགྲོ་རྣམས་དང་། ཡི་དྭགས་རྣམས་ཀྱི་འཇིག་པ་ཡང་ཚུལ་དེ་དང་འདྲའོ། །མི་རྣམས་ཀྱི་ནང་ནས་གང་རུང་ཞིག་གིས་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ་གནས་སོ། །མི་གཞན་རྣམས་ཀྱང་དེའི་རྗེས་སུ་སློབ་པས་ཐམས་ཅད་ཀྱིས་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ་གནས་སོ། །དེ་ནས་ཤི་འཕོས་ནས་འོད་གསལ་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་ཏེ། ཚུལ་དེས་མིའི་འཇིག་རྟེན་སྟོང་པར་འགྱུར་རོ། །མིའི་འཇིག་རྟེན་འཇིག་པ་ཇི་ལྟ་བ་བཞིན་དུ་ལྷ་རྣམས་ཀྱི་འཇིག་པ་ཡང་དེ་དང་འདྲའོ། །གང་གི་ཚེ་ཚངས་པའི་འཇིག་རྟེན་མན་ཆད་ན་འགྲོ་བ་ལྔའི་སེམས་ཅན་གཅིག་ཀྱང་མེད་པར་གྱུར་པ་དེའི་ཚེ་སེམས་ཅན་གྱི་འཇིག་རྟེན་ཞིག་པ་ཡིན་ལ། དེའི་ཚེ་ཡོ་བྱད་རྣམས་ཀྱང་འབྱུང་བ་མེད་པར་འགྱུར་རོ། །གང་གི་ཚེ་ཡོ་བྱད་འབྱུང་བ་མེད་པར་གྱུར་པ་དེའི་ཚེ་ཆར་པ་ཡང་མེད་པར་འགྱུར་རོ། །ཆར་མི་འབབ་པས་ས་ཆེན་པོ་འདི་ལ་ཙྭ་དང་སྨན་དང་ཤིང་ཅི་ཡོད་པ་ཐམས་ཅད་སྐམ་པར་འགྱུར་རོ། །ཐན་པ་བྱུང་བས་ཉི་མའི་དཀྱིལ་འཁོར་འདི་ཉིད་ཀྱིས་རབ་ཏུ་ཤས་ཆེར་སྲེག་པར་བྱེད་དོ། །བསྲེག་པར་བྱ་བའི་དངོས་པོ་རྣམ་པ་དྲུག་ཡོད་པའི་ཕྱིར། སེམས་ཅན་རྣམས་ཀྱི་འཇིག་པར་འགྱུར་བའི་ལས་ཀྱི་དབང་གིས་ཉི་མའི་དཀྱིལ་འཁོར་གཞན་དྲུག་འབྱུང་བར་འགྱུར་ཏེ། དེ་དག་ཀྱང་ཉི་མའི་དཀྱིལ་འཁོར་འདི་ལས་བཞི་འགྱུར་བཞི་འགྱུར་གྱིས་མཐུ་ཆེ་བ་ཡིན་ནོ། །

དེ་ལ་བསྲེག་པར་བྱ་བའི་དངོས་པོ་དྲུག་པོ་གང་ཞེ་ན། ལྟེང་ཀ་ཆུང་ངུ་དང་། ལྟེང་ཀ་ཆེན་པོ་དག་ནི་ཉི་མའི་དཀྱིལ་འཁོར་གཉིས་པས་སྲེག་པར་བྱེད་དོ། །ཆུ་ཀླུང་ཆེ་ཆུང་དག་ནི་ཉི་མའི་དཀྱིལ་འཁོར་གསུམ་པས་བསྲེག་པར་བྱེད་དོ། །མཚོ་ཆེན་པོ་མ་དྲོས་པ་ནི་ཉི་མའི་དཀྱིལ་འཁོར་བཞི་པས་སྐམ་པར་བྱེད་དོ། །རྒྱ་མཚོ་ཆེན་པོ་ནི་ཉི་མའི་དཀྱིལ་འཁོར་ལྔ་པ་དང་དྲུག་པའི་ཕྱོགས་ཀྱིས་སྐེམས་པར་བྱེད་དོ། །རི་རབ་དང་ས་ཆེན་པོ་དེ་དག་ནི་གཟུགས་ཆེས་སྲ་བའི་ཕྱིར། ཉི་མའི་དཀྱིལ་འཁོར་དྲུག་པ་དང་བདུན་པས་སྲེག་པར་བྱེད་དོ། །དེ་ནས་དེ་ཉིད་ཀྱི་མེ་རླུང་གིས་སྦར་ནས་ཚངས་པའི་འཇིག་རྟེན་མན་ཆད་དུ་འགྲོ་ཞིང་སྲེག་པར་བྱེད་དོ། །དེ་དག་ཀྱང་དངོས་པོ་རྣམ་པ་གསུམ་དུ་འགྱུར་ཏེ། ཆུ་ལས་བྱུང་བའི་དངོས་པོ་རྩྭ་ལ་སོགས་པ་དག་ནི་དང་པོ་ཉིད་ཀྱིས་སྐེམས་པར་བྱེད་དོ། །ཆུའི་དངོས་པོ་དེ་དག་ཉིད་ནི་གཞན་ལྔ་པོ་དག་གིས་སྐེམས་པར་བྱེད་ལ། བརྟན་ཞིང་སྲ་བའི་དངོས་པོ་དག་ཉིད་ནི་གཉིས་ཀྱིས་སྲེག་པར་བྱེད་དོ། །དེ་ལྟར་ནང་དུ་ས་ཡང་མེད། ཐལ་བའི་ལྷག་མ་ཡང་མེད་པར་འགྱུར་ཏེ། དེ་ཙམ་གྱིས་སྣོད་ཞིག་པས་འཇིག་རྟེན་ཞིག་པ་ཞེས་བྱའོ། །དེ་ལ་ནི་བར་གྱིས་བསྐལ་པ་ཉི་ཤུ་འདས་སོ། །དེ་བཞིན་དུ་འཇིག་རྟེན་ཞིག་པ་ལ་ཡང་བར་གྱི་བསྐལ་པ་ཉི་ཤུ་གནས་སོ། །

ཆུས་འཇིག་པ་གང་ཞེ་ན། གང་ཚུན་ཆད་མེས་འཇིག་པ་ལན་བདུན་འདས་པར་གྱུར་པ་དེའི་འོག་ཏུ་བསམ་གཏན་གཉིས་པ་ཉིད་ལས་བྱུང་བའི་ཆུའི་ཁམས་འབྱུང་སྟེ། ཆུའི་ཁམས་དེ་ཉིད་ཀྱིས་སྣོད་ཀྱི་འཇིག་རྟེན་ལན་ཚྭ་བཞིན་དུ་ཞུ་ནས་ཆུ་ཡི་ཁམས་དེ་ཡང་སྣོད་ཀྱི་འཇིག་རྟེན་དང་ལྷན་ཅིག་ཏུ་མེད་པར་འགྱུར་རོ། །མེད་པར་གྱུར་ནས་ཀྱང་བར་གྱི་བསྐལ་པ་ཉི་ཤུར་གནས་སོ། །རླུང་གིས་འཇིག་པ་གང་ཞེ་ན། གང་ཚུན་ཆད་ཆུས་འཇིག་པ་ལན་བདུན་འདས་པར་གྱུར་པ་དེའི་འོག་ཏུ་མེས་འཇིག་པ་ལན་གཅིག་འབྱུང་ལ། དེའི་འོག་ཏུ་བསམ་གཏན་གསུམ་པ་ཉིད་ལས་བྱུང་བའི་རླུང་གི་ཁམས་འབྱུང་ངོ་། །དེས་སྣོད་ཀྱི་འཇིག་རྟེན་ལུས་རླུང་གིས་སྐམས་པ་བཞིན་མེད་པར་འགྱུར་རོ། །རླུང་དེ་ཡང་དེ་ཉིད་དང་ལྷན་ཅིག་ཏུ་མེད་པར་འགྱུར་ཏེ། འདི་ལྟར་འགའ་ཞིག་ལ་རླུང་གིས་འཁྲུགས་པར་གྱུར་ན་རུས་པའི་བར་དུ་འབྲི་བར་བྱེད་པར་སྣང་བ་བཞིན་ནོ། །ཞིག་ནས་ཀྱང་བར་གྱི་བསྐལ་པ་ཉི་ཤུར་གནས་སོ། །འཇིག་རྟེན་འཇིག་པ་ནི་དེ་ལྟ་བུ་ཡིན་ནོ། །

ཆགས་པ་གང་ཞེ་ན། སྟོངས་པའི་བར་གྱི་བསྐལ་པ་ཉི་ཤུ་པོ་དེ་དག་འདས་ནས་སེམས་ཅན་རྣམས་ཀྱི་ཆགས་པར་འགྱུར་བའི་ལས་ཀྱི་དབང་གིས་ཆགས་པའི་བར་གྱི་བསྐལ་པ་རྩོམ་པར་རིག་པར་བྱའོ། །དེ་ལ་གང་གིས་ཚེ་སྣོད་སྔ་མ་རླུང་གིས་ཞིག་པ་དེའི་ཚེ། ཐོག་མར་བསམ་གཏན་གསུམ་པའི་གཞལ་མེད་ཁང་རྣམས་ནམ་མཁའ་ལ་སྤྲུལ་བ་བཞིན་དུ་ཆགས་ལ། དེའི་འོག་ཏུ་བསམ་གཏན་གཉིས་པ་དང་། དང་པོ་ལ་སོགས་པ་མཐའ་བྲལ་གྱི་བར་གཞལ་ཡས་ཁང་རྣམས་ཡས་རིམ་གྱིས་ཆགས་ཤིང་། དེ་ནས་བསམ་གཏན་བཞི་པའི་སེམས་ཅན་ཚེ་དང་བསོད་ནམས་དང་། ལས་ཟད་པ་ཞིག་དེ་ནས་ཤི་འཕོས་ནས་བསམ་གཏན་གསུམ་པར་སྐྱེ་ལ། དེ་བཞིན་དུ་འོག་མ་རྣམས་ལ་ཡང་སྦྱར་རོ། །གང་གི་ཚེ་སྣོད་སྔ་མ་ཆུས་ཞིག་པ་དེའི་ཚེ་བསམ་གཏན་གཉིས་པ་ནས་ཡས་རིམས་སུ་ཆགས་པར་འགྱུར་ལ། མེས་ཚིག་པ་དེའི་ཚེ། དང་པོ་ནས་ཆགས་སོ་ཞེས་བྱ་བར་སྦྱར་རོ། །མེས་ཞིག་པ་ན་བསམ་གཏན་གཉིས་པའི་སེམས་ཅན་ཚེ་དང་བསོད་རྣམས་དང་། ལས་ཟད་པ་ཞིག་བསམ་གཏན་དང་པོར་སྐྱེ་བ་སྟེ། དེ་ནི་དེར་ཚངས་པའི་ནང་ནས་ཚངས་པ་ཆེན་པོར་འགྱུར་རོ། །དེ་གཅིག་པུར་སྐྱོ་ཞིང་མི་དགའ་བར་འགྱུར་ཏེ། ཀྱེ་མའོ་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་ན་ཅི་མ་རུང་སྙམ་ནས་སེམས་མངོན་པར་འདུ་བྱེད་པས། སེམས་ཅན་ཚེ་དང་བསོད་ནམས་དང་ལས་ཟད་པ་གཞན་དག་ཀྱང་བསམ་གཏན་གཉིས་པ་ནས་ཤི་འཕོས་ནས་དེར་སྐྱེ་བར་འགྱུར་ཏེ། དེ་ལྟར་དུ་འཐབ་བྲལ་ཡན་ཆད་ཀྱི་ལྷ་རྣམས་ཀྱང་ཆགས་པར་རིག་པར་བྱའོ། །དེའི་འོག་ཏུ་སུམ་ཅུ་རྩ་གསུམ་པ་མན་ཆད་ཀྱི་སྣོད་ནི་མས་རིམས་ཀྱིས་ཆགས་པར་འགྱུར་ཏེ། འདི་ལྟར། དང་པོར་སྟོང་གསུམ་གྱི་སྟོང་ཆེན་པོའི་ཚད་ཙམ་གྱི་རླུང་གི་དཀྱིལ་འཁོར་ཆེན་པོ་འབྱུང་བར་འགྱུར་རོ། །

དེ་ཡང་རྣམ་པ་གཉིས་ཏེ། འོག་གཞིར་གནས་པ་དང་བློ་ན་གནས་པའོ། །དེ་དག་གི་ནི་ཆུ་རྣམས་ཐད་ཀར་མི་འབོ་ལ། ཐུར་དུ་ཡང་མི་འཛག་པར་བྱེད་དོ། །དེའི་སྟེང་དུ་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་གསེར་གྱི་སྙིང་པོ་ཅན་གྱི་སྤྲིན་འབྱུང་བར་འགྱུར་རོ། །དེ་ལས་ཆར་འབབ་པར་འགྱུར་ཏེ། ཆུའི་དཀྱིལ་འཁོར་ཆེན་པོ་དེ་ཡང་རླུང་གི་དཀྱིལ་འཁོར་ལ་བརྟེན་ཏོ། དེ་ནས་ཆུ་དེ་ཉིད་རླུང་གིས་འཐས་ཤིང་བསྲ་བར་བྱས་པ་ལས་གསེར་གྱི་ས་གཞི་ཞེས་བྱ་བ་སའི་དཀྱིལ་ཆེན་པོ་ཆགས་སོ། །གཞན་དག་ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང་། སྟོང་ཕྲག་དག་ནི་ཉི་ཤུའོ། །ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད། །ལྷག་མ་དག་ནི་གསེར་དུ་འགྱུར། །ཅེས་དང་། ཆུ་དང་གསེར་གྱི་དཀྱིལ་འཁོར་གྱིས། །ཐད་དཀར་འབུམ་ཕྲག་བཅུ་གཉིས་དང་། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི། །ཕྱེད་དང་ལྔ་རྣམས་ཁོ་ནའོ། །ཞེས་ཆུ་དང་གསེར་གྱི་དཀྱིལ་འཁོར་གཉིས་ཀྱི་རྔམས་དང་རྒྱའི་ཚད་བཤད་པ་ནི། གླིང་བཞི་པོ་རེ་ལ་ཆུ་དང་གསེར་གྱི་དཀྱིལ་འཁོར་རེ་རེ་ཡོད་པར་འདོད་པའི་ལུགས་ཡིན་ལ། འདི་ནི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་པོ་ཐམས་ཅད་ལ་ཆུ་དང་གསེར་གྱི་དཀྱིལ་འཁོར་བཞི་ཡིན་པའི་ཕྱིར་རྔམས་དང་འཁོར་ཡུག་གི་ཚད་དཔག་ཚད་གཞལ་བར་མི་ནུས་སོ་སྙམ་དུ་དགོངས་ནས། ཚད་མ་གསུངས་སོ། །འོན་ཀྱང་རླུང་གི་དཀྱིལ་འཁོར་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་ཚད་ཙམ་ཡིན་ནོ། །སའི་དཀྱིལ་འཁོར་དེའི་སྟེང་དུ་ཡང་ལས་ཀྱི་དབང་གིས་ཁམས་སྣ་ཚོགས་པའི་སྙིང་པོ་ཅན་གྱི་སྤྲིན་འབྱུང་བར་འགྱུར་ཏེ། དེ་ལས་ཆར་ཕབ་པར་འགྱུར་རོ། །ཆུ་དེ་དག་ཀྱང་གསེར་གྱི་ས་གཞི་ལ་གནས་པར་འགྱུར་ཏེ། དེ་ཡང་རླུང་རྣམས་ཀྱིས་འཐས་ཤིང་བསྲ་བར་བྱེད་དོ། །དེ་ལྟར་འཐས་པར་བྱས་པ་ལས་ཁམས་བཟང་པོ་དང་། མཆོག་དང་། གཙོ་བོ་དང་། གྱ་ནོམ་པ་གང་ཡིན་པ་དེ་ལས་ནི་རི་རབ་འབྱུང་བར་འགྱུར་ཏེ། དེ་ནི་རིན་པོ་ཆེ་སྣ་བཞི་པོ་གསེར་དང་དངུལ་དང་ཤེལ་དང་བེེ་ཌཱུརྱའི་རང་བཞིན་ཅན་ཡིན་ནོ། །དེ་ལ་ཁམས་འབྲིང་པོ་གང་ཡིན་པ་དེ་དག་ལས་ནི་གསེར་གྱི་རི་བོ་འདི་ལྟ་སྟེ། གཉའ་ཤིང་འཛིན་དང་། རྣམ་པར་འདུད་དང་། རྟ་རྣའི་རི་དང་། ལྟ་ན་སྡུག་པ་དང་། སེང་ལྡེང་ཅན་དང་། གཤོལ་མདའ་འཛིན་དང་། མུ་ཁྱུད་འཛིན་རྣམས་མངོན་པར་འགྲུབ་པར་འགྱུར་ཏེ། དེ་དག་ཀྱང་ལྕགས་ཆུང་བདུན་སྦྲག་ལྟར་རི་རབ་ལ་བསྐོར་ཏེ་འདུག་གོ །རི་རབ་ཀྱི་ཚད་ནི་ཆུ་མཚམས་ཡན་ལ་དཔག་ཚད་བརྒྱད་ཁྲིའོ། །ཆུ་ཞེང་དུ་ཡང་དེ་དང་འདྲ་སྟེ། དཔག་ཚད་བརྒྱད་ཁྲི་ནི་ཆུ་ཡི་ནང་དུ་ནུབ་སྟེ་འདུག་གོ །ཆུ་མཚམས་ཡན་ཆད་ཀྱི་གཉའ་ཤིང་འཛིན་གྱི་ཚད་ནི་རི་རབ་ཀྱི་ཕྱེད་ཡིན་ནོ། །མུ་ཁྱུད་འཛིན་ལ་ཐུག་གི་བར་གྱི་རི་ལྷག་མ་རྣམས་ཀྱི་ཚད་ཀྱང་ནང་མ་ནང་མ་རྣམས་ཀྱི་ཕྱེད་ཕྱེད་དུ་རིག་པར་བྱའོ། །རི་བདུན་པོ་དེ་དག་གི་རྔམས་ཀྱང་རང་རང་གི་འཕང་དང་མཉམ་པར་བཤད་དོ། །རི་དེ་དག་གི་མིང་ནི་རྩེ་མོའི་རྣམ་པ་འདྲ་བའི་བྱེ་བྲག་ལས་བལྟ་བར་བྱའོ། །ཁམས་ངན་པ་རྣམས་ལས་ནི་རི་རབ་ཀྱི་བང་རིམ་བཞི་དང་། གླིང་བཞི་དང་གླིང་ཕྲན་བརྒྱད་དང་། ཁོར་ཡུག་གི་རི་རྣམས་འབྱུང་བར་འགྱུར་རོ། །རིའི་འཁོར་ཡུག་གི་ཚད་ནི་མུ་ཁྱུད་འཛིན་གྱི་ཕྱེད་ཡིན་ལ། དེ་ཡང་ལྕགས་ལས་གྲུབ་པ་ཡིན་ནོ་ཞེས་ཟེར་རོ། །དེས་ནི་གླིང་བཞི་པོ་འཁོར་ལོ་བཞིན་དུ་བསྐོར་རོ། །ལྷ་མ་ཡིན་གྱི་གནས་གཞན་རྣམས་ནི་རི་རབ་ཀྱི་ཆུ་མཚམས་མན་ཆད་ཀྱི་ནང་ན་ཡོད་དོ། །གངས་ཀྱི་རི་ནི་མཚོ་མ་དྲོས་པ་དང་ཉེ་བ་ན་ཡོད་ལ། དེའི་འོག་ན་སེམས་ཅན་དམྱལ་བ་ཆེན་པོ་རྣམས་དང་། གྲང་བའི་སེམས་ཅན་དམྱལ་བ་རྣམས་དང་། ཉི་ཚེ་བ་དང་ཉེ་འཁོར་བའི་སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ་དང་། ཡི་དྭགས་ཁ་ཅིག་གི་གནས་རྣམས་ཡོད་དོ། །གླིང་བཞི་པོ་དེ་དག་ནི་འདི་ལྟ་སྟེ། འཛམ་བུའི་གླིང་དང་། ཤར་གྱི་ལུས་འཕགས་པོ་དང་། ནུབ་ཀྱི་བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་རྣམས་སོ། །དེ་ལ་འཛམ་བུའི་གླིང་ནི་ཤིང་རྟའི་དབྱིབས་ཅན་དཔག་ཚད་དྲུག་སྟོང་ལྔ་བརྒྱའོ། །ཤར་གྱི་ལུས་འཕགས་ནི་ཟླ་གམ་གྱི་དབྱིབས་ཅན་དཔག་ཚད་བདུན་སྟོང་། ནུབ་ཀྱི་བ་ལང་སྤྱོད་ནི། ཟླུམ་པོ་དཔག་ཚད་བདུན་སྟོང་ལྔ་བརྒྱའོ། བྱང་གི་སྒྲ་མི་སྙན་ནི་གྲུ་བཞི་དཔག་ཚད་བརྒྱད་སྟོང་གི་ཚད་ཅན་ནོ། །གླིང་ཕྲན་བརྒྱད་ནི། ལུས་དང་ལུས་འཕགས་ནི་ཤར་གྱིའོ། །སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་ནི་བྱང་གིའོ། །རྔ་ཡབ་དང་རྔ་ཡབ་གཞན་ནི་ནུབ་ཀྱིའོ། །གཡོ་ལྡན་དང་ལམ་མཆོག་འགྲོ་ནི་འཛམ་བུ་གླིང་གི་གླིང་གཡོག་ཡིན་ནོ། །ཀུན་ན་མི་ཡོད་ཅིང་། ཁ་ཅིག་རྔ་ཡབ་བམ། རྔ་ཡབ་གཞན་ན་སྲིན་པོ་གནས་པར་སྨྲའོ། །གསེར་གྱི་རི་བདུན་པོ་དེ་དག་གི་བར་གྱི་ཆུ་གང་ཡིན་པ་དེ་དག་ནི་ཡན་ལག་བརྒྱད་དང་ལྡན་པ་ཡིན་ལ། དེ་དག་ལ་ནི་ནང་གི་རྒྱ་མཚོ་ཞེས་བྱའོ། །

དེ་རྣམས་ཀྱི་ཚད་ཀྱང་དང་པོ་སྟོང་ཕྲག་བརྒྱད་ཅུ་སྟེ། དེ་ནི་ནང་གི་མཚོ་ཆེན་ཡིན། དེ་ཡི་ངོས་ལ་སུམ་འགྱུར་རོ། །རོལ་མཚོ་གཞན་ནི་ཕྱེད་ཕྱེད་དབྲི། །ཞེས་སྔར་བཤད་དོ། །དེ་ན་ཀླུ་རྣམས་ཀྱི་གནས་ཡོད་དེ། ཆུའི་ནང་ན་ཀླུ་ཆེན་པོ་བསྐལ་པར་གནས་པ་ས་འཛིན་པ། དགའ་བོ་དང་ཉེ་དགའ་དང་། རྟ་བཞི་དང་། བཏང་བཟུང་དང་། གཟི་ཅན་དང་། ནག་པོ་ཆེན་པོ་དང་། ཡུལ་འཁོར་སྲུང་དང་། ཨེ་ལའི་འདབ་དང་། བརྒྱད་པོ་འདི་དག་འཁོད་དོ། །དེ་དག་ཀྱང་ལྷའི་དབང་པོ་བརྒྱ་བྱིན་གྱི་དཔུང་ཡིན་ཏེ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་འགྱེད་པ་ཉམས་སུ་མྱོང་བར་བྱེད་དོ། །ཀླུ་ཡིས་རིགས་ནི་སྒོ་ང་ལས་སྐྱེས་པ་ལ་སོགས་པ་བཞི་ཡོད་ལ་ནམ་མཁའ་ལྡིང་ཡང་རིགས་བཞི་ཡོད་དོ། །དེ་ལ་མཁའ་ལྡིང་བརྫུས་སྐྱེས་ནི། ཀླུ་རིགས་བཞི་ཀ་ཟ་བར་བྱེད་དོ། །དྲོད་གཤེར་སྐྱེས་ཀྱིས་ནི་བརྫུས་སྐྱེས་མ་གཏོགས་པ་གཞན་གསུམ་མོ། །མངལ་སྐྱེས་ཀྱིས་ནི་གཉིས་སོ། །སྒོང་སྐྱེས་ཀྱིས་ནི་སྒོང་སྐྱེས་འབའ་ཞིག་ཟ་བར་བྱེད་དོ། །ཞེས་ཟེར་རོ། །

མུ་ཁྱུད་འཛིན་གྱི་ཕྱི་རོལ་ནས་འཁོར་ཡུག་གི་བར་གྱི་ཆུ་རྣམས་ནི། ཕྱིའི་རྒྱ་མཚོ་ཞེས་བྱའོ། །དེ་ནི་བ་ཚ་ཅན་ཏེ། སྲོག་ཆགས་དང་རིན་པོ་ཆེའི་རིགས་དུ་མ་དང་ལྡན་པའོ། །ཕྱོགས་བཞིའི་བྱེ་བྲག་གིས་རྒྱ་མཚོ་བཞི་ཞེས་ཀྱང་བྱའོ། །རི་རབ་དེའི་ཆུ་མཚམས་ཡན་ཆད་ལ་བང་རིམ་བཞི་ཡོད་དེ། བང་རིམ་འོག་མ་ནི་རི་རབ་ལས་དཔག་ཚད་ཁྲི་དྲུག་སྟོང་ཕྱིར་འཕགས་སོ། །ལྷག་མ་གསུམ་ནི། འོག་མ་འོག་མ་ལས་གོང་མ་གོང་མ་རྣམས་ཕྱེད་ཕྱེད་ཡིན་ནོ། །དེ་དག་རེ་རེའི་རྔམས་ནི་སྟོང་ཕྲག་བཅུ་བཅུ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་ན་གཉའ་ཤིང་འཛིན་མན་ལ་ཡོད་དོ། །དེ་ལ་བང་རིམ་དང་པོ་ལ་ནི། གནོད་སྦྱིན་ལག་ན་ཡོལ་གོ་ཐོགས་པ་རྣམས་གནས་སོ། །གཉིས་པ་ལ་ནི་ལག་ན་ཁྲག་ཐོགས་པ་གནས་སོ། །གསུམ་པ་ལ་ནི་རྟག་ཏུ་མྱོས་པ་རྣམས་གནས་སོ། །བཞི་པ་ལ་ནི་ཕྲེང་བ་ཐོགས་པ་རྣམས་གནས་སོ། །རི་རབ་ཀྱི་སྟེང་གི་གྲྭ་བཞི་ན་རྩེ་མོ་བཞི་ཡོད་དེ། དེ་དག་རེ་རེ་ལ་ཡང་འཕང་དུ་དཔག་ཚད་ལྔ་བརྒྱ་རེ་ཡོད་པས་དེ་དག་ན་གནོད་སྦྱིན་ལག་ན་རྡོ་རྗེ་ཐོགས་པ་རྣམས་གནས་སོ། །གཉའ་ཤིང་འཛིན་གྱི་ངོས་བཞི་ཤར་དང་ལྷོ་དང་ནུབ་དང་བྱང་རྣམས་ན་རིམས་པ་བཞིན་རྒྱལ་པོ་ཆེན་པོ་ཡུལ་འཁོར་བསྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་ཀྱི་ཕོ་བྲང་རྣམས་ཡོད་དོ། །གསེར་གྱི་རི་གཞན་རྣམས་ལ་ཡང་རྒྱལ་པོ་ཆེན་པོ་དེ་དག་གི་གྲོང་དང་གྲོང་བརྡལ་དང་ལྗོངས་རྣམས་ཡོད་དོ། །རིའི་རྒྱལ་པོ་གངས་རིའི་ཉེ་འཁོར་ན་གསེར་གྱི་བྲག་བྱ་སྐྱིབས་སུ་འདུག་པ། ལྷ་མ་ཡིན་གྱི་ངོས་བྱ་བ་ཆུར་ཡང་དཔག་ཚད་ལྔ་བཅུ་པ་ཞེང་དུ་ཡང་དཔག་ཚད་ལྔ་བཅུ་པ་ཞིག་ཡོད་དོ། །དེ་ནི་གླང་པོ་ཆེའི་རྒྱལ་པོ་རབ་བརྟན་གྱི་གནས་ཡིན་ཏེ། དེ་ནི་ལྷའི་དབང་པོ་བརྒྱ་བྱིན་གྱི་གཡུལ་ངོར་སྤྱོད་པའི་གླང་པོ་ཡིན་ནོ། །དེ་ན་ཤིང་གི་རྒྱལ་པོ་རབ་བརྟན་ཞེས་བྱ་བ་རྟ་ལའི་ཕྲེང་བ་བདུན་གྱིས་བསྐོར་བ་དང་། རྫིང་བུ་དལ་གྱིས་འཐོར་ཞེས་བྱ་བ་རྫིང་བུ་ལྔ་བརྒྱས་བསྐོར་བ་ཞིག་ཡོད་པ་ནི་རབ་བརྟན་དེ་ཉིད་ཀྱི་རྩེ་ས་ཡིན་ཏེ། དེས་དེར་གཟུགས་འདོད་དགུར་བསྒྱུར་ནས། རྫིང་བུ་དེའི་ནང་ནས། པད་མའི་རྩ་བ་དང་རྩ་ལག་བླངས་ཤིང་ལོངས་སྤྱོད་པར་བྱེད་དོ། །དེ་ཡང་གླང་མོ་ལྔ་བརྒྱས་བསྐོར་རོ། །དེའི་ཉེ་འཁོར་ན་ཡང་མཚོ་ཆེན་པོ་མ་དྲོས་པ་ཞེས་བྱ་བ་ཟབས་སུ་དཔག་ཚད་ལྔ་བཅུ། རྒྱར་ཡང་དཔག་ཚད་ལྔ་བཅུ་པ། གསེར་གྱི་བྱེ་མ་བརྡལ་བ་ཆུ་ཡན་ལག་བརྒྱད་དང་ལྡན་པས་གང་བ། བཟང་ཞིང་སྡུག་ལ་མཛེས་པ་ཞིག་ཡོད་དོ། །དེ་ལས་ཆུ་བོ་ཆེན་པོ་བཞི་པོ་འདི་ལྟ་སྟེ། གང་ག་དང་། སིན་དུ་དང་། སི་ཏ་དང་། པག་ཤུ་རྣམས་གྱེས་ཏེ་འགྲོའོ། །

རི་རབ་དེའི་སྟེང་ན་ལྷའི་ཕོ་བྲང་གནས་པའི་ཚད་ནི། ཆུ་ཞེང་དུ་དཔག་ཚད་ཁྲི་ཁྲི་ཡོད་དོ། །གཞན་ན་ནི་ལྷ་དེ་དག་གི་གྲོང་དང་། གྲོང་བརྡལ་དང་། ལྗོངས་རྣམས་ཡོད་དོ། །འཛམ་བུ་གླིང་ལ་བལྟས་པའི་རི་རབ་ཀྱི་ངོས་གང་ཡིན་པ་དེ་ནི་བེེ་ཌཱུརྱའི་རང་བཞིན་ཡིན་ནོ། །ཤར་ལུས་འཕགས་ལ་བལྟས་པའི་ངོས་གང་ཡིན་པ་དེ་ནི་དངུལ་གྱི་རང་བཞིན་ཡིན་ནོ། །ནུབ་ཀྱི་བ་ལང་སྤྱོད་ལ་བལྟས་པའི་ངོས་གང་ཡིན་པ་དེ་ནི་ཤེལ་གྱི་རང་བཞིན་ཡིན་ནོ། །བྱང་གི་སྒྲ་མི་སྙན་ལ་བལྟ་བའི་ངོས་གང་ཡིན་པ་དེ་ནི་གསེར་གྱི་རང་བཞིན་ཡིན་ནོ། །འཛམ་བུ་གླིང་གི་ཉེ་འཁོར་ན་འཁོར་ལོ་བསྒྱུར་བའི་རྒྱལ་པོའི་ལམ་གསེར་གྱི་རང་བཞིན་ཅན་ཡོད་དེ། དེ་ཡང་རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷའི་པུས་མོ་ནུབ་ཙམ་ཞིག་རྒྱ་མཚོ་ཆེན་པོ་ན་ནུབ་སྟེ་གནས་སོ། །གང་གི་ཚེ་འཁོར་ལོ་བསྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་བ་ན་རྒྱ་མཚོ་ཆེན་པོའི་ཆུ་པུས་ནུབ་ཙམ་དུ་སྐམ་པར་འགྱུར་རོ། །མཚོ་མ་དྲོས་པའི་གཡས་རོལ་ན་ཤིང་འཛམ་བུ་ཆེན་པོ་ཡོད་དེ། དེའི་མིང་གིས་འདི་འཛམ་བུའི་གླིང་ཞེས་བྱ་བར་འགྱུར་རོ། །དེ་ལྟར་སྣོད་ཀྱི་འཇིག་རྟེན་མངོན་པར་གྲུབ་ནས་སྔ་མ་བཞིན་དུབསྐལ་པ་དང་པོ་མྱོང་བར་འགྱུར་བའི་ལས་ཀྱིས་འོད་གསལ་གྱི་ལྷའི་རིས་ནས་སེམས་ཅན་ཤི་འཕོས་ནས་འདིར་སྐྱེ་བར་འགྱུར་རོ། །དེ་ཡང་འདོད་པ་ན་སྤྱོད་པའི་ལས་ཀྱི་ནང་ན་རབ་དང་མཆོག་དང་གཙོ་བོ་ཡིན་ཏེ། ལས་དེའི་འབྲས་བུ་ནི་དེ་ཉིད་ཀྱི་ཚེ་མངོན་པར་འགྲུབ་པར་འགྱུར་གྱི་གཞན་མ་ཡིན་ནོ། །དེའི་ཚེ་སེམས་ཅན་དེ་དག་བསྐལ་པ་དང་པོ་ཞེས་བྱའོ། །དེ་དག་ནི་གཟུགས་བཟང་ཞིང་ཡིད་ལས་བྱུང་བ་ནམ་མཁའ་ལ་འགྲོ་བ་དགའ་བའི་ཟས་ཀྱིས་འཚོ་བ། རང་གི་ལུས་ལ་འོད་འབྱུང་བ་ཅན་གཟུགས་ན་སྤྱོད་པའི་ལྷ་བཞིན་ནོ། །དེའི་ཚེ་ཁྱིམ་དང་ཁང་པ་དང་གྲོང་གནས་པ་མེད་དོ། །ས་གཞི་ཐམས་ཅད་མཉམ་པ་ཁོ་ནར་འདུག་གོ །དེའི་འོག་ཏུ་སའི་བཅུད་ཁ་དོག་མར་སར་འདྲ་བ་རོ་སྦྲང་རྩི་མ་སྐོལ་བ་ལྟར་མངར་བ། སའི་སྟེང་ཆུས་ཁྱབ་པ་རླུང་གིས་སྤྲིས་མར་བྱས་པར་གྱུར་ཏེ། དེ་བརྐམ་ཆགས་ཅན་ཞིག་གིས་སོར་མོས་མྱངས་ཏེ། ཟོས་པས་གཞན་རྣམས་ཀྱང་དེ་ལྟར་བྱེད་པས་ཟས་ཟ་བའི་དང་པོ་བྱུང་ངོ་། །དེས་ལུས་བསྲ་ཞིང་ལྕི་ལ་འོད་ཀྱང་ནུབ་པས་མུན་པ་བྱུང་བ་དང་། ཉི་མ་དང་ཟླ་བའི་དཀྱིལ་འཁོར་བྱུང་ངོ་། །དེ་ནས་སའི་ཞག་སེར་པོ་སྦྲང་རྩིའི་རོ་ཅན་བྱུང་བའང་མྱངས་པས་ནུབ་ཅིང་། དེས་ན་ལུམ་པའི་ཚལ་མངར་པོ་སྦྲང་རྩིའི་རོ་ཅན་འབྱུང་ལ། དེ་ཡང་མྱངས་པས་ནུབ་ཅིང་། དེ་ནས་ཡང་མ་རྨོས་མ་བཏབ་པའི་འབྲས་ས་ལུ་ཤུན་ཕྲགས་མེད་པ་བྱུང་ཞིང་དེ་ཡང་ཟོས་པས་ཁ་ཟས་རགས་པས་རྒྱུ་མཐུན་འབྱུང་བའི་བཤང་གཅིའི་ལམ་དང་། ཕོ་དང་མོའི་དབང་པོ་བྱུང་བར་གྱུར་ཏོ། །དེའི་འོག་ཏུ་གཉིས་ཀྱི་གཉིས་ཕྲད་དེ་འཁྲིག་པ་སྤྱོད་པར་བྱེད་དོ། །དེ་ནས་གཞན་དག་གིས་སེམས་ཅན་ངན་པ་སེམས་སུན་འབྱིན་པ་ཞེས་རྣམ་པར་སྨད་དེ། གྱོ་མོ་དང་གསེགས་མ་དག་གིས་འཐོར་བར་བྱེད་དོ། །དེས་དེའི་ཆེད་དུ་ཁྱིམ་བྱེད་དོ། །དེའི་འོག་ཏུ་ལེ་ལོ་ཅན་ཞིག་གིས་འབྲས་ལ་སོག་འཇོག་བྱས་པས་ཀུན་གྱིས་ཀྱང་དེ་ལྟར་བྱས་པ་ན་འབྲས་རྔས་པ་ལྟར་ཕྱིར་མི་སྐྱེའོ། །དེའི་འོག་ཏུ་འབྲུའི་ཆེད་དུ་ཞིང་ཡོངས་སུ་འཛིན་པར་བྱེད་དོ། །གཞི་དེ་ལས་མ་བྱིན་པར་ལེན་པ་དག་བྱུང་ངོ་། །དེ་དག་ཚར་བཅད་པའི་ཕྱིར་རྒྱལ་པོ་བསྐོ་བར་བྱེད་དོ། །དེ་ནི་ཕལ་པོ་ཆེ་ཀུན་གྱིས་བཀུར་བ་ཞེས་བྱ་བའི་རྒྱལ་པོར་གྱུར་ཏོ། །དེ་ནས་རྒྱལ་རིགས་དང་བྲམ་ཟེ་དང་། རྗེའུའི་རིགས་དང་། རྨང་རིགས་ཀྱི་རྒྱུད་རྣམས་འཇིག་རྟེན་དུ་འབྱུང་ངོ་། །དེ་ནས་ལུས་ཀྱི་འོད་ནུབ་སྟེ་མུན་པ་བྱུང་བ་དང་། ཉི་ཟླ་དང་སྐར་མ་ལ་སོགས་པའི་སྣང་བ་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །དེ་ལ་ཉི་མའི་དཀྱིལ་འཁོར་གྱི་ཚད་ནི་དཔག་ཚད་ལྔ་བཅུ་གཅིག་གོ །ཟླ་བའི་དཀྱིལ་འཁོར་གྱི་ཚད་ནི་དཔག་ཚད་ལྔ་བཅུ་ཡིན་ནོ། །དེ་ལ་ཉི་མ་ནི་མེ་ཤེལ་གྱི་རང་བཞིན་ཡིན་ལ། ཟླ་བ་ནི་ཆུ་ཤེལ་གྱི་རང་བཞིན་ཡིན་ནོ། །དེ་གཉིས་ལས་ཀྱང་ཟླ་བའི་དཀྱིལ་འཁོར་ནི་ཆེས་མགྱོགས་པར་འགྲོ་བ་དང་། ངེས་པ་མེད་པར་འགྲོ་བར་རིག་པར་བྱའོ། །ཉི་མའི་དཀྱིལ་འཁོར་གྱིས་ནི་གླིང་གཉིས་ཅིག་ཆར་སྣང་བར་བྱེད་ལ། གླིང་གཉིས་ཅིག་ཅར་མུན་པར་ཡང་བྱེད་དོ། །དེ་བས་ན་གླིང་གཅིག་ཏུ་ཉི་མ་ཕྱེད་ལ་གཅིག་ཏུ་ནི་འཆར་རོ། །གཅིག་ཏུ་ནི་ནམ་ཕྱེད་ལ་གཅིག་ཏུ་ནི་ནུབ་པར་འགྱུར་རོ། །

ཉི་ཟླ་དང་རྒྱུ་སྐར་ཐམས་ཅད་ནི་རི་རབ་ཀྱི་ཕྱེད་ནས་རྒྱུ་ཞིང་འགྲོ་སྟེ། དེ་ཡང་གཉའ་ཤིང་འཛིན་དང་མཉམ་མོ། །དེ་དག་གང་གི་ཚེ་རི་རབ་ལས་ཐག་རིང་དུ་རྒྱུ་བ་དེའི་ཚེ་ནི་དགུན་དུ་མངོན་ལ། གང་གི་ཚེ་ཉེ་བར་གྱུར་པ་དེའི་ཚེ་ཚ་བའི་དུས་སུ་མངོན་ནོ། །དེའི་ཕྱིར་མྱུར་དུ་ནུབ་པ་དང་། རིང་ནས་ནུབ་པར་རིག་པར་བྱའོ། །ཟླ་བའི་དཀྱིལ་འཁོར་ནི་ཡུད་ཙམ་གྱིས་སྟེང་དུ་འཇུར་བ་ན་ཟླ་ཁམ་དུ་སྣང་སྟེ། དེའི་ཕ་རོལ་གྱི་ངོས་དེ་ཚུ་རོལ་གྱི་ངོས་དེས་བསྒྲིབས་པའི་ཕྱིར་མི་སྣང་སྟེ། ཇི་ལྟ་ཇི་ལྟར་འཇུར་བ་དེ་ལྟ་དེ་ལྟར་ཤིན་ཏུ་གང་བར་སྣང་ངོ་། །མར་གྱི་ངོ་ལ་ཐུར་དུ་འཇུར་བ་དེ་ལྟ་དེ་ལྟར་སྣང་ངོ་། །རྒྱ་མཚོ་ཆེན་པོ་ན་ཉ་དང་རུས་སྦལ་ལ་སོགས་པ་གནས་པའི་གཟུགས་བརྙན་སྣང་བའི་ཕྱིར་ར་རི་པོ་ཡོད་པར་སྣང་ངོ་། །སྐར་མ་རྣམས་ཀྱི་ཚད་ནི་ཆེ་བ་རྒྱང་གྲགས་བཅོ་བརྒྱད་དོ། །འབྲིང་པོ་རྣམས་ལ་རྒྱང་གྲགས་བཅུའོ། །ཆུང་བ་རྣམས་ལ་ནི་རྒྱང་གྲགས་བཞིའོ། །ཅི་ཙམ་ལ་དཔག་ཚད་དང་རྒྱང་གྲགས་སུ་རྣམ་པར་གཞག་ཅེ་ན། ཇི་སྐད་དུ། གཟུགས་མིང་དུས་མཐའ་རྡུལ་ཡིག་དང་། །སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །དེ་ལས་བྱུང་དང་དེ་བཞིན་ནས། །སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །ཞེས་བཤད་པའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །དེ་ལྟར་མིའི་རིགས་བཞི་པོ་འཇིག་རྟེན་དུ་བྱུང་བ་ན། སྡུག་པ་དང་མི་སྡུག་པའི་འགྲོ་བ་ལྔ་པོ་མྱོང་བར་འགྱུར་བའི་ལས་ཀུན་ཏུ་རྩོམ་པར་འགྱུར་རོ། །དེའི་འོག་ཏུ་སེམས་ཅན་གང་ཡང་རུང་བ་ཞིག་གིས་བདག་པོས་མྱོང་བར་འགྱུར་བའི་ལས་ཉོན་མོངས་ཅན་གྱི་སེམས་ཅན་དམྱལ་བ་རྣམས་ན་གཤིན་རྗེའི་རྒྱལ་པོར་སྐྱེ་བར་འགྱུར་རོ། །དེའི་འོག་ཏུ་སེམས་ཅན་དམྱལ་བའི་བསྲུངས་མ་རྣམས་ཀྱང་སྤྲུལ་པ་ལྟ་བུར་འབྱུང་བར་འགྱུར་རོ། །གནོད་པ་དང་གནོད་བྱེད་ལྕགས་ཟངས་ལ་སོགས་པ་དང་། སེམས་ཅན་དམྱལ་བའི་མེ་རྣམས་ཀྱང་འབྱུང་བར་འགྱུར་རོ། །དེའི་འོག་ཏུ་ལས་ཀྱིས་ཇི་ལྟར་འགྲོ་བ་བཞིན་དུ་སེམས་ཅན་དེ་དང་དེ་ལས་གཞན་པའི་འགྲོ་བ་རྣམས་སུ་འབྱུང་བར་འགྱུར་རོ། །དེ་ལྟ་བུའི་ཚུལ་གྱི་གླིང་བཞི་པ་ཐེར་འབུམ་དང་། རི་རབ་ཐེར་འབུམ་དང་། འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་པོ་ཐེར་འབུམ་དང་། ཚངས་པའི་འཇིག་རྟེན་ཐེར་འབུམ་གྱི་སྟོང་གསུམ་པ་ནི་མཉམ་དུ་ཆགས་ཤིང་མཉམ་དུ་འཇིགས་པར་འགྱུར་རོ། །སྣོད་ཀྱི་འཇིག་རྟེན་རྣམ་པར་གཏན་ལ་དབབ་པ་བསྟན་ཟིན་ཏོ།། །།

གསུམ་པ་དོན་བསྡུ་བ་ནི་སྔར་བཤད་པའི་སེམས་ཅན་གྱི་འཇིག་རྟེན་གང་ཡིན་པ་དང་སྣོད་ཀྱི་འཇིག་རྟེན་གང་ཡིན་པ་འདི་མཐའ་དག་ནི་སྡུག་བསྔལ་གྱི་བདེན་པ་ཡིན་ཏེ། དེ་དག་ནི་གོ་རིམ་བཞིན་དུ་ལས་དང་ཉོན་མོངས་པས་བསྐྱེད་པའི་ཕྱིར་དང་། ལས་ཉོན་མོངས་དེ་དག་གི་དབང་གིས་བྱུང་བའི་ཕྱིར་རོ། །ཇི་སྐད་དུ། ཕལ་པོ་ཆེར། ཇི་ལྟར་ས་བོན་ཁྱད་པར་གྱིས། །འབྲས་བུ་སྣ་ཚོགས་འབྱུང་བ་ལྟར། །དེ་བཞིན་ལས་ཀྱི་ཁྱད་པར་གྱིས། །སེམས་ཅན་རྣམས་དང་ཞིང་འབྱུང་ངོ་། །ཅེས་པ་ལྟར་རོ། །ཅིའི་ཕྱིར་ལས་དང་ཉོན་མོངས་པས་བསྐྱེད་པས་སྡུག་བསྔལ་དུ་འགྱུར་ཞེ་ན། དེ་དག་གི་འབྲས་བུ་ནི་སྡུག་བསྔལ་རྣམ་པ་གསུམ་པོ་གང་ཡང་རུང་བ་ལས་མི་འདའ་བའི་ཕྱིར། སེམས་ཅན་གྱི་འཇིག་རྟེན་ནི་ལས་དང་ཉོན་མོངས་པའི་རྣམ་པར་སྨིན་པའི་འབྲས་བུ་ཡིན་པའི་ཕྱིར་དེ་དག་གིས་བསྐྱེད་པ་ཞེས་བྱ་ལ། སྣོད་ཀྱི་འཇིག་རྟེན་ནི་ལས་དང་ཉོན་མོངས་པ་དག་གི་དབང་གིས་འབྲས་བུ་ཁོ་ན་ཡིན་པའི་ཕྱིར་དེ་དག་གི་དབང་གིས་བྱུང་བ་ཞེས་བྱའོ། །

གཉིས་པ་དམིགས་བསལ་སྟོན་པ་ནི། འཇིག་རྟེན་གྱི་ཁམས་གང་ཡིན་པ་ཀུན་སྡུག་བསྔལ་གྱི་བདེན་པ་ཡིན་ནམ་ཞེ་ན། མ་ཡིན་ནོ། །བདེ་བ་ཅན་ལ་སོགས་པ་སྡོང་དུམ་དང་ཚེར་མ་ལ་སོགས་པས་ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་དེ་དག་ནི་སྡུག་བསྔལ་གྱི་བདེན་པ་མ་ཡིན་ཏེ། དེ་དག་སེམས་ཅན་རྣམས་ཀྱི་ལས་དང་ཉོན་མོངས་པས་བསྐྱེད་པ་ལ་སོགས་པ་མ་ཡིན་པའི་ཕྱིར་རོ། །འོ་ན་དེ་དག་གི་རྒྱུ་གང་ཡིན་ཞེ་ན། དེ་རྣམས་སངས་རྒྱས་རྣམས་ཀྱིས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཞིང་ཡོངས་སུ་སྦྱོང་པའི་སྨོན་ལམ་དང་། ཟག་པ་མེད་པའི་དགེ་བའི་རྩ་བ་རྒྱ་ཆེན་པོ་བསགས་པའི་དབང་གིས་བྱུང་བ་དག་ཡིན་ནོ། །ཇི་སྐད་དུ་ཕལ་པོ་ཆེར། ཀླུ་ཡི་རྒྱལ་པོས་སྤྲིན་ཕུང་རྣམས། །ནམ་མཁའི་དབྱིངས་ལ་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་སྨོན་ལམ་གྱིས། །ཞིང་རྣམས་ཀུན་ཏུ་འབྱུང་བ་ཡིན། །ཞེས་དང་། ཞིང་རྣམས་ལ་ལ་འོད་བཏང་བས། །རིན་ཆེན་རང་བཞིན་དྲི་མ་མེད། །རྣམ་པ་སྣ་ཚོགས་དྲི་མེ་དག །སངས་རྒྱས་རྣམས་ཀྱིས་ཡོངས་དག་བྱས། །ཅེས་པ་ལྟར་རོ། །འོ་ན་དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་དེ་དག་ཐོག་མར་ཆགས་པ་དང་། བར་དུ་གནས་པ་དང་། མཐར་འཇིགས་པའི་ཚུལ་ཇི་ལྟ་བུ་ཡིན་པ་བརྗོད་དགོས་ཞེ་ན། དེ་ནི་སྨོན་ལམ་དང་དགེ་བའི་རྩ་བ་རྒྱ་ཆེན་པོ་ལས་གྲུབ་པ་དེ་ལྟ་བས་ན་ཡོངས་སུ་དག་པའི་སེམས་ཅན་ཤ་སྟག་སྐྱེ་བའི་གནས་སུ་གྱུར་པའི་དག་པའི་ཞིང་དེ་དག་གི་འཇིག་ཆགས་ཀྱི་ཚུལ་ནི་བདག་ཅག་ལྟ་བུས་བསམ་གྱིས་མི་ཁྱབ་སྟེ། དེ་དག་ནི་བསམ་གཏན་པ་རྣམས་ཀྱི་མངོན་པར་ཤེས་པས་ཀྱང་སྤྱོད་ཡུལ་དུ་རུང་བ་མ་ཡིན་ན། རིགས་པའི་རྗེས་སུ་འབྲངས་ནས་སྤྱོད་པའི་རྟོག་གེ་པ་ཐོས་བསམ་ལྷུར་ལེན་པ་རྣམས་ཀྱིས་ཐོས་བསམ་གྱི་ཡུལ་མ་ཡིན་པ་ལྟ་ཅི་སྨོས། དེ་བས་ན་བརྗོད་པར་ནུས་པ་མ་ཡིན་ནོ། །འོན་ཀྱང་དེ་ནི་སངས་རྒྱས་རྣམས་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་སྒྲིབ་པ་མེད་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་སངས་རྒྱས་རྣམས་ཀྱིས་བརྗོད་པར་ནུས་མོད་ཀྱི་བསྐལ་པའམ་བསྐལ་པ་ལས་ལྷག་པར་ཞིང་དེ་དག་གི་བསྔགས་པའི་ཡོན་ཏན་བརྗོད་ཀྱང་ཟད་པར་འགྱུར་བ་མ་ཡིན་ཏེ། དེ་དག་མངོན་པར་འགྲུབ་པའི་རྒྱུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་དང་། ཞིང་སྦྱོང་བའི་དགེ་བའི་རྩ་བ་མཐའ་ཡས་པའི་ཕྱིར་རོ། །ཞིང་དེ་རྣམས་ཀྱི་ཡོན་ཏན་དང་རྣམ་པ་རགས་པ་ཙམ་བརྗོད་པ་ནི། འཇམ་དཔལ་གྱི་ཞིང་གི་བཀོད་པ་དང་། མི་འཁྲུགས་པའི་ཞིང་གི་བཀོད་པ་ལ་སོགས་པ་མདོ་ནས་ཇི་ལྟར་འབྱུང་བ་རྣམས་ཡིན་ནོ། །

གཉིས་པ་སྡུག་བསྔལ་མདོ་ལས་བྱུང་བ་བཤད་པ་ལ་བཞི་ལས། དང་པོ་བརྒྱད་དུ་བསྟན་པ་ནི་ཡང་སྐྱེ་བ་ནི་སྡུག་བསྔལ་ལོ། །ཞེས་བྱ་བ་ལ་སོགས་པ་སྡུག་བསྔལ་རྣམ་པ་བརྒྱད་མདོ་ལས་གསུངས་སོ། །ཡང་ཞེས་པ་ནི་སྐྱེ་བ་དང་སྐྱེ་བའི་གནས་འབའ་ཞིག་སྡུག་བསྔལ་ཡིན་པར་མ་ཟད་ཅེས་པའོ། །སྡུག་བསྔལ་ཡང་ཡང་སྨོས་པ་ནི་སྡུག་བསྔལ་གྱི་རྣམ་པ་ངེས་པར་བཟུང་བས་གདུལ་བྱ་རྣམས་འཁོར་བ་ལ་སྐྲག་པ་བསྐྱེད་པའི་དོན་དུ་ཡིན་ནོ་ཞེས་ཟེར་རོ། །དེ་རྣམས་ཀྱི་དོན་བཤད་པར་བཞེད་ནས་ཅིའི་ཕྱིར་སྐྱེ་བ་སྡུག་བསྔལ་ཞེ་ན། ཞེས་པ་ལ་སོགས་སྨོས་ཏེ། དེ་ལ་མངལ་དུ་སྐྱེ་བ་ནི་དོག་པའི་སྒོ་ནས་སྡུག་བསྔལ་བ་ཡང་ཡིན་ཏེ། མའི་མངལ་ན་ཞུ་བ་དང་། མ་ཞུ་བ་གཉིས་ཀྱི་བར་ན་འདུག་པ་ལས་བྱུང་བ་དང་། མངལ་ན་མི་གཙང་བའི་རྫས་སྣ་ཚོགས་ཀྱིས་གཟིར་ཏེ། ལུས་ཀྱི་ཡན་ལག་ཀུན་ཏུ་བཙིར་བའི་སྡུག་བསྔལ་མྱོང་བའི་ཕྱིར་རོ། །དེ་ལས་གཞན་པ་ན་བ་དང་རྒ་བ་ལ་སོགས་པའི་སྡུག་བསྔལ་གྱི་གནས་ཀྱང་ཡིན་ཏེ། བཙས་པ་ན་རྒ་བ་ལ་སོགས་པའི་སྡུག་བསྔལ་ཞར་ལ་འབྱུང་བའི་ཕྱིར་རོ། །རྒ་བ་ནི། ལང་ཚོ་ལ་སོགས་པའི་ན་ཚོད་ཡོངས་སུ་འགྱུར་ཏེ། ལུས་ཀྱི་མཐུ་ཉམས་པའི་སྒོ་ནས་སྡུག་བསྔལ་གྱི་གནས་ཡིན་པའི་ཕྱིར་རོ། །ན་བ་ནི་རླུང་མཁྲིས་ལ་སོགས་པའི་ཁམས་ཡོངས་སུ་འགྱུར་ཞིང་མ་སྙོམས་པའི་སྒོ་ནས་སྡུག་བསྔལ་གྱི་གནས་སུ་གྱུར་པའི་ཕྱིར་རོ། །འཆི་བ་ནི་སྲོག་ཡོངས་སུ་འགྱུར་ཏེ། འཆད་པ་གནད་གཅོད་པའི་སྡུག་བསྔལ་མི་བཟད་པ་འབྱུང་བའི་གནས་སུ་གྱུར་པའི་ཕྱིར་རོ། །གནད་ཆོད་པར་བྱེད་པ་ནི་ཆུ་མེ་རླུང་གསུམ་ཡིན་ལ། བཅད་པར་བྱ་བའི་གནད་ནི་ལུས་ཀྱི་དབང་པོའི་ཆ་གང་ཉམས་ན་སྲོག་འགག་པ་འགྱུར་བའི་ལུས་ཀྱི་དབང་པོའི་ཆ་ཡིན་གྱི། དབང་པོ་གཞན་དག་ནི་མ་ཡིན་ཏེ། མིག་ལ་སོགས་པའི་དབང་པོ་གཞན་རྣམས་ཉམས་པར་གྱུར་ཀྱང་འཚོ་བར་སྣང་བའི་ཕྱིར་རོ། །ལུས་ཀྱི་དབང་པོའི་ཆ་ཡང་གང་ཡང་རུང་བ་ནི་མ་ཡིན་ཏེ། ཡན་ལག་དང་ཉིང་ལག་ལ་སོགས་པ་ཉམས་ཀྱང་མི་འཆི་བའི་ཕྱིར་རོ། །ཇི་ལྟར་ན་གནད་གཅོད་པ་ཡིན་ཞེ་ན། ཆུ་མེ་རླུང་གསུམ་གང་ཡང་རུང་བ་འཁྲུགས་པས། ལུས་ཀྱི་ཆ་གང་ཞིག་ཉམས་པ་ན། ཤ་འུ་གཞོན་ནུ། མཚོན་གྱིས་དྲས་པ་ལྟ་བུའི་སྡུག་བསྔལ་འབྱུང་བའོ། །ས་གཅོད་བྱེད་མ་ཡིན་པ་ནི་སའི་རང་བཞིན་དུ་གྱུར་པའི་སྐྱོན་བཞི་པ་མེད་པའི་ཕྱིར་རོ། །དགྲ་མི་སྡུག་པ་དང་ཕྲད་པ་ལས་ཡིད་མི་བདེ་བ་དང་། འཁྲུག་པ་ལ་སོགས་པའི་སྡུག་བསྔལ་འབྱུང་བའི་ཕྱིར་དང་། བུ་ལ་སོགས་པའི་གཉེན་སྡུག་པ་དང་བྲལ་བ་ལས་ཀྱང་མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་པའི་སྡུག་བསྔལ་འབྱུང་བའི་ཕྱིར་ཕྲད་པ་དང་བྲལ་བ་ཡང་སྡུག་བསྔལ་ཡིན་ནོ། །གང་འདོད་བྱའི་དངོས་པོ་བཙལ་ཏེ་མ་རྙེད་ན། རེ་བའི་འབྲས་བུ་མ་ཐོབ་པའི་སྒོ་ནས་སྡུག་བསྔལ་འགྱུར་བའི་ཕྱིར་རོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི། སྡུག་བསྔལ་འབྱུང་བའི་གནས་ངན་ལེན་གྱི་རྟེན་དུ་གྱུར་པས་དེ་ལ་སྡུག་བསྔལ་ཐམས་ཅད་འབྱུང་བའི་ཕྱིར་རོ། །དྲུག་ཏུ་བསྡུ་བ་ནི་དེ་དག་བརྒྱད་ཡིན་དུ་ཟིན་ཀྱང་ཞེས་པ་སྟེ། ན་བ་དང་རྒ་བ་དང་འཆི་བ་གསུམ་འགྱུར་བའི་སྡུག་བསྔལ་ཞེས་པ་གཅིག་ཏུ་བསྡུས་ན་བརྒྱད་པོ་དག་ཀྱང་དོག་པ་ལ་སོགས་པ་དྲུག་ཏུ་འགྱུར་ལ། འགྱུར་བའི་སྡུག་བསྔལ་ན་ཚོད་འགྱུར་བ་དང་། ཁམས་འགྱུར་བ་དང་། སྲོག་འགྱུར་བ་གསུམ་དུ་ཕྱེ་ན། སྐྱེ་བ་སྡུག་བསྔལ་ལ་སོགས་པ་བརྒྱད་དུ་འགྱུར་བ་ཡིན་ནོ། །

གསུམ་དུ་གཏན་ལ་དབབ་པ་ནི། གང་སྡུག་བསྔལ་ཉིད་གསུམ་གསུངས་ན་ཞེས་པ་ལ་སོགས་པའོ། །དེ་ལ་སྐྱེ་བ་སྡུག་བསྔལ་ལ་སོགས་པ་ལྔས་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ཡོངས་སུ་བསྟན་ཏེ། དེ་དག་ནི་སྡུག་བསྔལ་མྱོང་བར་འགྱུར་བའི་ཆོས་རང་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །སྡུག་པ་དང་བྲལ་བ་དང་། འདོད་པ་བཙམ་ཏེ་མ་རྙེད་པ་གཉིས་ཀྱིས་འགྱུར་བའི་སྡུག་བསྔལ་བསྟན་ཏེ། དེ་དག་ནི་གོ་རིམ་བཞིན་དུ་ཕྲད་པ་དང་མ་ཕྲད་པས་བདེ་བ་མྱོང་བར་འགྱུར་བའི་ཆོས་འགྱུར་བའི་རང་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཡོངས་སུ་བསྟན་ཏེ། སྡུག་བསྔལ་རྣམ་པ་གཉིས་ལས་མ་གྲོལ་ཞིང་། མི་རྟག་པ་ཉིད་ཀྱིས་རྗེས་སུ་འབྲེལ་ཏེ་གྲུབ་པ་དང་། བདེ་བ་གཅིག་པ་མ་ཡིན་པའི་ཕྱིར་རོ། །གཉིས་སུ་བསྟན་པ་ནི་ཡང་མདོ་ལས། ཀུན་རྫོབ་ཀྱི་བདེན་པར་སྡུག་བསྔལ་ཞེས་པ་གཉིས་གསུངས་ན་དེ་གཉིས་ཀྱི་རང་བཞིན་གང་ཡིན་ཞེ་ན། སྐྱེ་བ་ནས་འདོད་པ་བཙལ་ཏེ་མ་རྙེད་པའི་བར་བདུན་ནི་ཀུན་རྫོབ་ཀྱི་བདེན་པར་སྡུག་བསྔལ་བ་ཡིན་ནོ། །འདི་དག་སྡུག་བསྔལ་འབྱུང་བའི་གཞིར་བྱིས་པ་རྣམས་ཀྱིས་ཀྱང་རྟོགས་པའི་ཕྱིར་རོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་དོན་དམ་པར་སྡུག་བསྔལ་བ་ཡིན་ཏེ། བྱིས་པ་རྣམས་ཀྱིས་འདི་དག་ལ་བདག་ཏུ་རྗེས་སུ་ཆགས་པའི་སྒོ་ནས་ཡིད་འབྱུང་བའམ་བྲལ་བར་འདོད་པ་མི་སྐྱེ་བའི་ཕྱིར་ནམ་ཡང་སྡུག་བསྔལ་དུ་རྟོགས་པར་མི་འགྱུར་གྱི། འཕགས་པ་རྣམས་ཁོ་ནས་འདི་དག་སྡུག་བསྔལ་དུ་གཟིགས་པའི་ཕྱིར་རོ། །ཇི་སྐད་དུ། བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པའི་མིག་དང་འདྲ་བ་ནི། །དེ་ཡིས་ཤིན་ཏུ་ཡིད་ཀྱང་འབྱུང་། །ཞེས་མཛོད་འགྲེལ་དུ་བཤད་པ་ལྟར་རོ། །

དེ་ལྟར་སྡུག་བསྔལ་གྱི་བདེན་པའི་མཚན་གཞིའི་ངོ་བོ་བསྟན་ནས་དེ་མཚོན་པར་བྱེད་པའི་མཚན་ཉིད་བསྟན་པར་བཞེད་ནས། སྡུག་བསྔལ་གྱི་སྤྱིའི་མཚན་ཉིད་གང་ཞེ་ན། ཞེས་པ་ལ་སོགས་པ་སྨོས་སོ། །དེ་ཡང་དབྱེ་བ་དང་ཕྱེ་བ་སོ་སོའི་ངོ་བོ་གཉིས་ཀྱིས་ཤེས་པར་བྱའོ། །དང་པོ་ནི། མི་རྟག་པ་ལ་སོགས་པ་བཞིའོ། །ཅིའི་ཕྱིར་མི་རྟག་པ་ལ་སོགས་པ་སྡུག་བསྔལ་ཁོ་ནའི་མཚན་ཉིད་དུ་བསྟན་ཅེ་ན། བྱིས་པ་རྣམས་ནི་སྡུག་བསྔལ་གྱི་ཕུང་པོ་ལ་རྟག་པ་དང་བདེ་བ་དང་གཙང་བ་དང་། བདག་གི་རྣམ་པར་ཕྱིན་ཅི་ལོག་ཏུ་ཞུགས་པ་ཡིན་ལ། ཕྱིན་ཅི་ལོག་རྣམ་པ་བཞི་པོ་ཉིད་ཀྱི་གཉེན་པོར་མི་རྟག་པ་ལ་སོགས་པ་བཞི་སྡུག་བསྔལ་གྱི་མཚན་ཉིད་དུ་བསྟན་པར་བྱ་བ་ཡིན་ནོ། །དེ་ལ་རྟག་པའི་གཉེན་པོ་ནི་མི་རྟག་པ་ཡིན་ལ། གཙང་བ་དང་བདེ་བའི་གཉེན་པོ་ནི་སྡུག་བསྔལ་བའི་རྣམ་པ་གཅིག་ཡིན་ཏེ། གཙང་བ་དང་བདེ་བ་ནི་ཡིད་དུ་འོང་བའི་རྣམ་པར་ཞུགས་པ་ཡིན་ལ། སྡུག་བསྔལ་ནི། དེ་དང་འགལ་བ་ཡིད་སུན་འབྱིན་པའི་རྣམ་པར་ཞུགས་པའི་ཕྱིར་རོ། །བདག་ཏུ་འཛིན་པའི་གཉེན་པོར་སྟོང་པ་དང་། བདག་མེད་པ་གཉིས་ཏེ། འདི་ལྟར་ཁ་ཅིག་ནི་ཕུང་པོ་ཉིད་བདག་གི་ངོ་བོར་སྒྲོ་འདོགས་པར་བྱེད་ལ། ཁ་ཅིག་ནི་ཕུང་པོ་ལ་དོན་གཞན་གྱི་བདག་ཡོད་པར་སྒྲོ་འདོགས་པར་བྱེད་པས་དེའི་ཕྱིར་གཉིས་བསྟན་ཏོ། །ཇི་སྐད་དུ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ཅིའི་ཕྱིར་སྡུག་བསྔལ་གྱི་བདེན་པ་རྣམ་པ་བཞིས་བལྟ་བར་བྱ་ཞེ་ན། སྨྲས་པ། ཕྱིན་ཅི་ལོག་རྣམ་པ་བཞིའི་གཉེན་པོར་ཏེ། དེ་ལ་རྣམ་པ་གཅིག་ནི། ཕྱིན་ཅི་ལོག་གཅིག་གི་གཉེན་པོའོ། །རྣམ་པ་གཅིག་ནི་ཕྱིན་ཅི་ལོག་གཉིས་ཀྱི་གཉེན་པོའོ། །རྣམ་པ་ཐ་མ་གཉིས་ནི་ཕྱིན་ཅི་ལོག་རྣམ་པ་གཅིག་གི་གཉེན་པོ་ཡིན་ནོ་ཞེས་གང་གསུངས་པ་ལྟར་རོ། །

གཉིས་པ་སོ་སོའི་ངོ་བོ་ལ་བཞི་ལས་རེ་ཞིག་མི་རྟག་པའི་མཚན་ཉིད་ནི། མཚན་ཉིད་རྣམ་པ་བཅུ་གཉིས་ཀྱིས། མི་རྟག་པ་སྡུག་བསྔལ་གྱི་བདེན་པར་བསྟན་པར་བཞེད་ནས། གང་མེད་པའི་མཚན་ཉིད་ཅེས་པ་ལ་སོགས་པ་སྨོས་སོ། །དེ་ལ་མེད་པའི་མཚན་ཉིད་ནི། སྡུག་བསྔལ་གྱི་བདེན་པའི་རང་བཞིན་ཕུང་པོ་ལ་སོགས་པ་རྣམས་ལ་ངོ་བོ་དང་། དོན་གཞན་དུ་གྱུར་པའི་བདག་དང་། བདག་གི་བ་དུས་རྟག་ཏུ་མེད་པ་གང་ཡིན་པ་དེ་ནི། སྡུག་བསྔལ་གྱི་བདེན་པ་མི་རྟག་པའི་རང་བཞིན་དུ་བལྟ་བར་བྱ་སྟེ། མི་ཞེས་པའི་སྒྲ་ནི་དགག་པའི་དོན་ཡིན་ལ། རྟག་པ་ཞེས་པའི་སྒྲ་ནི་དུས་ཐམས་ཅད་པ་ཡིན་པའི་ཕྱིར་རོ། །

འཇིག་པའི་མཚན་ཉིད་ནི། འདུ་བྱེད་རྣམས་སྐྱེས་ནས་མཐར་རྣམ་པར་འཇིག་ཅིང་མེད་པར་འགྱུར་བའོ། །འགྱུར་བ་ནི་འདུ་བྱེད་རྣམས་གནས་སྐབས་གཞན་དང་གཞན་དུ་མི་འདྲ་བར་འབྱུང་བར་འགྱུར་རོ། །འབྲལ་བ་ནི། ཕྱི་ནང་གི་འདུ་བྱེད་རྣམས་ལ་ལོངས་སྤྱོད་པ་པོ་རང་ངམ། སྤྱད་བྱ་ཆུང་མ་ལ་སོགས་པ་གཞན་རྒས་པ་ལ་སོགས་པའི་སྟོབས་ཀྱིས་ལོངས་སྤྱོད་པའི་མཐུ་མེད་པའམ། ལོངས་སྤྱད་དུ་མི་རུང་བའི་སྒོ་ནས་དབང་བྱེད་པ་ཉམས་པ་དང་། དེ་ལྟར་མ་གྱུར་ཀྱང་། རང་གི་ལོངས་སྤྱད་བྱ་གཞན་དག་གིས་བདག་གི་བྱས་པས་རང་ཉིད་ལོངས་སྤྱོད་པ་ལ་མི་དབང་བའོ། །ཉེ་བ་ནི། འདུ་བྱེད་ཐམས་ཅད་སྐྱེས་པ་ཉིད་ནས་སྐད་ཅིག་གིས་འཇིག་པའི་མི་རྟག་པ་ཉིད་ཀྱིས་ནོན་པའོ། །ཆོས་ཉིད་ཀྱིས་ནི་འདུ་བྱེད་རྣམས་ལ་མི་རྟག་པ་གདོན་མི་ཟ་བར་འབྱུང་བར་རང་གི་རྒྱུ་ལས་འབྲེལ་པ་སྟེ། རང་གི་རྒྱུ་ལས་མི་རྟག་པར་སྐྱེས་ཞེས་པའི་དོན་ཏོ། །སྐད་ཅིག་མ་ནི་རྣམ་འགྲེལ་ལས། རྡུལ་གཅིག་བགྲོས་དུས་ཆུང་བ་ཡི། །མཐར་ཐུག་དུས་ཀྱང་སྐད་གཅིག་འདོད། །ཅེས་པ་ལྟར། རྡུལ་ཕྲ་རབ་གཅིག་བླ་འོག་འགྲེ་བའི་བར་ཙམ་ཡིན་ལ། ཕྱི་ནང་གི་འདུ་བྱེད་རྣམས་ཀྱང་སྐྱེས་པ་ན། ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་སྐད་ཅིག་མ་དེ་ཙམ་དུ་གནས་ཀྱི། དེ་ལས་སྐད་ཅིག་གཉིས་ཕན་ཆད་དུ་མི་གནས་པའོ། །རྒྱུན་གྱི་མཚན་ཉིད་ནི། ཐོག་མ་མེད་པའི་དུས་ནས་ཕྱི་ནང་གི་འདུ་བྱེད་རྣམས་རང་གི་རྒྱུ་སྔ་མ་སྔ་མ་ལས་སྐྱེ་བ་རྒྱུན་མི་འཆད་པའོ། །ན་བ་ལ་སོགས་པའི་མཚན་ཉིད་ནི། ཁམས་མ་སྙོམས་པ་དང་། སྤྱི་གཅེར་དུ་གྱུར་པ་དང་། གནས་པའི་དུས་ཀྱི་འཕེན་པ་ཆད་པའོ། །སེམས་སྣ་ཚོགས་ཀྱི་རྣམ་པར་འབྱུང་བ་ནི། རེས་འདོད་ཆགས་དང་བཅས་པ་སོགས་མི་མཐུན་པའི་གནས་ལ་གནས། རེས་འདོད་ཆགས་དང་བྲལ་བ་སོགས་གཉེན་པོའི་གནས་ལ་གནས་པ་སོགས་ཀྱི་རྣམ་པར་སེམས་བྱུང་བའོ། །བསྡུས་པ་ནི་ནང་དུའོ། །གཡེངས་པ་ནི་ཕྱི་དུའོ། །བྱིང་བ་ནི། རྨུགས་ཤིང་མི་གསལ་བའོ། །རབ་ཏུ་གཟུང་བ་ནི། དགའ་བར་བྱ་བའམ། ཡིད་འབྱུང་བར་བྱ་བའི་དངོས་པོ་ལ་སེམས་གཏོད་པའོ། །སྔར་རྩེ་བ་སོགས་ལ་དགོད་པ་དང་། དེ་དང་བྲལ་ཏེ་མི་དགོད་པ་དང་། ཉེ་བར་མ་ཞི་བ་ནི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་དཀྲུགས་པའོ། །ཉེ་བར་ཞི་བ་ནི་དེ་དག་དང་བྲལ་བའོ། །མཉམ་པར་གཞག་པའི་ཞི་གནས་དང་། ལྷག་མཐོང་ཟུང་དུ་ཆུད་པར་བསྒོམ་པའོ། །དེ་ལས་ལྡོག་པ་ནི། མཉམ་པར་མ་བཞག་པའོ། །སོགས་པས་ནི། སེམས་ཤིན་ཏུ་བསྒོམ་པ་དང་། རྣམ་པར་གྲོལ་བ་དང་། མ་གྲོལ་བ་ལ་སོགས་པ་བསྡུའོ། །འཇིག་རྟེན་པའི་ལུས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་མཐའ་ནི་རྒུད་ཅིང་འབྲི་བའི་མཚན་ཉིད་ཅན་ཡིན་ཏེ། ཇི་སྐད་དུ། བཤེས་སྤྲིང་ལས། འཁོར་ལོས་བསྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་ན་ནི་ཡང་བྲན་ཉིད་དུ་འགྱུར། །ཞེས་གསུང་པ་ལྟར་རོ། །སྣོད་འཇིག་པ་དང་ཆགས་པའི་མཚན་ཉིད་ནི། སྔར་རྒྱས་པར་བཤད་ཟིན་ཏོ། །མེ་ལ་སོགས་པ་གསུམ་གྱིས་འཇིག་པའི་ཚེ། གོ་རིམ་བཞིན་དུ། བསམ་གཏན་གཉིས་པ་ལ་སོགས་པ་གསུམ་ལུས་པ་ཡིན་ནོ། །མུ་གེ་ལ་སོགས་པ་གསུམ་གྱིས་ནི་གནས་པའི་བར་བསྐལ་རྣམས་མཐར་ཕྱིན་ཞིང་རྫོགས་པར་བྱེད་པ་ཡིན་ནོ། །མར་འབྲི་བ་གཅིག་ནི། ཚེ་ལོ་དཔག་མེད་ནས་མར་འགྲིབ་པ་ནས་བཟུང་སྟེ། ཚེ་ལོ་བཅུ་པ་ལ་ཐུག་གི་བར་ཏེ། དེ་ནི་གནས་པའི་བར་བསྐལ་དང་པོའོ། །ཡར་འཕེལ་བ་ནི་བརྒྱད་ཁྲིའི་བར་དང་། མར་འབྲི་བ་ནི་ཚེ་ལོ་བཅུ་པའི་བར་ཏེ། ཁུག་པ་དེ་ལྟ་བུ་བཅོ་བརྒྱད་ནི་གནས་པའི་བར་དུ་འབྱུང་བའི་བསྐལ་པ་ཡིན་ནོ། །

ཡར་སྐྱེ་བ་གཅིག་ནི། ཚེ་ལོ་བཅུ་པ་ནས་བརྒྱད་ཁྲིའི་བར་དུ་འཕེལ་བ་སྟེ། དེ་ནི་གནས་པའི་བར་བསྐལ་རྣམས་ཀྱི་ཐ་མ་ཡིན་ནོ། །བསྐལ་པ་བགྲང་བའི་ཚུལ་དེས་ཞེས་བྱ་བ་ནི། ཞར་ལ་འོངས་པ་ཡིན་ཏེ། དེ་ཡང་སྔར་བཤད་ཟིན་ཏོ། །འོ་ན་སེམས་ཅན་དེ་དག་རང་གི་ཚེ་ཚད་དུ་བཤད་པའི་བསྐལ་པ་ཆེན་པོ་དེ། དེའི་གྲངས་མ་རྫོགས་པར་མི་འཆིའམ་སྙམ་ན། མ་ཡིན་ཏེ། ཚེ་དང་བསོད་རྣམས་དང་། ལས་རྣམས་ཟད་ན། རང་རང་གི་ཚེ་ཚད་མ་རྫོགས་པར་ཡང་གནས་དེ་ནས་འཆི་འཕོ་བའི་ཕྱིར་རོ། །དེ་ལ་ཚེ་ཟད་པ་ནི། རང་གི་སྔོན་གྱི་ལས་ཀྱིས་ཚེ་ཇི་ཙམ་འཕངས་པ་དེ་ཡོངས་སུ་རྫོགས་པའི་ཕྱིར། འཆི་བའི་དུས་ལ་བབ་པས་འཆི་བའོ། །བསོད་ནམས་ཟད་པ་ནི་ཚེའམ་འཕེན་པ་མ་རྫོགས་ཀྱང་། བློ་བུར་གྱི་རྐྱེན་འགའ་ཞིག་གིས་འཚོ་བར་འགྱུར་བའི་བསོད་ནམས་ཀྱི་ལས་ཟད་པར་བྱས་པའི་སྟོབས་ཀྱིས་འཆི་བའི་དུས་ལ་བབ་པ་མ་ཡིན་པར་ཡང་འཆི་བ་སྟེ། འདི་ལྟར། གཟུགས་དང་གཟུགས་མེད་པར་སྐྱེས་པའི་སེམས་ཅན་དེ་རྣམས་དེ་རྣམས་རང་རྒྱུད་ཀྱི་སྐྱེས་ཐོབ་ཀྱི་སྙོམས་པར་འཇུག་པའི་རོ་སྲེད་པའི་སྒོ་ནས་མྱངས་པས་འཚོ་བར་བྱེད་པའི་བསོད་ནམས་ཀྱི་ལས་ཟད་པར་འགྱུར་ཏེ། དེའི་ཕྱིར་དུས་ལ་མ་བབ་པར་ཡང་འཆི་བར་འགྱུར་རོ། །ལས་ཟད་པ་ནི། གནས་དེར་སྐྱེས་ནས་སམ། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་རྣམས་སྤྱད་ཟིན་པའི་ཕྱིར་རམ། མེད་པའི་ཕྱིར་འཆི་བ་སྟེ། དེ་ནི་རེ་ཞིག་གནས་དེར་མི་སྐྱེ་བར་རིག་པར་བྱའོ། །གཉིས་པ་སྡུག་བསྔལ་གྱི་མཚན་ཉིད་ནི། སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ལ་སོགས་པ་གསུམ་དང་། དོག་པའི་སྡུག་བསྔལ་སོགས་རྣམ་པ་བརྒྱད་དེ་རྒྱས་པར་བཤད་ཟིན་ཏོ། །

སྡུག་བསྔལ་གྱི་རྣམ་པ་གསུམ་མམ། བརྒྱད་དུ་ངེས་ན། ཅིའི་ཕྱིར་མདོ་ལས་གང་མི་རྟག་པ་དེ་སྡུག་བསྔལ་ཞེས་གསུངས་ཞེ་ན། མི་རྟག་པ་ཉིད་ནི་སྔར་མ་བྱུང་བ་ལས་བྱུང་བའི་ཕྱིར། སྐྱེ་བའི་ཆར་ཡང་གཏོགས་བྱུང་ནས་མེད་པར་འགྱུར་བའི་ཕྱིར། འཇིག་པའི་ཆར་ཡང་གཏོགས་སོ། །མི་རྟག་པ་དང་པོ་ལ་བརྟེན་ནས་སྡུག་བསྔལ་གྱི་སྡུག་བསྔལ་ཡོངས་སུ་ཤེས་པར་འགྱུར་ཏེ། སྡུག་བསྔལ་གྱི་ཚོར་བ་གནས་དང་བཅས་པ་རྣམས་དང་པོར་སྐྱེས་པ་ཉིད་ནས་སྡུག་བསྔལ་བ་ཡིན་པའི་ཕྱིར་རོ། །མི་རྟག་པ་གཉིས་པ་ལ་བརྟེན་ནས་འགྱུར་བའི་སྡུག་བསྔལ་རབ་ཏུ་ཤེས་ཏེ། བདེ་བའི་ཚོར་བ་གནས་དང་བཅས་པ་རྣམས་ནི་ཞིག་པ་སྡུག་བསྔལ་བར་འགྱུར་བའི་ཕྱིར་རོ། །གཉིས་ཀའི་ཆར་གཏོགས་པའི་མི་རྟག་པ་ལ་བརྟེན་ནས་འདུ་བྱེད་ཀྱི་སྡུག་བསྔལ་རབ་ཏུ་ཤེས་པར་འགྱུར་ཏེ། འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་ཉེར་ལེན་གྱི་ཕུང་པོ་ལྔ་ནི། ཐོག་མར་སྐྱེ་བ་དང་། ཐ་མར་འཇིག་པ་གཉིས་ཀའི་ཚེ་ན་ཡང་སྡུག་བསྔལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་མི་རྟག་པ་ཉིད་ཀྱིས་ནི་སྡུག་བསྔལ་རྣམ་པ་གསུམ་གསལ་བར་བྱེད་པའི་ཕྱིར། གང་མི་རྟག་པ་དེ་ནི་སྡུག་བསྔལ་ལོ་ཞེས་གསུངས་སོ། །མི་རྟག་པ་ཉིད་ཀྱིས་སྡུག་བསྔལ་རྣམ་པ་གསུམ་གསལ་བར་བྱེད་ལ། དེ་ལ་དགོངས་ནས་བཅོམ་ལྡན་འདས་ཉིད་ཀྱིས་ངས་བཏང་སྙོམས་ཀྱི་ཕྱོགས་ཀྱི་ཟག་བཅས་ཀྱི་འདུ་བྱེད་རྣམས་མི་རྟག་པ་ཉིད་དང་། བདེ་བའི་ཕྱོགས་ཀྱི་འདུ་བྱེད་ཟག་བཅས་རྣམས་འགྱུར་བའི་ཚེ་སྡུག་བསྔལ་འབྱུང་བ་ལ་དགོངས་ནས་ཟག་པ་དང་བཅས་པའི་མྱོང་བ་གང་ཅི་ཚོར་ཡང་རུང་། འདི་ནི་འདིར་སྡུག་བསྔལ་དུ་གསུངས་སོ་ཞེས་བཀའ་སྩལ་ཏོ། །གང་ཅི་ཚོར་ཡང་རུང་ཞེས་པ་ནི་བདེ་བ་དང་བཏང་སྙོམས་ཀྱི་ཚོར་བ་གཉིས་བཟུང་སྟེ། སྡུག་བསྔལ་གྱི་ཚོར་བ་ནི། སྡུག་བསྔལ་དུ་འཇིག་རྟེན་ན་གྲགས་པའི་ཕྱིར་སྡུག་བསྔལ་དུ་དགོངས་པའི་དགོངས་པ་བརྟག་མི་དགོས་པའི་ཕྱིར་རོ། །མི་རྟག་པ་སྡུག་བསྔལ་དུ་གསུངས་པའི་དགོངས་པ་གཞན་ཡང་དབང་པོ་རྣམས་མངོན་པར་འགྲུབ་པའི་མཚན་ཉིད་ཀྱི་སྐྱེ་བ་དང་། དབང་པོ་རྣམས་འགག་པར་འགྱུར་བའི་འཇིག་པ་རྗེས་སུ་འབྲེལ་པ་ནང་གི་འདུ་བྱེད་རྣམས་ལ་སྐྱེ་བ་སྡུག་བསྔལ་བ་ལ་སོགས་པ་སྡུག་བསྔལ་རྣམ་པ་བརྒྱད་མངོན་པས་དེའི་ཕྱིར་དེ་ཙམ་ལ་དགོངས་ནས། མི་རྟག་པ་སྡུག་བསྔལ་དུ་གསུངས་པ་ཡིན་གྱི། མི་རྟག་པ་ནི་སྡུག་བསྔལ་གྱི་རང་གི་མཚན་ཉིད་མ་ཡིན་ཏེ། ནམ་ཡང་སྡུག་བསྔལ་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །

གསུམ་པ་སྟོང་པའི་མཚན་ཉིད་ལ། གང་ཟག་གི་བདག་གིས་སྟོང་པ་དང་། ཆོས་ཀྱི་བདག་གིས་སྟོང་པ་གཉིས་ལས། དང་པོ་ལ། མདོར་བསྟན་པ་ནི། དགག་གཞི་གང་ལ་དགག་བྱ་གང་མེད་པའི་གཞི་དེ་ནི་དགག་བྱ་དེས་སྟོང་པར་ཡང་དག་པ་ཕྱིན་ཅི་མ་ལོག་པར་ཐོས་བསམ་གྱིས་གཏན་ལ་ཕབ་ནས་རྩེ་གཅིག་ཏུ་བསྒོམས་པས་སོ་སོར་རིག་པའི་ཚུལ་དུ་མཐོང་སྟེ། དེ་བས་ན་དགག་གཞི་འདི་ལ་དགག་བྱ་བཀག་པའི་ལྷག་མ་དགག་གཞི་རང་གི་ངོ་བོ་གང་ཡིན་པ་དེ་ནི་འདིར་ཡོད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དགག་བྱ་བ་གང་ཡིན་པ་དེས་སྟོང་ལ། དགག་གཞིའི་རང་བཞིན་གྱིས་སྟོང་བ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་སྟོང་པ་ཉིད་ལ་འཇུག་པའི་ཚུལ་ཡང་དག་པ་ཡིན་ཏེ། རྟག་པའམ་ཆད་པའི་མཐའ་གཉིས་སུ་ཕྱིན་ཅི་མ་ལོག་པར་དབུ་མའི་ལམ་ལ་བརྟེན་པའི་ཕྱིར་རོ། །

དེ་དག་རྒྱས་པར་བཤད་པ་ནི། དགག་གཞི་གང་ལ་དགག་བྱ་ཅི་ཞིག་མེད་ཅེ་ན། དགག་གཞི་ཕུང་པོ་ལ་སོགས་པ་རྣམས་ལ་དགག་བྱ་རྟག་པ་ལ་སོགས་པ་བཞི་དང་། ལོངས་སྤྱོད་པ་པོའི་བདག་དང་། དེས་དབང་བསྒྱུར་བར་བྱ་བའི་བདག་གི་བ་གདོད་མ་ནས་མེད་དོ། །རྟག་པ་ལ་སོགས་པ་བཞི་ནི། སྔ་མ་རྣམས་ཕྱི་མ་ཕྱི་མས་བཤད་དོ། །དེ་ལྟ་བས་ན། ཕུང་པོ་ལ་སོགས་པ་དེ་དག་ནི། བདག་ལ་སོགས་པ་དེས་སྟོང་པའི་ཕྱིར་རྟག་པའི་མཐར་ལྷུང་བ་མ་ཡིན་ནོ། །དགག་གཞི་དེ་ལ་ལྷག་མ་ཡོད་པ་ཅི་ཞིག་ཡིན་ཞེ་ན། གང་བདག་ལ་སོགས་པ་མེད་པས། ཁྱད་པར་དུ་བྱས་པའི་ཕུང་པོ་སོགས་ཆོས་ཙམ་དེ་ཉིད་དེ། དེ་ནི་རྣམ་པ་ཐམས་ཅད་དུ་མེད་པ་མ་ཡིན་ཏེ། བདག་དང་བདག་གི་བ་སོགས་སུ་འཁྲུལ་པའི་གཞི་ཡོད་པའི་ཕྱིར་རོ། །གཞི་མེད་པ་ལ་འགའ་ཡང་འཁྲུལ་པ་མ་མཐོང་བའི་ཕྱིར་རོ། །དེའི་ཕྱིར་ཆད་པའི་མཐར་ལྷུང་བ་ཡང་མ་ཡིན་ནོ། །ཚུལ་དེ་ལྟར་ན་དགག་བྱ་བཏགས་པའི་བདག་སོགས་ནི་མེད་ཀྱི། བདག་མེད་པས་ཁྱད་པར་དུ་བྱས་པའི་དགག་གཞིའི་རང་བཞིན་ཆོས་ཙམ་ནི་ཡོད་པར་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ། །འདི་སྟོང་པ་ཉིད་ལ་འཇུག་པ་ཕྱིན་ཅི་མ་ལོག་པ་ཡིན་པ་ཅི་ཞེ་ན། དེ་ལ་ཤེས་བྱེད་ཀྱི་ལུང་དགོད་པ་ནི། དགག་བྱ་བདག་སོགས་མེད་ཅིང་དེས་སྟོང་པའི་དགག་གཞི་ཕུང་པོ་སོགས་ཆོས་ཙམ་དུ་ཡོད་པ་འདི་ལ་དགོངས་ནས། བཅོམ་ལྡན་འདས་ཀྱིས་ཡོད་པ་ཞེས་སོགས་གསུངས་སོ། །དེ་ལ་བདག་གིས་སྟོང་པའི་ཕུང་པོ་ཆོས་ཙམ་དུ་གནས་ལུགས་ལ་ཡོད་པ་ལ་ཡོད་པར་ཤེས་པར་ཤེས་པས་སྐུར་པ་མི་འདེབས་ལ། རྟག་སོགས་ཀུན་བརྟགས་པའི་ཆོས་གདོད་མ་ནས་མེད་པ་ལ་མེད་པར་ཤེས་པས་སྒྲོ་མི་འདོགས་ཏེ། དེའི་ཕྱིར། ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ཡིན་ནོ་ཞེས་སོ། །དེ་དག་ནི་གང་ཟག་གི་བདག་མེད་པའི་སྟོང་པ་ཉིད་ཡིན་ནོ། །

གཉིས་པ་ནི། རྣམ་གྲངས་གཞན་ཡང་། ཆོས་ཀྱི་བདག་མེད་པའི་རང་བཞིན་སྟོང་པ་ཉིད་ནི་རྣམ་པ་གསུམ་སྟེ། ངོ་བོ་ཉིད་ཀྱིས་སྟོང་པ་ལ་སོགས་པའོ། །དེ་ལ་དང་པོ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་ཏེ། །འདི་རྟོགས་པས་ཀུན་བརྟགས་པ་ཙམ་དུ་ཟད་ཀྱི། དོན་ལ་གནས་པའི་རང་གི་མཚན་ཉིད་གདོད་མ་ནས་མེད་པའི་ཕྱིར་རོ། །གཉིས་པ་དེ་བཞིན་དུ། ཡོད་པ་མ་ཡིན་པའི་སྟོང་པ་ཉིད་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཡིན་ཏེ། འདི་ནི་གང་ཟག་དང་། ཆོས་ཀྱི་རྣམ་པ་གང་དང་གང་དུ་ཀུན་བརྟགས་པའི་རྣམ་པ་དེ་དང་དེར་མེད་པའི་ཕྱིར་རོ། །གསུམ་པ་རང་བཞིན་གྱིས་སྟོང་པ་ཉིད་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་ཏེ། དེ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །སྟོང་པ་ཉིད་ཀྱི་དོན་འདི་ལ། བོད་ཀྱི་སློབ་དཔོན་ཇོ་ནང་པ་ཀུན་མཁྱེན་ཆེན་པོ་ཕྱི་རབས་པ་ཁ་ཅིག་འདི་སྐད་དུ་སྨྲ་བར་བྱེད་དེ། སྟོང་པ་ཉིད་ནི་རྣམ་པ་གཉིས་ཏེ། རང་གི་ངོ་བོས་སྟོང་པ་ཉིད་དང་། གཞན་གྱི་ངོ་བོས་སྟོང་པ་ཉིད་དོ། །བདེན་པ་ཡང་རྣམ་པ་གཉིས་ཏེ་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའོ། །ངོ་བོ་ཉིད་ཀྱང་རྣམ་པ་གསུམ་སྟེ། ཀུན་བཏགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །དེ་ལ་ཀུན་བཏགས་པ་དང་། གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཀུན་རྫོབ་བདེན་པ་ཡིན་ལ། ཀུན་རྫོབ་བདེན་པ་གང་ཡིན་པ་དེ་ནི། སྒྱུ་མ་དང་རྨི་ལམ་ལ་སོགས་པ་བཞིན་དུ་གདོད་མ་ནས་རང་གི་ངོ་བོས་སྟོང་པའི་ཕྱིར། དེ་དག་གི་སྟོང་པ་ཉིད་ནི་རང་གི་ངོ་བོས་སྟོང་པ་ཉིད་ཞེས་བྱ་ལ། དེ་ཡང་མེད་པ་དགག་པ་ཙམ་གྱི་ངོ་བོ་ཉིད་ཡིན་པས་དངོས་པོ་མེད་པའི་སྟོང་པ་ཉིད་དང་། ཆད་པའི་སྟོང་པ་ཉིད་དང་། བེམས་པོའི་སྟོང་པ་ཉིད་དང་། ཉི་ཚེ་བའི་སྟོང་པ་ཉིད་ཡིན་གྱི། ཡང་དག་པ་ཕྱིན་ཅི་མ་ལོག་པའི་སྟོང་པ་དོན་དམ་པའི་བདེན་པ་ནི་མ་ཡིན་ནོ། །ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པ་ཉིད་འདི་ལ་དགོངས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཀྱང་རང་གིས་ངོ་བོས་སྟོང་པ་ཉིད་དུ་གསུངས་པ་ཡིན་ལ། དེའི་དགོངས་འགྲེལ་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་དབུ་མ་རིགས་པའི་ཚོགས་རྣམས་ཀྱིས་ཀྱང་། རང་སྟོང་མེད་དགག་ཆད་པའི་སྟོང་པ་ཉིད་དེ་ཉིད་གཙོ་བོར་བསྟན་པ་ཡིན་པས། མདོ་དང་བསྟན་བཅོས་དེ་དག་གིས་ཀྱང་སྟོང་པ་ཉིད་དོན་དམ་པའི་བདེན་པ་གང་ཡིན་པ་དེ་རྫོགས་པ་དང་གསལ་པོར་བསྟན་པ་མེད་དོ། །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་མེད་དོ་ཞེས་དང་། དེ་དག་ཀྱང་། སྒྱུ་མ་དང་རྨི་ལམ་ལ་སོགས་པར་བསྟན་པ་གང་ཡིན་པ་དེ་ནི། ཀུན་བཏགས་པ་དང་། གཞན་གྱི་དབང་ཁོ་ན་ལ་དགོངས་ནས་གསུངས་པ་ཡིན་གྱི། ཡོངས་གྲུབ་དོན་དམ་པའི་བདེན་པ་མེད་པ་དང་། བརྫུན་པ་སོགས་སུ་སྟོན་པ་ནི་མ་ཡིན་ཏེ། སློབ་དཔོན་ཕྱོགས་ཀྱི་གླང་པོས་བརྒྱད་སྟོང་པའི་དོན་བསྡུས་པ་ལས། མེད་ཅེས་བྱ་ལ་སོགས་ཚིག་གིས། །བཏགས་པ་ཐམས་ཅད་འགོག་པ་སྟེ། །སྒྱུ་མ་ལ་སོགས་དཔེ་རྣམས་ཀྱིས། །གཞན་གྱི་དབང་ནི་ཡོངས་སུ་བསྟན། །རྣམ་པར་དག་པ་བཞིར་བརྟེན་ནས། །ཡོངས་སུ་གྲུབ་པ་བསྟན་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །ཆོས་ཉིད་ཡོངས་གྲུབ་གང་ཡིན་དེ་ནི། དོན་དམ་པའི་བདེན་པ་ཡིན་ལ། དེ་ནི་ནམ་ཡང་རང་གི་ངོ་བོས་སྟོང་པ་མ་ཡིན་གྱི་ཀུན་བཏགས་པ་དང་གཞན་གྱི་དབང་གི་ངོ་བོ་ཉིད་འདུས་བྱས་ཀྱི་ཆོས་ཀུན་རྫོབ་ཀྱི་བདེན་པས་སྟོང་པའི་ཕྱིར་གཞན་གྱི་ངོ་བོས་སྟོང་པ་ཉིད་ཡིན་ལ། དེ་ནི་ཡང་དག་པ་ཕྱིན་ཅི་མ་ལོག་པའི་སྟོང་པ་ཉིད་དོན་དམ་པའི་བདེན་པ་དང་། ཆོས་ཀྱི་སྐུ་དང་། ཡང་དག་པའི་མཐའ་དང་། དེ་ཉིད་དང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཡིན་ནོ། །དེ་ལ་ནི་སྟོབས་དང་མི་འཇིགས་པ་དང་། མཚན་དང་དཔེ་བྱད་ལ་སོགས་པའི་འདུས་མ་བྱས་པའི་ཡོན་ཏན་དཔག་ཏུ་མེད་པ་གདོད་མ་ནས་གནས་པ་ཡིན་ཏེ། སངས་རྒྱས་ཕལ་པོ་ཆེའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག །དེ་བཞིན་གཤེགས་པའི་ཡེ་ཤེས་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་དག །སེམས་ཅན་གྱི་རིས་ན། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་མ་ཁྱབ་པ་དེ་ལྟ་བུ་ནི་གང་ཡང་མེད་དོ། །ཞེས་སྟོང་གསུམ་དར་ཡུག་ཆེན་མོའི་དཔེ་དང་བཅས་ཏེ་རྒྱས་པར་གསུངས་ནས། དོན་བསྡུ་བ་ནི། སྟོང་གསུམ་ཚད་ཀྱི་རི་མོའི་གཞི་ཅིག་ཡོད་གྱུར་ལ། །རྡུལ་ཕྲན་མ་ལུས་ཀུན་གྱི་སྦུབས་ནའང་དེ་འདྲ་སྟེ། །སྐྱེས་བུ་མཁས་པ་མིག་ལྡན་ལ་ལས་དེ་ཕྱེ་སྟེ། །རི་མོའི་གཞི་དེས་འགྲོ་ཀུན་ཉེ་བར་འཚོ་བྱས་ནས། །བཅོམ་ལྡན་དེ་ཡང་དེ་བཞིན་སེམས་ཅན་ཀུན་གྱི་སེམས། །རིལ་གྱིས་བདེ་གཤེགས་མཁྱེན་ཡིན་འདུ་ཤེས་སྒྲིབ་གྱུར་ཞེས། །རྒྱལ་བའི་ཐུགས་རྗེ་བསྐྱེད་ཅིང་འདུ་ཤེས་སྤོང་བ་སྟོན། །འདུ་ཤེས་ཡོངས་སུ་ཤེས་ནས་རྒྱལ་སྲས་ཉེ་བར་འཚོ། །ཞེས་གསུངས་པ་སོགས་ལུང་གི་ཤེས་བྱེད་དུ་མ་འདྲེན་པར་བྱེད་དོ། །གཞན་ཡང་དེ་ནི་རྟག་པ། བརྟན་པ། ཐེར་ཟུག་པ་དང་། མི་འགྱུར་བའི་ཆོས་ཅན་གཙང་བ། བདེ་བ། བདག་དམ་པའི་ཕ་རོལ་ཏུ་སོན་པ་ཡིན་ནོ། །

དེ་ལྟ་བུའི་གཞན་སྟོང་དོན་དམ་པའི་བདེན་པ་འདི་ཡང་། འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོ་དང་། ལྷག་པའི་བསམ་པ་བསྟན་པའི་ལེའུའི་མདོ་དང་། དཔལ་སེང་གེའི་ང་རོའི་མདོ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང་། སངས་རྒྱས་ཕལ་པོ་ཆེ་དང་། འཕེལ་བ་དང་། འགྲིབ་པ་མེད་པར་བསྟན་པ་དང་། རྔ་བོ་ཆེ་ཆེན་པོའི་མདོ་དང་། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་དང་། གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་དང་། སོར་མོའི་ཕྲེང་བའི་མདོ་དང་། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་སོགས་པ་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་མདོ་སྡེ་རྣམས་ལས་གསལ་པོར་གསུངས་ཤིང་། དེ་དག་གི་དགོངས་འགྲེལ་ཐེག་པ་ཆེན་པོ་རྒྱུ་བླ་མ་སོགས་བྱམས་ཆོས་ཕྱི་མ་བཞི་དང་། ཐོགས་མེད་སྐུ་མཆེད་ཀྱི་བསྟན་བཅོས་རྣམས་དང་། འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་དབུ་མ་ཆོས་དབྱིངས་བསྟོད་པ་སོགས་བསྟོད་པའི་ཚོགས་རྣམས་ཀྱིས་གསལ་བར་བསྟན་ཏོ། །

དེ་ལྟར་ན། ཀུན་རྫོབ་ཀྱི་བདེན་པ་ནི་རང་གི་ངོ་བོས་སྟོང་པའི་ཕྱིར་དང་། དེ་དག་ཀྱང་། ཆོས་ཉིད་དོན་དམ་པའི་བདེན་པ་ལ་གདོད་མ་ནས་མ་གྲུབ་པའི་ཕྱིར་རྟག་པའི་མཐའ་ལས་གྲོལ་བ་ཡིན་ལ། ཆོས་ཉིད་ཡོངས་གྲུབ་ནི། ནམ་ཡང་མེད་པ་མ་ཡིན་པས། གདོད་མ་ནས་བདེན་པ་དང་། རྟག་པ། སོགས་སུ་གྲུབ་པའི་ཕྱིར། ཆད་པའི་མཐར་མ་ལྷུང་བས། དེའི་ཕྱིར་འདི་ནི་མཐའ་བྲལ་དབུ་མ་ཆེན་པོའི་ལམ་ཡིན་ཏེ། ཇི་སྐད་དུ། གང་ལ་གང་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་སྟེ། འདི་ལ་ལྷག་མ་གང་ཡིན་པ་དེ་ནི་འདིར་ཡོད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ནི་སྟོང་པ་ཉིད་ལ་འཇུག་པ་ཡང་དག་པ་ཇི་ལྟ་བ་སྟེ། ཕྱིན་ཅི་མ་ལོག་པ་ཞེས་དང་། འདི་ལ་དགོངས་ནས། བཅོམ་ལྡན་འདས་ཀྱིས། ཡོད་པ་ཡང་ཡོད་པར། མེད་པ་ཡང་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་ཏུ་རབ་ཏུ་ཤེས་སོ་ཞེས་སོགས་ཞེས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་ལུགས་འདི་ནི། ངེས་པའི་དོན་གྱི་མདོ་སྡེ་རྣམས་ཀྱིས་བསྟན་པ། ཤིང་རྟ་ཆེན་པོ་རྣམས་ཀྱིས་བཀྲལ་བ། གྲུབ་པ་བརྙེས་པའི་རྣལ་འབྱོར་པ་རྣམས་ཀྱིས་བསྒོམས་པ་བསྟན་པའི་སྙིང་པོ་དམ་པ་ཡིན་གྱི། རང་སྟོང་ཙམ་གྱིས་ཆོག་པར་འཛིན་པ་དག་གིས་ནི། བསྟན་པའི་སྙིང་པོ་སྟོང་པ་ཉིད་ཀྱི་དོན་ལེགས་པར་རྟོགས་པ་ནི་མ་ཡིན་ནོ་ཞེས་སྨྲ་ཏེ། དཔེར་ན་བྱ་བརྒྱ་ཚོགས་པའི་ནང་གི་ཕ་ཝང་བཞིན་དུ། རྒྱ་བོད་ཀྱི་ཤིང་རྟ་ཆེན་པོ་རྣམས་ཀྱིས་སྲོལ་བཏོད་པའི་ཡང་དག་པའི་ལྟ་བ་ལས་ཁ་ཕྱི་རོལ་ཏུ་མངོན་པར་ཕྱོགས་ཏེ། འཕགས་པ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད་ལ་སོགས་པ་ཤིང་རྟའི་སྲོལ་འབྱེད་ཆེན་པོ་རྣམས་ཀྱིས། བདེ་བར་གཤེགས་པའི་གསུང་རབ་ཀྱི་དོན་ངེས་པ་ཕྱིན་ཅི་མ་ལོག་པ་འགྲེལ་བར་བྱེད་པའི་གཞུང་ལུགས་ཉི་མའི་དཀྱིལ་འཁོར་ལྟ་བུ་རྣམས་ནི། གླེགས་བམ་ཙམ་ཡོད་ཀྱང་། དགོངས་པ་དཔྱིས་ཕྱིན་པར་རྟོགས་པའི་སྐྱེས་བུ་མེད་པས་ནུབ་པ་ལྟར་དུ་གྱུར། ཡང་དག་པའི་ལྟ་བ་དང་། ཚེ་རབས་དུ་མ་ནས་ཞེ་འགྲས་པས། ཟབ་མོའི་སྣོད་དུ་མ་གྱུར་པ། བདུད་ཀྱི་རིས་ཀྱི་ལྷས་བྱིན་གྱིས་བརླབས་པའི་སྐྱེས་བུ་སྤྱི་རྟོལ་ཅན་འགའ་ཞིག་གིས་དགོངས་པ་སྣ་ཚོགས་པའི་སྒོ་ནས་བསྟན་པའི་མདོ་སྡེ་ཟབ་མོ་རྣམས་ཀྱི་དགོངས་པ་ལ་རང་དགར་དབང་ཟོས་ཏེ་བསྟན་པའི་མཐུ་ལས་བྱུང་བ་རྟག་ཆད་ཀྱི་མཐར་འཛིན་པའི་ལྟ་བ་ངན་པའི་མུན་པ་སྨག་རུམ་དུ་འཐིབས་ཏེ། མཚན་མོ་ལྟ་བུར་གྱུར་པའི་དུས་འདིར་སྲིན་བྱ་བཞིན་དུ་ཕྱོགས་དུ་མ་ནས་ལངས་ཏེ། བདེ་བར་གཤེགས་པའི་སྙིང་པོའི་ཟོལ་གྱིས་གྲངས་ཅན་གྱི་བདག་གསལ་བར་བྱེད་པའི་ལྟ་བ་ངན་པའི་སྒྲ་ཡང་དང་ཡང་དུ་བསྒྲགས་པས། སྐལ་ངན་གྱི་སེམས་ཅན་ཕལ་པོ་ཆེ་ཞིག་གིས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་སྲོག་རྩ་གཅོད་པར་བྱེད་པའི་ཐན་ཆེན་གྱི་ལྟས་ངན་པ་གཏོང་བར་བྱེད་དོ། །འདི་ནི་ཐེག་པ་ཆེ་ཆུང་གི་མདོ་སྡེ་གང་གི་ཡང་དགོངས་པ་མ་ཡིན་ལ། གྲུབ་མཐའ་སྨྲ་བ་བཞི་པོ་གང་དང་ཡང་མི་མཐུན་ཞིང་། རྒྱ་བོད་ཀྱི་ཤིང་རྟ་ཆེན་པོ་སུ་གང་གི་ཡང་བཞེད་པ་མ་ཡིན་པས། ཆོས་འདི་པ་ལས་ཕྱི་རོལ་ཏུ་གྱུར་པ་ཁོ་ན་ཡིན་པས། དེའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་ལ་གཅེས་སྤྲས་སུ་བྱེད་པ་རྣམས་ཀྱིས་དགག་པར་བྱ་བ་ཁོ་ན་ཡིན་ནོ། །འདིར་ཡང་ཅུང་ཟད་མདོར་བསྡུས་ཏེ་སྨྲ་བར་བྱའོ། །དེ་ལ་བྱེད་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་དག་ནི། སྟོང་པ་ཉིད་ཅེས་བྱ་བ་གང་ཟག་གི་བདག་གིས་སྟོང་པ་ཙམ་ཞིག་འདོད་ལ། དེ་ཡང་གང་ལ་གང་མེད་པ་དེ་ནི་དེས་སྟོང་ངོ་། །ཞེས་པའི་ཐ་སྙད་དུ་ཇི་སྐད་བཤད་པ་ལྟར། རྟག་སོགས་ཀྱིས་ཁྱད་པར་དུ་བྱས་པའི་བདག་མེད་ལ་དེས་སྟོང་པའི་ཕུང་པོ་ཆོས་ཙམ་ཞིག་གྲུབ་པར་འདོད་ལ། དེ་ཡང་མི་རྟག་སྡུག་བསྔལ་སོགས་ཀྱི་རང་བཞིན་ཡིན་གྱི། རྟག་སོགས་ཀྱིས་ཁྱད་པར་དུ་བྱས་པའི་སྟོང་པ་ཉིད་ནི་ཅུང་ཟད་ཀྱང་མི་འདོད་དོ། །དེའི་ཕྱིར་ལུགས་སྔ་མ་དེ་ནི། ཐེག་པ་ཆུང་ངུའི་མདོ་སྡེ་རྣམས་ཀྱི་དགོངས་པ་ཡང་མ་ཡིན་ནོ་ཞེས་བྱ་བར་ཡང་གྲུབ་པ་ཡིན་ནོ། །

ཐེག་པ་ཆེན་པོའི་མདོ་སྡེའི་དགོངས་པ་འགྲེལ་བར་བྱེད་པ་ལ་ཚད་མའི་སྐྱེས་བུར་གྱུར་པ་ནི་གཉིས་ཏེ། འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་དོ། །འདི་གཉིས་ནི། བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོའི་བསྟན་པ་འཛམ་བུའི་གླིང་འདིར་རྒྱས་པར་བྱེད་པར་ལུང་བསྟན་པའི་ཕྱིར་ཚད་མའི་སྐྱེས་བུ་ཡིན་ནོ། །དེ་ལ་འཕགས་པ་ཀླུ་སྒྲུབ་ཀྱིས་ནི། བསྟན་པའི་སྙིང་པོ་ཟབ་པའི་དོན་གཙོ་བོར་བཀྲལ་བ་ཡིན་ལ། འཕགས་པ་ཐོགས་མེད་ཀྱིས་ནི། བསྟན་པའི་རྣམ་གྲངས་རྒྱ་ཆེ་བའི་དོན་གཙོ་བོར་བཀྲལ་ལ། སྔ་མའི་རྗེས་སུ་འབྲང་བ་རྣམས་ལ། ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་པ་དང་། ཕྱི་མའི་རྗེས་སུ་འབྲང་བ་རྣམས་ལ། རྣམ་པར་རིག་པ་ཙམ་དུ་སྨྲ་བ་ཞེས་རྒྱ་བོད་ཀྱི་ཤིང་རྟ་ཆེན་པོ་རྣམས་ལ་གྲགས་ཤིང་། དེ་དག་གི་གཞུང་རྣམས་ཀྱི་དགོངས་པ་ཡང་དེ་ཁོ་ན་ལྟར་སྣང་ངོ་། །དེ་ལྟར་ཡང་། ལོ་ཙཱ་བ་ཆེན་པོ་ཡེ་ཤེས་སྡེའི་ལྟ་བའི་བརྗེད་བྱང་ལས། དབུ་མ་པ་རྣམ་པ་གཉིས་ཀྱི་ཚུལ་ཇི་ལྟ་བུ་ཞེ་ན། སྔོན་གྱི་དབུ་མའི་མཁན་པོ་ཨཱ་ཙརྱ་ནཱ་གརྫུ་ན་དང་། ཨརྱ་དེ་བས་དབུ་མའི་བསྟན་བཅོས་མཛད་པར་བཟད་དེ། རྣམ་པ་གཉིས་སུ་ཕྱེ་བ་ཡང་མེད། དེའི་འོག་ཏུ། ཨཱ་ཙརྱ་ཨ་སངྒ་དང་། བ་སུ་བན་དུས་རྣམ་པར་ཤེས་པ་ཙམ་དུ་སྨྲ་བའི་བསྟན་བཅོས་མཛད་དེ། ཕྱི་རོལ་གྱི་ཡུལ་མེད་ཀྱི་རྣམ་པར་ཤེས་པ་ཉིད་ཡུལ་དུ་སྣང་བར་བསྒྲུབས་ཤིང་། རྣམ་པར་ཤེས་པ་དག་ལ་གཉིས་སུ་མེད་པ་ནི། དོན་དམ་པར་ཡོད་པར་བཤད་པ་ལ། ཕྱིས་དབུ་མའི་མཁན་པོ་བྷཱ་བྱཱ་བ། ཨཱརྱ་ནཱ་གརྫུ་ནའི་ལུགས་ཀྱི་མན་ངག་ཡོད་པ། དངོས་གྲུབ་རྙེད་པ་ཅིག་བཞུགས་པས། རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་སུན་ཕྱུང་སྟེ། ཞེས་སོགས་གསུངས་ཤིང་། དེ་དང་མཐུན་པར། སློབ་དཔོན་ལེགས་ལྡན་འབྱེད་དང་། དཔལ་ལྡན་ཟླ་བ་གྲགས་པ་དག་གི་གཞུང་རྣམས་སུ། ཐོགས་མེད་སྐུ་མཆེད་ཀྱི་བཞེད་པ་རྣམས་རྣམ་པར་རིག་པ་ཙམ་དུ་སྨྲ་བའི་ཕྱོགས་སུ་བྱས་ནས་དགག་པ་མཛད་པའི་ཕྱིར་རོ། །

དེ་ལ་འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ལུགས་དག་ལས་འབྱུང་བའི་སྟོང་པ་ཉིད་རྣམ་པ་གཉིས་ཏེ། རིགས་པས་དཔྱད་པའི་སྟོང་པ་ཉིད་དང་། རྣལ་འབྱོར་པས་སོ་སོ་རང་གིས་རིག་པར་བྱ་བའི་སྟོང་པ་ཉིད་དོ། །དང་པོ་ལ་ཡང་གང་ཟག་གི་བདག་གིས་སྟོང་པ་དང་། ཆོས་ཀྱི་བདག་གིས་སྟོང་པའོ། །དང་པོ་ནི། རེ་ཞིག་ཕུང་ཁམས་སྐྱེ་མཆེད་རྣམས་ལ། འཇིག་རྟེན་པ་དང་། ཕྱི་རོལ་པ་རྣམས་ཀྱིས་ཀུན་བཏགས་པའི་གང་ཟག་དང་བདག་དང་སྐྱེས་བུ་སོགས་ཡུལ་ལ་ལོངས་སྤྱོད་པ་པོའི་རང་བཞིན་བཀག་ནས་ཕུང་པོར་ཆོས་ཙམ་དུ་སྒྲུབ་པར་བྱེད་པ་ཡིན་ཏེ། ཇི་སྐད་དུ། འཇིག་རྟེན་ལས་འདས་པར་བསྟོད་པ་ལས། ཕུང་པོ་ཙམ་ལས་གྲོལ་བ་ཡི། །སེམས་ཅན་མེད་པར་ཁྱོད་བཞེད་ལ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། ཕྱི་ནང་གི་ཕུང་ཁམས་སྐྱེ་མཆེད་རྣམས་ལ། རང་གཞན་གྱི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་ཀུན་བཏགས་པའི་རྟག་མི་རྟག །བདག་ཡོད་མེད། སྐྱེ་མི་སྐྱེ་སོགས་ཐམས་ཅད་བཀག་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་སྒྱུ་མ་ཙམ་ཞིག་ཏུ་ཟད་པར་སྟོན་པར་བྱེད་དེ། དེ་ཉིད་ལ། བློ་ལྡན་ཁྱོད་ཀྱིས་ཕུང་པོ་དེའང་། །སྒྱུ་མ་སྨིག་སྒྱུ་དྲི་ཟ་ཡི། །གྲོང་ཁྱེར་རྨི་ལམ་ཇི་བཞིན་དུ། །བློ་ལྡན་རྣམས་ལ་ཁྱོད་ཀྱིས་བསྟན། །ཞེས་དང་། རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་འཇིག །དེ་བཞིན་དུ་ནི་གནས་པར་གསུངས། །ཞེས་སོགས་མང་དུ་གསུངས་སོ། །འདི་དག་ནི་རིགས་པའི་རྗེས་སུ་འབྲང་བའི་ཐོས་བསམ་གྱི་ཤེས་པས་དཔྱད་ནས་སྟོང་པར་གཞག་པ་ཙམ་ཡིན་པའི་ཕྱིར་རྣམ་གྲངས་པའི་སྟོང་པ་ཉིད་ཅེས་བྱའོ། །འཕགས་པ་རྣམས་ཀྱིས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་བརྗོད་དུ་མེད་པའི་ཚུལ་དུ་རྟོགས་པར་བྱའི། སྟོང་པ་ཉིད་དོན་དམ་པའི་བདེན་པ་ཞེས་ཐ་སྙད་དུ་བཏགས་པ་གང་ཡིན་པ་དེ་ནི། ཡོད་མེད། རྟག་ཆད་སྟོང་མི་སྟོང་སོགས་སྤྲོས་པའི་མཐའ་གང་དུ་ཡང་ཚིག་གི་ལམ་ནས་བསྟན་པར་མི་ནུས་པ་ཐ་སྙད་ཐམས་ཅད་ཀྱི་ཡུལ་ལས་འདས་པ་ཞིག་ཡིན་ནོ། །ཇི་སྐད་དུ་དབུ་མ་རྩ་བར། སྟོང་ངོ་ཞེས་ཀྱང་བརྗོད་དོ། །མི་སྟོང་ཞེས་ཀྱང་བརྗོད་མི་བྱ། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་གསུངས་པ་ལྟར་རོ། །

དེ་ལྟ་བུའི་ཆོས་ཉིད་སྟོང་པ་ཉིད་དེ་ཡང་ཇི་ལྟར་སྣང་བའི་རྟེན་ཅིང་འབྲེལ་པར་འབྱུང་བ་སྒྱུ་མ་ལྟ་བུ་འདིའི་རང་བཞིན་ཡིན་གྱི། འདི་ལས་ལོགས་སུ་གྲུབ་པ་ནི་ཅུང་ཟད་ཀྱང་མེད་དོ། །ཇི་སྐད་དུ། འཇིག་རྟེན་ལས་འདས་པ་ལ་བསྟོད་པར། རྟེན་ཅིང་འབྲེལ་པར་འབྱུང་བ་གང་། །དེ་ཉིད་ཁྱོད་ནི་སྟོང་པར་བཞེད། །ཞེས་གསུངས་སོ། ། གསུམ་པོ་འདི་ལས་གཞན་པའི་སྟོང་གཞི་དོན་དམ་པར་གྲུབ་པ་ལ་དགག་བྱ་ཀུན་རྫོབ་བཀག་པའི་སྟོང་པ་ཉིད་ཅེས་བྱ་བ་ཅུང་ཟད་ཀྱང་བཞེད་པ་མ་ཡིན་ཏེ། རྩ་བ་ཤེས་རབ་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་སྟོང་གཞི་མ་གྲུབ་པས་སྟོང་པ་ཡང་མ་གྲུབ་པར་གསུངས་ལ། ཡང་དེ་ཉིད་ལས། རྒྱལ་བ་རྣམས་ཀྱི་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་སྟོང་ཉིད་ལ་བདེན་པར་འཛིན་པ་རྣམས་གསོར་མི་རུང་བའི་ལྟ་བ་ཅན་དུ་གསུངས་པའི་ཕྱིར་རོ། །གལ་ཏེ་རིགས་པའི་ཚོགས་དག་ལས་རང་སྟོང་ཙམ་བསྟན་པའི་ཕྱིར་མ་གསུངས་ཀྱི། ཆོས་དབྱིངས་སུ་བསྟོད་པ་ལས། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་ལ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ། །གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །

ཞེས་སོགས་ཀྱིས་གཞན་སྟོང་དོན་དམ་པའི་བདེན་པ་བསྟན་པ་ཡིན་ནོ་ཞེ་ན། གཞུང་དེ་ཉིད་ཀྱིས་ནི་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ཀུན་རྫོབ་ཏུ་ཉོན་མོངས་པས་ཀུན་ནས་ཉོན་མོངས་པར་བྱས་པའི་ཚེ་འཁོར་བ་དང་། དེ་ཉིད་ལམ་བསྒོམས་ཏེ་བློ་བུར་གྱི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་སྦྱངས་པས་མྱ་ངན་ལས་འདས་པ་དང་ཆོས་ཀྱི་སྐུར་འགྱུར་བའི་ཚུལ་དེ་ཉིད། ཇི་ལྟར་མར་མེ་བུམ་ནང་ན། །ཅུང་ཞིག་གསལ་བར་མི་འགྱུར་བ། །དེ་བཞིན་ཉོན་མོངས་བུམ་ནང་ན། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ་། །ཞེས་དཔེ་དུ་མའི་སྒོ་ནས་སྟོན་པར་བྱེད་པ་ཙམ་ཡིན་གྱི་ཀུན་རྫོབ་ཀྱིས་སྟོང་པའི་དེ་བཞིན་ཉིད་རྟག་པ་བརྟན་པ་དོན་དམ་པར་གྲུབ་པ་སྟོན་པའི་ཚིག་ཅུང་ཟད་ཀྱང་མེད་ལ་དོན་དམ་པར་བསྟོད་པ་དང་འཇིག་རྟེན་ལས་འདས་པར་བསྟོད་པ་སོགས་གཞན་རྣམས་ལས་ཀྱང་རིགས་ཚོགས་དང་མཐུན་པར་སྤྲོས་པའི་མཐའ་ཐམས་ཅད་འགེགས་པར་མཛད་པའི་ཕྱིར་རོ། །དེའི་ཕྱིར་གཞན་སྟོང་སྨྲ་བའི་ལུགས་འདི་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་ལས་ཕྱི་རོལ་དུ་གྱུར་པ་ཡིན་ནོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །

བྱམས་པའི་ཆོས་དག་དང་ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལུགས་ལས་འབྱུང་བའི་སྟོང་པ་ཉིད་ནི་རྣམ་པ་གསུམ་སྟེ། འདི་ལྟར་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་དང་། དེ་བཞིན་དུ་ཡོད་པ་མ་ཡིན་པའི་སྟོང་པ་ཉིད་དང་། རང་བཞིན་གྱིས་སྟོང་པ་ཉིད་དོ། །དང་པོ་ནི། ཀུན་བཏགས་པའི་ངོ་བོ་ཉིད་དང་། གཉིས་པ་ནི། གཞན་གྱི་དབང་གི་ངོ་བོ་ཉིད། གསུམ་པ་ནི། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ་སྔར་བཤད་ཟིན་ལ་འཆད་པར་ཡང་འགྱུར་རོ། །དེ་ལྟར་ཡང་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། དངོས་མེད་དེའི་དངོས་མིན་དང་། །རང་བཞིན་གྱིས་ནི་སྟོང་པར་འདོད། །ཅེས་དང་། མདོ་སྡེའི་རྒྱན་ལས། མེད་པའི་སྟོང་པ་ཉིད་ཤེས་ཤིང་། །དེ་བཞིན་ཡོད་མིན་སྟོང་ཉིད་དང་། །རང་བཞིན་སྟོང་པ་ཉིད་ཤེས་ནས། །སྟོང་པ་ཤེས་པ་ཅེས་བརྗོད་དོ། །ཅེས་དང་། ནང་སྟོང་པ་ཉིད་སོགས་བཅུ་དྲུག་ཀྱང་གསུངས་ཏེ། ཟ་པོ་བཟའ་བ་དེའི་ལུས། །གནས་ཀྱི་གཞིའི་སྟོང་པ་ཉིད། །དེ་ཡང་གང་གིས་ཇི་ལྟར་མཐོང་། །གང་ཕྱིར་དེ་ཡང་སྟོང་པ་ཉིད། །དགེ་གཉིས་ཐོབ་པར་བྱ་ཕྱིར་དང་། །རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར། །འཁོར་བ་བཏང་བར་མི་བྱའི་ཕྱིར། །རིགས་ཀྱང་རྣམ་པར་དག་བྱའི་ཕྱིར། །མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར་། །སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལ་སྟོང་ཉིད་གཞན། །ཞེས་གསུངས་སོ། །དེ་ལ་དང་པོ་བཅུ་བཞི་ནི་ཆོས་ཅན་ཐ་དད་པའི་བྱེ་བྲག་གིས་ཕྱེ་བ་ཡིན་ལ་ཕྱི་མ་གཉིས་ནི་སྟོང་པ་ཉིད་ཀྱི་རང་གི་ངོ་བོ་ལས་ཕྱེ་བ་ཡིན་ནོ། །དེ་ཡང་སྤྱིར་སྟོང་པ་ཉིད་ནི་གཞན་དབང་ཡང་དག་པ་ཡིན་པའི་ཀུན་རྟོག་དེ་ཉིད་གང་ཟག་དང་ཆོས་སུ་ཀུན་བཏགས་པའི་ཀུན་བཏགས་ཀྱིས་སྟོང་པ་ཉིད་ཡིན་ལ། དེ་ལ་ཡང་མེད་དགག་དང་མ་ཡིན་དགག་གཉིས་སུ་ཡོད་ལ་དགག་བྱ་ཀུན་བཏགས་བཀག་པའི་མེད་དགག་རྣམ་བཅད་ཙམ་དེ་ཉིད་དངོས་པོ་མེད་པའི་སྟོང་པ་ཉིད་ཡིན་ལ། དེས་ཁྱད་པར་དུ་བྱས་པའི་དགག་གཞི་མ་ཡིན་དགག །དེ་ཉིད་ལ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་སྟེ། དེ་ནི་རྣམ་གྲངས་པའི་ཡོངས་གྲུབ་ཡིན་ལ་གཞན་དབང་མཚན་ཉིད་པ་ཡིན་ནོ། །ནང་སྟོང་པ་ཉིད་ནི་ཟ་བ་པོ་ནང་གི་སྐྱེ་མཆེད་དྲུག་ཏུ་སྣང་བའི་རྣམ་རིག་དེ་ཉིད་གང་ཟག་དང་ཆོས་སུ་ཀུན་བཏགས་པའི་ངོ་བོ་གདོད་མ་ནས་མ་གྲུབ་པའི་མེད་དགག་དང་མ་ཡིན་དགག་ཡིན་ལ་སྟོང་ཚུལ་འདི་གཞན་ལའང་སྦྱར་རོ། །ཕྱི་སྟོང་པ་ཉིད་ནི་བཟའ་བྱ་ཕྱིའི་སྐྱེད་མཆེད་དྲུག་ཏུ་སྣང་བའི་རྣམ་རིག་ཡང་དག་པ་མ་ཡིན་པ་ཀུན་རྟོག་གིས་བསྡུས་པའོ། །ཕྱི་ནང་ནི་ལུས་ཁོག་པར་སྣང་བའི་རྣམ་རིག་གོ །ཆེན་པོ་ནི་གནས་སྣོད་ཀྱི་འཇིག་རྟེན་དུ་སྣང་བའི་རྣམ་རིག་གོ །སྟོང་པ་ཉིད་ནི་སྟོང་པ་ཉིད་དུ་སྣང་བའི་རྣམ་རིག་གོ །དོན་དམ་པ་ནི་སྟོང་པ་ཉིད་དོན་དམ་པར་རང་གི་ངོ་བོ། འདུས་བྱས་ཀྱི་དད་སོགས་དགེ་བ་འདུས་བྱས། འདུས་མ་བྱས་ནི་མྱང་འདས་སོགས་དགེ་བ་འདུས་མ་བྱས། མཐའ་ལས་འདས་པ་ནི་བདག་གིས་འགྲོ་བ་ལ་ཕན་པར་བྱ་སྙམ་པའི་རྣམ་རིག་གོ །ཐོག་མ་དང་ཐ་མ་མེད་པ་ནི་འཁོར་བར་སྣང་བའི་རྣམ་རིག་གོ །དོར་བ་མེད་པ་ནི་ཕུང་པོ་ལྷག་མེད་ཀྱི་ཚེ་ཡང་དགེ་བ་མི་ཟད་པར་བྱེད་པ། རང་བཞིན་ནི་རིགས་ཀྱི་རྣམ་རིག་གོ །རང་གི་མཚན་ཉིད་ནི་མཚན་དང་དཔེ་བྱད་རྣམས་སོ། །ཆོས་ཐམས་ཅད་ནི་སྟོབས་སོགས་ཏེ་དེ་དག་རེ་རེ་ཡང་ཀུན་བཏགས་པའི་བདག་དང་ཆོས་གཉིས་གཉིས་ཀྱིས་སྟོང་པ་ནི་དེ་དང་དེའི་སྟོང་པ་ཉིད་དོ། །

དེ་ལྟར་ན་གང་ལ་གང་མེད་པ་དེ་ན་དེས་སྟོང་ཞེས་དང་། འདི་ལ་ལྷག་མ་གང་ཡིན་པ་དེ་ནི་འདིར་ཡོད་པའོ་ཞེས་པའི་གཞུང་ཡང་འདི་ལ་ལེགས་པར་འགྲིག་པ་ཡིན་ཏེ། འདི་ལྟར་དགག་གཞི་གཞན་དབང་གང་ལ་དགག་བྱ་ཀུན་བཏགས་པའི་གང་ཟག་དང་ཆོས་གང་མེད་པ་དེ་ནི་དེས་སྟོང་ཞེས་པ་དང་། དགག་གཞི་གཞན་དབང་འདི་ལ་དགག་བྱ་ཀུན་བཏགས་གང་བཀག་པའི་ལྷག་མ། གང་ཡིན་པའི་དགག་གཞི་གཞན་དབང་དེ་ནི་འདིར་ཡང་དག་པར་ཡོད་པའོ་ཞེས་པའི་ཚུལ་གྱིས་སོ། །ཡོད་པའང་ཡོད་པར་མེད་པའང་མེད་པར་ཞེས་པའང་ལེགས་པར་དྲངས་པར་འགྱུར་ཏེ། གཉིས་ཀྱིས་སྟོང་པའི་གཞན་དབང་རྣམ་རིག་ཙམ་གྲུབ་པའི་ཕྱིར་དང་། གང་ཟག་དང་ཆོས་སུ་ཀུན་བཏགས་པའི་ངོ་བོ་ཉིད་རྣམ་པ་ཐམས་ཅད་དུ་ཡང་དག་པར་མ་གྲུབ་པའི་ཕྱིར་རོ། །དེས་ན་དབུས་མཐའ་ལས། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་འདི་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །སྟོང་པ་མ་ཡིན་མི་སྟོང་མིན། །ཡོད་པས་མེད་པས་ཡོད་པས་ན། །དེ་ལྟ་བས་ན་ཐམས་ཅད་བཤད། །འདི་ནི་དབུ་མའི་ལམ་ཡིན་ནོ། །ཞེས་སོགས་གསུངས་པ་ཡང་ཚུལ་འདི་ལ་ལེགས་པར་འགྲིགས་པ་ཡིན་གྱི་གཞན་སྟོང་དུ་སྨྲ་བ་དག་གི་ལུགས་ལ་ནི་མ་ཡིན་ཏེ། དེ་དག་གི་ལྟར་ན་ཀུན་བཏགས་བཞིན་དུ་གཞན་དབང་ཡང་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་འགྱུར་དགོས་ན། གཞུང་འདི་དག་དུ་ནི་གཞན་དབང་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ནི་སྒྱུ་མའི་སྤྲུལ་གཞི་ལྟར་ཡང་དག་པར་རྫས་སུ་གྲུབ་པར་བཤད་པའི་ཕྱིར་རོ། །དེ་ལྟར་ན་གཞན་དབང་ཀུན་བཏགས་ཀྱིས་སྟོང་པའི་ཡོངས་གྲུབ་གཞན་སྟོང་བདེན་པར་གྲུབ་བོ་ཞེས་སྨྲ་བའི་ཚུལ་འདི་ནི་འཕགས་པ་བྱམས་པ་དང་ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལུགས་དང་མཐུན་ནོ་ཞེས་བྱ་བ་འདི་ཡང་རིང་དུ་སྤངས་པ་ཡིན་ཏེ། གོང་དུ་ཁོ་བོས་ཇི་སྐད་བཤད་པ་དང་། འོག་ནས་འཆད་པར་འགྱུར་བ་ལས་མ་གཏོགས་པའི་སྟོང་པ་ཉིད་དང་མཚན་ཉིད་གསུམ་གྱི་རྣམ་བཞག་གཞན་ནི་སྐྱེས་བུ་དེ་དག་གི་གཞུང་ལུགས་ལས་ཅུང་ཟད་ཀྱང་མི་འབྱུང་ལ། རྣམ་བཞག་དེ་དག་དང་ཕྱོགས་སྔ་མ་ནི་ཤིན་ཏུ་འགལ་བར་སྣང་བའི་ཕྱིར་རོ། །དེའི་ཕྱིར་འདི་ནི་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ཀྱི་དགོངས་པ་དང་དེའི་དགོངས་འགྲེལ་རྣམ་རིག་པ་དང་དབུ་མའི་གྲུབ་མཐའ་ལས་ཀྱང་ཕྱི་རོལ་དུ་གྱུར་པ་ཡིན་ནོ་ཞེས་བྱ་བ་འདི་ལེགས་པར་གྲུབ་པ་ཡིན་ནོ། །འདི་རྣམས་ནི་ཁོ་བོས་གྲུབ་མཐའ་ངན་པ་འདིའི་མཚང་རགས་པ་ཅུང་ཟད་ཅིག་སྨོས་པར་ཟད་ཀྱི་ཞིབ་མོར་དཔྱད་ན་མདོ་སྡེ་ལ་མི་འཇུག་འདུལ་བ་ལ་མི་སྣང་ཆོས་ཉིད་དང་འགལ་བ་སོགས་ལུང་དང་རིགས་པའི་གནོད་བྱེད་དུ་མ་ཞིག་ཡོད་མོད་ཀྱི་འདིར་ནི་དཀྱུས་མ་འཆད་པའི་གེགས་སུ་འགྲོ་བའི་ཕྱིར་མ་སྤྲོས་སོ། །

ད་ནི་ཀུན་བཏགས་པ་ལ་སོགས་པའི་ངོ་བོ་ཉིད་གསུམ་དེ་དག་སོ་སོའི་རང་བཞིན་བརྗོད་པར་བྱའོ། །

དེ་ལ་གཞན་གྱི་དབང་གི་ངོ་བོ་ཉིད་གང་ཞེ་ན། ཀུན་གཞིའི་རྣམ་པར་ཤེས་པ་ས་བོན་ཅན་ཡང་དག་པ་མ་ཡིན་པའི་ཀུན་རྟོག་པས་བསྡུས་པའི་རྣམ་པར་རིག་པའོ། །དེ་དག་ཀྱང་གང་ཞེ་ན། ལུས་དང་། ལུས་ཅན་དང་། ཟ་བ་པོའི་རྣམ་པར་རིག་པ་དང་། དེས་ཉེ་བར་སྤྱད་པར་བྱ་བའི་རྣམ་རིག་དང་། དེ་ལ་ཉེ་བར་སྤྱོད་པའི་རྣམ་རིག་དང་། དུས་ཀྱི་རྣམ་རིག་དང་། གྲངས་ཀྱི་རྣམ་པར་རིག་པ་དང་། ཡུལ་གྱི་རྣམ་པར་རིག་པ་དང་། ཐ་སྙད་ཀྱི་རྣམ་པར་རིག་པ་དང་། བདག་དང་གཞན་གྱི་རྣམ་པར་རིག་པ་དང་། བདེ་འགྲོ་དང་། ངན་འགྲོ་དང་། འཆི་འཕོ་དང་སྐྱེ་བའི་རྣམ་རིག་པའོ། །དེ་ལ་ལུས་ཀྱི་རྣམ་པར་རིག་པ་ནི་མིག་ལ་སོགས་པ་དབང་པོ་གཟུགས་ཅན་དུ་སྣང་བའོ། །ལུས་ཅན་གྱི་རྣམ་པར་རིག་པ་ནི་ཡིད་ཀྱི་དབང་པོར་སྣང་བའོ། །ཟ་བ་པོའི་རྣམ་པར་རིག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པར་སྣང་བའོ། །དེས་ཉེ་བར་སྤྱད་པར་བྱ་བའི་རྣམ་པར་རིག་པ་ནི་གཟུགས་ལ་སོགས་པ་ཕྱིའི་སྐྱེ་མཆེད་རྣམས་སུ་སྣང་བའོ། །དེ་ལ་ཉེ་བར་སྤྱོད་པའི་རྣམ་པར་རིག་པ་ནི། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལྔར་སྣང་བའོ། །དུས་ཀྱི་རྣམ་པར་རིག་པ་ནི་དུས་གསུམ་དུ་སྣང་བའོ། །གྲངས་ཀྱི་རྣམ་པར་རིག་པ་ནི་གཅིག་ལ་སོགས་པར་བགྲང་བར་སྣང་བའོ། །ཡུལ་གྱི་རྣམ་པར་རིག་པ་ནི་གྲོང་དང་ཀུན་དགའ་ར་བ་ལ་སོགས་པར་སྣང་བའོ། །ཐ་སྙད་ཀྱི་རྣམ་པར་རིག་པ་ནི། མཐོང་བ་ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་རྣམ་པར་ཤེས་པ་རྣམས་སོ། །བདག་དང་གཞན་གྱི་རྣམ་པར་རིག་པ་ནི་ལུས་ལ་སོགས་པ་འདི་ནི་བདག་གིའོ། །འདི་ནི་གཞན་གྱིའོ་ཞེས་བྱེ་བྲག་ཏུ་འཛིན་པར་བྱེད་པའོ། །བདེ་འགྲོ་དང་ངན་འགྲོ་དང་འཆི་འཕོ་དང་སྐྱེ་བའི་རྣམ་པར་རིག་པ་རྣམས་ནི་ལྷ་དང་མི་དང་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དྭགས་དང་སྐྱེ་བ་དང་འཆི་བར་སྣང་བའོ། །རྣམ་པར་རིག་པ་འདི་དག་ནི་བག་ཆགས་རྣམ་པ་གསུམ་ལས་འབྱུང་སྟེ། འདི་ལྟར། ལུས་དང་ལུས་ཅན་དང་ཟ་བ་པོའི་རྣམ་པར་རིག་པའི་བར་ནས་ཐ་སྙད་ཀྱི་རྣམ་པར་རིག་པའི་བར་གང་ཡིན་པ་རྣམས་ནི་མངོན་པར་བརྗོད་པའི་བག་ཆགས་ལས་འབྱུང་ངོ་། །བདག་དང་གཞན་གྱི་རྣམ་པར་རིག་པ་ནི་བདག་ཏུ་ལྟ་བའི་བག་ཆགས་ལས་འབྱུང་ངོ་། །བདེ་འགྲོ་ནས་སྐྱེ་བའི་བར་གྱི་རྣམ་པར་རིག་པ་གང་ཡིན་པ་རྣམས་ནི་སྲིད་པའི་ཡན་ལག་གི་བག་ཆགས་ལས་འབྱུང་ངོ་། །དེ་ལ་ལུས་དང་ལུས་ཅན་གྱི་རྣམ་པར་རིག་པ་ནི་ནང་གི་ཁམས་དྲུག་ཡིན་ནོ། །དེས་ཉེ་བར་སྤྱད་པའི་རྣམ་པར་རིག་པ་ནི་ཕྱིའི་ཁམས་དྲུག་ཡིན་ནོ། །དེ་ལ་ཉེ་བར་སྤྱོད་པ་དང་ཟ་བ་པོའི་རྣམ་པར་རིག་པ་ནི་རྣམ་པར་ཤེས་པའི་ཁམས་དྲུག་ཡིན་ནོ། །རྣམ་པར་རིག་པ་ལྷག་མ་རྣམས་ནི་འདི་དག་གི་རབ་ཏུ་དབྱེ་བ་ཡིན་པར་རིག་པར་བྱའོ། །དེ་ཡང་དུས་དང་གྲངས་ཀྱི་རྣམ་པར་རིག་པ་ནི་ཟ་བའི་རྣམ་པར་རིག་པས་བསྡུས་སོ། །ཡུལ་དང་ཐ་སྙད་གྱི་རྣམ་པར་རིགས་པ་ནི་དེས་ཉེ་བར་སྤྱད་པར་བྱ་བའི་རྣམ་རིག་གིས་བསྡུས་སོ། །བདག་དང་གཞན་གྱི་རྣམ་པར་རིག་པ་ནི་ལུས་ཅན་གྱི་རྣམ་པར་རིག་པས་བསྡུས་སོ། །བདེ་འགྲོ་ལ་སོགས་པའི་རྣམ་པར་རིག་པ་བཞི་ནི་ལུས་ཀྱི་རྣམ་པར་རིག་པས་བསྡུས་སོ། །རྣམ་པར་རིག་པ་འདི་རྣམ་པར་ཤེས་པ་བརྒྱད་ཀྱིས་བསྡུས་སམ་མ་བསྡུས་ཞེ་ན། བསྡུས་པར་རིག་པར་ལྟའོ། །ཇི་ལྟར་ཞེ་ན། དེ་ལ་ཀུན་གཞིའི་རྣམ་པར་ཤེས་པས་ནི་ལུས་ཀྱི་རྣམ་པར་རིག་པ་དང་། དེས་ཉེ་བར་སྤྱད་པར་བྱ་བའི་རྣམ་པར་རིག་པ་རྣམས་བསྡུས་པར་ལྟའོ། །ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་ནི་ལུས་ཅན་གྱི་རྣམ་པར་རིག་པའོ། །ཡིད་ཀྱིས་རྣམ་པར་ཤེས་པས་ནི་ཟ་བ་པོའི་རྣམ་པར་རིག་པའོ། །དབང་པོའི་རྣམ་པར་ཤེས་པས་ནི་དེ་ལ་ཉེ་བར་སྤྱོད་པའི་རྣམ་པར་རིག་པའོ། །ལྷག་མ་རྣམས་ནི་རྣམ་པར་རིག་པ་ལྔ་པོ་དེ་དག་གི་ཁྱད་པར་ཡིན་པའི་ཕྱིར། ཅི་རིགས་པར་བསྡུས་པར་རིག་པར་བྱའོ། །གཞན་ཡང་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། དོན་དང་སེམས་ཅན་བདག་རྣམས་རིགས། །སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེའོ། །ཞེས་གསུངས་པ་ལྟར། རྣམ་པར་རིག་པ་བཞི་སྟེ། དོན་དུ་སྣང་བ་དང་། སེམས་ཅན་དུ་སྣང་བ་དང་། བདག་ཏུ་སྣང་བ་དང་། རྣམ་པར་རིག་པར་སྣང་བའོ། །དེ་ལ་དོན་དུ་སྣང་བ་ནི། ཀུན་གཞིའི་རྣམ་པར་ཤེས་པ་དེ་ཉིད་གཟུགས་སྒྲ་ལ་སོགས་པའི་ཡུལ་དུ་སྣང་བའོ། །སེམས་ཅན་དུ་སྣང་བ་ནི། ཀུན་གཞི་ཉིད་རང་དང་གཞན་གྱི་རྒྱུད་ཀྱི་མིག་ལ་སོགས་པའི་དབང་པོ་ལྔར་སྣང་བའོ། །དེ་གཉིས་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཡིན་ནོ། །བདག་ཏུ་སྣང་བ་ནི་ཉོན་མོངས་ཅན་གྱི་ཡིད་ཡིན་ནོ། །རྣམ་པར་རིག་པར་སྣང་བ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་ཡིན་ནོ། །དེ་ལ་རྣམ་པར་རིག་པ་བཞི་པོ་འདི་རྒྱས་པར་ཕྱེ་ན་ཡང་ལུས་དང་ལུས་ཅན་ལ་སོགས་པའི་རྣམ་པར་རིག་པ་རྣམས་སུ་འགྱུར་ལ། དེ་རྣམས་མདོར་བསྡུས་ན་ཡང་བཞི་པོ་འདི་ཉིད་དུ་འགྱུར་བའི་ཕྱིར་དེ་རྣམས་ཕན་ཚུན་གཅིག་གིས་གཅིག་བསྡུས་པར་བལྟ་བར་བྱའོ། །

དེ་ལྟར་ན་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ཇི་སྙེད་པ་ཐམས་ཅད་ནི། སྔར་བཤད་པའི་རྣམ་པར་རིག་པ་དེ་དག་ཏུ་འདུས་ལ། རྣམ་པར་རིག་པ་དེ་ཐམས་ཅད་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཅེས་བྱའོ། །དེ་དག་གི་དོན་མདོར་བསྡུས་ཏེ། ཇི་སྐད་དུ། སུམ་ཅུ་པ་ལས། གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་སྐྱེས། །ཅེས་གསུངས་པ་ལྟར་རོ། །

དེ་ལ་ཀུན་བཏགས་པའི་ངོ་བོ་ཉིད་གང་ཞེ་ན། ཇི་སྐད་བཤ་པའི་གཞན་གྱི་དབང་གི་གཟུང་ཆ་ལ་རྣམ་པར་རྟོག་པས་གང་ཟག་དང་ཆོས་སུ་སྒྲོ་བཏགས་པར་གྱུར་པ། ཐ་སྙད་དུ་བྱིས་པའི་ཤེས་པའི་སྤྱོད་ཡུལ་དུ་ཡོད་ཅིང་། རིགས་པས་དཔྱད་མི་བཟོད་པས་རྫས་ཀྱི་ངོ་བོར་ཅུང་ཟད་ཀྱང་མེད་པ་སྟེ། ཇི་སྐད་དུ། དེ་ཉིད་ལས། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་ཉིད་ཀུན་ཏུ་བརྟགས་པ་ཡི། །ངོ་བོ་ཉིད་ཏེ་དེ་མེད་དོ། །ཞེས་གསུངས་པ་ལྟར་རོ། །དེ་ལ་རྟོག་བྱེད་གང་གིས་བརྟག་བྱ་གང་ལ་རྣམ་པ་ཇི་ལྟར་བུ་རྟོག་པར་བྱེད་ཅེ་ན། །ཡིད་ཀྱི་རྣམ་པར་ཤེས་པས་ཀུན་ཏུ་རྟོག་པར་བྱེད་ཏེ། ཤེས་པ་གཞན་ནི་རྣམ་པར་རྟོག་པ་ཅན་མ་ཡིན་པའི་ཕྱིར་རྣམ་པར་རྟོག་པར་མི་བྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་དེ་ནི་རང་གི་མངོན་པར་བརྗོད་པའི་བག་ཆགས་ཀྱི་ས་བོན་ལས་བྱུང་ཞིང་། རྣམ་པར་རིག་པ་གཞན་ཐམས་ཅད་ཀྱི་མངོན་པར་བརྗོད་པའི་བག་ཆགས་ཀྱི་ས་བོན་ལས་ཀྱང་བྱུང་བས། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་ལ་སོགས་པ་མཐའ་ཡས་པའི་རྣམ་པ་ཅན་དུ་འབྱུང་ལ། རང་གི་རྣམ་པ་དང་མཐུན་པར་བདག་དང་ཆོས་ཀྱི་ངོ་བོ་དང་ཁྱད་པར་སྣ་ཚོགས་པར་སྒྲོ་བཏགས་ནས་དེ་དང་དེར་ཐ་སྙད་འདོགས་པར་བྱེད་དོ། །དེའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ཀྱིས་ཀུན་ཏུ་རྟོག་པར་བྱེད་དོ། །གཞན་གྱི་དབང་གི་ངོ་བོ་ཉིད་ནི་དེས་ཀུན་དུ་བརྟགས་པར་བྱ་བའི་གཞི་ཡིན་ཏེ། འདི་ལྟར་ལུས་དང་ལུས་ཅན་དང་ཟ་བ་པོའི་རྣམ་པར་རིག་པ་ནི། བདག་ཏུ་ཀུན་ཏུ་བརྟག་པར་བྱ་བའི་གཞི་ཡིན་ཏེ། ནང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལ་བདག་ཏུ་འཛིན་པའི་ཕྱིར་དང་། ནང་གི་ཕུང་པོ་ལ་སོགས་པ་དེ་དག་ཀྱང་རྣམ་པར་རིག་པ་གསུམ་པོ་དེ་ཙམ་དུ་ཟད་པའི་ཕྱིར་རོ། །དེས་ཉེ་བར་སྤྱད་པར་བྱ་བ་དང་དེ་ལ་ཉེ་བར་སྤྱོད་པར་བྱེད་པའི་རྣམ་པར་རིག་པ་དག་ཆོས་སུ་ཀུན་ཏུ་བརྟག་པར་བྱ་བའི་གཞི་ཡིན་ཏེ། བྱིས་པ་དག་ཡུལ་དང་ཡུལ་ཅན་དུ་སྣང་བ་ཙམ་ལ་བཟུང་བ་དང་འཛིན་པར་མངོན་པར་ཞེན་པར་བྱེད་ཅིང་། ཡུལ་དང་ཡུལ་ཅན་དུ་སྣང་བ་ཡང་རྣམ་པར་རིག་པ་གཉིས་པོ་དེ་ཙམ་དུ་ཟད་པའི་ཕྱིར་རོ། །གཞན་དབང་རྣམ་རིག་ཙམ་དེ་དག་ཇི་སྲིད་གནས་མ་གྱུར་གྱི་བར་དུ་བདག་དང་ཆོས་ཀྱི་ངོ་བོར་མཚན་མར་འཛིན་པར་བྱེད། དེ་དང་དེར་མངོན་པར་ཞེན་པར་བྱེད། ཐ་སྙད་འདོགས་པར་བྱེད། དེ་དང་དེར་མ་གྲུབ་ཀྱང་དེ་དང་དེར་ཡོད་དོ་ཞེས་སྒྲོ་འདོགས་པར་བྱེད་པ་ནི། བརྟག་པར་བྱ་བ་གཞན་གྱི་དབང་ལ་རྟོག་པར་བྱེད་པ་ཡིད་ཀྱི་ཤེས་པས་ཇི་ལྟར་ཀུན་བཏགས་པའི་རྣམ་པའོ། །

དེ་ལ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ཞེ་ན། གཞན་དབང་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དེ་ཉིད་ཇི་སྐད་བཤད་པའི་ཀུན་བཏགས་པའི་ངོ་བོར་གདོད་མ་ནས་མ་གྲུབ་པའི་སྟོང་པ་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཆོས་བདག་མེད་པའི་ངོ་བོར་གྱུར་པ་སྟེ། ཇི་སྐད་དུ། དེ་ཉིད་ལས། གྲུབ་ནི་དེ་ལ་སྔ་མ་སོ། །རྟག་ཏུ་མེད་པར་གྱུར་པ་གང་། །ཞེས་གང་གསུངས་པ་ཡིན་ནོ། །དེ་ཉིད་གནས་སྐབས་ཐམས་ཅད་དུ་གཞན་དུ་མི་འགྱུར་བའི་ཕྱིར་དེ་བཞིན་ཉིད་དོ། །ཕྱིན་ཅི་མ་ལོག་པའི་ཕྱིར་ཡང་དག་པའི་མཐའ་འོ། །སྤྲོས་པ་ཉེ་བར་ཞི་བའི་ཕྱིར་མཚན་མ་མེད་པའོ། །ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་དོན་དམ་པའོ། །དེ་རྟོགས་པས་འཕགས་པའི་ཆོས་རྣམས་ཐོབ་པར་འགྱུར་བས། །འཕགས་པའི་ཆོས་ཀུན་གྱི་རྒྱུ་ཡིན་པའི་ཕྱིར། ཆོས་ཀྱི་དབྱིངས་སོ། །དེ་ལྟར་ཡང་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་སྟེ། །ཆོས་ཀྱི་དབྱིངས་རྣམས་རྣམ་གྲངས་སོ། །གཞན་མིན་ཕྱིན་ཅི་ལོག་མ་ཡིན། །དེ་འགགས་འཕགས་པའི་སྤྱོད་ཡུལ་དང་། །འཕགས་པའི་ཆོས་ཀྱི་རྒྱུའི་ཕྱིར། །རྣམ་གྲངས་དོན་ཏེ་གོ་རིམ་བཞིན། །ཞེས་གང་གསུངས་པ་ཡིན་ནོ། །

དེ་ལྟ་བུའི་ཡོངས་གྲུབ་དེ་ཡང་རྣམ་པ་གཉིས་ཏེ། དངོས་པོ་མེད་པའི་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དང་པོ་ནི། གཞན་དབང་ལ་གང་ཟག་དང་ཆོས་ཀྱི་བདག་དོན་གཞན་གྱིས་དབེན་པའི་སྟོང་ཉིད་མེད་དགག་གི་རང་བཞིན་ནོ། །གཉིས་པ་ནི། གཞན་དབང་དེ་ཉིད་བདག་གཉིས་ཀྱི་ངོ་བོར་མ་གྲུབ་པའི་སྟོང་ཉིད་མ་ཡིན་དགག་གི་རང་བཞིན་ཏེ། གཞན་དབང་རྣམ་རིག་གཉུག་མའི་ངོ་བོ་སེམས་རང་བཞིན་གྱིས་འོད་གསལ་བ་ཞེས་བརྗོད་པ་གང་ཡིན་པའོ། །དེ་སྐད་དུ་ཡང་དབུས་མཐའ་ལས། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལ་སྟོང་ཉིད་གཞན། །ཞེས་གང་གསུངས་པ་ཡིན་ནོ། །ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དེ་ཉིད་ཇི་ལྟར་ན་གཞན་དབང་ཡིན་ལ། ཅིའི་ཕྱིར་གཞན་གྱི་དབང་ཞེས་བྱ་ཞེ་ན། རང་གི་ས་བོན་ལས་གཉིས་སུ་སྣང་བའི་ངོ་བོར་སྐྱེ་བའི་ཕྱིར་རྐྱེན་གཞན་གྱི་དབང་བྱེད་པ་ཡིན་ལ། སྐྱེས་ནས་ཀྱང་བདག་ཉིད་སྐད་ཅིག་ལས་ལྷག་པར་གནས་མི་ནུས་པའི་ཕྱིར་གཞན་གྱི་དབང་ཞེས་བྱའོ། །བདག་དང་ཆོས་སུ་སྒྲོ་བཏགས་པ་དེ་དག་ཅི་ལྟར་ན་ཀུན་བཏགས་པ་ཡིན་ལ། ཅིའི་ཕྱིར་ཀུན་བཏགས་པ་ཞེས་བྱ་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་ཀུན་ཏུ་རྟོག་པ་དཔག་ཏུ་མེད་པའི་རྣམ་པ་ཅན་རྣམས་ཀྱིས་དམིགས་པ་ཡིན་པའི་ཕྱིར་ཀུན་བཏགས་པ་ཡིན་ལ། རང་གི་མཚན་ཉིད་མེད་པ་ལ་ཀུན་ཏུ་རྟོག་པ་ཙམ་དུ་དམིགས་པས་ན་ཀུན་བཏགས་པ་ཞེས་བྱའོ། །སྟོང་པ་ཉིད་དེ་ཇི་ལྟར་ན་ཡོངས་སུ་གྲུབ་པ་ཡིན་ལ། ཅིའི་ཕྱིར་ཡོངས་སུ་གྲུབ་པ་ཞེས་བྱ་ཞེ་ན། གཞན་དུ་མི་འགྱུར་བའི་ཕྱིར་ཡོངས་སུ་གྲུབ་པ་ཡིན་ལ། ཆོས་ཀུན་གྱི་མཆོག་ཡིན་པའི་ཕྱིར་ཡོངས་སུ་གྲུབ་པ་ཞེས་བྱ་སྟེ། རྣམ་པར་དག་པའི་དམིགས་པ་ཡིན་པ་དང་། དགེ་བའི་ཆོས་ཀུན་གྱི་མཆོག་ཡིན་པའི་ཕྱིར་རོ། །

གཞན་གྱི་དབང་ལ་རྣམ་པ་དུ་ཡོད་ཅེ་ན། རྒྱས་པར་ཕྱེ་ན་ཚད་མེད་ཏེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་དབྱེ་བ་ཇི་སྙེད་པ་ཀུན་དེའི་དབྱེ་བ་ཡིན་པའི་ཕྱིར་རོ། །མདོར་བསྡུ་ན། བག་ཆགས་ཀྱི་གཞན་དབང་དང་། ཀུན་ནས་ཉོན་མོངས་དང་རྣམ་པར་བྱང་བའི་ངོ་བོར་ཡོངས་སུ་མ་གྲུབ་པའི་གཞན་དབང་གཉིས་སོ། །དེ་དག་གི་དོན་ཅི་ཞེ་ན། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་འདི་ཉིད་རང་གི་བག་ཆགས་ཀྱི་ས་བོན་གྱི་དབང་གིས། གཉིས་སུ་སྣང་བའི་ངོ་བོར་སྐྱེས་པའི་ཕྱིར་གཞན་དབང་དང་པོར་བཞག་ལ། རང་བཞིན་གྱིས་རྣམ་པར་དག་པས་ཀུན་ནས་ཉོན་མོངས་པའི་ངོ་བོར་མཐའ་གཅིག་དུ་མ་གྲུབ་ལ། བློ་བུར་དུ་ཀུན་ནས་ཉོན་མོངས་པས་དཀྲུགས་པའི་ཕྱིར་མཐའ་གཅིག་ཏུ་རྣམ་པར་བྱང་བའི་ངོ་བོར་མ་གྲུབ་པས་གཞན་དབང་གཉིས་པར་བཞག་གོ་ཞེས་བྱ་བར་ཁོ་བོ་སེམས་སོ། །ཡང་ན་ཡོངས་སུ་དག་པ་དང་མ་དག་པའི་བྱེ་བྲག་གིས་གཞན་དབང་རྣམ་པ་གཉིས་ཡིན་ནོ། །དང་པོ་ནི་འཕགས་པ་རྣམས་ཀྱི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པ་གང་ཡིན་པས་ཏེ། དེ་ཡང་བཟུང་བ་དང་འཛིན་པའི་ངོ་བོར་སྣང་བ་ཉིད་ཀྱིས་ཁམས་གསུམ་པའི་རྣམ་པ་ཅན་ཡིན་པའི་ཕྱིར་གཞན་གྱི་དབང་ཡིན་ནོ། །གཉིས་པ་ནི་བྱིས་པ་རྣམས་ཀྱི་རྒྱུད་ལ་ཡོད་པའི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའོ། །

ཀུན་བཏགས་པ་ལ་རྣམ་པ་དུ་ཡོད་ཅེ་ན། རྒྱས་པར་ཕྱེ་ན་ཚད་མེད་དེ། རྣམ་པར་རྟོག་པ་མཐའ་ཡས་པས་གང་དེ་དག་གིས་ཀུན་བཏགས་པ་ཡང་དེ་སྙེད་ཡོད་པའི་ཕྱིར་རོ། །མདོར་བསྡུ་ན་གང་ཟག་དང་ཆོས་སུ་ཀུན་བཏགས་པ་གཉིས་ཡིན་ལ། དེ་དག་རེ་རེ་ལ་ཡང་ངོ་བོ་དང་ཁྱད་པར་དུ་ཀུན་བཏགས་པ་གཉིས་གཉིས་ཡིན་ནོ། །ཡོངས་སུ་གྲུབ་པ་ལ་རྣམ་པ་དུ་ཡོད་ཅེ་ན། དེ་ནི་ནམ་མཁའི་དཀྱིལ་འཁོར་ལྟར་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་རོ་གཅིག་པའི་ཕྱིར་དོན་དམ་པར་ནི་དབྱེ་བ་ཅུང་ཟད་ཀྱང་མེད་དོ། །འོན་ཀྱང་སྤྲོས་པ་ལ་དགའ་བའི་ངོར་འཁོར་དང་བཅས་པའི་དབྱེ་བའི་དབང་དུ་བྱས་ན་རྣམ་པ་གཉིས་ཏེ། །རྟག་པ་དང་མི་རྟག་པའི་ཡོངས་སུ་གྲུབ་པའོ། །དང་པོ་ལ་ཡང་རང་བཞིན་གྱིས་ཡོངས་སུ་གྲུབ་པ་དང་། རྣམ་པར་དག་པའི་ཡོངས་སུ་གྲུབ་པ་གཉིས་སོ། །དེ་དག་ཀྱང་གོ་རིམ་བཞིན་དུ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་དང་དྲི་མ་མེད་པའི་དེ་བཞིན་ཉིད་དོ། །རྣམ་པར་དག་པའི་ཡོངས་སུ་གྲུབ་པ་དེ་ཐོབ་པར་བྱེད་པའི་ལམ་གྱི་ངོ་བོ་ས་བོན་དང་བཅས། དམིགས་པ་དང་བཅས་པ་ནི་མི་རྟག་པའི་ཡོངས་སུ་གྲུབ་པ་ཡིན་ལ། དེ་ཡང་རྣམ་པར་བྱང་བའི་ལམ་དང་ལམ་དེའི་དམིགས་པ་རྣམ་པ་གཉིས་ཡིན་ནོ། །དང་པོ་ལ་ཡང་རྒྱུ་དང་འབྲས་བུ་གཉིས་ཡིན་ལ། དང་པོ་ནི། རང་བཞིན་དུ་གནས་པའི་རིགས་ཏེ་དེ་ཡང་ཀུན་གཞི་ལ་ཡོད་པའི་ཟག་པ་མེད་པའི་ས་བོན་ཐོག་མ་མེད་པ་ནས་རྒྱུད་ཏེ་འོངས་པ་ཆོས་ཉིད་ཀྱིས་ཐོབ་པའི་སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་བརྗོད་པ་གང་ཡིན་པ་སྟེ། དེའི་རང་བཞིན་གཏན་ལ་དབབ་པར་ནི་སྔར་རྒྱས་པར་བཤད་ཟིན་ཏོ། །

ཅིའི་ཕྱིར་དེ་ཡོངས་སུ་གྲུབ་པས་བསྡུས་ཞེ་ན། ཐེག་པ་ཆེན་པོ་བསྡུས་པ་ལས། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་ཀྱི་འཇིག་རྟེན་པ་ཡིན་ཡང་། ཆོས་ཀྱི་སྐུས་བསྡུས་པ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་རྣམ་པར་གྲོལ་བའི་ལུས་སུ་བསྡུས་པར་བལྟའོ། །ཞེས་གསུངས་པས་ཀུན་བཏགས་དང་གཞན་དབང་མ་ཡིན་ཏེ། ཀུན་ནས་ཉོན་མོངས་པའི་གཉེན་པོའི་ཕྱོགས་ཀྱིས་བསྡུས་པའི་ཕྱིར་རོ། །གཉིས་པ་དེའི་འབྲས་བུའི་ལམ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཐེག་པ་གསུམ་གྱིས་ལམ་གྱིས་བསྡུས་པ་རྣམས་སོ། །ལམ་དེའི་དམིགས་པ་ནི། ཐེག་པ་ཆེན་པོ་ལ་སོགས་པའི་དམ་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་བསྡུས་པ་དག་ཀྱང་ཡོངས་སུ་གྲུབ་པས་བསྡུས་སོ། །

འདི་ལྟར་དེ་དག་ནི་རྣམ་པར་བྱང་བའི་རྒྱུ་ཡིན་པའི་ཕྱིར། ཀུན་བཏགས་པ་མ་ཡིན་ལ། ཀུན་ནས་ཉོན་མོངས་པའི་ས་བོན་ལས་བྱུང་བ་མ་ཡིན་གྱི། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་རྟོག་པའི་རྒྱུ་མཐུན་པའི་འབྲས་བུ་ཡིན་པའི་ཕྱིར་གཞན་དབང་མ་ཡིན་ནོ། །ཡང་ན་དེ་དག་ཐམས་ཅད་ཀྱང་རྣམ་པར་དག་པ་བཞིར་འགྱུར་ཏེ། འདི་ལྟར་རང་བཞིན་གྱིས་རྣམ་པར་དག་པ་དང། དྲི་མ་མེད་པའི་རྣམ་པར་དག་པ་དང་། སྒྲུབ་པ་རྣམ་པར་དག་པ་དང་། དམིགས་པ་རྣམ་པར་དག་པའོ། །དེ་ལྟར་ཡང་བརྒྱད་སྟོང་པའི་དོན་བསྡུས་པ་ལས། རྣམ་པར་དག་པ་བཞིར་བརྟེན་ནས། །ཡོངས་སུ་གྲུབ་པར་བསྟན་པ་ཡིན། །ཞེས་གང་གསུངས་པ་ཡིན་ནོ། །དེ་དག་ཀྱང་མདོར་བསྡུ་ན་འགྱུར་བ་མེད་པའི་ཡོངས་སུ་གྲུབ་པ་དང་། ཕྱིན་ཅི་མ་ལོག་པའི་ཡོངས་སུ་གྲུབ་པ་གཉིས་སུ་འགྱུར་ཏེ། འདི་ལྟར་དང་པོ་གཉིས་ནི་འགྱུར་བ་མེད་པའི་ཡོངས་སུ་གྲུབ་པ་ཡིན་ལ། ཕྱི་མ་གཉིས་ནི་ཕྱིན་ཅི་མ་ལོག་པའི་ཡོངས་སུ་གྲུབ་པས་བསྡུས་པའི་ཕྱིར་རོ། །དེ་ལྟར་ཡང་། དབུས་དང་མཐའ་རྣམ་པར་འབྱེད་པ་ལས། འགྱུར་མེད་ཕྱིན་ཅི་མ་ལོག་པའི། །ཡོངས་སུ་གྲུབ་པ་རྣམ་པ་གཉིས། །ཅེས་གང་གསུངས་པ་ཡིན་ནོ། །ངོ་བོ་ཉིད་གསུམ་པོ་འདི་དག་ལ་རྫས་སུ་ཡོད་པ་ནི་གང་། བཏགས་པར་ཡོད་པ་ནི་གང་ཞེ་ན། གཞན་གྱི་དབང་ནི་སྒྱུ་མའི་སྤྲུལ་གཞི་བཞིན་དུ་རྫས་སུ་གྲུབ་པ་ཁོ་ན་ཡིན་ཏེ། གཞན་དུ་ན་འཁྲུལ་པའི་གཞི་མེད་པར་འགའ་ཡང་བདག་དང་ཆོས་སུ་སྒྲོ་འདོགས་པར་མི་འགྱུར་ལ། །དེའི་ཕྱིར་འགའ་ཡང་ཀུན་ནས་ཉོན་མོངས་པར་མི་འགྱུར་ཞིང་དེ་མེད་པའི་ཕྱིར་རྣམ་པར་བྱང་བར་ཡང་མི་འགྱུར་རོ། །ཀུན་བཏགས་པ་ནི། གཞན་དབང་བཞིན་དུ་རྫས་སུ་གྲུབ་པ་ནི་མ་ཡིན་ཏེ། དེ་ལྟ་ན་རྣལ་འབྱོར་པ་རྣམས་ཀྱིས་བདག་མེད་པ་རྣམ་པ་གཉིས་རྟོགས་པའི་ཡེ་ཤེས་རྣམས་དེ་ཁོ་ན་ཉིད་ཀྱི་ཡུལ་མ་ཡིན་པས། ཉོན་མོངས་པ་རྣམས་དྲུངས་འབྱིན་པར་མི་ནུས་པའི་ཕྱིར་རོ། །ཅི་སྟེ་ཐ་སྙད་དུ་ཡང་མེད་དོ་ཞེས་སྨྲ་བར་ནུས་པ་མ་ཡིན་ཏེ། འཇིག་རྟེན་ན་ཁོ་བོའི་ཤེས་པས་གཟུགས་མཐོང་ངོ་། །སྒྲ་ཐོས་སོ་ཞེས་སོགས་བཟུང་བ་དང་འཛིན་པའི་ཐ་སྙད་ཀྱང་འཇིག་རྟེན་ཀུན་ལ་མཐོང་བའི་ཕྱིར་དང་། ང་དང་ངའི་ཞེས་པ་ལ་སོགས་པ་བདག་གི་ཐ་སྙད་ཀྱང་མཐོང་བའི་ཕྱིར་རོ། །དེ་ལྟ་ན་མཁས་པ་ནས་བྱིས་པའི་བར་གྱི་འཇིག་རྟེན་པ་ཀུན་ལ་གང་ཟག་དང་ཆོས་ཀྱི་ཐ་སྙད་སྙོན་མི་ནུས་པར་མཐོང་བའི་ཕྱིར་དང་། འཇིག་རྟེན་ཀུན་ལ་གྲགས་པ་ལས་མ་གཏོགས་པའི་ཐ་སྙད་དུ་ཡོད་པའི་སྒྲུབ་བྱེད་མེད་ལ། གང་ཟགདང་ཆོས་ལས་མ་གཏོགས་པའི་ཀུན་བཏགས་ཀྱང་མཁས་པའི་གཞུང་ལས་མི་འབྱུང་བའི་ཕྱིར་ན། ཀུན་བཏགས་པའི་ངོ་བོ་ཉིད་ཐ་སྙད་དུ་ཡོད་དོ། །ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །གང་དག་ཀུན་བཏགས་པ་ནི་རི་བོང་གི་ར་ལ་སོགས་པས་མཚོན་ཏེ། བསྟན་པའི་ཕྱིར་ཐ་སྙད་དུ་ཡང་མ་གྲུབ་བོ་ཞེས་སྨྲ་བ་དེ་དག་ནི་ཐེག་པ་ཆེན་པོའི་གཞུང་ལུགས་རྒྱ་མཚོ་ལྟ་བུའི་ཐ་སྙད་དག་ལ་ལེགས་པར་མ་འདྲིས་བཞིན་དུ་ཆོས་ལ་དབང་ཟ་བར་བྱེད་པ་ཡིན་ཏེ། དེ་ལྟ་ན་ཤེས་བྱའི་མཚན་ཉིད་ཀྱང་གསུམ་དུ་མི་འགྱུར་གྱི་གཉིས་ཁོ་ནར་འགྱུར་བ་དང་། བདེན་པ་ཡང་གཉིས་སུ་མི་འགྱུར་གྱི་གཅིག་ཁོ་ནར་འགྱུར་ཏེ། ཀུན་རྫོབ་གྱི་བདེན་པ་ལ་བསྐུར་པ་བཏབ་པའི་ཕྱིར་རོ། །འགྲོ་བ་ཐམས་ཅད་འབད་པ་མེད་པར་གྲོལ་བར་འགྱུར་ཏེ། འགའ་ཡང་བདག་དང་ཆོས་སུ་ཐ་སྙད་འདོགས་པ་མེད་པའི་ཕྱིར་རོ། །

དེ་ལྟར་ན་གྲང་ཅན་ལ་སོགས་པའི་བདག་དང་གཙོ་བོ་ལ་སོགས་པ་ཡང་ཐ་སྙད་དུ་ཡོད་པར་འགྱུར་ཏེ། དེ་དག་གི་ཐ་སྙད་མཐོང་བའི་ཕྱིར་རོ། །ཞེ་ན། གང་གི་ཐ་སྙད་འཇིག་རྟེན་ཀུན་ལ་གྲགས་ཤིང་གྲུབ་པ་དེ་ནི་འཇིག་རྟེན་ཀུན་རྫོབ་དུ་ཡོད་པ་ཡིན་ལ། གྲང་ཅན་ལ་སོགས་པའི་བདག་ལ་སོགས་པའི་ཐ་སྙད་ནི་གང་དག་དེ་དག་གིས་གྲུབ་མཐའ་ལ་ཞུགས་པ་དག་ཁོ་ན་ལ་གྲགས་པར་ཟད་ཀྱི་གཞན་འགའ་ཡང་ཐ་སྙད་དེ་དག་མ་གྲགས་པས། དེའི་ཕྱིར་དེ་དག་གི་དོན་ནི་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་ལ། གཟུང་བ་དང་འཛིན་པ་དང་གང་ཟག་དང་། སེམས་ཅན་དང་། སྐྱེས་བུ་ལ་སོགས་པའི་ཐ་སྙད་ནི་འཇིག་རྟེན་ཀུན་ལ་གྲགས་པའི་ཕྱིར། དེ་དག་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པར་གྲུབ་པ་ཡིན་ནོ། །དེ་བས་ན་ཀུན་བཏགས་པའི་ངོ་བོ་ཉིད་ལ་སྐུར་པ་འདེབས་པ་དེ་དག་ནི་མ་བསླབས་པའི་ཆོས་ལ་དབང་ཟ་བ་ཡིན་ནོ། །ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི། ཀུན་བཏགས་ལྟར་སྒྲོ་བཏགས་པ་ཡང་མ་ཡིན་ལ། གཞན་དབང་ལྟར་རྫས་སུ་གྲུབ་པ་ཡང་མ་ཡིན་ཏེ། ཅི་སྟེ་རྫས་སུ་གྲུབ་ན་གཞན་དབང་ལས་རྫས་གཅིག་གམ། ཐ་དད་པ་གང་རུང་དུ་འགྱུར་ཏེ། རྫས་སུ་གྲུབ་པ་རྣམས་ལ་རྣམ་པ་གཞན་མི་འཐད་པའི་ཕྱིར་རོ། །

གལ་ཏེ་རྫས་གཅིག་ཡིན་ན་ཡོངས་སུ་གྲུབ་པ་ཡེ་ཤེས་ཀྱི་དམིགས་པར་མི་འགྱུར་ཏེ། གཞན་དབང་ལྟར་ཀུན་ནས་ཉོན་མོངས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་གཞན་དབང་ཡང་ཡོངས་གྲུབ་བཞིན་དུ་ཀུན་ནས་ཉོན་མོངས་པའི་རང་བཞིན་དུ་མི་འགྱུར་རོ། །

གཉིས་པ་ལྟར་ན་གཞན་དབང་ཀུན་བཏགས་ཀྱིས་སྟོང་པར་མི་འགྱུར་ཏེ། ཀུན་བཏགས་ཀྱིས་སྟོང་པའི་སྟོང་པ་ཉིད་ཡོངས་གྲུབ་ནི་གཞན་དབང་དང་འབྲེལ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཡོངས་སུ་གྲུབ་པ་འདི་ནི་རྣལ་འབྱོར་པ་རྣམས་ཀྱིས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་བརྗོད་དུ་མེད་པའི་ཚུལ་དུ་རྟོགས་པར་བྱ་བ་ཡིན་གྱི། འདི་བྱིས་པ་རྣམས་ཀྱི་ཡོད་མེད་སོགས་ཀྱི་ཐ་སྙད་བཏགས་པར་ནུས་པ་མ་ཡིན་ཏེ། གཉིས་སུ་སྣང་བའི་བློའི་ཡུལ་ལས་འདས་པའི་ཕྱིར་རོ། །གང་དག་རྣལ་འབྱོར་སྤྱོད་པ་པ་དག་དེ་བཞིན་ཉིད་ཤེས་པའི་ངོ་བོར་འདོད་དོ་ཞེས་སྨྲ་བ་དེ་དག་ལ་ནི་འདིའི་གཞུང་གི་རྣལ་དབྱེ་ཅུང་ཟད་ཀྱང་མེད་པར་ཟད་སྟེ། དེ་བཞིན་ཉིད་ནི་འདུས་མ་བྱས་སུ་ལན་དུ་མར་བཤད་ཅིང་། འདུས་མ་བྱས་ཕུང་པོས་མ་བསྡུས་པར་འདིའི་གཞུང་གི་ཆ་དུ་མ་ནས་གསུངས་པའི་ཕྱིར་དང་། ཕུང་པོས་མ་བསྡུས་པའི་རྣམ་ཤེས་ཀྱང་གང་ནས་ཀྱང་མ་གསུངས་པའི་ཕྱིར་རོ། །གང་ཡང་། གཟུང་དང་འཛིན་པ་གཉིས་བྲལ་བའི། །རྣམ་པར་ཤེས་པ་དོན་དམ་འདི། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན་དེ་ནི་གཞན་དབང་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་འདི་ཉིད་ཡང་དག་པར་ན་གཟུང་བ་དང་འཛིན་པ་གཉིས་སུ་མེད་པའི་རང་བཞིན་ཤེལ་སྒོང་གཡའ་དང་བྲལ་བ་ལྟ་བུར་གནས་པའི་ཕྱིར། །གཉིས་སུ་མེད་པའི་ཤེས་པ་དོན་དམ་པར་ཡོད་པར་བཤད་པ་ཡིན་ལ། དེ་ཡང་རྣམ་གྲངས་པའི་ཡོངས་སུ་གྲུབ་པ་ཡིན་གྱི། མཚན་ཉིད་པ་མ་ཡིན་ཏེ་ཐེག་པ་ཆེན་པོ་བསྡུས་པ་ལས། རྣམ་པ་གང་གིས་དེ་ཉིད་ཡོངས་སུ་གྲུབ་པ་ཞེས་བྱ་བའི་རྣམ་གྲངས་གང་ཞེ་ན། ཇི་ལྟར་ཀུན་བཏགས་པ་དེ་ལྟར་དེ་གཏན་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །

གལ་ཏེ་གཞན་དབང་ནི་ཀུན་རྫོབ་དུ་གྲུབ་པར་འདོད་པ་ཡིན་གྱི། དོན་དམ་པར་གྲུབ་པར་མི་འདོད་ཅེ་ན་མ་ཡིན་ཏེ། གལ་ཏེ་གཞན་དབང་དོན་དམ་པར་གྲུབ་པར་མི་འདོད་ན། དབུ་མ་པ་དག་གིས་རྣལ་འབྱོར་སྤྱོད་པས་དག་ལ་དགག་པ་སྨྲ་བ་ན། ཇི་སྐད་དུ། གལ་ཏེ་སྐྱེ་བ་མེད་ཅིང་མ་ཤེས་པའི། །བདག་ཅན་གཞན་དབང་ངོ་བོའི་དངོས་ཡོད་ན། །གང་གི་འདི་ནི་ཡོད་པར་མི་རིགས་པའི། །གཞན་ལ་མོ་གཤམ་བུས་གནོད་ཅི་ཞིག་སྐྱལ། །ཞེས་དང་། གཞན་གྱི་དབང་གི་རྫས་ལ་ཆགས་པ་ཡིས། །འཇིག་རྟེན་གྲགས་པའི་རྣམ་བཞག་ཀུན་ཀྱང་བརླག །ཅེས་སོགས་གཞན་དབང་ཅིའི་ཕྱིར་འགོག་དབུ་མ་པ་རང་ཉིད་ཀྱང་གཞན་དབང་ཀུན་རྫོབ་ཏུ་མི་འདོད་པ་མ་ཡིན་ལ། རྣམ་པར་རིག་པས་གཞན་དབང་བདེན་པར་གྲུབ་པར་ཁས་མ་བླངས་པའི་ཕྱིར་རོ། །དེའི་ཕྱིར། དབུ་སེམས་གཉིས་གཞན་དབང་བདེན་པར་གྲུབ་མ་གྲུབ་འབའ་ཞིག་ལ་རྩོད་པ་ཡིན་གྱི། གཞན་དུ་ན་དེ་དག་ལ་རྩོད་པའི་གཞི་ཅུང་ཟད་ཀྱང་མེད་དེ། དབུ་མ་པས་ཀྱང་རང་གི་གཞུང་རྣམས་སུ་གཞན་དབང་བདེན་པར་གྲུབ་པ་འབའ་ཞིག་ལ་དགག་པ་མཛད་ཅིང་། རྣམ་རིག་པས་ཀྱང་དབུ་མ་པ་གཞན་དབང་བདེན་པར་མི་འདོད་པ་འབའ་ཞིག་ལ་དགག་པ་སྨྲ་བར་བྱེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་། སུམ་ཅུ་པའི་འགྲེལ་པར། ཡང་ན་རྣམ་པར་ཤེས་པ་བཞིན་ཤེས་བྱ་ཡང་རྫས་ཉིད་དུ་ཁ་གཅིག་སེམས་དཔའ་དང་། གཞན་དག་ཤེས་བྱ་བཞིན་དུ་རྣམ་པར་ཤེས་པ་ཡང་། ཀུན་རྫོབ་ཏུ་ཡོད་ཀྱི་དོན་དམ་པར་མེད་དོ་སྙམ་དུ་སེམས་པ་མཐའ་གཅིག་ཏུ་སྨྲ་བ་འདི་གཉིས་དགག་པའི་ཕྱིར་རབ་ཏུ་བྱེད་པ་བརྩམས་སོ། །ཞེས་བྱ་བ་ལ་སོགས་པ་བཤད་པའི་ཕྱིར་རོ། །དེ་ལྟ་བས་ན་གང་དག་རྣལ་འབྱོར་སྤྱོད་པའི་ལུགས་རྣམ་པར་འཇོག་པ་ན། ཡོངས་གྲུབ་དོན་དམ་པར་རྫས་སུ་གྲུབ་པ་དང་། གཞན་དབང་ཐ་སྙད་ཙམ་དུ་ཡོད་ཀྱི་དོན་དམ་པར་མེད་པ་དང་། ཀུན་བཏགས་ཐ་སྙད་ཙམ་དུ་ཡང་མེད་དོ། ཞེས་སྨྲ་བར་བྱེད་པ་དེ་དག་ནི། རྣལ་འབྱོར་སྤྱོད་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་བློ་ཁ་མ་ཕྱོགས་བཞིན་དུ་ཆ་མེད་པའི་རྒྱུས་གཏམ་སྨྲས་པས། རང་གི་དོན་ཁོ་ན་ཉིད་གསལ་བར་བྱས་པ་ཡིན་ནོ། །གང་ཡང་དབུས་མཐའ་ལ་སོགས་པ་རྣམ་རིག་པའི་གཞུང་གི་ཆ་དེ་དང་དེར། དམ་པའི་དོན་ནི་གཅིག་པུའོ། །ཞེས་སོགས་གཞན་དབང་དང་ཀུན་བཏགས་དོན་དམ་པར་མ་གྲུབ་ཅིང་ཡོངས་གྲུབ་འབའ་ཞིག་དོན་དམ་པར་བསྟན་པ་ནི། དམ་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཡུལ་མ་ཡིན་པར་སྟོན་པ་ཡིན་གྱི། གཞན་དབང་རིགས་པས་དཔྱད་བཟོད་པའི་དོན་དམ་དུ་མ་གྲུབ་པར་སྟོན་པ་ནི་མ་ཡིན་ནོ། །གཞན་ཡང་དབུས་མཐའི་འགྲེལ་པར། གཞན་གྱི་དབང་གི་མཚན་ཉིད་ཐ་སྙད་དུ་ཡོད་ཀྱང་། དེ་ཁོ་ན་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ། །ཞེས་སོགས་གཞན་དབང་ཀུན་རྫོབ་དུ་བཤད་པ་ནི་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པའི་ཕྱིར་དང་། ཀུན་ནས་ཉོན་མོངས་པའི་དམིགས་པ་ཡིན་པའི་ཕྱིར་ཀུན་རྫོབ་ཞེས་བཤད་པར་ཟད་ཀྱི། རིགས་པས་དཔྱད་མི་བཟོད་པའི་ཀུན་རྫོབ་ཏུ་སྟོན་པའི་རྣམ་རིག་པའི་གཞུང་ཅུང་ཟད་ཀྱང་མེད་དོ། །དེ་ལྟར་ན་ཀུན་བཏགས་པའི་ངོ་བོ་ཉིད་ནི་ཐ་སྙད་དུ་ཡོད་ཀྱི་རྫས་སུ་མེད་པ་དང་། གཞན་གྱི་དབང་གི་ངོ་བོ་ཉིད་ནི་རྫས་སུ་ཡོད་ཀྱི་བཏགས་པར་ཡོད་པ་མ་ཡིན་པ་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་ཡོད་པ་དང་མེད་པ་ལ་སོགས་པའི་ཐ་སྙད་ཐམས་ཅད་ལས་འདས་པ་ཡིན་ནོ། །ཞེས་བྱ་བ་འདི་ནི་ཡང་དག་པར་ཕྱིན་ཅི་མ་ལོག་པ་ཡིན་ནོ། །

དེ་ལ་ངོ་བོ་ཉིད་གསུམ་པོ་འདི་དག་བདེན་པ་གཉིས་ཀྱིས་ཇི་ལྟར་བསྡུས་ཞེ་ན། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོན་དམ་པའི་བདེན་པ་ཡིན་ལ། ཀུན་བཏགས་པའི་ངོ་བོ་ཉིད་ནི་ཀུན་རྫོབ་ཀྱི་བདེན་པ་ཁོ་ན་ཡིན་ནོ། །གཞན་གྱི་དབང་གི་ངོ་བོ་ཉིད་ནི་རྣམ་གྲངས་ཀྱི་དོན་དམ་པ་ཡང་ཡིན་ལ། རྣམ་གྲངས་ཀྱི་ཀུན་རྫོབ་ཀྱི་བདེན་པ་ཡང་ཡིན་ནོ། །རྣམ་གྲངས་གང་གིས་དེ་ཉིད་ལ་དོན་དམ་པ་ཞེས་བྱ་ཞེ་ན། རིགས་པས་དཔྱད་ན་རྫས་སུ་གྲུབ་པའི་ཕྱིར་རྣམ་གྲངས་དེས་ན་དོན་དམ་པ་ཞེས་བྱའོ། །རྣམ་གྲངས་གང་གིས་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་ཞེ་ན། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པའི་ཕྱིར་དང་། ཀུན་ནས་ཉོན་མོངས་པའི་དམིགས་པའི་དམིགས་པར་འགྱུར་བའི་ཕྱིར་རྣམ་གྲངས་དེས་ན་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །དེ་ལ་རྣམ་གྲངས་གང་གིས་དོན་དམ་པར་བདེན་པ་དེས་ནི་ནམ་དུ་ཡང་ཀུན་རྫོབ་དུ་མི་འགྱུར་ལ་རྣམ་གྲངས་གང་གིས་ཀུན་རྫོབ་ཀྱི་བདེན་པར་གྱུར་པ་དེས་ནི་ནམ་ཡང་དོན་དམ་པར་འགྱུར་བ་མེད་དོ། །དེ་བས་ན་བདེན་པ་གཉིས་ཀྱི་མཚན་ཉིད་ཕན་ཚུན་འཆོལ་བར་འགྱུར་བ་ཡང་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཐེག་པ་ཆེན་པོ་བསྡུས་པ་ལས་ཀྱང་། རྣམ་གྲངས་ཀྱིས་ནི་དེ་ཉིད་གཞན་གྱི་དབང་པོ། རྣམ་གྲངས་ཀྱིས་ནི་དེ་ཉིད་ཀུན་ཏུ་བཏགས་པའོ། །རྣམ་གྲངས་ཀྱིས་ནི་དེ་ཉིད་ཡོངས་སུ་གྲུབ་པའོ། །ཞེས་གསུངས་པ་ཡིན་ནོ། །ངོ་བོ་ཉིད་གསུམ་པོ་འདི་དག་ཡུན་གང་གིས་རྟོགས་པར་བྱ་བ་ཡིན་ཞེ་ན། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་ཡིན་ཏེ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས། ཇི་སྐད་དུ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟ་བུར་མཐོང་ངོ་། །ཞེས་གང་གསུངས་པ་ཡིན་ནོ། །ཞན་གྱིས་དབང་གི་ངོ་བོ་ཉིད་ནི་དེའི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་རྟོགས་པར་འགྱུར་ཏེ། མདོ་དེ་ཉིད་ལས། དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་སྒྱུ་མ་དང་། སྨིག་སྒྱུ་དང་། རྨི་ལམ་དང་། བྲག་ཆ་དང་། ཆུ་ཟླ་དང་། སྤྲུལ་པ་དང་མཚུངས་པར་མཐོང་ངོ་། །ཞེས་གང་གསུངས་པ་ཡིན་ནོ། །འདི་བྱིས་པའི་བློའི་སྤྱོད་ཡུལ་ནི་མ་ཡིན་ཏེ། བྱིས་པ་རྣམས་ཀྱིས་ནི་འདི་ལ་གང་ཟག་དང་ཆོས་ཀྱི་ངོ་བོ་གཞན་དང་གཞན་དུ་སྒྲོ་འདོགས་པར་བྱེད་ཀྱི། འདིའི་རང་བཞིན་ཇི་ལྟ་བ་བཞིན་དུ་ཡོངས་སུ་གཅོད་པར་མི་ནུས་པའི་ཕྱིར་རོ། །

དཔེར་ན། ཐག་པ་ལ་སྦྲུལ་དང་། སྨིག་སྒྱུ་ལ་ཆུར་མངོན་པར་ཞེན་པའི་ཚེ་མིག་གི་རྣམ་པར་ཤེས་པས་སྨིག་སྒྱུ་དང་ཐག་པའི་ཁ་དོག་ཉམས་སུ་མྱོང་ཡང་འཁྲུལ་པའི་རྒྱུས་དོན་གཞན་དུ་སྒྲོ་འདོགས་པ་སྐྱེད་པར་བྱེད་ཀྱི། རང་གིས་ཇི་ལྟར་ཉམས་སུ་མྱོང་བ་ལྟར་ཡོངས་སུ་གཅོད་པར་བྱེད་པའི་ངེས་པ་འདྲེན་མི་ནུས་པ་ལྟར་བྱིས་རྣམས་ཀྱིས་ཀྱང་རང་གི་རྒྱུད་ཀྱི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་རྣམས་རང་རིག་པའི་ཚུལ་དུ་ཉམས་སུ་མྱོང་ཡང་ཐོག་མ་མེད་པ་ནས་གང་ཟག་དང་ཆོས་སུ་མངོན་པར་ཞེན་པའི་བག་ཆགས་ཀྱི་དབང་གིས་རྣམ་པ་གཞན་དང་གཞན་དུ་སྒྲོ་འདོགས་པར་བྱེད་ཀྱི། རང་གིས་ཇི་ལྟར་མྱོང་བ་ལྟར་ཡོངས་སུ་གཅོད་པར་མི་བྱེད་དོ། །དེའི་ཕྱིར་གཞན་གྱི་དབང་ནི་བྱིས་པ་རྣམས་ཀྱི་བློའི་སྤྱོད་ཡུལ་མ་ཡིན་ནོ། །གང་གི་ཚེ་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པ་དེའི་ཚེ། ཡེ་ཤེས་དེའི་སྟོབས་ཀྱིས་མཉམ་བཞག་ལས་ལངས་པ་ན་ཡང་། རྣམ་པར་རིག་པ་ཙམ་ལས་མ་གཏོགས་པའི་གང་ཟག་གམ། ཆོས་ཅུང་ཟད་ཀྱང་མེད་ཀྱི། དཔེར་ན། སྔགས་ལ་སོགས་པས་དབང་པོ་སླད་པ་ན་རྣམ་པར་ཤེས་པ་ཉིད་སྐྱེས་པ་དང་བུད་མེད་དང་ཀུན་དགའ་ར་བ་དང་སྐྱེད་མོའི་ཚལ་ལ་སོགས་པ་སྣ་ཚོགས་སུ་སྣང་བ་ལྟར། བག་ཆགས་ཀྱི་དབང་གིས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་རྣམ་རིགས་ཙམ་འདི་ཉིད། ཁམས་གསུམ་གྱི་ལུས་དང་ལོངས་སྤྱོད་དུ་སྣང་ངོ་སྙམ་དུ་གཞན་དབང་གི་ངོ་བོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་གཅོད་པར་བྱེད་དོ། །དེའི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་ནི་འཕགས་པའི་རྗེས་ལས་ཐོབ་པའི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་ནོ། །ཞེས་བྱ་བར་འཐད་པ་ཡིན་ནོ། །དེའི་ཕྱིར་སུམ་ཅུ་པ་ལས་ཀྱང་དེ་མ་མཐོང་བར་དེ་མི་མཐོང་། ཞེས་ཡོངས་སུ་གྲུབ་པ་མ་མཐོང་བར་གཞན་དབང་མི་མཐོང་བར་བསྟན་པ་ཡིན་ནོ། །ཀུན་བཏགས་པའི་ངོ་བོ་ཉིད་ནི། བྱིས་པའི་བློའི་སྤྱོད་ཡུལ་ཡིན་ཏེ་བྱིས་པ་རྣམས་ཀྱིས་གང་ཟག་དང་ཆོས་ཡོངས་སུ་གཅོད་ཅིང་ཐ་སྙད་འདོགས་པའི་ཕྱིར་རོ། །གཞན་ཡང་ཀུན་བཏགས་པའི་ངོ་བོ་ཉིད་ནི་ཤེས་པར་བྱ་བ་ཙམ་མོ། །གཞན་གྱི་དབང་ནི་ཤེས་པར་བྱ་ཞིང་སྤང་བར་བྱ་བ་ཡང་ཡིན་ནོ། །ཡོངས་སུ་གྲུབ་པ་ནི་ཤེས་པར་བྱ་ཞིང་མངོན་དུ་བྱ་བ་ཡང་ཡིན་ནོ། །ངོ་བོ་ཉིད་གསུམ་རྣམ་པར་གཏན་ལ་དབབ་པ་བཤད་ཟིན་ཏོ། །དེ་ལྟར་དོན་གཞན་གྱི་བདག་གིས་སྟོང་པའི་སྟོང་པ་བཤད་ནས་རང་ཉིད་བདག་གི་ངོ་བོར་མེད་པའི་རང་བཞིན་བདག་མེད་པ་འཆད་པར་བཞེད་ནས་བདག་མེད་པའི་མཚན་ཉིད་གང་ཞེ་ན་ཞེས་སྨོས་སོ། །

དེ་ལ་ཇི་ལྟར་བདག་ཏུ་སྨྲ་བ་རྣམས་ཀྱི་རྟག་པ་དང་བྱེད་པ་པོ་དང་ཟ་བ་པོ་ལ་སོགས་པའི་བདག་ཏུ་བཏགས་པའི་མཚན་ཉིད་དེས་ཕུང་པོ་ལ་སོགས་པ་དང་བྲལ་བ་ཡིན་ཏེ། མི་རྟག་པ་ལ་སོགས་པའི་ངོ་བོར་གནས་པའི་ཕྱིར་རོ། །རྒྱུ་མཚན་དེས་ན་ཕུང་པོ་ལ་སོགས་པ་ནི་བདག་མེད་པ་ཡིན་ནོ། །ཆོས་གང་ཇི་སྙེད་པ་ཐམས་ཅད་ནི་ཕུང་པོ་ཁམས་དང་སྐྱེད་མཆེད་འདི་ཙམ་དུ་ཟད་པ་དེ་དག་ཀྱང་བདག་གི་མཚན་ཉིད་ཀྱིས་བདག་མེད་པ་ཡིན་པ་འདི་ལ་དགོངས་ནས་ཆོས་ཐམས་ཅད་བདག་མེད་པའོ་ཞེས་གསུངས་པ་ཡིན་ནོ། །ཞར་ལ་མདོ་གཞན་གྱི་དོན་ཡང་བཤད་པར་བཞེད་ནས་བཅོམ་ལྡན་འདས་ཀྱིས་འདི་དག་ཐམས་ཅད་ནི། ང་ཡི་བ་མེད་པའོ་ཞེས་སོགས་གསུངས་པ་འདི་ནི་དོན་ཅི་ཞེ་ན་ཞེས་སྨོས་ཏེ། དེ་ལ་འདི་དག་ཐམས་ཅད་དང་ང་ཡི་བ་མེད་པའོ་ཞེས་པའི་དོན་ནི། ཕྱི་རོལ་གྱི་དངོས་པོ་ཟས་གོས་ལ་སོགས་པ་ལོངས་སྤྱད་བྱ་འདི་དག་ནི་བདག་གིས་དབང་བསྒྱུར་བྱའམ་ལོངས་སྤྱད་བྱའི་བདག་གི་བ་མ་ཡིན་ནོ། །

འདི་ནི་ང་མ་ཡིན་ཞེས་པ་ནི། ནང་རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་ལྔའི་དངོས་པོ་འདི་ནི་ལོངས་སྤྱོད་པ་པོའི་ངའམ་བདག་མ་ཡིན་ནོ། །འདི་ནི་ངའི་བདག་མ་ཡིན་ཞེས་པ་ནི། བུ་དང་ཆུང་མ་དང་བྲན་དང་ཕྱུགས་ལ་སོགས་པ་གཞན་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་རྣམས་ནི་ངའི་དབང་བསྒྱུར་བྱའམ་ལོངས་སྤྱད་པར་བྱ་བའི་བདག་གཞན་མ་ཡིན་ནོ་ཞེས་པའོ། །དེ་ལྟར་ན་མདོ་དེས་ཕྱིའི་དངོས་པོ་རྒྱུད་ཀྱིས་མ་བསྡུས་པ་རྣམས་ལ་ནི་བདག་གི་བའི་རྣམ་པ་འབའ་ཞིག་བཀག་སྟེ། དེ་དག་ལ་ནི་བདག་གི་བར་འཛིན་པར་བྱེད་ཀྱི། བདག་ཏུ་འཛིན་པ་མི་སྲིད་པའི་ཕྱིར་རོ། །ནང་རྒྱུད་ཀྱིས་བསྡུས་པའི་དངོས་པོ་རྣམས་ལ་ནི་བདག་དང་བདག་གི་བའི་རྣམ་པ་གཉིས་བཀག་སྟེ། དེ་ལ་ནི་རང་གི་རྒྱུད་ཀྱིས་བསྡུས་པ་ལ་བདག་དང་གཞན་གྱིས་བསྡུས་པ་ལ་བདག་གི་རྣམ་པ་གཉིས་སྐྱེ་བའི་ཕྱིར་རོ། །

བཞི་པ་དེ་རྣམས་ཀྱི་ཁྱད་པར་བཤད་པ་ལ་གསུམ་སྟེ། སྐད་ཅིག་གིས་མི་རྟག་པ་ལ་འཕྲོས་པ་དང་། སྤྱིར་སྡུག་བསྔལ་གྱི་དབྱེ་བ་དང་། འཆི་བ་སྡུག་བསྔལ་ལ་འཕྲོས་པའོ། །དང་པོ་ལ་ཡང་གཉིས་ལས། གཟུགས་ཅན་སྐད་ཅིག་མར་སྒྲུབ་པ་ནི། སྐད་གཅིག་མའི་མཚན་ཉིད་མི་རྟག་པ་ཉིད་ཞེས་གང་བཤད་པ་དེ་ལ་སེམས་དང་སེམས་ལས་བྱུང་བ་རྣམས་སྐད་ཅིག་སྐད་ཅིག་ལ་སྣ་ཚོགས་ཀྱི་རྣམ་པར་འབྱུང་བའི་ཕྱིར་སྐད་ཅིག་མ་ཡིན་ཡང་ཕྱི་ནང་གི་གཟུགས་རྣམས་ནི་ཅི་ལྟར་སྐད་ཅིག་མ་ཡིན་ཞེ་ན། སེམས་དང་སེམས་ལས་བྱུང་བ་ལྟར་ཕྱི་ནང་གི་གཟུགས་རྣམས་ཀྱང་སྐད་ཅིག་མར་བལྟ་སྟེ། འདི་ལྟར་ནང་གི་ལུས་རྣམས་ནི་སེམས་སྐད་ཅིག་མས་ཟིན་པའི་ཕྱིར་ཏེ། སེམས་དང་གྲུབ་པ་དང་བདེ་བ་གཅིག་པའི་ཕྱིར་རོ། །དེ་ཡང་འདི་ལྟར་རྣམ་པར་ཤེས་པ་དང་བཅས་པའི་ལུས་ནི་ཡང་དག་པར་འགྲུབ་ཀྱི། རྣམ་པར་ཤེས་པ་དང་བྲལ་བའི་ལུས་ནི་རུལ་བ་ལ་སོགས་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་བདེ་བ་དང་སྡུག་བསྔལ་དང་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་གནས་སྐབས་ན་སེམས་འགྱུར་བའི་རྗེས་སུ་ལུས་ཀྱང་དེ་དང་རྗེས་སུ་མཐུན་པར་རྣམ་པ་གཞན་དུ་འགྱུར་བར་སྣང་བའི་ཕྱིར་རོ། །དབང་པོ་དང་བཅས་པའི་ལུས་ནི་སེམས་སྐད་ཅིག་མ་འབྱུང་བའི་གནས་སམ་རྟེན་དུ་གྱུར་པ་ཡིན་པའི་ཕྱིར་ཏེ། འདི་ལྟར། གང་ཞིག་གང་ལ་བརྟེན་པ་དེ་ནི་རྟེན་མ་ཞིག་པར་དེ་ལ་བརྟེན་པ་འཇིག་པ་མ་ཡིན་ཏེ། དཔེར་ན་སྒྲོན་མེ་མ་ཞིག་པར་འོད་མི་འཇིག་པ་བཞིན། དབང་པོ་དང་བཅས་པའི་ལུས་ལ་བརྟེན་པའི་སེམས་ནི་སྐད་ཅིག་གིས་འཇིག་པར་དམིགས་པའི་ཕྱིར། དེའི་རྟེན་ལུས་ཀྱང་སྐད་ཅིག་གིས་འཇིག་པར་གྲུབ་པ་ཡིན་ནོ། །ཕྱི་དང་ནང་གི་གཟུགས་རྣམས་ནི་སེམས་སྐད་ཅིག་མའི་དབང་གིས་བྱུང་བའི་ཕྱིར་ཡང་སྐད་ཅིག་མ་ཡིན་ཏེ། རྒྱུ་མི་རྟག་པ་ལ་འབྲས་བུ་རྟག་པ་འགལ་བའི་ཕྱིར་རོ། །

ཇི་སྐད་དུ། མདོ་ལས། གཟུགས་འབྱུང་བའི་རྒྱུ་གང་ཡིན་པ་དང་། རྐྱེན་གང་ཡིན་པ་དེ་དག་ནི་མི་རྟག་པ་ཡིན་ན། རྒྱུ་རྐྱེན་མི་རྟག་པ་ལ་བརྟེན་ནས་བྱུང་བའི་གཟུགས་རྟགས་པ་ག་ལ་འགྱུར། ཞེས་གསུངས་པ་ལྟར་རོ། །གཞན་ཡང་ཕྱི་ནང་གི་གཟུགས་དེ་དག་ལ་སེམས་སྐད་ཅིག་མས་དབང་བསྒྱུར་བའི་ཕྱིར་ཏེ། མཐུ་ཁྱད་པར་དུ་འཕགས་པའི་སེམས་ཀྱིས་ཇི་ལྟར་མོས་པ་བཞིན་དུ་ཕྱི་ནང་གི་གཟུགས་དེ་དག་རྣམ་པ་གཞན་དང་གཞན་དུ་འགྱུར་བའི་ཕྱིར་རོ། །གཞན་ཡང་། གཟུགས་རྣམས་ནི་རང་གི་རྒྱུན་གྱི་མཐར་སྐད་ཅིག་ཀྱང་མི་སྡོད་པར་འགྱུར་ཞིང་འཇིག་པར་དམིགས་པའི་ཕྱིར། སྔར་ནས་ཀྱང་སྐད་ཅིག་གིས་འགྱུར་བར་ཤེས་ཏེ། གཞན་དུ་ན་ཐ་མའི་གནས་སྐབས་དང་སྔར་གྱི་གནས་སྐབས་ལ་ཁྱད་པར་མེད་པའི་ཕྱིར་སྔ་མའི་གནས་སྐབས་བཞིན་དུ་རྒྱུན་གྱི་མཐར་ཡང་མི་འགྱུར་བར་ཐལ་བའི་ཕྱིར་རོ། །སྐྱེས་ནས་ཀྱང་རྐྱེན་ལ་མི་ལྟོས་པར་རང་གི་ངང་གིས་འཇིག་པར་དམིགས་པའི་ཕྱིར་གཟུགས་ནི་སྐྱེས་ཙམ་ཉིད་ནས་སྐད་ཅིག་མར་གནས་པར་མངོན་ཏེ་གཞན་དུ་ན། འཇིག་བྱེད་ཀྱི་རྐྱེན་མེད་པར་མཚུངས་པ་ལ། ཐ་མའི་གནས་སྐབས་རྣམས་འཇིག་ལ། སྔར་གྱི་གནས་སྐབས་རྣམས་མི་འཇིག་པའི་ཁྱད་པར་མེད་པའི་ཕྱིར་རོ། །གང་ཞིག་འཇིག་བྱེད་ཀྱི་རྐྱེན་གཞན་ལ་ལྟོས་པ་མེད་པར་རང་གི་ངང་གི་འཇིག་པ་དེ་དག་ནི་སྐད་ཅིག་མར་གནས་པ་ཡིན་ཏེ། དཔེར་ན། སེམས་དང་སེམས་ལས་བྱུང་བ་རྣམས་བཞིན། ཕྱི་དང་ནང་གི་གཟུགས་རྣམས་ཀྱང་འཇིག་པར་བྱེད་པའི་རྐྱེན་གཞན་ལ་ལྟོས་པ་མེད་པར་རང་གི་ངང་གིས་འཇིག་པར་དམིགས་སོ་ཞེས་བྱ་བ་ནི་འགལ་ཁྱབ་དམིགས་པའོ། །

ཞར་བྱུང་གཟུགས་ཀྱི་ཁྱད་པར་བཤད་པ་ལ་གཉིས་ལས། གཟུགས་འདུས་པ་རྒྱུ་འབྲས་ཀྱི་རྣམ་གཞག་ནི་མདོ་ལས། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། ཞེས་སོགས་གསུང་ན། མེ་ལ་སོགས་པའི་འབྱུང་བ་གཞན་མ་དམིགས་པའི་གཟུགས་ཀྱང་དམིགས་ན། དེ་ཅི་ལ་དགོངས་ནས་གསུངས་ཞེ་ན། འདུས་པ་འགའ་ལ་འབྱུང་བ་ཆེན་པོ་བཞི་ཀ་རྒྱུར་ཡོད་པ་སྲིད་པ་ལ་དགོངས་ནས་གསུང་པར་ཟད་ཀྱི། གཟུགས་ཀུན་ལ་འབྱུང་བ་བཞི་ཀ་ངེས་པར་ཚང་བ་ནི་མ་ཡིན་ནོ། །མདོའི་འབྱུང་བ་རྒྱུར་བྱས་པ། ཞེས་པའི་སྒྲའི་དོན་ནི། འབྱུང་བའི་ཕྱོགས་གཅིག་ལ་འབྱུང་གྱུར་རྣམས་བརྟེན་པའི་དོན་ཏེ། འབྱུང་བའི་ཕྱོགས་ལ་མི་ལྟོས་པར་འབྱུང་གྱུར་རྣམས་ལ་ལོགས་ཤིག་ན་རང་དབང་དུ་གནས་པའི་མཐུ་མེད་པའི་ཕྱིར་རོ། །དེ་བས་ན་འདུས་པ་གང་ལ་འབྱུང་བ་གང་དམིགས་པ་དེ་ནི་དེ་ན་རང་གི་མཚན་ཉིད་ཀྱིས་ཡོད་དོ་ཞེས་བརྗོད་པར་བྱའི། གཞན་ནི་མེད་པར་རིག་པར་བྱའོ། །དེ་ལྟ་ན་འབྱུང་བ་གཅིག་ལས་གྱུར་པའི་འདུས་པ་ཡང་ཡོད་དེ། འདི་ལྟ་སྟེ། ས་རྡོག་སྐམ་པོ་ལྟ་བུའོ། །གཉིས་པ་ལས་གྱུར་པ་ཡང་ཡོད་དེ། དེ་ཉིད་གཤེར་བ་ལྟ་བུའོ། །གསུམ་ལས་གྱུར་པ་ཡང་ཡོད་དེ། དེ་ཉིད་དྲོ་བར་གྱུར་པ་ལྟ་བུའོ། །འབྱུང་བ་བཞི་ལས་གྱུར་པ་ཡང་ཡོད་དེ། ས་རྡོག་དེ་ཉིད་གཤེར་བ་དང་། དྲོ་བ་དང་། འདྲིལ་ཞིང་འགྲོ་བའི་ཚེ་ནའོ། །འདུས་པ་གང་རྒྱུར་བྱས་པའི་གཟུགས་གཅིག་དང་ལྡན་པ་ཡང་ཡོད་དེ། འདི་ལྟར། འོད་ལྟ་བུའོ། །གཉིས་དང་ལྡན་པ་ཡང་ཡོད་དེ། སྒྲ་དང་དྲི་དང་བཅས་པའི་རླུང་ལྟ་བུའོ། །གསུམ་པ་དང་ལྡན་པ་ཡང་ཡོད་དེ། འདི་ལྟར་དུ་བ་ལྟ་བུའོ། །དེ་ནི་གཟུགས་དང་། དྲི་དང་། རེག་བྱའི་བྱེ་བྲག་གིས་རབ་ཏུ་ཕྱེ་བའི་ཕྱིར་ཏེ། རེག་བྱའི་བྱེ་བྲག་ནི་འདིར་ཡང་བ་ཉིད་དུ་རིག་པར་བྱའོ། །རྒྱུར་བྱས་པའི་གཟུགས་བཞི་དང་ལྡན་པ་ཡང་ཡོད་དེ། བུ་རམ་གྱི་གོང་བུ་ལྟ་བུའོ། །ལྔ་དང་ལྡན་པ་ཡང་ཡོད་དོ། དེ་ཉིད་སྒྲ་དང་བཅས་པ་ལྟ་བུའོ། །དེ་ལྟར་ན་གཞན་ཡང་འབྱུང་བ་དང་འབྱུང་བ་ལས་གྱུར་པ་གང་ན་གང་དམིགས་པ་དེ་ནི་དེ་ན་ཡོད་པར་རིག་པར་བྱའི། གཞན་ནི་མ་ཡིན་ནོ། །རྡུལ་ཕྲ་རབ་ལ་དཔྱད་པ་ནི། རྡུལ་ཕྲ་རབ་ནི་ལུས་སམ་རྫས་སུ་མེད་པར་རིག་པར་བྱ་སྟེ། དེ་གཟུགས་ཅན་རྣམས་བློས་ཆུང་བའི་མཐར་རབ་ཏུ་ཕྱེ་ནས་རྡུལ་ཕྲ་རབ་ཏུ་རྣམ་པར་གཞག་པ་ཙམ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ལུས་མེད་ན་རྡུལ་ཕྲ་རབ་ཏུ་རྣམ་པར་འཇོག་ཅེ་ན། གཟུགས་ལ་བློས་ཆ་ཤས་ཀྱིས་རྣམ་པར་ཕྱེ་ནས་རྡུལ་ཕྲ་རབ་ཏུ་བཤིག་པ་ན། ནང་གི་གཟུགས་འདི་དག་ཐམས་ཅད་གཅིག་གོ་ཞེས་རིལ་པོ་གཅིག་ཏུ་འཛིན་པའི་འདུ་ཤེས་རྣམ་པར་བཤིག་པར་འགྱུར་ལ། དེ་ལྟར་ན། གང་ཟག་གི་བདག་མེད་པ་ལ་འཇུག་པའི་རྗེས་སུ་མཐུན་པར་འགྱུར་རོ། །དེ་ལྟར་བློས་རྡུལ་ཕྲ་རབ་ཏུ་རྣམ་པར་བཤིག་པ་ན། གཟུགས་ལ་རྫས་ཀྱི་ངོ་བོ་ཅི་ཡང་མེད་པར་རྟོགས་ནས། ཕྱིའི་གཟུགས་རྣམས་རྫས་སུ་ཡོངས་སུ་གྲུབ་པ་མེད་པར་འཇུག་པར་འགྱུར་ཏེ། འདི་ལྟར་རྣམ་པར་རིག་པ་ཙམ་དུ་འཇུག་པས་ཆོས་ལ་བདག་མེད་པར་རྟོགས་ནས། ཕྱིའི་གཟུགས་རྣམས་རྫས་སུ་ཡོངས་སུ་གྲུབ་པ་མེད་པར་འཇུག་པར་འགྱུར་ཏེ། འདི་ལྟར་རྣམ་པར་རིག་པ་ཙམ་དུ་འཇུག་པས་ཆོས་ལ་བདག་མེད་པ་ལ་འཇུག་པའི་རྗེས་སུ་མཐུན་པར་འགྱུར་རོ། །

སྤྱིར་སྡུག་བསྔལ་གྱི་དབྱེ་བ་ལ་གཉིས་ལས། བཤད་བྱ་ནི། ཡང་སྡུག་བསྔལ་འདི་ནི་ཞེས་བྱ་བ་ལ་སོགས་པའོ། །དེ་བཤད་པ་ནི། གང་འདོད་པ་ན་སྤྱོད་པ་ཐར་པ་ཆ་མཐུན་དང་། མི་གཡོ་བའི་དགེ་བའི་རྩ་བ་མ་བསགས་པ་རྣམས་ཀྱི་སྡུག་བསྔལ་ནི། འགྲོ་བ་ལྔ་དང་། སྐྱེ་གནས་བཞི་ཀའི་སྡུག་བསྔལ་དང་ལྡན་པས་ཤིན་ཏུ་རྒྱས་ལ། ཐར་པ་ཆ་མཐུན་དང་མི་གཡོ་བའི་དགེ་བའི་རྩ་བ་མ་བསགས་པས་མ་བསྲབས་པ་ཡང་ཡིན་ནོ། །བསྲབས་པ་ནི་དེ་ཉིད་ཐར་པ་ཆ་མཐུན་གྱི་དགེ་བའི་རྩ་བ་སྐྱེས་པ་རྣམས་ཀྱི་སྟེ། གདོན་མི་ཟ་བར་ཡོངས་སུ་མྱ་ངན་ལས་འདའ་བར་ངེས་པར་བྱས་པའི་ཕྱིར་རོ། །འདོད་པ་ན་སྤྱོད་པ་དེ་ཉིད་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་མི་གཡོ་བའི་དགེ་བའི་རྩ་བ་བསགས་པ་རྣམས་ཀྱི་ནི་རེ་ཞིག་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་ལ་སོགས་པ་ལས་འདའ་ངེས་སུ་བྱས་པའི་ཕྱིར་བསྲབས་པ་ཡིན་ལ། གཏན་དུ་མ་ཡིན་པའི་ཕྱིར་མ་བསྲབས་པ་ཡང་མིན་ནོ། །གཟུགས་ཁམས་ཀྱི་བྱིས་པ་ཐར་པ་ཆ་མཐུན་གྱི་དགེ་བའི་རྩ་བ་རྣམ་པར་སྤངས་པ་རྣམས་ནི། ཁམས་གོང་འོག་གི་སྡུག་བསྔལ་ལ་ལྟོས་ཏེ། བར་མ་ཡང་ཡིན་ལ། མྱ་ངན་ལས་འདའ་ངེས་པ་མ་ཡིན་པས་མ་བསྲབས་པ་ཡིན་ནོ། །གཟུགས་མེད་པར་སྐྱེས་པའི་བྱིས་པ་ཐར་པ་ཆ་མཐུན་སྤངས་པ་ནི། ཁམས་འོག་མ་གཉིས་ལ་ལྟོས་ནས་བསྲབས་པ་ཡང་ཡིན་ལ། མྱ་ངན་ལས་འདའ་བར་མ་ངེས་པའི་ཕྱིར་མ་བསྲབས་པ་ཡང་ཡིན་ནོ། །སློབ་པ་རྣམས་ཀྱི་ངན་སོང་དང་། དྲོད་གཤེར་དང་། སྒོ་ང་ལས་སྐྱེས་པ་ལས་ཀྱང་འདས་པས་བསྲབས་པ་ཡིན་ལ། དུས་ངེས་པ་སྲིད་པ་བདུན་པ་སོགས་ཀྱིས་ཐར་པ་ངེས་པར་བྱས་པས། ཆེས་བསྲབས་པ་ཡང་ཡིན་ནོ། །མི་སློབ་པ་རྣམས་ཀྱི་སྲོག་གི་དབང་པོའི་རྐྱེན་གྱིས་འཇུག་པའི་མིང་གཟུགས་ནི། དེ་ཙམ་གྱི་འགྲོ་བ་དང་། སྐྱེ་གནས་དང་། སྡུག་བསྔལ་ཉིད་ལུས་པས་བསྲབས་ལ། ཚེ་དེ་ཉིད་ལ་མྱ་ངན་ལས་འདས་པས་ཤིན་ཏུ་ཆེས་བསྲབས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དབང་དམ་པའི་ཕ་རོལ་ཏུ་སོན་པ་རྣམས་ཀྱི་གཞན་གྱི་དོན་དུ་བསམས་བཞིན་དུ་སྲིད་པར་སྐྱེ་བ་ལེན་པ་གང་ཡིན་པ་དེ་ནི་ལས་དང་ཉོན་མོངས་པ་མ་སྐྱེས་པས་སྡུག་བསྔལ་བ་མ་ཡིན་ལ། གཞན་སྣང་དུ་སྐྱེ་བ་སྟོན་པས་ན་སྡུག་བསྔལ་དུ་སྣང་ཞིང་། སེམས་ཅན་དཔག་ཏུ་མེད་པའི་སྡུག་བསྔལ་སེལ་བར་བྱེད་པས་ན། བསྲབས་པ་ཆེན་པོས་ཉེ་བར་གནས་པ་ཡང་ཡིན་ནོ། །འཆི་བ་སྡུག་བསྔལ་ཁྱད་པར་དུ་བཤད་པ་ལ་ལྔ་ལས། འཆི་བ་སྡུག་བསྔལ་གྱི་དབྱེ་བ་ནི། སྔར་སྡུག་བསྔལ་བརྒྱད་སྟོན་པ་ན། འཆི་བ་སྡུག་བསྔལ་ཞེས་གསུངས་པ་དེ་ལ་འཆི་བ་རྣམ་པ་གསུམ་ནི་དགེ་བའི་སེམས་ཡོད་པ་སོགས་གསུམ་སྟེ། དེ་ཡང་སྲོག་ཐ་མ་འཆད་པའི་གནས་སྐབས་ཀྱི་སེམས་ནི་ཉོན་མོངས་ཅན་ཡིན་པས། དགེ་བ་ལ་སོགས་པ་གསུམ་ནི། དེའི་སྔ་ལོགས་ཀྱི་དབང་དུ་བྱས་པ་ཡིན་ནོ། །

དེ་འཆད་པ་ནི། སེམས་ཡིད་ཀྱི་རྣམ་པར་ཤེས་པའི་བརྒྱུ་བ་གསལ་བ་ནི་རང་ཉིད་ཀྱིས་ཚུལ་བཞིན་ཡིད་ལ་བྱེད་པ་སོགས་དགེ་བའི་རྩ་བ་བསྒྲུབས་པས་སམ། གཞན་གྱིས་ཆོས་སྟོན་པ་སོགས་ཀྱིས་དགེ་བ་ལ་སེམས་མངོན་པར་ཕྱོགས་པར་བྱས་པའི་སྒོ་ནས་བསྒྲུབས་པས་ཀྱང་རུང་སྟེ། དེ་ཐམས་ཅད་ནི་དགེ་བའི་སེམས་ཡོད་པར་འཆི་བར་བལྟའོ། །སེམས་གསལ་བ་ན་རང་ངམ་གཞན་གྱི་རྐྱེན་བྱས་པས་ཀྱང་རུང་སྟེ། མི་དགེ་བའི་སེམས་བསྒྲུབས་པ་ནི་མི་དགེ་བའི་སེམས་ཡོད་པའི་འཆི་བའོ། །སེམས་གསལ་མི་གསལ་གང་ཡིན་ཡང་རུང་རང་གཞན་གྱི་རྐྱེན་དེ་གཉིས་ཀ་མ་ཚང་བའི་ཕྱིར་རམ། ཚང་ཡང་ལུས་སེམས་སྟོབས་ཞན་པས་སེམས་ཀྱང་མི་གསལ་ཏེ། དགེ་མི་དགེ་ལ་སེམས་མངོན་པར་འདུ་བྱེད་མི་ནུས་པས་ཀྱང་རུང་སྟེ། དེ་ལྟ་བུ་ནི་ལུང་མ་བསྟན་གྱི་སེམས་ཡོད་པར་འཆི་བ་ཡིན་ནོ། །

དེ་ལྟར་དགེ་བའི་སེམས་དང་ལྡན་པར་འཆི་བ་ནི། བདེ་བར་འཆི་བས་འཆི་བར་འགྱུར་ཏེ། འཆི་ཀར་དེའི་ལུས་ལ་སྡུག་བསྔལ་གྱི་ཚོར་བ་དྲག་པོ་འབྱུང་བར་མི་འགྱུར་རོ། །མི་དགེ་བའི་སེམས་དང་ལྡན་པར་འཆི་བ་ནི། སྡུག་བསྔལ་གྱི་འཆི་བས་འཆི་བར་འགྱུར་ཏེ། འཆི་ཀར་དེའི་ལུས་ལ་སྡུག་བསྔལ་གྱི་ཚོར་བ་དྲག་པོ་འབྱུང་བར་འགྱུར་རོ། །

དགེ་བའི་སེམས་དང་ལྡན་པར་འཆི་བ་ནི། གཟུགས་མཐོང་བ་འཁྲུལ་པར་མི་འགྱུར་ལ། མི་དགེ་བའི་སེམས་དང་ལྡན་པར་འཆི་བ་ལ་ནི་གཟུགས་མཐོང་བ་འཁྲུལ་པར་འགྱུར་རོ། །ལུང་དུ་མ་བསྟན་པ་སོགས་ཀྱིས་འཆི་བ་ལ་ནི། བདེ་བས་འཆི་བས་ཀྱང་མི་འཆི་ལ། སྡུག་བསྔལ་གྱི་འཆི་བས་ཀྱང་མི་འཆི་བ་ཞེས་བྱའོ། །གཞན་ཡང་འཆི་བའི་དུས་བྱེད་པའི་ཚེ་མི་དགེ་བའི་ལས་བྱེད་པ་རྣམས་ལ་ནི་མི་དགེ་བའི་ལས་ཀྱི་འབྲས་བུ་མི་སྡུག་པ་འདིར་མྱོང་བར་འགྱུར་ཏེ། འདི་ལྟར་རྨི་ལམ་བཞིན་དུ་དེ་ལ་གཟུགས་མི་སྡུག་པ་དུ་མ་སྣང་བར་འགྱུར་རོ། །དེ་ལ་མི་དགེ་བ་ཆེན་པོ་བྱེད་པ་རྣམས་ལ་ནི། མཚན་མ་མི་སྡུག་པ་དེ་མཐོང་བས་སྡུག་བསྔལ་འབྱུང་བར་འགྱུར་ཞིང་། སྤུ་ཟིང་ཞེས་བྱེད་པར་འགྱུར། རྐང་ལག་གཡོབ་པ་དང་། གཅིན་དང་ཕྱི་ས་འཆོར་བ་དང་། ཁ་ནས་དབུགས་འབྱུང་བ་དང་། དེ་ལྟ་བུ་དང་མཐུན་པའི་ཆོས་རྣམས་འབྱུང་བར་འགྱུར་རོ། །གལ་ཏེ་འབྲིང་བྱེད་པ་ཞིག་ཡིན་ན་ནི། དེ་དག་ལས་ཁ་ཅིག་འབྱུང་བར་འགྱུར། ཁ་ཅིག་མི་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་ལ་དགོངས་ནས། དེ་སྔོན་སྡིག་པ་མི་དགེ་བའི་ལས་བྱས་ཤིང་བསགས་པར་གྱུར་པ་གང་ཡིན་པ་ནི། འཆི་ཀ་དེའི་ཚེ། དེ་ལ་ཕྱི་མ་རེད་ཀྱི་དུས་ཀྱི་ཚེ། རི་རྣམས་སམ་རིའི་རྩེ་མོ་རྣམས་ཀྱི་གྲིབ་མ་བཞིན་དུ་འབབ་ཅིང་ལྷག་པར་འབབ་ལ། མངོན་དུ་འབབ་པར་འགྱུར་རོ། །ཞེས་གསུངས་ཏེ། གང་ཟག་དེ་ནི་སྣང་བ་ནས་མུན་ཁྲོད་དུ་འགྲོ་བ་ལྟ་བུར་རིག་པར་བྱའོ། །དགེ་བ་བྱེད་པ་དག །འཆི་བའི་དུས་བྱེད་པའི་ཚེ། དེ་དག་ལས་ལྡོག་པའི་མཚན་མ་དག་འབྱུང་སྟེ། གང་ཟག་དེ་ནི་མུན་ཁྲོད་ནས་སྣང་བར་འགྲོ་བ་ལྟ་བུར་རིག་པར་བྱའོ། །ཐམས་ཅད་ཀྱང་ཇི་སྲིད་འདུ་ཤེས་མི་གསལ་བར་མ་གྱུར་གྱི་བར་དུ། ཡུན་རིང་མོ་ནས་གོམས་པའི་བདག་ལ་ཆགས་པ་ཀུན་ཏུ་འབྱུང་ངོ་། །དེའི་འོག་ཏུ་དེའི་དབང་གིས་བདག་མེད་པར་འགྱུར་རོ་སྙམ་ལུས་ལ་མངོན་པར་དགའ་བར་འགྱུར་ཏེ། དེ་ནི་དེའི་བར་དོའི་སྲིད་པ་མངོན་པར་འགྲུབ་པའི་རྟེན་ཡིན་ནོ། །དེ་ལ་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་རྣམས་ལ་ཡང་དེའི་ཚེ་བདག་ཏུ་ཆགས་པ་དེ་ཀུན་ཏུ་འབྱུང་མོད་ཀྱི། འོན་ཀྱང་དེ་དག་ནི་ཤེས་རབ་ཀྱིས་སོ་སོར་བརྟགས་ནས་སྤོང་བར་བྱེད་དོ། །ཕྱིར་མི་འོང་བ་རྣམས་ལ་ནི་དེའི་ཚེ་བདག་ལ་ཆགས་པ་ཀུན་ཏུ་མི་འབྱུང་ངོ་། །དེ་ལ་གནད་འཆད་པ། སེམས་ཅན་དམྱལ་བའི་འགྲོ་བ་དང་། ལྷའི་མ་གཏོགས་པ་ཐམས་ཅད་ལ་ཡོད་ལ། དེ་ཡང་རྣམ་པ་གཉིས་ཏེ། ཤིན་ཏུ་ཚབས་ཆེ་བ་དང་། ཤིན་ཏུ་ཚབས་ཆུང་བའོ། །ལས་ཉེས་པ་བྱེད་པ་རྣམས་ཀྱི་ཤིན་ཏུ་ཚབས་ཆེ་བ་ཡིན་ནོ། །ལས་ལེགས་པར་བྱེད་པ་རྣམས་ཀྱི་ནི་ཤིན་ཏུ་ཚབས་ཆུང་བ་ཡིན་ནོ། །བྱང་གི་སྒྲ་མི་སྙན་པ་ནི་ཐམས་ཅད་ཀྱང་ཚབས་ཆུང་བ་ཡིན་ནོ། །

འཆི་བ་ན་དྲོད་འདོར་བའི་ཚུལ་ནི། དེ་ལ་དགེ་བ་བྱེད་པ་རྣམས་ཀྱི་རྣམ་པར་ཤེས་པས་ནི་རོ་སྨད་ནས་ལུས་འདོར་བར་བྱེད་དེ་དེའི་ཕྱིར། ཐོག་མ་ཉིད་དུ་ལུས་ཀྱི་སྨད་གྲང་མོར་འགྱུར་རོ། །དེ་ཡང་སྙིང་ཁ་ལ་ཐུག་གི་བར་དུ་འདོར་བར་འགྱུར་ཏེ། སྙིང་ཁ་ནས་རྣམ་པར་ཤེས་པ་འཕོ་བར་རིག་པར་བྱའོ། །

མི་དགེ་བ་བྱེད་པ་རྣམས་ཀྱི་ནི། རྣམ་པར་ཤེས་པས་རོ་སྟོད་ནས་ལུས་འདོར་བར་བྱེད་དེ། དེའི་ཕྱིར། ཐོག་མ་ཉིད་དུ་ལུས་ཀྱི་སྟོད་གྲང་བར་འགྱུར་རོ། །ཤི་ནས་བར་དོ་འགྲུབ་པའི་ཚུལ་ནི། དེ་ལྟར་ལུས་ཐམས་ཅད་གྲང་མོར་འགྱུར་ཏེ། སྲོག་འཆད་པ་ལ་ཐུག་པ་ན། ལུས་ལ་ཆགས་པ་སྐྱེས་པ་དང་། སྔོན་སྤྲོས་པ་ལ་མངོན་པར་དགའ་བའི་རྒྱུས་ཡོངས་སུ་བགོས་པ་དང་། དགེ་བ་དང་མི་དགེ་བའི་ལས་ཀྱི་རྒྱུས་ཡོངས་སུ་བགོས་པའི་རྒྱུ་དེ་གཉིས་ཀྱི་དབང་གིས་དེ་མ་ཐག་ཏུ་སྲང་མགོའི་མཐོ་དམན་གྱི་ཚུལ་དུ་འདི་ནས་འཆི་འཕོ་བ་དང་། ཕྱོགས་དེ་ཉིད་ནས། བར་དོའི་སྲིད་པ་མངོན་པར་འགྲུབ་པ་དུས་མཉམ་དུ་འབྱུང་བར་འགྱུར་རོ། །བར་མ་དོའི་སྲིད་པ་དེ་ནི་དབང་པོ་ཚང་བ་ཡིན་ནོ། །དེ་ལ་མི་དགེ་བ་བྱེད་པ་རྣམས་ཀྱི་བར་མ་དོའི་སྲིད་པ་མངོན་པར་འགྲུབ་པའི་ཁ་དོག་ནི། ཕྱར་བ་ནག་པོ་ལ་སོགས་པ་ལྟར་ཤིན་ཏུ་ནག་པའོ། །དགེ་བ་བྱེད་པ་རྣམས་ཀྱི་ནི། སྣམ་བུ་དཀར་པོ་ལ་སོགས་པ་ལྟར་ཤིན་ཏུ་དཀར་བའོ། །སྲིད་པ་འཕོ་བའི་མདོར། དམྱལ་བའི་བར་དོ་སྡོང་དུམ་མེས་ཚིག་པ་ལྟ་བུ་དང་། ཡི་དྭགས་ཀྱི་ཆུ་ལྟ་བུ་དང་། དུད་འགྲོའི་དུ་བ་ལྟ་བུ་དང་། མིའི་གསེར་ལྟ་བུ་དང་། ལྷའི་སྣམ་བུ་དཀར་པོ་ལྟ་བུར་གསུངས་སོ། །བར་མ་དོའི་སྲིད་པ་དེ་ཡང་གཟུགས་ཀྱི་ཁམས་དང་འདོད་པའི་ཁམས་སུ་སྐྱེ་བ་ན་ཡོད་དེ། དེ་དག་ཏུ་སྐྱེ་བ་ལ་ཡུལ་གོ་ས་བགྲོད་དགོས་ཤིང་། དེ་རྣམ་ཤེས་རྐྱང་པས་མི་ནུས་པས། དེའི་རྟེན་ལུས་དགོས་པའི་ཕྱིར་རོ། །གཟུགས་མེད་པའི་ཁམས་ནས་འཕོ་བ་ན་ཡོད་ཀྱི། དེར་སྐྱེ་བ་ལ་ནི་བར་སྲིད་མེད་དེ། གང་དུ་ཤི་བའི་ཡུལ་དེར་དེའི་མིང་གཞིའི་ཕུང་པོ་མངོན་པར་འགྲུབ་ཀྱི། ཡུལ་གཞན་དུ་འགྲོ་མི་དགོས་པའི་ཕྱིར་རོ། །དེའི་རྣམ་གྲངས་ནི་འཆི་བའི་སྲིད་པ་དང་། སྐྱེ་བའི་སྲིད་པ་གཉིས་ཀྱི་བར་དུ་བྱུང་བའི་ཕྱིར་བར་མ་དོའི་སྲིད་པ་ཞེས་བྱའོ། །དེ་ལ་བརྟེན་ནས་ཡིད་སྐྱེ་གནས་སུ་འགྲོ་བས་ན་ཡིད་ལས་འབྱུང་བ་ཞེས་ཀྱང་བྱའོ། །དྲིའི་ཕྱིར་འགྲོ་བ་དང་། དྲིས་བརྟས་པར་བྱེད་པས་ན་དྲི་ཟ་ཞེས་ཀྱང་བྱའོ། །སྐྱེ་བ་མངོན་པར་འགྲུབ་པར་འགྱུར་བས་ན་མངོན་པར་འགྲུབ་པ་ཞེས་ཀྱང་བྱའོ། །བར་མ་དོའི་སྲིད་པ་དེ་ཡང་སྐྱེ་བའི་རྐྱེན་མ་རྙེད་ཀྱི་བར་དུ་རེ་ལྟར་ཐོགས་ན་ཞག་བདུན་གནས་པར་ཟད་དེ། རྐྱེན་རྙེད་ན་ནི་ངེས་པ་མེད་དོ། །མ་རྙེད་ན་བདུན་ཚུན་གྱིས་འཆི་འཕོ་ཞིང་། ལུས་བརྗེས་ནས་ཀྱང་ཞག་བདུན་དུ་གནས་སོ། །སྐྱེ་བའི་རྐྱེན་མ་རྙེད་ན་ཞག་བདུན་ཕྲག་བདུན་གྱི་བར་ལ་གནས་སོ། །དེ་ལས་འདས་ཕན་ཆད་ནི་གདོན་མི་ཟ་བར་སྐྱེ་བའི་རྐྱེན་རྙེད་པར་འགྱུར་རོ། །ཞག་བདུན་གྱིས་འཆི་འཕོ་བ་དེ་ཡང་། ཡང་ན་ནི། སྔར་གྱི་དང་སྐལ་བ་མཉམ་པ་མངོན་པར་འགྲུབ་བོ། །ཅི་སྟེ་ན་དགེ་མི་དགེའི་ལས་ཀྱི་རྟེན་གྱིས་ལྡོག་སྟེ། སྐལ་བ་མི་མཉམ་པ་གཞན་དུ་ཡང་སྐྱེ་བ་སྲིད་དེ། དཔེར་ན་བསམ་གཏན་བཞི་པ་ཐོབ་པའི་གླང་པོ་ཆེ་ཞིག་ཤི་འཕོས་ཤི་འཕོས་ནས་བསམ་གཏན་བཞི་པའི་བར་སྲིད་མངོན་པར་འགྲུབ་པ་ན། ཐར་པ་ལ་སྐུར་འདེབས་ཀྱི་ལོག་རྟོག་སྐྱེས་པས་ལན་གྲངས་གཞན་ལ་མྱོང་འགྱུར་གྱིས་དམྱལ་བའི་ལས་ཀྱི་བག་ཆགས་སད་ནས། དམྱལ་བའི་བར་སྲིད་གྲུབ་པར་མདོ་ལས་གསུངས་པ་ལྟ་བུའོ། །དེ་ན་གནས་པ་ཡང་། སྔོན་གོམས་པའི་དབང་གིས་དགེ་བའམ་མི་དགེ་བའི་ལས་སོག་གོ །དེའི་གང་ཟག་གིས། བདག་དང་སྐལ་བ་མཉམ་པའི་བར་མ་དོའི་སེམས་ཅན་རྣམས་དང་། དེ་དག་གི་སྐྱེ་གནས་དང་། བདག་གི་སྐྱེ་གནས་ཀྱང་མང་ངོ་། །ཉེས་པ་བྱེད་པ་རྣམས་ཀྱི་མིག་ནི་ཐུར་དུ་སྩལ་ཏེ་སྤྱིའུ་ཚུགས་སུ་འགྲོའོ། །ལྷར་སྐྱེ་བ་རྣམས་ཀྱི་ནི་གྱེན་དུའོ། །མིར་སྐྱེ་བ་རྣམས་ཀྱི་ནི་ཐད་ཀར་རོ། །དེ་དག་ཀྱང་རྣལ་འབྱོར་པ་ལྷའི་མིག་དང་ལྡན་པ་རྣམས་ཀྱིས་མཐོང་ངོ་། །གཞན་དག་ལྷའི་བར་དོས་འགྲོ་བ་གཞན་རྣམས་ཀྱི་བར་དོ་ཀུན་མཐོང་ཞིང་། མིའི་བར་དོས་ལྷ་མ་རྟོགས་པ་དང་། ངན་སོང་གསུམ་གྱིས་གོང་མ་གཉིས་མི་མཐོང་པར་སྨྲའོ། །སྐྱེ་གནས་མ་བླངས་ཀྱི་བར་དུ་དེའི་མིག་ལྷའི་མིག་བཞིན་དུ་ཐོགས་པ་མེད་དོ། །བར་མ་དོའི་སྲིད་པ་དེའི་ཆ་བྱད་ཇི་ལྟ་བུ་ཞེ་ན། འགྲོ་བའི་རིས་གང་དུ་སྐྱེ་བར་འགྱུར་བའི་འགྲོ་བ་དེའི་བྱད་གཟུགས་ཇི་ལྟ་བ་བཞིན་དུ་འགྱུར་ཏེ། དེ་དང་འཕེན་བྱེད་ཀྱི་ལས་གཅིག་གིས་འཕངས་པས་སྐལ་པ་མཉམ་པའི་ཕྱིར་རོ། །འགྲོ་བ་ལ་སྐྱེ་བའི་གནས་མ་བླངས་ཀྱི་བར་དུ་ཐགས་ཐོགས་མེད་དེ་རྫུ་འཕྲུལ་དང་ལྡན་པ་བཞིན་དུ་མྱུར་དུ་འགྲོ་ཞིང་། གང་སྐྱེ་བའི་གནས་དེ་ཉིད་དུ་ཐོགས་པར་འགྱུར་རོ། །སྐྱེ་གནས་སུ་འཇུག་པའི་ཚུལ་ནི། དཔེར་ན་སྲང་མདའི་མཐོ་དམན་དུ་མཉམ་པ་ལྟར། བར་སྲིད་ནས་འཆི་འཕོ་བ་དང་། སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བ་དུས་མཉམ་པ་ཡིན་ནོ། །

དེ་ལ་གལ་ཏེ་མི་དགེ་བའི་ལས་བྱེད་པ་ལུག་གསོད་པ་ལ་སོགས་པ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའི་བར་སྲིད་མངོན་པར་འགྲུབ་པར་དེ་དག་ནི། རང་གི་སྐྱེ་གནས་སུ་ལུག་ལ་སོགས་པ་དེ་དག་རྨི་ལམ་ལྟ་བུར་མཐོང་ནས། དེ་སྔོན་གོམས་པའི་དབང་གིས་དེ་མངོན་པར་དགའ་ནས་དེ་ཉིད་དུ་རྒྱུག་གོ །དེ་ནས་དེ་སྐྱེ་གནས་ཀྱི་གཟུགས་དེ་ལ་ཁོང་ཁྲོ་བར་འགྱུར་ལ། དེའི་དབང་གིས་བར་མ་དོའི་སྲིད་པ་མེད་པར་འགྱུར་ཞིང་། སྐྱེ་བའི་སྲིད་པ་མངོན་པར་འགྲུབ་པར་འགྱུར་རོ། །དེ་འདི་སྙམ་དུ་བདག་འདི་དང་ལྷན་ཅིག་དགའ་བར་བྱ། བརྩེ་བར་བྱ། དགའ་མགུར་སྤྱད་པར་བྱ། བཟོ་ཡང་བསླབ་པར་བྱའོ་སྙམ་དུ་སེམས་གཏོད་པར་འགྱུར་ལ། དེ་དེར་ལོག་པར་ལས་ཀྱི་གནོད་པ་རྣམ་པ་སྣ་ཚོགས་ཀྱིས་གཟིར་བར་འགྱུར་ཏེ། ཡོངས་སུ་ཚ་བ་ཆེན་པོས་ཀྱང་རེག་པར་འགྱུར་རོ། །དེ་ལྟ་མ་ཡིན་ཏེ། དེ་ལྟ་བུ་མཐོང་བ་མེད་དུ་ཟིན་ན། དེ་དེར་འགྲོ་བར་འདོད་པ་ཉིད་ཀྱང་མེད་ན། འགྲོ་བར་ལྟ་ག་ལ་འགྱུར། མི་འགྲོ་ན་ཡང་དེར་སྐྱེ་བར་མི་འགྱུར་རོ། །སེམས་ཅན་དམྱལ་བ་རྣམས་ཇི་ལྟ་བ་བཞིན་དུ་ཡི་དྭགས་ལྦ་བ་ཅན་ལ་སོགས་པར་སྐྱེ་བ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །དུད་འགྲོ་དང་། ཡི་དྭགས་དང་། མི་དང་། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་རིས་གཞན་དག་ཏུ་སྐྱེ་བ་ནི། སྐྱེ་བའི་གནས་སུ་བདག་དང་སྐལ་པ་མཉམ་པ་མངོན་པར་དགའ་བར་འགྱུར་བའི་སེམས་ཅན་དེ་དག་མཐོང་ངོ་། །དེ་ནས་སྔ་མ་བཞིན་དུ་དེར་དགའ་བ་དང་། འདོད་པ་སྐྱེད་དེ་སོང་བ་དང་། སྐྱེ་གནས་ལ་ཁོང་ཁྲོ་བར་ཡང་གྱུར་ནས་འཆི་འཕོ་བ་དང་། སྐྱེ་བ་ཡང་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་ལ་མ་རུང་ཞིང་ཟླ་མཚན་དང་ལྡན་པ་དང་། ཕ་མ་རྗེས་སུ་ཆགས་པར་གྱུར་པ་དང་། དྲི་ཟ་ཡང་ཉེ་བར་གནས་པ་སྟེ། གནས་གསུམ་མངོན་དུ་གྱུར་པ་ན་མངལ་དུ་འཇུག་པར་འགྱུར་རོ། །ཚུལ་ཇི་ལྟར་ཞེ་ན། བར་མ་དོའི་སྲིད་པ་ན་གནས་པ་དེ་ནི་སྐྱེ་བའི་གནས་ཕ་མའི་ཁུ་ཁྲག་འདུས་པ་ལ། ཕ་མ་གཉིས་ཉལ་པོ་བྱེད་པར་འཁྲུལ་པར་འགྱུར་རོ། །དེ་མཐོང་ནས་ཀྱང་། དེ་ཆགས་པ་སྐྱེ་བར་འགྱུར་ཏེ། གལ་ཏེ་བུད་མེད་དུ་སྐྱེས་ན་ནི་སྐྱེས་པ་ལ་ཆགས་ཏེ། བུད་མེད་དང་འབྲལ་བར་འདོད་པ་སྐྱེ་ལ། སྐྱེས་པར་སྐྱེ་ན་བུད་མེད་ལ་ཆགས་ཏེ། སྐྱེས་པ་དང་འབྲལ་བར་འདོད་པ་སྐྱེའོ། །དེ་བསྐྱེད་པས། སྐྱེས་པའམ་བུད་མེད་འབའ་ཞིག་མཐོང་བར་འགྱུར་རོ། །དེ་ཇི་ལྟ་ཇི་ལྟར་ཕྱོགས་དེར་ཉེ་བར་སྦྱོར་བ་དེ་ལྟ་དེ་ལྟར་སྐྱེས་པའམ་བུད་མེད་དེའི་ཡན་ལག་གཞན་སྣང་བ་མེད་པར་འགྱུར་ལ། སྐྱེས་པ་དང་། བུད་མེད་དེ་ལ་ཕོ་མཚན་ནམ། མོ་མཚན་དུ་མཐོང་བ་འབའ་ཞིག་ཉེ་བར་གནས་པར་འགྱུར་རོ། །དེ་ལ་དེར་བར་མ་དོའི་སེམས་ཅན་དེ་ཁོང་ཁྲོ་སྐྱེ་བར་འགྱུར་ལ། དེའི་དབང་གིས་བར་མ་དོའི་སྲིད་པ་འགག་ཅིང་། སྐྱེ་བའི་སྲིད་པར་ཉིང་མཚམས་སྦྱོར་བ་ཡིན་ནོ། །དེའི་ཕྱིར་འདོད་ཆགས་དེ་ལས་གཞན་པའི་ཉོན་མོངས་པ་ཁོང་ཁྲོ་བ་ནི། བར་སྲིད་འགག་པ་དང་། སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བའི་རྐྱེན་དུ་འགྱུར་རོ། །

དེ་ཉིད་བཟླས་པ་ནི། འདོད་ཆགས་དང་བཅས་པར་ཞེས་སྨོས་སོ། །གལ་ཏེ་སེམས་ཅན་དེ་བསོད་ནམས་ཆུང་ངུ་ཞིག་ཡིན་ན་ནི། །རིགས་དམའ་བར་སྐྱེ་བར་འགྱུར་ཏེ། འཕོ་བའི་ཚེ་དང་། འཇུག་པའི་ཚེ་དེ་ལ་ཀུ་ཅོའི་སྒྲ་དང་། འདམ་བུ་དང་། ནགས་ཚལ་ཐིབས་པོ་ལ་སོགས་པར་འགྲོ་བའི་མཚན་མ་འབྱུང་བར་འགྱུར་རོ། །གལ་ཏེ་དགེ་བ་བྱེད་པ་ཞིག་ཡིན་ན་ནི། རིགས་མཐོན་པོར་སྐྱེ་བར་འགྱུར་ཞིང་། དེ་ལ་ཞི་བ་དང་། སྙན་པའི་སྒྲ་འབྱུང་ལ། ཁང་བཟང་དང་། གཞལ་མེད་ཁང་ལ་སོགས་པར་འགྲོ་བའི་མཚན་མ་འབྱུང་ངོ་། །དེ་ནས་ཕ་མ་གཉིས་ཀྱི་ཆགས་པ་དྲག་པོའི་མཇུག་ཏུ། ཁུ་བ་དང་ཁྲག་གི་ཐིགས་པ་སྐ་བ་བྱུང་བ་མའི་སྐྱེ་གནས་སུ་འདྲེས་ཏེ། འོ་མ་སྐོལ་བའི་སྤྲིས་མ་ལྟར་ནུར་ནུར་པོར་གྱུར་པ་དེ་ཉིད་ལ་ལུས་ལེན་པར་བྱེད་པའི་ཀུན་གཞིའི་རྣམ་པར་ཤེས་པ་ཚོར་བ་བཏང་སྙོམས་དང་བཅས་པ་ཐོག་མར་འཇུག་པར་འགྱུར་ཏེ། དེ་ནི་རྣམ་པར་སྨིན་པའི་རང་བཞིན་ཡིན་ནོ། །མེར་མེར་པོའི་ཕྱོགས་གང་དུ་རྣམ་པར་ཤེས་པ་ཞུགས་པར་གྱུར་པ་དེ་ནི། དེའི་ཚེ་དེའི་སྙིང་གི་ཕྱོགས་ཡིན་ནོ། །དེ་ལྟར་ན་རྣམ་པར་ཤེས་པ་དེ་ནི་ཕྱོགས་གང་ནས་འཆི་འཕོ་བའི་ཕྱོགས་དེ་ཉིད་དུ་ཐོག་མ་ཁོ་ནར་འཇུག་གོ །

ལྔ་པ་སྐྱེ་གནས་བཞིའི་དབང་པོ་འགྲུབ་ཚུལ་ནི། བར་མ་དོའི་སྲིད་པ་འགགས་པ་དེའི་འོག་ཏུ་སྐྱེ་གནས་བཞི་པོ་སྒོ་ང་ལས་སྐྱེས་པ་སོགས་ཀྱི་དབང་པོ་མངོན་པར་འགྲུབ་པར་འགྱུར་རོ། །དེ་ལ་བརྫུས་ཏེ་སྐྱེས་པ་རྣམས་ཀྱི་དབང་པོ་རྣམས་ནི། མ་ཚང་བ་མེད་པར་ཅིག་ཆར་འགྲུབ་པར་འགྱུར་ལ། དེ་ལས་གཞན་པ་རྣམས་ཀྱི་ནི་རིམ་གྱིས་འགྲུབ་པར་འགྱུར་རོ། །བྱེ་བྲག་ཏུ་མངལ་ནས་སྐྱེ་བའི་དབང་པོ་མངོན་པར་འགྲུབ་པའི་ཚུལ་ནི། རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་ལས་ཇི་སྐད་འབྱུང་བ་བཞིན་ཏེ། ཇི་སྐད་དུ་ཐོག་མ་ཉིད་དུ་ནུར་ནུར་འགྱུར། །ནུར་ནུར་པོ་ལས་མེར་མེར་འགྱུར། །མེར་མེར་པོ་ལས་ནར་ནར་འགྱུར། །ནར་ནར་པོ་ལས་གོར་གོར་འགྱུར། །གོར་གོར་པོ་ལས་རྐང་ལག་འགྱུས། །སྐྲ་སྤུ་སེན་མོ་ལ་སོགས་དང་། །དབང་པོས་གཟུགས་ཅན་རྣམས་དང་ནི། །མཚན་རྣམས་རིམ་གྱིས་འབྱུང་བར་འགྱུར། །ཞེས་གང་གསུངས་པ་ལྟར་རོ། །

དེ་ཉིད་རྒྱས་པར་བཤད་པ་ནི། མངལ་ན་གནས་པ་དེ་ཡང་ཞག་བདུན་ཕྲག་སུམ་བཅུ་རྩ་བརྒྱད་ཀྱིས་མངལ་དུ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པར་འགྱུར་རོ། །དེ་ནས་ཞག་བཞི་ལོན་པ་ན་བཙའ་བར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་མངལ་དུ་འཇུག་པའི་མདོ་ལས། དེ་ནི་ཟླ་བ་དགུའམ། དེ་ལས་འདས་ནས་ཤིན་ཏུ་རྫོགས་པར་འགྱུར་རོ། །ཟླ་བ་བརྒྱད་ཀྱིས་ནི་རྫོགས་པ་ཡིན་མོད་ཀྱི། ཤིན་ཏུ་རྫོགས་པ་མ་ཡིན་ནོ། །ཟླ་བ་དྲུག་གམ་བདུན་གྱིས་ནི་རྫོགས་པར་མི་འགྱུར་ཏེ། ཡན་ལག་མ་ཚང་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །སྐྱེ་མཆེད་དྲུག་དོད་པའི་གནས་སྐབས་ན་ནི། མས་ཁ་ཟས་ཟོས་པ་ལས་བྱུང་བའི་དངས་མ་སྐ་བ་དེས་དེ་རྟས་པར་འགྱུར་རོ། །མེར་མེར་པོ་ལ་སོགས་པ་ཤིན་ཏུ་སླ་བའི་གནས་སྐབས་ན་ནི། དངས་མ་ཤིན་ཏུ་སླ་བས་རྟས་པར་འགྱུར་བར་རིག་པར་བྱའོ། །མངལ་ན་གནས་པ་དེ་ལ་དུས་བརྒྱད་ཡོད་དེ། འདི་ལྟར། མེར་མེར་པོ་དང་། ནུར་ནུར་པོ་དང་། ལྟར་ལྟར་པོ་དང་། འཁྲང་འགྱུར་གྱི་དུས་དང་། རྐང་ལག་འགྱུས་པའི་དུས་དང་། སྐྲ་དང་། སྤུ་དང་། སེན་མོ་འབྱུང་བའི་དུས་དང་། དབང་པོ་དོད་པའི་དུས་དང་། མཚན་དོད་པའི་དུས་སོ། །དེ་ལ་སྤྲིས་མ་ལྟ་བུས་གཡོགས་ལ། ནང་སླ་མོར་འདུག་པ་ནི་མེར་མེར་པོ་ཞེས་བྱའོ། །ཕྱི་ནང་གཉིས་ཀ་སྤྲིས་མ་ལྟ་བུར་འདུག་སྟེ་ཞོ་ལྟར་གྱུར་ལ། ཤར་མ་གྱུར་པ་ནི་ནུར་ནུར་པོ་ཞེས་བྱའོ། །ཤར་ནི་གྱུར་ལ། སླ་བར་འདུག་པ་ནི་ལྟར་ལྟར་པོ་ཞེས་བྱའོ། །སྐ་བར་གྱུར་ཏེ། མནན་བཟོད་པ་ནི་འཁྲང་འགྱུར་ཞེས་བྱའོ། །དེ་ཉིད་ལས་ཤ་ལྷག་ལྟ་བུར་གྱུར་ཏེ། ཡན་ལག་དང་ཉིང་ལག་གི་མཚན་མ་འབྱུང་བ་ནི་རྐང་ལག་འགྱུས་པ་ཞེས་བྱའོ། །དེ་ནས་སྐྲ་དང་བ་སྤུ་དང་སེན་མོ་འབྱུང་བ་ནི་དེ་ཉིད་ཀྱི་དུས་ཡིན་ནོ། །དེ་ནས་མིག་ལ་སོགས་པའི་དབང་པོ་རྣམས་མངོན་པར་འགྲུབ་པ་ནི། དབང་པོ་དོད་པའི་དུས་ཞེས་བྱའོ། །དེ་ནས་དེའི་གནས་གསལ་བར་གྱུར་པ་ནི་མཚན་དོད་པའི་དུས་ཞེས་བྱའོ། །མངལ་ན་གནས་པ་དེ་ཡང་སྔོན་གྱི་ལས་ཀྱི་དབང་དང་། མས་ཡ་ང་བ་ལ་སོགས་པ་མ་སྤངས་པས། སྐྲ་དང་། མདོག་དང་། ལྤགས་པ་དང་། ལུས་མི་སྡུག་པར་འགྱུར་རོ། །དེ་ལ་སྔོན་གྱི་ལས་སམ། མས་འགྱུར་བྱེད་དམ། ལན་ཚྭའི་རོ་དང་། སྐོམ་ཆས་ཆེར་བསྟེན་པས། མངལ་ན་གནས་པ་བ་སྤུ་དང་སྐྲ་ངན་པར་འགྱུར་རོ། །མས་ཉི་མ་ལ་སོགས་པ་ཤིན་ཏུ་ཚ་བ་བསྟེན་པས། དེའི་མདོག་ནག་པ་དང་སྔོ་སངས་སུ་འགྱུར་རོ། །ཁྱིམ་གྱི་ནང་ཧ་ཅང་གྲང་བ་ན་འདུག་པས། དེའི་མདོག་དཀར་བར་འགྱུར་རོ། །ཁ་ཟས་ཧ་ཅང་ཚ་བ་ཟོས་པས་ནི་དེའི་མདོག་དམར་བར་འགྱུར་རོ། །སྔོན་གྱི་ལས་དང་མས་འཁྲིག་པའི་ཆོས་ཧ་ཅང་བསྟེན་དྲགས་པ་ལས། དེ་ཤུ་བ་ཅན་ནམ། ཁྱི་སྔོ་ཅན་ནམ། མཛེ་ཅན་དུ་འགྱུར་རོ། །སྔོན་གྱི་ལས་དང་། མས་འཆོང་རྒྱུག་ལ་སོགས་པ་སྤྱོད་ལམ་དྲག་པོ་བྱས་པ་ལས་དེའི་ལུས་མི་སྡུག་པའམ། དབང་པོ་མ་ཚང་བར་འགྱུར་རོ། །གལ་ཏེ་དེ་ཡང་མོར་གྱུར་ན་མའི་སྒལ་ཚིགས་ལ་བརྟེན་ལ། བྲང་ལོགས་སུ་མདུན་གྱིས་ཕྱོགས་ཤིང་གློ་གཡོན་ན་འདུག་གོ །གལ་ཏེ་ཕོར་གྱུར་ན་ནི། མའི་ལྟོ་ལོགས་སུ་བརྟེན་ལ། སྒལ་ཚིགས་ལོགས་སུ་མདུན་གྱིས་ཕྱོགས་ཤིང་། གློ་གཡས་རོལ་ན་འདུག་གོ ། མངལ་ན་གནས་པ་ཡོངས་སུ་རྫོགས་པར་གྱུར་པ་ནས། མས་མངལ་ན་གནས་པ་ཤས་ཆེར་མི་བཟོད་པ་ལས། ནང་དུ་རླུང་དག་འབྱུང་བར་འགྱུར་ཏེ། དེས་མངལ་ན་གནས་པ་ལ་གནོད་པ་སྐྱེད་པར་བྱེད་དོ། །

དེ་ནས་དེའི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་སྐྱེ་བའི་ཆར་གཏོགས་པའི་རླུང་འབྱུང་བར་འགྱུར་ཏེ། དེས་མངལ་ན་གནས་པ་དེ་རྐང་པ་ནི་གྱེན་དུ་བསྟན། མགོ་ནི་ཐུར་དུ་བསྟན་ནས། ཤ་མས་གཡོགས་བཞིན་དུ་འབྱུང་བར་འགྱུར་ཏེ། འབྱུང་བ་ན་ཤ་མ་དེ་ཕྱིར་ནང་དུ་ལོག་སྟེ་ལྟོ་ན་གནས་སོ། །མངལ་གྱི་སྒོར་བྱུང་མ་ཐག་བཙས་པའི་དུས་ཞེས་བྱའོ། །བཙས་པ་དེའི་འོག་ཏུ་རིམ་གྱིས་མིག་གི་འདུས་ཏེ་རེག་པ་ལ་སོགས་པས་རེག་པར་འགྱུར་ཞིང་། འཇིག་རྟེན་གྱི་སྤྱོད་པའི་ཐ་སྙད་རྗེས་སུ་སློབ་པ་ལ་ཡང་འཇུག་པར་འགྱུར་རོ། །

དེ་ལྟར་ན་སེམས་ཅན་གང་གིས་ལུས་སེམས་ཅན་གྱི་རིགས་གང་དུ་འབྱུང་བར་འགྱུར་བ་དེར། སེམས་ཅན་སྐལ་བ་མཉམ་པ་གང་ཡིན་པ་ནི། སེམས་ཅན་དེ་དག་ལའང་། རྐྱེན་རྣམ་པ་བཞི་པོ་ས་བོན་གྱི་ཆོས་སྒྲུབ་པ་དང་། ཁ་ཟས་ཀྱི་རྒྱས་པར་བྱེད་པ་དང་། ཀུན་ཏུ་ལེགས་པར་བསྲུང་བར་བྱེད་པ་དང་། ལུས་དང་ངག་གི་ལས་མངོན་པར་འདུ་བྱེད་པ་ལ་རྗེས་སུ་སློབ་པས་རྐྱེན་གྱི་བྱ་བ་བྱེད་དོ། །འདི་ལྟར་ཕ་མ་གཉིས་ཀྱིས་ཐོག་མ་ཁོ་ནར་ཁུ་བ་དང་ཁྲག་གིས་སྒྲུབ་པར་བྱེད་དོ། །དེ་ནས་བཙའ་བར་རིག་ནས། དེ་དང་མཐུན་པའི་ཁ་ཟས་སྡུད་པར་བྱེད་དོ། །གསོ་བར་བྱེད་སྐྱེད་པར་བྱེད་དོ། །དེ་ནས་དུས་མ་ཡིན་པར་འགྲོ་བ་དང་། ཡ་ང་བར་འགྲོ་ཞིང་བརྒྱུ་བ་ལ། དེ་དང་དེར་ཀུན་ཏུ་བསྲུང་བའི་བྱ་བ་བྱེད་དོ། །དེ་ནས་དབང་པོ་རྣམས་ཡོངས་སུ་སྨིན་པ་ན། སྨྲ་བའི་ཐ་སྙད་དག་སློབ་ཏུ་འཇུག་སྟེ། དེ་དག་གིས་ཀྱང་གཞན་དྲུག་སློབ་ཏུ་འཇུག་སྟེ། དེ་ལྟར་ན་སེམས་ཅན་འདི་དག་ནི་ཐོག་མ་མེད་པའི་དུས་ནས་བདེ་བ་དང་སྡུག་བསྔལ་སོ་སོར་མྱོང་སྟེ། སངས་རྒྱས་རྣམས་ཀྱིས་བྱང་ཆུབ་ལ་བརྟེན་ནས་གཞན་གྱི་སྒྲ་དང་། ནང་གི་ཚུལ་བཞིན་ཡིད་ལ་བྱེད་པའི་རྐྱེན་གྱིས་ཇི་སྲིད་ཟག་པ་ཟད་པ་མ་ཐོབ་ཀྱི་བར་དུ་བདེ་བ་དང་སྡུག་བསྔལ་ལས་འདའ་བར་མི་འགྱུར་རོ། །དེ་ལྟར་ན། ནང་གི་དངོས་པོ་རྣམས་ཀྱི་འཆི་འཕོ་བ་དང་། སྐྱེ་བ་དེ་ནི་དེ་ལྟ་བུ་ཡིན་ནོ། །ཡོངས་སུ་ཤེས་པར་བྱ་བ་སྡུག་བསྔལ་གྱི་བདེན་པ་བཤད་ཟིན་ཏོ། །

ད་ནི་ཤེས་ནས་སྤང་བར་བྱ་བ་ཀུན་འབྱུང་གི་བདེན་པ་བཤད་པར་བཞེད་ནས། ཀུན་འབྱུང་གི་བདེན་པ་གང་ཞེ་ན། ཞེས་སྨོས་སོ། །དེ་ཡང་མཚན་གཞི་དང་། མཚན་ཉིད་གཉིས་ཀྱིས་ཤེས་པར་བྱ་བ་ལས། དང་པོ་ལ་ཡང་། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལ། དང་པོ་ལ་དངོས་ནི། ཉོན་མོངས་པ་དང་། དེའི་དབང་གིས་བྱུང་བའི་ལས་ནི་ཀུན་འབྱུང་གི་བདེན་པ་ཡིན་ཏེ། དེ་གཉིས་ལས་སྲིད་པའི་སྡུག་བསྔལ་མ་ལུས་པ་འབྱུང་བའི་ཕྱིར་རོ། །ཟག་པ་མེད་པའི་ལས་རྣམས་སྡུག་བསྔལ་སྐྱེད་པར་བྱེད་པ་མ་ཡིན་པས། ཉོན་མོངས་པའི་དབང་གིས་བྱུང་བའི་ལས་ཞེས་བྱེ་བྲག་ཏུ་བྱས་སོ། །དེ་ལ་ལུང་དང་འགལ་བ་སྤང་བ་ནི། དེ་ལྟ་ན། བཅོམ་ལྡན་འདས་ཀྱིས། སྡུག་བསྔལ་ཀུན་འབྱུང་འཕགས་པའི་བདེན་པ་གང་ཞེ་ན། སྲེད་པ་ཡང་འབྱུང་བ་ཅན་དགའ་བའི་འདོད་ཆགས་དང་ལྡན་པ་དང་། དེ་ལ་མངོན་པར་དགའ་བའི་ངང་ཚུལ་ཅན། འདི་ལྟ་སྟེ། འདོད་པའི་སྲེད་པ་དང་། སྲིད་པའི་སྲེད་པ་དང་། འཇིག་པའི་སྲེད་པའོ་ཞེས་སྲེད་པ་ཉིད་ཀུན་འབྱུང་གི་བདེན་པར་བསྟན་པས་བསྟན་པ་ཅི་ཞེ་ན། དེ་ནི་སྲེད་པ་ཀུན་འབྱུང་གི་གཙོ་བོར་བསྟན་པ་ཡིན་གྱི། ཀུན་འབྱུང་ལ་སྲེད་པ་འབའ་ཞིག་ཏུ་ཟད་པ་ནི་མ་ཡིན་ནོ། །མདོ་འདིའི་དོན་ཅི་ཞེ་ན། སྤྱིར་བྱིས་པ་རྣམས་ལ་ཕྱིན་ཅི་ལོག་བཞིའི་རྗེས་སུ་འབྲང་བའི་སྲེད་པ་རྣམ་པ་བཞི་ཡོད་དེ། འདི་ལྟར། རྟག་པ་དང་། བདེ་བ་དང་། གཙང་བ་དང་། བདག་ཏུ་སྲེད་པའོ། །སྲེད་པ་བཞི་པོ་དེ་དག་ཀྱང་། མདོ་འདི་ཉིད་ཀྱིས་བསྟན་པ་ཡིན་ཏེ། དེ་ལ་སྲེད་པ་དང་པོ་ལ་བརྟེན་ནས། ཡང་སྲིད་པ་འབྱུང་བར་མངོན་ནོ། །གཉིས་པ་དང་གསུམ་པ་ལ་བརྟེན་ནས། དགའ་བའི་འདོད་ཆགས་དང་ལྡན་པ་དང་། དེ་དང་དེར་མངོན་པར་དགའ་བར་མངོན་ནོ། །ཐ་མ་ལ་བརྟེན་ནས་ལུས་ལ་ཆགས་པའི་སྲེད་པ་འབའ་ཞིག་འབྱུང་བར་མངོན་ནོ། །དེ་ལྟར་ན་སྲེད་པ་ཞེས་བྱ་བས་ནི་བདག་ལ་སྲེད་པ་བསྟན་ཏོ། །

ཡང་འབྱུང་བ་ཅན་ཞེས་པས་ནི། རྟག་པར་སྲེད་པའོ། །དགའ་བའི་འདོད་ཆགས་དང་ལྡན་པ་དང་། དེ་དང་དེ་ལ་མངོན་པར་དགའ་བས་ནི། བདེ་བ་དང་གཙང་བར་སྲེད་པ་བསྟན་ཏོ། །དེ་ལ་སྲེད་པ་གང་ཞེ་ན། ད་ལྟར་གྱི་ལུས་ལ་ཆགས་ཤིང་སྦྱོར་བར་བྱེད་པའོ། །ཡང་སྲིད་པ་འབྱུང་བ་ཅན་གང་ཞེ་ན། མ་འོངས་པའི་དུས་ཀྱི་ཁྱད་པར་འདོད་པ་གང་ཡིན་པའོ། །དགའ་བའི་འདོད་ཆགས་དང་ལྡན་པ་གང་ཞེ་ན། གཟུགས་སྒྲ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་ལ་མངོན་དུ་ཕྱོགས་པར་གྱུར་པ་དང་། ཐོབ་པ་དག་ལ་དགའ་བའི་འདོད་ཆགས་གང་ཡིན་པའོ། །དེ་དང་དེ་ལ་མངོན་པར་དགའ་བ་གང་ཞེ་ན། དེ་ལས་གཞན་པའི་གཟུགས་སྒྲ་ལ་སོགས་པ་འདོད་པའི་ཡོན་ཏན་རྣམས་ལ་མངོན་པར་འདོད་པ་གང་ཡིན་པའོ། །དེ་ལ་རྟག་པར་སྲེད་པ་དང་། ཡང་འབྱུང་བ་ཅན་ནི་རྒྱུའི་རྣམ་པ་ཡིན་ནོ། །བདེ་བར་སྲེད་པ་དང་། དགའ་བའི་འདོད་ཆགས་དང་ལྡན་པ་ནི། ཀུན་འབྱུང་གི་རྣམ་པ་ཡིན་ནོ། །གཙང་བར་སྲེད་པ་དང་། དེ་དང་དེ་ལ་མངོན་པར་དགའ་བ་ནི་རབ་སྐྱེའི་རྣམ་པའོ། །བདག་ལ་སྲེད་པ་ནི། རྐྱེན་གྱི་རྣམ་པ་ཡིན་ནོ། །འདོད་པའི་སྲེད་པ་ལ་སོགས་པ་གསུམ་ནི་བཤད་ཟིན་ཏོ། །སྲེད་པ་གཙོ་བོར་བསྟན་པའི་དོན་གང་ཞེ་ན། ཐམས་ཅད་དུ་འགྲོ་བའི་ཕྱིར་གཙོ་བོ་ཡིན་ཏེ། སྲེད་པ་དེ་ནི། དངོས་པོ་ཐམས་ཅད་དུ་འགྲོ་བ་ཡིན་ཏེ། ཐོབ་པ་དང་མ་ཐོབ་པའི་ཡུལ་གྱི་དངོས་པོ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །དེ་ལ་ལུས་ཐོབ་པ་ལ་ནི་སྲེད་པའོ། །མ་ཐོབ་པ་ལ་ནི་ཡང་འབྱུང་བ་ཅན་ནོ། །ཡུལ་ཐོབ་པ་ལ་ནི་དགའ་བའི་འདོད་ཆགས་དང་ལྡན་པའོ། །མ་ཐོབ་པའི་ཡུལ་རྣམས་ལ་ནི། དེ་དང་དེ་ལ་མངོན་པར་དགའ་བར་རིག་པར་བྱའོ། །ཡང་གནས་སྐབས་ཐམས་ཅད་དུ་འགྲོ་བ་ནི། འདུ་བྱེད་ཀྱི་སྡུག་བསྔལ་ལ་སོགས་པ་གནས་སྐབས་གསུམ་པོ་དང་ལྡན་པའི་ཕྱིར་རོ། །དེ་ལ་སྡུག་བསྔལ་གྱི་སྡུག་བསྔལ་གྱི་གནས་སྐབས་ཐོབ་པ་དང་མ་ཐོབ་པ་དགལ་ནི་གོ་རིམ་བཞིན། འབྲལ་བ་དང་མི་འཕྲད་པར་སྲེད་དོ། །འགྱུར་བའི་སྡུག་བསྔལ་ཐོབ་པ་དང་། མ་ཐོབ་པ་ལ་ནི་གོ་རིམ་བཞིན་མི་འབྲལ་བའི་སྲེད་པ་དང་འཕྲད་པའི་སྲེད་པའོ། །འདུ་བྱེད་ཀྱི་སྡུག་བསྔལ་གྱི་གནས་སྐབས་ལ་ནི་གཏི་མུག་གིས་སྲེད་དེ། ཉོན་མོངས་པའི་གནས་ངན་ལེན་གྱིས་རབ་ཏུ་ཕྱེ་བ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བས་རབ་ཏུ་ཕྱེ་བའི་ཕྱིར་རོ། །བྱེ་བྲག་ཏུ་ཀུན་གཞིའི་རྣམ་པར་ཤེས་པ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་ལ། དེ་ལ་བདག་ཏུ་རྨོངས་པའི་སྒོ་ནས་སྲེད་པ་འབྱུང་བའི་ཕྱིར་རོ། །དུས་ཐམས་ཅད་དུ་འགྲོ་བ་ནི། དུས་གསུམ་པོ་དེ་དག་གི་རྗེས་སུ་འགྲོ་བའི་ཕྱིར་རོ། །འདས་པ་ལ་ནི། བལྟས་པའི་སྲེད་པས་རྗེས་སུ་འགྲོའོ། །མ་འོངས་པ་ལ་ནི། མངོན་པར་དགའ་བའི་རྣམ་པས་རྗེས་སུ་འགྲོའོ། །ད་ལྟར་བྱུང་བ་ལ་ནི་ལྷག་པར་ཆགས་པས་རྗེས་སུ་འགྲོའོ། །

ཁམས་ཐམས་ཅད་དུ་འགྲོ་བ་ནི། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་སྲེད་པ་དག་གིས་ཁམས་གསུམ་ལ་ཁྱབ་པའི་ཕྱིར་རོ། །ཚོལ་བ་ཐམས་ཅད་དུ་འགྲོ་བ་ནི། དེས་འདོད་པ་དང་། སྲིད་པ་དང་། ལོག་པས་ཚངས་པར་སྤྱོད་པ་ཚོལ་བར་བྱེད་པའི་ཕྱིར་རོ། །འདོད་པ་ཚོལ་བས་ནི། འདོད་པའི་ཁམས་ལས་མི་གྲོལ་བར། དེ་ཉིད་དུ་སྡུག་བསྔལ་གྱི་སྡུག་བསྔལ་འགྲུབ་པར་བྱེད་དོ། །སྲིད་པ་ཚོལ་བས་ནི། བསམ་གཏན་གསུམ་པ་མན་ཆད་དུ་འགྱུར་བའི་སྡུག་བསྔལ་འགྲུབ་པར་བྱེད་དོ། །ལོག་པས་ཚངས་པར་སྤྱོད་པ་འཚོལ་བས་ནི། བསམ་གཏན་བཞི་པ་ཡན་ཆད་དུ་འདུ་བྱེད་ཀྱི་སྡུག་བསྔལ་མངོན་པར་འགྲུབ་པར་བྱེད་དོ། །ཡང་སྲིད་པ་ཚོལ་བས་ནི་གཟུགས་དང་གཟུགས་མེད་པར་སྡུག་བསྔལ་འགྲུབ་པར་བྱེད་ལ། ལོག་པས་ཚངས་པར་སྤྱོད་པ་ཚོལ་བས་ནི། འཁོར་བ་ལས་ཡོངས་སུ་མ་གྲོལ་བས་དེར་འཁོལ་བར་བྱེད་དོ། །རྣམ་པ་ཐམས་ཅད་ཏུ་འགྲོ་བ་ནི་འབྱུང་བ་དང་། འཇིག་པའི་སྲེད་པས་རྟག་པ་དང་ཆད་པའི་རྣམ་པ་དང་ལྡན་ཕྱིར་རོ། །སྲེད་པ་གཙོ་བོ་ཡིན་པའི་རྒྱུ་མཚན་གཞན་ཡང་། འདུན་པ་དང་། འདོད་ཆགས་ཉེར་ལེན་དུ་སྟོན་པ་ནི་རྒྱས་པར་བཤད་ཟིན་ཏོ།། །།

རྒྱས་པར་བཤད་པ་ལ། ཉོན་མོངས་པ་དང་། ལས་ཀྱི་ཀུན་འབྱུང་གཉིས་ལས། དང་པོ་ལ། མདོར་བསྟན་པ་ནི། ཉོན་མོངས་པ་གང་ཞེ་ན། ཞེས་པ་ལ་སོགས་པའོ། །དེ་ཡང་། ཤེས་པར་བྱ་བའི་དངོས་པོ་ཉོན་མོངས་པ་རྣམས་ཤེས་པར་བྱ་བའི་དོན་གྲངས་ལ་སོགས་པ་བཅུས་གཏན་ལ་འབེབས་པའོ། །རྒྱས་པར་བཤད་པ་ལ་བཅུ་ལས། རེ་ཞིག་གྲངས་ནི། ལྟ་བ་ལྔར་ཕྱེ་བ་དང་། མ་ཕྱེ་བའི་བྱེ་བྲག་གིས་དྲུག་གམ། བཅུར་རོ། །དེ་ལ་ཉོན་མོངས་པ་དྲུག་ནི་འདི་ཡིན་ཏེ། བཟའ་བྱ་བདེ་བ་དང་སྡུག་བསྔལ་དང་། བཏང་སྙོམས་གསུམ་ལ་ལོགས་པར་ཞུགས་པ་གོ་རིམ་བཞིན་དུ་འདོད་ཆགས་དང་ཁོང་ཁྲོ་དང་མ་རིག་པའོ། །ཟ་བ་པོ་སེམས་ཅན་ལ་ལོག་པར་ཞུགས་པ་ང་རྒྱལ་དང་། ཕྱིན་ཅི་མ་ལོག་པར་ཡང་དག་པར་ངེས་པ་ལ་ལོག་པར་སྒྲུབ་པ་ལྟ་བ་དང་ཐེ་ཚོམ་སྟེ། དེ་ཡང་ལོག་པར་ངེས་པ་དང་། མ་ངེས་པའོ། །ཉོན་མོངས་པ་དྲུག་པོ་དེ་ཉིད་འཇིག་ཚོགས་ལ་ལྟ་བ་སོགས་ལྟ་བ་ལྔའི་བྱེ་བྲག་གིས་བཅུར་ཡང་འགྱུར་རོ། །མཚན་ཉིད་ལ། སོ་སོ་རང་གི་མཚན་ཉིད་ནི་བཤད་ཟིན་ལ། ཆོས་གང་འབྱུང་བ་ན་སེམས་རབ་ཏུ་མ་ཞི་བར་བྱེད་པའི་མཚན་ཉིད་ཅན་དུ་འབྱུང་བ་དེ་ནི་ཉོན་མོངས་པ་སྤྱིའི་མཚན་ཉིད་ཡིན་ནོ། །ཇི་ལྟར་སེམས་རབ་ཏུ་མ་ཞི་བར་བྱེད་ཅེ་ན། རྣམ་པ་དྲུག་གི་སྒོ་ནས་བྱེད་དོ། །འདི་ལྟར། རྣམ་པར་གཡེང་བས་རབ་ཏུ་མ་ཞི་བ་དང་། ཕྱིན་ཅི་ལོག་གིས་རབ་ཏུ་མ་ཞི་བ་དང་། རྒོད་པས་རབ་ཏུ་མ་ཞི་བ་དང་། རྨུགས་པས་རབ་ཏུ་མ་ཞི་བ་དང་། བག་མེད་པས་རབ་ཏུ་མ་ཞི་བ་དང་། འཛེམ་པ་མེད་པས་རབ་ཏུ་མ་ཞི་བའོ། །དེ་ལ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་སེམས་འདོད་པའི་ཡོན་ཏན་ལ་རྣམ་པར་གཡེང་པར་བྱེད་པའི་ཕྱིར་རྣམ་པར་གཡེང་བས་རབ་ཏུ་མ་ཞི་བ་ཡིན་ནོ། །རྟག་བདེ་ལ་སོགས་པ་ཕྱིན་ཅི་ལོག་གི་གནས་སྐབས་ལ་སེམས་འཆིང་བར་བྱེད་པས་ཕྱིན་ཅི་ལོག་གིས་རབ་ཏུ་མ་ཞི་བ་ཡིན་ནོ། །སྡུག་པའི་ཡུལ་ལ་རྣམ་པར་འཕྲོ་བར་བྱེད་པའི་ཕྱིར་རྒོད་པས་རབ་ཏུ་མ་ཞི་བ་ཡིན་ནོ། །ནང་དུ་སེམས་མི་གསལ་བར་བྱེད་པའི་ཕྱིར། རྨུགས་པས་རབ་ཏུ་མ་ཞི་བ་ཡིན་ནོ། །ཟག་པ་དང་བཅས་པའི་ཆོས་རྣམས་ལ་སེམས་མི་སྲུང་ཞིང་། བག་ཡངས་སུ་གཏོང་བར་བྱེད་པའི་ཕྱིར་བག་མེད་པས་རབ་ཏུ་མ་ཞི་བ་ཡིན་ནོ། །མི་དགེ་བའི་ཆོས་རྣམས་ལ་ཇི་མི་སྙམ་པར་བྱེད་པའི་ཕྱིར་འཛེམ་པ་མེད་པས་རབ་ཏུ་མ་ཞི་བ་ཡིན་ནོ། །

ཉོན་མོངས་པ་རྣམས་འབྱུང་བའི་རྒྱུ་དང་རྐྱེན་གང་ཞེ་ན། ཉོན་མོངས་པ་རྣམས་ཀྱི་བག་ལ་ཉལ་འཇིག་རྟེན་ལས་འདས་པའི་ལམ་གྱིས་ལེགས་པར་མ་སྤངས་པའི་རྒྱུའི་རྐྱེན་དང་། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་གནས་ཀྱི་ཆོས་གཟུགས་སྡུག་པ་དང་མི་སྡུག་པ་སྣང་བར་གྱུར་པའི་དམིགས་པའི་རྐྱེན་དང་། ཡུལ་དེ་ལ་ཡང་སྡུག་པའམ་མི་སྡུག་པའི་མཚན་མར་འཛིན་པའི་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ཉེ་བར་གནས་པ་ལས་ཉོན་མོངས་པ་རྣམས་འབྱུང་བ་ཡིན་ནོ། །དམིགས་པ་ལ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་ནི་ཉོན་མོངས་ཐམས་ཅད་ཀྱི་དམིགས་པར་འགྱུར་རོ། །གང་ལས་ཉོན་མོངས་པ་རྣམས་འབྱུང་བའི་གཞི་རྣམས་ཀྱང་། དེ་དག་གི་དམིགས་པ་ཡིན་ནོ། །མ་རིག་པ་ལ་སོགས་པའི་ཉོན་མོངས་པ་གསུམ་མ་གཏོགས་པའི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་གཞན་རྣམས་ཀྱིས་ནི་བསམ་གཏན་དང་པོ་ལ་སོགས་པ་ས་གོང་མའི་ཉོན་མོངས་པ་རྣམས་ལ་མི་དམིགས་ཏེ། འདི་ལྟར། འདོད་ཆགས་ཀྱི་ནི་མི་དམིགས་ཏེ། གོང་མའི་ཆོས་ལ་མངོན་པར་དགའ་བ་ནི། དགེ་བའི་ཆོས་ལ་འདུན་པའི་དད་པ་ཡིན་གྱི། ཉོན་མོངས་པ་མེད་པའི་ཕྱིར་དང་། དེས་གནོད་པ་མི་བྱེད་པའི་ཕྱིར་ཁོང་ཁྲོ་སྐྱེ་བར་མི་འགྱུར། ས་གཞན་གྱི་འདུ་བྱེད་རྣམས་ལ་ངར་འཛིན་པ་མེད་པའི་ཕྱིར་ང་རྒྱལ་ཡང་མ་ཡིན་ནོ། །མ་རིག་པ་དང་ལྟ་བ་དང་། ཐེ་ཚོམ་ནི། ས་གོང་མ་ལ་དམིགས་པ་ཡང་ཡོད་མོད་ཀྱི། དེ་དག་གིས་ཇི་ལྟར་རང་ས་ལ་དམིགས་པ་བཞིན་དུ། མངོན་སུམ་དུ་དམིགས་པ་ནི་མ་ཡིན་ཏེ། དེ་ལ་ཀུན་བཏགས་པའི་སྒོ་ནས་ཞུགས་པའི་ཕྱིར། དེ་ལ་དམིགས་པ་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་ས་གོང་མ་ལ་དམིགས་པའི་མ་རིག་པ་ནི། ལྟ་བ་དང་མཚུངས་པར་ལྡན་པའོ། །ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་མ་གཏོགས་པ་སྟེ། ས་གཞན་གྱི་འདུ་བྱེད་ལ་ངའོ་སྙམ་དུ་མངོན་པར་ཞེན་པ་མ་མཐོང་བའི་ཕྱིར་རོ། །ལྟ་བ་གཞན་ཇི་ལྟ་བུ་ཞེ་ན། ཚངས་པ་བྱེད་པ་པོར་འཛིན་པ་དང་། མི་གཡོ་བའི་ལས་ཀྱི་འབྲས་བུ་ལ་སྐུར་པ་འདེབས་པ་སོགས་ལོག་པར་ལྟ་བ་དང་། ལྟ་བ་དེ་ཉིད་དམ་པ་སོགས་སུ་འཛིན་པ་ལྟ་བ་མཆོག་ཏུ་འཛིན་པ་དང་། དེ་དག་གྲོལ་སོགས་བྱེད་པར་ལྟ་བ་ཚུལ་ཁྲིམས་དང་རྟུལ་ཞུགས་མཆོག་ཏུ་འཛིན་པའོ། །མཐར་ལྟ་ཡང་འཇིག་ལྟའི་རྗེས་སུ་འབྲང་བའི་ཕྱིར་མི་དམིགས་སོ། །

ཐེ་ཚོམ་ཇི་ལྟ་བུ་ཞེ་ན། འཇིག་རྟེན་པའི་ལས་ལ་སོམ་ཉི་ཟ་བའོ། །ས་གོང་མའི་ཉོན་མོངས་པ་རྣམས་ཀྱི་ནི་ས་འོག་མའི་ཆོས་རྣམས་ལ་མི་དམིགས་ཏེ། དེ་རྣམས་ལ་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །འགོག་པ་དང་ལམ་ལ་དམིགས་པ་གང་ཡིན་པ་དེ་དག་གིས་ནི་དེ་དག་ལ་དམིགས་པ་མ་ཡིན་ཏེ། དེ་དག་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་། དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་སོ་སོ་རང་གི་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །འོ་ན་དེ་དག་གིས་དམིགས་པ་གང་ཡིན་ཞེ་ན། དེ་རྣམས་ཀྱི་དམིགས་པ་ནི་དེས་ཡོངས་སུ་རྟོག་པ་སྟེ། རང་གི་ཀུན་བཏགས་པའི་འགོག་ལམ་གྱི་གཟུགས་བརྙན་ལ་དམིགས་པ་ཡིན་ནོ། །

དེ་ལྟར་ན་ས་གོང་མ་ལ་དམིགས་པ་རྣམས་ཀྱིས་ཀྱང་དེ་ལ་དམིགས་པར་མི་འགྱུར་རོ་ཞེ་ན། ས་གོང་མ་ནི་འཁོར་བར་འདྲིས་པའི་ཕྱིར། རང་གི་ཀུན་བཏགས་པ་དང་རྗེས་སུ་མཐུན་པ་ཙམ་ཡོད་ལ། ཟག་མེད་རྣམས་ནི་ནམ་ཡང་འཁོར་བར་འདྲིས་མ་མྱོང་བའི་ཕྱིར། རང་གི་ཀུན་བཏགས་པ་དང་ཅུང་ཟད་ཀྱང་མི་མཐུན་པས་འདྲ་བ་མ་ཡིན་ནོ། །ཇི་ལྟར་ཞེན་པ་ལྟར་གྱི་གཞི་མེད་པའི་ཡུལ་ལ་དམིགས་པ་ནི་འཇིག་ལྟ་དང་ང་རྒྱལ་མཚུངས་ལྡན་དང་བཅས་པ་སྟེ། དེ་དག་ནི་བདག་ལ་དམིགས་པས་ཞེན་ཡུལ་མེད་པའི་ཕྱིར་རོ། །དེ་ལས་གཞན་པའི་ཉོན་མོངས་པ་རྣམས་ནི་ཞེན་ཡུལ་དང་བཅས་པའི་ཕྱིར་གཞི་དང་བཅས་པའོ། །མཚུངས་པར་ལྡན་པ་ནི་འདོད་ཆགས་ནི་ཁོང་ཁྲོ་བ་དང་མཚུངས་པར་ལྡན་པ་མ་ཡིན་ཏེ་ཤིན་ཏུ་མི་མཐུན་པ་གཉིས་གཅིག་ཅར་འབྱུང་བ་མི་རིགས་པའི་ཕྱིར་རོ། །ཐེ་ཚོམ་དང་ཡང་མ་ཡིན་ཏེ། ཐེ་ཚོམ་དུ་གྱུར་ནས་བློ་གནས་པ་མེད་ན། ཆགས་པར་མི་འགྱུར་བའི་ཕྱིར་རོ། །ལྷག་མ་ང་རྒྱལ་ལ་སོགས་པ་རྣམས། དམིགས་རྣམས་མི་མཐུན་པ་མེད་པའི་ཕྱིར་མཚུངས་པར་ལྡན་པར་ལྟའོ། །ཁོང་ཁྲོ་བ་ཡང་འདོད་ཆགས་དང་ང་རྒྱལ་དང་ལྟ་བ་གསུམ་དུ་མཚུངས་པར་ལྡན་པ་མ་ཡིན་ཏེ། གང་གིས་ཞེ་འདྲས་པ་དེས་ཁེངས་པར་མི་འགྱུར་ཞིང་། དེ་ལ་ལྟ་བའི་སྒོ་ནས་རྟོག་པར་ཡང་མི་བྱེད་པའི་ཕྱིར་རོ། །ང་རྒྱལ་ཡང་ཁོང་ཁྲོ་དང་ཐེ་ཚོམ་དང་མ་ཡིན་ཏེ། གང་ལ་ཡིད་གཉིས་སུ་གྱུར་པ་དེས་ཁེངས་པར་མི་འགྱུར་བའི་ཕྱིར་རོ། །མ་རིག་པ་ནི་ཉོན་མོངས་པ་གཞན་ཐམས་ཅད་དང་མཚུངས་པར་ལྡན་ཏེ། མ་རྨོངས་ན་འགའ་ཡང་ཉོན་མོངས་པར་མི་འགྱུར་བའི་ཕྱིར་རོ། །མ་རིག་པ་འགའ་ཞིག་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་གཞན་དང་མ་འདྲེས་པ་ཡང་ཡིན་ནོ། །དེ་ཡང་གང་ཞེ་ན། གང་གིས་བདེན་པའི་གནས་ལུགས་ལ་རྨོངས་པར་བྱེ་ཅིང་མི་ཤེས་པ་གང་ཡིན་པ་སྟེ། དེ་ཡང་ཡིད་ཀྱི་ཤེས་པའི་འཁོར་དུ་བྱུང་བ་ནི། ཉོན་མོངས་པ་གཞན་དང་མཚུངས་ལྡན་མ་འདྲེས་པ་ཡིན་ལ་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་འཁོར་དུ་བྱུང་བ་ནི་མཚུངས་ལྡན་མ་འདྲེས་པ་མ་ཡིན་གྱི། རྟེན་མ་འདྲེས་པའམ་རྫས་མ་འདྲེས་པ་ཡིན་ནོ། །ལྟ་བ་ནི་ཁོང་ཁྲོ་བ་དང་ཐེ་ཚོམ་དང་མ་ཡིན་ཏེ། དམིགས་རྣམ་མི་མཐུན་པའི་ཕྱིར་རོ། །ཐེ་ཚོམ་ཡང་འདོད་ཆགས་སོགས་གསུམ་དང་མ་ཡིན་ཏེ། མི་མཐུན་པའི་ཕྱིར་རོ། །ཁྲོ་བ་ལ་སོགས་ཞེ་སྡང་གི་ཆར་གཏོགས་པ་རྣམས་ནི་སེར་སྣ་ལ་སོགས་འདོད་ཆགས་ཀྱི་ཆར་གཏོགས་པའི་ཉེ་བའི་ཉོན་མོངས་པ་རྣམས་དང་ཕན་ཚུན་མཚུངས་པར་ལྡན་པ་མ་ཡིན་ཏེ། འདོད་ཆགས་དང་ཁོང་ཁྲོ་བཞིན་དུ་དམིགས་རྣམ་མི་མཐུན་པའི་ཕྱིར་རོ། །མི་མཐུན་པ་མེད་པ་རྣམས་ནི་ཉོན་མོངས་པ་བཞིན་དུ་ཕན་ཚུན་མཚུངས་པར་ལྡན་པར་རིག་པར་བྱའོ། །ངོ་ཚ་མེད་པ་དང་ཁྲེལ་མེད་པ་ནི་མི་དགེ་བའི་སེམས་ཐམས་ཅད་དང་མཚུངས་ལྡན་ཏེ། རང་གཞན་ལ་འཛེམ་པ་མེད་པ་མ་ཡིན་ན། ཉེས་པར་མི་སྤྱོད་པའི་ཕྱིར་རོ། །

རྨུགས་པ་ལ་སོགས་པ་ལྔ་ནི་ཉོན་མོངས་པ་ཐམས་ཅད་དང་ལྡན་ཏེ། །ཉོན་མོངས་པ་ཐམས་ཅད་དགེ་བ་ལ་སེམས་མི་གསལ་བ་དང་། ཕྱི་རོལ་དུ་རྣམ་པར་འཕྲོ་བ་དང་། སེམས་རྙོག་པར་བྱེད་པ་དང་། དགེ་བ་ལ་མངོན་པར་མི་སྤྲོ་བ་དང་། ཉོན་མོངས་པ་དང་དེ་དང་མཐུན་པའི་གནས་ཀྱི་ཆོས་རྣམས་ལ་སེམས་མི་བསྲུང་བའི་ཕྱིར་རོ། །གསུང་རབ་ཏུ་ཉོན་མོངས་པ་རྣམས་མིང་གཞན་དང་། གཞན་གྱིས་བསྟན་པའི་རྣམ་གྲངས་ལ། མིང་གིས་བསྟན་པ་ནི་ཀུན་ཏུ་སྦྱོར་བ་དང་ཞེས་པ་ལ་སོགས་པ་སྟེ། སྡུག་བསྔལ་ལ་ཀུན་དུ་སྦྱོར་བར་བྱེད་པའི་ཕྱིར་ཀུན་སྦྱོར་རོ། །དགེ་བ་སྤྱོད་པ་ལ་འདོད་རྒུར་མི་བྱེད་པའི་ཕྱིར། འཆིང་བའོ། །འཇིག་རྟེན་པའི་མར་འགྲིབ་འཕེལ་གྱི་ས་བོན་དང་ལྡན་པའི་ཕྱིར། བག་ལ་ཉལ་ལོ། །ཕྱིན་ཅི་ལོག་གིས་སེམས་ཉེ་བའི་ཉོན་མོངས་པར་བྱེད་པའི་ཕྱིར་ཉེ་བའི་ཉོན་མོངས་པའོ། །ཡང་ཡང་རྒྱུན་དུ་འབྱུང་བས་ན་ཀུན་ནས་བཀྲིས་པའོ། །གཏིང་དཔག་དཀའ་བ་དང་། རྒྱུན་ཕྱོགས་སུ་འཁྱེར་བར་བྱེད་པའི་ཕྱིར་ཆུ་བོའོ། །འདོད་པ་ལོག་པར་སྒྲུབ་པའི་ཐབས་ཡིན་པས་སྦྱོར་བའོ། །ལུས་ཀྱི་རྒྱུན་ཉེ་བར་ལེན་པར་བྱེད་པས་ཉེར་ལེན་ནོ། །དགྲོལ་དཀའ་བས་མདུད་པའོ། །དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པས་ན་སྒྲིབ་པའོ། །དགེ་བའི་ལོ་ཐོག་གི་ཞིང་དུ་མ་གྱུར་པས་ཐ་བའོ། །ངོ་བོ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པས་དྲི་མའོ། །རྟག་ཏུ་གནོད་པ་བྱེད་པས་སྡིག་པའོ། །རབ་ཏུ་མ་ཞི་བ་དང་རིང་དུ་སོང་བས་ཟུག་རྔུའོ། །ཕུང་པོ་འཛིན་པའི་རྒྱུ་བྱེད་པས་ཅི་བའོ། །ལོག་པར་སྒྲུབ་པའི་ངོ་བོ་ཉིད་ཡིན་པས་ཉེས་སྤྱོད་དོ། །སེམས་རྣམ་པར་གཡེངས་པར་བྱེད་པས་ཟག་པའོ། །ཡོ་བྱད་ཀྱིས་ཆོག་པར་མི་ཤེས་པའི་ཕྱིར་ཕོངས་པའོ། །འདོད་པས་ཕོངས་པར་བྱེད་པའི་ཕྱིར་གདུང་བའོ། །རྒུད་པ་འདྲེན་པའི་ཕྱིར་འཁྲུག་པའོ། །འཐབ་རྩོད་སོགས་ཀྱི་རྒྱུར་གྱུར་པས་འཐབ་པའོ། །ནད་ཆེན་པོར་གྱུར་པས་རིམས་ནད་དོ། །ལུས་སྣ་ཚོགས་ཀྱི་ལྗོན་ཤིང་སྒྲུབ་པས་ན་ནགས་སྦྱར་རོ། །འདོད་ཡོན་ལ་ཆགས་པར་བྱེད་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཐོབ་པའི་བར་ཆད་བྱེད་པས་ན་གེགས་ཞེས་བཤད་དོ། །དོན་གྱིས་བཤད་པ་ལ་ཉེར་བཞི་ཡོད་པ་ལས་ཀུན་སྦྱོར་གྱི་དབྱེ་བ་ནི་རྗེས་སུ་ཆགས་པ་ལ་སོགས་པ་རྣམ་པ་དགུའོ། །

སྦྱོར་ཚུལ་གྱི་བཤད་པ་ནི། འདི་ཀུན་ལ་གང་གིས་དང་། ཇི་ལྟར་དང་གང་ལ་སྦྱོར་བ་གསུམ་གྱིས་བཤད་ཅིང་། ངོ་བོ་རྣམས་ནི་སྔར་རྒྱས་པར་བཤད་པའི་ཕྱིར་ཡང་མི་འཆད་དོ། །གང་གིས་སྦྱོར་བ་ནི་ཁམས་གསུམ་པའི་འདོད་ཆགས་ཀྱིས་སོ། །ཇི་ལྟར་སྦྱོར་བ་ནི་ཁམས་གསུམ་ལ་རྗེས་སུ་ཆགས་པ་དེ་དང་ལྡན་ན་ཁམས་གསུམ་ལ་ཡོན་ཏན་མཐོང་བའི་སྒོ་ནས་དེ་ལ་ཡིད་མི་འབྱུང་ཞིང་སྐྱོ་བར་མི་འགྱུར་ལ་དེའི་རྒྱུ་ལས་དོན་དམ་པའི་མི་དགེ་བ་འཁོར་བའི་རྒྱུ་ཟག་བཅས་ཀྱི་ལས་ཀུན་ཏུ་སྤྱོད་ཅིང་། གཉེན་པོ་ཟག་མེད་ཀྱི་ལས་ཀུན་ཏུ་མི་སྤྱོད་དོ། །གང་ལ་སྦྱོར་བ་ནི་སྡུག་བསྔལ་དང་ཀུན་དུ་སྦྱོར་ཏེ། སྔར་བཤད་པའི་རྒྱུད་དེས་མ་འོངས་པ་ན་སྡུག་བསྔལ་ཉེར་ལེན་གྱི་ཕུང་པོ་མངོན་པར་འགྲུབ་པར་བྱེད་པའི་ཕྱིར་རོ། །གང་གིས་སྦྱོར་བ་ནི་སེམས་ཅན་སོགས་ལ་ཀུན་ནས་མནར་སེམས་པའོ། །ཇི་ལྟར་སྦྱོར་བ་ནི་ཁོང་ཁྲོ་བའི་རྒྱུ་ལས་གནོད་ཡུལ་ལ་སེམས་ཡལ་བར་མི་འདོར་ཞིང་། བཏང་སྙོམས་སུ་མི་བྱེད་པས་སོ། །གང་ལ་སྦྱོར་བ་ནི་སྡུག་བསྔལ་དང་ངོ་། །

གང་གིས་སྦྱོར་བ་ནི་ང་རྒྱལ་བདུན་གྱིས་སོ། །དེ་ལ་རིགས་དང་ཤེས་བྱ་དང་ཐོས་པ་ལ་སོགས་པ་ཆུང་ངུ་བས་བདག་ཆེ་བའམ་རང་དང་མཚུངས་པ་དང་མཚུངས་སོ་སྙམ་པའི་སྒོ་ནས་སེམས་ཁེངས་པ་ནི་ང་རྒྱལ་ཞེས་བྱ་སྟེ། ཇི་ལྟར་ཡོད་པ་ལྟར་འཇལ་བ་ཡིན་ཡང་། སེམས་ཁེངས་པའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །རིགས་སོགས་མཚུངས་པ་བས་བདག་ཆེ་བར་འཛིན་པ་སོགས་ནི་ཆེ་བའི་ང་རྒྱལ་ཡིན་ནོ། །རིགས་སོགས་ཀྱི་ཡོན་ཏན་བདག་པས་ཆེ་བ་རྣམས་ལས་ཀྱང་བདག་ཆེའོ་སྙམ་དུ་སེམས་ཁེངས་པ་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ཡིན་ནོ། །ཉེར་ལེན་གྱི་ཕུང་པོ་ལ་བདག་དང་བདག་གིར་ལྟ་བའི་སྒོ་ནས་སེམས་ཁེངས་པ་ནི་ངའོ་སྙམ་པའི་ང་རྒྱལ་ལོ། །གོང་མའི་ཁྱད་པར་འབྲས་བུ་བཞི་དང་བསམ་གཏན་དང་། མངོན་པར་ཤེས་པ་ལ་སོགས་པ་ཐོབ་པར་བྱ་བའི་ཡོན་ཏན་རྣམས་མ་ཐོབ་བཞིན་དུ་རང་གིས་ཐོབ་བོ་སྙམ་ནས་སེམས་ཁེངས་པ་ནི་མངོན་པའི་ང་རྒྱལ་ཡིན་ནོ། །ཡོན་ཏན་བདག་པས་ཆེས་ཁྱད་པར་དུ་འཕགས་པ་བས་བདག་ཅུང་ཟད་ཀྱི་ཆུང་ངོ་སྙམ་པ་ཡང་ཅུང་ཟད་སྙམ་པའི་ང་རྒྱལ་ཡིན་ཏེ། ཁྱད་པར་ཇི་ལྟར་ཡོད་པ་ལྟར་མི་འཛིན་པས་སམ་མཆོག་གི་ཚོགས་ཀྱི་ནང་ན་བདག་དམན་ཡང་གཞན་ན་ཐག་གི་འོ་སྙམ་དུ་སེམས་ཁེངས་པའི་ཕྱིར་རོ། །ཡོན་ཏན་མ་ཡིན་པ་འཆལ་པའི་ཚུལ་ཁྲིམས་སོགས་དང་ལྡན་པ་ལ་བདག་ཡོན་ཏན་དང་ལྡན་ནོ་སྙམ་ནས་སེམས་ཁེངས་པ་ནི་ལོག་པའི་ང་རྒྱལ་ཡིན་ནོ། །ཇི་ལྟར་སྦྱོར་བ་ནི་ང་རྒྱལ་དང་ལྡན་ན་ང་དང་ང་ཡིར་འཛིན་པའི་ཉེས་དམིགས་ཡོངས་སུ་མི་ཤེས་པས་དེར་སྤོང་བར་མི་བྱེད་ལ། དེ་དག་གིས་མི་དགེ་བའི་ལས་སོགས་པས་སོ། །གང་ལ་སྦྱོར་བ་ནི་སྡུག་བསྔལ་དང་ངོ་། །གང་གིས་སྦྱོར་བ་ནི་ཁམས་གསུམ་པའི་མི་ཤེས་པས་སོ། །ཇི་ལྟར་སྦྱོར་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བའི་ཆོས་རྣམས་ལ་ཤེས་བྱ་དང་། སྤང་བྱར་མ་ཤེས་པས་དེ་དག་ལ་ལྷག་པར་ཆགས་པར་བྱེད་པས་སོ། །གང་ལ་སྦྱོར་བ་ནི་སྡུག་བསྔལ་དང་ངོ་། །གང་གིས་སྦྱོར་བ་ནི་འཇིག་ཚོགས་སུ་ལྟ་བ་ལ་སོགས་པ་གསུམ་གྱིས་སོ། །ཇི་ལྟར་སྦྱོར་བ་ནི། འཇིག་ལྟས་བདག་གྲོལ་ལོ་གྲོལ་བར་འགྱུར་རོ། །སྙམ་དུ་བཟུང་ནས་ལོག་པས་ངེས་པར་འབྱུང་བའི་ཐབས་ཚོལ་ལོ། །མཐར་ལྟས་གྲོལ་ནས་ཀྱང་རྟག་པའམ། ཆད་པར་འགྱུར་རོ་ཞེས་མངོན་པར་ཞེན་པར་བྱེད་དོ། །ལོག་ལྟས་སངས་རྒྱས་པ་ལ་ཐར་པ་མེད་དོ། །བདག་སྒོམ་པ་ཐར་པའི་ལམ་མོ། །སྙམ་དུ་ལོག་པས་ངེས་པར་འབྱུང་བའི་ཐབས་ལ་མངོན་པར་ཞེན་པས་སོ། །གང་ལ་སྦྱོར་བ་ནི་སྡུག་བསྔལ་དང་ངོ་། །གང་གིས་སྦྱོར་བ་ནི་ལྟ་བ་མཆོག་ཏུ་འཛིན་པ་སོགས་གསུམ་མོ། །

ཇི་ལྟར་སྦྱོར་བ་ནི། དེ་དག་གིས། འཕགས་ལམ་ཡན་ལག་བརྒྱད་པོ་བོར་ནས། འཇིག་ལྟ་སོགས་དང་དེ་སྔོན་དུ་འགྲོ་བའི་ཚུལ་ཁྲིམས་དང་། བརྟུལ་ཞུགས་ཀྱིས་འདག་པ་སོགས་སུ་ཡིད་ཆེས་པར་བྱེད་པའི་ཕྱིར་ལོག་པར་ངེས་པར་འབྱུང་བའི་ཐབས་ལ་མངོན་པར་ཞེན་པས་སོ། །གང་ལ་སྦྱོར་བ་ནི་སྡུག་བསྔལ་དང་ངོ་། །གང་གིས་སྦྱོར་བ་ནི་བདེན་པ་བཞི་ལ་ཤེས་བྱ་ཡིན་མིན་སོགས་སུ་ཡིད་གཉིས་ཟ་བས་སོ། །ཇི་ལྟར་སྦྱོར་བ་ནི། ཇི་སྐད་དུ། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱིས་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་རྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུངས་པ་ལྟར་ཡོན་ཏན་བརྒྱད་དང་ལྡན་པའི་སངས་རྒྱས་དཀོན་མཆོག་ལ་རྐང་གཉིས་རྣམས་ཀྱི་མཆོག་ཡིན་ནམ་མ་ཡིན་ཞེས་ཡིད་གཉིས་ཟ་ཞིང་། བསམ་མེད་གཉིས་མེད་རྟོག་མེད་དེ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བའི། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་པ་ལྟར། ཡོན་ཏན་བརྒྱད་དང་ལྡན་པའི་ཆོས་དཀོན་མཆོག་ལ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཡིན་ནམ་མ་ཡིན་ཞེས་པ་དང་། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་གསུངས་པ་ལྟ་བུའི་དགེ་འདུན་དཀོན་མཆོག་ལ། ཚོགས་རྣམས་ཀྱི་མཆོག་ཡིན་ནམ་མ་ཡིན་ཞེས་སོམ་ཉི་ཟ་བའོ། །དེ་ལྟར་སོམ་ཉི་ཟ་བས། སངས་རྒྱས་ལ་སྐྱབས་སུ་འགྲོ་བ་སོགས་མི་བྱེད། ཆོས་ལ་ཡང་དག་པའི་འབྲས་བུ་དང་། ལམ་དང་དེ་དག་གསལ་བྱེད་སོགས་སུ་མ་ངེས་པས་ཐོས་བསམ་སོགས་ཀྱིས་མི་འཇུག་ཅིང་། དགེ་འདུན་ལ་ཡང་དག་པར་ཞུགས་པར་མ་ངེས་པས་བསྙེན་བཀུར་སོགས་མི་བྱེད་ལ། དེའི་ཕྱིར་ལེགས་པར་སྒྲུབ་པར་མི་འགྱུར་རོ། །གང་ལ་སྦྱོར་བ་ནི་སྡུག་བསྔལ་དང་ངོ་། །གང་གིས་སྦྱོར་བ་ནི་ཕྲག་དོག་གིས་སོ། །ཇི་ལྟར་སྦྱོར་བ་ནི་རྙེད་པ་དང་བཀུར་སྟི་སོགས་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་གཅེས་སུ་བྱེད་པ་ཡིན་གྱི་རྣམ་པར་དཀར་བའི་ཆོས་གཅེས་སུ་མི་བྱེད་པས་སོ། །གང་ལ་སྦྱོར་བ་ནི་སྡུག་བསྔལ་དང་ངོ་། །གང་གིས་སྦྱོར་བ་ནི་སེར་སྣས་སོ། །ཇི་ལྟར་སྦྱོར་བ་ནི། ཟས་ནོར་སོགས་ཀྱི་ཡོ་བྱད་སྙུངས་པ་ནི་དེས་དབེན་པ་སྟེ། དེ་ལ་གཅེས་སུ་མི་བྱེད་པར་མང་པོ་དང་བཟང་པོ་སོག་པ་གཅེས་སུ་བྱེད་པའོ། །གང་ལ་སྦྱོར་བ་ནི་སྡུག་བསྔལ་དང་ངོ་། །

གང་གི་འཆིང་བ་ནི་འདོད་ཆགས་ལ་སོགས་པ་གསུམ་སྟེ། ང་རྒྱལ་ལ་སོགས་པ་གསུམ་ནི་གཏི་མུག་གི་ནང་དུ་འདུས་པའི་ཕྱིར་རོ། །དེས་གང་ལ་འཆིང་ཞེ་ན་འདོད་ཆགས་ཀྱི་འཆིང་བས་ནི། ཞེས་སྨོས་ཏེ། གསུམ་པོ་རྣམས་གོ་རིམ་བཞིན་དུ་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་ཀྱི་ཚོར་བ་གསུམ་པོ་གཞི་དང་བཅས་པ་ལས་འཕེལ་བར་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་འཆིང་བ་ཞེས་བྱ་ཞེ་ན། འདོད་ཆགས་ལ་སོགས་པ་དེ་དག་ལ་བརྟེན་ནས་ཐོས་བསམ་སྒོམ་གསུམ་གྱི་དགེ་བ་ལ་སྦྱོར་བ་ན་ཇི་ལྟར་འདོད་པ་བཞིན་བྱེད་པ་མི་འཐོབ་སྟེ། དཔེར་ན་ལྕགས་སྒྲོག་གིས་བཅིངས་པ་ནི་ཇི་ལྟར་འདོད་པ་ལྟར་འགྲོ་བ་མི་འཐོབ་པ་ལྟར་རོ། །བག་ལ་ཉལ་གྱི་དབྱེ་བ་ནི་འདོད་པ་ལ་འདོད་ཆགས་ཀྱི་བག་ལ་ཉལ་སོགས་བདུན་ནོ། །ཅིའི་ཕྱིར་འདོད་ཆགས་ལ་བག་ལ་ཉལ་གཉིས་སུ་ཕྱེ་ཞེ་ན། འདོད་པ་ཚོལ་བ་དང་སྲིད་པ་ཚོལ་བ་གཉིས་ལ་སོ་སོར་རྒྱས་པར་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར། གོང་མ་གཉིས་ཀྱི་འདོད་ཆགས་གཅིག་ཏུ་བཞག་ཅེ་ན། གཉིས་ཀ་ཡང་ནང་ཉེར་ལེན་གྱི་ཕུང་པོ་ཙམ་ལ་ཆགས་པར་མཚུངས་པའི་ཕྱིར་རོ། །ཕྱོགས་དང་མཐུན་པའི་གནས་ངན་ལེན་ནི། ཉོན་མོངས་པ་དེ་དང་དེའི་ས་བོན་ནོ། །ཉོན་མོངས་ཅན་རྣམས་ཀྱི་ས་བོན་ལ་ནི་བག་ལ་ཉལ་ཞེས་ཀྱང་བྱ། གནས་ངན་ལེན་ཞེས་ཀྱང་བྱའོ། །དགེ་བ་ཟག་བཅས་དང་མ་སྒྲིབས་ལ་ལུང་མ་བསྟན་གྱི་ས་བོན་ནི། བག་ཆགས་དང་ས་བོན་ཞེས་བྱའོ། །བག་ལ་ཉལ་དང་། གནས་ངན་ལེན་ཞེས་མི་བྱའོ། །

དེ་རྣམས་གང་གིས་རྒྱས་པར་འགྱུར་བ་ནི། དེ་ལ་འདོད་པ་ཚོལ་བ་གཉེན་པོས་མ་སྤངས་པ་ལས་གཟུགས་སྒྲ་སོགས་འདོད་པའི་ཡོན་ཏན་ལ་འདོད་ཆགས་པ་དང་ཁོང་ཁྲོ་བའི་བག་ལ་ཉལ་རྒྱས་པར་འགྱུར་ཏེ། འདོད་པའི་སྲེད་པ་ལས་ཉོན་མོངས་པ་དེ་གཉིས་འཕེལ་བར་འགྱུར་བའི་ཕྱིར་རོ། །སྲིད་པ་ཚོལ་བ་མ་སྤངས་པས་ནི་སྲིད་པ་ཉེར་ལེན་གྱི་ཕུང་པོ་ལ་འདོད་ཆགས་པའི་བག་ལ་ཉལ་རྒྱས་པར་འགྱུར་རོ། །ལོག་པས་ཚངས་པར་སྤྱོད་པ་མ་སྤངས་པ་ནི་ང་རྒྱལ་ལ་སོགས་པ་རྒྱས་པར་འགྱུར་ཏེ་འདི་ལྟར་གང་ཟག་དེ་དག་ནི་གཉེན་པོ་ཆུང་ངུ་འཇིག་རྟེན་པའི་ལམ་ཙམ་གྱིས་ཀྱང་ཁེངས་པར་འགྱུར་བས། ང་རྒྱལ་གྱི་བག་ལ་ཉལ་རྒྱས་པར་འགྱུར་ལ་བདེན་པའི་གནས་ལུགས་ལ་རྨོངས་པའི་ཕྱིར་མ་རིག་པ་དང་། རྟག་པའི་བདག་གྲོལ་བ་ལ་སོགས་པ་ལོག་པས་ཐར་པ་དང་ལྟ་ངན་གྱི་རྗེས་སུ་འབྲང་བའི་ཚུལ་ཞུགས་ལ་སོགས་པ་ལོག་པས་ཐར་པའི་ཐབས་རྣམས་ལ་རྟོགས་པར་བྱེད་པས་ལྟ་བ་དང་། སངས་རྒྱས་ཀྱི་བསྟན་པ་ལུང་དང་རྟོགས་པའི་བདག་ཉིད་ཀྱི་དམ་པའི་ཆོས་འདུལ་བ་ལ་ཐར་པ་དང་ཐར་པའི་ཐབས་ཡང་དག་ཡིན་མིན་དུ་སོམ་ཉི་ལ་སོགས་པ་ཟ་བའི་ཕྱིར་ཐེ་ཚོམ་གྱི་བག་ལ་ཉལ་རྒྱས་པར་འགྱུར་རོ། །ཉེ་བའི་ཉོན་མོངས་པ་ལ་གཉིས་ལས་ཉོན་མོངས་པ་རགས་པ་ལ། དེར་བཞག་པ་ནི། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་གང་ཡིན་པ་ཞེས་པ་སྟེ། དེ་དག་གིས་སྒོ་དུ་མ་ནས་སེམས་ཉེ་བར་ཉོན་མོངས་པར་བྱེད་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་ལས་གཞན་སེམས་ལས་བྱུང་བ་འདུ་བྱེད་ཀྱི་ཕུང་པོར། གཏོགས་པ་ཁྲོ་བ་ལ་སོགས་པའི་ཉོན་མོངས་པ་ཅན་རྣམས་ནི། སྒོ་དུ་མ་ནས་སེམས་རབ་ཏུ་མ་ཞི་བར་བྱེད་པའི་མཚན་ཉིད་ཅན་མ་ཡིན་པས་ཉོན་མོངས་པ་མ་ཡིན་ལ། རྣམ་པ་གང་ཡང་རུང་བ་རེ་རེའི་སྒོ་ནས་སེམས་ཉེ་བར་ཉོན་མོངས་པར་བྱེད་པའི་ཕྱིར་ཉེ་བའི་ཉོན་མོངས་པ་ཡིན་ནོ། །དུས་གསུམ་ལ་དེར་བཞག་པ་ནི་ཡང་འདོད་ཆགས་ལ་སོགས་པ་གསུམ་ནི་ཉེ་བའི་ཉོན་མོངས་པ་ཡིན་ཏེ། དེས་སེམས་ཉེ་བར་ཉོན་མོངས་པར་བྱས་པ་ན། མཐོང་ལམ་གྱིས་འདོད་ཆགས་དང་བྲལ་བར་མི་འགྱུར་སྒོམ་ལམ་གྱིས་གྲོལ་བར་མི་འགྱུར་ཏེ། དེ་དག་ལ་སྒྲིབ་པར་བྱེད་པའི་སྒྲིབ་པ་དེ་མ་སྤངས་པའི་ཕྱིར་རོ། །དེའི་དགོངས་པའི་ལུང་དགོད་པ་ནི་བཅོམ་ལྡན་འདས་ཀྱིས་ཞེས་པ་ལ་སོགས་པས་སོ། །

ཀུན་ནས་དཀྲིས་པ་ནི་རྨུགས་པ་ལ་སོགས་བརྒྱད་དེ། ཅིའི་ཕྱིར། དེ་དག་ལ་ཀུན་ནས་དཀྲིས་པ་ཞེས་བྱ་ཞེ་ན། དགེ་བའི་ཕྱོགས་ལ་སྦྱོར་བའི་དུས་ན་ཡང་དང་ཡང་ཤས་ཆེར་སེམས་ལ་ཀུན་ནས་འཁྲི་བར་བྱེད་པའི་ཕྱིར་རོ། །དེ་ལ་དགེ་བའི་ཕྱོགས་ནི་ཞི་གནས་ཀྱི་རྒྱུ་མཚན་སྒོམ་པ་ལ་སོགས་པ་བཞིའོ། །དེ་ལ་ཞི་གནས་ཀྱི་རྒྱུ་མཚན་སྒོམ་པ་ནི། གང་གི་ཚེ་སེམས་རྒོད་དམ་རྒོད་དུ་དོགས་པ་ན་དེའི་ཚེ་འཁོར་བའི་ཉེས་དམིགས་སེམས་པ་སོགས་སྐྱོ་བར་འགྱུར་བའི་དངོས་པོ་ཡིད་ལ་བྱེད་པའོ། །རབ་ཏུ་འཛིན་པའི་རྒྱུ་མཚན་སྒོམ་པ་ནི། སེམས་ནང་དུ་རྨུགས་པ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་སེམས་པ་སོགས་དགའ་བར་བྱ་བའི་དངོས་པོ་ཡིད་ལ་བྱེད་པའོ། །བཏང་སྙོམས་ཀྱི་རྒྱུ་མཚན་བསྒོམ་པ་ནི། ཞི་ལྷག་ཟུང་འབྲེལ་དུ་འཇུག་པ་ན། གཉེན་པོ་དང་མི་མཐུན་ཕྱོགས་གང་ལ་ཡང་སེམས་མངོན་པར་འདུ་མི་བྱེད་པར་བཏང་སྙོམས་སུ་འཇོག་པའོ། །གསུམ་པོ་དེ་དག་གི་གཞི་ནི་ཚུལ་ཁྲིམས་ཡིན་ཏེ། ཁྱིམ་པ་རྣམས་ནི་རྣམ་གཡེང་ཆེ་བས་ཞི་གནས་དང་ལྷག་མཐོང་བསྒོམ་པར་མི་ནུས་པའི་ཕྱིར་རོ། །གང་ལ་གང་གིས་སྒྲིབ་ཞེ་ན། དགེ་བའི་ཕྱོགས་དང་པོ་ལ་ནི། གཉིད་དང་། རྨུགས་པ་གཉིས་ཀྱིས་བར་ཆད་བྱེད་དེ། དེ་དག་གིས་ནང་དུ་ཞུམ་པར་བྱེད་པའི་ཕྱིར་རོ། །གཉིས་པ་ནི་རྒོད་པ་དང་འགྱོད་པ་སྟེ། དེ་དག་གིས་ཕྱི་རོལ་ཏུ་སེམས་གཡེང་བར་བྱེད་པའི་ཕྱིར་རོ། །

གསུམ་པ་ལ་ནི་ཕྲག་དོག་དང་སེར་སྣ་སྟེ། དེ་དག་དང་ལྡན་ན། གཞན་དང་བདག་གི་ཕུན་སུམ་ཚོགས་པ་ལ་མི་བཟོད་པ་དང་། ཀུན་ཏུ་འཛིན་པའི་སྒོ་ནས་ཡང་དང་ཡང་དུ་སེམས་གཡོ་བར་བྱེད་པའི་ཕྱིར་རོ། །བཞི་པ་ཚུལ་ཁྲིམས་རྣམ་པར་དག་པའི་དུས་ན་ནི། ངོ་ཚ་མེད་པ་དང་ཁྲེལ་མེད་པ་གཉིས་ཀྱིས་བར་ཆད་བྱེད་དེ། དེ་དག་དང་ལྡན་ན་རྣམ་པ་ཐམས་ཅད་དུ་ལྟུང་བའི་གནས་ཀྱིས་མི་འཛེམ་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་དང་རྗེས་སུ་མཐུན་པའི་ཆ་ནས་བཞག་པའི་ཆུ་བོ་ནི་བཞི་སྟེ། འདི་ལྟར། ལྟ་བ་དང་མ་རིག་པ་བོར་བའི་འདོད་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་ནི་འདོད་པའི་ཆུ་བོའོ། །གཉིས་པོ་བོར་བའི་ཁམས་གོང་མའི་ཉོན་མོངས་པ་རྣམས་ནི་སྲིད་པའི་ཆུ་བོའོ། །ཁམས་གསུམ་གྱི་ལྟ་བ་རྣམས་དང་། མ་རིག་པ་རྣམས་ནི་གོ་རིམ་བཞིན་དུ་ལྟ་བ་དང་མ་རིག་པའི་ཆུ་བོའོ། །ཅིའི་ཕྱིར་ཆུ་བོ་ཞེས་བྱ་ཞེ་ན་འཁོར་བ་དང་ངན་སོང་གི་རྒྱུན་ཕྱོགས་སུ་འཁྱེར་བར་བྱེད་པའི་ཕྱིར་ཏེ། ཇི་ལྟར་ཞེ་ན་འདོད་པ་ཚོལ་བ་ལ་ཞུགས་པ་རྣམས་ནི་འདོད་པའི་ཆུ་བོས་རྒྱུན་ཕྱོགས་སུ་འཁྱེར་བར་བྱེད་ལ་སྲིད་པ་ཚོལ་བ་ལ་ཞུགས་པ་རྣམས་ནི་གཉིས་པས་འཁོར་བའི་རྒྱུན་ཕྱོགས་སུ་འཁྱེར་བར་བྱེད་དོ། །ལོག་པས་ཚངས་སྤྱོད་ཚོལ་བ་རྣམས་ནི་ཐ་མ་གཉིས་ཀྱིས་ཏེ་ལྟ་བ་གནས་པ་དང་མ་རིག་པ་གནས་སུ་འབྲེལ་བའི་ཚུལ་གྱི་སྟེ། རྨོངས་པར་མ་འགྱུར་ན། ཐར་པ་དང་དེའི་ཐབས་ལོག་པ་ལ་རྟོག་པར་མི་བྱེད་པའི་ཕྱིར་རོ། །རྣམ་པར་བྱང་བའི་བར་དུ་གཅོད་པའི་ཆ་ནས་བཞག་པའི་སྦྱོར་བ་ཡང་བཞི་སྟེ། དེ་དག་ཉིད་དོ། །གཉེན་པོས་མི་མཐུན་ཕྱོགས་ལས་འདོད་ཆགས་དང་འབྲལ་བའི་བར་དུ་གཅོད་པའི་ལས་ཅན་ཡིན་པའི་ཕྱིར་སྦྱོར་བ་ཞེས་བྱའོ། །སྦྱོར་བ་བཞིར་འགྱུར་བའི་རྒྱུ་མཚན་ནི། བཞི་པོ་དེ་དག་ཀྱང་ཞེས་ཏེ་སྔ་མ་ཁོ་ན་ལྟར་སྦྱར་རོ། །ཉེར་ལེན་གྱི་ངོ་བོ་ནི་འདོད་པའི་ཉེར་ལེན་ལ་སོགས་པ་བཞིའོ། །དེར་འཇོག་པའི་རྒྱུ་མཚན་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་ཀྱི་རྩོད་པའི་རྩ་བ་ཉེ་བར་ལེན་པའི་ཕྱིར་དང་རྩོད་པ་ལས་ཀྱང་ལས་སོག་པར་འགྱུར་བས་དེའི་ཕྱིར་ཡང་སྲིད་པ་ཉེ་བར་ལེན་པའི་ཕྱིར་ཉེ་བར་ལེན་པ་རྣམས་ཞེས་བྱའོ། །གང་ཞིག་གང་གི་རྩོད་པའི་རྒྱུ་ཡིན་ཞེ་ན། གཟུགས་སྒྲ་ལ་སོགས་པ་འདོད་པའི་ཡོན་ཏན་རྣམས་ལ་འདོད་ཅིང་ཆགས་པ་ལ་སོགས་པ་ནི་འདོད་པའི་ཉེ་བར་ལེན་པ་ཡིན་ལ། དེའི་རྒྱུས་ཁྱིམ་པ་རྣམས་ནང་ཕན་ཚུན་དུ་རྩོད་པར་བྱེད་དོ། །དེ་ལ་འདོད་ཅིང་ཆགས་པ་ནི། རང་གི་ཡོ་བྱད་ལ་མངོན་པར་དགའ་བའོ། །འདི་ཉིད་ལ་ཡོངས་སུ་འཛིན་པ་ནི་ལྷག་པར་ཞེན་པའོ། །དེ་དང་མི་འབྲལ་བར་འདོད་པས་ན་རྣམ་པར་བཅིངས་པའོ། །གཞན་གྱི་འདོད་པ་ལ་དགའ་བར་བྱེད་པས་ཡོངས་སུ་ཞེན་པའོ། །དེ་ལ་ཀུན་ནས་ཆགས་པས་ཀུན་ཏུ་འདོད་ཆགས་པའོ། །ཡང་ན་གོ་རིམ་བཞིན་དུ། ཆགས་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་ཆེས་ཆེན་པོ་དང་། ཤིན་ཏུ་ཆེས་ཆེན་པོའོ། །ཡང་ན་སྔ་མ་སྔ་མ་རྣམས་ཕྱི་མ་ཕྱི་མས་བཤད་དོ། །

ལྟ་བ་ལྔ་ལ་འདོད་ཆགས་ལ་སོགས་པའི་རྒྱུས་ཕྱི་ནང་གི་རབ་བྱུང་རྣམས་ནང་ཕན་ཚུན་དུ་རྩོད་དེ་རྩོད་པ་དེའི་རྩ་བ་ནི། ཉེ་བར་ལེན་པ་ཕྱི་མ་གསུམ་ཡིན་ནོ། །དེ་ལ་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ལ་འདུན་ཞིང་ཆགས་པ་ནི་ལྟ་བའི་ཉེ་བར་ལེན་པ་ཡིན་ནོ། །ལྟ་བ་སོ་སོའི་རྗེས་སུ་འབྲང་བའི་བརྟུལ་ཞུགས་དང་དཀའ་ཐུབ་དྲག་པོ་སོ་སོ་ཐ་དད་པའི་རྗེས་སུ་འདུན་ཅིང་ཆགས་པ་ནི་ཚུལ་ཁྲིམས་དང་རྟུལ་ཞུགས་ཀྱི་ཉེ་བར་ལེན་པའོ། །ཕལ་ཆེར་ཞེས་པ་ནི་ཕྱི་རོལ་པ་ཕལ་ཆེ་བ་ནི་ངལ་ཞིང་དུབ་པའི་བརྟུལ་ཞུགས་བརྟེན་པ་ཡིན་ལ། ཁ་ཅིག་དེ་ལྟ་བུ་ལ་མི་བརྟེན་པ་ཡང་ཡོད་པའི་ཕྱིར་རོ། །ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་དེ་དག་གང་ལ་འབྱུང་བའི་གནས་འཇིག་ཚོགས་ལ་ལྟ་བ་ལ་འདུན་ཅིང་། ཆགས་པ་ནི་བདག་ཏུ་སྨྲ་བའི་ཉེ་བར་ལེན་པ་ཡིན་ནོ། །དེ་ལ་ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ཉེ་བར་ལེན་པས་ནི་མུ་སྟེགས་ཅན་རྣམས་ནང་ཕན་ཚུན་དུ་རྩོད་དེ། དེ་ལ་བློ་དུ་མར་གྱུར་པའི་ཕྱིར་རོ། །བདག་ཏུ་སྨྲ་བའི་ཉེ་བར་ལེན་པས་ནི་མི་རྩོད་དེ། ཐམས་ཅད་ཀྱང་བདག་ཡོད་པར་འདོད་པ་ལ་བློ་མཐུན་པའི་ཕྱིར་རོ། །ཉེ་བར་ལེན་པ་དེས་ནི་མུ་སྟེགས་ཅན་རྣམས་དང་ཆོས་འདི་པ་རྣམས་རྩོད་སྟེ། བདག་ཡོད་པ་དང་མེད་པ་ལ་བློ་མི་མཐུན་པ་སོ་སོར་གྱུར་པའི་ཕྱིར་རོ། །དོན་བསྡུ་བ་ནི། དེ་ལྟར། ཞེས་པ་ལ་སོགས་པའོ། །འདུད་པའི་ངོ་བོ་ལ་བརྣབ་སེམས་ལུས་ཀྱི་མདུད་པ་ལ་སོགས་བཞིའོ། །ཅིའི་ཕྱིར་མདུད་པ་ཞེས་བྱ་ཞེ་ན། དེ་དག་གཟུགས་ཅན་གྱི་ལུས་ཀྱི་མདུད་པ་ནི་མ་ཡིན་གྱི་མཉམ་པར་བཞག་པའི་སེམས་ཀྱི་རང་བཞིན་གྱི་ཡིད་ཀྱི་ལུས་ཀྱི་བར་དུ་གཅོད་པའི་མདུད་པ་རྣམས་ཡིན་ནོ། །ཇི་ལྟར་ན་བཞི་པོ་དེས་ཡིད་ཀྱི་ལུས་ལ་བར་དུ་གཅོད་ཅེ་ན། བརྣབ་སེམས་ལ་བརྟེན་ནས་ཟང་ཟིང་ངན་པ་ཟས་གོས་སོགས་ཅུང་ཟད་ལ་ཆགས་པའི་རྒྱུས་དང་པོ་རབ་ཏུ་མི་འབྱུང་བས་ཏིང་ངེ་འཛིན་མ་ཐོབ་པ་ལས་སེམས་གཡེང་བར་བྱེད་ལ། གནོད་སེམས་ལ་བརྟེན་ནས་རྩོད་པ་ལྟུང་བ་བྱུང་བ་རྣམས་ཆོས་བཞིན་དུ་མི་བྱེད་པས་ལེགས་པར་མི་སྒྲུབ་ལ། དེའི་རྒྱུ་ལས། ཏིང་ངེ་འཛིན་ཐོབ་པ་ལ་སེམས་རྣམ་པར་གཡེང་བར་འགྱུར་རོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ལ་བརྟེན་ནས་ཟས་གཅོད་པ་དང་མེ་ལྔ་བརྟེན་པ་ལ་སོགས་པ་ཚུལ་ཞུགས་དྲག་པོས། ལུས་སྡུག་བསྔལ་བའི་རྒྱུ་ལས་སེམས་རྣམ་པར་གཡེང་བར་འགྱུར་ཏེ། བདེ་བར་གྱུར་པའམ་གཏང་སྙོམས་སུ་གནས་པ་ལས་སེམས་མཉམ་པར་འཇོག་པར་ནུས་ཀྱི་གཞན་དུ་མ་ཡིན་པའི་ཕྱིར་རོ། །རང་ལྟ་མཆོག་ཏུ་བཟུང་ནས་འདི་ཉིད་བདེན་གྱིས་གཞན་ནི་དོན་མེད་དོ། །ཞེས་མངོན་པར་ཞེན་ནས་རྟག་བདེ་བདག་སོགས་ཚུལ་བཞིན་མ་ཡིན་པས་ཤེས་བྱ་ལ་རྟོག་པས། མཉམ་པར་བཞག་པའི་སེམས། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་ལས་རྣམ་པར་གཡེང་བར་བྱེད་དོ། །སྒྲིབ་པ་ནི་འདོད་པ་ལ་འདུན་པ་སོགས་ལྔ་སྟེ། ཅིའི་ཕྱིར་དེ་དག་ལ་སྒྲིབ་པ་ཞེས་བྱ་ཞེ་ན། དགེ་བའི་ཕྱོགས་ལ་སྦྱོར་བའི་བར་ཆད་བྱེད་པས་དགེ་བའི་ཕྱོགས་མི་རྟོག་པའི་རྒྱུ་བྱེད་པ་ཡིན་ལ། དེའི་ཕྱིར་སྒྲིབ་པ་རྣམས་ཞེས་བྱའོ། །དེ་ལ་འདོད་པ་ལ་འདུན་པས་ནི་རབ་ཏུ་འབྱུང་བ་ལ་མངོན་པར་དགའ་བའི་དུས་ན་བར་ཆད་བྱེད་ཏེ། འདོད་པའི་ཡུལ་ལ་ཉེ་བར་སྤྱོད་པར་འདོད་པའི་སྒོ་ནས་དེ་ལ་མངོན་པར་མི་དགའ་བའི་ཕྱིར་རོ། །གནོད་སེམས་ཀྱིས་ནི་བསྐུལ་བ་ན་བར་ཆད་བྱེད་དེ། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཡང་དག་པར་སྒྲུབ་པའི་བསླབ་པའི་གནས་ལ་བསྐུལ་བ་ན། གནོད་སེམས་ཀྱིས་ཡང་དག་པར་མི་སློབ་པའི་ཕྱིར་རོ། །རྨུགས་པ་དང་གཉིད་གཉིས་ཀྱིས་ཞི་གནས་ཀྱི་རྒྱུ་མཚན་བསྒོམ་པའི་དུས་ན། སེམས་ནང་དུ་ཞུམ་པར་བྱེད་པའི་ཕྱིར་རོ། །རྒོད་པ་དང་འགྱོད་པ་ནི་རབ་ཏུ་འཛིན་པའི་རྒྱུ་མཚན་བསྒོམས་པའི་དུས་ན་སྟེ། དེའི་ཚེ་དེ་དག་གིས་རྣམ་པར་གཡེང་བར་བྱེད་པའི་ཕྱིར་རོ། །ཐེ་ཚོམ་གྱིས་བཏང་སྙོམས་ཀྱི་དུས་ན་སྟེ། གཏན་ལ་མ་ཕེབས་པ་ན་བཏང་སྙོམས་སུ་འཇོག་པར་མི་ནུས་པའི་ཕྱིར་རོ། །འདོད་ན་སྒྲིབ་རྣམས་མི་མཐུན་དང་། །ཟས་དང་བྱ་བ་གཅིག་པའི་ཕྱིར། །གཉིས་གཅིག་ཕུང་པོ་གནོད་བྱེད་དང་། །ཐེ་ཚོམ་ཕྱིར་ན་ལྔ་ཉིད་དོ། །ཞེས་བཤད་པ་ལྟར་ཤེས་པར་བྱའོ། །ཐ་བ་ནི་འདོད་ཆགས་ལ་སོགས་པ་སྟེ། ཅིའི་ཕྱིར་ཐ་བ་ཞེས་བྱ་ཞེ་ན། དེ་རྣམས་སྔོན་གྱི་སྐྱེ་བ་གཞན་དུ་གོམས་པར་བྱས་པས་ད་ལྟར་རྒྱུ་མཐུན་པའི་འབྲས་བུ་འདོད་ཆགས་ལ་སོགས་པ་ལྷག་པར་སྤྱོད་པར་འགྱུར་ལ། དེའི་རྒྱུ་མཚན་གྱིས་སེམས་ལས་སུ་མི་རུང་བ་དགེ་བ་ལ་སྐོལ་དུ་མི་བཏུབ་པ་དང་གཉེན་པོས་འབྲལ་དཀར་བར་འགྱུར་བའི་ཕྱིར་དེ་དག་ནི་ཐ་བ་ཞེས་བྱའོ། །

དྲི་མའི་ངོ་བོ་འདོད་ཆགས་ལ་སོགས་པ་ཅིའི་ཕྱིར་དྲི་མ་ཞེས་བྱ་ཞེ་ན། དེ་དག་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པ་འཆལ་པའི་ཚུལ་ཁྲིམས་ལྷག་པར་སྤྱོད་པར་འགྱུར་ལ། དེའི་རྒྱུས་གྲོགས་ཤེས་ལྡན་རྣམས་ཀྱིས་ཚེ་དང་ལྡན་པ་ནི་ཚུལ་ཁྲིམས་ངན་པ་འདི་ལྟ་བུ་བྱེད་པ་དེ་དང་མཐུན་པའི་ལུས་ངག་གི་སྤྱོད་པ་འདི་ལྟ་བུ་སྤྱོད་པ་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་དང་ལྡན་པས་མི་གཙང་བ་རབ་ཏུ་བྱུང་བ་གཞན་ལ་ཡང་ཡིད་ཆེས་ཉམས་པའི་རྒྱུ་ཡིན་པས་གྲོང་གི་ཚེར་མའོ་ཞེས་བརྗོད་པའི་རྒྱུ་ཡིན་པའི་ཕྱིར་དྲི་མ་རྣམས་སོ། །སྡིག་པའི་ངོ་བོ་ནི་འདོད་ཆགས་ལ་སོགས་པ་གསུམ་མོ། །ཅིའི་ཕྱིར་སྡིག་པ་ཞེས་བྱ་ཞེ་ན་དེ་དག་ལ་བརྟེན་ནས་དུས་ཡུན་རིང་མོར་འཁོར་བར་སྐྱེ་བ་དང་འཆི་བའི་སྡུག་བསྔལ་མྱོང་བའི་སྒོ་ནས་གནོད་པ་བྱེད་པའི་ཕྱིར་སྡིག་པ་རྣམས་ཞེས་བྱའོ། །ཟུག་རྔུ་ནི་འདོད་ཆགས་ལ་སོགས་པ་གསུམ་མོ། །ཅིའི་ཕྱིར་ཟུག་རྔུ་ཞེས་བྱ་ཞེ་ན། དེ་དག་ལ་བརྟེན་ནས་སྲིད་པ་དང་སྲིད་པའི་ཡོ་བྱད་རྣམས་དང་སངས་རྒྱས་ལ་སོགས་པའི་དཀོན་མཆོག་དང་བདེན་པ་རྣམས་ལ་སྲེད་པ་དང་ཐེ་ཚོམ་གྱི་སྒོ་ནས་ཞུགས་པས་གནོད་པའི་ཕྱིར་ཟུག་རྔུ་ཞེས་བྱའོ། །ཅི་ཡང་གི་ངོ་བོ་ཡང་འདོད་ཆགས་ལ་སོགས་པའོ། །ཅིའི་ཕྱིར་ཅི་ཡང་ཞེས་བྱ་ཞེ་ན་དེ་དག་ལ་བརྟེན་ནས་ཡོ་བྱད་མང་པོ་ཡོངས་སུ་འཛིན་པས་ཅི་དང་ཡང་བཅས་པར་བྱས་ནས་འཇིགས་པ་དང་བཅས་པ་སོགས་ལ་སྦྱོར་བའི་ཕྱིར་དེ་དག་ནི་ཅི་ཡང་ཡིན་ནོ། །ཉེས་པར་སྤྱོད་པའི་ངོ་བོ་ཡང་འདོད་ཆགས་ལ་སོགས་པ་ཡིན་ནོ། །ཅིའི་ཕྱིར་ཉེས་པར་སྤྱོད་པ་ཞེས་བྱ་ཞེ་ན། དེ་དག་ལ་བརྟེན་ནས་ལུས་ལ་སོགས་པ་སྒོ་གསུམ་གྱི་ཉེས་པར་སྤྱད་པར་སྤྱོད་དེ། དེའི་ཕྱིར་ཉེས་སྤྱོད་རྣམས་ཞེས་བྱའོ། །ཡང་དུག་གསུམ་པོ་དེ་དག་ཉེས་པར་སྤྱོད་པའི་རྩ་བར་རྣམ་པར་བཞག་སྟེ། དེ་དག་གི་སྒོ་ནས་སེམས་ཅན་རྣམས་ཉེས་པར་སྤྱད་པ་སྤྱོད་པའི་ཕྱིར་རོ། །དེ་ལ་ཟང་ཟིང་ངན་པ་ཅུང་ཟད་ཙམ་གྱི་རྒྱུས་ལོངས་སྤྱོད་དོན་དུ་གཉེར་བ་རྣམས་ཆགས་པས་ཉེས་པར་སྤྱད་པ་སྤྱོད་དོ། །གནོད་པ་བྱ་བའི་རྒྱུ་ལ་ཡོངས་སུ་རྟོག་པ་རྣམས་གཞན་གྱི་ཉེས་པ་མི་བཟོད་པའི་རྒྱུས་ཞེ་སྡང་གིས་ཉེས་པར་སྤྱད་པ་སྤྱོད་དོ། །སྲོག་གིས་མཆོད་སྦྱིན་བྱས་པས་ཐར་པ་ཐོབ་པར་འདོད་པ་ལ་སོགས་པ་ཆོས་ལོགས་པ་ལ་མངོན་པར་ཞེན་པ་རྣམས་གཏི་མུག་གིས་རྒྱུས་ཉེས་པར་སྤྱད་པ་སྤྱོད་དོ། །

ཟག་པའི་ངོ་བོ་ནི། མ་རིག་པ་མ་གཏོགས་པའི་འདོད་པའི་ཉོན་མོངས་པ་རྣམས་ནི་འདོད་པའི་ཟག་པ་ཡིན་ལ། གོང་མའི་ཉོན་མོངས་པ་རྣམས་ནི་སྲིད་པའི་ཟག་པ་ཡིན་ནོ། །ཁམས་གསུམ་གྱི་མ་རིགས་པ་རྣམས་ནི་མ་རིག་པའི་ཟག་པའོ། །ཅིའི་ཕྱིར་དེ་དག་ཟག་པ་ཞེས་བྱ་ཞེ་ན། འདོད་པའི་ཉོན་མོངས་པ་རྣམས་ནི་རྣམ་པར་གཡེང་བའི་ངོ་བོ་ཉིད་ཡིན་པས་སེམས་ཕྱིར་རྣམ་པར་འཕྲོ་བར་བྱེད་པའི་ཕྱིར་དང་ཕྱི་རོལ་དུ་བལྟས་ཏེ། །འདོད་པའི་ཡོན་ཏན་རྣམས་ལ་ཟག་པར་བྱེད་པའི་ཕྱིར་འདོད་པའི་ཟག་པ་རྣམས་སོ། །གོང་མའི་ཉོན་མོངས་པ་རྣམས་ནི། ཁ་ནང་དུ་བལྟས་ཏེ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་དུས་ན་ཡང་། སྙོམས་པར་འཇུག་པའི་ཚོར་བ་ལ་སྲེད་པ་སོགས་ཀྱི་སྒོ་ནས་ཟག་པའི་ཕྱིར་སྲིད་པའི་ཟག་པ་ཡིན་ནོ། །ཟག་པ་དེ་གཉིས་ཀ་ཡང་མ་རིག་པའི་དབང་གིས་འབྱུང་བས་དེ་དག་གི་གནས་ཡིན་པ་དེའི་ཕྱིར་མ་རིག་པའི་ཟག་པ་རྣམ་པར་བཞག་གོ །ཕོངས་པའི་ངོ་བོ་ནི་འདོད་ཆགས་ལ་སོགས་པ་གསུམ་མོ། །ཅིའི་ཕྱིར་ཕོངས་པ་ཞེས་བྱ་ཞེ་ན་དེ་དག་ལ་བརྟེན་ནས་སྲིད་པའི་ཡོ་བྱད་འདོད་པའི་ཕོངས་པས། ལུས་སེམས་ལ་གནོད་པ་བྱེད་པས་ན་ཕོངས་པ་ཡིན་ནོ། །ཡོངས་སུ་གདུང་བའི་ངོ་བོ་ནི་འདོད་ཆགས་ལ་སོགས་པའོ། །ཅིའི་ཕྱིར་ཡོངས་སུ་གདུང་བ་ཡིན་ཞེ་ན་དེ་དག་ལ་བརྟེན་ནས་སྡུག་པ་དང་མི་སྡུག་པའི་ཡུལ་རྣམས་ལ་ཚུལ་བཞིན་མ་ཡིན་པར་མཚན་མ་དང་མངོན་རྟགས་སུ་འཛིན་པ་གང་གིས་ལུས་དང་སེམས་ལ་ཡོངས་སུ་གདུང་བར་བྱེད་པས་ཡོངས་སུ་གདུང་བ་རྣམས་ཞེས་བྱའོ། །དེ་ལ་འདི་ནི་སྐྱེས་པའོ་བུད་མེད་དོ། །ཞེས་བྱ་བ་དང་། སྔོ་སངས་སོ་དཀར་ཤམ་མོ་ཞེས་བྱ་བ་ལ་སོགས་པར་འཛིན་པ་ནི་མཚན་མར་འཛིན་པའོ། །སྐྱེས་པ་དང་བུད་མེད་སོགས་ཀྱི་ལག་པ་དང་ནུ་མ་སོགས་ལ་དགའ་བྱ་སོགས་སུ་འཛིན་པ་ནི་མངོན་རྟགས་སུ་འཛིན་པའོ། །འཁྲུག་པའི་ངོ་བོ་ནི་འདོད་ཆགས་ལ་སོགས་པའོ། །ཅིའི་ཕྱིར་འཁྲུག་པ་རྣམས་ཞེས་བྱ་ཞེ་ན། དེ་དག་ལ་བརྟེན་ནས་གཟུགས་ལ་སོགས་པ་ལ་དགའ་བ་དང་ལྷག་པར་ཆགས་པར་བྱེད་དུ་བཅུག་ནས་དེ་རྣམ་པར་འགྱུར་ན་མྱ་ངན་ལ་སོགས་པ་སེམས་ཅན་རྣམས་ཉོན་མོངས་པར་བྱེད་པའི་ཕྱིར་འཁྲུགས་པ་རྣམས་སོ། །འཐབ་པའི་ངོ་བོ་ནི་འདོད་ཆགས་ལ་སོགས་པའོ། །ཅིའི་ཕྱིར་འཐབ་པ་ཞེས་བྱ་ཞེ་ན་དེ་དག་ལ་བརྟེན་ནས་ཆད་པས་གཅོད་པ་ལ་སོགས་པ་འབྱུང་བ་དེའི་ཕྱིར་འཐབ་པ་ཞེས་བྱའོ། །རིམས་ནད་ཀྱི་ངོ་བོ་ནི་འདོད་ཆགས་སོགས་པ་གསུམ་མོ། །

ཅིའི་ཕྱིར་རིམས་ནད་ཞེས་བྱ་ཞེ་ན། དེ་དག་ལ་བརྟེན་ནས་ཆོས་མ་ཡིན་པ་མི་དགེ་བ་ལ་ཆགས་པ་དང་མི་འཐུན་པ་ཆོམ་རྐུན་དང་། ལོག་འཚོ་སོགས་ཀྱིས་ཡོ་བྱད་ཚོལ་བ་ལ་ཆགས་པ་དང་ཆོས་ལོག་པའི་འཚེ་བ་ཆོས་སུ་སྟོན་པ་ལ་ཆགས་པས་ལུས་སེམས་ཡོངས་སུ་གདུང་བ་ཆེན་པོས་ཡོངས་སུ་གདུང་བར་འགྱུར་བའི་ཕྱིར་རིམས་ནད་རྣམས་ཞེས་བྱའོ། །ནགས་སྦྱོར་གྱི་ངོ་བོ་ནི་འདོད་ཆགས་ལ་སོགས་པ་གསུམ་ཡིན་ལ། ཅིའི་ཕྱིར་ནགས་སྦྱོར་ཞེས་བྱ་ཞེ་ན། དེ་དག་ལ་བརྟེན་ནས་སྐྱེ་བའི་རྩ་བ་ཅན་འདུ་བྱེད་རྣམས་ལ་ཆགས་ཏེ། འགྲོ་བ་ལྔའི་ལུས་ཀྱི་ལྗོན་ཤིང་རྣམ་པ་སྣ་ཚོགས་མངོན་པར་འགྲུབ་པར་བྱེད་པའི་ཕྱིར་ནགས་སྦྱོར་རྣམས་ཞེས་བྱའོ། །གེགས་ཀྱི་ངོ་བོ་ནི་གསུམ་སྟེ་འདོད་ཆགས་ལ་སོགས་པའོ། །ཅིའི་ཕྱིར་གེགས་ཞེས་བྱ་ཞེ་ན་དེ་དག་ལ་བརྟེན་ནས་ལུས་དང་། ལོངས་སྤྱོད་ཉམས་ཀྱིས་དོགས་པའི་ལྟ་བ་དང་བཅས་པའི་སྒོ་ནས་ཤེས་བྱའི་གནས་ལ་བློ་མ་བྱང་བ་དང་། ཚོགས་ཀྱི་ནང་དུ་འདུ་འཛིའི་གཏམ་ལ་སོགས་པ་རྒྱུན་དུ་སྲེལ་བ་སོགས་འདྲེ་ཤིང་གནས་པ་དང་། དགེ་བའི་ཕྱོགས་ལ་བརྩམས་ནས་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པས་དེ་དག་ལ་མི་སྦྱོར་བའི་ཕྱིར་གེགས་རྣམས་སོ། །ལོག་པར་ཞུགས་པ་ལ་གཉིས་ལས། སོ་སོའི་ལོག་ཞུགས་ནི་འདོད་ཆགས་སྒོམ་པས་སྤང་བར་བྱ་བ་རྣམས་ནི་གཟུགས་སྒྲ་ལ་སོགས་པའི་ཡུལ་ལ་ལོག་པར་ཞུགས་པ་ཡིན་ལ་མཐོང་བས་སྤང་བར་བྱ་བ་རྣམས་ནི་འཇིག་ཚོགས་ལ་ལྟ་བ་སོགས་ལྟ་བ་ལ་ལོག་པར་ཞུགས་པ་ཡིན་ཏེ། དེ་རྣམས་ལ་སྡུག་པ་ཙམ་དུ་དམིགས་པའི་ཕྱིར་རོ། །གང་ཡང་སེམས་ཅན་ལ་ཆགས་པ་གང་ཡིན་པ་དེ་དག་ནི། སེམས་ཅན་གྱི་ཁ་དོག་དང་སྒྲ་སྐད་སོགས་ལ་སྡུག་པའི་རྣམ་པར་ཞུགས་པའི་ཕྱིར་ཡུལ་ལ་ལོག་པར་ཞུགས་པ་ཡིན་ནོ། །དེ་བཞིན་དུ་ཁོང་ཁྲོ་བ་ཡང་ཡུལ་དང་ལྟ་བ་ལ་ལོག་པར་ཞུགས་ཏེ། ཡུལ་མི་སྡུག་པ་དང་། ལྟ་བ་མི་མཐུན་པ་ལ་ཀུན་ནས་མནར་སེམས་པའི་རྣམ་པར་ཞུགས་པའི་ཕྱིར་རོ། །སེམས་ཅན་ལ་ཁོང་ཁྲོ་བ་ནི་ཡུལ་གྱི་སྒོ་ནས་རིག་པར་བྱའོ། །

ང་རྒྱལ་ནི། ཆུང་ངུ་བས་བདག་ཆེའོ་སྙམ་པ་ལ་སོགས་པར་འཛིན་པའི་ཕྱིར་སེམས་ཅན་ལ་ལོག་པར་ཞུགས་པ་ཡིན་ལ། རང་གི་ལྟ་བ་མཆོག་ཏུ་བཟུང་སྟེ་སེམས་ཁེངས་པའི་ཕྱིར་ལྟ་བ་ལ་ལོག་པར་ཞུགས་པ་ཡིན་ནོ། །འཇིག་ལྟ་དང་མཐར་ལྟ་དང་ལོག་ལྟ་རྣམས་ནི་ཤེས་བྱའི་ཕུང་པོ་ལ་སྒྲོ་འདོགས་པ་དང་། བཀུར་པ་འདེབས་པའི་རྣམ་པས་ལོག་པར་རྟོགས་པ་ཡིན་ནོ། །གལ་ཏེ་འཇིག་ལྟ་ནི་ངའོ་སྙམ་དུ་འཛིན་པའི་ཕྱིར་སེམས་ཅན་ལ་ལོགས་པར་རྟོགས་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེ་ནི་ཕུང་པོ་ལ་ངའོ་སྙམ་དུ་འཛིན་པའི་ཕྱིར་དེ་ལ་ལོག་པར་ཞུགས་པ་ཡིན་གྱི་སེམས་ཅན་ལ་མ་ཡིན་ཏེ། འདིའི་ཞེན་ཡུལ་སེམས་ཅན་མ་ཡིན་པའི་ཕྱིར་རོ། །ང་རྒྱལ་ནི་ཞེན་ཡུལ་སེམས་ཅན་དང་། ལྟ་བ་ཆེན་པོ་དང་མཆོག་སོགས་སུ་འཛིན་པའི་ཕྱིར་དེ་དག་ལ་ལོག་པར་ཞུགས་པར་འགྱུར་རོ། །མཆོག་འཛིན་གཉིས་ནི་ལྟ་བ་ལ་མཆོག་དང་དག་གྲོལ་སོགས་སུ་འཛིན་པའི་ཕྱིར་དེ་ལ་ལོག་པར་རྟོགས་པ་ཡིན་ནོ། །ཐེ་ཚོམ་ནི་གཉེན་པོ་ལ་ལོག་པར་རྟོག་སྟེ། བདེན་པ་རྣམས་ལ་བློ་རྣམ་པ་གཉིས་སུ་འཇུག་པའི་ཕྱིར་རོ། །མ་རིག་པ་ནི། ཡུལ་དང་ལྟ་བ་སོགས་ཐམས་ཅད་ལ་ལོག་པར་རྟོགས་ཏེ། ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པའི་ཕྱིར་རོ། །སྤྱིའི་ལོག་ཞུགས་ནི་ཉོན་མོངས་པ་བཅུ་ཆར་ཡང་སྡུག་བསྔལ་དང་ཀུན་འབྱུང་གི་རྒྱུ་ཡིན་ཏེ། ལས་ཀྱི་ཀུན་འབྱུང་ནི་ཉོན་མོངས་པ་བཅུ་པོ་དེ་དག་གིས་དངོས་དང་རྒྱུད་པ་ཅི་རིགས་པས་ཀུན་ནས་སློང་ལ། ཉོན་མོངས་པ་རྣམས་སྔ་མའི་རྐྱེན་ལས་ཕྱི་མ་འབྱུང་བའི་ཕྱིར། སྡུག་བསྔལ་ནི་ཉོན་མོངས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །

སྡུག་བསྔལ་དང་ཀུན་འབྱུང་གཉིས་ཡང་ཉོན་མོངས་པ་བཅུ་པོ་རྣམས་ཀྱི་གཞིའི་གནས་ཡིན་ཏེ། དེ་དག་ཀྱང་ཟག་པ་དང་བཅས་པའི་འདུ་བྱེད་རྒྱུ་དང་འབྲས་བུའི་ཆར་གྱུར་པ་རྣམས་ལ་དམིགས་ནས་སྐྱེ་བའི་ཕྱིར་རོ། །དེའི་ཕྱིར་སྡུག་བསྔལ་དང་ཀུན་འབྱུང་དག་ལ། ཉོན་མོངས་ཀུན་དེའི་རྒྱུ་དང་གཞིའི་གནས་ཀྱིས་ཀྱང་ལོག་པར་ཞུགས་སོ། །ཉོན་མོངས་པ་རྣམས་ཀྱི་དབང་གིས་འཁོར་བ་ལ་མངོན་པར་དགའ་བར་འགྱུར་ལ། དེ་དང་མི་མཐུན་པ་འགོག་པ་དང་ལམ་གྱིས་བསྡུས་པའི་རྣམ་བྱང་རྣམས་ལ་གཡང་སར་འདུ་ཤེས་པའི་ཕྱིར་སྐྲག་པ་དང་། ཕྱིན་ཅི་ལོག་ཏུ་རྟོགས་པ་ཡིན་ལ། དེའི་ཕྱིར་ཉོན་མོངས་པ་བཅུ་པོ་ཐམས་ཅད་ནི་འགོག་ལམ་ལ་སྐྲག་པ་སྐྱེད་པས་ལོག་པར་ཞུགས་པ་ཡིན་ནོ། །མུ་སྟེགས་ཅན་རྣམས་ཀྱི་ནི་ཇི་སྐད་དུ། ཁ་བ་རྒྱ་སྤོས་མེ་ཏོག་དང་། །བ་ཞོ་བ་མོ་མུ་ཏིག་མདོག །གདུགས་བཀན་བཟུང་བའི་དབྱིབས་འདྲ་བ། །ཐར་པ་ཡིན་པར་རྒྱལ་བས་བཤད། །ཅེས་པ་ལྟ་བུའི་ཐར་པ་དང་། ཐར་པའི་ཐབས་རྣམ་པ་གཞན་དུ་བཏགས་ནས་ལོག་པར་རྟོགས་པའི་ཕྱིར་རོ། །ཁམས་གང་ན་ཡོད་པ་དང་མེད་པ་ནི་ཁོང་ཁྲོ་མ་གཏོགས་པའི་ཉོན་མོངས་པ་གཞན་ཐམས་ཅད་ནི་ཁམས་གསུམ་པོ་ཐམས་ཅད་ན་ཡོད་དེ་ཁོང་ཁྲོ་བ་ནི་འདོད་པ་ཁོ་ན་ན་ཡོད་ཀྱི་གོང་མ་གཉིས་ན་མེད་དེ། རྒྱུད་ཞི་གནས་ཀྱིས་སླན་པ་དང་། ཀུན་ནས་མནར་སེམས་ཀྱི་དམིགས་པ་མེད་པའི་ཕྱིར་རོ། །ཚོར་བ་གང་ན་མཚུངས་པར་ལྡན་པ་ནི་འདོད་ཆགས་ནི་འདོད་པ་ན་རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པ་རྣམས་ནི་བདེ་བ་དང་མཚུངས་པར་ལྡན་ནོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་དང་ལྡན་པ་རྣམས་ནི་ཡིད་བདེ་བ་དང་ལྡན་གྱི་བདེ་བ་དང་མ་ཡིན་ཏེ་འདོད་པ་ན་ཡིད་ཀྱི་ས་པའི་བདེ་བ་མེད་པའི་ཕྱིར་རོ། །གཉིས་ཀ་ཡང་རྒྱུན་འཆད་པ་ན་བཏང་སྙོམས་དང་མཚུངས་པར་ལྡན་ནོ། །དགའ་བའི་རྣམ་པར་འབྱུང་བའི་ཕྱིར་སྡུག་བསྔལ་དང་། ཡིད་མི་བདེ་བ་ནམ་ཡང་མ་ཡིན་ནོ། །བསམ་གཏན་དང་པོ་དང་གཉིས་པ་དང་ཡང་དེ་བཞིན་ནོ། །ཁྱད་པར་ནི་འདི་ཡོད་དེ། དེ་དག་ན་རྣམ་པར་ཤེས་པ་གསུམ་གྱི་ས་པ་རྣམས་ལུས་བདེ་བ་ཁོ་ན་དང་ལྡན་ལ། ཡིད་ཤེས་འཁོར་དང་བཅས་པ་རྣམས་ནི་ཡིད་ཀྱི་ས་པའི་བདེ་བ་དང་ཡིད་བདེ་གཉིས་ཀ་དང་ལྡན་ནོ། །གསུམ་པ་ན་ནི་དགའ་བ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་ཡིད་བདེ་མེད་ལ། དེའི་ཕྱིར་བདེ་བ་དང་། ལྡན་པ་དེ་འགགས་པ་ན་བཏང་སྙོམས་དང་མཚུངས་པར་ལྡན་ནོ། །དེ་ཡན་ཆད་དུ་ནི་བདེ་བ་ལ་ཡང་འདོད་ཆགས་དང་བྲལ་བའི་ཕྱིར་བཏང་སྙོམས་ཁོ་ན་དང་མཚུངས་པར་ལྡན་ནོ། །ཁོང་ཁྲོ་བ་ནི་རྣམ་པར་ཤེས་པ་ལྔའི་འཁོར་རྣམས་སྡུག་བསྔལ་དང་ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་རྣམས་ཡིད་མི་བདེ་གཉིས་ཀ་ཡང་འགག་པ་ན་བཏང་སྙོམས་དང་མཚུངས་པར་ལྡན་གྱི་བདེ་བ་དང་ཡིད་བདེ་རྣམས་དང་མ་ཡིན་ཏེ། མི་དགའ་བའི་རྣམ་པར་འབྱུང་བའི་ཕྱིར་རོ། །ང་རྒྱལ་ནི་འདོད་པ་ན་ཡིད་བདེ་དང་འགག་པ་ན་བཏང་སྙོམས་དང་ལྡན་གྱི། དགའ་བའི་རྣམ་པར་འབྱུང་བའི་ཕྱིར་ཡིད་མི་བདེ་དང་མ་ཡིན་ལ། ཡིད་ཀྱི་ས་པ་ཡིན་པའི་ཕྱིར་བདེ་བ་དང་མ་ཡིན་ནོ། །བསམ་གཏན་དང་པོ་དང་གཉིས་པ་ན་ནི་ཡིད་ཀྱི་ས་པའི་བདེ་བ་ཡོད་པའི་ཕྱིར་བདེ་བ་དང་ཡང་ལྡན་ནོ། །གསུམ་པ་ན་ནི་ཡིད་ཀྱི་ས་པའི་བདེ་བ་དང་བཏང་སྙོམས་གཉིས་དང་ལྡན་ནོ། །དེ་ཡན་ཆད་དུ་ནི་བཏང་སྙོམས་ཁོ་ན་དང་ངོ་། །

ཡིད་ཀྱི་ས་པའི་བདེ་བ་ཞེས་བྱ་བ་འདི་ཅི་ཞེ་ན་ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པ་གང་གིས་དབང་པོ་དང་བཅས་པའི་ལུས་སིམ་པར་བྱེད་ཕན་འདོགས་པར་བྱེད་པ་གང་ཡིན་པའོ། །དེ་ལ་འདོད་པའི་ཁམས་ན་ནི་ཏིང་ངེ་འཛིན་མེད་པའི་ཕྱིར། ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པ་གང་ཡིན་པ་དེ་ཉིད་ཀྱི་དབང་པོ་དང་བཅས་པའི་ལུས་ལ་ཕན་འདོགས་པར་མི་བྱེད་དོ། །དེའི་ཕྱིར་དེ་ལ་ཡིད་ཀྱི་ས་པའི་བདེ་བ་ཞེས་མི་བྱའོ། །གང་གི་ཚེ་ཏིང་ངེ་འཛིན་ཐོབ་པ་དེའི་ཚེ་ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པ་དེ་ཉིད་ཏིང་ངེ་འཛིན་གྱིས་ལས་སུ་རུང་བར་བྱས་པས་དབང་པོ་དང་བཅས་པའི་ལུས་ལ་ཕན་འདོགས་པར་བྱེད་པས་བདེ་བ་ཡིན་ལ། དགའ་བའི་རྣམ་པས་སེམས་ལ་ཕན་འདོགས་པའི་ཕྱིར་ཡིད་བདེ་བ་ཞེས་བྱའོ། །ལོག་ལྟ་མ་གཏོགས་པའི་ལྟ་བ་བཞི་ཡང་ང་རྒྱལ་ཇི་ལྟ་བ་བཞིན་ནོ། །ལོག་པར་ལྟ་བ་ནི་འདོད་པ་ན་ཉེས་པ་བྱེད་པ་རྣམས་ཀྱི་ནི་སྡིག་པའི་འབྲས་བུ་མེད་པར་མཐོང་ནས་དགའ་བའི་ཕྱིར་ཡིད་བདེ་བ་དང་ལྡན་ལ། ལེགས་པར་བྱེད་པ་རྣམས་ཀྱི་ནི། དགེ་བ་བྱས་པ་དོན་མེད་པར་མཐོང་ནས་མི་དགའ་བའི་ཕྱིར་ཡིད་མི་བདེ་བ་དང་ལྡན་ལ། གཉིས་ཀ་ཡང་འགག་པ་ན་བཏང་སྙོམས་དང་ལྡན་ནོ། །གཟུགས་དང་གཟུགས་མེད་པ་ན་ནི་ཡིད་ཀྱི་ས་པའི་ཚོར་བ་གང་ཡོད་པ་དང་མཚུངས་པར་ལྡན་ནོ། །ཐེ་ཚོམ་ནི། ཡིད་ཀྱི་ས་པ་ཡིན་པའི་ཕྱིར་དང་གཏན་ལ་མ་ཕེབས་ན་དགའ་བའི་རྣམས་པ་མི་འབྱུང་བས་འདོད་པ་ན་ཡིད་མི་བདེ་བ་དང་བཏང་སྙོམས་དང་ལྡན་ལ་དེ་ཡན་ཆད་དུ་ནི་ཚོར་བ་གང་ཡོད་དང་ངོ་། །འདྲེས་པའི་མ་རིག་པ་ནི་ཉོན་མོངས་པ་གཞན་ཐམས་ཅད་དང་མཚུངས་པར་ལྡན་པ་ཅན་ཡིན་པས་ཁམས་དང་ས་གང་ན་ཚོར་བ་ལྔ་པོ་གང་ཡོད་པ་དེ་དང་དེར་མཚུངས་པར་ལྡན་པ་ཞེས་བྱའོ། །མ་རིག་པ་ཉོན་མོངས་པ་གཞན་དང་མ་འདྲེས་པ་གང་ཡིན་པ་ཉོན་ཡིད་ཀྱི་འཁོར་བ་ལས་གཞན་པ་དེ་ནི་འདོད་པ་ཁམས་ན་བདེན་པ་ལ་རྨོངས་ནས་ཡང་དག་པའི་ཆོས་ལ་མི་དགའ་བས་ཡིད་མི་བདེ་བ་དང་འགག་ཁར་བཏང་སྙོམས་དང་མཚུངས་པར་ལྡན་ནོ། །དེ་ཡན་ཆད་ཁམས་གོང་མ་དག་ཏུ་ནི་ཡིད་ཀྱི་ས་པའི་ཚོར་བ་གང་ཡོད་པ་དེ་དང་མཚུངས་པར་ལྡན་ནོ། །ཅིའི་ཕྱིར་ཉོན་མོངས་པ་ཐམས་ཅད་ཚོར་བ་བཏང་སྙོམས་དང་མཚུངས་པར་ལྡན་ཞེ་ན་གང་གི་ཚེ་ཉོན་མོངས་པ་རྣམས་བདེ་སྡུག་ལ་སོགས་པའི་ཚོར་བ་གསལ་པོ་དང་མཚུངས་པར་ལྡན་པའི་ཚེ་ན་ནི་ཤུགས་དྲག་པའི་ཕྱིར་འགག་པར་མི་འགྱུར་གྱི། གང་གི་ཚེ་ཚོར་བ་ཐ་མལ་པ་བཏང་སྙོམས་པར་འདུག་པ་དེའི་ཚེ་ནུབ་པར་འགྱུར་བའི་ཕྱིར་རོ། །རྣམ་ཤེས་གང་དང་མཚུངས་པར་ལྡན་པ་ནི་འདོད་ཆགས་དང་ཁོང་ཁྲོ་མ་རིག་པ་རྣམས་འདོད་པའི་ཁམས་ན་རྣམ་པར་ཤེས་པ་དྲུག་ཀ་དང་མཚུངས་ལྡན་ནོ། །གཟུགས་ཀྱི་ཁམས་ན་སྣ་ལྕེའི་རྣམ་ཤེས་མ་གཏོགས་བཞི་དང་ལྡན་ནོ། །གཟུགས་མེད་པ་ན་ནི་ཡིད་ཀྱི་རྣམ་ཤེས་གཅིག་པུ་དང་ལྡན་ཏེ། རྣམ་ཤེས་ལྔ་མེད་པའི་ཕྱིར་རོ། །ང་རྒྱལ་དང་ལྟ་བ་དང་། ཐེ་ཚོམ་རྣམས་ནི་ཐམས་ཅད་དུ་ཡང་ཡིད་ཤེས་ཁོ་ན་དང་ལྡན་པ་ཡིན་ཏེ། དེ་དག་ནི་འཇལ་བ་དང་ཡོངས་སུ་རྟོགས་པའི་རྣམ་པས་འབྱུང་བའི་ཕྱིར་དང་། དབང་པོའི་རྣམ་པར་ཤེས་པ་རྣམས་ནི་བེམ་པོ་ལ་རྟེན་པ་ཉིད་ཀྱིས་འཇལ་བ་ལ་སོགས་པ་མི་ནུས་པའི་ཕྱིར་རོ། །

ཁམས་གང་ན་གཞིའི་ཕྱོགས་རེ་དང་ཀུན་ལ་འཇུག་ཚུལ་ནི་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་གསུམ་ནི་འདོད་པ་ན་ཡུལ་གྱི་དངོས་པོའི་ཕྱོགས་གཅིག་ལ་འཇུག་སྟེ། ཡིད་དུ་འོང་བ་དང་མི་འོང་བ་ལ་འཇུག་པ་དང་། རིགས་སོགས་གང་རུང་གིས་ཁེངས་པའི་ཕྱིར་རོ། །གཟུགས་དང་གཟུགས་མེད་པའི་ཁམས་ནའང་དེ་བཞིན་ནོ། །ལྷག་མ་མ་རིག་པ་དང་ལྟ་བ་དང་། ཐེ་ཚོམ་ནི་ཁམས་ཐམས་ཅད་དུ་ཡང་ཡུལ་གྱི་དངོས་པོ་མཐའ་དག་ལ་འཇུག་སྟེ། གཞི་མཐའ་དག་ལ་དམིགས་པའི་ཕྱིར་རོ། །རིགས་ལ་གཉིས་ཀྱི་དབྱེ་བ་ནི་ཉོན་མོངས་པ་རྣམས་ཀྱི་རིགས་ནི་རྣམ་པ་གཉིས་ཏེ། བདེན་པའི་དེ་ཁོ་ན་ཉིད་མཐོང་བ་ཙམ་གྱིས་འཇིག་པ་མཐོང་བས་སྤང་བར་བྱ་བ་དང་བདེན་པ་མཐོང་ཟིན་ཡང་དང་ཡང་དུ་གོམས་པར་བྱས་པའི་སྒོ་ནས་འཇིག་པར་འགྱུར་བ་བསྒོམ་པས་སྤང་བར་བྱ་བ་གཉིས་ཡིན་ནོ། །ཕྱེ་བས་སོ་སོའི་དོན་ལ་མཐོང་བས་སྤང་བར་བྱ་བ་ནི་འདོད་པའི་ཁམས་ན་སྡུག་བསྔལ་ལ་སོགས་པ་བདེན་པ་བཞི་པོ་སོ་སོ་རེ་རེའི་དེ་ཁོ་ན་ཉིད་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བཅུ་བཅུ་སྟེ་བཞི་བཅུ་ཡིན་ནོ། །གཟུགས་དང་གཟུགས་མེད་པའི་ཁམས་ན་ནི་ཁོང་ཁྲོ་བ་བོར་བ་དགུ་དགུ་ཡོད་ཏེ། བདེན་པ་བཞིའི་བྱེ་བྲག་གིས་སུམ་ཅུ་རྩ་དྲུག་པ་ཕྲག་གཉིས་ཡིན་ནོ། །དེ་ལྟར་ན་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ནི་བརྒྱ་དང་བཅུ་གཉིས་ཡིན་ནོ། །དེ་ནི་ཉོན་མོངས་པ་བཅུ་པོ་ཐམས་ཅད་ཀྱང་། བདེན་པ་ཐམས་ཅད་ལ་ལོག་པར་ཞུགས་པའི་དབང་དུ་བྱས་པ་ཡིན་ནོ། །ཡང་ན་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། ཇི་སྐད་འབྱུང་བ་ལྟར་ཤེས་པར་བྱ་སྟེ། ཇི་སྐད་དུ། དེ་ལ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་ནི་ཉོན་མོངས་པ་བཅུ་པོ་ཐམས་ཅད་ལོག་པར་ཞུགས་པར་རིགས་པར་བྱའོ། །ཀུན་འབྱུང་ལ་ནི་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་མ་གཏོགས་པ་བརྒྱད་ལོག་པར་ཞུགས་པ་ཡིན་ནོ། །ཀུན་འབྱུང་ལ་ཇི་ལྟ་བ་བཞིན་དུ་འགོག་པ་དང་ལམ་ལ་ཡང་དེ་བཞིན་ནོ། །གོང་མ་ལ་ནི་ཐམས་ཅད་བདེན་པ་ལ་ཁོང་ཁྲོ་བ་མ་གཏོགས་པ་རྣམས་འདོད་པའི་ཁམས་ན་ཇི་ལྟ་བ་བཞིན་དུ་ལོག་པར་འཇུག་པར་ན་རིམས་བཞིན་དུ་རིག་པར་བྱའོ། །ཞེས་གང་གསུངས་པ་ལྟར་རོ། །ཅིའི་ཕྱིར་མི་མཐུན་པ་གཉིས་རྣམ་པར་བཞག་ཅེ་ན། ཉོན་མོངས་པ་ཐམས་ཅད་ཀྱང་བདེན་པ་ཐམས་ཅད་ཀྱི་གནས་ལུགས་མཐོང་བས་སྤོང་བའི་དབང་དུ་བྱས་ནས་བདེན་པ་ཐམས་ཅད་ལ་ཉོན་མོངས་པ་ཐམས་ཅད་ལོག་པར་འཇུག་པར་བསྟན་ལ། བདེན་པའི་རྣམ་པ་ལ་ལོག་པར་ཞུགས་པའི་དབང་དུ་བྱས་ནས། འཇིག་ལྟ་དང་མཐར་ལྟ་གཉིས་སྡུག་བསྔལ་གྱི་བདེན་པ་ཁོ་ན་ལ་ལོག་པར་ཞུགས་པ་དང་གཞན་རྣམས་ཀུན་ལ་ལོག་པར་ཞུགས་པར་རྣམ་པར་བཞག་གོ །

ཅིའི་ཕྱིར་ཉོན་མོངས་པ་ཐམས་ཅད་བདེན་པ་ཐམས་ཅད་མཐོང་བས་སྤོང་བར་འགྱུར་ཞེ་ན། ཇི་སྲིད་སྡུག་བསྔལ་གྱི་བདེན་པ་མ་མཐོང་བ་དེ་སྲིད་དུ་ནི་ཉོན་མོངས་པ་ཀུན་གྱིས་སྡུག་བསྔལ་གྱི་བདེན་པ་འཕེན་པ་དང་། མངོན་པར་འགྲུབ་པའི་སྒོ་ནས་སྐྱེད་པར་བྱེད་ལ། སྡུག་བསྔལ་གྱིས་ཀྱང་ཉོན་མོངས་པ་བཅུ་པོ་ཐམས་ཅད་ཀྱི་གཞི་དང་གནས་བྱས་པའི་སྒོ་ནས་དེ་དག་འཕེལ་བར་བྱེད་དོ། །གང་གི་ཚེ་སྡུག་བསྔལ་གྱི་བདེན་པ་མཐོང་བ་དེའི་ཚེ། ཉོན་མོངས་པ་ཐམས་ཅད་ཀྱིས་སྡུག་བསྔལ་འཕེན་པར་མི་བྱེད་ཅིང་། ཁ་ཅིག་གིས་མངོན་པར་འགྲུབ་པར་ཡང་མི་བྱེད། སྡུག་བསྔལ་གྱིས་ཀྱང་དེ་དག་གི་གཞིའི་གནས་ཀྱི་སྒོ་ནས་འཕེལ་བར་མི་བྱེད་པས། དེའི་ཕྱིར་སྡུག་བསྔལ་གྱི་བདེན་པ་མཐོང་བས་ཉོན་མོངས་པ་ཐམས་ཅད་སྤོང་བ་དང་། ཉོན་མོངས་པ་ཐམས་ཅད་ཀྱང་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ནོ། །དེ་བཞིན་དུ་ཇི་སྲིད་ཀུན་འབྱུང་གི་བདེན་པ་མ་མཐོང་བ་དེ་སྲིད་དུ་ཉོན་མོངས་པ་ཐམས་ཅད་ཀྱང་། ཀུན་འབྱུང་གི་རྒྱུར་འགྱུར་ལ་ཀུན་འབྱུང་ཡང་ཉོན་མོངས་པ་ཀུན་གྱི་གཞིའི་གནས་སུ་འགྱུར་ལ། གང་གི་ཚེ་ཀུན་འབྱུང་གི་བདེན་པ་མཐོང་བ་དེའི་ཚེ། དེ་དག་ཀྱང་ཀུན་འབྱུང་གི་རྒྱུར་མི་འགྱུར་ལ་དེ་ཡང་དེ་དག་གི་གཞིའི་གནས་སུ་མི་འགྱུར་བས། དེའི་ཕྱིར་ཉོན་མོངས་པ་བཅུ་པོ་རྣམས་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དང་། དེ་ཐམས་ཅད་ཀྱང་ཀུན་འབྱུང་ལ་ལོག་པར་ཞུགས་པ་ཞེས་བྱའོ། །ཇི་སྲིད་དུ་འགོག་པ་དང་། ལམ་གྱི་བདེན་པའི་དེ་ཁོ་ན་ཉིད་མ་མཐོང་བ་དེ་སྲིད་དུ་ནི་ཉོན་མོངས་པ་བཅུ་པོ་ཐམས་ཅད་ཀྱང་འཁོར་བ་ལ་མངོན་པར་དགའ་བའི་དབང་གིས་འགོག་ལམ་ལ་གཡང་སར་འདུ་ཤེས་པས་སྐྲག་པར་འགྱུར་ལ། གང་གི་ཚེ་འགོག་ལམ་གྱི་བདེན་པ་མཐོང་བ་དེའི་ཚེ། དེ་ལྟར་མི་འགྱུར་བས་དེའི་ཕྱིར་ཉོན་མོངས་པ་ཀུན་ནི་འགོག་པ་དང་ལམ་གྱི་བདེན་པ་མཐོང་བས་སྤོང་བ་དང་། འགོག་ལམ་ལ་ལོག་པར་ཞུགས་པ་ཡིན་ནོ་ཞེས་བྱའོ། །ཕྱོགས་འདི་ལ་ནི་འདོད་པའི་ཁམས་ན་མཐོང་བས་སྤང་བར་བྱ་བའི་རྫས་ནི་བཅུ་ཡིན་ལ། མིང་གི་སྒོ་ནས་བཞི་བཅུར་འགྱུར་བ་ཡིན་ཏེ། འདི་ལྟར་ཉོན་མོངས་པ་བཅུ་པོ་དེ་དག་ཉིད་སྡུག་བསྔལ་དང་ཀུན་འབྱུང་ལ་རྒྱུ་དང་གཞིའི་གནས་ཀྱི་སྒོ་ནས་ལོག་པར་ཞུགས་པའི་ཕྱིར། དེ་དང་དེ་དེའི་སྤང་བར་བྱ་བ་ཡིན་ལ། འགོག་ལམ་ལ་སྐྲག་པ་སྐྱེད་པའི་ཕྱིར། འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་བདེན་པ་མངོན་པར་རྟོགས་པ་སྐད་ཅིག་མ་དང་པོ་ཁོ་ནས་ཐམས་ཅད་སྤོང་བའི་ཕྱིར་གཞན་རྣམས་དོན་མེད་པར་འགྱུར་རོ། །ཞེ་ན། བདེན་པ་མངོན་པར་རྟོགས་པ་ནི་སྐད་ཅིག་མ་གཅིག་ཉིད་དུ་སྒྲུབ་པར་འགྱུར་བའི་ཕྱིར་ཉེས་པ་མེད་དོ། །དེ་ལྟར་ན་ལུགས་འདི་ལ་ནི་ཀུན་བཏགས་པའི་རྣམ་པ་ཅན་གྱི་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་ཡང་། ཇི་སྲིད་ཀུན་འབྱུང་དང་འགོག་པ་དང་ལམ་གྱི་གནས་ལུགས་མ་མཐོང་བ་དེ་སྲིད་དུ་ཀུན་འབྱུང་ལ་ཡང་དེའི་རྒྱུ་དང་གཞིའི་གནས་ཀྱིས་ལོག་པར་འཇུག་ལ། འགོག་ལམ་ལ་ཡང་གཡང་སར་འདུ་ཤེས་པའི་སྐྲག་པ་བསྐྱེད་པའི་ཕྱིར་དེ་དག་ལ་ལོག་པར་ཞུགས་པ་ཡིན་ལ། གང་གི་ཚེ་དེ་དག་མཐོང་བ་དེའི་ཚེ་དེ་ལྟར་མི་འགྱུར་བས་དེའི་ཕྱིར། དེ་དག་མཐོང་བས་སྤང་བར་བྱ་བ་ཡང་ཡིན་ནོ། །

ལུགས་གཉིས་པ་རྣམ་པ་ལ་ལོག་པར་ཞུགས་པའི་དབང་དུ་བྱས་ན། ལྟ་བ་དེ་དག་གཉིས་ནི་ཉེར་ལེན་གྱི་ཕུང་པོ་ལ་སྡུག་བསྔལ་གྱི་བདེན་པའི་རྣམ་པ་དང་། འགལ་བ་བདག་དང་བདག་གི་བ་དང་། རྟག་པ་དང་ཆད་པར་འཛིན་པའི་ཕྱིར། སྡུག་བསྔལ་གྱི་བདེན་པའི་རྣམ་པ་མཐོང་བ་ཁོ་ནས་སྤོང་གི །བདེན་པ་ལྷག་མ་རྣམས་ཀྱི་རྣམ་པ་དང་འགལ་བ་མེད་པའི་ཕྱིར། དེ་དག་གི་རྣམ་པ་ལ་ལོག་པར་ཞུགས་པ་མ་ཡིན་ནོ། །དེའི་ཕྱིར་སློབ་དཔོན་གྱི་གཞུང་གཉིས་ཀྱི་རྣམ་པར་བཞག་པ་ཐ་དད་པ་མཛད་པ་ལ་ནང་འགལ་བ་ཅུང་ཟད་ཀྱང་མེད་པར་ལྟ་བར་བྱའོ། །གང་དག་གདུལ་བྱ་མོས་པ་ཐ་དད་པའི་དབང་གིས་ཡིན་ནོ་ཞེས་པ་དང་། གྲུབ་མཐའ་ཐ་དད་པའི་ལུགས་རྣམ་པར་བཞག་པ་ཡིན་ནོ། །ཞེས་ཟེར་བ་དེ་དག་ནི་གཞུང་འདི་དག་གི་དོན་ཅི་ཡིན་ཁོ་བོ་ལ་གཏོལ་མེད་དོ། །ཞེས་གསལ་པོར་སྨྲ་མ་ནུས་པའི་གཡོ་སྒྱུ་ཙམ་དུ་ཟད་དོ། །

ད་ནི་རྣམ་པ་ལ་ལོག་པར་ཞུགས་པའི་དབང་དུ་བྱས་ནས། བདེན་པ་གང་ལ་ཉོན་མོངས་པ་གང་ཞིག་ཚུལ་ཇི་ལྟར་ལོག་པར་ཞུགས་པ་དེ་བརྗོད་པར་བྱའོ། །ཇི་ལྟར་ན་སྡུག་བསྔལ་གྱི་བདེན་པ་ལ་ཉོན་མོངས་པ་བཅུ་པོ་ལོག་པར་ཞུགས་པ་ཡིན་ཞེ་ན། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ་ཞེས་བརྗོད་པ་ལ། བྱིས་པ་རྣམས་འཇིག་ཚོགས་སུ་ལྟ་བའི་མཐའ་ཉི་ཤུ་ལ་ལྔས་བདག་ཏུ་ལྟ་ལ། ལྷག་མ་རྣམས་ཀྱིས་བདག་གི་བར་ལྟ་བས། དེའི་ཕྱིར་དེ་ནི་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ནོ། །དེ་ལ་རྟེན་ནས་མཐར་འཛིན་པའི་ལྟ་བས། དེ་ཉིད་ལ་རྟག་པའི་ཆད་པར་ལྟ་བས། དེའི་ཕྱིར་དེ་ཡང་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ནོ། །དེ་དག་ལས་འཇིག་ཚོགས་སུ་ལྟ་བ་ནི། བདག་མེད་པ་དང་སྟོང་པའི་རྣམ་པ་ལ། ལོག་པར་ཞུགས་པ་ཡིན་ལ་མཐར་འཛིན་པ་དེ་ནི་མི་རྟག་པའི་རྣམ་པ་ལའོ། །ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་པའི་ལོག་པར་ལྟ་བ་དང་། ཕ་མེད་མ་མེད་སེམས་ཅན་བརྫུས་ཏེ་འབྱུང་བ་མེད་དོ། །ཞེས་པའི་ཕྱོགས་གཅིག་རྣམས་ནི། སྡུག་བསྔལ་གྱི་རྣམ་པ་ལ་ལོག་པར་ཞུགས་པ་ཡིན་ལ། མུ་སྟེགས་བྱེད་རྣམས་ཀྱི་སྡུག་བསྔལ་གྱི་བདེན་པ་ལ་སྐུར་པ་འདེབས་པ་གང་ཡིན་པ་དེ་ཡང་སྡུག་བསྔལ་གྱི་རྣམ་པ་ལ་ལོག་པར་ཞུགས་པ་ཡིན་ནོ། །དབང་ཕྱུགས་དང་ཚངས་པ་དང་སྐྱེ་དགུའི་བདག་པོ་ལ་སོགས་པ་རྟག་པ་སོགས་སུ་ལྟ་བ་གང་ཡིན་པ་དེ་ནི་མི་རྟག་པའི་རྣམ་པ་ལ་ལོག་པར་ཞུགས་པ་ཡིན་ཏེ། དེ་ལྟ་ན་ལོག་པར་ལྟ་བ་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ནོ། །ལྟ་བ་མཆོག་ཏུ་འཛིན་པ་གང་གིས་སྡུག་བསྔལ་ལ་ལོག་པར་ཞུགས་པའི་ལྟ་བ་དེ་རྣམས་ལ་མཆོག་སོགས་སུ་འཛིན་པ་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ནོ། །ལྟ་བ་དེ་དང་རྗེས་སུ་མཐུན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱིས་འདག་གྲོལ་སོགས་སུ་འཛིན་པ་དེ་ནི། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ནོ། །མུ་སྟེགས་ཅན་གང་དག་སྡུག་བསྔལ་བདེན་པ་གདགས་པར་མཛད་པ་ལ་གཅིག་ཏུ་མོས་པ་ཡང་མ་ཡིན་ནོ། །མེད་དོ་ཞེས་སྐུར་པ་འདེབས་པ་ཡང་མ་ཡིན་པར་འོན་ཀྱང་སྡུག་བསྔལ་ཡིན་ནམ་མ་ཡིན་སྙམ་པ་དང་། གཞན་ཡང་སྡུག་བསྔལ་ལ་ཡིད་གཉིས་ཟ་བ་གང་ཡིན་པ་དེ་ནི། ཐེ་ཚོམ་གྱིས་སྡུག་བསྔལ་གྱི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་ནོ། །ལྟ་བ་དེ་དག་ལ་ལྷག་པར་ཆགས་པའི་འདོད་ཆགས་དང་། དེ་དང་མི་མཐུན་པའི་ལྟ་བ་གཞན་ལ་ཀུན་ནས་མནར་སེམས་པའི་ཞེ་སྡང་དང་ལྟ་བ་དེ་རྣམས་དང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་དང་མཚུངས་པར་ལྡན་པའི་མ་རིག་པ་དང་མ་འདྲེས་པའི་མ་རིག་པ་རྣམས་ཀྱང་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ནོ། །དེ་ལ་ལྟ་བ་དང་པོ་གཉིས་དང་ལོག་པར་ལྟ་བ་དང་ཐེ་ཚོམ་ནི་སྡུག་བསྔལ་ལ་དངོས་སུ་ལོག་པར་ཞུགས་པ་ཡིན་ནོ། །མཆོག་འཛིན་གཉིས་དང་འདོད་ཆགས་ནི་ལོག་པ་ལ་ལོག་ཞུགས་དང་། ཁོང་ཁྲོ་བ་ནི་དབང་གིས་ལོག་ཞུགས་དང་། མ་རིགས་པ་ནི་རྣམ་པ་གསུམ་ཀའི་སྒོ་ནས་ལོག་པར་ཞུགས་པ་ཡིན་ནོ། །དེ་ལྟར་ན་ཉོན་མོངས་པ་བཅུ་ནི་སྡུག་བསྔལ་གྱི་བདེན་པ་ལ་ལོག་པར་ཞུགས་པ་དང་། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དག་ཡིན་ནོ། །

ཇི་ལྟར་ན་ཀུན་འབྱུང་གི་བདེན་པ་ལ་ཉོན་མོངས་པ་བརྒྱད་ལོག་པར་ཞུགས་པ་ཡིན་ཞེ་ན། རྒྱུ་མེད་པར་སྨྲ་བ་རྣམས་ཀྱི་ལོག་པར་ལྟ་བ་དང་། མི་མཐུན་པ་རྒྱུར་སྨྲ་བ་རྣམས་ཀྱི་དབང་ཕྱུག་ལ་སོགས་པ་དངོས་པོ་རྣམས་ཀྱི་བྱེད་པ་པོ་དང་། འབྱིན་པར་པོར་ཞེན་པའི་ལོག་པར་ལྟ་བ་གང་ཡིན་པ་དང་། མུ་སྟེགས་ཅན་རྣམས་ཀྱི་དགེ་སྦྱོང་གོའུ་ཏ་མས་ཉན་ཐོས་རྣམས་ལ་ཀུན་འབྱུང་གི་བདེན་པ་བཏགས་པ་བྱས་པ་གང་ཡིན་པ་དེ་མེད་དོ། །ཞེས་པའི་ལོག་པར་ལྟ་བ་གང་ཡིན་པ་དེ་ནི་ཀུན་འབྱུང་གི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་ནོ། །ལྟ་བ་དེ་དག་ལ་མཆོག་དང་དམ་པ་སོགས་སུ་འཛིན་པའི་ལྟ་བ་མཆོག་འཛིན་གང་ཡིན་པ་དང་ལྟ་བ་དེ་དང་རྗེས་སུ་མཐུན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཡང་དག་པར་བླངས་ནས་དེས་དག་གྲོལ་སོགས་སུ་འཛིན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཡང་ཀུན་འབྱུང་གི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་ནོ། །ལྷག་མ་འདོད་ཆགས་ལ་སོགས་པ་དང་ཐེ་ཚོམ་གྱི་མཐར་ཐུག་པ་རྣམས་ཀྱི་ལོག་པར་འཇུག་པའི་ཚུལ་ནི་སྔ་མ་བཞིན་དུ་ལྟ་བར་བྱ་སྟེ། དེ་ལྟར་ན་ཉོན་མོངས་པ་བརྒྱད་པོ་དག་ནི་ཀུན་འབྱུང་གི་བདེན་པ་ལ་ལོག་པར་ཞུགས་པ་དང་། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །

ཇི་ལྟར་ན་ཉོན་མོངས་པ་བརྒྱད་འགོག་པའི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་ཞེ་ན། ཚེ་འདི་ཉིད་ལ་གྲོལ་བར་ལྟ་བ་རྣམས་ཀྱི་ལོག་པར་ལྟ་བ་དང་། འཇིག་རྟེན་ན་དགྲ་བཅོམ་པ་མེད་དོ། །ཞེས་ལོག་པར་ལྟ་བ་གང་ཡིན་པ་ལས་དགྲ་བཅོམ་པ་ཡང་ཤེས་པ་དང་སྤངས་པས་རབ་ཏུ་ཕྱེ་བ་ཡིན་པས་སྤངས་པ་ལ་སྐུར་པ་འདེབས་པ་གང་ཡིན་པ་དང་། མུ་སྟེགས་ཅན་གཞན་རྣམས་ཀྱིས་དགེ་སྦྱོང་གོའུ་ཏ་མས་འགོག་པའི་བདེན་པར་བཏགས་པ་བྱས་པ་དེ་མེད་དོ། །ཞེས་ལོག་པར་ལྟ་བ་གང་ཡིན་པ་རྣམས་ནི་འགོག་པའི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་ནོ། །གཞན་ཡང་དེ་དག་གིས་ཐར་པའི་རྣམ་པ་གཞན་དུ་སྒྲོ་བཏགས་པའི་ལོག་ལྟ་གང་ཡིན་པ་དེ་ཡང་འགོག་པ་ལ་ལོག་པར་ཞུགས་པ་ཡིན་ནོ། །ལྟ་བ་དེ་དག་ལ་མཆོག་སོགས་སུ་འཛིན་པ་དང་། དེ་དང་རྗེས་སུ་མཐུན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱིས་དག་གྲོལ་སོགས་སུ་འཛིན་པའི་མཆོག་འཛིན་གཉིས་ཀྱང་། འགོག་པ་ལ་ལོག་པར་ཞུགས་པ་ཡིན་ནོ། །ཁོང་ཁྲོ་མ་གཏོགས་པ་འདོད་ཆགས་ལ་སོགས་པ་ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །འགོག་པ་ལ་སྐྲག་པ་དང་། ཀུན་ནས་མནར་སེམས་པའི་ཁོང་ཁྲོ་གང་ཡིན་པ་དེ་ཡང་འགོག་པ་ལ་ལོག་པར་ཞུགས་པ་ཡིན་ལ། སྔ་མ་ལྟར་ལྟ་བ་དེ་དང་མི་མཐུན་པ་ལ་ཀུན་ནས་མནར་སེམས་པ་ཡང་ཡིན་ནོ། །དེ་ལྟར་ན་ཉོན་མོངས་པ་བརྒྱད་པོ་དེ་དག་ནི་འགོག་པ་ལ་ལོག་པར་ཞུགས་པ་དང་འགོག་པ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །

ཇི་ལྟར་ན་ཉོན་མོངས་པ་བརྒྱད་ལམ་ལ་ལོག་པར་ཞུགས་པ་ཡིན་ཞེ་ན། འཇིག་རྟེན་ན་དགྲ་བཅོམ་པ་མེད་དོ་ཞེས་པ་དེའི་ཤེས་པ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་གང་ཡིན་པ་དང་། མུ་སྟེགས་ཅན་གང་དག་དགེ་སྦྱོང་གོའུ་ཏ་མའི་ལམ་གྱི་བདེན་པར་བཏགས་པ་བྱས་པ་གང་ཡིན་པ་དེ་ནི་མེད་དོ། །ཞེས་པའི་ལོག་པར་ལྟ་བ་དང་། འདི་སྙམ་དུ་བདག་ཅག་གིས་ལམ་གང་ཡིན་པ་དང་། སྒྲུབ་པ་གང་ཡིན་པ་དེ་ནི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར། ངེས་པར་འབྱིན་པའི་ལམ་ཡིན་ནོ་སྙམ་པའི་ལོག་པར་ལྟ་བ་གང་ཡིན་པ་དེ་དག་ནི་ལམ་གྱི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་ནོ། །ལྟ་བ་དེ་དག་ལ་མཆོག་ལ་སོགས་པར་འཛིན་པའི་ལྟ་བ་མཆོག་འཛིན་གང་ཡིན་པ་དང་། ལྟ་བ་དེ་དང་རྗེས་སུ་མཐུན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་མཆོག་ཏུ་འཛིན་པ་དག་ཀྱང་ལམ་གྱི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་ནོ། །ལྷག་མ་ནི་འགོག་པའི་བདེན་པ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་ན་ཉོན་མོངས་པ་བརྒྱད་པོ་དེ་དག་ནི་ལམ་གྱི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་ལ། ལམ་མཐོང་བས་སྤང་བར་བྱ་བ་ཡང་ཡིན་ནོ། །གཉིས་པ་སྒོམ་སྤང་ལ་འདོད་པའི་ཁམས་ན་སྒོམ་སྤང་གི་ཉོན་མོངས་པ་དྲུག་སྟེ་འཇིག་ལྟ་དང་མཐར་འཛིན་ལྟ་བ་ལྷན་ཅིག་སྐྱེས་པ་དང་ཡུལ་ལ་ལོག་པར་ཞུགས་པའི་འདོད་ཆགས་ལ་སོགས་པ་བཞིའོ། །གཟུགས་དང་གཟུགས་མེད་པའི་ཁམས་ན་ནི་ཁོང་ཁྲོ་བོར་བ་ལྔ་ལྔ་སྟེ་དེ་ལྟར་ན་བཅུ་དྲུག་པོ་དེ་དག་ནི་ལམ་མཆོག་ཏུ་གོམས་པས་སྤོང་བར་འགྱུར་གྱི་བདེན་པ་མཐོང་བ་ཙམ་གྱིས་མ་ཡིན་པས་དེའི་ཕྱིར་སྒོམ་པས་སྤང་བར་བྱ་བ་ཡིན་ནོ། །སྒོམ་པས་སྤང་བར་བྱ་བའི་ཟག་པ་དེ་རྣམས་ཀྱང་རང་གི་ངང་གིས་ཟག་པ་དང་བཅས་པའི་དངོས་པོ་རྣམས་ལ་རྗེས་སུ་ཞུགས་པ་དང་། ཡུན་རིང་པོ་ནས་ཡོད་པ་ཡིན་པས། དེའི་ཕྱིར་འབྲལ་དཀའ་བ་ཡིན་པས་རང་གི་དངོས་པོ་ལ་ལོག་པར་ཞུགས་པ་ཡིན་གྱི། བདེན་པ་རྣམས་ལ་ལོག་པར་ཞུགས་པ་ནི་མ་ཡིན་ནོ། །

འཇིག་ལྟ་ལྷན་སྐྱེས་ནི། མཐོང་ལམ་སྐྱེས་སུ་ཟིན་ཀྱང་། གང་ལ་བརྟེན་ནས་འཕགས་པ་ཉན་ཐོས་རྣམས་ལ་ཡང་ངའོ་སྙམ་པའི་ང་རྒྱལ་ཀུན་དུ་འབྱུང་བ་སྟེ། ཇི་སྐད་དུ། ཚེ་དང་ལྡན་པ་བྲན་ཅན་ཁོ་བོས་ནི་ཉེ་བར་ལེན་པའི་ཕུང་པོ་འདི་དག་ལ་བདག་གམ་བདག་གིར་རྗེས་སུ་མ་མཐོང་མོད་ཀྱི། འོན་ཀྱང་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་ངའོ་སྙམ་པའི་ང་རྒྱལ་དང་། ངའོ་སྙམ་པའི་འདུན་པ་དང་། ངའོ་སྙམ་པའི་བག་ལ་ཉལ་མ་སྤངས་སོ། །ཡོངས་སུ་མ་ཤེས་སོ་མ་བཀག་གོ ། མཐའ་མེད་པར་མ་བྱས་སོ། །ཞེས་གསུངས་པ་ལྟ་བུའོ། །དཔེར་ན་མ་མའི་གོས་དྲི་མ་ཅན་དུ་གྱུར་པ་བུལ་ཏོག་ལ་སོགས་པས་ལེགས་པར་བཀྲུས་ཏེ། དྲི་མ་མེད་པར་གྱུར་ཀྱང་། དེ་ཞེན་པར་གོས་པས་དྲི་སྣམ་པའི་བག་ཙམ་ཡོད་པ། སྤོས་དྲི་ཞིམ་པོས་སྒོས་པས་བཅལ་བར་བྱ་དགོས་པ་དེ་བཞིན་དུ། མཐོང་བའི་ལམ་གྱིས་ཀུན་བཏགས་པའི་འཇིག་ཚོགས་ལ་ལྟ་བའི་དྲི་མ་སྤངས་པའི་འཕགས་པ་ཉན་ཐོས་རྣམས་ལ་ཡང་མངོན་པར་ཞེན་ཏེ། གོམས་པར་བྱས་པས་དངོས་པོ་ལ་རྟོག་པའི་བདག་ཏུ་ལྟ་བ་རྗེས་སུ་འབྲང་སྟེ། དེ་ནི་ལམ་གོམས་པས་སྤང་བར་བྱ་བ་ཡིན་ནོ། །མཐར་འཛིན་པར་ལྟ་བ་ལྷན་སྐྱེས་ནི་ཆད་ལྟས་བསྡུས་པ་ཡིན་པར་རིག་པར་བྱ་སྟེ། འཕགས་པ་ཉན་ཐོས་རྣམས་ལ་ཡང་བདག་གི་བདག་ཅི་ཡིན་ཞེས་ཡི་ཆད་པའི་ཕྱིར་མྱ་ངན་ལས་འདས་པ་ལ་ཡིད་ཕྱིར་ཕྱོགས་པར་བྱེད་པའོ། །ཅི་སྟེ། འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་ལྷན་ཅིག་སྐྱེས་པ་རྣམས་བདེན་པའི་རྣམ་པ་ལ་ལོག་པར་ཞུགས་པའམ། འོན་ཏེ་མ་ཡིན་དང་པོ་ལྟར་ན་བདེན་པ་མཐོང་བས་སྤང་བར་བྱ་བ་ཅིའི་ཕྱིར་མ་ཡིན། གཉིས་པ་ལྟར་ན་བདག་དང་བདག་གི་བའི་རྣམ་པ་ཅན་དང་རྟག་པའམ་ཆད་པར་འཛིན་པའི་ཕྱིར། མི་རིགས་སོ་ཞེ་ན། ཉོན་མོངས་པའི་རྣམ་པ་གང་ཇི་སྙེད་པ་ཐམས་ཅད་ནི་བདེན་པའི་རྣམ་པ་ལ་ལོག་པར་ཞུགས་པ་ཁོ་ན་ཡིན་ཏེ། ཐམས་ཅད་ཀྱང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྣམ་འགྲེལ་ལས་ཀྱང་། བདེན་པ་བཞི་ལ་བརྟན་པ་དང་། །བདེ་དང་ང་དང་ངའི་ཞེས། །ཡང་དག་མིན་པ་རྣམ་བཅུ་དྲུག །སྒྲོ་བཏགས་ནས་ནི་ཡོངས་སུ་སྲེད། །གང་ཞེས་གསུངས་པ་ལྟར་རོ། །དེ་ལ་ཁ་ཅིག་ནི་ཐོག་མ་མེད་པ་ནས་རྗེས་སུ་ཞུགས་པའི་བག་ཆགས་ཀྱི་སྟོབས་ལས་ཕྱིན་ཅི་ལོག་ཏུ་རྗེས་སུ་ཞུགས་པ་ཡིན་ལ། ཁ་ཅིག་ནི་བཤེས་གཉེན་ངན་པས་རྗེས་སུ་བསྟན་པ་ལ་སོགས་པ་བློ་བུར་བའི་རྐྱེན་ལས་ཕྱིན་ཅི་ལོག་པར་ཞུགས་པ་ཡིན་ནོ། །

དེ་ལ་བློ་བུར་བའི་རྐྱེན་ལས་ལོག་པར་ཞུགས་པ་གང་ཡིན་པ་དེ་ནི། ཐག་པ་ལ་སྦྲུལ་དུ་འཛིན་པ་ལྟར་མི་བརྟན་པའི་ཕྱིར། བདེན་པ་མཐོང་བ་ཙམ་གྱིས་སྤོང་བར་འགྱུར་བ་ཡིན་ནོ། །གང་ཞིག་བག་ཆགས་ཀྱི་སྟོབས་ཀྱིས་རྗེས་སུ་ཞུགས་པ་དེ་ནི་ཐོག་མ་མེད་པ་ནས་གོམས་པའི་མཐུས་རྒྱུད་ལ་ལྷག་པར་ཞེན་པའི་ཕྱིར་བདེན་པ་མཐོང་བ་ཙམ་གྱིས་སྤོང་བ་མ་ཡིན། འོན་ཀྱང་ཡང་དང་ཡང་དུ་དེ་ཁོ་ན་ཉིད་མཐོང་བ་གོམས་པ་ལས་ཤིན་ཏུ་རྣམ་པར་དག་པར་འགྱུར་རོ། །དེའི་ཕྱིར་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་བདེན་པའི་རྣམ་པ་ལ་ལོག་པར་ཞུགས་པ་ཡིན་ཀྱང་མཐོང་སྤང་དུ་ཐལ་བར་མི་འགྱུར་རོ། །གལ་ཏེ་བཤེས་གཉེན་ངན་པས་རྗེས་སུ་བསྟན་པ་ལ་སོགས་པའི་རྐྱེན་ལས་བྱུང་བའི་ཉོན་མོངས་པ་གློ་བུར་བ། དེ་དག་གང་གི་ཚེ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྐྱེས་པ་དེའི་ཚེ། ལྡོག་པར་གྱུར་པ་མ་ཡིན་ནམ། ཇི་ལྟར་བདེན་པ་མཐོང་བས་སྤང་བར་བྱ་བ་ཡིན་ཞེ་ན། དེ་དག་གིས་ཀུན་ནས་དཀྲིས་པ་མངོན་གྱུར་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་ཞུགས་ཕྱིན་ཆད་མི་སྐྱེ་ཡང་། ཇི་སྲིད་བདེན་པ་མངོན་པར་རྟོགས་པ་དེ་སྲིད་དུ་བག་ལ་ཉལ་སྤོང་བ་མ་ཡིན་ཏེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ནི། བདེན་པའི་རྣམ་པ་ལ་མོས་པ་ཡིད་ལ་བྱེད་པ་ཙམ་ཡིན་པས། བག་ལ་ཉལ་སྤོང་བར་མི་ནུས་པའི་ཕྱིར་རོ། །གང་གི་ཚེ་བདེན་པ་མངོན་པར་རྟོགས་པ་དེའི་ཚེ་དེ་དག་གི་བག་ལ་ཉལ་མཐའ་དག་མེད་པར་བྱེད་པ་ཡིན་ཏེ། དེ་ཕྱིན་ཆད་སེམས་རྒྱུད་ཉོན་མོངས་པའི་རྣམ་པ་དེ་ལྟ་བུ་སྐྱེ་བའི་སྣོད་མ་ཡིན་པར་བྱེད་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ནི་བདེན་པ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །

སྤོང་བ་ལ་གསུམ་སྟེ། འདི་ལྟར་མངོན་གྱུར་ཇི་ལྟར་སྤོང་བ་དང་བག་ལ་ཉལ་ཡིད་ལ་བྱེད་པ་ཅི་འདྲ་བས་སྤོང་བ་དང་སྤང་བྱའི་ཉོན་མོངས་པ་གང་ཞིག་ས་བོན་ནམ་མངོན་གྱུར་གང་ལ་སྤོང་བའོ། །དང་པོ་ལ་གསུམ་སྟེ། དང་པོར་ཉོན་མོངས་པའི་རྒྱུ་འབྲས་ངོ་བོ་གསུམ་གྱི་རང་བཞིན་ཡོངས་སུ་ཤེས་པ་དང་བར་དུ་ཉོན་མོངས་པ་རྒྱུད་ལ་སྐྱེས་པ་ཡོངས་སུ་སྤོང་བ་དང་ཐ་མར་མ་སྐྱེས་པ་རྣམས་ཀྱི་གཉེན་པོ་རྙེད་པའོ། །དེ་ལ་ཡོངས་སུ་ཤེས་པ་ནི། ཉོན་མོངས་པ་དེའི་གཞིའི་དངོས་པོ་གང་ལས་དེ་འབྱུང་བའི་རྒྱུ་དང་དམིགས་པ་དང་། དེ་མ་ཐག་པའི་རྐྱེན་རྣམས་ཡོངས་སུ་ཤེས་པ་དང་ཉོན་མོངས་པའི་རང་གི་ངོ་བོ་སེམས་རབ་ཏུ་མ་ཞི་བའི་མཚན་ཉིད་ཡོངས་སུ་ཤེས་པ་དང་ཉོན་མོངས་པའི་ཉེས་དམིགས་བདག་དང་གཞན་དང་གཉིས་ཀ་ལ་གནོད་པ་དེ་དག་ནི་སྐྱེས་བུ་བྱེད་པའི་འབྲས་བུའོ། །མཐོང་བའི་ཆོས་ལ་ཁ་ན་མ་ཐོ་བ་སྐྱེད་པ་ནི། བདག་པོའི་འབྲས་བུའོ། །ཕྱི་མ་ལ་འབྲས་བུ་སྡུག་བསྔལ་འབྱིན་པ་ནི་རྣམ་སྨིན་གྱི་འབྲས་བུ་སྟེ། དེ་རྣམས་ཡོངས་སུ་ཤེས་པའོ། །ཡོངས་སུ་སྤོང་བ་ནི། དེ་ལྟར་རྒྱུ་འབྲས་ངོ་བོ་ཉིད་གསུམ་གྱི་རང་བཞིན་ཡོངས་སུ་ཤེས་པས་ཉོན་མོངས་པ་མངོན་གྱུར་རྒྱུད་ལ་བྱུང་བར་གྱུར་པ་དང་དུ་མི་ལེན་པའི་ཚུལ་གྱིས་སྤོང་བའོ། །དང་དུ་མི་ལེན་པ་ནི་རང་དགའ་འམ་བྱུང་རྒྱལ་དུ་མི་གཏོང་བར་མི་མཐུན་པ་དང་ཉེས་དམིགས་སུ་ལྟ་བའོ། །གཉེན་པོ་རྙེད་པ་ནི་ཉོན་མོངས་པ་མ་སྐྱེས་པ་རྣམས་སྤང་བར་བྱ་བའི་ཕྱིར་མི་སྡུག་པ་ལ་སོགས་པའི་ལམ་རྙེད་ཅིང་སྒོམ་པའོ། །

ཡིད་ལ་བྱེད་པ་ཅི་འདྲ་བས་སྤོང་བར་བྱེད་ཅེ་ན་དེ་ལ་ཡིད་ལ་བྱེད་པ་ནི་གཉིས་ཏེ། མ་འདྲེས་པ་སོ་སོ་རང་གི་མཚན་ཉིད་ཀྱི་རྣམ་པ་ལ་དམིགས་པ་དང་། འདྲེས་པ་སྤྱིའི་མཚན་ཉིད་ཀྱི་རྣམ་པ་ལ་དམིགས་པའོ། །དང་པོས་ནི་ཉོན་མོངས་པ་མཐའ་དག་སྤོང་བར་ནུས་པ་མ་ཡིན་ཏེ། གང་ལས་ཉོན་མོངས་པ་འབྱུང་བའི་གཞིའི་དངོས་པོ་མཐའ་དག་ལ་མ་དམིགས་པའི་ཕྱིར་རོ། །དེ་བས་ན་འདྲེས་པ་སྤྱིའི་མཚན་ཉིད་ཀྱི་རྣམ་པ་ལ་དམིགས་པས་སྤོང་ངོ་། །དེ་ལ་ཡང་སྤྱིའི་མཚན་ཉིད་གང་ཡང་རུང་བ་ལ་དམིགས་པས་སྤོང་བ་མ་ཡིན་གྱི། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ངོ་བོ་དང་དོན་གཞན་གྱི་བདག་མེད་པའོ་ཞེས་ཡིད་ལ་བྱེད་པས་སྤོང་སྟེ། ཉོན་མོངས་པ་ཐམས་ཅད་ནི་བདག་ཏུ་རྨོངས་པའི་མཚན་ཉིད་ཅན་གྱི་མ་རིག་པའི་རྩ་བ་ཅན་ཡིན་ལ། ཡིད་ལ་བྱེད་པ་འདི་ཡང་དེའི་རྣམ་པ་དང་ཤིན་ཏུ་འགལ་བའི་ཕྱིར་རོ། །གལ་ཏེ་བདག་མེད་པ་ཤེས་པ་ཉིད་ཀྱིས་ཉོན་མོངས་པ་རྣམས་སྤོང་བར་འགྱུར་ན། འདུས་བྱས་མི་རྟག་པ་དང་ཟག་བཅས་སྡུག་བསྔལ་དུ་སྒོམ་པ་ལ་སོགས་བདེན་པའི་རྣམ་པ་ལྷག་མ་རྣམས་སྒོམ་པས་ཅི་ཞིག་བྱ་ཞེ་ན། མི་རྟག་པ་ལ་སོགས་པའི་རྣམ་པ་སྒོམ་པས་ཉོན་མོངས་པ་རྣམས་སྤོང་བར་བྱེད་པ་མ་ཡིན་ཏེ། དེ་དག་ནི། བདག་ཏུ་རྨོངས་པའི་རྣམ་པ་དང་དངོས་སུ་མི་འགལ་བས་མ་རིག་པ་དྲུངས་འབྱིན་པར་མི་ནུས་པའི་ཕྱིར་རོ། །འོན་ཀྱང་རྣལ་འབྱོར་པས་དེ་དག་སྒོམ་པ་དོན་མེད་པ་མ་ཡིན་ཏེ། བདག་མེད་པའི་རྣམ་པ་ཡོངས་སུ་སྦྱོང་བར་བྱེད་པའི་ཕྱིར་ཏེ། འདི་ལྟར་མི་རྟག་པའི་རྣམ་པ་ལ་བརྟེན་ནས། སྡུག་བསྔལ་བའི་རྣམ་པ་ཐོབ་བོ། །སྡུག་བསྔལ་བའི་རྣམ་པ་ལ་རྟེན་ནས་བདག་མེད་པའི་རྣམ་པ་ཐོབ་སྟེ། ཇི་སྐད་དུ། མདོ་ལས། དགེ་སློང་དག་གཟུགས་རྟག་པའམ་མི་རྟག་པ་ཡིན། བཙུན་པ་མི་རྟག་པ་ལགས་སོ། །གང་མི་རྟག་པ་དེ་བདེ་བའམ་སྡུག་བསྔལ་བ་ཡིན། བཙུན་པ་སྡུག་བསྔལ་བ་ལགས་སོ། །གང་མི་རྟག་པ་སྡུག་བསྔལ་བ་རྣམ་པར་འགྱུར་བའི་ཆོས་ཅན་དེ་ལ། འདི་ནི་ངའོ་འདི་ནི་ངའི་ངོ་། །འདི་ནི་ངའི་བདག་གོ་ཞེས་པ་ལྟར་རའམ་བཙུན་པ་དེ་ནི་མ་ལགས་ཏེ་ཞེས་གསུངས་པ་ལྟར་རོ། །

ཅིའི་ཕྱིར་ཅིའི་མི་རྟག་པའི་རྣམ་པ་ལས་སྡུག་བསྔལ་བའི་རྣམ་པ་ཐོབ་ཅེ་ན། མི་རྟག་པ་ནི་སྐྱེ་བ་དང་འཇིག་པ་གཉིས་ཀའི་ཆར་གཏོགས་པ་ཡིན་ལ། སྐྱེ་བའི་ཆར་གཏོགས་པའི་མི་རྟག་པ་ལས་སྡུག་བསྔལ་གྱི་སྡུག་བསྔལ་རྟོགས་ལ། འཇིག་པའི་ཆར་རྟོགས་པའི་མི་རྟག་པ་ཉིད་ལས་འགྱུར་བའི་སྡུག་བསྔལ་རྟོགས་པར་འགྱུར་རོ། །ཞེས་སྔར་བཤད་པ་ལྟར་རོ། །ཡང་ན་གང་ཞིག་འདུ་བྱེད་རྣམས་བརྟན་ཅིང་མི་འགྱུར་བར་འཛིན་པ་དེ་ནི་ཟག་པ་དང་བཅས་པའི་དངོས་པོ་རྣམས་ལ་འཕྲོད་པ་དང་ཡིད་དུ་འོང་བའི་རྣམ་པས་རྗེས་སུ་ཆགས་པར་འགྱུར་གྱི། གང་གིས་འདུ་བྱེད་རྣམས་མི་རྟག་པ་གཡོ་བའི་ངང་ཅན་དུ་རྟོགས་པ་ནི། ཟག་པ་དང་བཅས་པའི་དངོས་པོ་རྣམས་ལ་རྗེས་སུ་ཆགས་པར་བྱ་བའི་འོས་མ་ཡིན་པ་དང་མི་འཕྲོད་པའི་ངོ་བོ་ཉིད་དུ་འཛིན་པས་དེའི་ཕྱིར། མི་རྟག་པའི་རྣམ་པ་ལས་སྡུག་བསྔལ་བའི་རྣམ་པ་ཐོབ་བོ། །

ཅིའི་ཕྱིར་སྡུག་བསྔལ་བའི་རྣམ་པ་ལས་བདག་མེད་པའི་རྣམ་པ་འཐོབ་ཅེ་ན། གང་ཞིག་བདག་ཏུ་འཛིན་པ་དེ་ནི་བདག་ལ་འདོད་པར་བྱ་བའི་རྣམ་པས་རྗེས་སུ་ཆགས་པ་ཡིན་ཏེ། གང་ཞིག་གང་ལ་འདོད་བྱའི་རྣམ་པར་འཛིན་པ་མེད་པ་དེ་ནི་དེ་ལ་རྗེས་སུ་ཆགས་པར་མི་འགྱུར་བའི་ཕྱིར་རོ། །གང་གིས་ཟག་པ་དང་བཅས་པའི་དངོས་པོ་རྣམས་སྡུག་བསྔལ་ལ་ཡིད་འབྱུང་བར་བྱ་བ་ཉིད་དུ་རྟོགས་པ་ན། གང་ལ་འདོད་པའི་རྣམ་པས་རྗེས་སུ་ཆགས་པར་བྱ་བའི་བདག་ཅེས་པའི་རང་བཞིན་ཅུང་ཟད་ཀྱང་མཐོང་བ་མ་ཡིན་ནོ། །དེའི་ཕྱིར་སྡུག་བསྔལ་བའི་རྣམ་པ་ལ་བདག་མེད་པའི་རྣམ་པ་འཐོབ་བོ། །དེ་ལྟར་ཡང་རྣམ་འགྲེལ་ལས། སྟོང་ཉིད་ལྟ་བས་གྲོལ་བར་འགྱུར། །སྒོམ་པ་ལྷག་མ་དེ་དོན་ཡིན། །དེ་ཕྱིར་མི་རྟག་ལས་སྡུག་བསྔལ། །སྡུག་བསྔལ་ལས་ནི་བདག་མེད་གསུངས། །ཞེས་གང་གསུངས་པ་ཡིན་ནོ། །དེ་བས་ན་བདག་མེད་པ་ནི་ཤེས་པ་བླ་ན་མེད་པ་ཡིན་ནོ། །བླ་ན་མེད་པ་ལས་བརྩམས་ཏེ། བླ་ན་མེད་པ་རྣམ་པ་གསུམ་སྟེ། ཤེས་པ་བླ་ན་མེད་པ་དང་། ལམ་བླ་ན་མེད་པ་དང་། རྣམ་པར་གྲོལ་བ་བླ་ན་མེད་པའོ། །དེ་ལ་ཤེས་པ་བླ་ན་མེད་པ་ནི་བདག་མེད་པའི་ཤེས་པ་སྟེ། དེའི་ཕ་རོལ་ན་ཤེས་པ་གཞན་བཙལ་དུ་མེད་པའི་ཕྱིར་རོ། །ལམ་བླ་ན་མེད་པ་ནི་མངོན་པར་ཤེས་པ་མྱུར་ལ་སླ་བ་སྟེ། དེ་ནི་ལམ་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར། རྣམ་པར་གྲོལ་བ་བླ་ན་མེད་པ་ནི། མི་སློབ་པ་མི་འཁྲུག་པའི་ཆོས་ཅན་གྱི་རྣམ་པར་གྲོལ་བ་སྟེ། རྣམ་པར་གྲོལ་བ་ཐམས་ཅད་ལས་ཁྱད་པར་འཕགས་པའི་ཕྱིར་རོ། །བླ་ན་མེད་པ་ཉིད་གསུམ་པོ་འདི་ནི་གོ་རིམ་བཞིན་དུ་མཐོང་བ་དང་སྒོམ་པ་དང་མི་སློབ་པའི་ལམ་གྱིས་དབང་དུ་བྱས་པ་ཡིན་ནོ། །གང་ཞིག་གང་ལས་སྤོང་བ་ནི་རྣམ་པར་གཏན་ལ་དབབ་པ་བསྡུ་བར། གང་གི་ཚེ་རྣལ་འབྱོར་པས་ཉོན་མོངས་པ་སྤོང་བར་བྱེད་པ་དེའི་ཚེ། ཅི་ཀུན་ནས་དཀྲིས་པ་ལ་སྤོང་བར་བྱེད་དམ། འོན་ཏེ་བག་ལ་ཉལ་སྤོང་བར་བྱེད་གང་ལས་སྤངས་ན་སྤངས་ཞེས་བརྗོད་པར་བྱ་ཞེ་ན་བག་ལ་ཉལ་ལས་སྤོང་བར་བྱེད་དེ། དེ་ཀུན་ནས་དཀྲིས་པ་ནི་དང་པོ་ཉིད་ནས་སྤངས་ཟིན་པའི་ཕྱིར་རོ། །བག་ལ་ཉལ་སྤངས་ན་སྤངས་པར་བརྗོད་པ་བྱའོ། །

དེ་ཅིའི་ཕྱིར་ཞེ་ན། ཀུན་ནས་དཀྲིས་པ་ལས་སྤངས་ལ་བག་ལ་ཉལ་ལས་མ་སྤངས་ན་ནི་ཡང་དང་ཡང་དུ་ཀུན་ནས་དཀྲིས་པ་འབྱུང་བར་འགྱུར་གྱི། བག་ལ་ཉལ་བས་སྤངས་ན་ནི་བག་ལ་ཉལ་དང་ཀུན་ནས་དཀྲིས་པ་གཉིས་ཀ་ལས་གཏན་འབྱུང་བར་མི་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར་འདིར་ཡང་རིག་པར་བྱ་སྟེ། འདི་ལྟར་མངོན་གྱུར་རམ་བག་ལ་ཉལ་གང་ལས་སྤོང་ཞེ་ན་མངོན་གྱུར་ལས་མ་ཡིན་ཏེ། ཉོན་མོངས་པ་འདས་པ་རྣམས་ནི་འགགས་ཟིན་པའི་ཕྱིར་སྤངས་ཟིན་པས་དེ་ལ་ནི་ཅི་ཡང་སྤང་དུ་མེད་དོ། །མ་འོངས་པ་གང་ཡིན་པ་དེ་ནི་མ་བྱུང་ཞིང་ལུས་མེད་པའི་ཕྱིར་དེ་ལ་ཡང་ཅི་ཡང་སྤང་དུ་མེད་དོ། །ད་ལྟར་བྱུང་བ་རྣམས་ནི་སྐད་ཅིག་ལས་ལྷག་པར་མི་གནས་པས་གཉེན་པོའི་བྱ་བ་མི་འཇུག་ལ། གཞན་ཡང་བག་ལ་ཉལ་དང་བཅས་པའི་སེམས་དང་། བག་ལ་ཉལ་མེད་པའི་སེམས་གཉིས་ལྷན་ཅིག་འགྲོགས་པ་མེད་པས་ལམ་དང་མཉམ་དུ་མི་འཇུག་པའི་ཕྱིར། ད་ལྟར་བྱུང་བ་ཡང་མི་སྤོང་ངོ་། །

འོན་ཀྱང་གཞན་གྱི་སྒྲ་དང་ཚུལ་བཞིན་ཡིད་ལ་བྱེད་པ་ལས་ཉོན་མོངས་པའི་གཉེན་པོའི་སེམས་ཡང་དག་པའི་ལྟ་བ་དང་མཚུངས་པར་ལྡན་པ་ནི་སྐྱེ་ལ། བག་ལ་ཉལ་དང་བཅས་པའི་སེམས་ནི་འགག་སྟེ། དེའི་ཕྱིར་ཉོན་མོངས་པའི་གནས་ངན་ལེན་གང་ཡིན་པ་དེ་ལས་སྤོང་ངོ་། །དེ་ལྟར་ན་མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་གནས་ངན་ལེན་གྱི་རྣམ་པ་གང་གིས་གཉེན་པོ་འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའི་གཉེན་པོའི་རྣམ་པ་དེ་འབྱུང་བ་དང་མི་མཐུན་ཕྱོགས་གནས་ངན་ལེན་གྱི་རྣམ་པ་དེ་འགག་པ་ནི། དུས་མཉམ་པས་མཉམ་སྟེ་དཔེར་ན་སྣང་བ་འབྱུང་བ་དང་མུན་པ་འགག་པ་དུས་མཉམ་པ་བཞིན་ནོ། །སྤངས་པའི་དོན་ཅི་ཞེ་ན། གཉེན་པོ་སྐྱེས་པའི་སེམས་དེ་ལ་མ་འོངས་པ་ན་ཉོན་མོངས་པའི་རྣམ་པ་དེ། གཏན་མི་སྐྱེ་བའི་ཆོས་ཅན་དུ་གནས་པས་སྟེ། སྐྱེ་བའི་རྒྱུ་གནས་ངན་ལེན་གྱི་རྣམ་པ་དང་བྲལ་བའི་ཕྱིར་དེ་ནི་གཉེན་པོས་སྤང་བྱ་སྤོང་བའི་དོན་ཡིན་ནོ། །དེ་ལ་འཇིག་རྟེན་པའི་གཉེན་པོས་ནི་ཉོན་མོངས་པ་མངོན་གྱུར་རེ་ཞིག་མི་སྐྱེ་བ་ཙམ་བྱེད་ཀྱི་བག་ལ་ཉལ་འཇོམས་པ་ནི་མ་ཡིན་ཏེ། གཉེན་པོ་དེ་ཉིད་དང་བྲལ་ན་སླར་ཡང་ཉོན་མོངས་པ་འབྱུང་བའི་ཕྱིར་རོ། །དཔེར་ན་ཏིལ་མར་དག་གིས་བཀུས་པའི་ས་བོན་གྱིས་ནི། རེ་ཞིག་མྱུ་གུ་མི་སྐྱེད་ཀྱང་ཏིལ་མར་གྱི་ནུས་པ་དང་བྲལ་བ་ན། སླར་ཡང་མྱུ་གུ་སྐྱེད་དུ་རུང་བ་བཞིན་ནོ། །འཇིག་རྟེན་ལས་འདས་པའི་ལམ་གྱིས་ནི། རང་གང་གི་རྒྱུད་ལ་སྐྱེས་པའི་སེམས་རྒྱུད་དེ་ཉིད་རང་གི་སྤང་བྱའི་ཉོན་མོངས་པ་དེ་ཉིད་འབྱུང་དུ་མི་རུང་བར་སྒྲུབ་པར་བྱེད་པས་དེའི་ཕྱིར་བག་ལ་ཉལ་སྤངས་པ་ཞེས་བྱ་བ་ཡིན་ཏེ། དཔེར་ན་ས་བོན་མེས་མ་རུངས་པར་བྱས་པ་བཞིན་ནོ། །ཉོན་མོངས་པའི་ཀུན་འབྱུང་བཤད་ཟིན་ཏོ། །

དེའི་འོག་ཏུ་ལས་ཀྱི་ཀུན་འབྱུང་བཤད་པར་བཞེད་ནས་ལས་གང་ཞེ་ན་ཞེས་གསུངས་ཏེ། དེ་ལ་ཡང་གཉིས་དང་ལྔས་མདོར་བསྟན་པ་དང་། གཉིས་པོ་རྒྱས་པར་བཤད་པ་དང་། མདོའི་དོན་དུ་མས་གཏན་ལ་དབབ་པ་དང་། དེ་རྣམས་ཚུལ་སྣ་ཚོགས་ཀྱིས་བཤད་པའོ། །དང་པོ་ནི། མདོ་ལས། དགེ་སློང་དག་སེམས་པ་ཡང་ལས་སུ་ང་སྨྲའོ། །བསམ་པ་ཡང་ལས་སུ་ང་སྨྲའོ། །ཞེས་པ་ལྟར་སེམས་པ་དང་བསམས་པའི་ལས་གཉིས་སོ། །ལས་ཐམས་ཅད་འདི་གཉིས་སུ་འདུས་པ་དེའི་ཕྱིར་ལས་ཀྱི་མཚན་ཉིད་མདོར་བསྡུས་པ་ཡིན་ནོ། །

ཡང་ལས་ནི་རྣམ་པ་ལྔ་སྟེ། འདི་ལྟར་དམིགས་པའི་ལས་ནི་མིག་ལ་སོགས་པས་གཟུགས་ལ་སོགས་པ་དམིགས་པའོ། །བྱེད་པའི་ལས་ནི། སས་རྟེན་པ་དང་ཆུས་སྡུད་པའོ། །རྩོལ་བའི་ལས་ནི་བསམ་པ་སྔོན་དུ་བཏང་ནས་ལུས་ངག་གི་ལས་ལ་སྦྱོར་བའོ། །སྒྱུར་བའི་ལས་ནི་གསེར་འགར་ལ་སོགས་པས་གསེར་སྦྲམ་ལ་སོགས་པ་རྒྱན་ལ་སོགས་པར་སྒྱུར་བའོ། །འཐོབ་པའི་ལས་ནི། འཇིག་རྟེན་ལས་འདས་པའི་ལམ་གྱིས་མྱ་ངན་ལས་འདས་པ་དང་། བསམ་གཏན་གྱིས་འཇིག་རྟེན་པའི་ཆགས་བྲལ་ཐོབ་པ་སོགས་སོ། །ཀུན་འབྱུང་བདེན་པ་འཆད་པའི་སྐབས་འདིར་ནི་ཕལ་ཆེར་རྩོལ་བའི་ལས་སུ་འདོད་ཏེ། སེམས་པ་དང་བསམས་པའི་ལས་གཙོ་བོའི་ཕྱིར་རོ། །དགེ་བས་འདོད་པ་ཐོབ་པ་སོགས་དང་། རང་གི་མཚན་ཉིད་འཛིན་པས་ན་བྱེད་པ་དང་འཐོབ་པའི་ལས་ཀྱང་ཡོད་དོ། །གཉིས་པ་གཉིས་པོ་རྒྱས་པར་བཤད་པ་ལ་གཉིས་ལས་དང་པོ་སེམས་པའི་ལས་ཀྱི་ངོ་བོ་ནི། དགེ་བའམ་མི་དགེ་བའི་ལུས་ངག་གི་ལས་ཀུན་ནས་སློང་བར་བྱེད་པའི་རྒྱུའི་དུས་ཀྱི་ཀུན་སློང་ནི་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་སོ། །དབྱེ་བ་ནི་བསོད་ནམས་ལ་སོགས་པ་གསུམ་སྟེ། དེ་དག་གི་རང་བཞིན་འཆད་པར་འགྱུར་རོ། །

གཉིས་པ་བསམས་པའི་ལས་ཀྱི་ངོ་བོ་ནི། དགེ་མི་དགེའི་སྒོ་གསུམ་གྱི་ལས་ཀྱི་དེའི་དུས་ཀྱི་ཀུན་སློང་གི་སེམས་པ་སྟེ། དེ་དག་གི་རང་བཞིན་ཇི་ལྟ་བུ་ཡིན་པ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་མཚན་ཉིད་སྟོན་པ་ན་བཤད་ཟིན་ཏོ། །དབྱེ་བ་ནི་ལུས་ཀྱི་ལས་ལ་སོགས་པ་གསུམ་མོ་ལུས་ཀྱི་ལས་ལ་སོགས་པ་དེ་དག་ཀྱང་རེ་རེ་ཡང་དགེ་བ་དང་མི་དགེ་བ་གཉིས་གཉིས་སུ་འགྱུར་རོ། །དེ་ལ་མི་དགེ་བ་ཡང་སྦྱོར་བ་དང་དངོས་དང་འཇུག་རྣམ་པ་གསུམ་ལས། དངོས་གཞིའི་ཆེ་ལོང་རགས་པ་རྣམས་མདོར་བསྡུས་པ་ནི་མི་དགེ་བའི་ལས་ཀྱི་ལམ་བཅུ་སྟེ་འདི་ལྟར་སྲོག་གཅོད་པ་ལ་སོགས་པའོ། །དེ་ལ་སྲོག་གཅོད་པ་ལ་སོགས་པ་གསུམ་ནི་ལུས་ཀྱི་རྣམ་པར་རིག་བྱེད་ཡིན་ལ། དེ་དག་དང་ལྷན་ཅིག་འཇུག་པའི་སེམས་དཔའ་རྣམས་ནི། སྲོག་གཅོད་པ་ལ་སོགས་པའི་ལས་ཀྱི་ལམ་ཡིན་ཏེ། བྱ་བའི་ངོ་བོར་གྱུར་པ་དང་ངན་འགྲོར་བགྲོད་པར་བྱེད་པའི་ཕྱིར་རོ། །བརྫུན་དུ་སྨྲ་བ་ལ་སོགས་པ་ནི་ངག་གི་རྣམ་པར་རིག་བྱེད་ཡིན་ལ། དེ་དག་དང་ལྷན་ཅིག་འཇུག་པའི་སེམས་པ་དེ་དང་དེ་ལ། བརྫུན་དུ་སྨྲ་བའི་ལས་ཀྱི་ལམ་ལ་སོགས་པ་དེ་དང་དེར་རྣམ་པར་བཞག་གོ །བརྣབ་སེམས་ལ་སོགས་པ་གསུམ་དང་ལྷན་ཅིག་འཇུག་པའི་སེམས་པ་རྣམས་ཀྱང་དེ་དང་དེའི་ལས་ཀྱི་ལམ་ཡིན་ནོ། །དེ་ལ་ལུས་ངག་གི་ལས་བདུན་པོ་དག་གི་ལུས་ངག་གི་རྣམ་པར་རིག་བྱེད་དག་ནི། སྲོག་གཅོད་པ་ལ་སོགས་པ་དང་། བརྫུན་དུ་སྨྲ་བ་ལ་སོགས་པ་མཚན་ཉིད་པ་ཡིན་ཡང་། དེ་དང་དེའི་ལས་ཀྱི་ལམ་བཏགས་པ་ནི་ཡིན་ནོ། །དེ་དག་དང་ལྷན་ཅིག་འཇུག་པའི་སེམས་པ་དེ་དང་དེ་དག་ནི། འདིས་སྲོག་གཅོད་པ་དང་མ་བྱིན་པ་ལེན་པ་ལ་སོགས་ཀྱི་ལུས་དང་ངག་གི་བྱ་བ་དེ་དང་དེ་ལ་སྦྱོར་བར་བྱེད་པའི་ཕྱིར། སྲོག་གཅོད་པ་ཞེས་སོགས་ཀྱི་ཐ་སྙད་ཉེ་བར་བཏགས་པ་ཙམ་ཡིན་ལ། སྲོག་གཅོད་ལ་སོགས་པའི་ལས་ཀྱི་ལམ་ནི་དངོས་ཡིན་ནོ། །

དགེ་བ་ལ་ཡང་སྦྱོར་བ་དང་དངོས་དང་འཇུག་གསུམ་ལས། དངོས་གཞིའི་ཆེ་ལོང་རྣམས་མདོར་བསྡུས་པ་ནི་དགེ་བའི་ལས་ཀྱི་ལམ་བཅུ་ཡིན་ལ། དེ་དག་ཀྱང་གང་ཞེ་ན། སྲོག་གཅོད་པ་སྤོང་བ་ལ་སོགས་པའོ། །དེ་ལ་ཡང་སྲོག་གཅོད་པ་སྤོང་བ་ལ་སོགས་པ་གསུམ་ནི་ལུས་ཀྱི་རྣམ་པར་རིག་བྱེད་ཡིན་ལ། དེ་དང་ལྷན་ཅིག་འཇུག་པའི་སེམས་པ་ནི། དེ་དང་དེའི་ལས་ཀྱི་ལམ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་ཤེས་པར་བྱའོ། །སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་ཀྱི་ལམ་དེ་དག་གི་རང་གི་མཚན་ཉིད་རྣམ་པར་བཞག་པ་ཇི་ལྟ་བུ་ཞེ་ན། ཉོན་མོངས་པ་ཅན་གྱི་སེམས་དང་དེའི་བསམ་པས་གཞི་དེ་ཉིད་ལ་ལས་ཀུན་ཏུ་སྤྱོད་ཅིང་། ཡོངས་སུ་རྫོགས་པ་ནི་སྲོག་གཅོད་པ་ལ་སོགས་པའི་ལས་ཀྱི་ལམ་དེ་དག་གི་མཚན་ཉིད་མདོར་བསྡུས་པ་ཡིན་ནོ། །དེ་ལ་ཉོན་མོངས་པ་ཅན་གྱི་སེམས་ནི་འདོད་ཆགས་ལ་སོགས་པ་དུག་གསུམ་གྱིས་ཟིལ་གྱིས་གནོན་པའོ། །གལ་ཏེ་ཉོན་མོངས་ཅན་གྱི་སེམས་ཡོད་ཀྱང་། གཞི་དེ་ལ་དེར་འདུ་ཤེས་པའི་བསམ་པས་ཀུན་དུ་མ་སྤྱད་ན་ཡོངས་སུ་རྫོགས་པར་བྱས་ཀྱང་ལས་ཀྱི་ལམ་ཡོངས་སུ་རྫོགས་པར་མི་འགྱུར་ཏེ། བསམ་པ་དང་སྦྱོར་བའི་ཡན་ལག་གཉིས་མ་ཚང་བའི་ཕྱིར་རོ། །གལ་ཏེ་ཉོན་མོངས་པ་ཅན་གྱི་སེམས་དང་། དེའི་བསམ་པ་ཡང་ཡོད་མོད་ཀྱི། སེམས་ཕྱིན་ཅི་ལོག་གི་དངོས་པོ་གཞན་ཁོ་ན་ཞིག་ལ་ཀུན་ཏུ་སྤྱད་ན་མཐར་ཐུག་པར་གྱུར་དུ་ཟིན་ཀྱང་ལས་ལམ་ཡོངས་སུ་རྫོགས་པ་མ་ཡིན་ཏེ། ཀུན་སློང་ཙམ་ལས་སྦྱོར་བ་དང་དངོས་གཞིའི་ལས་མ་ཚང་བའི་ཕྱིར་རོ། །གལ་ཏེ་ཉོན་མོངས་པའི་སེམས་དང་དེའི་བསམ་པ་ཡང་ཡོད་ལ་དེ་ཉིད་ལ་ཀུན་དུ་སྤྱོད་མོད་ཀྱི། མཐར་ཐུག་པར་མ་གྱུར་ན་ཡང་ལས་ཀྱི་ལམ་རྫོགས་པར་མི་འགྱུར་ཏེ། དངོས་གཞིའི་ཡན་ལག་མ་ཚང་བའི་ཕྱིར་རོ། །གལ་ཏེ་ཉོན་མོངས་པ་ཅན་གྱི་སེམས་ཀྱང་ཡོད་དེའི་བསམ་པ་ཡང་ཡོད། དེ་ཉིད་ལ་ལས་དེ་ཀུན་དུ་སྤྱད་ཅིང་། མཐར་ཐུག་པར་གྱུར་ན་མི་དགེ་བའི་ལས་ཀྱི་ལམ་དེ་ཉིད་ཡོངས་སུ་རྫོགས་པ་ཡིན་ནོ། །

ལས་ཀྱི་ལམ་བཅུ་པོ་འདི་དག་གི་མཚན་ཉིད་རྒྱས་པར་ནི་རྣམ་པ་ལྔས་རྣམ་པར་བཞག་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། གཞི་དང་། བསམ་པ་དང་སྦྱོར་བ་ཉོན་མོངས་པ་དང་ཟིན་པར་བྱས་པས་ཀྱང་ངོ་། །དེ་ལ་གཞི་ནི་གང་ལ་སྲོག་གཅོད་པ་ལ་སོགས་པའི་ལས་ཀྱི་བྱ་བ་འཇུག་པའི་ཡུལ་ཏེ། སེམས་ཅན་དང་སེམས་ཅན་མ་ཡིན་པའི་དངོས་པོ་གང་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པའི་མི་དགེ་བའི་ལས་ཀྱི་ལམ་བཅུ་ཅི་རིགས་པར་འབྱུང་བའོ། །

བསམ་པ་ནི་གཉིས་ཏེ། འདུ་ཤེས་པའི་བསམ་པ་དང་། བྱེད་པར་འདོད་པའི་བསམ་པའོ། །འདུ་ཤེས་པ་དེ་ཡང་རྣམ་པ་བཞིར་ལྟ་བར་བྱ་སྟེ། གཞི་དེ་ལ་དེར་འདུ་ཤེས་པ་དང་། དེ་མ་ཡིན་པ་ལ་དེར་འདུ་ཤེས་པ་དང་། དེ་ལ་དེ་མ་ཡིན་པར་འདུ་ཤེས་པ་དང་། དེ་མ་ཡིན་པ་ལ་དེ་མ་ཡིན་པར་འདུ་ཤེས་པའོ། །བྱེད་པར་འདོད་པའི་བསམ་པ་ནི། འདུ་ཤེས་ཕྱིན་ཅི་ལོག་གམ་མ་ལོག་པར་བྱེད་པར་འདོད་པ་གང་ཡིན་པའོ། །སྦྱོར་བ་ནི་ལས་དེ་བྱ་བའི་ཕྱིར། བདག་གམ་གཞན་གྱི་སྒོ་གསུམ་གྱི་རྩོམ་པ་གང་ཡིན་པའོ། །ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་དུག་གསུམ་པོ་གང་ཡང་རུང་བའོ། །ཟིན་པར་བྱས་པའམ་མཐའ་ནི། མངོན་པར་འདོད་པའི་ལས་དེ་ཉིད་ཀྱི་དེ་དང་འབྲེལ་བའི་སྦྱོར་བས་དུས་དེ་ཉིད་ཀྱི་ཚེའམ། དུས་དེའི་འོག་ཏུ་ཡོངས་སུ་རྫོགས་པར་གྱུར་པ་སྟེ། དེ་ལྟར་ན་རྣམ་པ་ལྔ་པོ་དེ་དག་གིས་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱི་མཚན་ཉིད་རྒྱས་པར་རྣམ་པར་བཞག་པར་རིག་པར་བྱའོ། །དེ་ལ་སྲོག་གཅོད་པའི་གཞི་ནི་སྲོག་དང་ལྡན་པའི་སེམས་ཅན་ནོ། །གལ་ཏེ་གསོད་པར་བྱེད་པ་དེ་སྲོག་ཆགས་དེ་ལ་སྲོག་ཆགས་ཀྱི་འདུ་ཤེས་ཀྱང་ཡོད་ལ། སྲོག་ཆགས་གང་བསད་པར་འདོད་པ་དེ་ལ། དེར་འདུ་ཤེས་པ་ཡང་ཡོད་པ་དེ་ནི། དེ་ལ་དེའི་འདུ་ཤེས་ཕྱིན་ཅི་མ་ལོག་པ་ཞེས་བྱའོ། །འདུ་ཤེས་དེ་ལ་བརྟེན་ནས་འདི་གསད་པར་བྱའོ་སྙམ་དུ་སེམས་དཔའ་དེ་ནི་དེའི་གསོད་པའི་བསམ་པའོ། །དེ་འདོད་ཆགས་ལ་སོགས་པ་གསུམ་གྱིས་ཟིལ་གྱིས་མནན་ནས་དེ་ལྟར་སེམས་མངོན་པར་འདུ་བྱེད་པ་དེ་ནི་ཉོན་མོངས་པ་ཡིན་ནོ། །བསམ་པ་དེ་དང་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་རང་ངམ་གཞན་གྱིས་གསོད་པར་སྦྱོར་ཞིང་། མཚོན་གྱིས་འདེབས་པར་བྱེད་ལ། གལ་ཏེ་བཏབ་མ་ཐག་ཁོ་ནར་སྦྱོར་བ་དེས་ཤི་བར་གྱུར་ན། །དུས་དེ་ཉིད་ཀྱི་ཚེ་ལས་ཀྱི་ལམ་ཡོངས་སུ་རྫོགས་པས་མཐར་ཐུག་པ་ཡིན་ནོ། །གལ་ཏེ་དུས་དེ་ཉིད་ཀྱི་ཚེ་མ་ཤི་བར་སྦྱོར་བ་དེས་དུས་གཞན་གྱི་ཚེ་ན་ཤི་བར་གྱུར་ནའང་དུས་གང་གིས་ཚེ་ཤི་བར་གྱུར་པ་དེའི་ཚེ་མཐར་ཐུག་པ་ཡིན་པར་བལྟ་བར་བྱའོ། །མ་བྱིན་པ་ལེན་པའི་གཞི་ནི་གཞན་གྱིས་ཡོངས་སུ་བཟུང་བའོ། །འདུ་ཤེས་ནི་དེ་ལ་དེར་འདུ་ཤེས་པའོ། །བསམ་པ་ནི་འཕྲོག་པར་འདོད་པ་ཉིད་དོ། །ཉོན་མོངས་པ་ནི་གསུམ་པོ་གང་ཡང་རུང་བའོ། །མཐའ་ནི་གནས་གཞན་དུ་སྤོས་པའོ། །འདོད་པ་ལོག་པར་གཡེམ་པའི་གཞི་ནི། འཇུག་པར་བྱ་བ་མ་ཡིན་པའི་བུད་མེད་དང་འཇུག་པར་བྱ་བ་ཡིན་ན་ཡང་། ཡང་དག་པ་མ་ཡིན་པ་དང་། གནས་མ་ཡིན་པ་དང་། དུས་མ་ཡིན་པ་དག་ཏུ་ཚོད་མ་ཡིན་པ་མི་རིགས་པར་བྱེད་པ་དང་། སྐྱེས་པ་ཐམས་ཅད་དང་མ་ནིང་ངོ་། །འདུ་ཤེས་ནི་དེ་ལ་དེར་འདུ་ཤེས་པའོ། །བསམ་པ་ནི་བགྲོད་པར་འདོད་པའོ། །ཉོན་མོངས་པ་ནི་སྔ་མ་ལྟར་རོ། །མཐའ་ནི་གཉིས་ཀྱིས་གཉིས་སྤྲད་པའོ། །བརྫུན་དུ་སྨྲ་བའི་གཞི་ནི་མཐོང་བ་དང་ཐོས་པ་དང་བྱེ་བྲག་ཕྱེད་པ་དང་རྣམ་པར་ཤེས་པ་དང་དེ་དག་ལས་བཟློག་པ་བཞི་རྣམས་སོ། །འདུ་ཤེས་ནི་མཐོང་བ་ལ་སོགས་པ་དང་། བཟློག་པར་འདུ་ཤེས་པའོ། །བསམ་པ་ནི་འདུ་ཤེས་བསྒྱུར་ཏེ་སྨྲ་བར་འདོད་པ་ཉིད་དོ། །ཉོན་མོངས་པ་ནི་འདྲའོ། །མཐའ་ནི་འཁོར་དང་ཕས་འདྲི་བ་ལ་གོ་བར་བྱས་པའོ། །ཕྲ་མའི་གཞི་ནི་སེམས་ཅན་མཐུན་པ་དང་མི་མཐུན་པ་རྣམས་སོ། །འདུ་ཤེས་ནི་གཉིས་ཀ་ལ་མཐུན་པའམ་མི་མཐུན་པར་འདུ་ཤེས་པའོ། །བསམ་པ་ནི་དབྱེ་བ་དང་མི་མཐུན་པར་འདོད་པའོ། །ཉོན་མོངས་ནི་འདྲའོ། །མཐའ་ནི་དབྱེ་བར་བྱ་བས་ངག་གི་རྣམ་པར་རིག་པ་སྨྲས་ཏེ། དོན་གོ་ནའོ། །ངག་རྩུབ་པོའི་གཞི་ནི་ཀུན་ནས་མནར་སེམས་ཀྱི་རྒྱུར་གྱུར་པའི་སེམས་ཅན་རྣམས་སོ། །འདུ་ཤེས་ནི་དེ་དག་ལ་དེར་འདུ་ཤེས་པའོ། །བསམ་པ་ནི་ངག་རྩུབ་པོ་སྨྲ་བར་འདོད་པ་ཉིད་དོ། །ཉོན་མོངས་པ་ནི་འདྲའོ། །མཐའ་ནི་དེ་ལ་ངག་རྩུབ་པོས་སྨྲས་པའོ། །ཚིག་འཁྱལ་པའི་གཞི་ནི་དོན་མེད་པ་དང་ལྡན་པའི་དོན་ཏོ། །འདུ་ཤེས་ནི་དེ་ལ་དེར་འདུ་ཤེས་པའོ། །བསམ་པ་ནི་སྨྲ་བར་འདོད་པའོ། །ཉོན་མོངས་པ་ནི་འདྲའོ། །མཐའ་ནི་སྨྲས་པའོ། །བརྣབ་སེམས་ཀྱི་གཞི་ནི་གཞན་གྱི་ནོར་དང་ཡོ་བྱད་དོ། །འདུ་ཤེས་ནི་དེ་ལ་དེར་འདུ་ཤེས་པའོ། །བསམ་པ་ནི་དེ་ལྟར་འདོད་པའོ། །ཉོན་མོངས་པ་ནི་འདྲའོ། །མཐའ་ནི་དེ་ལ་བདག་གིར་བྱ་བར་ངེས་པའོ། །གནོད་སེམས་ཀྱི་གཞི་དང་འདུ་ཤེས་ནི་ངག་རྩུབ་པོ་ཇི་ལྟ་བ་བཞིན་ནོ། །བསམ་པ་ནི་སྣུན་པར་འདོད་པ་ཉིད་དོ། །ཉོན་མོངས་པ་ནི་འདྲའོ། །མཐའ་ནི་སྣུན་པ་ལ་སོགས་པའི་ངེས་པའོ། །ལོག་པར་ལྟ་བའི་གཞི་ནི་རྒྱུ་འབྲས་དང་བདེན་བཞི་ལ་སོགས་པ་ཡོད་པའི་དོན་ཏོ། །འདུ་ཤེས་ནི་བདེན་པ་ཡིན་པར་འདུ་ཤེས་པའོ། །བསམ་པ་དེ་ལྟར་འདོད་པའོ། །ཉོན་མོངས་པ་ནི་འདྲའོ། །མཐའ་ནི་བསྐུར་པ་བཏབ་པར་ངེས་པའོ། །

དེ་ལ་སྲོག་གཅོད་པ་ནི་གསུམ་སྟེ། ཁ་ན་མ་ཐོ་བ་དང་བཅས་པ་རྒྱས་པ་ལས་བྱུང་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་རྒྱས་པ་མ་ཡིན་པ་ལས་བྱུང་བ་དང་། ཁ་ན་མ་ཐོ་བ་མེད་པའོ། །ཁ་ན་མ་ཐོ་བ་བསྐྱེད་པའི་རྒྱུ་ཡང་གསུམ་སྟེ། ཉོན་མོངས་བསྐྱེད་པ་དང་། སྡུག་བསྔལ་བསྐྱེད་པ་དང་། འདོད་པ་ཡོངས་སུ་རྫོགས་པའོ། །དེ་ལ་སྲོག་གཅོད་པ་དང་པོ་ལ་ནི་རྒྱུ་གསུམ་ཆར་ཡོད་པར་བལྟ་བར་བྱའོ། །གཉིས་པ་ལ་ནི་གཉིས་ཏེ། འདོད་པ་ཡོངས་སུ་རྫོགས་པ་མེད་དོ། །གསུམ་པ་ལ་ནི་གཅིག་སྟེ། སྡུག་བསྔལ་བསྐྱེད་པ་ཁོ་ནའོ། །དེ་ལ་བརྣབ་སེམས་དང་། གནོད་སེམས་དང་ལོག་པར་ལྟ་བ་རྣམས་ཀྱི་ངོ་བོ་ཉིད་མཚན་ཉིད་ཡོངས་སུ་རྫོགས་པ་ནི་རྣམ་པ་ལྔ་ལྔས་རྣམ་པར་བཞག་པར་རིག་པར་བྱས་ཏེ། འདི་ལྟར་རང་གི་ལོངས་སྤྱོད་ལ་ལྷག་པར་ཆགས་པའི་སེམས་དང་། ལོངས་སྤྱོད་སོགས་པར་འདོད་པས་ཀམ་ཆགས་ཀྱི་སེམས་དང་། གཞན་གྱི་ལོངས་སྤྱོད་ལ་བཟང་བ་ལ་སོགས་པར་ཡོངས་སུ་རྟོག་ཅིང་རོ་མྱང་བར་བྱེད་པས་འཆུམས་པའི་སེམས་དང་། གཞན་གྱི་གང་ཡིན་པ་དེ་བདག་གིར་གྱུར་ཅིག་སྙམ་དུ་སེམས་མངོན་པར་འདུ་བྱེད་པ་འཁུ་བའི་སེམས་དང་། བརྣབ་སེམས་ཀྱི་ཀུན་ནས་དཀྲིས་པ་དེས་ངོ་ཚ་མེད་པ་དང་། ཉེས་དམིགས་ལས་ངེས་པར་འབྱུང་མི་ཤེས་པས་ཟིལ་གྱིས་ནོན་པའི་སེམས་དང་ལྡན་པ་ཡིན་ཏེ། དེ་ལྟར་ན་ཇི་སྐད་བསྟན་པའི་བརྣབ་སེམས་གང་ཡང་རུང་བ་གཅིག་མ་ཚང་ན་ཡང་། བརྣབ་སེམས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པ་མ་ཡིན་གྱི་ཡན་ལག་ཐམས་ཅད་ཀྱིས་ཡོངས་སུ་ཟིན་ན། བརྣབ་སེམས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པར་རིག་པར་བྱའོ། །

དེ་ལ་གནོད་སེམས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པའི་ཡན་ལག་རྣམ་པ་ལྔ་ནི། གནོད་པ་བྱེད་པའི་རྒྱུ་ལ་དེ་དང་མཐུན་པའི་ཆོས་སུ་མཚན་མར་འཛིན་པས་ཞེ་སྡང་གི་སེམས་དང་ལྡན་པ་དང་། གནོད་པ་བྱེད་པ་མི་བཟོད་པས་མི་བཟོད་པའི་སེམས་དང་ལྡན་པ་དང་། ཡང་དང་ཡང་དུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་རྗེས་སུ་དྲན་པས་ཁོན་དུ་འཛིན་པའི་སེམས་དང་ལྡན་པ་དང་། ཀྱེ་མ་སེམས་ཅན་འདི་དག་ལ་བརྡེག་པའམ་བསད་ན་ཅི་མ་རུང་སྙམ་དུ་སེམས་མངོན་པར་འདུ་བྱེད་པ་འཁུ་བའི་སེམས་དང་ལྡན་པ་དང་། སྔ་མ་ལྟ་བུ་ཟིལ་གྱིས་གནོན་པའི་སེམས་དང་ལྡན་པ་ཡིན་ཏེ། དེ་ལྟར་ན་རྣམ་པ་ལྔ་པོ་གང་ཡང་རུང་བ་ཞིག་མ་ཚང་ན་ཡང་གནོད་སེམས་ཀྱི་མཚན་ཉིད་མ་རྫོགས་པ་ཡིན་ལ། ཚང་བ་ནི་རྫོགས་པ་ཡིན་པར་རིག་པར་བྱའོ། །ལོག་ལྟའི་མཚན་ཉིད་ཡོངས་སུ་རྫོགས་པའི་ཡན་ལག་ལྔ་ནི་ཤེས་བྱ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པས་རྨོངས་པའི་སེམས་དང་། སྡིག་པ་བྱ་བ་ལ་དགའ་བས་དྲག་ཤུལ་གྱི་སེམས་དང་། ཚུལ་བཞིན་མ་ཡིན་པའི་ཆོས་ལ་རྣམ་པར་རྟོག་ཅིང་ངེས་པར་རྟོག་པས་ལོག་པའི་རྒྱུན་དུ་ཞུགས་པའི་སེམས་དང་། སྦྱིན་པ་དང་མཆོད་སྦྱིན་དང་སྦྱིན་བསྲེག་དང་ལོག་པར་སྤྱད་པ་ལ་སོགས་པ་མེད་དོ། །ཞེས་སྐུར་པ་འདེབས་པས་རབ་ཏུ་ཉམས་པའི་སེམས་དང་ལྡན་པ་དང་། སྔ་མ་ལྟར་གྱུར་པ་ནི་ཟིལ་གྱིས་ནོན་པའི་སེམས་དང་ལྡན་པ་ཡིན་ནོ། །རྣམ་པ་ལྔ་པོ་དག་ལས་གང་ཡང་རུང་བ་གཅིག་མ་ཚང་ན་ཡང་ལོག་པར་ལྟ་བའི་མཚན་ཉིད་ཡོངས་སུ་མ་རྫོགས་པ་ཡིན་ལ། ཚང་ན་རྫོགས་པ་ཡིན་པར་རིག་པར་བྱའོ། །ལས་ཀྱི་ལམ་བཅུ་པོ་འདི་དག་གི་རྣམ་པར་བཞག་པ་རྒྱས་པར་ནི་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལ་སོགས་པར་ལྟ་བ་བྱ་སྟེ་འདིར་ནི་ཡི་གེ་མང་པས་འཇིགས་པའི་ཕྱིར་མ་བྲིས་སོ། །ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་དེ་དག་ཉིད་ཀྱི་གཞི་ཉེ་བར་གནས་ན་ཡང་སྤོང་ཞིང་། དང་དུ་མི་ལེན་པ་ནི་སྲོག་གཅོད་པ་སྤོང་བ་ལ་སོགས་པའི་དགེ་བའི་ལས་ཀྱི་ལམ་བཅུ་ཡིན་པར་རིག་པར་བྱའོ། །

དེ་མདོའི་དོན་དུ་མས་བཤད་པ་ལ་ལྔ་སྟེ། བསམས་བཞིན་པའི་ལས་དང་། བསགས་པ་དང་ངེས་པ་དང་། དགེ་མི་དགེའི་འབྲས་བུ་དང་། རྟེན་འབྲེལ་གྱི་འདུ་བྱེད་དང་། མི་དགེ་བ་བཅུའི་ཉོན་མོངས་པའོ། །དང་པོ་མདོ་ལས་བསམ་བཞིན་པ་ལས་གྱུར་པའི་ལས་ཞེས་གང་འབྱུང་བ་དེ་ལ་བསམས་བཞིན་པ་ལས་གྱུར་པའི་ལས་དེའི་ངོ་བོ་གང་ཞེ་ན་དེ་ནི་རྣམ་པ་ལྔ་སྟེ། དེ་ལ་གཞན་གྱི་སྒོ་བ་ནི་རང་མི་འདོད་བཞིན་དུ་གཞན་དག་གིས་ནན་གྱིས་སྒོ་བས་བསམས་ཏེ་མི་དགེ་བ་སྤྱོད་པའོ། །གཞན་གྱིས་གསོལ་བ་བཏབ་པ་ནི་འགའ་ཞིག་མི་འདོད་བཞིན་དུ་གཞན་གྱིས་གསོལ་བ་བཏབ་ཏེ། འདི་ནི་ཕན་པའོ་ཞེས་ཡང་དག་པར་ལེན་དུ་བཅུག་ནས་མི་དགེ་བའི་ལས་བསམས་ཏེ། ཀུན་ཏུ་སྤྱོད་པའོ། །མི་ཤེས་པ་ནི་ཁ་ཅིག་སྐྱོན་དང་ཡོན་ཏན་མངོན་པར་ཤེས་པར་རང་དགར་བསམས་ནས་མི་དགེ་བ་ཀུན་དུ་སྤྱོད་པའོ། །རྩ་བ་ལ་མངོན་པར་ཞེན་པ་ནི་འགའ་ཞིག་གིས་ཆགས་སོགས་མི་དགེ་བའི་རྣམ་པས་སེམས་ཟིལ་གྱིས་ནོན་ཏེ་མངོན་པར་ཞེན་པ་དྲག་པོས་བསམས་ཏེ། མི་དགེ་བ་ཀུན་ཏུ་སྤྱོད་པའོ། །ཕྱིན་ཅི་ལོག་ནི་འགའ་ཞིག་ཆོས་འདོད་ཀྱང་མི་མཐུན་པའི་རྒྱུ་ལ་མངོན་པར་ཞེན་ཏེ། ཕྱི་མའི་འབྲས་བུའི་དོན་དུ་བསམས་ནས་མི་དགེ་བ་ཀུན་དུ་སྤྱོད་པའོ། །དེ་ལ་བསམས་བཞིན་པ་ལས་གྱུར་པའི་ལས་དང་པོ་གསུམ་ནི་བྱས་སུ་ཟིན་ཀྱང་བསགས་པར་མི་འགྱུར་ཏེ། དེའི་ཕྱིར་དེ་དག་གི་རྣམ་པར་སྨིན་པ་གདོན་མི་ཟ་བར་མྱོང་བར་འགྱུར་བ་མ་ཡིན་ནོ། །རྩ་བ་ལ་མངོན་པར་ཞེན་པ་དང་ཕྱིན་ཅི་ལོག་གི་བསམས་བཞིན་པ་ལས་གྱུར་པ་གཉིས་ནི་ལས་བྱས་ཤིང་བསགས་པ་ཡིན་པས་དེའི་ཕྱིར་དེ་དག་གི་རྣམ་པར་སྨིན་པ་ནི་གདོན་མི་ཟ་བར་མྱོང་བར་མི་འགྱུར་བ་མ་ཡིན་ནོ། །

བསགས་པ་དང་ངེས་པའི་ལས་བཤད་པ་ནི། ལས་བྱས་པ་དང་བསགས་པ་ཞེས་པའི་དོན་ཅི་ཞེ་ན་ལས་བྱེད་པ་ནི། ལས་དེ་ཉིད་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཀུན་ཏུ་སྤྱོད་པའོ། །བསགས་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལ་རྣམ་སྨིན་གྱི་བག་ཆགས་ཡོངས་སུ་གསོས་པས་འཕེལ་བར་གྱུར་པའོ། །དེ་བས་ན་ལས་བྱས་པ་མ་བསགས་པ་ལྔ་ཡོད་དེ། བསམས་བཞིན་པ་དང་པོ་གཉིས་གསུམ་ལྟ་བུའོ། །བསགས་ལ་མ་བྱས་པ་ཡང་ཡོད་དེ། བསད་པའི་ཆེད་དུ་ཡུན་རིང་པོར་བསམས་ནས་ལས་དེ་ཀུན་ཏུ་མ་དཔྱད་པའོ། །གཉིས་ཀ་ཡང་ཡོད་དེ། བསམས་བཞིན་པ་ཐ་མ་གཉིས་ལྟ་བུའོ། །གཉིས་ཀ་མ་ཡིན་པ་ཡང་ཡོད་དེ། རྣམ་པ་དེ་དག་ལས་མ་གཏོགས་པ་རྣམས་སོ། །བརྣབ་སེམས་ལ་སོགས་པ་ཡིད་ཀྱི་གསུམ་ལ་ནི། བསགས་ལ་མ་བྱས་པ་ཞེས་པའི་མུ་གཉིས་པ་མེད་དེ། གང་གི་ཚེ་དེ་དག་མངོན་དུ་གྱུར་པ་ཙམ་གྱིས་ལས་ཀྱི་ལམ་དུ་འགྱུར་བའི་ཕྱིར་དང་མུ་དང་པོ་ལ་ཡང་ཆེད་དུ་མ་བྱས་པ་ཡང་མེད་ལ། གཞན་གྱིས་ནན་གྱིས་བྱེད་དུ་བཅུག་པ་ཡང་མེད་དོ། །

མྱོང་བར་ངེས་པའི་ལས་ཞེས་གང་འབྱུང་བ་དེ་ལ་ངེས་པ་ནི་གསུམ་སྟེ། ལས་བྱེད་པར་ངེས་པ་ནི་སྔོན་གྱི་ལས་ཀྱི་སྟོབས་ཀྱིས་ལས་དེ་བྱེད་པ་ལས་སངས་རྒྱས་ཀྱིས་ཀྱང་བཟློག་པར་མི་ནུས་པ་སྟེ། དཔེར་ན་རྒྱལ་པོ་མ་སྐྱེས་དགྲས་སྔོན་དྲང་སྲོང་དུ་གྱུར་པ་ན་ཕ་གསོད་པར་སྨོན་ལམ་བཏབ་པས་ཐུབ་པས་ཀྱང་མ་བཟློག་པ་ལྟ་བུའོ། །རྣམ་པར་སྨིན་པ་མྱོང་བར་ངེས་པ་ནི་ལས་བྱས་ཤིང་བསགས་པའི་མཐུས་དེའི་འབྲས་བུ་གདོན་མི་ཟ་བར་སྤྱད་བྱ་ཉིད་དུ་མངོན་དུ་གྱུར་པ་སྟེ་བསམས་བཞིན་པ་ཐ་མ་གཉིས་ལྟ་བུའོ། །དུས་ངེས་པ་ནི། ལས་འདིའི་རྣམ་པར་སྨིན་པ་དུས་འདི་ཙམ་ན་མངོན་སུམ་དུ་འགྱུར་རོ་ཞེས་པ་སྟེ་དེའང་ཁ་ཅིག་གིས་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་ལ། ཁ་ཅིག་གི་ནི་སྐྱེས་ནས་མྱོང་བར་འགྱུར་རོ། །ཁ་ཅིག་གི་ནི་ལན་གྲངས་གཞན་ལ་མྱོང་བར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པའོ། །གསུམ་པ་དགེ་བ་དང་མི་དགེ་བའི་འབྲས་བུ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་ཆུང་ངུ་དང་། འབྲིང་དང་ཆེན་པོ་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་གོ་རིམ་བཞིན་དུ་ངན་སོང་རྣམས་སུ་དུད་འགྲོ་དང་ཡི་དྭགས་དང་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །རྒྱུ་མཐུན་པའི་འབྲས་བུ་ལ་བྱེད་པ་རྒྱུ་མཐུན་ནི་གོམས་པའི་དབང་གིས་ལས་ལམ་དེ་དང་དེ་བྱེད་པར་འདོད་པའོ། །མྱོང་བ་རྒྱུ་མཐུན་ནི། ངན་སོང་ནས་ཤི་འཕོས་ཏེ། མིར་སྐྱེས་ན་ཡང་ལས་ལམ་བཅུ་པོ་སོ་སོ་དང་མཐུན་ཅིང་འདྲ་བར་ལུས་དང་ནོར་ལ་སོགས་པའི་ཕུན་སུམ་ཚོགས་པ་མི་འབྱོར་བ་ཡིན་ཏེ། ཇི་སྐད་དུ་རིན་པོ་ཆེའི་ཕྲེང་བར། གསོད་པ་ཡིས་ནི་ཚེ་འཐུང་འགྱུར། །རྣམ་པར་འཚེ་བས་གནོད་པ་མང་། །རྐུ་བ་ཡིས་ནི་ལོངས་སྤྱོད་ཕོངས། །བྱི་བོ་བྱེད་པ་དགྲ་ཟླར་བཅས། །བརྫུན་དུ་སྨྲ་བས་སྐུར་པ་སྟེ། །ཕྲ་མ་ཡིས་ནི་བཤེས་དང་འབྱེད། །ཚིག་རྩུབ་ཉིད་ཀྱིས་མི་སྙན་ཐོས། །མ་འབེལ་བས་ནི་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བཤད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཅེས་གང་གསུངས་པ་ལྟར་རོ། །དབང་གི་འབྲས་བུ་ནི་ཕྱིའི་དངོས་པོ་འབྲུ་ལ་སོགས་པ་ཕུན་སུམ་ཚོགས་པ་མི་འབྱོར་ཞིང་རྒུད་པའོ། །དེ་ལ་སྣོད་ཀྱི་འཇིག་རྟེན་གྱི་བཟའ་བ་དང་། བཏུང་བ་དང་འབྲུ་དང་སྨན་ལ་སོགས་པ་མཐུ་ཆུང་བ་དང་འཇུ་དཀའ་ཞིང་ནད་སྐྱེད་པར་བྱེད་ལ། གཞི་དེས་སེམས་ཅན་ཕལ་ཆེར་ཚེ་མ་ཟད་བཞིན་དུ་དུས་མ་ཡིན་པའི་འཆི་བས་འཆི་བར་འགྱུར་བ་དེ་ནི་སྲོག་གཅོད་པའི་དབང་གི་འབྲས་བུ་ཡིན་ནོ། །དེ་ལ་མ་བྱིན་པར་ལེན་པའི་དབང་གི་འབྲས་བུ་ནི། སྣོད་ཀྱི་འཇིག་རྟེན་གྱི་འབྲས་བུ་ཉུང་བ་དང་མི་སྲུང་བ་དང་རུས་པ་སོགས་སུ་འགྱུར་བ་དང་། ཐན་པ་ཆེ་བ་དང་། ཆར་ཆེ་བ་དང་། འབྲས་བུ་སྐམ་པོ་དང་། འབྲས་བུ་མེད་པ་སོགས་སུ་འགྱུར་བའོ། །འདོད་པས་ལོག་པར་གཡེམ་པའི་དབང་གི་འབྲས་བུ་ནི། སྣོད་ཀྱི་འཇིག་རྟེན་བཤང་བ་དང་ལྕི་བ་མང་བ་དང་འདམ་རྫབ་དང་ལྗན་ལྗིན་མང་བ་དང་དྲི་ང་བ་དང་དོག་པ་དང་ཉམ་ང་བ་མང་བ་ལ་སོགས་པ། ཉམས་མི་དགའ་བར་འགྱུར་རོ། །བརྫུན་དུ་སྨྲ་བའི་དབང་གིས་འབྲས་བུ་ནི། སྣོད་ཀྱི་འཇིག་རྟེན་ཞིང་ལས་དང་གྲུ་སྤྱོད་པའི་ལས་ཀྱི་མཐའ་རྒྱས་པར་མི་འགྱུར་བ་དང་། མཐར་ཐུག་པར་མི་འགྱུར་ཞིང་ཕལ་ཆེར་སླུ་བ་དང་འཇིག་པ་དང་འཇིགས་སུ་རུང་བའི་རྒྱུ་མང་པོ་དང་ལྡན་པར་འགྱུར་རོ། །ཕྲ་མའི་དབང་གི་འབྲས་བུ་ནི་སྣོད་ཀྱི་འཇིག་རྟེན། ས་ཕྱོགས་འབར་འབུར་དང་བཤང་བཤོང་དང་མཐོན་དམན་དང་བགྲོད་དཀའ་བ་དང་ལྡན་པར་འགྱུར་རོ། །ངག་རྩུབ་པོའི་དབང་གི་འབྲས་བུ་ནི། སྣོད་ཀྱི་འཇིག་རྟེན་སྡོང་དུམ་དང་ཚེར་མའི་གཞི་དང་རྡོ་བ་དང་བསེག་མ་དང་གྱོ་མོ་མང་བ་སོགས་སུ་འགྱུར་རོ། །ཚིག་ཀྱལ་པའི་དབང་གི་འབྲས་བུ་ནི་སྣོད་ཀྱི་འཇིག་རྟེན་ན་འབྲས་བུའི་ཤིང་ལྗོན་པ་རྣམས་ལ་འབྲས་བུ་མི་ཆགས་པ་དང་། དུས་མ་ཡིན་པར་འབྲས་བུ་ཆགས་པ་དང་། དུས་སུ་འབྲས་བུ་མི་ཆགས་པ་དང་། མ་སྨིན་པ་སྨིན་པ་འདྲ་བར་སྣང་བ་དང་། རྩ་བ་མི་བརྟན་པ་དང་ཡུན་རིང་དུ་མི་གནས་པ་ལ་སོགས་པར་འགྱུར་རོ། །བརྣབ་སེམས་ཀྱི་དབང་གིས་འབྲས་བུ་ནི་སྣོད་ཀྱི་འཇིག་རྟེན་ན། ཕུན་སུམ་ཚོགས་པ་ཐམས་ཅད་ལོ་རེ་རེ་དང་དུས་ཚིག་རེ་རེ་དང་ཟླ་བ་དང་ཟླ་བ་ཕྱེད་དང་མཚན་མོ་རེ་རེ་ཞིང་ཉམས་པ་དང་འབྲི་བར་འགྱུར་ཞིང་། དེ་དག་མེད་པར་སྣང་གི་འཕེལ་བར་ནི་མ་ཡིན་ནོ། །གནོད་སེམས་ཀྱི་དབང་གི་འབྲས་བུ་ནི་སྣོད་ཀྱི་འཇིག་རྟེན་ན་ཡམས་ཀྱི་ནད་དང་འགོ་བའི་ནད་མང་བ་དང་། ཕ་རོལ་གྱི་དམག་ཚོགས་ཀྱི་འཁྲུག་པ་མང་བ་དང་། གཅན་གཟན་དང་སྦྲུལ་གདུག་པ་ལ་སོགས་པ་དང་། གནོད་སྦྱིན་གདུག་པ་དང་། ཆོམ་རྐུན་པ་ལ་སོགས་པ་གནོད་པ་མང་བར་འགྱུར་རོ། །

ལོག་པར་ལྟ་བའི་དབང་གི་འབྲས་བུ་ནི། སྣོད་ཀྱི་འཇིག་རྟེན་ན། འབྱུང་ཁུངས་མཆོག་དང་གཙོ་བོ་དང་ཁྱད་པར་དུ་འཕགས་པ་གང་ཡིན་པ་དེ་དག་ནུབ་པར་འགྱུར་བ་དང་། དངོས་པོ་མི་གཙང་བ་རྣམས་མཆོག་ཏུ་གཙང་བར་སྣང་བ་དང་། གནས་མེད་པ་དང་། སྐྱོབ་པ་མེད་པ་དང་སྐྱབས་མེད་པར་འགྱུར་རོ། །དེ་ལྟར་ན་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་དེ་དག་གི་རྣམ་པར་སྨིན་པ་དང་རྒྱུ་མཐུན་པ་དང་དབང་གི་འབྲས་བུ་གསུམ་པོ་དེ་ཡང་མདོ་ལས་ཇི་སྐད་འབྱུང་བ་ལྟར་ཤེས་པར་བྱ་སྟེ་དེ་ཡང་རྒྱས་པར་བཤད་ཟིན་པ་དེ་ཉིད་དོ། །དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ཡང་། ཆེན་པོས་ནི་གོང་མ་གཉིས་ཀྱི་ལྷ་དང་། འབྲིང་གིས་འདོད་པའི་ལྷ་དང་ཆུང་ངུས་མི་རྣམས་ཀྱི་ནང་དུ་སྐྱེའོ། །རྒྱུ་མཐུན་པའི་འབྲས་བུ་ནི་ལྷ་དང་མི་དེ་དག་ཉིད་ཀྱི་ནང་དུ་དགེ་བའི་ལས་ལམ་སོ་སོ་དང་མཐུན་པར་སྔ་མ་ལས་བཟློག་སྟེ་ལུས་དང་ཡོངས་སུ་བཟུང་བ་ཕུན་སུམ་ཚོགས་པར་འགྱུར་རོ། །དབང་གིས་འབྲས་བུ་ཡང་ཕྱིའི་དངོས་པོ་སྣོད་ཀྱི་འཇིག་རྟེན་འབྱོར་པ་ཕུན་སུམ་ཚོགས་པར་འགྱུར་ཏེ། མི་དགེ་བའི་དབང་གི་འབྲས་བུ་ཇི་སྐད་བཤད་པ་རྣམས་ལས་བཟློག་པར་འགྱུར་རོ། །དེ་ལྟར་ཡང་རིན་པོ་ཆེའི་ཕྲེང་བར། མི་དགེ་ཞེས་བྱ་དེ་རྣམས་ཀྱི། །རྣམ་སྨིན་སྐྲགས་པ་གང་ཡིན་པ། །དགེ་བ་ཉིད་ནི་ཐམས་ཅད་ལ། །འབྲས་བུ་དེ་ནི་བཟློག་སྟེ་འབྱུང་། །ཞེས་གསུངས་པ་ལྟར་རོ། །

དེ་ལྟར་དགེ་བ་དང་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་སོ་སོའི་ངོ་བོ་དང་། འབྲས་བུ་རྣམས་བསྟན་ནས། དེ་རྣམས་ཀྱི་ཁྱད་པར་ངེས་པར་བྱ་བ་ལ་གསུམ་ལས། དང་པོ། འཕེན་རྫོགས་བཤད་པ་ནི་དགེ་བ་དང་མི་དགེ་བའི་ལས་དག་གོ་རིམ་བཞིན་དུ་བདེ་འགྲོ་ལྷ་མི་རྣམས་དང་ངན་འགྲོར་དམྱལ་བ་རྣམས་སུ་རྣམ་སྨིན་གྱི་སྐྱེ་བ་འཕེན་པར་བྱེད་ལ། གཉིས་ཀས་ཀྱང་གཉིས་ཀར་དུ་སྡུག་མི་སྡུག་གི་འབྲས་བུ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ལ་འཕེན་པ་ནི་ཅི་རྫོགས་པ་ནི་ཅི་ཞེ་ན་འཕེན་པ་ནི་ལས་གང་གིས་རྣམ་པར་སྨིན་པའི་ངོ་བོ་ཉིད་ཙམ་དང་པོ་ཉིད་དུ་འཕེན་པར་བྱེད་པའོ། །རྫོགས་པར་བྱེད་པ་ནི་རྣམ་པར་སྨིན་པའི་ངོ་བོ་དེ་ཉིད་སྐྱེས་པ་ན་འདོད་པ་ཚེ་རིང་བ་དང་ནད་མེད་པ་དང་ལོངས་སྤྱོད་ཆེ་བ་ལ་སོགས་པ་དང་མི་འདོད་པ་དེ་དག་ལས་བཟློག་པ་ཉམས་སུ་མྱོང་བར་བྱེད་དོ། །དེ་ལྟར་ན་རྣམ་པར་སྨིན་པའི་ངོ་བོ་ཙམ་འགྲུབ་པ་ནི་འཕེན་བྱེད་ཀྱི་ལས་ཀྱིས་བྱེད་ལ། དེ་ཉིད་བཟང་ངན་ལ་སོགས་པའི་ཁྱད་པར་དུ་བྱེད་པ་ནི་རྫོགས་པར་བྱེད་པའི་ལས་ཀྱིས་བྱེད་པ་ཡིན་ཏེ། དཔེར་ན་འབྲས་ས་ལུའི་འབྲས་བུ་དུ་མ་རྣམས་ས་བོན་མཚུངས་པ་ལས་སྐྱེས་པའི་ཕྱིར་ཐམས་ཅད་ཀྱང་ས་ལུའི་ངོ་བོར་རིགས་མཚུངས་པ་ཡིན་ལ། ཞིང་དང་དུས་དང་ལེགས་པར་བྱ་བའི་ཁྱད་པར་ཐ་དད་པ་ལས་བཟང་བ་དང་ངན་པ་དང་རོ་ནུས་ཀྱི་ཁྱད་པར་ཐ་དད་པར་དམིགས་པ་བཞིན་དུ། མིའི་འགྲོ་བ་རྣམས་ཀྱང་རྣམ་པར་སྨིན་པའི་ངོ་བོ་འཕེན་པར་བྱེད་པའི་ལས་ནི་མཚུངས་པ་ཁོ་ན་ཡིན་ཏེ། རྣམ་སྨིན་གྱི་ངོ་བོ་ཕུང་པོ་རྣམས་རིས་མཐུན་པར་དམིགས་པའི་ཕྱིར་རོ། །གཞན་དུ་ན་རྒྱུ་ཐ་དད་པ་ལས་སྐྱེས་པའི་འབྲས་བུ་ཐ་མི་དད་པར་འགལ་ཏེ། ཐ་དད་པ་དང་ཐ་མི་དད་སྐྱེ་བ་གང་ཡིན་པ་རྣམས་རྒྱུ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །མིའི་འགྲོ་བ་པ་རྣམས་ཀྱང་རྣམ་སྨིན་གྱི་ཁྱད་པར་འགྲུབ་པར་བྱེད་པའི་ལས་ནི་མི་འདྲ་བ་སྣ་ཚོགས་པ་ཡོད་པ་ཡིན་ཏེ། ཚེ་རིང་ཐུང་དང་གཟུགས་བཟང་ངན་དང་ལོངས་སྤྱོད་ཆེ་ཆུང་ལ་སོགས་པའི་ཁྱད་པར་སྣ་ཚོགས་པ་དམིགས་པའི་ཕྱིར་དང་། དེ་དག་ཀྱང་རྒྱུ་མེད་པར་མི་རུང་བའི་ཕྱིར་རོ། །དེའི་ཕྱིར་རྫོགས་བྱེད་ཀྱི་ལས་ནི་མི་འདྲ་བ་སྣ་ཚོགས་པ་ཡོད་པ་ཡིན་ཏེ། དེ་བཞིན་དུ་འགྲོ་བ་གཞན་རྣམས་ལ་ཡང་ཤེས་པར་བྱའོ། །དེ་ལ་མཐོ་རིས་པ་རྣམས་ནི་འཕེན་བྱེད་དགེ་བས་འཕངས་པ་ཁོ་ན་ཡིན་ལ་རྫོགས་བྱེད་དགེ་བས་རྫོགས་པ་དང་མི་དགེ་བས་རྫོགས་པ་གཉིས་ཀ་ཡོད་ལ། ངན་སོང་པ་རྣམས་ནི་མི་དགེ་བ་ཁོ་ནས་འཕངས་ལ། དགེ་བའམ་མི་དགེ་བ་གང་རུང་གིས་རྫོགས་པ་ཡོད་ཞེས་བྱ་བར་ཤེས་པར་བྱའོ། །བདེ་འགྲོ་རྣམས་ནི་དགེ་བས་འཕངས་ལ་ངན་འགྲོ་རྣམས་ནི་མི་དགེ་བས་འཕངས་སོ་ཞེས་པ་འདི་གང་ལས་ཤེས་ཞེ་ན། རྗེས་སུ་དཔག་པ་ལས་ཤེས་ཏེ། འདི་ལྟར་འབྲས་བུ་བཟང་པོ་འབྱུང་བ་ལ་ནི་རྒྱུ་བཟང་པོ་ཁོ་ན་སྔོན་དུ་འགྲོ་བར་དམིགས་ཏེ། ས་ལུའི་འབྲས་བུ་འབྱུང་བ་ལ་ནི་ས་ལུའི་ས་བོན་ཉིད་སྔོན་དུ་འགྲོ་བར་དམིགས་ཀྱི། ཀོ་ཏྲ་བའི་ས་བོན་ལས་ས་ལུའི་འབྲས་བུ་འབྱུང་བར་ནི་ནམ་ཡང་མ་དམིགས་སོ། །དེའི་ཕྱིར་བདེ་འགྲོའི་རྣམ་སྨིན་གྱི་ཕུང་པོ་འདི་དག་ཀྱང་། རྒྱུ་བཟང་པོ་སྔོན་དུ་སོང་བ་ཡིན་ཏེ། འདོད་པར་བྱ་བའི་འབྲས་བུ་བཟང་པོ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ངན་སོང་བའི་རྣམ་སྨིན་གྱི་ཕུང་པོ་རྣམས་ཀྱང་། རྒྱུ་བཟང་པོ་མ་ཡིན་པ་སྔོན་དུ་སོང་བ་ཅན་རྗེས་སུ་དཔག་པར་ནུས་སོ། །རྣམ་པར་སྨིན་པའི་འབྲས་བུ་བཟང་པོ་དང་ངན་པ་སྐྱེད་པར་བྱེད་པ་ཉིད་ལ། དགེ་བ་དང་མི་དགེ་བ་ཞེས་ཐ་སྙད་དུ་བྱས་ཀྱི། གཞན་ནི་ཅུང་ཟད་ཀྱང་མེད་དོ། །འཕེན་པའི་ཚུལ་མུ་བཞི་ནི་ལས་བྱ་རྫོགས་ཀྱི་སྐད་ཅིག་མ་གཅིག་གིས་རྣམ་སྨིན་གྱིས་ལུས་གཅིག་འཕེན་པ་ཡང་ཡོད་ཏེ། ལས་གཅིག་གིས་ཚེ་གཅིག་ཁོ་ནའི་རྣམ་སྨིན་གྱི་ས་བོན་གསོ་བའི་ཕྱིར་རོ། །ལས་གཅིག་གིས་ལུས་དུ་མ་འཕེན་པ་ནི་དེ་ཉིད་ཀྱིས་ཚེ་རབས་དུ་མའི་རྣམ་པར་སྨིན་པའི་ས་བོན་གསོ་བའི་ཕྱིར་རོ། །ལས་དུ་མས་ལུས་གཅིག་འཕེན་པ་ནི། ལས་ཀྱི་སྐད་ཅིག་མ་མང་པོས་ཚེ་གཅིག་པོ་དེ་ཉིད་ཀྱི་རྣམ་པར་སྨིན་པའི་ས་བོན་ཡང་དང་ཡང་དུ་གསོས་པའི་ཕྱིར་རོ། །དུ་མས་ནི་དུ་མ་འཕེན་པ་ནི་ལས་མང་པོ་ཕན་ཚུན་ལྟོས་ནས། ཚེ་རབས་གཅིག་ནས་གཅིག་ཏུ་རྒྱུད་པའི་ས་བོན་གསོས་པའི་ཕྱིར་རོ། །འདི་དག་ནི་ལུང་ལ་བརྟེན་ནས་རྣམ་པར་བཞག་པ་ཙམ་ཡིན་གྱི་རིགས་པས་འགྲུབ་པ་ནི་མ་ཡིན་ནོ། །འཕངས་པ་ཐོག་མར་གང་འགྲུབ་པ་ནི་རྣམ་སྨིན་མི་འདྲ་བ་དུ་མ་འབྱིན་པའི་ལས་མང་པོ་དང་ལྡན་པའི་སེམས་ཅན་རྣམས་ཇི་ལྟར་རྣམ་པར་སྨིན་པ་རིམ་གྱིས་མྱོང་སྟེ། རྒྱུ་མཉམ་པོ་ཡོད་པ་ལ་འབྲས་བུ་གཅིག་ཅར་འབྱུང་བར་རིགས་སོ་སྙམ་པའོ། །དེ་ལ་ལས་གང་ལྕི་བ་དེ་ཉིད་ཀྱི་འབྲས་བུ་ཐོག་མར་རྣམ་པར་སྨིན་པར་འགྱུར་ཏེ། རྒྱུ་སྟོབས་ལྡན་གྱི་འབྲས་བུ་མྱུར་དུ་འབྱིན་པ་རིགས་པའི་ཚུལ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྕི་ཡང་མཉམ་ན་འཆི་བའི་ཚེ་གང་རྐྱེན་གྱིས་གསོས་ཏེ་མངོན་དུ་གྱུར་པ་དེ་ཉིད་ཐོག་མར་སྨིན་ཏེ། འབྲས་བུ་འབྱིན་པའི་དུས་སུ་ཅིག་ཤོས་བག་ལ་ཉལ་དུ་གནས་པས་སྟོབས་ཞན་པའི་ཕྱིར་རོ། །གལ་ཏེ་འཆི་བའི་ཚེ་སེམས་མི་གསལ་བས་གང་ཡང་མངོན་དུ་བྱེད་མ་ནུས་ན་གང་གོམས་པ་ཤས་ཆེ་བ་དེ་ཉིད་ཐོག་མར་སྨིན་ཏེ། དེ་སྟོབས་ཆེ་བའི་ཕྱིར་རོ། །དེ་ཡང་འདྲ་ན་ཐོག་མ་ཉིད་དུ་སྤྱད་པ་དེ་ཉིད་ཐོག་མར་སྨིན་པར་རིག་སྟེ། རྒྱུའི་དུས་ཀྱི་རིམ་པ་དང་མཐུན་པར་འབྲས་བུ་འབྱུང་བ་རིགས་པའི་ཚུལ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། ལས་ནི་འཁོར་བར་ལྕི་གང་དང་། །ཉེ་བ་གང་དང་གོམས་པ་གང་། །སྔོན་བྱས་གང་ཡིན་དེ་ལས་ནི། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །ཞེས་གང་གསུངས་པ་ལྟར་རོ། །རྟེན་འབྲེལ་གྱི་འདུ་བྱེད་ལ། སོ་སོའི་ངོ་བོ་ནི། བསོད་ནམས་ཀྱི་ལས་དང་ཞེས་སོགས་གང་འབྱུང་བ་དེ་ལ་བསོད་ནམས་ནི་འདོད་པའི་དགེ་བ་ཡིན་ཏེ། འབྲས་བུ་ཡིད་དུ་འོང་བ་འབྱིན་པར་བྱེད་པའི་ཕྱིར་དང་། གོང་མའི་དགེ་བ་ནི་མི་གཡོ་བས་བསྡུས་པའི་ཕྱིར་རོ། །བསོད་ནམས་མ་ཡིན་པ་ནི་མི་དགེ་བ་སྟེ། འབྲས་བུ་ཡིད་དུ་མི་འོང་བ་འབྱིན་པའི་ཕྱིར་རོ། །མི་གཡོ་བ་ནི་གཟུགས་དང་གཟུགས་མེད་པའི་དགེ་བ་སྟེ། ཇི་ལྟར་འདོད་པ་ན་སྤྱོད་པ་རྫོགས་བྱེད་ཀྱི་ལས་འགའ་ཞིག་འགྲོ་བ་གཞན་གྱི་ཡོངས་སུ་རྫོགས་པར་བྱེད་པའི་དགེ་བ་འགྲོ་བ་གཞན་ལ་རྫོགས་པ་བཞིན་དུ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ནི་དེ་ལྟ་མ་ཡིན་ཏེ། ས་ངེས་པའི་འབྲས་བུ་འབྱིན་པའི་ཕྱིར་དང་། མཉམ་པར་གཞག་པའི་ས་པ་ཡིན་པས་ས་འོག་མའི་སྐྱོན་གྱིས་མི་གཡོ་བའི་ཕྱིར་རོ། །འདོད་པའི་ཁམས་ན་ཡང་འཕེན་བྱེད་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ནི་ནམ་ཡང་མི་གཡོ་སྟེ། བདེ་འགྲོའི་རྣམ་སྨིན་འཕེན་པར་བྱེད་པ་དེས་ནི་ནམ་ཡང་ངན་འགྲོའི་རྣམ་སྨིན་མི་འཕེན་ལ། ངན་འགྲོས་ཀྱང་བདེ་འགྲོ་མ་ཡིན་པའི་ཕྱིར་རོ། །རྫོགས་བྱེད་ཀྱི་ལས་དགེ་བ་དང་མི་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པ་ནི་བདེ་འགྲོ་དང་ངན་འགྲོ་གཉིས་ཀའི་རྒྱུད་ལ་འབྱུང་བ་འགལ་བ་མེད་པའི་ཕྱིར། འགྲོ་བ་གཞན་དང་གཞན་དུ་གཡོ་སྲིད་པས་དེའི་ཕྱིར་མི་གཡོ་བ་མ་ཡིན་ནོ། །དེ་དག་མ་རིག་པས་སྐྱེད་པའི་ཚུལ་ནི་མ་རིག་པའི་རྐྱེན་གྱི་བསོད་ནམས་ལ་སོགས་པའི་ལས་འདུ་བྱེད་དོ། །ཞེས་གང་གསུངས་པ་དེ་ལ་བསོད་ནམས་མ་ཡིན་པ་མ་རིག་པ་ལས་བྱུང་བ་རིགས་ཀྱང་བསོད་ནམས་དང་མི་གཡོ་བའི་འདུ་བྱེད་རྣམས་ཇི་ལྟར་མ་རིག་པའི་རྐྱེན་ལས་བྱུང་བ་ཡིན་ཏེ། དེ་དག་ནི་དགེ་བའི་རྩ་བ་གསུམ་ལས་བྱུང་བའི་ཕྱིར་རོ་ཞེ་ན་ལས་མངོན་པར་འདུ་བྱེད་པའི་རྨོངས་པ་ནི། རྣམ་པ་གཉིས་ཏེ། དང་པོ་ནི་དགེ་སྡིག་གི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལ་རྨོངས་ནས། དེ་དག་ལ་རྣམ་སྨིན་འདོད་པ་དང་། མི་འདོད་པ་འབྱུང་བར་མི་ཤེས་པའོ། །དེས་ནི་མི་དགེ་བའི་མངོན་པར་འདུ་བྱེད་དེ། རྨོངས་པ་དེ་དང་ལྡན་པའི་གང་ཟག་ནི། ལས་འབྲས་ཀྱི་འབྲེལ་བ་ལ་ཡིད་མི་ཆེས་པས་ཡང་དག་པའི་ལྟ་བ་དང་མི་ལྡན་ལ། དེའི་ཕྱིར་ཚེ་འདིའི་བདེ་བའི་ཆེད་ཁོ་ནར་མི་དགེ་བ་སྤྱོད་པའི་ཕྱིར་རོ། །གཉིས་པ་ནི། འཕགས་པའི་བདེན་པའི་དེ་ཁོ་ནའི་དོན་ལ་རྨོངས་པའོ། །དེས་ནི་བསོད་ནམས་དང་མི་གཡོ་བའི་ལས་མངོན་པར་འདུ་བྱེད་ཏེ་དེ་ནི་ཡང་དག་པའི་ལྟ་བ་དང་ལྡན་དུ་ཟིན་ཀྱང་། བདེན་པ་མ་མཐོང་བ་ཐམས་ཅད་ལ་རྗེས་སུ་འབྲེལ་བས། དེའི་དབང་གིས་ཁམས་གསུམ་སྡུག་བསྔལ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པའི་ཕྱིར། ཕྱི་མ་ལ་འདོད་པའི་བདེ་བ་ཐོབ་པའི་དོན་དུ་བསོད་ནམས་ཀྱི་ལས་མངོན་པར་འདུ་བྱེད་ཅིང་། ཏིང་ངེ་འཛིན་གྱི་བདེ་བ་ཐོབ་པའི་དོན་དུ་མི་གཡོ་བའི་ལས་མངོན་པར་འདུ་བྱེད་པའི་ཕྱིར་རོ། །མི་དགེ་བ་བཅུའི་ཉོན་མོངས་པ་ནི་སྲོག་གཅོད་པ་ཤ་ལ་སོགས་པ་འདོད་པ་རྣམས་ནི་ཆགས་པས་སྦྱོར་བ་ཡིན་ནོ། །ཤ་གླན་པར་འདོད་པ་རྣམས་ནི་ཞེ་སྡང་གིས་སྦྱོར་རོ། །མཆོད་སྦྱིན་ལ་སོགས་པ་འདོད་པ་རྣམས་ནི་གཏི་མུག་གིས་སྦྱོར་རོ། །ཀུན་ཀྱང་ཞེ་སྡང་གི་མཐར་ཕྱིན་པར་བྱེད་དེ། སྙིང་རྗེ་མེད་པ་མ་ཡིན་ན། སེམས་ཅན་མི་གསོད་པའི་ཕྱིར་རོ། །ཚིག་རྩུབ་པོ་ལ་ཡང་བསྟོད་པ་དང་བདེ་བའི་ཕྱིར་སྨྲ་བ་ནི་འདོད་ཆགས་ཀྱིས་སྦྱོར་རོ། །ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ལ་བརྟེན་ནས་སྨྲ་ན། ཞེ་སྡང་གིས་སྦྱོར་རོ། །བླ་མའི་དོན་ནམ་མཆོད་སྦྱིན་གྱི་དོན་ལ་སྨྲ་ན་གཏི་མུག་གིས་སྦྱོར་རོ། །གནོད་སེམས་ལ་ཡང་དེ་བཞིན་ནོ། །མ་བྱིན་པ་ལེན་པ་ལ་ཡང་གཞན་གྱི་ཡོ་བྱད་ལ་སྡུག་པའི་མཚན་མར་བཟུང་ནས་རྩོམ་ན་ཆགས་པས་སྦྱོར་རོ། །དེ་ལྟར་མ་ཡིན་པར་གཞན་ལ་གནོད་པའི་ཕྱིར་རྩོམ་ན་ཞེ་སྡང་གི་སྦྱོར་རོ། །བླ་མ་དང་མཆོད་སྦྱིན་ལ་སོགས་པའི་དོན་དུ་རྩོམ་ན་གཏི་མུག་གིས་སྦྱོར་རོ། །ཀུན་ཀྱང་ཆགས་པས་མཐར་ཕྱིན་པར་བྱེད་དེ། གཞན་གྱི་རྫས་ལ་ཆགས་པ་མེད་ན་དེ་ལེན་པར་མི་བྱེད་པའི་ཕྱིར་རོ། །ལོག་པར་གཡེམ་པ་ཡང་གཞན་གྱི་བུད་མེད་ལ་སྡུག་པའི་མཚན་མར་བཟུང་ནས་རྩོམ་ན་ཆགས་པས་སྦྱོར་རོ། །མཛའ་བཤེས་ཡོངས་སུ་བཟུང་བའམ། ཕན་བཏགས་པ་ལ་ལན་བླན་པར་འདོད་པར་འདོད་པས་རྩོམ་ན་གཏི་མུག་གིས་སྦྱོར་རོ། །ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ལ་བརྟེན་ནས་རྩོམ་ན་ཞེ་སྡང་གིས་སྦྱོར་རོ། །བརྣབ་སེམས་ལ་ཡང་གཞན་གྱི་རྫས་དང་ཡོ་བྱད་ལ་སྡུག་པའི་མཚན་མར་བཟུང་ནས། གཞན་གྱི་གང་ཡིན་པ་དེ་བདག་གིར་གྱུར་ཅིག་སྙམ་དུ་སེམས་ན་ཆགས་པ་ལས་བྱུང་བར་བརྗོད་པར་བྱའོ། །དེ་ལྟར་མ་ཡིན་པས་ཀུན་ནས་མནར་སེམས་ཀྱིས་དངོས་པོ་དགུ་ལ་བརྟེན་ནས་གཞན་གྱི་གང་ཡིན་པ་དེ་བདག་གིར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་པར་བྱེད་ན་ཞེ་སྡང་ལས་བྱུང་བ་ཡིན་ནོ། །གལ་ཏེ་ཁྱབ་འཇུག་དང་དྲག་པོ་དང་བརྒྱ་བྱིན་ལ་སོགས་པ་དོན་དུ་གཉེར་བའི་སེམས་ཀྱིས་ལན་མང་དུ་གནས་པ་གང་ཡིན་པ་དེ་ནི་བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་རོ་སྙམ་པའི་སེམས་ཀྱིས་དེ་ལྟར་སྐྱེད་ན་གཏི་མུག་ལས་བྱུང་བ་ཡིན་ནོ། །དེ་གཉིས་ཀ་ཡང་འདོད་ཆགས་ཀྱིས་ཆར་གཏོགས་པས་དེས་རྫོགས་པར་བྱེད་དོ། །གལ་ཏེ་ཟང་ཟིང་ཅུང་ཟད་ཙམ། སྙན་པ་དང་སྟོད་བདེ་སོགས་ཀྱི་ཕྱིར་བརྫུན་དུ་སྨྲ་བ་ན་ཆགས་པས་སྦྱོར་རོ། །ཀུན་ནས་མནར་སེམས་ཀྱི་དངོས་པོ་ལ་བརྟེན་ནས་བརྫུན་ཟེར་ན་ཞེ་སྡང་གི་སྦྱོར་རོ། །བླ་མ་དང་མཆོད་སྦྱིན་ལ་སོགས་ཀྱི་དོན་དུ་ཆོས་སུ་བསམས་ནས་ཟེར་ན་གཏི་མུག་གིས་སྦྱོར་རོ། །བརྫུན་དུ་སྨྲ་བའི་ཚེ་མངོན་དུ་གྱུར་པའི་ཉོན་མོངས་པ་གསུམ་པོ་དག་ལས་གང་ཡང་རུང་བས་མཐར་ཕྱིན་པར་བྱེད་དོ། །ཕྲ་མ་ལ་ཚུལ་དེ་བཞིན་དུ་རིག་པར་བྱའོ། །ཚིག་འཁྱལ་པ་ལ་ཡང་བསྟོད་པ་དང་བདེ་བ་དང་རྙེད་པ་སོགས་ཀྱི་ཕྱིར་སྨྲ་ན་ཆགས་པ་ལས་བྱུང་བ་ཡིན་ནོ། །གལ་ཏེ་ཀུན་ནས་མནར་སེམས་ཀྱི་དངོས་པོ་ལ་བརྟེན་ནས་སྨྲ་ན་ཞེ་སྡང་ལས་བྱུང་བ་ཡིན་ནོ། །གལ་ཏེ་དེ་ལ་ཆོས་ཀྱི་དོན་དུ་སེམས་ཤིང་སྨྲ་ན་གཏི་མུག་ལས་བྱུང་བར་ཤེས་པར་བྱའོ། །ལོག་པར་ལྟ་བ་ནི་གལ་ཏེ་རྒྱལ་པོ་ལ་སོགས་པས་བསྙེན་བཀུར་ལ་སོགས་པ་འབྱུང་ངོ་སྙམ་པས་སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ་ཞེས་སོགས་སུ་ལྟ་བར་བྱེད་ན་ཆགས་པས་སྦྱོར་རོ། །གལ་ཏེ་བདག་གི་དགྲ་བོ་འདི་ལྟར་སྦྱིན་པ་ཡོད་མཆོད་སྦྱིན་ཡོད་དོ། །ཞེས་སོགས་ལྟ་བས་དགྲ་བོ་དང་ལྟ་བ་མཐུན་པ་ནི་བདག་གི་ཆ་མ་ཡིན་ནོ་སྙམ་ནས། འདི་ལྟར་སྦྱིན་པ་མེད་དོ། །ཞེས་སོགས་ལྟ་བར་བྱེད་ན་ཞེ་སྡང་གིས་སྦྱོར་རོ། །གལ་ཏེ་རིགས་པ་མ་ཡིན་པས་སྐྱེད་པའི་རྟོག་པས་ཆོས་ལ་ཚུལ་བཞིན་མ་ཡིན་པར་བསམས་ཤིང་གཞན་ལ་ཉེ་བར་བརྟགས་ནས་དེ་ལྟར་ལྟ་བ་ནི་གཏི་མུག་ལས་བྱུང་བར་བརྗོད་པར་བྱའོ། །ཐམས་ཅད་ཀྱང་གཏི་མུག་གིས་མཐར་ཕྱིན་པར་བྱེད་ཏེ་མ་རྨོངས་ན་འགའ་ཡང་ལོག་པར་ལྟ་བར་མི་འགྱུར་བའི་ཕྱིར་རོ། །བཞི་པ་དེ་རྣམས་ཚུལ་གཞན་སྣ་ཚོགས་པས་བཤད་པ་ལ་བཅུ་རྟེན་དང་ནུས་པས་བཤད་པ་དང་། འབྲས་བུ་མཐུན་མི་མཐུན་གནང་བཀག་དང་། རྣམ་པར་རིག་བྱེད་ཡིན་མིན་དུ་འདོད་པ་གསུམ་དང་། འབྲས་བུའི་ངོ་བོ་སྒོ་ནས་དང་། འབྲས་བུ་མྱོང་དུས་ཀྱིས་དང་། ངོ་བོ་དང་རྣམ་སྨིན་གྱིས་དང་། སྦྱིན་པའི་ལས་དང་། ཚུལ་ཁྲིམས་ཀྱི་ལས་དང་། ལས་སྐྱེ་རྒུའི་སྤྱོད་ཚུལ་གྱི་མདོ་དང་། ལས་བསམ་མི་ཁྱབ་ཀྱི་མདོ་བཤད་པའོ། །དང་པོ་ལ་བཤད་བྱ་ནི་ལས་ཐུན་མོང་པ་ཞེས་ཀྱང་འབྱུང་ཞེས་པ་ལ་སོགས་པའོ། །དེ་ལ་བཤད་པ་ནི། ཐུན་མོང་བ་ནི་ལས་གང་སྣོད་ཀྱི་འཇིག་རྟེན་རྣམ་པར་བྱེད་པ་སྟེ། དེའི་འབྲས་བུ་སེམས་ཅན་ཀུན་གྱི་ཐུན་མོང་དུ་ལོངས་སྤྱོད་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པ་ནི་སེམས་ཅན་གྱི་འཇིག་རྟེན་སོ་སོར་རྣམ་པར་འབྱེད་པ་སྟེ། དེའི་རྣམ་པར་སྨིན་པའི་འབྲས་བུ་ནི་སོ་སོར་ཉམས་སུ་མྱོང་བའི་ཕྱིར་རོ། །

དེ་ལ་ཡང་དབང་གི་འབྲས་བུ་ཐུན་མོང་བ་ཡོད་པར་སྟོན་པ་ནི་ཡང་སེམས་ཅན་རྣམས་ཕན་ཚུན་གྱི་དབང་གིས་འབྱུང་བའི་ལས་ཀྱང་ཡོད་དེ། འདི་ལྟར་སེམས་ཅན་གཞན་རྣམས་དང་ཕན་ཚུན་དུ་ལྟ་བ་ལ་སོགས་པ་ཉེ་བར་སྤྱད་པར་མི་འགྱུར་བ་ནི་འགའ་ཡང་མེད་པའི་ཕྱིར་རོ། །དེའི་ཕྱིར་མདོ་ལས་སེམས་ཅན་རྣམས་ཕན་ཚུན་གྱི་དབང་གིས་བྱུང་བ་ཞེས་བརྗོད་དོ། །སྟོབས་དང་ལྡན་པ་ལ་ངོ་བོའི་སྒོ་ནས་སྟོབས་དང་ལྡན་པ་ནི་གཉེན་པོ་སྟོབས་ལྡན་འཇིག་རྟེན་ལས་འདས་པའི་ལམ་དང་། བདག་པས་གཞན་གཅེས་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྒོམ་པ་སོགས་ཀྱི་གང་ཟག་གི་བསམས་བཞིན་པའི་ལས་གྱུར་པའི་ལས་གང་ཡིན་པ་དེ་ནི་གཉེན་པོ་དོན་དམ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཀྱིས་སྟོབས་སྐྱེད་པས་ནུས་པ་ཉམས་པར་བྱས་པའི་ཕྱིར། ལས་གང་སེམས་ཅན་དམྱལ་བ་མྱོང་བར་འགྱུར་བ་དེ་མཐོང་བའི་ཆོས་ལ་ནད་ཙམ་དུ་མྱོང་བར་འགྱུར་བ་དང་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་དེ་གཏན་མྱོང་བར་མི་འགྱུར་ཏེ། དཔེར་ན་འཛའ་བོའི་བུ་མོས་མའི་མགོ་ལ་རྡོག་པ་རྒྱབ་པས་ལས་དེ་ཉིད་ཀྱིས་ཉི་ཚེ་བའི་སེམས་ཅན་དམྱལ་བའི་ནང་དུ་སོང་བ་བདག་པས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་སྐྱེས་པས་ཐར་པ་ལྟ་བུའོ། །རྒྱུ་མཚན་དེ་ལྟར་ན་གཉེན་པོ་ལས་གྱུར་པའི་ལས་དང་བསམས་བཞིན་པ་ལས་གྱུར་པའི་དགེ་བའི་ལས་ཐམས་ཅད་ཀྱང་མི་མཐུན་པའི་ཕྱོགས་དང་། མི་དགེ་བ་ལས་སྟོབས་དང་ལྡན་ནོ། །གཉེན་པོ་ལས་གྱུར་པའི་ལས་སྟོབས་དང་ལྡན་པ་འདི་ལ་དགོངས་ནས་འཕགས་པ་ཉན་ཐོས་བདེན་པའི་དེ་ཁོ་ན་ཉིད་ལ་སེམས་ཤིན་ཏུ་སྒོམ་པ་ཚད་མེད་པས་གཉེན་པོ་རྒྱ་ཆེ་བའམ། ནུས་པ་སྟོབས་དང་ལྡན་པ་ལ་གང་རྣམ་སྨིན་འདི་ཙམ་སྦྱིན་ནོ་ཞེས་ཚད་དུ་བྱས་པའི་ལས་དེས་འཕགས་པ་དེ་ངན་སོང་དུ་ཁྲིད་པར་མི་བྱེད། ལས་དེ་ལ་འཕགས་པ་དེ་ལས་ཀྱི་དབང་གིས་གནས་པར་མི་བྱེད་ལས་དེས་འཕགས་པ་དེ་དེའི་དབང་གིས་ངན་འགྲོ་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ་ཞེས་བགྲང་བར་མི་འགྱུར་རོ་ཞེས་གསུངས་སོ། །ཡང་མི་མཐུན་ཕྱོགས་འཇོམས་པའི་ནུས་པ་མེད་པའི་གཉེན་པོ་མཐུ་ཆུང་ངུའི་གང་ཟག་གི་བསམས་བཞིན་པའི་མི་དགེ་བ་ནི་དགེ་བ་ལས་སྟོབས་དང་ལྡན་ཏེ། དེའི་རྒྱུད་ཀྱི་དགེ་བ་ལས་སྔར་འབྲས་བུ་འབྱིན་པའི་ཕྱིར་རོ། །བསམས་བཞིན་པ་ལས་གྱུར་པའི་ལས། དགེ་བའམ་མི་དགེ་བ་རྣམ་པར་སྨིན་པ་མྱོང་བར་ངེས་པ། འཕགས་ལམ་གྱིས་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་དེ་ནི་བྱེ་བྲག་མེད་པར་སྟོབས་དང་ལྡན་པ་ཡིན་ཏེ། རྣམ་སྨིན་འབྱིན་ངེས་ཡིན་པའི་ཕྱིར། ཇི་སྐད་བཤད་པའི་ལས་སྟོབས་ལྡན་འདི་དག་ནི་སྟོབས་དང་ལྡན་པའི་ལས་ཞེས་འབྱུང་བའི་མདོ་འདིར་དགོངས་པ་ཡིན་ནོ། །ཁམས་ཀྱི་སྟོབས་དང་ལྡན་པ་ནི་གང་འདོད་པའི་མི་དགེ་བ་གང་ཡིན་པ་དེ་ཡང་རང་བཞིན་གྱིས་སྟོབས་དང་ལྡན་ཏེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ལ་སོགས་པའི་འཁོར་མང་བའི་ཕྱིར་རོ། །རྒྱུད་ཀྱི་སྟོབས་དང་ལྡན་པ་ནི། དགེ་བའམ་མི་དགེ་བ་གང་སྔོན་གོམས་པར་བྱས་པ་དེ་ཡང་། ཅུང་ཟད་སྤྱད་པ་ལས་སྟོབས་དང་ལྡན་ལ། གང་གནས་པ་དར་ལ་བབ་པ་ན། དགེ་བའམ་མི་དགེ་བ་སྤྱད་པས་གང་ཡིན་པ་ཡང་ཀུན་ནས་ཉོན་མོངས་དང་རྣམ་བྱང་དྲག་པོས་བྱེད་པའི་ཕྱིར་སྟོབས་དང་ལྡན་ལ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གྱི་ཉོན་མོངས་པ་གཉེན་པོ་སྒྲུབ་ཏུ་མེད་པ་དེ་དག་ཀྱང་རང་བཞིན་གྱིས་སྟོབས་དང་ལྡན་པ་ཡིན་ནོ། །ཞིང་དང་བསམ་པས་སྟོབས་དང་ལྡན་པ་ནི་ཞིང་ལས་ནི་ཕ་དང་མ་གསོད་པ་ལ་སོགས་དང་། དེ་དག་ལ་བསྙེན་བཀུར་བྱེད་པ་ལ་སོགས་སོ། །

སེམས་མངོན་པར་འདུ་བྱེད་པ་ནི། བྱང་ཆུབ་ཆེན་པོར་སྨོན་ལམ་བཏབ་པ་སོགས་ཏེ། དེ་དག་ཀྱང་སྟོབས་དང་ལྡན་པ་ཡིན་ནོ། །ཞིང་ལ་སོགས་པ་རྣམ་པ་དགུས་སྟོབས་དང་ལྡན་པ་ནི། འདི་ལྟར་ཞིང་ནི་ཕན་པའམ་གནོད་པ་བྱས་པའི་ཡུལ་དེ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་དང་ལྡན་པ་ལ་ཕན་པའམ་གནོད་པའི་ལས་སྤྱད་པ་དེ་ནི། ཞིང་ལས་སྟོབས་དང་ལྡན་ནོ། །དངོས་པོ་ནི་སྦྱིན་པར་བྱ་བའི་དངོས་པོ་བཟང་ཞིང་། གྱ་ནོམ་པའོ། །ངོ་བོ་ཉིད་ནི་སྦྱིན་པ་ལས་ཚུལ་ཁྲིམས་དང་དེ་ལས་སྒོམ་པ་སོགས་སོ། །གཞི་ནི་གལ་ཏེ་བསོད་ནམས་བྱེད་པའི་ཚུལ་ཁྲིམས་དང་ལྡན་པ་དང་འདོད་ཆགས་དང་བྲལ་བ་ལ་སོགས་པ་ཡིན་ན་དེ་ལས་གཞན་པས་སྟོབས་དང་ལྡན་པའོ། །ཡིད་ལ་བྱེད་པ་ནི་གལ་ཏེ་ཀུན་སློང་དྲག་པོ་དང་ལྡན་པར་གྱུར་ནའོ། །བསམ་པ་ནི་གལ་ཏེ་མྱ་ངན་ལས་འདས་པའི་བསམ་པས་ཟིན་ནའོ། །གྲོགས་ནི་དེ་ལས་གཞན་པའི་བསོད་ནམས་བྱ་བའི་དངོས་པོས་ཡོངས་སུ་ཟིན་ནའོ། །ལན་མང་དུ་བྱེད་པ་ནི་ཡང་དང་ཡང་དུ་བྱས་པར་གྱུར་པའམ། བསམས་པས་ཡང་དང་ཡང་དུ་རྗེས་སུ་བརྟགས་པའོ། །སྐྱེ་བོ་མང་པོས་བྱས་པ་ནི་བདག་གིས་ཀྱང་བྱས་ལ། གཞན་དག་ཀྱང་བྱེད་དུ་བཅུགས་པའོ། །སྟོབས་དང་ལྡན་པའི་ལས་ཇི་སྐད་བཤད་པ་འདི་ལས་བཟློག་པ་ནི། བཟློག་པའི་ལས་རྣམས་ནི་སྟོབས་དང་མི་ལྡན་པར་རིག་པར་བྱའོ། །གཉིས་པ་ལ་མདོ་བཀོད་དེ། དྲི་བ་ནི། ལས་བྱེད་པའི་སྐྱེས་བུ་གང་ཟག་འདི་བདེ་བའམ་སྡུག་བསྔལ་ཇི་ལྟར་ཇི་ལྟར་ལས་བྱེད་ཅིང་སོག་པའི་ཚོར་བ་དེ་ལྟར་དུ་རྣམ་པར་སྨིན་པ་ཡང་མྱོང་ན་དེ་ལྟར་ན་ཚངས་པར་སྤྱོད་པ་ལ་གནས་པ་དོན་མེད་པར་འགྱུར་ཏེ། འདི་ལྟར་ཉོན་མོངས་པ་དྲག་པོ་དང་ལྡན་པས་སོ་སོར་བརྟགས་ཏེ། སྡུག་བསྔལ་དང་ཡིད་མི་བདེ་བ་དང་བཅས་ཏེ་ཚུལ་ཁྲིམས་སྲུང་བའི་ཕྱིར། གལ་ཏེ་རྣམ་སྨིན་ཡང་དེ་བཞིན་དུ་མྱོང་ན། དེ་ཡོངས་སུ་བསྲུང་བ་དོན་མེད་པའི་ཕྱིར་རོ། །གཞན་གྱི་ཆུང་མ་ལ་བརྩེ་བ་སོགས་ལ་བདེ་བ་དང་ཡིད་བདེ་བ་དང་བཅས་པ་ཚུལ་ཁྲིམས་འཆལ་བར་བྱས་པའི་ཕྱིར་དེའི་རྣམ་སྨིན་ཡང་དེ་བཞིན་དུ་མྱོང་ན་དེ་སྤོང་བ་དོན་མེད་པའི་ཕྱིར་རོ། །དེ་ལྟ་ན་སྲིད་པའི་སྡུག་བསྔལ་ཟད་ཅིང་མཐར་དབྱུང་བའི་སྐབས་ཀྱང་མེད་པར་འགྱུར་ཏེ། དེའི་རྒྱུར་གྱུར་པའི་ཚངས་པར་སྤྱོད་པས་གནས་པའི་རྣམ་སྨིན་སྡུག་བསྔལ་ཡིན་པའི་ཕྱིར་རོ། །ལས་བྱེད་པ་པོའི་སྐྱེས་བུ་འདི་ལས་བྱེད་པའི་དུས་ན་བདེ་བའམ་སྡུག་བསྔལ་གང་དང་ལྡན་ཡང་རྣམ་སྨིན་བདེ་བའམ། སྡུག་བསྔལ་ཇི་ལྟར་མྱོང་བར་འགྱུར་བའི་ལས་དགེ་བའམ་མི་དགེ་བ་བྱེད་ཅིང་སོགས་པ་དེ་ལྟར་དུ་རྣམ་པར་སྨིན་པ་བདེ་བའམ་སྡུག་བསྔལ་མྱོང་བར་འགྱུར་ན་དེ་ལྟར་ན་ཉོན་མོངས་པ་དྲག་པོ་ཅན་གྱི་སྡུག་བསྔལ་དང་ཡིད་མི་བདེ་བ་དང་བཅས་ཏེ་ཚངས་པར་སྤྱོད་པ་བརྟེན་པ་དོན་ཡོད་པའི་ཕྱིར། དེ་ལྟར་གནས་པར་འགྱུར་ལ། དེ་ཡང་སྡུག་བསྔལ་ཡོད་མེད་ཟད་བྱེད་ཀྱི་གཉེན་པོའི་རྒྱུ་ཡིན་པས་སྡུག་བསྔལ་ཟད་པ་དང་མཐར་དབྱུང་བའི་སྐབས་ཀྱང་ཡོད་དོ་ཞེས་པའི་མདོ་དེའི་དགོངས་པ་ཅི་ཞེ་ན། དེ་ལ་མདོ་དང་པོས་ནི་རྒྱུ་འབྲས་གནས་མ་ཡིན་པ་བཀག་ལ། གཉིས་པ་ནི་གནས་ཡིན་པ་གནང་བ་ཡིན་ནོ། །དེ་ཡང་འདི་ལྟར་ཇི་ལྟ་ཇི་ལྟར་ལས་བྱེད་ཅིང་སོག་ཅེས་སོགས་ཀྱི་མདོ་འདིར་ནི་ལས་བྱེད་དུས་སུ་བདེ་བ་སོགས་དང་ལྡན་པའི་ལས་ཀྱི་རྣམ་པར་སྨིན་པ་བདེ་བ་སོགས་མྱོང་བ་བཀག་སྟེ་དེ་ལྟར་ནི་ཚངས་པར་སྤྱོད་པ་ལ་གནས་པར་མི་འགྱུར་ཞིང་། མི་ཚངས་པར་སྤྱོད་པ་སྤོང་བར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། ཇི་ལྟར་མྱོང་བར་འགྱུར་བའི་ལས་བྱེད་ཅིང་སོག་པ་ཅེས་པ་ལ་སོགས་པས་ནི། ལས་བྱེད་པའི་དུས་ན། ཚོར་བ་བདེ་བའམ། སྡུག་བསྔལ་ལམ། དེ་གཉིས་ཀ་མ་ཡིན་པ་གང་དང་ལྡན་ཡང་རུང་རྣམ་པར་སྨིན་པ་བདེ་བ་མྱོང་བར་འགྱུར་བའི་ལས་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པ་ནི་བདེ་བ་མྱོང་བར་གནང་ངོ་། །ལས་བྱེད་པའི་དུས་ན་ཚོར་བ་གསུམ་པོ་གང་ལྡན་ཡང་རུང་། རྣམ་པར་སྨིན་པ་སྡུག་བསྔལ་མྱོང་བར་འགྱུར་བའི་ལས་མི་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པ་སྡུག་བསྔལ་མྱོང་བར་གནང་ངོ་། །ལས་བྱེད་པའི་དུས་ན་ཚོར་བ་གསུམ་པོ་གང་ལྡན་ཡང་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་ལས་བསམ་གཏན་བཞི་པ་ཡན་ཆད་ཀྱི་དགེ་བ་ལྟ་བུའི་རྣམ་པར་སྨིན་པ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་མྱོང་བར་སྣང་སྟེ། འདི་ནི་མདོ་འདིར་དགོངས་པ་ཡིན་ནོ། །

གསུམ་པ་ལ་དབྱེ་བ་དང་། སོ་སོར་བཤད་པ་གཉིས་ལས། དང་པོ་ནི་སྡོམ་པའི་ལས་དང་། ཞེས་ཏེ། གཞན་ལ་གནོད་པ་གཞི་དང་བཅས་པ་ལས་རྣམ་པ་ཀུན་དུ་ལོག་པ་སྡོམ་པ་དང་རྣམ་པ་ཀུན་ཏུ་གཞན་ལ་གནོད་པ་ལ་ཞུགས་པ་སྡོམ་པ་མ་ཡིན་པ་དང་ཕྱོགས་གཅིག་གིས་ཕན་པའམ་གནོད་པར་ཞུགས་པ་ནི་སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པའི་ལས་སོ། །གཉིས་པ་སོ་སོར་བཤད་པ་ལ་གསུམ་ལས་དང་པོ་སྡོམ་པ་ལ་དབྱེ་བ་སྤྱིར་བསྟན་པ་ནི། སྒོ་གསུམ་གྱིས་མི་དགེ་བའི་ལས་སྤོང་བ་ཡང་དག་པར་བླངས་པ་བརྡ་ལས་བྱུང་བ་གང་ཡིན་པ་དེ་ནི་སོ་སོ་ཐར་པའི་སྡོམ་པ་ཡིན་ནོ། །ཡང་དག་པར་བླངས་པའི་སྡོམ་པ་སྐྱོན་མེད་པ་དེ་ཉིད་ལ་བརྟེན་ནས། འགྱོད་པ་མེད་པའི་རྒྱུས་བསམ་གཏན་པ་དྲུག་གི་ཏིང་ངེ་འཛིན་གང་ཡང་རུང་བ་ལ་སྙོམས་པར་འཇུག་ཅིང་། འཆལ་པའི་ཚུལ་ཁྲིམས་ཀྱི་ས་བོན་ཞི་གནས་ཀྱིས་ཉམས་པར་བྱས་པའི་སྤོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱི་སྡོམ་པ་ཞེས་བྱའོ། །ཚུལ་ཁྲིམས་ཀྱི་སྡོམ་པ་སྐྱོན་མེད་པ་དང་། བསམ་གཏན་གྱི་སྡོམ་པ་དེ་ལ་བརྟེན་ནས་བདེན་པ་མངོན་པར་རྟོག་པར་བྱེད་ཅིང་། ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་བྱེད་པའི་ཚེ་ན། ཚུལ་ཁྲིམས་འཆལ་པའི་ས་བོན་ཡང་དག་པར་བཅོམ་པའི་སྤོང་བ་གང་ཡིན་པ་དེ་ནི་ཟག་པ་མེད་པའི་སྡོམ་པ་ཞེས་བྱའོ། །དེ་ཡང་གང་གི་ཚེ་མི་ལྕོག་པ་མེད་པ་ལ་བརྟེན་ནས་འབྲས་བུ་དང་པོ་ཐོབ་པར་བྱེད་པ་དེའི་ཚེ་ནི། ངན་སོང་དུ་འགྲོ་བའི་རྒྱུར་གྱུར་པའི་འཆལ་པའི་ཚུལ་ཁྲིམས་ཀྱིས་ས་བོན་ཡང་དག་པར་བཅོམ་པ་ཡིན་ལ། ཕྱིར་མི་འོང་བའི་འབྲས་བུ་ཐོབ་པ་དེའི་ཚེ་ནི། འཆལ་པའི་ཚུལ་ཁྲིམས་ཀུན་གྱི་ས་བོན་ཡང་དག་པར་བཅོམ་པ་ཡིན་ནོ། །དགྲ་བཅོམ་པ་ཐོབ་པ་དེའི་ཚེ་ནི། གཉེན་པོ་དང་རྣམ་པར་དག་པའི་ཁྱད་པར་གྱིས་ཁྱད་པར་དུ་འགྱུར་བར་ཟད་ཀྱི། མི་མཐུན་ཕྱོགས་སྤངས་པའི་ཁྱད་པར་གྱིས་ཁྱད་པར་དུ་འགྱུར་བ་ནི་མ་ཡིན་ཏེ། འདོད་པ་ལས་འདོད་ཆགས་དང་བྲལ་བའི་ཚེ། འཆལ་པའི་ཚུལ་ཁྲིམས་ཀྱིས་ཀུན་ནས་སློང་བའི་ཉོན་མོངས་པ་མ་ལུས་པ་སྤངས་པའི་ཕྱིར་རོ། །ཟག་པ་མེད་པའི་སྡོམ་པ་འདི་ནི། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཞེས་ཀྱང་བྱའོ། །

སྡོམ་པ་ཞེས་བྱ་བ་འདི་ནི་རང་བཞིན་ཇི་ལྟ་བུ་ཞེ་ན། འཆལ་པའི་ཚུལ་ཁྲིམས་སྤོང་བའི་སེམས་དཔའ་སྤོང་བ་དེ་ལ་དབང་བྱེད་པའི་དབང་པོ་ལྔ་དང་ལྡན་པ་ནི་སྡོམ་པའོ། །དེ་ལ་དགེ་བའི་ལས་ཀྱི་འབྲས་བུ་ཕྱི་མ་ལ་འདོད་པར་འབྱུང་བ་ལ་ཡིད་ཆེས་ཤིང་མོས་པ་དེ་ནི་འདིའི་དད་པའི་དབང་པོ་ཡིན་ནོ། །དེ་ལ་མངོན་པར་དགའ་ཞིང་མི་མཐུན་ཕྱོགས་འདུལ་བ་ལ་སེམས་མངོན་པར་དགའ་བ་དེ་ནི་འདིའི་བརྩོན་འགྲུས་ཀྱི་དབང་པོ་ཡིན་ནོ། །ཡང་དག་པར་བླངས་པའི་ཚུལ་ཁྲིམས་ཡང་དང་ཡང་དུ་ཡིད་ལ་མངོན་པར་བརྗོད་པ་དེ་ནི་དེའི་དྲན་པའི་དབང་པོ་ཡིན་ནོ། །སེམས་ཀྱི་རྒྱུད་འཆལ་ཚུལ་ཀུན་ནས་སློང་བའི་ཉོན་མོངས་པས་འཁྲུགས་པ་མེད་པར། བསིལ་བའི་ངང་དུ་གནས་པ་ནི་འདིའི་ཏིང་ངེ་འཛིན་གྱི་དབང་པོ་ཡིན་ནོ། །

ཡོན་ཏན་ལ་ཡོན་ཏན་དུ་ཡང་དག་པར་ལྟ་བ་ནི། འདིའི་ཤེས་རབ་ཀྱི་དབང་པོ་ཡིན་ནོ། །དེ་ལྟར་ན་དབང་པོ་ལྔ་དང་ལྡན་ནོ། །སེམས་དང་སེམས་ལས་བྱུང་བ་གཞན་དག་གིས་ཀྱང་། འཆལ་པའི་ཚུལ་ཁྲིམས་སྤོང་བའི་བྱ་བ་བྱེད་པ་མ་ཡིན་ནམ། ཇི་ལྟར་ན་སེམས་དཔའ་ཁོ་ན་སྡོམ་པར་བཞག་ཅེ་ན། དགེ་བ་དང་མི་དགེ་བའི་ཡུལ་ཀུན་ལ་སེམས་མངོན་པར་འདུ་བྱེད་པ་ལ་ནི་སེམས་དཔའ་ཉིད་གཙོ་བོ་ཡིན་ནོ། །ཞེས་སྔར་བཤད་ཟིན་པ་ཡིན་ལ། དེའི་ཕྱིར་འཆལ་བའི་ཚུལ་ཁྲིམས་སྤོང་བ་ལ་སེམས་མངོན་པར་འདུ་བྱེད་པ་ལ་ཡང་སེམས་དཔའ་གཙོ་བོ་ཡིན་པའི་ཕྱིར་དང་། སྡོམ་པ་ཡང་འཆལ་བའི་ཚུལ་ཁྲིམས་སྤོང་བས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ། སྡོམ་པ་ནི་འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུན་འགོག་པར་བྱེད་པའི་རང་བཞིན་ཅན་ཆུ་ལོན་ལྟ་བུར་གསུངས་ན། སྤོང་བའི་སེམས་དཔའ་ནི། སེམས་རྣམ་པར་གཡེངས་པ་དང་། སེམས་མེད་པའི་གནས་སྐབས་དག་ཏུ་མི་འབྱུང་བས་ཆུ་ལོན་དང་ཆོས་མི་མཐུན་པའི་ཕྱིར། སྡོམ་པར་རུང་བ་མ་ཡིན་གྱི། ལུས་ངག་གི་ལས་རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན། ཇི་སྲིད་གཏོང་རྒྱུ་མ་བྱུང་གི་བར་དུ། སེམས་ཡོད་པ་དང་མེད་པ་དང་རྣམ་པར་གཡེངས་པ་དང་མ་གཡེངས་པའི་དུས་ཀུན་དུ་རྗེས་སུ་འབྲེལ་བར་འཇུག་པ་དེ་ནི། ཆུ་ལོན་ལྟར་རྣམ་པ་ཐམས་ཅད་དུ་འཆལ་ཚུལ་གྱི་རྒྱུན་འགོག་པར་བྱེད་པ་ལ་ནུས་པ་དང་ལྡན་པའི་ཕྱིར། སྡོམ་པ་ཡིན་ནོ། །ཞེས་ཟེར་རོ། །དེ་ལྟ་བུའི་རང་བཞིན་གྱི་སྡོམ་པ་ནི་གཟུགས་ལ་སོགས་པ་བཞིན་དུ་ཕྱི་རོལ་དུ་དབང་པོས་དམིགས་པ་ཡང་མེད་ལ། བདེ་བ་ལ་སོགས་པ་བཞིན་དུ་ནང་དུ་རང་རིག་པས་ཉམས་སུ་མྱོང་བ་ཡང་མེད་ཅིང་། མིག་གི་དབང་པོ་ལ་སོགས་པ་བཞིན་དུ་ནུས་པ་ལས་རྗེས་སུ་དཔག་པར་ཡང་མི་ནུས་ན། དེ་ཡོད་པར་གང་གིས་ཤེས་པར་འགྱུར། ཅི་སྟེ་འཆལ་བའི་ཚུལ་ཁྲིམས་ཀྱི་གཞི་ཉེ་བར་གནས་ཀྱང་དེ་མི་སྤྱོད་པའི་ལུས་ངག་གི་ཐ་སྙད་ལས་དེ་རྗེས་སུ་དཔོག་པར་བྱེད་ཞེ་ན། མ་ཡིན་ཏེ་དེ་ལྟ་བུའི་ལུས་ངག་གི་ཐ་སྙད་དེ་ནི་འཆལ་པའི་ཚུལ་ཁྲིམས་སྤོང་བའི་སེམས་པས་སེམས་མངོན་པར་འདུ་བྱས་པའི་མཐུ་ལས་བྱུང་བ་ཡིན་ནམ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཆུ་ལོན་ལྟ་བུ་ཡོད་པའི་མཐུ་ལས་ཡིན་ཞེས་པ་འདི་དཔྱད་པར་བྱ་བ་ཡིན་ལ། དེ་ལྟར་རྣམ་པར་དཔྱད་པ་ན་ཡང་། རྒྱུན་རྗེས་སུ་འབྲེལ་བའི་རྣམ་པར་རིག་བྱེད་མ་ཡིན་པའི་མཐུ་ལས་བྱུང་བ་མ་ཡིན་ཏེ། དེ་ནི་དུས་ཐམས་ཅད་དུ་ཡོད་པས་ལུས་ངག་གི་ཐ་སྙད་དེ་ལྟ་བུ་ཡང་ཐམས་ཅད་དུ་འབྱུང་བར་ཐལ་བའི་ཕྱིར་རོ། །གལ་ཏེ་ཕྱིའི་རྐྱེན་མི་མཐུན་ཕྱོགས་ཀྱི་གཞི་ཉེ་བར་གནས་པ་དང་། ནང་གི་རྐྱེན་དེ་སྤོང་བའི་སེམས་པ་མངོན་དུ་གྱུར་པ་ལ་ལྟོས་པས་ཉེས་པ་མེད་དོ། །ཞེ་ན། འཆལ་པའི་ཚུལ་ཁྲིམས་སྤོང་བར་བྱེད་པའི་ལུས་ངག་གི་ཐ་སྙད་བསྐྱེད་པར་བྱེད་པའི་རྐྱེན་གཉིས་པོ་དེ་ཙམ་གྱིས་ཆོག་མོད། རྣམ་པར་རིག་བྱེད་མ་ཡིན་པ་གཞན་བརྟགས་པས་ཅི་ཞིག་བྱ། གཞན་ཡང་གང་ལ་གང་གིས་ཕན་པའི་ནུས་པ་མ་མཐོང་བ་དེ་ནི་དེའི་རྒྱུར་བརྟགས་པར་རིགས་པ་མ་ཡིན་ཏེ། དཔེར་ན་ས་ལུ་དག་གི་མྱུ་གུ་ལ་ཀོ་ཏྲ་བའི་ས་བོན་བཞིན། འཆལ་ཚུལ་སྤོང་བའི་ལུས་ངག་གི་ཐ་སྙད་དག་ལ་ཡང་མངོན་པར་འདོད་པའི་རང་བཞིན་གྱི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱིས་ཕན་པར་ཉེ་བར་སྦྱོར་བའི་ནུས་པ་མ་མཐོང་ངོ་། །ཞེས་བྱ་བ་ནི་ཁྱབ་བྱེད་མ་དམིགས་པའོ། །

གལ་ཏེ་དེ་ལྟ་བུའི་རྣམ་པར་རིག་བྱེད་མ་ཡིན་པ་མེད་ན། སྤོང་བའི་སེམས་པ་ཡང་མི་འབྱུང་ངོ་ཞེ་ན། འདི་ལ་ཡང་སྔ་མ་བཞིན་དུ་ཉེས་པ་མཚུངས་པའི་ཕྱིར་དང་། ཚད་མ་མེད་པའི་ཕྱིར་རིགས་པ་མ་ཡིན་ནོ། །གཞན་ཡང་འདི་ནི་ཇི་ལྟར་ཆུ་ལོན་རང་ཉིད་མ་ཞིག་པར་ཡོད་པ་ཙམ་གྱིས། ཆུ་ཀླུང་གི་རྒྱུན་འགོག་པར་བྱེད་པ་ལྟར། རང་ཉིད་ཡོད་པ་ཙམ་གྱིས་འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུན་འགོག་པར་བྱེད་པ་ཡིན་ན། འདི་ནི་སེམས་རྣམ་པར་གཡེངས་པ་དང་མ་གཡེངས་པའི་གནས་སྐབས་ཐམས་ཅད་དུ་ཁྱད་པར་མེད་པའི་ཕྱིར། སེམས་རྣམ་པར་གཡེངས་ཏེ། འཆལ་བའི་ཚུལ་ཁྲིམས་སྤྱོད་པ་མི་སྲིད་པར་འགྱུར་རོ། །སྤོང་བའི་སེམས་དཔའ་ཁས་ལེན་པ་ལ་ནི་རྣམ་པར་གཡེངས་པ་དང་སེམས་མེད་པའི་གནས་སྐབས་ན་སྡོམ་པ་མེད་པར་ཐལ་བའི་ཉེས་པ་འདི་ཡོད་པ་མ་ཡིན་ཏེ། འདི་ལྟར། སེམས་མེད་པའི་གནས་སྐབས་ན་ནི། འཆལ་བའི་ཚུལ་ཁྲིམས་ཀྱི་གཞི་ཉེ་བར་གནས་ཀྱང་། གཞི་དེ་ལ་འཆལ་བའི་ཚུལ་ཁྲིམས་ཀུན་ཏུ་སྤྱོད་པ་མི་སྲིད་པའི་ཕྱིར། དེའི་གནས་སྐབས་ན་འཆལ་བའི་ཚུལ་ཁྲིམས་འགོག་པར་བྱེད་པའི་རྣམ་པར་རིག་བྱེད་མ་ཡིན་པའམ། སྤོང་བའི་སེམས་པ་གང་ཡང་ཡོད་པར་ཁས་བླང་མི་དགོས་སོ། །མྱོས་པ་ལ་སོགས་པ་སེམས་རྣམ་པར་གཡེངས་པའི་གནས་སྐབས་ན་ནི། དྲན་པ་ཉེ་བར་མི་གནས་པས་སྤོང་བའི་སེམས་པ་སྐྱེ་བའི་གོ་སྐབས་མེད་ཅིང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡོད་པར་བརྟགས་ཀྱང་། ཡང་དག་པར་བླངས་པའི་ཚུལ་དང་མི་མཐུན་པའི་ལུས་ངག་གི་ཐ་སྙད་ལ་འཇུག་པ་དགག་པར་མི་ནུས་པས་དེའི་ཚེ་འཆལ་ཚུལ་འགོག་པའི་སྡོམ་པ་ཡོད་པར་བཏགས་པ་ལ་དོན་མེད་དོ། །འོན་ཀྱང་དེའི་ཚེ་སྲོག་གཅོད་པ་ལ་སོགས་པ་ཡང་དག་པར་བླངས་པ་དང་འགལ་བའི་ལས་སྤྱད་ཀྱང་སྡོམ་པ་འབྲལ་བར་མི་འགྱུར་ཏེ། དེའི་ཚེ་དྲན་པ་ཉེ་བར་མི་གནས་པས་ལས་དེ་ཀུན་ནས་སློང་བའི་ཉོན་མོངས་པའི་ཤུགས་དྲག་པོ་མེད་པ་དེའི་ཕྱིར། ནུས་པ་ཆུང་བས་སྤོང་བའི་སེམས་པའི་ས་བོན་གྱི་ནུས་པ་ཉམས་པར་བྱེད་མི་ནུས་པའི་ཕྱིར་རོ། །

གལ་ཏེ་སྔར་ལོན་པའི་དུས་ན། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་ལས་ལྡོག་པར་བགྱིའོ། །ཞེས་ཁས་བླངས་པའི་རྣམ་པར་རིག་བྱེད་དང་འགལ་བ་སྐྱེས་པའི་ཕྱིར་ཇི་ལྟར་ན་སྡོམ་པ་འབྲལ་བར་མི་འགྱུར་ཞེ་ན། དེའི་ཚེ་ན་ཡང་ཇི་སྲིད་འཚོའི་བར་དུ་སེམས་རྣམ་པར་གཡེངས་པ་དང་མ་གཡེངས་པའི་གནས་སྐབས་ཐམས་ཅད་དུ་སྲོག་གཅོད་པ་ལ་སོགས་པ་དགེ་སྦྱོང་གི་ཚུལ་དང་མི་མཐུན་པའི་ལས་ཐམས་ཅད་ལས་ལྡོག་པར་བགྱིའོ། །ཞེས་ཁས་བླངས་པ་ནི་མ་ཡིན་ཏེ། དེ་ལྟ་བུ་སྒྲུབ་པར་མི་ནུས་པའི་ཕྱིར་དང་། སྒྲུབ་པར་མི་ནུས་པའི་བསླབ་པ་ཡང་དེ་བཞིན་གཤེགས་པས་གདུལ་བྱ་རྣམས་ལ་འཆའ་བར་མི་མཛད་པའི་ཕྱིར་རོ། །དེ་བས་ན་དྲན་པ་ཉེ་བར་གནས་པའི་གནས་སྐབས་ཐམས་ཅད་དུ་དགེ་སྦྱོང་གི་ཚུལ་དང་མི་མཐུན་པའི་ལས་ཐམས་ཅད་ལས་ལྡོག་པར་བགྱིའོ། །ཞེས་ཁས་བླངས་པ་ཡིན་པས་ཉེས་པ་མེད་དོ། །དེ་ལྟར་ན་སེམས་རྣམ་པར་གཡེངས་པ་དང་སེམས་མེད་པའི་གནས་སྐབས་དག་ན་སྤོང་བའི་སེམས་དཔའ་མངོན་གྱུར་ཁས་བླང་དུ་ནི་ནུས་པ་མེད་པའི་ཕྱིར་དང་། མི་དགོས་པས་རིགས་པ་མ་ཡིན་ལ། དེ་ལྟར་ན་ཡང་གནས་སྐབས་དེ་དག་ན་སྡོམ་པ་དང་མི་ལྡན་པ་ནི་མ་ཡིན་ཏེ། སྤོང་བའི་སེམས་དཔའ་དེ་དབང་དུ་ལྡན་པའི་ཕྱིར་དང་། ལྡན་པ་དེ་ཡང་ས་བོན་དང་དབང་དང་མངོན་གྱུར་དུ་ལྡན་པ་གསུམ་གྱི་རང་བཞིན་དུ་བཤད་ཟིན་པའི་ཕྱིར་རོ། །དེ་བས་ན་ཇི་སྲིད་དུ་དྲན་པ་ཉེ་བར་གནས་པའི་དེ་སྲིད་དུ། འཆལ་བའི་ཚུལ་ཁྲིམས་ཀྱི་གཞི་ཉེ་བར་གནས་པ་དེ་སྤོང་བ་ལ་སེམས་མངོན་པར་འདུ་བྱེད་པའི་སེམས་པ་དེ་ཉིད། ཡང་དག་པར་བླངས་པའི་སྡོམ་པ་ཡིན་ནོ། །ཞེས་བྱ་བ་འདི་རིགས་པ་ཡིན་ནོ། །སྤོང་བའི་སེམས་པ་དེ་ཡང་མི་མཐུན་ཕྱོགས་ཀྱི་གཞི་ཉེ་བར་གནས་པ་ན་མངོན་གྱུར་དུ་ལྡན་ལ་གཞི་ཉེ་བར་མི་གནས་པ་ན་ཡང་དབང་ངམ་ས་བོན་དུ་ལྡན་པའི་ཕྱིར། སྡོམ་པ་ཇི་སྲིད་འཚོའི་བར་དུ་རྒྱུན་ཆགས་སུ་ལྡན་ནོ་ཞེས་བྱ་བ་ལ་ཡང་འགལ་བ་མེད་དོ། །སྤོང་བའི་སེམས་པ་དེ་ནི། གཞན་གྱིས་བཏགས་པའི་རྣམ་པར་རིག་བྱེད་མ་ཡིན་པ་ལྟར་ཡོད་པར་མི་རྟོགས་པའི་ཉེས་པ་ཡང་མེད་དེ། དེ་ནི་རང་གིས་མྱོང་བའི་ཚུལ་གྱིས་རྟོགས་ལ། གཞན་གྱིས་ལུས་ངག་གི་ཐ་སྙད་ལས་རྟོགས་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གཞུང་རྣམས་ལས་ཡང་དག་པའི་ལས་ཀྱི་མཐའ་ནི་གཞན་ཚུལ་ཁྲིམས་རྣམ་པར་དག་པར་ཡིད་ཆེས་པའི་ཡན་ལག་ཏུ་བཤད་པ་ཡིན་ནོ། །གལ་ཏེ་སྡོམ་པ་གཟུགས་ཅན་མ་ཡིན་ན། ཤི་བའི་འོག་ཏུ་ཡང་ཅིའི་ཕྱིར་རྒྱུན་འཇུག་པར་མི་འགྱུར་ལུས་ཞིག་པས་སེམས་རྒྱུན་འཆད་དོ། །ཞེས་བྱ་བ་ནི། རིགས་པ་མ་ཡིན་ནོ། །ཞེ་ན་ཁས་བླངས་པའི་དུས་ཀྱི་འཕེན་པ་ཡོངས་སུ་རྫོགས་པའི་ཕྱིར། རྒྱུན་འཇུག་པར་མི་འགྱུར་རོ། །དེ་ཉིད་ཀྱིས་སྡོམ་པ་ལུས་ལ་རྟེན་པར་གྲུབ་པ་ཡིན་ཏེ། གཞན་དུ་ན་ཇི་སྲིད་མྱ་ངན་ལས་མ་འདས་ཀྱི་བར་དུ་ཞེས་ཅིའི་ཕྱིར་ཡང་དག་པར་ལེན་པར་མི་བྱེད། སེམས་ནི་དེ་སྲིད་དུ་རྒྱུན་མི་འཇུག་པ་མ་ཡིན་ནོ་ཞེ་ན། སྡོམ་པའི་རྟེན་ལུས་སུ་འདོད་པ་དག་གི་ལྟར་ན་ཡང་། བསྙེན་གནས་པའི་སྡོམ་པ་མཚན་མོ་འདས་ནས་ཅིའི་ཕྱིར་བཏོང་། སྡོམ་པའི་རྟེན་ལུས་ནི་དེ་ཕྱིན་ཆད་ཀྱང་མེད་པ་མ་ཡིན་ནོ། །

གལ་ཏེ་ཁས་བླངས་པ་རྫོགས་པའི་ཕྱིར་རོ་ཞེ་ན། སྡོམ་པའི་རྟེན་ལུས་ནི་ཇི་སྲིད་འཚོའི་བར་དུ་རྒྱུན་འཇུག་ན། ཅིའི་ཕྱིར་ཇི་སྲིད་མཚོའི་བར་དུ་སྡོམ་པ་ལེན་པར་མི་བྱེད། ཅེས་ཏེ། གང་ཟག་དེ་ནི་ཉོན་མོངས་པ་ཤས་ཆེ་བས་དེ་ཕན་ཆད་དུ་བསྲུང་མི་ནུས་པས་དེའི་ཕྱིར་ཇི་སྲིད་འཚོའི་བར་དུ་ལེན་པར་མི་བྱེད་དོ་ཞེ་ན། དེ་ནི་འདི་ལ་ཡང་མཚུངས་ཏེ། འདི་ལྟར། གདུལ་བྱ་རྣམས་ཀྱི་ཇི་སྲིད་འཚོའི་བར་དུ་ཡང་དག་པར་བླངས་པ་དྲན་པས། སྡོམ་པ་བསྲུང་བར་ནུས་ལ། གང་གི་ཚེ་ཤི་འཕོས་པ་དེའི་ཚེ་ཡང་དག་པར་བླངས་པ་མི་དྲན་པས་བསྲུང་བར་མི་ནུས་པའི་ཕྱིར། ཇི་སྲིད་འཚོ་བ་ལས་ལྷག་པར་ཁས་ལེན་པར་མི་བྱེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་ཇི་སྲིད་འཚོའི་བར་ལེན་པར་རིགས་པར་འགྱུར་རོ། །ཞེ་ན། མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་གོ་ཆ་ཆེན་པོ་བགོས་པ་དང་། སེམས་རྒྱ་ཆེན་པོ་དང་། སྟོབས་ཆེན་པོ་ལྷུར་བླང་བར་བྱ་བ་ཡིན་ལ། གང་གི་ཚེ་ཇི་སྲིད་འཚོའི་བར་དུ་ཞེས་ངེས་པར་བཟུང་ན་གོ་ཆ་ཆེན་པོ་བགོས་པར་མི་འགྱུར་ཞིང་། བྱ་བ་རྒྱ་ཆེན་པོ་ལ་སྤྲོ་བར་མི་འགྱུར་བས། རང་གི་སྒྲོད་པ་དང་འགལ་བར་འགྱུར་རོ། །གལ་ཏེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཁས་ལེན་པར་བྱེད་པ་ན་བྱ་བ་རྒྱ་ཆེན་པོ་ལ་སྤྲོ་བ་དང་། སེམས་སྟོབས་ཆེན་པོ་དང་ལྡན་པར་འགྱུར་བས། དེའི་ཕྱིར་ཤི་འཕོས་པའི་འོག་ཏུ་ཡང་དག་པར་བླངས་པ་དྲན་ནམ་མི་དྲན་ཡང་རུང་སྟེ། དགོས་པ་ཆེན་པོ་དང་ལྡན་པའི་ཕྱིར། བྱང་ཆུབ་ཀྱི་བར་དུ་ཁས་ལེན་པར་བྱེད་དོ། །གཞན་ཡང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པའི་ཆེད་དུ་བྱ་བའི་འབྲས་བུ་བྱང་ཆུབ་ཆེན་པོ་ཚེ་གཅིག་གིས་འགྲུབ་པ་མི་སྲིད་པའི་ཕྱིར་རོ། །ཉན་ཐོས་རྣམས་ཀྱི་སོ་སོར་ཐར་སྡོམ་པའི་ཆེད་དུ་བྱ་བའི་འབྲས་བུ་མྱ་ངན་ལས་འདས་པ་ནི་ཚེ་གཅིག་ལ་ཡང་འགྲུབ་པའི་ཕྱིར་རོ། །གང་ཞིག་མྱ་ངན་ལས་འདས་པ་དོན་དུ་གཉེར་བ་དེ་དག་གིས་ནི། ཚེ་འདི་ལ་འགྲུབ་པའི་ངེས་པ་མེད་ཀྱང་། མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་མངོན་དུ་བྱའོ་ཞེས་འདུན་པ་དང་རྩོལ་བ་དྲག་པོ་སྐྱེད་པར་བྱེད་དགོས་ཏེ། ཕྱི་མ་ལ་ཡང་སྲིད་པ་ལེན་པའི་དོན་དུ་གཉེར་བ་ནི། མྱ་ངན་ལས་འདའ་བ་འདོད་པ་རྣམས་ཀྱི་ཆ་མ་ཡིན་པའི་ཕྱིར། དེའི་ཕྱིར་ཡང་ཉན་ཐོས་ཀྱི་སྡོམ་པ་ནི་ཇི་སྲིད་འཚོ་ལས་ལྷག་པར་ལེན་པར་མི་བྱེད་དོ། །

གཉིས་པ་སོ་སོར་བཤད་པ་ལ་གསུམ་ལས། དང་པོ་སོ་སོར་ཐར་པའི་སྡོམ་པ་ལ་ཡང་། དབྱེ་བ་དང་གང་ཟག་ལ་དཔྱད་པ་དང་། དགེ་བསྙེན་ཁྱད་པར་དུ་བཤད་པ་དང་གསུམ་ལས། དང་པོ་ནི། རིས་བརྒྱད་དེ་དེ་ལ་དགེ་སློང་གི་སྡོམ་པ་ནི། ཕམ་པ་བཞི་དང་། ལྷག་མ་བཅུ་གསུམ་དང་། སྤང་ལྟུང་སུམ་ཅུ་དང་སོ་སོར་བཤགས་པ་བཞི་དང་། ཉེས་བྱས་བརྒྱ་རྩ་བཅུ་གཉིས་ཏེ། ལྟུང་བ་སྡེ་ལྔ་ལ། ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དུ་ཕྱེ་བ་དང་། གཞིས་བསྡུས་ཀྱི་ཉེས་བྱས་སོགས་ལུས་ངག་གི་ལས་སྤང་བྱ་ཀུན་སྤོང་བ་བླངས་པ་དང་། དགེ་སློང་མའི་སྡོམ་པ་ནི། དེ་བུད་མེད་ཀྱི་རྒྱུད་ལ་སྐྱེས་པའོ། །དགེ་སློང་གི་སྡོམ་པ་འདི་ནི་ཡན་ལག་བཞི་དང་ལྡན་པ་ཡིན་ཏེ། འདི་ལྟར་གཉེན་པོ་རྫོགས་པའི་ཡན་ལག་དང་། དེ་དང་མཐུན་པའི་ཆོས་ཀྱི་བསླབ་པའི་གཞི་ཡང་དག་པར་བླང་བའི་ཡན་ལག་དང་། གཞན་གྱི་སེམས་རྗེས་སུ་བསྲུང་བའི་ཡན་ལག་དང་བསླབ་པའི་ཆོས་ཡང་དག་པར་བླངས་པ་རྗེས་སུ་བསྲུང་བའི་ཡན་ལག་གོ ། དེ་ལ་གསོལ་བ་དང་གཞིའི་ལས་བྱ་བ་དང་ཇི་ལྟར་བསླབ་པའི་གཞི་ཆེ་ལོང་ནོད་པ་ནི་ཡན་ལག་དང་པོ་ཡིན་ནོ། །དེའི་འོག་ཏུ་འདུལ་བ་སོ་སོར་ཐར་པ་ལ་དགེ་སློང་གི་ཚུལ་ཁྲིམས་ཀྱི་རྗེས་སུ་མཐུན་པ་དང་། དེ་དང་ལྡན་པའི་བསླབ་པའི་གཞི་ཐམས་ཅད་ལ་བསམས་ཤིང་སྤྱོད་པ་ནི་ཡན་ལག་གཉིས་པ་ཡིན་ནོ། །ཡན་ལག་དེ་གཉིས་དང་ལྡན་པའི་ཆོ་ག་ནི་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཡན་ལག་གསུམ་པ་ཡིན་ནོ། །དེ་ལ་ཁ་ན་མ་ཐོ་བ་ཙམ་ལ་ཡང་འཇིགས་པར་ལྟ་བ་དང་ཉེས་པ་མི་འབྱུང་བར་བྱ་བ་དང་། ཉེས་པ་འབྱུང་བ་ལས་བསླང་བའི་ཕྱིར་བསླབ་པའི་གཞི་ཡང་དག་པར་བླངས་ཏེ། སློབ་པ་ནི་ཡན་ལག་བཞི་པ་ཡིན་ནོ། །དགེ་སློབ་མའི་སྡོམ་པ་ནི་ཉོན་མོངས་པ་མང་བས་རིམ་གྱིས་དགེ་སློང་མ་བྱ་བའི་ཆེད་དུ། དགེ་ཚུལ་མའི་སྤང་བྱའི་སྟེང་དུ། གཅིག་པུ་ལམ་དུ་མི་འགྲོ་ཞིང་། །ཆུ་བོའི་ཕ་རོལ་རྐྱལ་མི་བྱ། །སྐྱེས་པ་ལ་ཡང་རེག་པ་དང་། །དེ་དང་ལྷན་ཅིག་འདུག་མི་བྱ། །ཁ་ན་མ་ཐོ་མི་བཅབ་ཅིང་། །སྙན་དུ་འགྱུར་བར་མི་བྱ་སྟེ། །འདི་རྣམས་དགེ་སློང་མ་རྣམས་ཀྱི། །ཆོས་དྲུག་ཅེས་ནི་རབ་ཏུ་བརྗོད། །ས་ལེ་སྦྲམ་ནི་ལེན་པ་དང་། །གསང་བའི་གནས་ཀྱི་སྤུ་འབྲེག་དང་། །ས་རྣམས་བརྐོ་བར་བྱེད་པ་དང་། །རྩ་སྔོན་ལ་སོགས་གཅད་མི་བྱ། །བྱིན་ལེན་མ་བྱས་ཟ་བ་དང་། །སོག་འཇོག་བྱས་པ་ཟ་བ་ལས། །རབ་བཟློག་ཅེས་བྱ་དེ་བཞིན་གཞན། །རྗེས་མཐུན་ཆོས་ནི་དྲུག་ཏུ་བརྗོད། །ཞེས་མེ་ཏོག་ཕྲེང་རྒྱུད་དུ་བཤད་པ་ལྟར་སློབ་པར་བྱའོ། །

དགེ་ཚུལ་གྱི་སྡོམ་པ་ནི། གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང་། །མི་ཚངས་སྤྱོད་བརྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེན་མཐོ་བ་དང་། །ཕྱི་དྲོའི་ཁ་ཟས་གསེར་དངུལ་གཉིས་སྤོང་སྟེ། །ཉོན་མོངས་དགྲ་གཡུལ་རྒྱལ་བྱེད་ཚུལ་ཁྲིམས་ཏེ། །དགེ་ཚུལ་བརྟུལ་ཞུགས་ཆུ་ལོན་བརྩིགས་པ་དང་། ཞེས་པའི་སྤང་བྱ་བཅུ་སྤོང་བའོ། །དགེ་ཚུལ་མའི་སྡོམ་པ་ནི་དེ་བུད་མེད་ལ་སྐྱེས་པའོ། །དེ་དག་རབ་ཏུ་བྱུང་བའི་སྡོམ་པ་ཡིན་ལ། དེ་དག་ནི་རང་གིས་ལེན་པ་མིན་གྱི་གཞན་ཁོ་ན་ལས་བླང་བར་བྱ་བ་ཡིན་ཏེ། གལ་ཏེ། རབ་ཏུ་བྱུང་བའི་སྡོམ་པ་དེ་དག་རང་ཉིད་ཀྱིས་བླང་བར་བཏུབ་ན་ནི། གང་དག་རབ་ཏུ་བྱུང་བར་འོས་པ་མ་ཡིན་པ་དག་ཀྱང་། རང་ཉིད་ལ་རག་ལས་པའི་རབ་ཏུ་བྱུང་བར་འགྱུར་ལ། དེ་དག་གིས་བསྟན་པ་མི་བརྟན་ཞིང་། དམ་པའི་ཆོས་འདུལ་བ་ཡང་མོད་པར་འགྱུར་བའི་ཕྱིར་རོ། །

དགེ་བསྙེན་གྱི་སྡོམ་པ་ནི། དགེ་བསྙེན་གྱི་སྡོམ་པ་བརྒྱད། ཇི་སྲིད་འཚོའི་བར་གསོད་དང་རྐུ། །ལོག་པར་གཡེམ་དང་བརྫུན་གྱི་ཚིག །ཆང་གི་བཏུང་བ་རྣམས་ལས་ལྡོག །ཅེས་པ་ལྟར་སྤང་བྱ་ལྔ་སྤོང་བ་སྟེ། དགེ་བསྙེན་མའི་སྡོམ་པ་ནི། དེ་བུད་མེད་ཀྱི་རྟེན་ལ་སྐྱེས་པའོ། །དགེ་བསྙེན་གྱི་སྡོམ་པ་དེ་ཡང་ཡན་ལག་གསུམ་གྱིས་བསྡུས་ཏེ། འདི་ལྟར། གཞན་ལ་གནོད་པའི་དངོས་པོ་སྤོང་བ་ཡང་དག་པར་བླངས་པའི་ཡན་ལག་དང་། ཡང་དག་པར་བླངས་པ་ལས་ཉམས་པ་ཕྱིར་གསོ་བའི་ཡན་ལག་དང་། ཡང་དག་པར་བླངས་པ་ལས་མི་ཉམས་པའི་ཡན་ལག་གོ །དེ་ལ་གཞན་གྱི་སྲོག་དང་ལོངས་སྤྱོད་དང་། ཆུང་མ་ལ་གནོད་པ་སྤོང་བ་ནི་ཡན་ལག་དང་པོའོ། །བརྫུན་དུ་སྨྲ་བ་སྤོང་བ་ནི་ཡན་ལག་གཉིས་པའོ། །ཆང་དང་བཅོས་པའི་ཆང་དང་། སྦྱར་བའི་དང་། བག་མེད་པའི་གནས་སྤོང་བ་ནི་ཡན་ལག་གསུམ་པའོ། །

བསྙེན་གནས་པའི་སྡོམ་པ་ནི། བཤེས་པའི་སྤྲིང་ཡིག་ཏུ། འཚེ་དང་འཁྲིག་པ་ཆོམ་རྐུན་བརྫུན། །ཆང་དང་དུས་མིན་ཟས་ལ་ཆགས། །མལ་སྟན་མཐོ་ལ་དགའ་དང་གླུ། །གར་དང་ཕྲེང་བའི་ཁྱད་པར་སྤོང་། །དགྲ་བཅོམ་བརྟུལ་ཞུགས་རྗེས་བྱེད་པའི། །ཡན་ལག་བརྒྱད་པ་འདི་ལྡན་ན། །གསོ་སྦྱོང་ཞེས་པ་ལྟར། སྤང་བྱ་བརྒྱད་སྤོང་བའོ། །དེ་ཡང་ཡན་ལག་ལྔས་བསྡུས་པ་ཡིན་ཏེ། འདི་ལྟར་གཞན་ལ་གནོད་པ་སྤོང་བ་ཡང་དག་པར་ལེན་པའི་ཡན་ལག་དང་། བདག་དང་གཞན་ལ་གནོད་པ་སྤོང་བ་ཡང་དག་པར་ལེན་པའི་ཡན་ལག་དང་། ཡང་དག་པར་བླངས་པ་ལས་ཉམས་པ་ཕྱིར་གསོ་བའི་ཡན་ལག་དང་། ཡང་དག་པར་བླངས་པ་ལས་མི་ཉམས་པར་བྱ་བའི་ཕྱིར། དྲན་པ་ཉེ་བར་འཇོག་པའི་ཡན་ལག་དང་། དྲན་པ་རྨོངས་པར་མི་འགྱུར་བའི་ཡན་ལག་གོ །དེ་ལ་གཞན་གྱི་སྲོག་དང་། ལོངས་སྤྱོད་ལ་གནོད་པ་སྤོང་བ་ཡན་ལག་དང་པོའོ། །མི་ཚངས་པར་སྤྱོད་པ་སྤོང་བ་ནི་ཡན་ལག་གཉིས་པ་ཡིན་ཏེ། འདི་ལྟར་དེ་སྤངས་པ་ནི་རང་གི་ཆུང་མ་ལ་མི་བརྟེན་པས། བདག་ལ་གནོད་པར་མི་འགྱུར་ཞིང་། གཞན་གྱི་ཆུང་མ་ལ་མི་བརྟེན་པས། གཞན་ལ་གནོད་པར་ཡང་མི་འགྱུར་བའི་ཕྱིར་རོ། །བརྫུན་སྨྲ་བ་སྤོང་བ་ནི་ཡན་ལག་གསུམ་པ་ཡིན་ནོ། །ཆང་དང་བཅོས་པའི་ཆང་དང་སྦྱར་བའི་ཆང་དང་བག་མེད་པའི་གནས་སྤོང་བ་མ་གཏོགས་པ་དེ་ལས་གཞན་པའི་གནས་གསུམ་པོ་སྤོང་བ་ནི་ཡན་ལག་བཞི་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཏེ་དུས་རྟག་ཏུ་གར་དང་གླུ་དང་རོལ་མོའི་སྒྲ་དང་། སྤོས་དང་མེ་ཏོག་གི་ཕྲེང་བ་དང་ཁྲི་སྟན་མཐོན་པོ་དང་། དུས་མ་ཡིན་པའི་ཟས་ལ་བརྟེན་པ་དེ་དག་གིས། བདག་ཉིད་དབེན་པར་ཡུད་ཙམ་ལ་མཐོང་བ་ན། བདག་ནི་གསོ་སྦྱོང་གིས་གསོ་སྦྱོང་བྱས་པ་ཡིན་ནོ་སྙམ་དུ་དུས་རྟག་ཏུ་དྲན་པ་ཉེ་བར་བཞག་པ་ལ་གནས་པར་འགྱུར་བའི་ཕྱིར་རོ། །ཆང་ལ་སོགས་པ་སྤོང་བ་ནི་ཡན་ལག་ལྔ་པ་ཡིན་ཏེ། འདི་ལྟར་བདག་ནི་དྲན་པ་ཉེ་བར་བཞག་སྟེ་གནས་པ་ཡིན་ནོ་སྙམ་དུ་སེམས་ཀྱང་། ཡན་ལག་དེས་ནི་ཆང་གིས་མྱོས་པས་མྱོས་ཤིང་རྨོངས་ཏེ། རང་དབང་མེད་པར་འཇུག་པར་འགྱུར་བའི་ཕྱིར་རོ། །ཕྱི་མ་གསུམ་ནི། ཁྱིམ་པའི་ཕྱོགས་སུ་གཏོགས་པའི་སྡོམ་པ་ཡིན་ལ། དེ་དག་ནི་རང་གིས་ཀྱང་ལེན་པར་བྱེད་ལ། གཞན་ལས་ཀྱང་ལེན་པར་བྱེད་དོ། །

གལ་ཏེ་དེ་དག་ལ་རང་གིས་བླངས་པ་ཡང་ཡོད་ན་དེ་ཅིའི་ཕྱིར་གཞན་ལས་ལེན་པར་བྱེད་ཅེ་ན། གཉིས་པོ་འདི་དག་ཚུལ་ཁྲིམས་འཆལ་པ་སྤོང་བ་ཡང་དག་པར་བླངས་པའི་ཚུལ་ཁྲིམས་རྗེས་སུ་བསྲུང་བའི་ཡན་ལག་ཡིན་ཏེ། འདི་ལྟར་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པའོ། །གཞན་ལ་ཡང་དག་པར་བླངས་པ་ན། ཁ་ན་མ་ཐོ་བ་ཀུན་དུ་གཅོད་པའི་གཞི་ཉེ་བར་གནས་ཀྱང་། གཞན་ལ་བརྟེན་པ་དང་། བདག་ཉིད་ལ་བརྟེན་ནས་འཛེམ་པ་ཉེ་བར་གནས་པར་འགྱུར་བས། དེའི་ཕྱིར་གཞན་ལས་ཡང་དག་པར་ལེན་པར་བྱེད་དོ། །འབོགས་པར་བྱེད་པ་ཉེ་བར་མི་གནས་པ་ན་རང་གིས་ཡང་དག་པར་བླངས་ཤིང་། དེ་ཁོ་ན་ཉིད་དུ་བསྲུང་བར་བྱེད་པ་གང་ཡིན་པ་དེ་ལ་ཡང་བསོད་ནམས་མཚུངས་ཤིང་ཁྱད་པར་མེད་པར་སྐྱེ་བར་རིག་པར་བྱའོ། །ཅིའི་ཕྱིར་བསྙེན་གནས་པའི་སྡོམ་པ་ལས་དགེ་ཚུལ་གྱི་སྡོམ་པ་ལ་གསེར་དངུལ་ལེན་པ་སྤོང་བར་བཅའ་བ་མཛད་ཅེ་ན། འདི་ལྟར་དགེ་ཚུལ་ནི་རབ་ཏུ་བྱུང་བའི་ཕྱོགས་ལ་གནས་པས། རབ་ཏུ་བྱུང་བ་ལ་ནི་གནས་གཉིས་ཤིན་ཏུ་མི་འཛེས་ཤིང་ཚུལ་དང་མི་མཐུན་པ་ཡིན་ཏེ། འདི་ལྟར་འདོད་པ་བསོད་སྙོམས་ཀྱི་མཐར་ལྷུང་བ་རྩེད་མོའི་དགའ་བ་དང་། ཆ་སྒེག་ཇི་ལྟར་འདོད་པ་བཞིན་དུ་སྤྱོད་པ་ལ་བརྩོན་པ་གང་ཡིན་པ་དང་། སོག་འཇོག་གི་ལོངས་སྤྱོད་པའོ། །དེ་ལ་ཚུལ་དང་མི་མཐུན་པའི་གནས་དང་པོ་སྤང་བའི་ཕྱིར་ནི། གར་དང་གླུ་དང་རོལ་མོའི་སྒྲ་ལ་སོགས་པ་ནས། དུས་མ་ཡིན་པའི་ཟས་ཀྱི་བར་དུ་སྤོང་བ་བཅས་སོ། །ཚུལ་དང་མི་མཐུན་པའི་གནས་གཉིས་པ་སྤང་བའི་ཕྱིར་གསེར་དངུལ་ལེན་པ་སྤོང་བ་བཅས་ཏེ། གསེར་དངུལ་ནི་སོག་འཇོག་ཐམས་ཅད་ཀྱི་རྩ་བ་དང་གཙོ་བོ་ཡིན་པའི་ཕྱིར་རོ། །ཁྱིམ་པའི་ཕྱོགས་ལ་ནི་སོག་འཇོག་དེ་ཙམ་དུ་ཉེས་པ་མི་ཆེ་ཞིང་། ཚུལ་དང་མི་མཐུན་པ་མེད་པས་དེའི་ཕྱིར་བསྙེན་གནས་ཀྱི་ཡན་ལག་ཏུ་གསེར་དངུལ་ལེན་པ་སྤོང་བ་མ་བཅས་སོ། །ཅིའི་ཕྱིར་གར་དང་གླུ་དང་རོལ་མོའི་སྒྲ་དང་སྤོས་དང་ཕྲེང་བ་དང་བྱུག་པ་འཆང་བ་གང་ཡིན་པ་བསྙེན་གནས་པའི་སྡོམ་པ་ལ་ནི་ཡན་ལག་གཅིག་ཏུ་བྱས་ལ། དགེ་ཚུལ་ལ་ནི་ཡན་ལག་གཉིས་སུ་མཛད་དེ་བཅས་ཞེ་ན། ཁྱིམ་པ་ལ་ཅི་ནས་ཀྱང་དེ་ལས་འགལ་ན་ཉེས་པ་གཅིག་བཤགས་པར་ཟད་ཀྱི། གཉིས་མི་དགོས་པར་བྱ་བའི་ཕྱིར་ཡང་བར་མཛད་ནས་བསླབ་པ་གཅིག་ཏུ་བསྡུས་ལ་རབ་ཏུ་བྱུང་བའི་ཚུལ་དང་མི་མཐུན་པས་དེ་དང་འགལ་ན་ཉེས་པ་གཉིས་བཤགས་དགོས་ཀྱི། གཅིག་མ་ཡིན་པར་བྱ་བའི་ཕྱིར་ལྕི་བར་མཛད་ནས་ཡན་ལག་གཉིས་སུ་བཅས་སོ། །

སྡོམ་པ་དེ་དག་གི་དབྱེ་བ་དང་བསྡུ་བ་ཅི་ལྟ་བུ་ཞེ་ན། སྡོམ་པ་ཡང་དག་པར་བླངས་པ་དེ་དག་ཀྱང་རྒྱས་པར་ཕྱེ་ན་རྣམ་པ་བརྒྱར་གཏོགས་པར་རིག་པར་བྱ་སྟེ། འདི་ལྟར་མི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་ཕྱོགས་རེ་སྤོང་བ་བཅུ་དང་། ཕལ་ཆེར་སྤོང་བ་བཅུ་དང་། མཐའ་དག་སྤོང་བ་བཅུ་དང་དུས་ཡུན་ཐུང་ངུར་སྤོང་བ་བཅུ་དང་། དུས་ཡུན་རིང་པོར་སྤོང་བ་བཅུ་དང་། ཇི་སྲིད་འཚོའི་བར་དུ་སྤོང་བ་བཅུ་དང་། བདག་ཉིད་སྤོང་བ་བཅུ་དང་། གཞན་སྤོང་དུ་འཇུག་པ་བཅུ་དང་། དེ་དག་གི་སྔགས་པ་རྣམས་གྲངས་དུ་མར་བརྗོད་པ་བཅུ་དང་། གཞན་སྤོང་བ་མཐོང་བ་ལ་དགའ་བ་དང་། ཡིད་བདེ་བ་འཛིན་པ་བཅུའོ། །དེ་དག་ཐམས་ཅད་ཀྱང་རྣམ་པ་བརྒྱད་དུ་འགྱུར་ཏེ། འདི་ལྟར་ཀུན་ནས་སློང་བའི་སྡོམ་པ་དང་། ཡོངས་སུ་འཛིན་པའི་སྡོམ་པ་དང་། ཀུན་ཏུ་བསྲུང་བའི་སྡོམ་པ་དང་། ཕྱིར་ལེན་པའི་སྡོམ་པ་དང་། སྡོམ་པ་ཆུང་ངུ་དང་སྡོམ་པ་འབྲིང་དང་སྡོམ་པ་ཆེན་པོ་དང་ཡོངས་སུ་དག་པའི་སྡོམ་པའོ། །དེ་ལ་ཡང་དག་པར་ལེན་པའི་སྔ་རོལ་དུ་སྤོང་བ་ཡང་དག་པར་བླང་ངོ་སྙམ་དུ་སེམས་མངོན་པར་འདུ་བྱེད་པ་གང་ཡིན་པ་དེ་ནི་དང་པོའོ། །གང་གི་ཚེ་སྤོང་བ་ཡང་དག་པར་ལེན་ཅིང་འཛིན་པར་བྱེད་པ་དེ་ནི་གཉིས་པའོ། །

དེའི་འོག་ཏུ་སྤོང་བའི་སེམས་དཔའ་དབང་པོ་ལྔས་ཡོངས་སུ་ཟིན་པ་གནས་སྐབས་ཐམས་ཅད་དུ་ས་བོན་དང་ལྡན་ཞིང་སྐབས་སྐབས་སུ་མངོན་དུ་གྱུར་པའི་སྒོ་ནས་ཇི་ལྟར་བླངས་པ་ཀུན་ཏུ་བསྲུང་བ་ཉིད་འབྱུང་ཞིང་དེས་སྡིག་པའི་གྲོགས་པོ་དང་ཕྲད་པའམ། ཉོན་མོངས་པ་མང་བས་སྡིག་པ་ཀུན་ཏུ་སྤྱོད་པ་ལ་འདུན་པ་བྱུང་ངོ་ཅོག་ལ་འཛེམ་ཞིང་། བདག་ལ་འགལ་བར་གྱུར་ཅིང་ངན་སོང་དུ་འགྲོ་བར་ནི་མི་རུང་ངོ་སྙམ་ནས་སེམས་པར་བྱེད་པ་དེ་ནི་གསུམ་པ་ཡིན་ནོ། །གལ་ཏེ་བརྒྱ་ལས་བརྗེད་པས་སྡིག་པ་ཀུན་ཏུ་སྤྱད་ན་མྱུར་བ་མྱུར་བ་དེ་ཁོ་ནར་དྲན་པ་ཉེ་བར་བཞག་སྟེ། ཉེས་པ་ལ་ཉེས་པར་འཆགས་ཤིང་། སླར་སྡོམ་པར་བྱེད་པ་ནི་བཞི་པ་ཡིན་ནོ། །ལས་ལམ་གྱི་ཕྱོགས་གཅིག་སྤོང་བར་བྱེད་པ་དང་དུས་ཡུན་ཐུང་ངུ་བདག་ཉིད་ཙམ་སྤོང་བར་བྱེད་པ་དེ་ནི་ཆུང་ངུ་ཡིན་ནོ། །ཕལ་ཆེར་སྤོང་བ་དང་དུས་ཡུན་རིང་པོར་སྤོང་བ་དང་། གཞན་ཡང་སྤོང་དུ་འཇུག་པ་ནི་འབྲིང་ཡིན་ནོ། །ཐམས་ཅད་དང་དུས་ཐམས་ཅད་དུ། བདག་ཉིད་ཀྱང་སྤོང་ལ་གཞན་ཡང་སྤོང་དུ་འཇུག་པ་དང་དེ་དག་གི་བསྔགས་པ་རྣམ་གྲངས་དུ་མར་བརྗོད་པ་དང་། ཆོས་མཐུན་པ་མཐོང་ན། དགའ་བ་དང་ཡིད་བདེ་བ་འཛིན་པ་དེ་ནི་ཆེན་པོ་ཡིན་ནོ། །དེ་ལྟ་བུའི་ཡང་དག་པ་བླངས་པའི་སྡོམ་པ་སྐྱོན་མེད་པ་ལ་བརྟེན་ནས། ཟག་བཅས་ཀྱི་བསམ་གཏན་གྱིས་འཆལ་བའི་ཚུལ་ཁྲིམས་ཀྱི་ས་བོན་ཞི་གནས་ཀྱི་ཉམས་པར་བྱས་པ་དང་། བདེན་པ་མངོན་པར་རྟོགས་ཏེ། འཆལ་བའི་ཚུལ་ཁྲིམས་ཀྱི་ས་བོན་ཡང་དག་པར་བཅོམ་པ་གང་ཡིན་པ་དེ་ནི་ཡོངས་སུ་དག་པའི་སྡོམ་པ་ཡིན་ནོ། །སྡོམ་པ་རྣམ་པ་བརྒྱད་པོ་དེ་དག་ཀྱང་མདོར་བསྡུས་ན། སྡོམ་པ་རྣམ་པ་གསུམ་དུ་འགྱུར་ཏེ། འདི་ལྟར་ཡང་དག་པར་ལེན་པའི་སྡོམ་པ་དང་། ཀུན་དུ་འཛིན་པའི་སྡོམ་པ་དང་། ཡོངས་སུ་དག་པའི་སྡོམ་པའོ། །དེ་ལ་སྡོམ་པ་དང་པོ་གཉིས་ནི་ཡང་དག་པར་ལེན་པའི་སྡོམ་པ་ཡིན་ནོ། །ཀུན་ཏུ་བསྲུང་བའི་སྡོམ་པ་དང་ཕྱིར་ལེན་པའི་སྡོམ་པ་གཉིས་ནི་ཀུན་ཏུ་འཛིན་པའི་སྡོམ་པ་ཡིན་ནོ། །

སྡོམ་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་ནི། དེ་གཉིས་ཀའི་ཁོངས་སུ་གཏོགས་པར་ཤེས་པར་བྱའོ། །ཡང་དག་པར་ལེན་པའི་སྡོམ་པ་དང་ཀུན་དུ་འཛིན་པའི་སྡོམ་པ་གཉིས་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་བསམ་གཏན་གྱིས་ཡོངས་སུ་དག་པར་བྱས་པ་ནི་ཡོངས་སུ་དག་པའི་སྡོམ་པ་ཡིན་ལ། དེ་ཡང་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་ཡིན་ནོ། །དེ་ལ་རྒྱུ་དུས་དགེ་སློང་གི་སྡོམ་པ་ལེན་པར་མི་འགྱུར་ཞིང་། ལེན་པར་འདོད་ཀྱང་ཐོབ་པར་མི་འགྱུར་ཞེ་ན། མདོར་བསྡུས་ན་རྒྱུ་དྲུག་གིས་ཏེ། བསམ་པ་ཉམས་པ་དང་། ལུས་ཉམས་པ་དང་། སྐྱེས་པ་ཉམས་པ་དང་། དགེ་བའི་ཆོས་ཉམས་པ་དང་། གཞན་གྱི་དབང་དུ་གྱུར་པ་དང་། གཞན་རྗེས་སུ་བསྲུང་བའོ། །དེ་ལ་བསམས་པ་ཉམས་པ་ནི་སྙིང་ཐག་པ་ནས་ལེན་འདོད་མེད་པར་འཇིགས་སྐྱོབ་ལ་སོགས་པའི་དོན་དུ་གཞན་ངོ་ཙམ་དུ་བསླབ་པ་ལེན་པའོ། །ལུས་ཉམས་པ་ནི་འབྲས་དང་ཕོལ་མིག་ལ་སོགས་པ་བར་ཆད་ཀྱི་ཆོས་སུ་གསུངས་པའི་ནད་རྣམས་དང་ལྡན་པའོ། །སྐྱེས་པ་ཉམས་པ་ནི་ཟ་མ་དང་མ་ནིང་ལ་སོགས་པའོ། །དགེ་བའི་ཆོས་ཉམས་པ་ནི། མཚམས་མེད་པ་བྱེད་པ་དང་། མུ་སྟེགས་ཅན་དང་། རྐུ་ཐབས་སུ་གནས་པ་དང་། ཐ་དད་དུ་གནས་པ་དང་གནས་པར་མི་བྱ་བ་རྣམས་ཡིན་ནོ། །གཞན་གྱི་དབང་དུ་གྱུར་པ་ནི་ཕ་མས་མ་གནང་བ་ལ་སོགས་པའོ། །གཞན་རྗེས་སུ་བསྲུང་བ་ནི་སྤྲུལ་པའོ། །དེ་ལ་གཉིས་པ་དང་ལྔ་པ་ནི་མཛེས་པ་དང་གནས་པའི་བར་དུ་གཅོད་པ་ཡིན་གྱི་སྡོམ་པ་སྐྱེ་བའི་བར་དུ་གཅོད་པ་ནི་མ་ཡིན་ནོ། །གཞན་རྣམས་ནི་སྐྱེ་བའི་བར་དུ་གཅོད་པ་ཡིན་ནོ། །རྒྱུ་དུས་དགེ་བསྙེན་གྱི་སྡོམ་པ་ལེན་པར་མི་འགྱུར་ཞེ་ན་མདོར་བསྡུ་ན་གཉིས་ཀྱི་སྟེ། བསམ་པ་ཉམས་པ་དང་སྐྱེས་པ་ཉམས་པས་སོ། །དེ་ལ་བསམ་པ་ཉམས་པས་ནི་རྣམ་པ་ཐམས་ཅད་ལེན་པར་མི་འགྱུར་བ་ཁོ་ནར་ཁོང་དུ་ཆུད་པར་བྱའོ། །སྐྱེས་པ་ཉམས་པས་ནི་ལེན་པ་ཡོད་དུ་ཟིན་ཀྱང་དགེ་བསྙེན་དུ་བརྗོད་པར་མི་བྱ་སྟེ། རྒྱུ་རྐྱེན་འོག་ནས་བཤད་པར་བྱའོ། །བསྙེན་གནས་པའི་སྡོམ་པ་ནི་བསམ་པ་ཉམས་པ་ཁོ་ནས་ལེན་པར་མི་འགྱུར་བར་བརྗོད་པར་བྱའོ། །དེ་ལ་རྒྱུ་དུས་དགེ་སློང་གི་སྡོམ་པ་བླངས་ཀྱང་གཏོང་བར་འགྱུར་ཞེ་ན། མདོར་བསྡུ་ན་རྒྱུ་ལྔ་སྟེ། བསླབ་པའི་གཞི་འབུལ་བ་དང་། རྩ་བའི་ལྟུང་བ་ལྷག་པར་སྤྱད་པ་དང་། མཚན་ནུབ་ཅིང་མཚན་གཉིས་སྐྱེས་པ་དང་། དགེ་བའི་རྩ་བ་གཅད་པ་དང་། རིགས་མཐུན་སྤངས་བས་ཀྱང་དགེ་སློང་གི་སྡོམ་པ་བླངས་པ་གཏོང་བར་འགྱུར་རོ། །དམ་པའི་ཆོས་ནུབ་པ་ལ་ནི་མ་བླངས་པ་བླང་དུ་མེད་ཀྱི་སྔར་བླངས་པ་ནི་མི་གཏོང་བར་རིགས་པར་བྱ་སྟེ། འདི་ལྟར་དེའི་ཚེ་ན་དུས་ངན་པ་བྱུང་བས་སེམས་ཅན་འགའ་ཡང་བསམ་པ་ཉམས་པས་བསྙེན་པར་རྫོགས་པར་འགྱུར་བ་ཡང་མེད་ན། དགེ་སྦྱོང་གི་འབྲས་བུ་ཐོབ་པ་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། །དགེ་སྙེན་གྱི་སྡོམ་པ་ནི་མི་མཐུན་པའི་སེམས་སྐྱེས་པ་དང་། དགེ་བའི་རྩ་བ་ཆད་པ་དང་རིས་མཐུན་བོར་བས་གཏོང་བར་རིག་པར་བྱའོ། །དམ་པའི་ཆོས་ནུབ་པས་དགེ་སློང་གི་སྡོམ་པ་ཇི་ལྟ་བ་བཞིན་དུ། དགེ་བསྙེན་དང་བསྙེན་གནས་པའི་སྡོམ་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །བསྙེན་གནས་ཀྱི་སྡོམ་པ་ནི། མི་མཐུན་པའི་སེམས་སྐྱེས་པ་དང་། མཚན་མོ་འདས་པ་དང་སྔ་རོལ་དུ་རིས་མཐུན་སྤོང་བས་གཏོང་བར་ཁོང་དུ་ཆུད་པར་བྱའོ། །གཉིས་པ་སྡོམ་པའི་རྟེན་གྱི་གང་ཟག་ལ་དཔྱད་པ་ནི་རབ་ཏུ་བྱུང་བའི་སྡོམ་པ་གང་ཟག་ཇི་ལྟ་བུའི་དབང་དུ་བྱས་ནས་རྣམ་པར་བཞག་ཞེས་པ་ལ་སོགས་པ་གསུངས་སོ། །དེ་ལ་དོན་ནི་འདི་ཡིན་ཏེ། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱི་སྡོམ་པ་གསུམ་པོ་འདི་ལྟ་སྟེ། དགེ་སློང་གི་སྡོམ་པ་དང་དགེ་བསྙེན་གྱི་སྡོམ་པ་དང་བསྙེན་གནས་ཀྱི་སྡོམ་པ་དེ་དག་རྣམ་པར་བཞག་ཅེ་ན། རྒྱུ་གསུམ་གྱིས་ཏེ། འདི་ལྟར་གདུལ་བྱ་ནི། གང་དག་ཉེས་པར་སྤྱོད་པ་ལས་དབེན་པར་སྤྱོད་ཅིང་འདོད་པ་ལས་དབེན་པར་སྤྱོད་པ་དག་ཀྱང་ཡོད། གང་དག་འདོད་པ་ལས་དབེན་པར་མི་སྤྱོད་ཅིང་ཉེས་པར་སྤྱོད་པ་ལ་དབེན་པར་སྤྱོད་པ་དག་ཀྱང་ངོ་། །གང་དག་ཉེས་པར་སྤྱོད་པ་ལ་དབེན་པར་མི་སྤྱོད་ཅིང་འདོད་པ་ལ་ཡང་དབེན་པར་མི་སྤྱོད་པ་དག་ཀྱང་ཡོད་དོ། །དེ་ལ་གདུལ་བྱ་དང་པོའི་དབང་དུ་མཛད་ནས། དགེ་སློང་གི་སྡོམ་པ་རྣམ་པར་བཞག་སྟེ། དེ་ནི་སྲོག་གཅོད་པ་ལ་སོགས་པ་ཉེས་པར་སྤྱོད་པ་ལས་ཀྱང་དབེན་པར་སྤྱོད་ལ། མི་ཚངས་པར་སྤྱོད་པའི་འདོད་པ་ལས་ཀྱང་དབེན་པར་སྤྱོད་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །གདུལ་བྱ་གཉིས་པའི་དབང་དུ་མཛད་ནས་དགེ་བསྙེན་གྱི་སྡོམ་པ་རྣམ་པར་བཞག་སྟེ། ཁྱིམ་གྱི་གནས་གནོད་པ་དང་ཉོན་མོངས་པའི་གནས་ན་གནས་པས་ནི། བསླབ་པའི་གཞིའི་ཚིགས་གཅིག་དུ་ལུ་གུ་རྒྱུད་ལྟར་འབྲེལ་པ་ཡོངས་སུ་རྫོགས་པར་བསྲུང་མི་ནུས་པའི་ཕྱིར་རོ། །གདུལ་བྱ་རྣམ་པ་གསུམ་པའི་དབང་དུ་མཛད་ནས་བསྙེན་གནས་ཀྱི་སྡོམ་པ་རྣམས་བཞག་སྟེ། དེ་ནི་གཉིས་ཀ་ལ་དབེན་པར་སྤྱོད་པ་མ་ཡིན་ཏེ། དེ་གཉིས་ཀྱི་རྒྱུ་སྤོང་བ་ཙམ་ཡང་དག་པར་བླངས་ནས། བདག་ནི་ཁུར་ཤིན་ཏུ་ལྕི་བས་ནོན་པ་ཡིན་ནོ་སྙམ་དུ་སེམས་པའི་ཕྱིར་རོ། །དེའི་ཡན་ལག་ནི་གསུམ་སྟེ། ཉེས་པ་སྤྱོད་པ་ལ་དབེན་པས་རབ་ཏུ་ཕྱེ་བ་ནི་དང་པོ་གསུམ་མོ། །འདོད་པ་སྤྱོད་པ་ལས་དབེན་པས་རབ་ཏུ་ཕྱེ་བ་ནི་ཐ་མ་བཞི་ཡིན་ནོ། །གཅིག་ནི་གཉིས་ཀས་རབ་ཏུ་ཕྱེ་བ་ཡིན་ཏེ། མི་ཚངས་པར་སྤྱོད་པ་སྤོང་བའོ། །དགེ་བསྙེན་ཁྱད་པར་དུ་བཤད་པ་ལ་གཉིས་ལས་བསླབ་གྲངས་ལ་དཔྱད་པ་ནི་དགེ་བསྙེན་བསླབ་པའི་གཞི་ལྔའི་ཕྱོགས་གཅིག་སྲོག་གཅོད་སྤོང་བ་ལྟ་བུ་གཅིག་གམ་གཉིས་ལ་སོགས་པ་ཡང་དག་པར་བླངས་ནས་སློབ་ན་དགེ་བསྙེན་གྱི་སྡོམ་པ་དང་ལྡན་པའམ། མི་ལྡན་པ་ཡིན་ཞེ་ན། མིང་ཆེན་གྱི་མདོར། བཙུན་པ་ཇི་ཙམ་གྱིས་ན་སྣ་གཅིག་གཅོད་པའི་དགེ་བསྙེན་དུ་འགྱུར་ལགས་ཞེས་སོགས་ཞུས་པའི་ལན་དུ་གཅིག་སྤོང་བ་སྣ་གཅིག་སྤྱོད་པ་དང་གཉིས་སྤོང་བ་ཕྱོགས་གཅིག་སྤོང་བ་དང་གསུམ་མམ་བཞི་སྤོང་ན་ཕལ་ཆེར་སྤྱོད་པ་དང་ལྔ་བཅར་སྤྱོད་ན་ཡོངས་སུ་རྫོགས་པའི་དགེ་བསྙེན་དུ་གསུངས་པའི་ཕྱིར་ལྡན་པ་ཞེས་བྱ་བ། བསླབ་པའི་གཞི་ལྷག་མ་མི་བསྲུང་བ་ལ་ལྟོས་ནས་ཚུལ་ཁྲིམས་འཆལ་པ་ཞེས་ཀྱང་བྱའོ། །

གང་ཟག་ལ་དཔྱད་པ་ནི་ཟ་མ་དང་མ་ནིང་རྣམས་ལ་ཞེས་ཏེ། དགེ་སློང་དང་དགེ་སློང་མ་ལ་བསྙེན་བཀུར་བྱེད་པའི་ངང་ཚུལ་ཅན་ནི། དགེ་བསྙེན་དང་དགེ་བསྙེན་མ་ཞེས་བྱ་བ་ཡིན་ན། དེ་དག་གིས་དགེ་བསྙེན་གྱི་བསླབ་པའི་གཞི་སྡམས་སུ་ཟིན་ཀྱང་། དགེ་སློང་ལ་ཡང་དང་ཡང་དུ་ཀུན་ཏུ་འདྲེས་པས་བསྙེན་བཀུར་མི་བྱ་ལ། དགེ་སློང་མ་ལ་ཡང་མ་ཡིན་ནོ། །དགེ་སློང་དང་དགེ་སློང་མ་དེ་དག་གིས་ཀྱང་དེ་དག་ལས་བསྙེན་བཀུར་བ་བདག་གིར་མི་བྱ་ཞིང་། རེག་པར་ཡང་མི་བྱ་ལ། དགེ་བསྙེན་དང་དགེ་བསྙེན་མ་ཇི་ལྟ་བ་དེ་བཞིན་དུ་ཡིད་བརྟན་པར་ཡང་བྱ་བ་མ་ཡིན་པས་དགེ་སློང་དང་དགེ་སློང་མ་དག་ལ་བསྙེན་བཀུར་བྱ་བའི་འོས་མ་ཡིན་ལ། དེའི་ཕྱིར་དགེ་སློང་དང་དགེ་སློང་མ་དག་ལ་བསྙེན་བཀུར་བྱེད་པའི་དགེ་བསྙེན་ནི་བཀག་པ་ཡིན་ལ། སྐྱབས་སུ་སོང་ཞིང་དགེ་བསྙེན་གྱི་བསླབ་པའི་གཞི་ཡང་དག་པར་བླངས་ནས་བསྲུང་བར་བྱེད་པ་རྣམས་ཀྱི་བསོད་ནམས་ཡོངས་སུ་འཛིན་པ་ནི་མཚུངས་པར་རིག་པར་བྱའོ། །མ་ནིང་ཞེས་བྱ་བ་དེ་ཇི་ལྟ་བུ་ཞེ་ན་དེ་ནི་རྣམ་པ་ལྔ་སྟེ་དེ་ལ་སྐྱེས་ནས་མ་ནིང་དུ་གྱུར་པ་ནི་གདོད་མ་ནས་ཕོ་མོའི་དབང་པོ་གང་ཡང་མི་ལྡན་པའོ། །ཕྲག་དོག་ཅན་ནི་གཞན་གྱིས་འཁྲིག་པའི་ཆོས་བརྟེན་པ་མཐོང་ན་གདོད་སྐྱེས་པའི་སྤོབས་པ་སྐྱེ་བའོ། །ཟླ་བ་ཕྱེད་པ་ནི། དཀར་ཕྱོགས་སམ་ནག་ཕྱོགས་གང་རུང་ལ་སྐྱེས་པར་འགྱུར་བའོ། །ཀླུགས་པ་ནི་ཁར་མི་གཙང་བ་ཀླུགས་པ་ན་སྐྱེས་པར་འགྱུར་བའོ། །ཉམས་པ་ནི་མཚོན་ལ་སོགས་པས་བཅད་པ་ལ་སོགས་པའོ། །བསྡུ་བར་ནི་མ་ནིང་གསུམ་གསུངས་ཏེ། འདི་ལྟར་སྤོང་བ་མ་ནིང་དང་། ཕྱོགས་གཅིག་པའི་མ་ནིང་དང་། ཉམས་པའི་མ་ནིང་ངོ་། །དེ་ལ་སྐྱེས་པའམ་བུད་མེད་ཀྱི་དབང་པོ་དང་མི་ལྡན་པར་བཙས་པ་གང་ཡིན་པ་དེ་ནི་སྤོང་བ་མ་ནིང་ཞེས་བྱའོ། །དེ་ནི་འདིའི་མ་ནིང་དང་པོ་དང་འདྲའོ། །ཟླ་བ་ཕྱེད་ཅིང་སྐྱེས་པའི་སྤོབས་པ་སྐྱེ་བ་དང་། བདག་ཉིད་ལ་ཕ་རོལ་གྱིས་སུན་འབྱིན་པའམ། གཞན་དག་གིས་འཁྲིག་པའི་ཆོས་སྤྱོད་པ་མཐོང་ན་སྐྱེས་པའི་སྤོབས་པ་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ནི་ཕྱོགས་གཅིག་པའི་མ་ནིང་ཞེས་བྱའོ། །དེ་ནི་འདིའི་ཕྲག་དོག་ཅན་དང་ཟླ་བ་ཕྱེད་པ་ཡིན་ནོ། །ཉམས་པ་ནི་འདྲའོ། །ཀླུགས་པའི་དོན་མ་བཤད་དོ། །དེ་ལ་མ་ནིང་དང་པོ་ནི་ཟ་མ་ཡང་ཡིན་ལ། མ་ནིང་ཡང་ཡིན་ནོ། །གཉིས་པ་ནི་མ་ནིང་ཁོ་ན་ཡིན་ནོ། །

གསུམ་པ་ནི་གལ་ཏེ་ཕ་རོལ་པོ་དག་གིས་དགྲ་ལ་སུན་འབྱིན་པར་མི་བྱེད་ན། ཟ་མ་ཁོ་ན་ཡིན་ལ་མ་ནིང་མ་ཡིན་ནོ། །གལ་ཏེ་སུན་འབྱིན་པར་བྱེད་ན། ཟ་མ་དང་མ་ནིང་གཉིས་ཀ་ཡིན་ནོ། །ཅིའི་ཕྱིར་ཟ་མ་དང་མ་ནིང་དག་རབ་ཏུ་དབྱུང་བར་མི་བྱ་ཞིང་བསྙེན་པར་རྫོགས་པར་མི་བྱ་ཞེ་ན། དེ་དག་ནི་སྐྱེས་པ་དང་བུད་མེད་གཉིས་ཀའི་ཉོན་མོངས་པ་ཤས་ཆེ་བས། དགེ་སློང་གི་ཕྱོགས་སུ་བཞག་ན་ཡང་བུད་མེད་བསྟེན་པའི་ཉེས་པར་འགྱུར་ལ། དགེ་སློང་མའི་ཕྱོགས་སུ་བཞག་ན་ཡང་ནོམ་པ་དང་ཉུག་པ་ལ་སོགས་པའི་སྒོ་ནས་སྐྱེས་པ་བསྟེན་པའི་ཉེས་པར་འགྱུར་བས། དེའི་ཕྱིར་དེ་དག་ནི་རབ་ཏུ་དབྱུང་བར་འོས་པ་མ་ཡིན་ཞིང་། བསྙེན་པར་རྫོགས་པར་བྱ་བ་ཡང་མ་ཡིན་ནོ། །གཞན་ཡང་དེ་དག་ནི་རང་བཞིན་གྱིས་ཉོན་མོངས་པའི་སྒྲིབ་པ་ཤས་ཆེ་བ་ཡིན་པའི་ཕྱིར། དེ་དག་གིས་སོ་སོར་བརྟགས་ཞིང་། སོ་སོར་བརྟགས་ནས་རེ་ཞིག་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པར་འགྱུར་བ་དེ་ལྟ་བུ་ལ་ཀུན་ཏུ་སྤྱོད་པའི་སོ་སོར་བརྟགས་པ་ཡང་སྐྱེད་པར་མི་ནུས་ན་མིའི་ཆོས་བླ་མ་མངོན་སུམ་དུ་བྱེད་པར་ག་ལ་ནུས་ཏེ། དེའི་ཕྱིར་ཡང་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པའི་འོས་མ་ཡིན་ནོ། །

གཉིས་པ་བསམ་གཏན་གྱི་སྡོམ་པ་ནི། ཟག་བཅས་ཀྱི་བསམ་གཏན་ལ་བརྟེན་ནས། སྲོག་གཅོད་པ་ལ་སོགས་པ་འཆལ་པའི་ཚུལ་ཁྲིམས་ཀུན་ནས་སློང་བར་བྱེད་པའི་འདོད་པའི་ཉོན་མོངས་པ་རྣམས་ནི་ས་བོན་ཞི་གནས་ཀྱིས་འཇོམས་པའི་དུས་ན་འདོད་པ་ནས་བསམ་གཏན་གསུམ་པའི་བར་ལ་འདོད་ཆགས་དང་བྲལ་བས་སྤོང་བ་གང་ཡིན་པའོ། །བྱེ་བྲག་ནི་འདི་ཡོད་དེ། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་ནི་འཆལ་པའི་ཚུལ་ཁྲིམས་ཀྱི་ས་བོན་དངོས་སུ་འཇོམས་པར་བྱེད་ལ་དང་པོའི་དངོས་པོ་གཞི་ནས་བཞི་པའི་བར་གྱིས་ནི་དེའི་སྤངས་པ་ཐག་བསྲིང་བར་བྱེད་པའི་གཉེན་པོ་ཡིན་པའི་ཕྱིར་བསམ་གཏན་གྱི་སྡོམ་པ་ཡོད་དོ། །བསམ་གཏན་བཞི་པ་ལ་འདོད་ཆགས་དང་བྲལ་བ་ནི་གཟུགས་མེད་པར་གཏོགས་པ་ཡིན་ལ། དེ་ན་ཡང་གཟུགས་མེད་པའི་ཕྱིར་ཚུལ་ཁྲིམས་ཀྱི་སྡོམ་པ་རྣམ་པར་བཞག་པ་མེད་དོ། །དེ་ནི་འདོད་པ་ལས་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་ལམ་དགུ་པ་ལ་ཐོབ་ཅིང་། གང་གི་ཚེ་བསམ་གཏན་བཞིའི་དངོས་གཞི་དང་ཉེར་བསྡོགས་ཀྱི་སེམས་གཞན་ཐོབ་པ་དེའི་ཚེ་དེ་རྣམ་པར་དག་པར་ཁྱད་པར་དུ་འགྱུར་བ་ཙམ་དུ་ཟད་ཀྱི་བསམ་གཏན་གྱི་སྡོམ་པ་གཞན་དང་གཞན་ཐོབ་པ་ནི་མེད་དོ། །གང་གི་ཚེ་འདོད་པ་ལས་འདོད་ཆགས་དང་བྲལ་བ་ལས་ཉམས་པའི་དེའི་ཚེ། གཏོང་བར་འགྱུར་རོ། །

གསུམ་པ་ཟག་པ་མེད་པའི་སྡོམ་པ་ནི། བདེན་པ་མཐོང་བ་རྣམས་ཀྱི་འཆལ་པའི་ཚུལ་ཁྲིམས་ཀྱི་ས་བོན་ཡང་དག་པར་བཅོམ་པའི་ཟག་མེད་ཀྱི་སྤངས་པ་གང་ཡིན་པའོ། །དེ་ཡང་བདེན་པ་མངོན་པར་རྟོགས་པའི་ཚེ་ཐོབ་ལ་འབྲས་བུ་ཕྱི་མ་དང་སྒོམ་ལམ་གྱི་གནས་སྐབས་ནི་གཉེན་པོ་དང་སྤངས་པ་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བ་ཙམ་དུ་ཟད་དོ། །མདོར་ན་བསམ་གཏན་གྱི་སྡོམ་པ་ནི་འཆལ་པའི་ཚུལ་ཁྲིམས་ཀུན་ནས་སློང་བའི་ཉོན་མོངས་པའི་ས་བོན་ཉམས་པར་བྱེད་པའི་ཟག་བཅས་ཀྱི་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པའི་སེམས་དཔའ་ཡིན་ལ། ཟག་མེད་ཀྱི་སྡོམ་པ་ཡང་འཆལ་ཚུལ་གྱི་ས་བོན་ཡང་དག་པར་འཇོམ་པར་བྱེད་པའི་ཟག་མེད་ཀྱི་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པའི་སེམས་དཔའ་ཡིན་ནོ། །ཞེས་ཤེས་པར་བྱའོ། །དེ་ལ་ཡང་དག་པར་བླངས་པ་བརྡ་ལས་བྱུང་བའི་སྡོམ་པ་དེ་ཉིད། གང་གི་ཚེ་བསམ་གཏན་གྱི་སེམས་ཐོབ་པ་དེའི་ཚེ་མི་མཐུན་ཕྱོགས་ཞི་གནས་ཀྱིས་ཉམས་པར་བྱས་པས་བསམ་གཏན་གྱི་སྡོམ་པ་ཞེས་བྱ་བར་འགྱུར་རོ། །བསམ་གཏན་གྱི་སྡོམ་པ་དེ་ཉིད་གང་གི་ཚེ། བདེན་པ་མངོན་པར་རྟོགས་པ་དེའི་ཚེ། མི་མཐུན་ཕྱོགས་ཀྱི་ས་བོན་ཡང་དག་པར་བཅོམ་པས་ཟག་པ་མེད་པའི་སྡོམ་པ་ཞེས་བྱ་བར་འགྱུར་རོ། །དེའི་ཕྱིར་འཕགས་པ་ཉན་ཐོས་དེ་དག་གི་སོ་སོར་ཐར་པའི་སྡོམ་པ་དང་བསམ་གཏན་གྱི་སྡོམ་པ་དང་ཟག་པ་མེད་པའི་སྡོམ་པ་རྣམས་མིང་ཙམ་ཐ་དད་པར་ཟད་ཀྱི་རྫས་སུ་ཐ་དད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་དགེ་སློང་བསམ་གཏན་ཐོབ་པ་དག་གི་སོ་སོར་ཐར་པའི་སྡོམ་པ་དང་། བསམ་གཏན་གྱི་སྡོམ་པ་ཡང་མིང་ཙམ་ཐ་དད་ཀྱི་རྫས་སུ་མ་ཡིན་ནོ། །དེ་ལྟར་ན་རྟེན་གཅིག་གི་དབང་དུ་བྱས་ན་ཟག་པ་མེད་པའི་སྡོམ་པའི་ནང་དུ་ནི་དེའི་སྡོམ་པ་ཐམས་ཅད་འདུས་པ་ཡིན་ནོ། །བསམ་གཏན་གྱི་སྡོམ་པས་ནི་ཟག་པ་མེད་པའི་སྡོམས་པ་མ་གཏོགས་པ་རྣམས་སོ། །དགེ་སློང་གི་སྡོམ་པས་ནི་བསམ་གཏན་དང་ཟག་མེད་མ་གཏོགས་པ་རྣམས་སོ། །སྡོམ་པ་གསུམ་དང་ལྡན་པའི་གང་ཟག་གཅིག་གི་དབང་དུ་བྱས་ནས་དེ་སྐད་བཤད་ཀྱི། སྤྱིར་སྡོམ་པ་གསུམ་པོ་འདི་དག་གི་རང་བཞིན་མི་འདྲ་བའི་ཁྱད་པར་ཤིན་ཏུ་ཆེ་སྟེ། འདི་ལྟར་ཡང་དག་པར་བླངས་པ་བརྡ་ལས་བྱུང་བའི་སྡོམ་པ་རྣམས་ཀྱི། སྤོང་བ་གང་ཡིན་པ་དེ་དག་ནི་སོ་སོ་ཐ་དད་པ་ཁོ་ན་ཡིན་ཏེ། འདི་ལྟར་སྲོག་གཅོད་པ་སྤོང་བའི་སེམས་དཔའ་གང་ཡིན་པ་དེས་ནི། མ་བྱིན་པ་ལེན་པ་ལ་སོགས་ལས་ཀྱི་ལམ་ལྷག་མ་རྣམས་སྤོང་བར་མི་ནུས་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་སོ། །དེའི་ཕྱིར། སྤོང་བ་བདུན་ནམ་བཅུའི་ངོ་བོ་སོ་སོ་ཐ་དད་པ་ཁོ་ན་ཡིན་ལ། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་དག་གི་སྤོང་བ་ནི་སོ་སོ་ཐ་དད་པ་མ་ཡིན་པ་སྟེ། འདི་ལྟར་འཆལ་བའི་ཚུལ་ཁྲིམས་གཅིག་གི་ས་བོན་འཇོམས་པར་བྱེད་པའི་སྤོང་བ་གང་ཡིན་པ་དེ་ཉིད་ཀྱིས། འཆལ་པའི་ཚུལ་ཁྲིམས་གཞན་རྣམས་ཀྱི་ཡང་ས་བོན་འཇོམས་པར་བྱེད་པའི་ཕྱིར་ཏེ། འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའི་ལམ་རྣམས་ཀྱིས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་རྣམ་པ་རེ་རེ་ནས་སྤོང་བར་མི་བྱེད་པའི་ཕྱིར་རོ། །གལ་ཏེ་ཡང་དག་པར་བླངས་པ་བརྡ་ལས་བྱུང་བའི་སྡོམ་པ་རྣམས་ཀྱི་སྤོང་བ་སོ་སོ་ཐ་དད་པ་ཁོ་ན་ཡིན་ན། གང་གི་ཚེ་རྩ་བའི་ལྟུང་བ་གཅིག་སྤྱད་པ་དེའི་ཚེ་དེའི་གཉེན་པོར་གྱུར་པའི་སྤོང་བ་གང་ཡིན་དེ་ཁོ་ན་གཏོང་བར་འགྱུར་གྱི་གཞན་རྣམས་གཏོང་བར་མི་རིགས་ཏེ། འབྲེལ་མེད་ཡིན་པའི་ཕྱིར་རོ། །འབྲེལ་པ་མེད་པ་གཞན་བཏང་བས་གཞན་ཉམས་པར་འགྱུར་ན་ནི། ལྷ་སྦྱིན་གྱིས་རྩ་ལྟུང་དཔྱད་པས་མཆོད་སྦྱིན་གྱི་སྡོམ་པ་གཏོང་བར་ཧ་ཅང་ཐལ་བར་འགྱུར་པའི་ཕྱིར་རོ། །དེའི་ཕྱིར། ཁ་ཆེ་རྣམས་ནི་བྱུང་བ་ན། །བུ་ལོན་ནོར་བཞིན་གཉིས་སུ་འདོད། །ཅེས་པའི་ཕྱོགས་འདི་ཁོ་ན་འཐད་པར་འགྱུར་རོ། །ཞེ་ན། དེ་ནི་མ་ཡིན་ཏེ་འདི་ལྟར་གང་གི་ཚེ་སྲོག་གཅོད་པ་ལྟ་བུའི་རྩ་བའི་ལྟུང་བ་གཅིག་ལྷག་པར་སྤྱད་པ་དེའི་ཚེ་གང་ཟག་དེའི་རྒྱུད་ལ་ངོ་ཚ་མེད་པ་དང་ཁྲེལ་མེད་པ་ཤས་ཆེན་པོ་རྒྱུད་ལ་སྐྱེས་པ་ཡིན་ཏེ། གཞན་དུ་ན་ཡང་དག་པར་བླངས་པ་དང་འགལ་བའི་ལས་ཀྱི་ལམ་ལྷག་པར་སྤྱོད་པ་མི་རིགས་པའི་ཕྱིར་རོ། །དེའི་ཕྱིར། རྒྱུད་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཤས་ཆེན་པོ་སྐྱེ་བའི་གོ་སྐབས་མེད་པར་བྱས་པ་ཡིན་ཏེ། མི་མཐུན་པའི་ཕྱོགས་སྟོབས་ཅན་གྱིས་ཉམས་པར་བྱས་པའི་ཕྱིར། །དཔེར་ན་ལོག་ལྟ་སྐྱེས་པའི་རྒྱུད་ལ་ཡང་དག་པའི་ལྟ་བ་སྐྱེ་བའི་གོ་སྐབས་མེད་པར་བྱས་པ་བཞིན། གང་གི་རྒྱུད་ལ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཤས་ཆེན་པོ་སྐྱེ་བར་མི་འགྱུར་བ་དེ་དག་ནི། དངོས་སུ་མ་སྤྱད་པའི་རྩ་བའི་ལྷག་མས་ཀྱང་ཡང་དག་པར་བསྡམས་པ་མ་ཡིན་ཏེ། དེ་དག་གིས་གཞི་ཉེ་བར་གནས་པ་ཡོད་ན། གང་གིས་དེ་དག་ལ་ལས་ལམ་སྤྱོད་པར་མི་འགྱུར་བའི་གཉེན་པོ་སྟོབས་ལྡན་རྒྱུད་ལ་སྐྱེ་བའི་གོ་སྐབས་མེད་པའི་ཕྱིར་རོ། །དེའི་ཕྱིར་རྩ་བའི་ལྟུང་བ་གཅིག་སྤྱད་ན་ཡང་དག་པར་བླངས་པའི་སྡོམ་པ་ཐམས་ཅད་གཏོང་བར་འགྱུར་ཏེ། དེ་ཕྱིན་ཆད་འཆལ་བའི་ཚུལ་ཁྲིམས་ཐམས་ཅད་རྒྱུད་ལ་ཡང་དག་པར་སྡོམ་པའི་སྐལ་བ་དང་མི་ལྡན་པའི་ཕྱིར། དེ་ལྟར་ན་མདོ་ལས་ཤིང་ཏ་ལའི་མགོ་བོ་གཅད་པ་ན་སྔོན་པོར་འགྱུར་དུ་མི་རུང་ཞེས་པ་ལ་སོགས་པའི་དཔེ་ཡང་ལེགས་པར་འགྲིག་པར་འགྱུར་གྱི། རྩ་བའི་ལྟུང་བ་གཅིག་སྤྱད་པས་སྤོང་བ་གཞན་མི་ཉམས་པ་དག་གི་ལྟར་ན། དཔེས་མཚོན་པའི་དོན་མེད་པའི་ཕྱིར་དཔེ་འགོད་པ་མི་རིགས་པ་ཁོ་ནར་འགྱུར་རོ། །གཞན་ཡང་གཅིག་བླངས་པས་ཐམས་ཅད་བླངས་པར་འགྱུར་བ་ཡང་མ་ཡིན་ཏེ། བརྡ་ལས་བྱུང་བའི་སྡོམས་པ་ནི་ཡང་དག་པར་བླངས་པ་ལ་ལྟོས་པ་ཡིན་གྱི་ལས་ཀྱི་ལམ་ཀུན་ཏུ་མི་སྤྱོད་པ་ཙམ་གྱིས་ནི་མ་ཡིན་ཏེ། སྒྲ་མི་སྙན་པ་སོགས་ཀྱིས་མ་ངེས་པའི་ཕྱིར་རོ། །སྡོམ་པའི་ལས་བཤད་ཟིན་ཏོ། །

གཉིས་པ་སྡོམ་པ་མ་ཡིན་པའི་ངོ་བོ་ནི། ལོག་པར་སྨོན་པའི་སེམས་པ་མ་དད་པ་དང་། ལེ་ལོ་དང་བརྗེད་ངས་པ་དང་རྣམ་པར་གཡེང་བ་དང་ཤེས་རབ་འཆལ་བ་དང་ལྡན་པའོ། །དེ་ལ་སྡིག་པའི་ལས་ཀྱི་འབྲས་བུ་ཕྱི་མ་ལ་མི་འདོད་པར་འགྱུར་བ་ལ། ཡིད་མི་ཆེས་ཤིང་མི་འདོད་པར་གྱུར་པ་གང་ཡིན་པ་དེ་ནི། འདིའི་མ་དད་པ་ཡིན་ནོ། །སྡིག་པའི་ལས་དེ་ལ་མངོན་པར་དགའ་ཞིང་འདོད་བཞིན་དུ་འཇུག་ལ། དེ་འདུལ་བ་ལ་མི་སྤྲོ་བ་གང་ཡིན་པ་དེ་ནི། དེའི་ལེ་ལོ་ཡིན་ནོ། །ཁ་ན་མ་ཐོ་བའི་ཆོས་ཉེས་པ་དང་བཅས་པ་ལ། །དེ་བཞིན་ཡིད་ལ་མངོན་པར་མི་བརྗོད་པ་ནི། དེའི་བརྗེད་ངས་པ་ཡིན་ནོ། །སེམས་ཀྱི་རྒྱུད་རྣམ་པར་འཁྲུག་པ་དང་། ཉོན་མོངས་པ་ཅན་དང་། མི་བརྟན་པར་འཇུག་པ་གང་ཡིན་པ་དེ་ནི། དེའི་རྣམ་པར་གཡེང་པ་ཡིན་ནོ། །སྐྱོན་ལ་ཡོན་ཏན་དུ་ལྟ་བའི་སེམས་ཀྱི་རྒྱུད་ཕྱིན་ཅི་ལོག་པ་གང་ཡིན་པ་དེ་ནི། དེའི་ཤེས་རབ་འཆལ་པ་ཡིན་ནོ། །སྡོམ་པ་མ་ཡིན་པ་དེ་ཡང་གང་ཟག་ཇི་ལྟ་བུ་དག་གི་ཡིན་ན། ཤན་པ་དང་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་ཤན་པ་ནི་གང་དག་ཕྱུགས་རྣམས་གསད་ཏེ། དེ་འཚོང་བས་འཚོ་བར་བྱེད་པའོ། །བྱ་གག་གསོད་པ་ལ་སོགས་པ་ཡང་དེ་བཞིན་དུ་ཇི་ལྟར་མཐུན་མཐུན་དུ་སྦྱར་རོ། །བོང་རྒྱས་གཤོར་བ་ནི་རི་བོང་རྒྱས་འཛིན་པའོ། །ཆོམ་རྐུན་པ་ནི་མ་བྱིན་ལེན་བྱེད་པའོ། །གཤེད་མ་ནི་རྒྱལ་པོས་གསད་བྱའི་མི་གསོད་པའོ། །གླང་པོ་ཆེ་འཛིན་པ་ནི་གང་དག་ནགས་ནས་གླང་པོ་ཆེ་བཟུང་ནས་འདུལ་བར་བྱེད་པའོ། །སྦྲུལ་གྱིས་འཚོ་བ་ནི་གང་དག་སྦྲུལ་གཟུང་ནས་བརྩེ་བས་འཚོ་བར་བྱེད་པའོ། །ཉན་རྣ་བྱེད་པ་ནི་གཞན་ལ་མ་དང་ལྡམ་པོ་བྱས་པས་འཚོ་བར་བྱེད་པ་རྣམས་སོ། །མདོར་ན་རྣམ་པ་ཐམས་ཅད་དུ་གཞན་ལ་གནོད་པ་བྱེད་པར་ཞུགས་པ་རྣམས་ཀྱི་ལོག་པར་སྨོན་པའི་སེམས་དཔའ་གང་ཡིན་པའོ། །ལས་དེ་ཇི་ཙམ་གྱིས་ཐོབ་པར་འགྱུར་ཞེ་ན། ཤན་པ་ལ་སོགས་པ་དེ་དག་གི་ལས་སྤྱོད་པའི་རིས་སུ་སྐྱེས་པ་རྣམས་ནི། ལས་དེ་སྤྱོད་ནུས་སུ་གྱུར་པ་ན་ཐོབ་ལ། གཞན་གྱི་རིས་སུ་སྐྱེས་པ་རྣམས་ནི་བདག་ལས་འདིས་འཚོ་བར་བྱའོ་ཞེས་ཡང་དག་པར་བླངས་པའམ། རང་གིས་སེམས་བསྐྱེད་པ་སྟེ་མདོར་ན་ལས་དེ་དག་སྤྱད་པར་ངེས་པར་བྱས་པས་ཐོབ་པའོ། །ཇི་སྐད་དུ། སྡོམ་པ་མིན་པ་བྱ་བའམ། ཁས་ལེན་པ་ལ་ཐོབ་པར་འགྱུར། ཞེས་བཤད་དོ། །གང་གིས་གཏོང་བར་འགྱུར་ཞེ་ན། སྡོམ་མིན་སྡོམ་པ་ཐོབ་པ་དང་། །ཤི་དང་མཚན་གཉིས་བྱུང་བ་ལས། །ཞེས་བཤད་པ་ལྟར་ཡིན་ནོ། །

གསུམ་པ་སྡོམ་པ་ཡང་མ་ཡིན་སྡོམ་མིན་ཡང་མ་ཡིན་པའི་ལས་ནི། སྡོམ་པ་དང་སྡོམ་མིན་གཉིས་ཀའི་མཚན་ཉིད་དང་མི་ལྡན་པའི་སྦྱིན་པ་དང་སྙན་པར་སྨྲ་བ་ལ་སོགས་པ་དགེ་བའི་ལས་དང་ཁུ་ཚུར་དང་ཐལ་ལྕག་ལ་སོགས་པ་མི་དགེ་བའི་ལས་ཉི་ཚེ་བ་གང་ཡིན་པ་རྣམས་སོ། །དེ་ལྟར་ན་སྡོམ་པ་ཅན་ལ་ཡང་བར་མའི་མི་དགེ་བ་འབྱུང་ཞིང་། སྡོམ་མིན་ཅན་ལ་ཡང་བར་མའི་དགེ་བ་འབྱུང་ངོ་། །

བཞི་པ་འབྲས་བུའི་ངོ་བོའི་སྒོ་ནས་བཤད་པ་ནི། འདོད་པ་དང་བསམ་གཏན་དང་པོ་གསུམ་གྱིས་དགེ་བ་ནི་བདེ་མྱོང་བར་འགྱུར་བའི་ལས་ཡིན་ཏེ། ས་དེ་དག་ན་རྣམ་སྨིན་གྱིས་བསྡུས་པའི་ཚོར་བ་བདེ་བ་ཡོད་པའི་ཕྱིར་རོ། །མི་དགེ་བ་ནི་སྡུག་བསྔལ་མྱོང་བར་འགྱུར་བའི་ལས་ཡིན་ཏེ། རྣམ་སྨིན་གྱིས་བསྡུས་པའི་ཚོར་བ་སྡུག་བསྔལ་གང་ཇི་སྙེད་པ་ཐམས་ཅད་ནི་མི་དགེ་བའི་ལས་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །བསམ་གཏན་གསུམ་པ་ལས་གོང་མ་བཞི་པ་ཡན་ཆད་ཀྱི་དགེ་བ་གང་ཇི་སྙེད་པ་རྣམས་ནི་བཏང་སྙོམས་མྱོང་བར་འགྱུར་བའི་ལས་ཏེ། དེ་ཡན་ཆད་བདེ་བ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །

ལྔ་པ་མྱོང་དུས་ཀྱི་སྒོ་ནས་བཤད་པ་ལ་གསུམ་ལས་དང་པོའི་མཚན་ཉིད་ནི། ལས་གང་མཐོང་བའི་ཆོས་ལ་ལས་བྱས་པའི་ཚེ་དེ་ཉིད་ལ་རྣམ་པར་སྨིན་པ་རྣམ་པར་འགྱུར་བ་ནི། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ཞེས་བྱའོ། །དེའི་ཞིང་ནི་བྱམས་པའི་ཏིང་ངེ་འཛིན་དང་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དང་འགོག་པ་ལ་སྙོམས་པར་ཞུགས་པ་དང་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་ལས་ལངས་པ་དང་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ལ་བསོད་སྙོམས་འབུལ་བ་ལ་སོགས་པའི་ཕན་བཏགས་པའམ། ལུས་དང་ཡོ་བྱད་ལ་གནོད་པ་བྱས་པའི་ལས་ཀྱི་འབྲས་བུ་ནི་འཕྲལ་ལ་མྱོང་བར་འགྱུར་རོ། །དེའི་རྒྱུ་མཚན་ཡང་། དང་པོ་ནི་སེམས་ཅན་རྣམས་ལ་མཆོག་ཏུ་ཕན་པའི་ལྷག་བསམ་ལས་ལངས་པ་དང་། གཉིས་པ་ནི་སེམས་ཅན་གྱི་སེམས་རྗེས་སུ་བསྲུང་བ་ལ་གནས་པ་ལས་ལངས་པ་དང་། གསུམ་པ་ནི་རབ་ཏུ་ཞི་བའི་འཕགས་པའི་གནས་པ་མཆོག་ལས་ལངས་པ་དང་། བཞི་པ་ནི་མི་དགེ་བ་ཀུན་མི་བྱེད་པའི་སྡོམ་པ་ཐོབ་པ་དང་། ཕྱི་མ་གཉིས་ནི་ཡོན་གནས་ཤིན་དུ་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །ཡང་ན་ཞིང་གང་ཡིན་ཡང་རུང་སྟེ། བསམ་པ་ཐག་པའམ་ཉོན་མོངས་པ་ཤིན་ཏུ་དྲག་པོས་ཀུན་ནས་སླང་སྟེ། སྦྱོར་བ་དགེ་བའམ་མི་དགེ་བ་ཀུན་ཏུ་སྤྱོད་པའོ། །གཉིས་པ་སྐྱེས་ནས་མྱོང་བར་འགྱུར་བའི་ལས་ཀྱི་མཚན་ཉིད་ནི། ལས་གང་སྤྱད་པའི་ཚེ་ཕྱི་མ་དེ་ཉིད་ལ་རྣམ་པར་སྨིན་པ་རྣམ་པར་སྨིན་པར་འགྱུར་བའོ། །མཚན་གཞི་ནི། ཀྲི་ཡ་དཔུང་བཟང་ལས། གང་ཞིག་དགྲ་བཅོམ་ཕ་མ་གསོད། །མཐུན་པའི་དགེ་འདུན་དབྱེན་འབྱེད་དང་། །དེ་བཞིན་གཤེགས་ལ་སྡང་སེམས་ཀྱིས། །མི་གང་སྐུ་མཚལ་འབྱིན་བྱེད་པ། །ཤིན་ཏུ་མི་ཟད་ལས་འདི་རྣམས། །རྒྱལ་བས་འཚམས་མེད་ལྔ་རུ་གསུངས་ཞེས་པ་ལྟར། འཚམས་མེད་པ་ལྔའི་ལས་སོ། །དེ་ལ་འཚམས་མེད་པའི་ལས་འདི་དག་ནི། གླིང་གསུམ་གྱིས་སྐྱེས་པ་དང་བུད་མེད་ཁོ་ན་ལ་ཡོད་ཀྱིས། གཞན་ལ་མ་ཡིན་ཏེ། ཟ་མ་དང་མ་ནི་དང་ངན་སོང་བའི་འགྲོ་བ་རྣམས་ནི། ཕ་མ་དག་གིས་ཀྱང་དེ་དག་རྟོགས་པའི་ཆོས་ཀྱི་རྟེན་མི་རུང་བའི་ལུས་བསྐྱེད་པས། ཕན་པ་ཆུང་བའི་ཕྱིར་དང་། དེ་དག་ཀྱང་རང་བཞིན་གྱིས་ངོ་ཚ་དང་ཁྲེལ་ཡོད་ཤས་ཆུང་བའི་ཕྱིར་ཕ་མ་གསད་ཀྱང་འཚམས་མེད་དུ་མི་འགྱུར་ལ། སྒྲ་མི་སྙན་པ་ནི་སྡིག་པ་ཅན་གྱི་བསམ་པ་དང་ལྡན་པ་མ་ཡིན་ལ། འདོད་པའི་ལྷ་རྣམས་ན་སྡིག་པའི་བསམ་པ་ཤས་ཆུང་བའི་ཕྱིར་མི་འབྱུང་ངོ་། །ཕ་མ་མི་མིན་པ་གསད་ཀྱང་མི་འགྱུར་ཏེ། སྐལ་བ་མི་མཉམ་པས་ཕ་མའི་འདུ་ཤེས་ཤས་ཆུང་བ་དང་། དེ་ཙམ་དུ་ཕན་འདོགས་མི་ནུས་པའི་ཕྱིར་རོ། །ཕ་མ་མ་ཡིན་པ་ལ་སྦྱོར་བ་བྱས་ཏེ། ཕ་མ་གསད་ཀྱང་མི་འགྱུར་ཏེ། བསམ་སྦྱོར་འཛོལ་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ནི་མི་ཐུབ་པའི་ཆོས་ཅན་ཡིན་པས་བཀྲོངས་པར་མི་ནུས་ཀྱི། འོན་ཀྱང་བཀྲོངས་སོ་སྙམ་ནས་སྣུན་ཏེ་ཁྲག་ཕྱུང་ན་འགྱུར་གྱི་བཀྲོངས་འདོད་མེད་པར་བརྡེག་པའི་བསམ་པས་ཕྱུང་ཡང་མི་འགྱུར་རོ། །དགྲ་བཅོམ་པ་མ་ཡིན་པའི་འདུ་ཤེས་ཀྱིས་བསད་ན་ཡང་རྟེན་ངེས་པར་བཟུང་བའི་ཕྱིར་འགྱུར་ལ། ཕ་ཡང་ཡིན་དགྲ་བཅོམ་པ་ཡང་ཡིན་པ་གསད་ན། འཚམས་མེད་པའི་ལས་ཀྱི་རྫས་ནི་གཅིག་ཡིན་ཏེ། སེམས་པ་གཅིག་གིས་ལས་དེ་རྫོགས་པར་བྱེད་པའི་ཕྱིར་རོ། །འོན་ཀྱང་རྣམ་པར་སྨིན་པ་ནི་གཉིས་བྱས་པ་དང་འདྲ་བར་ཉམས་སུ་མྱོང་བ་ཡིན་ཏེ། ཕ་བསད་པའི་མཚམས་མེད་གཞན་ལས་ཞིང་ཆེས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །གལ་ཏེ་དགྲ་བཅོམ་པར་ངེས་ཀྱང་རུང་། མ་ངེས་ཀྱང་རུང་། ཕ་མ་ཡིན་པའི་འདུ་ཤེས་ཀྱིས་གསད་ན། དགྲ་བཅོམ་པ་གསད་པའི་འཚམས་མེད་དུ་འགྱུར་ཞིང་། རྣམ་སྨིན་ཡང་དེ་ཁོ་ན་མྱོང་བའི་ཕ་གསད་པའི་འཚམས་མེད་དུ་ནི་མི་འགྱུར་ཏེ། ཕ་གསད་པའི་བསམ་པ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན། དགྲ་བཅོམ་པ་ལ་དེ་མ་ཡིན་པར་འདུ་ཤེས་པས་བསད་ཀྱང་། དེའི་འཚམས་མེད་དུ་མི་འགྱུར་བར་མཚུངས་སོ་ཞེ་ན། མ་ཡིན་ཏེ། ཕ་ལ་ཕ་མ་ཡིན་པའི་འདུ་ཤེས་ཀྱིས་བསད་པ་གང་ཡིན་པ་དེ་ནི་སྲོག་གཅོད་ཀྱི་ལས་ལམ་གྱི་ཡན་ལག་ཚང་བ་མ་ཡིན་ཏེ། འདུ་ཤེས་ཕྱིན་ཅི་ལོག་པའི་ཕྱིར་རོ། །དགྲ་བཅོམ་པ་མ་ནི་དེར་མ་ངེས་ཀྱང་བསད་པར་བྱ་བའི་གཞི་ལ་འདུ་ཤེས་མ་འཁྲུལ་བའི་ཕྱིར་དང་། སྲོག་གཅོད་ཀྱི་ཡན་ལག་ཚང་བ་ཡིན་པའི་ཕྱིར། མཚམས་མེད་པར་འགྱུར་བ་ཁོ་ནའོ། །གལ་ཏེ་དགྲ་བཅོམ་པ་ལ་དེ་མ་ཡིན་པར་འདུ་ཤེས་པའི་ཕྱིར་འདུ་ཤེས་འཁྲུལ་ལོ་ཞེ་ན། དེ་ལྟར་ན་བསད་བྱ་ཕུང་པོ་ཆོས་ཙམ་ལ་སེམས་ཅན་དུ་བཟུང་བའི་ཕྱིར། སྲོག་གཅོད་ཐམས་ཅད་གཞི་ལ་འདུ་ཤེས་འཁྲུལ་པ་ཁོ་ནར་འགྱུར་རོ། །དེ་བས་ན་བསད་བྱའི་རྟེན་གྱི་ངོ་བོ་ལ་འདུ་ཤེས་མ་འཁྲུལ་བ་ཉིད་ཀྱིས་ལས་ལམ་གྱི་ཡན་ལག་རྫོགས་པ་ཡིན་ནོ། །

དགེ་འདུན་གྱི་དབྱེན་ནི་གཉིས་ཏེ། ལས་ཀྱི་དབྱེན་དང་། འཚམས་མེད་པར་བགྲང་བ་འཁོར་ལོའི་དབྱེན་ནོ། །དང་པོ་ནི་ལས་བརྒྱ་རྩ་གཅིག་གང་ཡང་རུང་བ་སྒྲུབ་པ་ལ། དགེ་འདུན་ཐུགས་མི་མཐུན་པར་ཕྱོགས་གཉིས་སུ་གྱུར་པའོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་སྐབས་ཀྱི་འཚམས་ནང་གཅིག་གི་དགེ་འདུན་རྣམས་སྟོན་པ་པོ་གཉིས་ཀྱི་རྗེས་སུ་ཕྱོགས་པར་བྱས་པའོ། །དང་པོ་ནི། བསྟན་པ་གནས་པའི་ཡུལ་དང་དུས་ཐམས་ཅད་དུ་འབྱུང་ངོ་། །གཉིས་པ་ནི་འཛམ་བུ་གླིང་ཁོ་ན་ན་ཡོད་ཅིང་། དེ་ཡང་དུས་དྲུག་ཏུ་མི་འབྱུང་ཅེས་གྲགས་ཏེ། ཇི་སྐད་དུ། དང་པོ་མཐའ་སྐྱོན་ཟུང་གཅིག་གི །སྔ་རོལ་ཐུབ་པ་ནོངས་པ་དང་། །འཚམས་མ་བཅད་པ་ན་ཡང་ནི། །འཁོར་ལོའི་དབྱེན་ནི་མི་འབྱུང་ངོ་། །ཅེས་པ་ལྟར། ཆོས་ཀྱི་འཁོར་ལོ་སྐོར་མ་ཐག་པ་དང་། མྱ་ངན་ལས་འདའ་བའི་ཚེ། དགེ་འདུན་རྣམས་བློ་མཐུན་པའི་ཕྱིར་དང་། བསྟན་པ་ལ་ལྟ་བ་དང་། ཚུལ་ཁྲིམས་ཀྱི་སྐྱོན་མ་བྱུང་དུས་ན། སྡིག་པ་ཅན་གྱི་ལྟ་བ་མེད་པའི་ཕྱིར་དང་། མཆོག་ཟུང་གཅིག་མ་བྱུང་བའི་སྔ་རོལ་དུ་འདུམ་པར་བྱེད་པ་པོ་མེད་པའི་ཕྱིར་དང་། སངས་རྒྱས་མྱ་ངན་ལས་འདས་པའི་འོག་ན་འགྲན་ཟླར་བཟུང་བའི་སྟོན་པ་མེད་པའི་ཕྱིར་དང་། འཚམས་ནང་གཅིག་ཏུ་དགེ་འདུན་ཕྱོགས་གཉིས་སུ་འགྱེས་དགོས་པའི་ཕྱིར། འཚམས་མ་བཅད་པ་རྣམས་སུ་མི་འབྱུང་ངོ་། །དེ་ལ་འབྱེད་པ་པོ་ནི་དགེ་སློང་ལྟ་བ་སྤྱོད་པ་ཚུལ་ཁྲིམས་དང་ལྡན་པས་ཡིན་གྱི། སྲེད་པ་སྤྱོད་པ་ཚུལ་ཁྲིམས་འཆལ་པས་ནི་མ་ཡིན་ཏེ། དང་པོ་ནི། ཤེས་རབ་ཀྱི་སྟོབས་ཞན་པའི་ཕྱིར་དང་། གཉིས་པ་ནི་ཚིག་ལ་ཡིད་བརྟན་དུ་རུང་བ་མ་ཡིན་པའི་ཕྱིར་རོ། །དུས་ནམ་གྱི་ཚེ་ཞེ་ན། སྟོན་པ་མངོན་སུམ་དུ་མི་བཞུགས་པའི་དུས་ན་ཡིན་གྱི། སངས་རྒྱས་ཀྱི་བཀའ་བཟློག་པར་མི་ནུས་པའི་ཕྱིར། མངོན་སུམ་དུ་བཞུགས་པའི་ཚེ་དབྱེ་བར་མི་ནུས་སོ། །སུ་དག་གཅིག་འབྱེད་ཅེ་ན། སོ་སོ་སྐྱེ་བོའི་དགེ་སློང་རྣམས་ཡིན་གྱི་འཕགས་པ་རྣམས་ནི། སངས་རྒྱས་ལས་ཤེས་ནས་དད་པ་ཐོབ་པའི་ཕྱིར་དབྱེ་བར་མི་ནུས་སོ། །ཇི་ཙམ་གྱིས་ནི་དབྱེ་བར་ཡིན་ཞེ་ན། འབྱེད་པ་པོའི་དགེ་སློང་ལ་སྟོན་པ་དང་། དེས་བསྟན་པ་ལ་ཡང་དག་པའི་ལམ་དུ་ངེས་པ་སྐྱེས་པ་དེ་ཙམ་གྱིས་བྱེ་བ་ཡིན་ནོ། །དེ་ཇི་ཙམ་དུ་གནས་ཞེ་ན། ནུབ་གཅིག་ཏུ་མི་གནས་ཏེ། ནམ་ལངས་པའི་སྔ་རོལ་དུ་འདུམ་པར་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་འཁོར་ལོའི་དབྱེན་ཞེས་བྱ་ཞེ་ན། ཇི་སྲིད་མ་འདུལ་གྱི་བར་དུ་འཇིག་རྟེན་ལྷ་དང་བཅས་པ་ཡིད་མི་བདེ་ཞིང་རྣལ་དུ་མི་གནས་པ་ཐོས་པ་དང་བསམ་པ་དང་སྒོམ་པ་ལ་སོགས་པ་འཕེལ་བར་མི་འགྱུར་བས། དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གེགས་བྱས་པའི་ཕྱིར་རོ། །ལས་ལམ་གྱི་ངོ་བོ་ནི་བརྫུན་གྱི་ཚིག་ཡིན་ལ་རྣམ་པར་སྨིན་པ་ནི། བར་གྱི་སྐལ་པ་གཅིག་ཏུ་མནར་མེད་པར་སྨིན་པར་འགྱུར་རོ། །དེའི་ཕྱིར་འདི་ནི་ལྔ་པོ་དག་གི་ནང་ན་རྣམ་སྨིན་ཆེས་ལྕི་བ་ཡིན་ཏེ། གཞན་དག་གི་རྣམ་སྨིན་དམྱལ་བར་ངེས་ཀྱང་། མནར་མེད་དུ་མ་ངེས་པའི་ཕྱིར་རོ། །ཕ་དང་མ་དང་དགྲ་བཅོམ་པ་གསོད་པ་དང་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་རྣམས་ནི། སྔ་མ་སྔ་མ་ཡང་བར་ཤེས་པར་བྱའོ། །དེ་རྣམས་ཀྱི་ལས་ལམ་གྱི་ངོ་བོ་ནི་དང་པོ་གསུམ་སྲོག་གཅོད་ཀྱི་ལས་ལམ་དངོས་ཡིན་ལ། ཕྱི་མ་ནི་དེའི་སྦྱོར་བ་ཡིན་ནོ། །མཚམས་མེད་པ་དུ་མ་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་ཅིག་ཅར་མྱོང་ན། ལུས་དུ་མ་ཅིག་ཅར་འགྲུབ་པར་འགྱུར་ལ། རིམ་གྱིས་མྱོང་ན་འཚམས་མེད་པར་འགལ་ལོ་ཞེ་ན། ཐམས་ཅད་ཀྱི་རྣམ་པར་སྨིན་པ་ཅིག་ཆར་མྱོང་བར་འགྱུར་ཏེ། འདི་ལྟར་འཚམས་མེད་དུ་མ་བྱེད་པའི་དམྱལ་བའི་ལུས་ཆེ་བ་དང་གཞོན་པར་མངོན་སུམ་པར་འགྲུབ་ལ། ཆད་པ་དང་གནོད་པ་མི་བཟད་པ་སྣ་ཚོགས་འབྱུང་སྟེ། དེའི་དབང་གིས་ཚོར་བ་ཤིན་ཏུ་མང་པོར་འབྱུང་བར་འགྱུར་རོ། །

སྐྱེས་ནས་མྱོང་བར་འགྱུར་བའི་ལས་ནི། མཚམས་མེད་ལྔ་འབའ་ཞིག་དུ་ཟད་པ་མ་ཡིན་གྱི་ཡང་ན་བསམ་པ་ཤིན་ཏུ་དྲག་པོས་སྤྱད་པའི་དགེ་བའམ་མི་དགེ་བ་གཞན་ཡང་ཡིན་ནོ། །གང་ཡང་། མ་དགྲ་བཅོམ་པ་སུན་ཕྱུང་དང་། །བྱང་ཆུབ་སེམས་དཔའ་ངེས་གནས་དང་། །སློབ་པ་གསོད་དང་དགེ་འདུན་གྱི། །འདུ་བའི་སྒོ་ནི་འཕྲོག་པ་རྣམས། །མཚམས་མེད་པ་དང་ཆ་འདྲ་སྟེ། །ལྔ་པ་མཆོད་རྟེན་འཇིག་པ་ཡིན། ཞེས་པ་ལྟར་གྱི་མཚམས་མེད་པ་དང་ཉེ་བ་རྣམས་ཀྱང་སྐྱེས་ནས་མྱོང་འགྱུར་དུ་འཆད་པ་ནི་མི་རིགས་ཏེ། དེ་ལྟར་ན་མཚམས་མེད་དང་ཁྱད་པར་མེད་པར་ཐལ་བར་འགྱུར་ཏེ། དེ་དག་གིས་ཀྱང་རྣམ་པར་སྨིན་པ་དམྱལ་བར་ངེས་པའི་ཕྱིར་དང་། དེ་ཡང་སྐྱེ་བ་གཞན་གྱིས་བར་མེད་པར་འབྱིན་པའི་ཕྱིར་རོ། །དེ་བས་ན་དེ་དག་ལ་ནི་སྐྱེས་ནས་མྱོང་བར་འགྱུར་བའི་ངེས་པ་མེད་དོ། །

གསུམ་པ་ལན་གྲངས་གཞན་ལ་མྱོང་འགྱུར་གྱིས་ལས་ནི། ལས་གང་གི་རྣམ་པར་སྨིན་པ་སྐྱེ་བ་ཕྱི་མ་ཕན་ཆད་དུ་རྣམ་པར་སྨིན་པར་འགྱུར་བའོ། །མྱོང་འགྱུར་གསུམ་པོ་འདི་དག་ཀྱང་། རྣམ་སྨིན་མྱོང་བའི་མགོ་རྩོམ་པའི་དབང་དུ་བྱས་ནས་རྣམ་པར་བཞག་གི །དེ་ཙམ་ལ་རྣམ་སྨིན་རྫོགས་པར་ནི་མ་ངེས་སོ། །དེ་ལྟར་བྱས་ན། ཀྱི་ཧུད་སེམས་ཞེས་བྱ་བའི་རྟོགས་པ་བརྗོད་པ་ལས། མཚམས་མེད་པའི་ལས་ཀྱི་རྣམ་པར་སྨིན་པ་སེམས་ཅན་དམྱལ་བར་ཡང་དང་ཡང་འཆི་འཕོ་ཞིང་སྐྱེ་བས་རྣམ་པར་སྨིན་པ་མྱོང་ངོ་ཞེས་འབྱུང་བ་དང་། མཐུན་པར་བྱས་པ་ཡིན་ནོ། །དྲུག་པ་ངོ་བོ་དང་རྣམ་སྨིན་གྱི་སྒོ་ནས་བཤད་པ་ནི། གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་ནི་མི་དགེ་བ་ཡིན་ཏེ། ངོ་བོ་ཉོན་མོངས་པ་ཅན་ཡིན་པ་དང་རྣམ་པར་སྨིན་པ་འདོད་པ་ཡིན་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་དཀར་ལ་རྣམ་པར་སྨིན་པ་དཀར་བ་སྟེ། དེ་ཡང་ཁམས་གསུམ་པའི་དགེ་བའོ། །དཀར་གནག་ཏུ་གྱུར་པའི་ལས་ནི། འདོད་པའི་དགེ་མི་དགེ་འདྲེས་མར་འཇུག་པ་གང་ཡིན་པའོ། །ཇི་ལྟར་ལས་གཅིག་དཀར་གནག་གཉིས་གར་དུ་འགྱུར་ཞེ་ན། འདིར་བསམ་པ་དང་ལྷན་ཅིག་པའི་སྦྱོར་བ་ལ་ལས་གཅིག་ཏུ་བྱས་པའི་ཕྱིར་ཉེས་པ་མེད་དོ། །དེ་ལ་བསམ་པས་གནག་ལ་སྦྱོར་བས་དཀར་བ་ནི། འགའ་ཞིག་གཞན་དག་སླུ་བར་འདོད་ནས་ཡིད་ཆེས་པར་བྱ་བའི་ཆེད་དུ་སྦྱིན་པ་རྣམས་བྱིན་པ་ནས་རབ་ཏུ་འབྱུང་བའི་བར་དུའོ། །སྦྱོར་བས་གནག་ཅིང་བསམ་པས་དཀར་བ་ནི། འགའ་ཞིག་བུའམ་སློབ་མ་རྣམས་ལ་མི་ཕན་པ། བཟློག་ནས་ཕན་པ་ལ་སྦྱོར་བར་འདོད་པས། སྙིང་བརྩེ་བའི་བསམ་པས་ལུས་ངག་གི་དྲག་ཏུ་བྱེད་པའོ། །གཞན་ནི་དམྱལ་བར་མྱོང་འགྱུར་དང་། །འདོད་གཞན་མྱོང་འགྱུར་གཉིས་སུ་རིག །གཞན་གྱི་མཐོང་བའི་སྤང་བྱ་རྣག །འདོད་ལས་སྐྱེས་པ་གཞན་དཀར་གནག །ཅེས་ཀྱང་སྨྲའོ། །མི་གནག་ཅིང་དཀར་ལ་རྣམ་པར་སྨིན་པར་མི་འགྱུར་ལ་ཟག་བཅས་ཀྱི་ལས་ཟད་པར་འགྱུར་བའི་ལས་གང་ཞེ་ན་འཇིག་རྟེན་ལས་འདས་པའི་ལམ་གྱི་སྦྱོར་བ་དང་བར་ཆད་མེད་པའི་ལམ་རྣམས་ཏེ། དེ་ལ་མི་གནག་པ་ནི་ཉོན་མོངས་པའི་དྲི་མ་མེད་པའི་ཕྱིར་རོ། །དཀར་བ་ནི་གཅིག་ཏུ་རྣམ་པར་བྱང་བའི་ཕྱིར་རོ། །རྣམ་པར་སྨིན་པར་མི་འགྱུར་བ་ནི། ཟག་མེད་ཡིན་པས་འཁོར་བ་དང་མི་མཐུན་པའི་ཕྱིར་རོ། །ལས་ཟད་པར་འགྱུར་བ་ནི་ནག་པོ་ལ་སོགས་པ་ཟག་པ་དང་བཅས་པའི་ལས་རྣམ་ཟག་པ་མེད་པའི་ལམ་དེས་རྣམ་སྨིན་འབྱིན་པའི་བག་ཆགས་ལེགས་པར་བཅོམ་པའི་ཕྱིར་རོ། །གཞན་ཡང་ཟག་པ་མེད་པའི་ལས་འདི་རྣམས་ཀྱི་བར་དུ་གཅོད་པའི་དབང་དུ་བྱས་ནས། ཡོན་པོ་དང་ཉེས་པ་དང་རྙོག་པ་རྣམ་པ་གསུམ་གསུངས་སོ། །ཟག་མེད་ཀྱི་ལམ་དང་རྗེས་སུ་མཐུན་པའི་དང་ངོ་བོའི་དབང་དུ་བྱས་ནས་གཙང་བ་དང་ཐུབ་པ་རྣམས་གོ་རིམས་བཞིན་དུ་རྣམ་པར་བཞག་གོ །དེ་ལ་ཡོན་པོའི་ལས་ནི། ལུས་དང་ངག་དང་ཡིད་ཀྱི་ལས་དྲང་པོ། འཕགས་པའི་ལམ་ཡན་ལག་བརྒྱད་འབྱུང་བའི་སྒྲིབ་པར་གྱུར་པའོ། །ཉེས་པ་ནི་ལུས་ལ་སོགས་པའི་ལས་གང་གིས་སུན་ཕྱུང་བའི་སེམས་རྒྱུད་ལ་དེ་དང་དེ་འདྲ་བའི་སྒྲིབ་པར་འགྱུར་བའི་ལས་འབྱུང་བའོ། །རྙོག་པ་ནི་མུ་སྟེགས་ཅན་གྱི་ལྟ་བ་ལ་བརྟེན་པའི་ལུས་ལ་སོགས་པའི་ལས་གང་ཡིན་པ་སྟེ། སངས་རྒྱས་ཀྱི་བསྟན་པ་ལ་དད་པའི་མི་མཐུན་ཕྱོགས་མ་དད་པའི་རྙོག་པས་ཡོངས་སུ་ཟིན་པའི་ཕྱིར་རོ། །རྣམ་གྲངས་གཞན་ཡང་རྟག་པ་དང་ཆད་པའི་མཐར་ལྷུང་སྟེ་དབུ་མའི་ལམ་དང་མི་མཐུན་པའི་ཕྱིར་ཡོན་པོའོ། །བཀུར་པའི་ལྟ་བས་ཡོངས་སུ་བཟུང་སྟེ། རྣམ་པར་བྱང་བ་རྣམ་པར་བཞག་པ་ལ་སྡང་བའི་ཕྱིར་ཉེས་པའོ། །འཇིག་ཚོགས་ལ་ལྟ་བས་ཡོངས་སུ་བཟུང་སྟེ། བདག་མེད་པའི་དེ་ཁོ་ན་ལ་ལྟ་བའི་བར་དུ་གཅོད་པའི་ཕྱིར་རྙོག་པ་ཞེས་བྱའོ། །གཙང་བ་ནི་ཤིན་ཏུ་རྣམ་པར་དག་པའི་ཚུལ་ཁྲིམས་ཀྱིས་ཡོངས་སུ་ཟིན་པ་དང་། ལྟ་བ་དྲང་པོས་ཡོངས་སུ་ཟིན་པའི་ལུས་དང་ངག་དང་ཡིད་ཀྱིས་ལས་གང་ཡིན་པ་སྟེ། ཚུལ་ཁྲིམས་དང་ལྟ་བ་ལ་ལོག་པར་ཞུགས་པའི་དྲི་མ་སྤངས་པའི་ཕྱིར་རོ། །ཐུབ་པ་ནི་སློབ་པ་དང་མི་སློབ་པ་རྣམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་ལས་ཟག་པ་མེད་པ་སྟེ། དེ་ཐུབ་པ་རྣམས་ཀྱི་ལས་ཡིན་པའི་ཕྱིར་རོ། །

བདུན་པ་སྦྱིན་པའི་ལས་ནི། གཞི་ལ་སོགས་པ་བཞིས་རིག་པར་བྱའོ། །དེ་ལ་གཞི་ནི་མ་ཆགས་པ་ལ་སོགས་པ་དགེ་བའི་རྩ་བ་གསུམ་སྟེ། དེ་དག་ལ་བརྟེན་ནས་སྦྱིན་པའི་ལས་ལ་འཇུག་པའི་ཕྱིར་རོ། །ཀུན་ནས་སློང་བ་ནི་དགེ་བའི་རྩ་བ་གསུམ་པོ་དེ་དག་དང་ལྡན་པའི་སེམས་པ་སྟེ། དེས་སྦྱིན་པའི་ལས་ལ་སེམས་མངོན་པར་འདུ་བྱེད་པའི་ཕྱིར་རོ། །དངོས་པོ་ནི་ལུས་དང་ལོངས་སྤྱོད་ལ་སོགས་པའི་སྦྱིན་པར་བྱ་བའི་དངོས་པོའོ། །དེ་ཡང་བྱང་ཆུབ་སེམས་པའི་དབང་དུ་བྱས་པ་ཡིན་གྱི་གཞན་རྣམས་ལ་ནི་ལོངས་སྤྱོད་འབའ་ཞིག་སྦྱིན་པར་བྱ་བའི་དངོས་པོ་ཡིན་ནོ། །ངོ་བོ་ཉིད་ནི་སྦྱིན་པ་གཏོང་བ་ན་ལུས་དང་ངག་གི་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པའི་ལས་སོ། །ཚུལ་ཇི་ལྟ་སྦྱིན་པ་ཕུན་སུམ་ཚོགས་ཤིང་དག་པར་འགྱུར་བ་ཡིན་ཞེ་ན་མདོ་ལས་སྦྱིན་པ་སོ་སོར་འགྱུར་རོ་ཞེས་བྱ་བ་འདིས་ཕྱིར་ཞིང་སྦྱིན་པ་སྟོན་ཏེ། དེའི་ངང་ཚུལ་ཅན་དུ་གྱུར་པས་ཡང་དང་ཡང་སྦྱིན་པའི་ཕྱིར་རོ། །དགེ་སྦྱོང་དང་བྲམ་ཟེ་དང་སློང་བ་དང་ཕོངས་པ་དང་བཀྲེན་པ་རྣམས་ལ་སྦྱིན་ནོ། །ཞེས་པས་ཕྱོགས་མི་འབྱེད་པར་སྦྱིན་པ་སྟོན་ཏེ། འདོད་པ་ཐམས་ཅད་ལ་བྱེ་བྲག་མེད་པར་སྦྱིན་པའི་ཕྱིར་རོ། །བཟའ་བ་དང་བཏུང་བ་དང་གོས་དང་རྒྱན་དང་མེ་ཏོག་གི་ཕྲེང་བ་དང་མིའི་ཡོ་བྱད་གང་ཅི་ཡང་རུང་བ་སྦྱིན་ཞེས་པས་འདོད་པ་ཡོངས་སུ་རྫོགས་པར་སྦྱིན་པ་སྟོན་ཏེ། བཟའ་བ་དང་བཏུང་བ་དང་གོས་དང་རྒྱན་དང་མེ་ཏོག་གི་ཕྲེང་བ་དང་མིའི་ཡོ་བྱད་གང་ཅི་ཡང་རུང་བ་སྦྱིན་ཞེས་པས་འདོད་པ་ཡོངས་སུ་རྫོགས་པར་སྦྱིན་པ་སྟོན་ཏེ། བསམ་པ་ཇི་ལྟ་བ་བཞིན་དུ་ཡོ་བྱད་ཀྱི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བའི་ཕྱིར་རོ། །ཡང་། མདོར་ལྷུག་པར་གཏོང་བ་དང་ལག་པ་བརྐྱང་བ་དང་གཏོང་བ་ལ་དགའ་བ་དང་མཆོད་སྦྱིན་བྱེད་པའི་ངང་ཚུལ་ཅན་དང་གཏོང་བ་ཕུན་སུམ་ཚོགས་པ་དང་། སྦྱིན་པ་ལ་ལེགས་པར་འགོད་པ་ཞེས་བྱ་བའི་ཚིག་འདི་དག་གིས་ནི་མི་གནས་པར་སྦྱིན་པ་སོགས་གོ་རིམ་བཞིན་དུ་བསྟན་པར་རིག་པར་བྱའོ། །དེ་ལ་མི་གནས་པར་སྦྱིན་པ་ནི་སྲིད་པ་དང་། ལོངས་སྤྱོད་ཀྱི་ཕྱིར་མི་བསྔོ་བར་སྦྱིན་པའོ། །རྒྱ་ཆེར་སྦྱིན་པ་ནི་སྦྱིན་པར་བྱ་བའི་དངོས་པོ་དང་བསམ་པ་རྒྱ་ཆེན་པོ་དང་ལྡན་པའོ། །དགའ་བས་སྦྱིན་པ་ནི་སྦྱོར་བ་དང་དངོས་དང་འཇུག་རྣམས་སུ་སྤྲོ་བ་དང་ལྡན་པའོ། །ཕྱིར་ཞིང་སྦྱིན་པ་ནི་ལན་གཅིག་མ་ཡིན་པར་གཏོང་བའོ། །སྣོད་ལ་སྦྱིན་པ་ནི་མཆོད་པར་འོས་པ་དང་ཕན་གདགས་པར་འོས་པ་རྣམས་ལ་སྦྱིན་པའོ། །རང་གི་འཁོར་གཉུག་མར་གནས་པ་དང་བློ་བུར་དུ་འོངས་པ་རྣམས་ལ་ཉེ་རིང་མེད་པར་ལེགས་པར་བགོས་ཏེ་སྦྱིན་པ་བྱིན་པས་སྦྱིན་པ་ཕུན་སུམ་ཚོགས་པར་འགྱུར་བར་རིག་པར་བྱའོ། །སྦྱིན་པར་བྱ་བ་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས། མདོ་ལས་ལྡང་བའི་བརྩོན་འགྲུས་ཀྱིས་ཐོབ་པ་ཞེས་པ་འདིས་ནི་སྦྱིན་བྱ་གནོད་པས་གྲུབ་པ་མ་ཡིན་པ་བསྟན་ཏེ། གནོད་པས་ཐོབ་པ་ནི་ལྡང་བའི་བརྩོན་འགྲུས་ཀྱིས་ཐོབ་པ་མ་ཡིན་གྱི་རང་གི་གནས་ན་འདུག་ཅིང་། གཞན་གྱིས་བཅོལ་བ་སྙོན་པས་ཐོབ་པ་ཡིན་པའི་ཕྱིར་རོ། །ལག་བདར་བའི་མཐུས་སྒྲུབས་པ་ཞེས་པ་འདིས་ནི་གཞན་ལས་ཕྲོགས་པ་མ་ཡིན་པ་སྟོན་ཏེ། གཞན་ལ་ཕྲོགས་པ་ནི་ལག་བདར་བས་སྒྲུབས་པ་མ་ཡིན་ཏེ། དེ་དག་གིས་ཤ་ཐང་བས་ཐབས་སྣ་ཚོགས་ཀྱིས་སྒྲུབས་པ་ཕྲོག་པའི་ཕྱིར་རོ། །རུལ་དང་དྲི་མས་མ་ཕོག་པ་ཞེས་པས་ནི། མ་རུལ་ཞིང་དྲི་མ་མེད་པ་སྟོན་ཏེ། ཆོས་དང་མཐུན་པ་ཞེས་པས་ནི་རུང་བ་སྟོན་ཏེ། མཚོན་བྱ་དང་དུག་དང་ཆང་ལ་སོགས་པ་རུང་བ་མ་ཡིན་པའི་དངོས་པོ་ཡོངས་སུ་སྤངས་པའི་ཕྱིར་རོ། །ཆོས་ཀྱི་ཐོབ་པ་ཞེས་པས་ནི། ཆོས་ཀྱི་སྒྲུབ་པ་སྟོན་ཏེ། གཞལ་ལ་གཡོ་འཇུག་པ་ལ་སོགས་པ་དང་། ལོག་པས་འཚོ་བ་ལ་སོགས་པ་སྤངས་པས་སྒྲུབས་པའི་ཕྱིར་རོ། །དེ་ལ་ལོག་པས་འཚོ་བ་ནི་ལྔ་སྟེ། ཚུལ་འཆོས་དང་། ཁ་གསག་དང་། གཞོག་སློངས་དང་ཐོབ་ཀྱིས་འཇལ་བ་དང་རྙེད་པས་རྙེད་པ་འདོད་པའོ། །དེ་དག་གི་རང་བཞིན་རིན་པོ་ཆེའི་ཕྲེང་བར། ཚུལ་འཆོས་རྙེད་དང་བཀུར་སྟིའི་ཆེད། །དབང་པོ་སྡོམ་པར་བྱེད་པ་སྟེ། །ཁ་གསག་རྙེད་དང་བཀུར་སྟིའི་ཆེད། །ཚིག་འཇམ་སྔུན་དུ་སྨྲ་བའོ། །གཞོག་སློངས་དེ་ནི་ཐོབ་བྱའི་ཆེད། །གཞན་གྱི་རྫས་ལ་བསྔགས་བྱེད་པའོ། །ཐོབ་ཀྱིས་འཇལ་བ་རྙེད་པའི་ཆེད། །མངོན་སུམ་གཞན་ལ་སྨོད་བྱེད་པའོ།། རྙེད་པས་རྙེད་པ་རྣམས་འདོད་པ། །སྔར་ཐོབ་པ་ལ་བསྔགས་བྱེད་པའོ། །ཞེས་གསུངས་པ་ལྟར་རོ། །བརྒྱད་པ་ལ་གཉིས་ལས་ཚུལ་ཁྲིམས་ཡན་ལག་དྲུག་ཏུ་བཤད་པ་ནི་ཡང་དག་པར་བླངས་པའི་ཚུལ་ཁྲིམས་མ་ཉམས་པར་རྗེས་སུ་བསྲུང་བས། དེའི་ཕྱིར་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །ཡང་དག་པར་བླངས་པའི་ཚུལ་ཁྲིམས་དེ་ཡང་སྲིད་པ་ལ་སོགས་པའི་དོན་དུ་མ་ཡིན་པར་འཁོར་བ་ལས་ངེས་པར་འབྱུང་བའི་ཕྱིར། སྡོམ་པ་བྱེད་པ་གང་ཡིན་པ་དེ་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཡིན་ལ། དེའི་ཕྱིར་སོ་སོ་ཐར་པའི་སྡོམ་པས་བསྡམས་པ་ཞེས་བྱའོ། །ཆོ་ག་ཕུན་སུམ་ཚོགས་པ་སྤྱོད་ལམ་ལ་སོགས་པ་དམ་པ་རྣམས་ཀྱིས་མ་སྨད་པའི་ཕྱིར་རོ། །

སྤྱོད་ཡུལ་ཕུན་སུམ་ཚོགས་པ་ནི། སྤྱོད་ཡུལ་མ་ཡིན་པ་ལྔ་སྤངས་པའི་ཕྱིར་ཏེ། དགེ་སློང་གི་སྤྱོད་ཡུལ་མ་ཡིན་པ་ལྔ་ནི། གསོད་པའི་ས་དང་། སྨད་འཚོང་གི་ས་དང་། ཆང་འཚོང་གི་ཁྱིམ་དང་། རྒྱལ་པོའི་ཕོ་བྲང་དང་། གདོལ་པའི་ཁྱིམ་རྣམས་སོ། །བཅས་པ་རྣམས་ལ་ཡང་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་འདྲ་བར་ཤིན་ཏུ་གུས་པར་སློབ་པ་ནི་ཁ་ན་མ་ཐོ་བ་ཆུང་ངུ་ཙམ་ལ་ཡང་འཇིག་པར་ལྟ་བ་ཞེས་བྱའོ། །བསླབ་པའི་གཞི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ལ་ཡང་དག་པར་རྫོགས་པར་བླངས་ནས། ཚུལ་བཞིན་དུ་སློབ་པ་ནི་ཡང་དག་པར་བླངས་པ་ལ་སློབ་པ་ཞེས་བྱའོ། །འདི་མན་ཆད་ནི་ཚུལ་ཁྲིམས་ཀྱི་ལས་ཀྱི་དབང་དུ་བྱས་ནས། མདོ་སྡེ་གཞན་ལས་ལུས་དང་ངག་གིས་བསྡམས་པ་ཞེས་པ་ལ་སོགས་པ་བཅུ་བཞི་གསུངས་པ་དེའི་དོན་བརྗོད་པར་བྱའོ། །དེ་ལ་ལུས་དང་ངག་གི་བསྡམས་པ་ནི་ཇི་ལྟར་བཀའ་སྩལ་བ་བཞིན་དུ་འགྲོ་བ་དང་ལྡོག་པ་ལ་སོགས་ལ་བློ་སྔོན་དུ་བཏང་ནས་ལེགས་པར་སྒྲུབ་པས། ལུས་ངག་གི་སྤྱོད་པ་ཤེས་བཞིན་གྱིས་ཡོངས་སུ་ཟིན་པའི་ཕྱིར་རོ། །ཕུན་སུམ་ཚོགས་པ་ནི་ལྟུང་བ་སྤྱོད་པར་མི་བྱེད་པས་ཚུལ་ཁྲིམས་ཆུད་མི་གསོན་པའི་ཕྱིར་རོ། །ཡོངས་སུ་དག་པ་ནི་ཡང་དག་པར་བླངས་པའི་ཚུལ་ཁྲིམས་སྐྱོན་མེད་པས་འགྱོད་པ་མེད་པར་འགྱུར་ལ། དེ་ལས་ཀྱང་སེམས་རྣལ་དུ་གནས་པ་ལ་སོགས་པར་འགྱུར་བས་རིམ་གྱིས་ཏིང་ངེ་འཛིན་གྱི་བར་ལ་གནས་པར་འགྱུར་བའི་ཕྱིར་རོ། །དེ་ཡང་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་འཆལ་པའི་ཚུལ་ཁྲིམས་ཐག་བསྲིང་བར་བྱེད་པའི་ཕྱིར་རོ། །དགེ་བ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་རྙོག་པ་གཅིག་དུ་མ་འདྲེས་པའི་ཕྱིར་རོ། །ཁ་ན་མ་ཐོ་བ་མེད་པ་ནི། སྲིད་པ་དང་ལོངས་སྤྱོད་ཀྱི་ཆེད་དུ་སྨོན་ནས་ཚངས་པར་སྤྱོད་པ་ལ་གནས་པ་རྣམ་པར་སྤངས་པའི་ཕྱིར་ཏེ། སྲིད་པ་དང་ལོངས་སྤྱོད་ཀྱི་ཕྱིར་མི་བསྔོ་བའི་ཚུལ་ཁྲིམས་ནི་དམ་པ་རྣམས་ཀྱི་བསྔགས་པའི་ཕྱིར་རོ། །གནོད་པ་མེད་པ་ནི་བདག་བསྟོད་པ་ལ་སོགས་པས་གཞན་ལ་ཁྱད་དུ་གསོད་པའི་བརྙས་ཐབས་མི་བྱེད་ལ་འགྲོགས་ན་གྲོགས་ཀྱི་ཡིད་སུན་མི་འབྱིན་པས་བདེ་བའི་ཕྱིར་རོ། །རྗེས་སུ་མཐུན་པ་ནི། འཕགས་པའི་ལམ་འདྲེན་པས་མྱང་འདས་ཐོབ་པ་དང་མཐུན་པའི་ཕྱིར་རོ། །རྗེས་སུ་འབྱོར་པ་ནི་རང་གི་དགེ་བའི་ཡོན་ཏན་རྣམས་ལ་མི་སྤྱོམས་ཤིང་སྒྲོགས་པར་མི་བྱེད་ལ་སྡིག་པ་རྣམས་མི་འཆབ་ཅིང་སྒྲོགས་པར་བྱེད་པའི་ཕྱིར་རོ། །ཐབས་དང་ལྡན་པ་ནི་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཉེ་བར་བསྡུད་པའི་ཕྱིར་ཏེ། དེ་དང་འགྲོགས་ན་ཡོན་ཏན་འཕེལ་བས་ཉེ་བར་འགྲོ་བར་བྱ་བའི་འོས་ཡིན་པའི་ཕྱིར་རོ། །འཚམས་པ་ནི་རང་གི་བླ་མ་དང་། དེ་དང་འདྲ་བའི་ཡོན་ཏན་ཅན་རྣམས་ལ་ང་རྒྱལ་བཅག་སྟེ། ལུས་ངག་གི་སྲིད་ཞུ་བྱེད་པའི་ཕྱིར་རོ། །མཐུན་པ་ནི་རང་གི་ལྟ་བ་མཆོག་ཏུ་འཛིན་པ་མེད་པས་གདམས་ངག་ལ་མཐུན་པར་འཛིན་པའི་ཕྱིར་རོ། །གདུང་བ་མེད་པ་ནི་མེ་ལྔ་བརྟེན་པ་ལ་སོགས་པའི་དཀའ་ཐུབ་དྲག་པོ་དང་། ཁྱིའི་བརྟུལ་ཞུགས་ལ་སོགས་པ་ངན་ངོན་ལ་མོས་པ་རྣམ་པར་སྤངས་པའི་ཕྱིར་རོ། །འགྱོད་པ་མེད་པ་ནི་ཁྱིམས་གྱི་ལོངས་སྤྱོད་རྒྱ་ཆེན་པོ་དང་། ནང་བློན་ལ་སོགས་པ་ལས་ཀྱི་མཐའ་སྤངས་ཏེ་རབ་ཏུ་བྱུང་བ་ལ་ཕྱིས་འགྱོད་པ་མེད་པའི་ཕྱིར་རོ། །ཡིད་ལ་བཅགས་པ་མེད་པ་ནི་དགེ་བའི་ཕྱོགས་ལ་བརྩམས་ནས་ཇི་ལྟར་ནུས་པ་སྒྲུབས་པས་ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པས། དགེ་བ་མ་སྒྲུབས་སྙམ་དུ་ཡིད་ལ་བཅགས་པས་མེད་པའི་ཕྱིར་རོ། །དགུ་པ་ལས་སྐྱེ་དགུའི་སྤྱོད་ཚུལ་ལས་མདོ་དྲངས་པ་ནི་བཅོམ་ལྡན་འདས་ཀྱིས་ཞེས་པ་ལ་སོགས་པའོ། །དེ་བཤད་པ་ལ། ལས་བདག་གིར་བྱ་བ་ནི། རང་གི་བྱས་པའི་ལས་ཀྱི་རྣམ་སྨིན་མྱོང་གི་གཞན་གྱིས་བྱས་པ་མི་མྱོང་བའི་ཕྱིར་རོ། །བགོ་སྐལ་ལ་སྤྱོད་པ་ནི་རང་གིས་བྱས་པའི་རྣམ་སྨིན་མྱོང་བ་དེ་ལ་ཡང་དགེ་སྡིག་གི་རྣམ་སྨིན་འདྲེས་པར་མི་འགྱུར་གྱི་དགེ་བ་ལས་འདོད་པ་དང་མི་དགེ་བ་ལས་མི་འདོད་པ་སོགས་ལས་སོ་སོའི་རྣམ་སྨིན་གྱིས་བསྒོ་སྐལ་ལ་སྤྱད་པའི་ཕྱིར་རོ། །ལས་ཀྱི་སྐྱེ་གནས་པ་ནི། རང་གི་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་འདོད་པའམ་མི་འདོད་པ་མྱོང་བའི་སེམས་ཅན་དེ་དག་ཀྱང་ཐོག་མར་རྒྱུ་མེད་པ་འམ་རང་བཞིན་དང་དབང་ཕྱུག་ལ་སོགས་པ་མི་མཐུན་པའི་རྒྱུ་ལས་འབྱུང་བ་རྣམ་པར་སྤངས་པའི་ལས་ཀྱི་སྐྱེ་གནས་སམ། རྒྱུ་ལས་བྱུང་བའི་ཕྱིར་རོ། །དེ་དག་ནི་འཇུག་པ་འཁོར་བ་ལས་བརྩམས་པ་ཡིན་ནོ། །ལྡོག་པ་ལས་བརྩམས་པ་རྟེན་པར་བྱ་བའི་ལས་ནི། ཟག་བཅས་ཀྱི་ལས་ཀྱི་བཅིངས་པ་ལས་མཐར་བྱེད་པའི་གཉེན་པོ་ཟག་པ་མེད་པའི་ལས་ནི་སེམས་ཅན་རྣམས་ཀྱི་རྟེན་དང་སྐྱབས་ཡིན་པའི་ཕྱིར་རོ། །མཐོན་པོ་དང་དམའ་བ་ནི་འཕེན་བྱེད་ཀྱི་བྱེ་བྲག་གིས་བདེ་འགྲོ་དང་ངན་འགྲོར་ལུས་ཐོབ་པའོ། །ངན་པ་དང་གྱ་ནོམ་པ་ནི་རྫོགས་བྱེད་ཀྱི་བྱེ་བྲག་གིས་དེ་དག་ཉིད་དུ། གཟུགས་མི་སྡུག་པ་དང་སྡུག་བསྔལ་མང་བ་ལ་སོགས་པ་སྐྱོན་དང་ལྡན་པ་དང་། གཟུགས་བཟང་བ་དང་ལོངས་སྤྱོད་ལ་སོགས་པ་ཡོན་ཏན་དང་ལྡན་པའོ། །བཅུ་པ་ལས་བསམ་གྱིས་མི་ཁྱབ་ཀྱི་མདོ་བཤད་པ་ནི་ལས་བསམ་གྱིས་མི་ཁྱབ་ཞེས་གང་གསུངས་པ་དེ་ལ། རྣམ་པ་ཐམས་ཅད་དུ་བསམ་གྱིས་མི་ཁྱབ་པ་མ་ཡིན་པས་བསམ་གྱིས་ཁྱབ་པ་དང་མི་ཁྱབ་པ་ཇི་ལྟ་བུ་ཡིན་ཞེ་ན་དེ་ལ་ལས་དགེ་བའི་རྣམ་པར་སྨིན་པ་ལྷ་མིའི་ནང་དུ་འདོད་པ་འབྱིན་པ་ནི་བསམ་གྱིས་ཁྱབ་སྟེ། རྒྱུ་བཟང་པོ་ལས་འབྲས་བུ་བཟང་པོ་འབྱུང་བ་དངོས་པོའི་ཆེ་བ་ཡིན་པའི་ཕྱིར་རོ། །

མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་དམྱལ་བ་ལ་སོགས་པའི་ངན་སོང་རྣམས་སུ་མི་འདོད་པ་མྱོང་བ་ནི། བསམ་གྱིས་མི་ཁྱབ་སྟེ། གཏན་ཚིག་སྔ་མ་ལས་བཟློག་པའི་ཕྱིར་རོ། །དེ་དག་ནི་བསམ་པར་བྱ་བ་ཡང་ཡིན་ཏེ། ཡང་དག་པའི་ལྟ་བ་ལ་སོགས་པའི་ཡོན་ཏན་འདྲེན་པའི་ཕྱིར་རོ། །སེམས་ཅན་རྣམས་ཀྱི་ལུས་ཀྱི་ཁ་དོག་དང་དབྱིབས་ལ་སོགས་པའི་ཁྱད་པར་མི་འདྲ་བ་སྣ་ཚོགས་པ་འདི་དང་འདི་རྣམས་ཀྱི་ཁྱད་པར་འདི་དང་འདིས་བྱས་སོ་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་སྟེ། དེ་དཔྱད་པ་ལ་དགོས་པ་མེད་ཅིང་། ཐམས་ཅད་མཁྱེན་པ་ལས་གཞན་གྱིས་ཤེས་པར་མི་ནུས་ཞིང་། མགོ་མྱོས་པ་ལ་སོགས་པའི་སྐྱོན་འདྲེན་པའི་ཕྱིར་རོ། །ལས་དགེ་བ་དང་མི་དགེ་བ་དེ་དག་ཀྱང་གནས་ལ་སོགས་པའི་རབ་ཏུ་དབྱེ་བས་བསམ་གྱིས་མི་ཁྱབ་པ་དེ་ལ་གནས་ནི་གྲོང་ངམ་གྲོང་ཁྱེར་ལ་སོགས་པའི་ཕྱོགས་གང་དུ་གནས་ནས་ལས་དེ་བྱས་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་ནི་སེམས་ཅན་ནི་སེམས་ཅན་མ་ཡིན་པའི་གྲངས་སུ་གཏོགས་པ་གང་ལ་བརྟེན་ནས་བྱས་པའོ། །རྒྱུ་ནི་དགེ་བའི་རྩ་བའམ་མི་དགེ་བའི་རྩ་བ་གསུམ་ཀའང་གང་རུང་སྟེ། དེས་ཀུན་ནས་བསླང་བའོ། །རྣམ་པར་སྨིན་པ་ནི་ལུས་སྣ་ཚོགས་པ་དེ་ཉིད་དོ། །ཕྱིའི་དངོས་པོ། ཚེར་མ་རྣོ་བ་དང་སྲན་མ་ཟླུམ་པ་ལ་སོགས་པ་སྣ་ཚོགས་པ་མངོན་པར་འགྲུབ་པར་བྱེད་པའི་ལས་ཀྱི་ནུས་པ་ནི་བསམ་གྱིས་མི་ཁྱབ་བོ། །དེ་བཞིན་དུ་ནོར་བུ་ལ་སོགས་པ་དང་ལྡན་པའི་ལས་བསམ་གྱིས་མི་ཁྱབ་སྟེ། དེ་ལ་ནོར་བུ་དང་ལྡན་པ་ནི་ཆུ་ཤེལ་ལས་ཆུ་དང་མེ་ཤེལ་ལས་མེ་འབྱུང་བ་སོགས་སོ། །སྔགས་དང་ལྡན་པ་ནི་སྔགས་དེས་བཏབ་པས་མེས་མི་ཚིགས་པ་ལ་སོགས་པའོ། །སྨན་དང་ལྡན་པ་ནི་སྨན་འགའ་ཞིག་བཟུང་བས་མི་སྣང་བར་འགྱུར་བ་ལ་སོགས་པའོ། །འཁྱུད་སྤྱད་དང་ལྡན་པའི་ལས་ནི་ལུང་པ་གསུམ་གྱི་མདའ་ནས་རྡེའུ་གསུམ་བླངས་ནས་མཐོ་སར་ཕྱིན་ནས་བདུན་པ་མན་ཆད་ཀྱི་རིམས་རྣམས་སོང་ཅིག་ཅེས་བརྗོད་དེ་ལུང་པ་གསུམ་དུ་འཕངས་པས་རིམས་ཞི་བ་ལ་སོགས་པའོ། །རྣལ་འབྱོར་པ་རྣམས་ཀྱི་མཐུའི་མངོན་པར་ཤེས་པའི་ལས་ས་ཆེན་པོ་གཡོ་བར་བྱེད་པ་དང་ནམ་མཁའ་ལ་འཕུར་བ་ལ་སོགས་བསམ་གྱིས་མི་ཁྱབ་བོ། །བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ཡན་ཆད་ཀྱི་དབང་འབྱོར་པའི་ལས་བསམ་གྱིས་མི་ཁྱབ་སྟེ། འདི་ལྟར་ཚེ་ལ་དབང་བ་ནི། ཚེའི་འདུ་བྱེད་བྱིན་གྱིས་བརླབས་ནས་སྐལ་པའམ་སྐལ་པ་ལས་ལྷག་པར་གནས་པའོ། །སེམས་ལ་དབང་བ་ནི་ཇི་ལྟར་འདོད་པ་བཞིན་དུ་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་སྙོམས་པར་འཇུག་པའོ། །ཡོ་བྱད་ལ་དབང་བ་ནི་འབྲུ་དང་རིན་པོ་ཆེ་ལ་སོགས་པ་ཡོ་བྱད་ཀྱི་ཆར་འབེབས་པར་ནུས་པའོ། །དེ་ལྟ་ནའང་སེམས་ཅན་རྣམས་ཀྱིས་ནོར་མི་ཐོབ་པ་ནི་རྒྱུ་ལྔ་སྟེ། ནོར་ཐོབ་པའི་གེགས་ཀྱི་ལས་ཡོད་པ་དང་། ནོར་ཐོབ་ན་དེ་ལ་ཆགས་པས་དགེ་བ་ལ་སྒྲིབ་པ་དང་། ནོར་མེད་པའི་སྐྱོ་བ་མངོན་དུ་གྱུར་ཀྱང་དགེ་བ་མི་སྒྲུབ་ན་ནོར་ཐོབ་པར་གྱུར་ཏེ། རྒྱགས་ཤིང་དྲེགས་ན་དགེ་བའི་སྣོད་དུ་མི་རུང་བ་དང་། སྡིག་པ་ཅན་རྣམས་ཀྱིས་ནོར་ཡོད་ན་མི་དགེ་བ་སྟོབས་ཆེན་སོགས་པར་འགྱུར་བ་དང་། སྐྱེ་བོ་མང་པོ་ལ་གནོད་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་ཐེག་བསྡུས་སུ། ལས་དང་སྒྲིབ་དང་མངོན་གྱུར་དང་། །སོག་དང་གནོད་བྱེད་མཐོང་བའི་ཕྱིར། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི། །སེམས་ཅན་ལོངས་སྤྱོད་མི་འཐོབ་བརྗོད། །ཅེས་གསུངས་པ་ལྟར་རོ། །ལས་ལ་དབང་བ་ནི་གོང་མ་མྱོང་འགྱུར་གྱི་ལས་རྣམས་འདོད་པར་སྨིན་པར་བསྒྱུར་བ་ལ་སོགས་པ་ལས་རྣམས་ཇི་ལྟར་འདོད་པ་བསྒྱུར་བའོ། །སྐྱེ་བ་ལ་དབང་བ་ནི་བསམ་གཏན་གྱི་སེམས་ལས་མ་ཉམས་བཞིན་དུ་འདོད་པར་སྐྱེ་བ་ལེན་པར་བྱེད་པའོ། །མོས་པ་ལ་དབང་བ་ནི་ས་དང་ཆུ་ལ་སོགས་པ་གང་མོས་པ་དེར་བསྒྱུར་བའོ། །སྨོན་ལམ་ལ་དབང་བ་ནི་ཇི་ལྟར་འདོད་པ་བཞིན་དུ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པའི་སྨོན་ལམ་ཆེན་པོ་གྲངས་མེད་པ་མངོན་པར་འགྲུབ་པའོ། །རྫུ་འཕྲུལ་ལ་དབང་བ་ནི་སེམས་ཅན་རྣམས་འདུན་པར་བྱ་བའི་ཕྱིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་དཔག་ཏུ་མེད་པ་སྟོན་པའོ། །ཡེ་ཤེས་ལ་དབང་བ་ནི། དོན་དང་ཆོས་དང་ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་རབ་ཀྱི་མཐར་ཕྱིན་པར་འགྱུར་རོ། །ཆོས་ལ་དབང་བ་ནི། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་མིང་དང་ཚིག་དང་ཡི་གེ་ཐ་དད་པ་གཞན་དང་གཞན་གྱི་མདོ་སྡེ་ལ་སོགས་པ་རྣམ་པར་བཞག་ནས། སེམས་ཅན་རྣམས་ཀྱིས་སེམས་ཅིག་ཅར་ཚིམ་པར་བྱེད་ནུས་པའོ། །སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་ནི། སངས་རྒྱས་རྣམས་ཆོས་ཀྱི་དབྱིངས་སུ་རོ་གཅིག་ཏུ་གྱུར་ནས་རྣམ་པར་མི་རྟོག་བཞིན་དུ། གདུལ་བྱ་གང་ལ་དུས་གང་གི་ཚེ་རྣམ་པ་ཇི་ལྟ་བུས་འདུལ་བ་ལ་སྐད་ཅིག་ཀྱང་མི་གཡེལ་བར། འཁོར་བ་ཇི་སྲིད་དུ་ལྷུན་གྱིས་གྲུབ་པར་འཇུག་པ་ནི་བསམ་གྱིས་མི་ཁྱབ་བོ། །དེ་ལྟར་མཚན་གཞི་བསྟན་ནས་ཀུན་འབྱུང་གི་བདེན་པའི་སྤྱིའི་མཚན་ཉིད་བསྟན་པར་བཞེད་ནས་རྒྱུའི་མཚན་ཉིད་དང་། ཞེས་པ་ལ་སོགས་པ་གསུངས་སོ། །དེ་ལ་སྔར་བཤད་པའི་ལས་དང་ཉོན་མོངས་པ་དེ་དག་ཡང་སྲིད་པར་སྐྱེ་བའི་བག་ཆགས་འཇོག་པའི་བྱེད་རྒྱུ་ཡིན་པའི་ཕྱིར་རྒྱུ་ཞེས་བྱའོ། །སེམས་ཅན་ཡང་སྲིད་པའི་བག་ཆགས་མཐུན་པར་བསགས་པ་དེ་དང་། དེ་དག་སེམས་ཅན་གྱི་རིས་ལྷ་ལ་སོགས་པ་དེ་དང་དེར་རང་བཞིན་དང་ཆ་བྱད་རྣམས་ཀུན་དུ་མཐུན་པར་འབྱུང་བའི་བྱེད་རྒྱུ་ཡིན་པའི་ཕྱིར་ཀུན་འབྱུང་ཡིན་ནོ། །སེམས་ཅན་རྣམས་སོ་སོ་རང་གིས་རྒྱུད་ཐ་དད་པ་དང་འགྲོ་བ་སྐྱེ་གནས་སོགས་རྣམ་པ་ཐ་དད་པ་དང་འདོད་པ་ནས་མཆོག་སྲིད་པའི་རྩེ་མོའི་བར་དུ་ཁམས་དང་ས་སོ་སོ་ཐ་དད་པར་འབྱུང་བའི་བྱེད་རྒྱུ་ཡིན་པའི་ཕྱིར་རབ་ཏུ་སྐྱེ་བ་ཞེས་བྱའོ། །མ་ཐོབ་པའི་ལུས་གཞན་དང་གཞན་འཐོབ་པ་དང་སྔར་ཐོབ་ཟིན་པའི་ལུས་རྣམས་འདའ་བའི་བྱེད་རྒྱུ་ཡིན་པའི་ཕྱིར་རྐྱེན་གྱི་མཚན་ཉིད་དུ་རིག་པར་བྱའོ། །སྤངས་བར་བྱ་བ་ཀུན་འབྱུང་གི་བདེན་པ་བསྟན་ནས། མངོན་དུ་བྱ་བ་འགོག་པའི་བདེན་པ་བསྟན་པར་བཞེད་ནས། འགོག་པའི་བདེན་པ་གང་ཞེ་ན་ཞེས་གསུངས་སོ། །

དེ་ཡང་མཚན་གཞི་བསྟན་པ་དང་། སྤྱིའི་མཚན་ཉིད་བསྟན་པ་གཉིས་ལས། དང་པོ་ལ་མདོར་བསྟན་པ་ནི། ཤེས་པར་བྱ་བའི་དངོས་པོ་འགོག་པའི་བདེན་པ་དེ་ཉིད་ཤེས་པར་བྱ་བའི་དོན་མཚན་ཉིད་ལ་སོགས་པ་བཅུ་གཉིས་ཀྱིས་རིག་པར་བྱའོ། །དང་པོ་མཚན་ཉིད་ལ་གསུམ་ལས་ངོ་བོ་ངོས་བཟུང་བ་ནི། དེ་ལ་འགོག་པ་ཞེས་པའི་ཚིག་ནི་བྱ་བྱེད་དང་འབྲེལ་བ་ཡིན་པས་ལས་སུ་བྱ་བའི་གཞི་གང་དུ་འགོག་པ་དང་བྱེད་པ་གང་གིས་འགོག་པ། བྱ་བའི་ངོ་བོ་གང་འགོག་པ་གསུམ་ཀ་ལ་ཡང་འགོག་པ་ཞེས་པའི་སྒྲ་འཇུག་གོ །དེ་བས་ན་ལས་སུ་བྱ་བའི་གཞི། གང་དུ་འགོག་པ་ནི་སེམས་རང་བཞིན་གྱིས་འོད་གསལ་བའི་མཚན་ཉིད་ཅན་གྱི་དེ་བཞིན་ཉིད་ཡིན་ནོ། །བྱེད་པ་གང་གིས་འགོག་པར་བྱེད་པ་བདག་མེད་པ་རྟོགས་པའི་མཚན་ཉིད་ཅན་གྱི་ལམ་གྱི་བདེན་པ་ཡིན་ནོ། །བྱ་བའི་ངོ་བོ་འགོག་པ་གང་ཡིན་པ་དེ་ནི་འདོད་ཆགས་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་རྣམས་ཀྱི་ས་བོན་བཅོམ་པས་གཏན་མི་འབྱུང་བའི་མཚན་ཉིད་ཅན་གྱི་སོ་སོར་བརྟགས་པའི་འགོག་པའོ། །དེ་ལ་དེ་བཞིན་ཉིད་ནི་དངོས་པོ་མེད་པའི་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བྱེ་བྲག་གིས་རྣམ་པ་གཉིས་ཡིན་ནོ། །དང་པོ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལ། གང་ཟག་དང་ཆོས་ཀྱི་བདག་གཉིས་གདོད་མ་ནས་མེད་པའི་སྟོང་ཉིད་མེད་དགག་གི་རང་བཞིན་ཅན་ཡིན་ནོ། །དེ་ནི་འདིར་ལམ་གྱིས་ཉོན་མོངས་པ་འགོག་པའི་དགག་གཞིར་འོས་པ་མ་ཡིན་ཏེ། དེ་ནི་ངོ་བོ་མེད་པ་ཉིད་ཀྱིས་འདོད་ཆགས་ལ་སོགས་པས་ཀུན་ནས་ཉོན་མོངས་པ་ཅན་དུ་བྱེད་པར་མི་ནུས་ལ། གང་ཉོན་མོངས་པ་རྣམས་ཀྱིས་ཀུན་ནས་ཉོན་མོངས་པར་མ་བྱས་པ་ནི། ལམ་དག་གིས་རྣམ་པར་བྱང་བར་ཡང་བྱེད་པར་མི་ནུས་པའི་ཕྱིར་རོ། །གཉིས་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས་པ་རྣམས་ཀྱི་རང་གི་ངོ་བོ་གདོད་མ་ནས་ཀུན་བཏགས་པའི་གཟུང་བ་དང་འཛིན་པ་གཉིས་ཀྱིས་དྲི་མས་མ་གོས་པ་སྒྲོན་མེ་ལྟར་རང་རིག་ཅིང་། གསལ་བའི་བདག་ཉིད་དེ་ཉིད་ལ་སེམས་ཀྱི་རང་བཞིན་འོད་གསལ་བ་ཞེས་ཀྱང་བྱ། གཉིས་མེད་ཀྱི་ཤེས་པ་དོན་དམ་ཞེས་ཀྱང་བྱ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་ཀྱང་བྱའོ། །དེ་ཉིད་གནས་སྐབས་ཐམས་ཅད་དུ་རང་གི་རང་བཞིན་གཉིས་མེད་ཀྱི་ངོ་བོ་ལས་མི་འགྱུར་བའི་ཕྱིར། དེ་བཞིན་ཉིད་ཅེས་བྱའོ། །རྒྱུ་དང་རྐྱེན་ལས་སྐད་ཅིག་མའི་ངོ་བོར་སྐྱེ་བ་ཡིན་ཡང་། རང་རིག་ཅིང་གསལ་བའི་བདག་ཉིད་དུ་དག་པ་དང་མ་དག་པའི་གནས་སྐབས་ཐམས་ཅད་དུ་ཁྱད་པར་མེད་པའི་ཕྱིར་རྟག་པ་དང་འདུས་མ་བྱས་པ་ཞེས་ཀྱང་བྱའོ། །འདི་ཉིད་ལམ་གྱི་བདེན་པས་ཀུན་ནས་ཉོན་མོངས་པ་དགག་པར་བྱ་བའི་གཞི་ཡིན་ཏེ། མ་དག་པའི་གནས་སྐབས་ན་འདོད་ཆགས་ལ་སོགས་པས་ཀུན་ནས་ཉོན་མོངས་པ་ཅན་དུ་བྱས་པའི་ཕྱིར་དང་། གང་ཉོན་མོངས་པ་རྣམས་ཀྱིས་ཀུན་ནས་ཉོན་མོངས་པར་བྱས་པ་དེ་ཉིད་ལམ་གྱིས་རྣམ་པར་བྱང་བ་ཡིན་པའི་ཕྱིར་ཏེ། གཞན་དུ་ན་ཀུན་ནས་ཉོན་མོངས་པ་དེ་ཉིད་ལམ་གྱི་རྣམ་པར་བྱང་བར་བྱས་སོ་ཞེས་བྱ་བར་མི་རིགས་ཏེ། ཆགས་སོགས་ཀྱིས་ཀུན་ནས་ཉོན་མོངས་པར་བྱ་བ་དང་། དད་སོགས་ཀྱིས་རྣམ་པར་བྱང་བར་བྱ་བའི་གཞི་ཐ་དད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་སེམས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་བག་ལ་ཉལ་མ་སྤངས་པའི་དུས་ན་རང་བཞིན་གྱིས་རྣམ་པར་དག་པ་ཞེས་བྱ་ལ། གང་གི་ཚེ་ལམ་གྱིས་ཉོན་མོངས་པའི་བག་ལ་ཉལ་མ་ལུས་པ་བཅོམ་པའི་ཚེ། གློ་བུར་གྱི་དྲི་མས་ཀྱང་རྣམ་པར་དག་པ་ཞེས་བྱ་བའི་མིང་ཐོབ་བོ། །དེའི་ཕྱིར་སེམས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་ལམ་གྱིས་ཉོན་མོངས་པ་དགག་པར་བྱ་བའི་གཞིར་གྱུར་པའི་དེ་བཞིན་ཉིད་ཡིན་ནོ། །

འགོག་པའི་ངོ་བོ་ནི། དགག་གཞི་དེ་ལ་ཉོན་མོངས་པ་གཏན་མི་འབྱུང་བའི་སོ་སོར་བརྟགས་པའི་འགོག་པ་མེད་དགག་གི་ངོ་བོར་གྱུར་པ་ཡིན་ལ། དེ་ནི་དགག་གཞིའི་དེ་བཞིན་ཉིད་དེ་ལས་དེ་ཉིད་དང་གཞན་གང་དུ་ཡང་བརྗོད་དུ་མེད་པ་ཡིན་ཏེ། དཔེར་ན་མ་དག་པའི་གནས་སྐབས་ན་དངོས་པོ་མེད་པའི་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གཉིས་དེ་ཉིད་དང་གཞན་དུ་མེད་པ་བཞིན་ནོ། །ཇི་ལྟར་མ་དག་པའི་གནས་སྐབས་ན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་རྣམ་གྲངས་པའི་སྟོང་པ་ཉིད་ཡིན་གྱི། སྟོང་ཉིད་རང་བཞིན་མ་ཡིན་ལ་དངོས་པོ་མེད་པའི་སྟོང་པ་ཉིད་ནི་སྟོང་པ་ཉིད་ཀྱི་རང་གི་ངོ་བོ་ཡིན་པ་ལྟར། རྣམ་པར་དག་པར་གནས་གྱུར་པའི་གནས་སྐབས་ན་ཡང་། དགག་གཞི་དེ་བཞིན་ཉིད་ནི་རྣམ་གྲངས་པའི་འགོག་པ་ཡིན་གྱི། འགོག་པའི་རང་གི་ངོ་བོ་མ་ཡིན་ལ། ཀུན་ནས་ཉོན་མོངས་པ་མི་འབྱུང་བའི་རང་བཞིན་ཅན་གྱི་སོ་སོར་བརྟགས་པའི་འགོག་པ་ནི་འགོག་པའི་བདེན་པའི་རང་གི་ངོ་བོ་ཡིན་ནོ། །དེའི་ཕྱིར་གང་དག་འགོག་པའི་བདེན་པ་ནི་རྟག་པ་ཡིན་ཏེ། གཞན་དུ་ན་སྔར་མེད་གསར་དུ་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་འགོག་པའི་བདེན་པ་ནི་མ་དག་པའི་གནས་སྐབས་ན་ཡང་དག་པའི་གནས་སྐབས་དང་ངོ་བོ་ཁྱད་པར་མེད་པར་ཡོད་མོད་ཀྱི། འོན་ཀྱང་སྒྲིབས་པས་མ་མཐོང་བ་ཙམ་དུ་ཟད་དོ། །ཞེས་ཟེར་བ་དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་འགོག་པའི་བདེན་པ་ཞེས་བྱ་བ་ཡོངས་གཅོད་དུ་གྲུབ་པ་ཅུང་ཟད་ཅིག་ཡོད་ན། དེའི་ཚེ་དེ་ནི། སྔར་ནས་ཡོད་པའམ་འོན་ཏེ་ཕྱིས་གསར་དུ་བྱུང་ཞེས་བྱ་བའི་རྣམ་པར་རྟོག་པ་འདིར་འགྱུར་ཏེ། རྣམ་པར་གཞན་མི་ཐད་པའི་ཕྱིར་རོ། །འགོག་པའི་བདེན་པ་ཞེས་བྱ་བ་གཞན་ཅུང་ཟད་ཀྱང་མེད་ཀྱི་ཉོན་མོངས་པའི་བག་ལ་ཉལ་དང་བྲལ་བས་ཉོན་མོངས་པའི་རང་གི་ངོ་བོ་གཏན་མི་སྐྱེ་བ་ཙམ་གྱིས་མེད་དགག་ཡིན་ན། དེའི་རང་གི་ངོ་བོ་སྔར་ནས་ཡོད་དམ་ཕྱིས་གསར་དུ་འབྱུང་ཞེས་དཔྱོད་པ་ནི་གནས་མ་ཡིན་པ་ལ་ཐེ་ཚོམ་ཟ་བ་བླུན་པོའི་རྣམ་ཐར་ཡིན་ཏེ། རི་བོང་གི་རྭ་ལ་རྣོ་བ་དང་བརྟུལ་བའི་ཁྱད་པར་དཔྱོད་པ་བཞིན་ནོ། །གལ་ཏེ་རི་བོང་གི་རྭ་ནི་གཏན་མེད་པས་དེ་ལ་རྣོ་བ་དང་བརྟུལ་བ་དཔྱོད་པ་མི་རིགས་མོད། འགོག་པའི་བདེན་པ་ནི་གཏན་མེད་པ་ཡིན་ན། མངོན་དུ་བྱ་བར་ཡང་ཇི་ལྟར་ནུས་ཞེ་ན། འགོག་པ་མེད་དོ་ཞེས་མ་སྨྲས་ཀྱི། འོན་ཀྱང་འགོག་པ་ལ་ཡོངས་གཅོད་དུ་གྲུབ་པའི་ངོ་བོ་གཏན་མེད་དོ་ཞེས་སྨྲས་སོ། །དེའི་ཕྱིར་ངོ་བོ་གཏན་མེད་པ་ལ་དེའི་ངོ་བོ་སྔར་ནས་ཡོད་དམ། ཕྱིས་འབྱུང་ཞེས་དཔྱོད་པ་ནི་བོང་རྭ་ལ་རྣོ་བརྟུལ་དཔྱོད་པ་དང་ཅིའི་ཕྱིར་འདྲ་བ་མ་ཡིན་ཏེ་འདྲ་བ་ཡིན་པའི་ཕྱིར་རོ། །

དེ་ལྟར་ན་འགོག་པ་མངོན་དུ་བྱས་ཞེས་པ་ཇི་ལྟར་ཞེ་ན། གང་ལ་དེ་ཕྱིན་ཆད་ཉོན་མོངས་པ་གཏན་མི་སྐྱེ་བའི་མཚན་ཉིད་ཅན་གྱི་སེམས་རང་བཞིན་གྱི་འོད་གསལ་དེ་ཉིད་མངོན་སུམ་དུ་དམིགས་པ་ལ་འགོག་པ་མངོན་སུམ་དུ་བྱས་སོ་ཞེས་པའི་ཐ་སྙད་ཐོབ་པ་ཡིན་ཏེ། དཔེར་ན་ས་ཕྱོགས་འགའ་ཞིག་མངོན་སུམ་གྱིས་དམིགས་པ་ན། བུམ་པ་མེད་པ་མངོན་སུམ་དུ་བྱས་སོ་ཞེས་སྨྲ་བ་ལྟ་བུའོ། །ཅི་སྟེ་སེམས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་འགོག་པའི་བདེན་པ་ཡིན་ལ། དེ་ཉིད་གདོད་མ་ནས་ཡོད་དོ་ཞེ་ན། དེ་ཉིད་གདོད་མ་ནས་མེད་དོ་ཞེས་ནི་ཁོ་བོ་མི་སྨྲའི། འོན་ཀྱང་མ་དག་པའི་གནས་སྐབས་ན་དེ་ལ་འགོག་པའི་བདེན་པ་ཞེས་པའི་མིང་ཡང་མི་འཐོབ་སྟེ། འགོག་པ་ནི་ཉོན་མོངས་པ་སྤངས་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །གང་གི་ཚེ་ཉོན་མོངས་པའི་བག་ལ་ཉལ་བཅོམ་པ་དེའི་ཚེ་དེ་ལ། འགོག་པའི་བདེན་པ་ཞེས་པའི་མིང་འཐོབ་ཀྱང་། རང་གི་སྐད་ཅིག་སྔ་མའི་ཉེར་ལེན་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ལྷན་ཅིག་བྱེད་པའི་རྐྱེན་ལས་རྣམ་པར་དག་པའི་ངོ་བོ་གསར་དུ་སྐྱེ་བའི་ཕྱིར་སྔར་ནས་ཡོད་པ་མ་ཡིན་ལ། རྣམ་གྲངས་པའི་འགོག་པ་ཡིན་གྱི། འགོག་པ་མཚན་ཉིད་པ་ཡང་མ་ཡིན་ནོ་ཞེས་སྔར་བཤད་ཟིན་ཏོ། །

གལ་ཏེ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། འཇམ་དཔལ་ཟད་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་གཏན་ནས་ཟད་པ་ཁོ་ན་ཡིན་ནོ། །གཏན་ནས་ཟད་པ་གང་ཡིན་པ་དེ་ནི་ཟད་པར་བྱ་བ་མ་ཡིན་ནོ། །ཞེས་པ་དང་། གཞན་ཡང་ཟད་པ་གཉེན་པོས་ཟད་པ་མ་ཡིན་ནོ། །གདོད་ནས་ཟད་པས་དེའི་ཕྱིར་ཟད་ཅེས་བརྗོད། ཅེས་པ་ལ་སོགས་པ་མང་དུ་གསུངས་པ་མ་ཡིན་ནམ། ཇི་ལྟར་ན་མ་དག་པའི་གནས་སྐབས་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་ལ་འགོག་པའི་བདེན་པ་ཞེས་མི་བྱ་ཞེ་ན། དེ་དག་ནི་སེམས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་མ་དག་པའི་གནས་སྐབས་ན་ཡང་ཆགས་སོགས་ཉོན་མོངས་པའི་ངོ་བོར་གཏན་ནས་སྐྱེ་མ་མྱོང་བའི་ཕྱིར། ཆགས་སོགས་གདོད་མ་ནས་ཟད་པ་ཞེས་བརྗོད་པ་ཡིན་ལ། དེ་ཙམ་གྱིས་འགོག་པ་མ་དག་པའི་གནས་སྐབས་ན་ཡང་ཡོད་པར་སྒྲུབ་ན། མིང་ལ་མི་བརྩད་དེ་སེམས་ཅན་རྣམས་ཀྱི་རྒྱུད་ལ་རང་བཞིན་གྱིས་འོད་གསལ་བའི་སེམས་མེད་དོ་ཞེས་ཁོ་བོ་ཅག་སྐུར་པ་འདེབས་པར་མི་བྱེད་དོ། །འོན་ཀྱང་ཉོན་མོངས་པ་མི་སྐྱེ་བའི་རང་བཞིན་ཅན་གྱི་འགོག་པ་ནི་རྣམ་པ་ཐམས་ཅད་དུ་ལམ་གྱིས་སྒྲུབ་པར་བྱ་བ་ཡིན་པས་དེ་ནི་མ་དག་པའི་གནས་སྐབས་ན་ནམ་ཡང་ཡོད་པ་མ་ཡིན་ནོ། །

གལ་ཏེ་འགོག་པ་ནི་དངོས་པོར་མེད་པ་ཡིན་ན་ལམ་གྱིས་སྒྲུབ་པར་བྱ་བ་ཇི་ལྟར་ཡིན་ཞེ་ན། འགོག་པའི་རང་གི་ངོ་བོ་ལ་ནི་ལམ་གྱིས་བྱ་བ་ཅུང་ཟད་ཀྱང་མི་བྱེད་མོད་འོན་ཀྱང་ལམ་གྱི་ལྷན་ཅིག་བྱེད་པའི་རྐྱེན་དང་སེམས་སྐད་ཅིག་སྔ་མའི་ཉེར་ལེན་ལས་སེམས་ཕྱི་མ་ཉོན་མོངས་པ་མི་སྐྱེ་བའི་མཚན་ཉིད་ཅན་དུ་སྐྱེས་པ་ཙམ་ལ་ལམ་གྱིས་འགོག་པ་བྱས་སོ་ཞེས་བྱ་བའི་ཞེས་ཐ་སྙད་འཐོབ་སྟེ། དཔེར་ན་བུམ་པའི་སྐད་ཅིག་སྔ་མའི་ཉེར་ལེན་དང་། ཐོ་བའི་ལྷན་ཅིག་བྱེད་རྐྱེན་ལས་གྱོ་མོའི་གནས་སྐབས་སྐྱེས་པ་ལ། ཐོ་བས་བུམ་པ་མེད་པར་བྱས་སོ་ཞེས་འཇིག་རྟེན་ན་ཐ་སྙད་འདོགས་པ་ལྟ་བུའོ། །བྱེ་བྲག་ཏུ་སྨྲ་བ་གང་དག །སོ་སོར་བརྟགས་པའི་འགོག་པ་གང་། བྲལ་བའོ་སོ་སོ་སོ་སོ་ཡིན་ཅེས་འགོག་པའི་བདེན་པ་བྲལ་བའི་རྫས་རྟག་པའི་ངོ་བོར་འདོད་པ་དག་ཀྱང་། ལམ་གྱིས་འགོག་པའི་ངོ་བོ་བསྐྱེད་པར་ནི་མི་འདོད་མོད། འོན་ཀྱང་ལམ་གྱིས་འགོག་པ་དེ་ཉིད་རྒྱུད་ལ་ལྡན་པར་བྱེད་པའི་ཐོབ་པ་སྐྱེད་པ་ཙམ་ལ་བྲལ་བའི་རྫས་རྟག་པ་དེ་ཉིད། ལམ་གྱི་བྲལ་བའི་འབྲས་བུ་ཡིན་ནོ་ཞེས་ཐ་སྙད་འདོགས་པར་བྱེད་དོ། །ལམ་གྱིས་ཉོན་མོངས་དང་བྲལ་བར་བྱས་པ་ལས་འགོག་པ་དེ་འཐོབ་པའི་ཕྱིར་རོ། །གང་ཡང་འགོག་པའི་བདེན་པ་སྔར་ནས་རྟག་པར་ཡོད་པ་ལམ་གྱིས་མངོན་དུ་གྱུར་པར་བྱེད་དོ། །ཞེས་སྨྲ་བ་ཡང་མིང་ཐ་དད་པ་ཙམ་མ་གཏོགས་འགོག་པ་རྫས་ཡོད་དུ་འདོད་པ་དག་དང་ཁྱད་པར་ཅི་ཡང་མེད་དོ། །མདོ་སྡེ་པ་དག་ནི་འགོག་པའི་ངོ་བོ་འདིར་བཤད་པ་དང་མཐུན་པར་མེད་དགག་ཅང་མེད་པོར་འདོད་མོད། འོན་ཀྱང་དེ་དག་ནི་དགག་གཞི་དང་བྲལ་བའི་དགག་པ་ཡན་གར་ཙམ་ཞིག་འདོད་ལ། འདིར་ནི་རང་བཞིན་གྱིས་འོད་གསལ་བའི་མཚན་ཉིད་ཅན་གྱི་དེ་བཞིན་ཉིད་དགག་གཞིར་ཁས་ལེན་པའི་ཕྱིར་ཁྱད་པར་ནི་དེ་ཙམ་མོ། །

ཅིའི་ཕྱིར་སྡེ་པ་དེ་དག་དགག་གཞི་ཁས་མི་ལེན་ཞེ་ན། གང་གི་ཚེ་འཇིག་རྟེན་ལས་འདས་པའི་ལམ་ལ་མཉམ་པར་བཞག་པ་དེའི་ཚེ། གཉེན་པོ་ལས་མ་གཏོགས་པའི་ཟག་པ་དང་བཅས་པའི་འཇུག་ཤེས་གཞན་རྣམས་འགགས་པའི་ཕྱིར་དང་། ཀུན་གཞིའི་རྣམ་པར་ཤེས་པ་ཁས་མི་ལེན་པའི་ཕྱིར་དང་། གཉེན་པོ་རང་ཉིད་ཉོན་མོངས་པ་སྤོང་བའི་དགག་གཞིར་རིགས་པ་ཡང་མ་ཡིན་ཏེ། དེ་ལ་ཉོན་མོངས་པའི་གནས་ངན་ལེན་མི་གནས་པའི་ཕྱིར་རོ། །འདིར་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཉོན་མོངས་པའི་གནས་ངན་ལེན་དང་ལྡན་པ་དེ་ཉིད་ལམ་མངོན་དུ་གྱུར་པའི་ཚེ་ཡང་རྗེས་སུ་འཇུག་པས་དེ་ཉིད་ལམ་གྱི་གནས་གྱུར་པར་བྱེད་པའི་ཕྱིར་དང་། དེ་ཉིད་ཀྱིས་ན་དེའི་གནས་ལུགས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་གང་དུ་ཉོན་མོངས་པ་འགོག་པའི་དགག་གཞིར་རིགས་པ་ཡིན་ནོ། །འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ལྟར་ན། གཉེན་པོས་སྤང་བྱ་བཅོམ་པའི་འགོག་པ་ཞེས་པ་རྫས་ཡོད་དམ་བཏགས་ཡོད་ཅི་ཡང་མི་བཞེད་དེ། གཉེན་པོར་འདོད་པ་དང་སྤང་བྱ་གཉིས་ཀ་ཡང་སྒྱུ་མ་ལྟར་ངོ་བོ་ཉིད་ཀྱིས་རང་བཞིན་མེད་པ་ཡིན་ན། གང་ཞིག་གང་གིས་འཇོམས་པར་བྱེད། །དེའི་ཕྱིར་གང་གི་ཚེ་རྣལ་འབྱོར་པས་ཆོས་ཐམས་ཅད་གདོད་མ་ནས་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་དེའི་ཚེ། འགོག་པ་དང་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱས་སོ་ཞེས། འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་ཐ་སྙད་འདོགས་པར་བྱེད་དོ། །དེ་ལྟར་ཡང་རིགས་པ་དྲུག་ཅུ་པ་ལས། དངོས་པོ་སྐྱེས་པ་ཞིག་པ་ལ། །ཇི་ལྟར་འགོག་པ་རྣམ་བརྟགས་ལྟར། །དེ་བཞིན་དམ་པ་རྣམས་ཀྱིས་ཀྱང་། །སྒྱུ་མ་བྱས་ལྟའི་འགོག་པ་བཞེད། །རྣམ་པར་འཇིག་པས་འགོག་འགྱུར་གྱི། །འདུས་བྱས་ཤེས་པས་མ་ཡིན་ན། །དེ་ནི་སུ་ལ་མངོན་སུམ་འགྱུར། །ཞིག་ཅེས་པ་དེ་ཇི་ལྟ་བུ། ཞེས་སོགས་གང་གསུངས་པ་ཡིན་ནོ། །དེ་ལྟར་ན་གྲུབ་མཐའ་སྨྲ་བ་བཞི་པོ་དག་ལ། བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་དག་ནི། གོ་རིམ་བཞིན་དུ་རྟག་པའི་རྫས་སུ་གྲུབ་པ་དང་སྤང་བྱ་བཀག་པ་ཙམ་གྱི་མེད་དགག་ཏུ་འདོད་པར་བྱེད་དོ། །རྣལ་འབྱོར་སྤྱོད་པའི་ལུགས་འདིར། རང་བཞིན་གྱིས་འོད་གསལ་བའི་མཚན་ཉིད་ཅན་གྱི་དེ་བཞིན་ཉིད་ལ་གཉེན་པོས་ཉོན་མོངས་པ་བཅོམ་པའི་མེད་དགག་དུ་བཞེད་པ་ཡིན་ནོ། །དབུ་མ་པ་དག་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་གདོད་མ་ནས་སྐྱེ་བ་དང་འགག་པ་སོགས་དང་བྲལ་བ་བརྗོད་དུ་མེད་པ་དེ་ཉིད་ལ་འགོག་པ་ཞེས་པའི་ཐ་སྙད་ཉེ་བར་འདོགས་སོ་ཞེས་བྱ་བ་ནི་མདོར་བསྡུས་པའི་དོན་ནོ། །གཉིས་པ་དེ་ཉིད་ལུང་གིས་སྒྲུབ་པ་ལ་ཟག་བཅས་ཀྱི་སྐྱེ་མཆེད་དང་ཕུང་པོ་རྣམས་འགགས་པ་འགོག་པར་གསུངས་པ་ནི་མདོ་ལས། མཚོ་ནི་གང་ལས་ལྡོག་པར་འགྱུར། །ལམ་ནི་གང་ལས་ལྡོག་པ་ལགས། །གང་དུ་འཇིག་རྟེན་སྡུག་བསྔལ་དང་། །བདེ་བ་མ་ལུས་འགོག་པར་འགྱུར། །ཞེས་ཞུས་པའི་ལན་དུ། གང་དུ་མིག་དང་རྣ་བ་དང་། །དེ་བཞིན་སྣ་དང་ལྕེ་དང་ལུས། །ཡིད་དང་དེ་བཞིན་མིང་དང་གཟུགས། །མ་ལུས་པར་ནི་འགགས་འགྱུར་བ། །མཚོ་ནི་དེ་ལས་ལྡོག་འགྱུར་ཞིང་། །ལམ་ནི་དེ་ལས་ལྡོག་པའོ། །ཞེས་གསུངས་ཏེ། དེ་ལ་མཚོ་ནི་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དྲུག་སྟེ། དེ་དག་གི་སྒོ་ནས་རྣམ་ཤེས་ཡུལ་ལ་འཇུག་པ་ན་ཉོན་མོངས་པ་འཕེལ་བར་འགྱུར་བས། ཉོན་མོངས་པའི་ཀླུའི་གནས་ཡིན་པའི་ཕྱིར་རོ། །ལམ་ནི་ལས་དང་ཉོན་མོངས་པ་གཉིས་ཡིན་ཏེ། དེ་དག་ལ་བརྟེན་ནས་རྒྱུད་ལྔའི་འགྲོ་བར་བགྲོད་པར་བྱེད་པའི་ཕྱིར་རོ། །དེ་དག་མ་ལུས་པ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འགག་པར་འགྱུར་རོ། །ཞེས་པའོ། །ཁམས་བཅོ་བརྒྱད་འགག་པས་འགོག་པར་བསྟན་པ་ནི། དེ་བཞིན་ཉིད་གང་དུ་མིག་གི་ཁམས་འགགས་པ་དང་མིག་ཤེས་དང་མཚུངས་པར་ལྡན་པའི་ཁ་དོག་གི་འདུ་ཤེས་མེད་པར་འགྱུར་བ་ནས་ཆོས་ཀྱི་ཁམས་ཀྱི་བར་དུ་འགོག་པ་དང་ཡིད་ཤེས་དང་མཚུངས་པར་ལྡན་པའི་ཆོས་ཀྱི་འདུ་ཤེས་མེད་པར་འགྱུར་བ་དེ་ནི། སེམས་ཅན་རྣམས་ཀྱི་གནས་སམ་རྟེན་དུ་རིགས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ལུང་གི་རྣམ་གྲངས་གཉིས་པོ་འདིས་ནི་དེ་བཞིན་ཉིད་ཀྱང་ཡིན་ལ་ཡེ་ཤེས་ཀྱི་དམིགས་པ་ཡང་ཡིན་པ་གང་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཟག་པ་དང་བཅས་པའི་དངོས་པོ་མ་ལུས་འགག་པ་ནི་འགོག་པའི་མཚན་ཉིད་དུ་བསྟན་པ་ཡིན་ནོ། །གཉིས་པ་ཟག་པ་ནི་སྐྱེ་མཆེད་དྲུག་ལ་སོགས་པ་ཟག་པ་དང་བཅས་པའི་འདུ་བྱེད་རྣམས་འཇིག་པ་སྟེ་འགགས་པ་དེ་ལས་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་འགོག་པ་དེ་གཞན་མ་ཡིན་ཏེ། དེ་ལྟར་ན་མྱ་ངན་ལས་འདས་པ་དེ་ཟག་པ་དང་བཅས་པའི་ཆོས་མ་ལུས་པ་འགག་པས་རབ་ཏུ་ཕྱེ་བ་མ་ཡིན་པར་ཐལ་བའི་ཕྱིར་རོ། །གཞན་མ་ཡིན་པ་ཡང་མ་ཡིན་ཏེ། མྱ་ངན་ལས་འདས་པ་ནི་འདུ་བྱེད་རྣམས་ཟད་པའི་རང་བཞིན་དུ་ཡོངས་སུ་གཅད་པར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་གཞན་དང་གཞན་མ་ཡིན་པ་གཉིས་ཀ་ཡང་མ་ཡིན་ལ། གཉིས་ཀ་མ་ཡིན་པ་ཡང་མ་ཡིན་ཏེ། འགལ་བའི་ཕྱིར་དང་རྣམ་པ་གཞན་མི་སྲིད་པའི་ཕྱིར་རོ། །ཅིའི་ཕྱིར་དེ་དང་དེར་རྟག་ཏུ་མེད་ཞེ་ན་མྱ་ངན་ལས་འདས་པ་ནི་མུ་བཞིའི་སྤྲོས་པ་མེད་པའི་ཕྱིར་རོ། །སྤྲོས་པ་ནི་འགོག་པའི་བདེན་པ་སྟོན་པའི་སྐབས་འདིར་ཚུལ་བཞིན་མ་ཡིན་པ་སེམས་པ་ཡིན་ཏེ། འདི་ལྟར་བསམ་བྱ་ཡང་གཞན་ལ་སེམས་དཔའ་ཡང་གཞན་ཞེས་བྱ་བའི་ཐ་ཚིག་གོ །དེ་ཡང་ཅིའི་ཕྱིར་ཞེ་ན། བསམ་བྱ་འགོག་པའི་བདེན་པའམ་མྱ་ངན་ལས་འདས་པ་དེ་ཉིད་མཐའ་བཞི་དང་བྲལ་བ་ལ་མཐའ་བཞིར་སེམས་པའི་ཕྱིར་རོ། །དེ་ཉིད་ལུང་གིས་སྒྲུབ་པ་ནི་བཅོམ་ལྡན་འདས་ཀྱིས་མིག་ལ་སོགས་པ་རེག་པའི་སྐྱེ་མཆེད་དྲུག་པོ། མ་ལུས་པར་ཟད་པ་སོགས་ལས་འགོག་པ་མྱ་ངན་ལས་འདས་པ་དེ་གཞན་ན་ཡོད་ཞེས་དང་མེད་དོ་ཞེས་དང་གཉིས་ཀ་ཡིན་ནོ་ཞེས་པའམ། གཉིས་ཀ་མ་ཡིན་ནོ་ཞེས་མཐའ་བཞིར་སེམས་པར་བྱེད་ན་སྤྲོས་པ་མེད་པ་མྱ་ངན་ལས་འདས་པ་ལ་ཚུལ་བཞིན་མ་ཡིན་པར་སེམས་པས་སྤྲོས་པར་བྱེད་དོ། །མདོར་ན་ཇི་སྲིད་དུ་སྐྱེ་མཆེད་དྲུག་ཡོད་པ་དེ་སྲིད་དུ་ཉོན་མོངས་པ་མེད་ཀྱང་བདེ་སྡུག་གི་ཚོར་བ་དང་དེའི་རྗེས་སུ་བྱེད་པའི་འདུ་ཤེས་རགས་པ་སྐྱེ་བས་སྤྲོས་པ་ཡིན་ལ། གང་གི་ཚེ་སྐྱེ་མཆེད་དྲུག་འགགས་པས་ཚོར་བ་དང་འདུ་ཤེས་སོགས་རྒྱུད་འཁྲུག་པར་བྱེད་པའི་སྤྲོས་པ་མེད་པར་འགྱུར་ཏེ། དེའི་ཕྱིར་སྐྱེ་མཆེད་དྲུག་མ་ལུས་པ་འགགས་པ་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་བསྟན་ཏོ་ཞེས་པའོ། །གསུམ་པ་ནི་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པའི་ས་བོན་ཉམས་སྨད་པ་ཙམ་གང་ཡིན་པ་ནི་བརྡའམ་ཐ་སྙད་པའི་འགོག་པ་ཞེས་བྱ་སྟེ་ས་བོན་ཡང་དག་པར་མ་བཅོམ་པའི་ཕྱིར་དང་། དེ་ཙམ་ལ་ཡང་ཉོན་མོངས་པ་སྤངས་ཞེས་པའི་ཐ་སྙད་ཡོད་པའི་ཕྱིར་རོ། །དེ་ཡང་བརྡའི་འགོག་པ་ཡིན་པ་དེའི་ཕྱིར་འཇིག་རྟེན་པའི་བསམ་གཏན་གྱི་རྣམ་གྲངས་སུ་དེའི་ཡན་ལག་གི་མྱ་ངན་ལས་འདས་པ་ཞེས་གསུངས་པ་ཡིན་ནོ། །འཇིག་རྟེན་པའི་བསམ་གཏན་རྣམས་ཀྱིས་ཀྱང་ས་འོག་མའི་སྡུག་བསྔལ་ལས་རེ་ཞིག་འདའ་བར་བྱེད་པའི་ཕྱིར། དེའི་ཡན་ལག་གིས་མྱ་ངན་ལས་འདས་པ་ཞེས་བྱའོ། །འཕགས་པའི་ཤེས་རབ་ཀྱིས་སྤང་བྱའི་ས་བོན་ཡང་དག་པར་བཅོམ་པའི་སྤངས་པ་གང་ཡིན་པ་དེ་ནི་དོན་དམ་པའི་འགོག་པ་ཞེས་བྱ་སྟེ། སྤང་བྱ་གཏན་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་ཕྱིར་རོ། །རྒྱུན་དུ་ཞུགས་པ་ལ་སོགས་པ་སློབ་པ་རྣམས་ཀྱི་འབྲས་བུས་བསྡུས་པའི་སྤངས་པ་གང་ཡིན་པ་དེ་ནི་མ་རྫོགས་པའི་འགོག་པ་ཞེས་བྱ་སྟེ། སྤངས་པ་ཡོངས་སུ་མ་རྫོགས་པའི་ཕྱིར་རོ། །དགྲ་བཅོམ་པ་རྣམས་ཀྱི་འབྲས་བུར་བསྡུས་པའི་སྤངས་པ་གང་ཡིན་པ་དེ་ནི་ཡོངས་སུ་རྫོགས་པའི་འགོག་པ་ཞེས་བྱ་སྟེ། སྤང་བྱ་མ་ལུས་པ་སྤངས་པའི་ཕྱིར་རོ། །ཤེས་རབ་ཀྱིས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་རྣམས་ཀྱི་འགོག་པ་ནི་རྒྱན་མེད་པ་ཞེས་བྱ་སྟེ། མངོན་པར་ཤེས་པ་དང་རྣམ་པར་ཐར་པ་སོགས་ཀྱི་རྒྱན་དང་མི་ལྡན་པའི་ཕྱིར་རོ། །ཉོན་མོངས་པ་དང་སྙོམས་འཇུག་གི་སྒྲིབ་པ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་རྣམས་ཀྱི་འགོག་པ་གང་ཡིན་པ་ནི་རྒྱན་དང་བཅས་པ་ཞེས་བྱ་སྟེ། རིག་པ་གསུམ་དང་མངོན་པར་ཤེས་པ་དྲུག་ལ་སོགས་པའི་རྒྱན་དང་ལྡན་པའི་ཕྱིར་རོ། །ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་ནི་གོ་བར་ཟད་དོ། །སྲིད་པ་དང་ཞི་བའི་མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པས་བསྡུས་པའི་འགོག་པ་ནི་ཁྱད་པར་དུ་འཕགས་པ་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་ལ་འཕྲལ་དང་ཡུན་དུ་ཕན་པ་དང་བདེ་བའི་གཞིར་གྱུར་པའི་ཕྱིར་རོ། །རྣམ་གྲངས་ལ་མིང་གིས་མདོར་བསྟན་པ་ནི་མ་ལུས་པར་སྤངས་པ། ཞེས་པ་ལ་སོགས་པའོ། །དེ་རྒྱས་པར་བཤད་པ་ལ་གསུམ་ལས། སྤངས་པ་དང་། ཡོན་ཏན་དང་། སྡུག་བསྔལ་བཟློག་པའི་རྣམ་གྲངས་ལས། དང་པོ་ནི་ཅིའི་ཕྱིར་འགོག་པའི་བདེན་པ་དེ་ལ་མ་ལུས་པར་སྤངས་པ་ཞེས་བྱ་ཞེ་ན་ཚིག་ལྷག་མ་ནུབ་པ་ཞེས་པའི་བར་གྱི་ཕྱིར་རོ། །ངེས་པར་སྤངས་པ་ནི། ཉོན་མོངས་པའི་ཀུན་ནས་དཀྲིས་པ་མངོན་གྱུར་བོར་བའི་ཕྱིར་རོ། །བྱང་བར་འགྱུར་བ་ནི་ཉོན་མོངས་པའི་བག་ལ་ཉལ། ས་བོན་རྣམས་མ་ལུས་པར་མཐར་ཕྱིན་པར་བྱེད་པའི་ཕྱིར་རོ། །ཀུན་ནས་དཀྲིས་པ་དང་བག་ལ་ཉལ་སྤངས་པ་དེ་ཉིད་གཉེན་པོ་མཐོང་བའི་ལམ་དང་སྒོམ་པའི་ལམ་གྱིས་བྲལ་བ་བྱས་པའི་བྱེ་བྲག་གིས་གོ་རིམ་བཞིན་དུ། ཟད་པ་དང་འདོད་ཆགས་དང་བྲལ་བ་ཞེས་བྱའོ། །འགོག་པ་ནི་ཕྱི་མ་ལ་ཉོན་མོངས་པ་དེའི་འབྲས་བུ་སྡུག་བསྔལ་མི་སྐྱེ་བའི་ཕྱིར་རོ། །རྣམ་པར་ཞི་བ་ནི་མཐོང་བའི་ཆོས་དེ་ལ་ཉོན་མོངས་པའི་འབྲས་བུ་སེམས་ཀྱི་སྡུག་བསྔལ་ཡིད་མི་བདེ་བ་རྒྱུ་བ་མེད་པའི་ཕྱིར་རོ། །ནུབ་པ་ནི་སྔོན་གྱི་ལས་དང་ཉོན་མོངས་པས་སྒྲུབ་པའི་ཕུང་པོའི་ལྷག་མ་རྣམས་རང་གི་ངང་གིས་འཇིག་པའི་ཕྱིར་རོ། །

གཉིས་པ་ཡོན་ཏན་གྱི་རྣམ་གྲངས་ལ་བཞི་ལས་ཟབ་པའི་ཡོན་ཏན་ནི། སྐྱེ་བ་ལ་སོགས་འདུས་བྱས་ཀྱི་མཚན་ཉིད་གསུམ་དང་བྲལ་བའི་ཕྱིར་འདུས་མ་བྱས་ཡིན་ནོ། །ལྟ་དཀའ་བ་ནི་འཕགས་པ་རྣམས་ཤེས་རབ་ཀྱི་སྤྱན་གཅིག་པུས་རྟོགས་པར་བྱ་བ་ཡིན་པས་ཤ་དང་ལྷའི་མིག་གི་སྤྱོད་ཡུལ་ལས་འདས་པའི་ཕྱིར་རོ། །དེ་ལ་སྤྱན་ནི་ལྔ་སྟེ། ཤ་དང་། ལྷའི་དང་། ཤེས་རབ་དང་། ཆོས་དང་། སངས་རྒྱས་ཀྱི་སྤྱན་ནོ། །དེ་ལ་ཤའི་མིག་ནི་སྤྱིར་འདོད་པའི་སེམས་ཅན་ཐམས་ཅད་ཀྱི་མིག་ཀུན་ཡིན་ལ། །དེ་ཉིད་ཀྱིས་དཔག་ཚད་བརྒྱ་ནས་སྟོང་གསུམ་གྱི་བར་གྱི་གཟུགས་ཕྲ་རགས་རྣམས་མཐོང་བ་གང་ཡིན་པ་དེ་ནི་ཤའི་སྤྱན་ཞེས་བྱ་བའི་གྲངས་སུ་འགྲོའོ། །ལྷའི་སྤྱན་ནི་སྔོན་ཡུལ་མཆོག་ལ་མར་མེ་དང་འབྲུ་མར་ལ་སོགས་པ་ཕུལ་བའི་རྣམ་པར་སྨིན་པ་ལས་བྱུང་བ། ཤའི་མིག་གིས་མཚན་ཉིད་ལས་འདས་ཤིང་། ཏིང་ངེ་འཛིན་གྱི་སྒྲུབས་པའི་ལྷའི་མིག་དང་ཆོས་མཚུངས་པ་དཔག་ཚད་བརྒྱ་ནས་སྟོང་གསུམ་གྱི་གཟུགས་ཕྲ་རགས་རྣམས་སམ་དེ་ལས་ཀྱང་འདས་པའི་གཟུགས་རྣམས་མཐོང་བའོ། །འདི་ཡང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གདོན་མི་ཟ་བར་ཡོད་པ་ཡིན་ནོ། །འདི་ནི་ལྷའི་མིག་དང་འདྲ་བའི་ཕྱིར་ལྷའི་མིག་ཅེས་བྱའི་ལྷའི་མིག་དངོས་ནི་མ་ཡིན་ཏེ། འདི་ནི་འདོད་པའི་སས་བསྡུས་པའི་ཕྱིར་དང་ལྷའི་མིག་ནི་བསམ་གཏན་གྱི་སས་བསྡུས་པའི་ཕྱིར་རོ། །ཤེས་རབ་ཀྱི་སྤྱན་ནི་དེ་ཁོ་ན་ཉིད་ཇི་ལྟ་བ་ཤེས་པའི་ཤེས་རབ་བོ། །ཆོས་ཀྱི་སྤྱན་ནི་ལུང་དང་རྟོགས་པའི་ཆོས་ཀྱི་བྱེ་བྲག་གིས་རྣམ་པ་གཉིས་ཡིན་ཏེ། དེ་ལ་ལུང་གི་ཆོས་ཀྱི་སྤྱན་ནི། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཚིག་དང་དོན་ཐམས་ཅད་ལ་ཐོགས་པ་མེད་པར་ཤེས་པའོ། །འདི་ནི་ཚིག་དང་དོན་གྱི་གཟུངས་དང་དོན་གཅིག་ལ་སྔ་མ་ཤེས་རབ་ཀྱི་སྤྱན་ནི་བཟོད་པའི་གཟུངས་དང་དོན་གཅིག་པ་ཡིན་ནོ། །རྟོགས་པའི་ཆོས་ཀྱི་སྤྱན་ནི་གང་ཟག་ཟུང་བཞིའི་རྟོགས་པའི་བྱེ་བྲག་ཇི་ལྟ་བ་བཞིན་དུ་ཤེས་པའོ། །སངས་རྒྱས་ཀྱི་སྤྱན་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སོ། །

བདུད་བཞི་དང་བྲལ་བའི་ཡོན་ཏན་ལ། མི་གཡོ་བ་ནི་དམྱལ་བ་ལ་སོགས་པ་འགྲོ་བ་གཅིག་ནས་གཅིག་དུ་འཕོ་ཞིང་རྒྱུ་བ་དང་བྲལ་བའི་ཕྱིར་རོ། །མི་འདུད་པ་ནི་ཁམས་གསུམ་གྱི་སྲེད་པ་གསུམ་དང་བྲལ་བས་སྲིད་པར་མི་འདུད་པའི་ཕྱིར་རོ། །འཆི་བ་མེད་པ་ནི་འཆི་བའི་རྟེན་ཕུང་པོའི་བདུད་དང་བྲལ་བའི་ཕྱིར་རོ། །ཟག་པ་མེད་པ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་བདུད་དང་བྲལ་བའི་ཕྱིར་རོ། །རྟེན་གྱི་ཡོན་ཏན་ནི་ཁ་ན་མ་ཐོ་བ་མེད་པ་རྣམ་པར་གྲོལ་བའི་དགའ་བདེའི་གཞིའི་ཕྱིར་གནས་ཡིན་ནོ། །ཁམས་གསུམ་གྱི་རྒྱ་མཚོ་ཆེན་པོ་ལས་ཡོངས་སུ་ཆད་དོ། །ཐང་ལྟ་བུར་གྱུར་པའི་ཕྱིར། གླིང་ཞེས་བྱའོ། །སྐྱེ་བ་ལ་སོགས་པའི་གནོད་པ་ཐམས་ཅད་བཟློག་པའི་ཕྱིར་སྐྱོབ་པ་ཡིན་ནོ། །དེར་བསམས་པ་སེམས་བསྐྱེད་དང་སྦྱོར་བ་ལམ་སྒོམ་པ་སོགས་བྱས་པ་འབྲས་བུ་ཡོད་པའི་གཞིའི་གནས་ཡིན་པའི་ཕྱིར་མགོན་ཞེས་བྱ་བའོ། །འཕགས་པའི་མཆོག་དགྲ་བཅོམ་པ་ཉིད་དུ་འགྲོ་བ་འཕགས་པའི་ལམ་གྱིས་དམིགས་པར་གྱུར་པའི་གཞིའི་གནས་ཡིན་པའི་ཕྱིར། དཔུང་གཉེན་ཞེས་བྱའོ། །བདེ་བའི་ཡོན་ཏན་ལ་འཆི་བ་མེད་པ་ནི་སྐྱེ་བ་དང་བྲལ་བས་ཉམས་པ་མེད་པའི་ཕྱིར་རོ། །རིམས་ནད་མེད་པ་ནི་འདོད་པས་ཕོངས་པ་ལ་སོགས་པའི་གདུང་བ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །ཡོངས་སུ་གདུང་བ་མེད་པ་ནི་མྱ་ངན་སོགས་དང་བྲལ་བའི་ཕྱིར་རོ། །བདེ་བ་ནི་ན་བ་དང་རྒ་བ་དང་ཤི་བ་སོགས་འཇིགས་པ་དང་བྲལ་བས་འཕགས་པའི་གནས་པའི་གཞིའི་གནས་ཡིན་པའི་ཕྱིར་རོ། །ཞི་བ་ནི་ཕན་པའི་དངོས་པོ། དགེ་བའི་ཆོས་ཀུན་གྱི་གནས་ཡིན་པའི་ཕྱིར་རོ། །བདེ་བའི་གཞི་ནི་དོན་དམ་པའི་བདེ་བ་ཟག་པ་མེད་པའི་བདེ་བའི་གཞི་ཡིན་པའི་ཕྱིར་རོ། །བདེ་བར་འགྱུར་བ་ནི་སྦྱོར་བ་བདེ་བ་ངལ་ཞིང་དུབ་པའི་མཐའ་སྤངས་པས་འགོག་པ་དེ་ཐོབ་པའི་ལམ་གྱི་གཞིའི་གནས་ཡིན་པའི་ཕྱིར་རོ། །ནད་མེད་པ་ནི། ཉོན་མོངས་པ་དང་ལས་དང་སྐྱེ་བའི་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །མི་གཡོ་བ་ནི་ཡུལ་གྱི་སྤྲོས་པའི་གཡེང་བ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །མྱ་ངན་ལས་འདས་པ་ནི། གཟུགས་སོགས་ཀྱི་འདུ་ཤེས་ཀྱིས་མཚན་མ་མེད་ཅིང་ཟག་པ་མེད་པའི་བདེ་བའི་གཞིའི་གནས་ཡིན་པའི་ཕྱིར་རོ། །སྡུག་བསྔལ་ལས་བཟློག་པའི་རྣམ་གྲངས་ལ། སྡུག་བསྔལ་ནི་སེམས་ཅན་གྱི་རིས་དེ་དང་དེར་ཉིང་འཚམས་སྦྱོར་བའི་སྒོ་ནས་སྐྱེའོ། །སྐྱེས་པ་དེའི་འོག་ཏུ་མིག་ལ་སོགས་པའི་སྐྱེ་མཆེད་དྲུག་ལུས་ཡོངས་སུ་རྫོགས་པར་འབྱུང་བའི་སྒོ་ནས་འཕེལ་ལོ། །དེ་གཉིས་དང་བྲལ་བའི་ཕྱིར་གོ་རིམ་བཞིན་དུ་མ་སྐྱེས་པ་དང་མ་བྱུང་བ་ཞེས་བྱའོ། །སྡུག་བསྔལ་དེ་ཡང་སྔོན་གྱི་ལས་དང་ཉོན་མོངས་པའི་འཕངས་ཏེ་བྱས་པ་ནི་ད་ལྟར་གྱི་ལས་དང་ཉོན་མོངས་པ་རྣམས་ཀྱིས་སྲིད་པ་གཞན་མངོན་པར་འདུ་བྱེད་པའི་གཞིའི་གནས་ཡིན་ལ། དེ་ལྟར་རྒྱུན་མི་འཆད་པའི་ཚུལ་གྱིས་མ་འོངས་པའི་སྲིད་པའི་རྒྱུན་འབྱུང་བར་འགྱུར་རོ། །དེ་དག་ལས་བཟློག་པས་གོ་རིམ་བཞིན་དུ་མ་བྱས་པ་དང་། འདུས་མ་བྱས་པ་དང་། སྐྱེ་བ་མེད་པ་ཞེས་བྱའོ། །

དེ་ལྟར་འགོག་པའི་བདེན་པའི་མཚན་གཞི་བསྟན་ནས། འགོག་པའི་བདེན་པའི་སྤྱིའི་མཚན་ཉིད་བསྟན་པ་སྐབས་སུ་བབ་པ། དེ་ཉིད་ནི་རྣམ་པ་བཞིས་རིག་པར་བྱ་སྟེ་འདི་ལྟར་འགོག་པའི་མཚན་ཉིད་ལ་སོགས་པའོ། །དེ་ལ་སྡུག་བསྔལ་འབྱུང་བའི་རྒྱུ་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་ཕྱིར་འགོག་པ་ཡིན་ནོ། །འདུ་བྱེད་ཀྱི་སྡུག་བསྔལ་གྱིས་མ་ཞི་བའི་མཚན་ཉིད། ཉེར་ལེན་གྱི་ཕུང་པོ་རྣམས་དང་བྲལ་བའི་ཕྱིར། ཞི་བ་ཞེས་བྱའོ། །ཉོན་མོངས་དང་བྲལ་བས་གཙང་ཞིང་སྡུག་བསྔལ་དང་བྲལ་བས་བདེ་བའི་དངོས་པོ་ཡིན་པའི་ཕྱིར། གྱ་ནོམས་པ་ཞེས་བྱའོ། །སླར་མི་ལྡོག་པས་རྟག་ལ་བདེ་བ་ཡིན་པས་ཕན་པའི་གཞི་ཡིན་ཅིང་། དེའི་ཕྱིར་ངེས་པར་འབྱུང་བ་ཞེས་བྱའོ། །དེ་ལྟར་མངོན་དུ་བྱ་བ་འགོག་པའི་བདེན་པ་བསྟན་ནས། བསྟེན་པར་བྱ་བའི་ལམ་གྱི་བདེན་པ་འཆད་པར་བཞེད་ནས་ལམ་གྱི་བདེན་པ་གང་ཞེ་ན་ཞེས་སྨོས་སོ། །དེ་ཡང་གསུམ་གྱིས་རིག་པར་བྱ་སྟེ། འདི་ལྟར་བྱེད་པའི་སྒོ་ནས་མདོར་བསྟན་པ་དང་། ལྔར་ཕྱེ་སྟེ་རྒྱས་པར་བཤད་པ་དང་། སྤྱིའི་མཚན་ཉིད་ཀྱི་རྣམ་པས་བསྡུ་བའོ། །དང་པོ་ནི་ལམ་གང་གིས་སྡུག་བསྔལ་རང་དང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་ཡོངས་སུ་ཤེས་པ་ལ་སོགས་པ་བདེན་པ་བཞི་ལ་རང་རང་དང་མཐུན་པའི་བྱ་བ་བྱེད་པ་ནི་ལམ་གྱི་བདེན་པའི་མཚན་ཉིད་མདོར་བསྡུས་པའོ། །གཉིས་པ་ལ་གཉིས་ཀྱི་དབྱེ་བ་ནི། རྒྱུད་སྨིན་པར་བྱེད་པའི་གཉེན་པོ་ཚོགས་ཀྱི་ལམ་དང་ཉེ་བར་སྤོང་བའི་གཉེན་པོ་སྦྱོར་བའི་ལམ་དང་ཕྱོགས་གཅིག་སྤོང་བའི་གཉེན་པོ་མཐོང་བའི་ལམ་དང་མཐའ་དག་སྤོང་བའི་གཉེན་པོ་སྒོམ་པའི་ལམ་དང་སྤངས་པ་ཡོངས་སུ་རྫོགས་པ་མཐར་ཕྱིན་པའི་ལམ་རྣམས་སོ། །རབ་ཏུ་དབྱེ་བ་འདི་ཡང་ལམ་གྱི་བདེན་པ་འཁོར་དང་བཅས་པའི་དབང་དུ་བྱས་པར་རིག་པར་བྱ་སྟེ། ཚོགས་དང་སྦྱོར་བའི་ལམ་ནི་རྒྱུ་ཡིན་པ་དང་། མཐར་ཕྱིན་པའི་ལམ་ནི་འབྲས་བུ་ཡིན་པའི་ཕྱིར་རོ། །

གཉིས་པ་སོ་སོའི་རྣམ་བཞག་ལ། ལྔ་ལས་དང་པོ་ཚོགས་ཀྱི་ལམ་ནི་གཞི་སོ་སོ་སྐྱེ་བོའི་ཚུལ་ཁྲིམས་ཉེས་པར་སྤྱོད་པ་སྤོང་བའི་སེམས་པ་དང་། དེ་ཉིད་རྣམ་པར་དག་པར་བྱེད་པའི་ཐབས་མིག་ལ་སོགས་པའི་དབང་པོའི་སྒོ་སྡམས་པ་ནི། མིག་གིས་གཟུགས་མཐོང་ཡང་དྲན་པ་དང་ཤེས་བཞིན་གྱིས་ཡོངས་སུ་བཟུང་སྟེ། གཟུགས་སྡུག་པའམ་མི་སྡུག་པ་ལ་འདོད་ཆགས་དང་ཁོང་ཁྲོ་བ་སོགས་མི་བསྐྱེད་པའོ། །ཟས་ཀྱི་ཚོད་ཤེས་པ་ནི་འཇུ་ཞིང་དགེ་བ་ལ་སྦྱོར་བ་ལ་ལུས་གནས་པ་ཙམ་དུ་ཟ་བའོ། །བཤེས་པའི་སྤྲིང་ཡིག་ཏུ། ཁ་ཟས་སྨན་འདྲར་རིག་ནས་ནི། །ཆགས་སྡང་མེད་པར་སྟེན་བགྱི་སྟེ། །རྒྱག་ཆེད་བསྙེམ་ཆེད་འཚག་ཆེད་དུ། །མ་ལགས་ལུས་གནས་འབའ་ཞིག་ཆེད། །ཅེས་གསུངས་པ་ལྟར་རོ། །ཡང་དེ་ཉིད་ལས། རིགས་པའི་བདག་ཉིད་ཉིན་ཀུན་དང་། །མཚན་མོའང་སྟོད་སྨད་ཐུན་ལ་གནས། །མནལ་ཚེའང་འབྲས་མེད་མི་འགྱུར་བར། །དྲན་ལྡན་དེ་སྲིད་བར་དུ་གནོལ། །ཞེས་གསུངས་པ་ལྟར། །མཚན་མོ་ལ་ཐུན་གསུམ་དུ་བྱས་པའི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར། ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་ལ་བརྩོན་པ་དང་སྤྱོད་འཇུག་ཏུ། །ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ། །འདི་ཉིད་ཁོ་ན་མདོར་ན་ནི། །ཤེས་བཞིན་བསྲུང་བའི་མཚན་ཉིད་དོ། །ཅེས་པ་ལྟར། དུས་རྟག་ཏུ་ཤེས་བཞིན་དུ་གནས་པ་ལ་མངོན་པར་དགའ་བའོ། །གཞན་ཡང་ཐར་པའི་རྒྱུར་གྱུར་པའི་དགེ་བ་སྡིག་པ་བཤགས་པ། དགེ་བ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་དང་འགྱོད་པ་མེད་པར་གནས་པ་ལ་སོགས་པའོ། །དེ་བཞིན་དུ་སངས་རྒྱས་ཀྱི་བསྟན་པ་ལ་ཐོས་པ་ལས་བྱུང་བ་དང་དེའི་དོན་རིགས་པས་བསམས་པ་ལས་བྱུང་བ་དང་བསམ་པའི་དོན་རྩེ་གཅིག་ཏུ་སྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱང་རུང་སྟེ་མདོར་ན། དེ་སྒོམས་པས་སེམས་ཀྱི་རྒྱུད་བདེན་པ་མངོན་པར་རྟོགས་པར་འགྱུར་བ་དང་། མི་མཐུན་པའི་ཕྱོགས་ཀྱི་སྒྲིབ་པ་ལས་རྣམ་པར་ཐར་པའི་གནས་ཀྱི་སྣོད་ཉིད་དུ་རུང་བར་འགྱུར་བའོ། །

གཉིས་པ་སྦྱོར་བའི་ལམ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་མདོར་བསྟན་པ་ནི། དྲོད་ཡན་ཆད་ཀྱི་སོ་སོ་སྐྱེ་བོའི་ཚུལ་ཁྲིམས་ལ་སོགས་པ་ཚོགས་གང་ཡིན་པ་དེ་དག་ནི་སྦྱོར་བ་གང་ཡིན་པའོ། །ཉེ་བར་སྤོང་བའི་གཉེན་པོ་ཡིན་པས་སྦྱོར་བའི་ལམ་ཡིན་ལ་རྒྱུད་སྨིན་པར་བྱེད་པའི་གཉེན་པོ་མ་ཡིན་པས་ཚོགས་མ་ཡིན་པ་ཡང་ཡོད་དེ། འདི་ལྟར་ཚོགས་བསགས་ཏེ། རྒྱུད་སྨིན་པར་བྱས་པའི་གང་ཟག་གི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྣམས་ཏེ། དེ་ནི་དྲོ་བ་ལ་སོགས་པ་རྣམས་སོ། །དེ་ལ་རྩུབས་ཤིང་རྩུབ་པ་ལས་མེ་འབྱུང་བའི་སྔ་ལྟས་སུ་དྲོད་འབྱུང་བ་ལྟར་ཟག་པ་མེད་པའི་ཡེ་ཤེས་སྐྱེ་བའི་སྔ་ལྟས་སུ་གྱུར་པས་ན་དྲོ་བའོ། །དགེ་བའི་རྩ་བ་མི་བརྟན་པ་རྣམས་ཀྱི་རབ་ཏུ་གྱུར་པས་རྩེ་མོའམ། བདེན་པ་མངོན་པར་རྟོགས་པ་ལ་མི་སྐྲག་པའི་སྒོ་ནས་བཟོད་པས་ན་བཟོད་པའོ། །འཇིག་རྟེན་པ་ཡང་ཡིན་ལ་ཟག་པ་མེད་པའི་ལམ་དངོས་སུ་འདྲེན་པར་བྱེད་པས་ན། དེ་ཀུན་གྱི་མཆོག་ཡིན་པའི་ཕྱིར་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཅེས་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པ་རྒྱས་པར་བཤད་པ་ནི་རྣལ་འབྱོར་པ་སོ་སོ་རང་གིས་མཉམ་པར་བཞག་པའི་སེམས་ཀྱིས་བདེན་པའི་དབང་དུ་བྱས་པའི་ཆོས་མདོ་སྡེ་ལ་སོགས་པ་ཡིད་ཀྱིས་བརྗོད་པའི་སྒོ་ནས་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་དང་པོར་ཐོབ་པ་དང་། བདེན་པའི་རྣམ་པ་རྣམས་ལ་གསལ་སྣང་དང་པོར་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པ་རྣམས་སོ། །མདོ་སྡེའི་རྒྱན་དུ་ཡང་། བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །ཡིད་ཀྱི་བརྗོད་པ་མ་གཏོགས་པ། །དོན་ཀུན་རབ་ཏུ་མི་མཐོང་ངོ་། །ཞེས་གང་གསུངས་པ་ཡིན་ནོ། །

གཟུང་བ་རང་བཞིན་མེད་པའམ་བདེན་པའི་རྣམ་པ་རྣམས་ལ་གསལ་སྣང་འཆེད་པ་ནི་རྩེ་མོ་སྟེ། དེའི་གོང་ན་གནས་པའི་ཕྱིར་རོ། །ཇི་སྐད་དུ། ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །བརྩོན་འགྲུས་བརྟན་པ་ཀུན་ཏུ་བརྩོམ། །ཞེས་གསུངས་ལྟར་རོ། །བཟོད་པ་ནི། གཟུང་བ་རང་བཞིན་མེད་པ་ལ་བཟོད་པའི་ཕྱིར་ཕྱོགས་གཅིག་ལ་ཞུགས་པ་ཡིན་ལ། འཇིག་རྟེན་པ་རང་བཞིན་མེད་པར་རྟོགས་པ་དང་རྗེས་སུ་མཐུན་པར་གནས་པའི་ཕྱིར་རྗེས་སུ་སོང་བ་ཞེས་བྱའོ། །དེ་ལྟར་ཡང་། དེས་ན་དོན་ཀུན་སྣང་བ་ནི། །སེམས་སུ་རབ་ཏུ་སྣང་བར་འགྱུར། །དེ་ཚེ་དེའི་གཟུང་བ་ཡི། །རྣམ་པར་གཡེང་བ་དེ་སྤོང་འགྱུར། །ཞེས་གསུངས་སོ། །ཆོས་ཀྱི་མཆོག་ནི། འཛིན་པ་རང་བཞིན་མེད་པར་རྟོགས་པའི་འཇིག་རྟེན་པའི་ལམ་གང་གིས་མཇུག་ཐོགས་དེ་མ་ཐག་ཏུ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེ་བར་འགྱུར་བའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དེ་ཡང་ཇི་སྐད་དུ། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །འདི་ལྟ་དེའི་མཇུག་ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བ་སྤོང་། །ཞེས་པ་ལྟར་རོ། །དེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདི་རྣམས་ནི། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ཉམས་སྨོད་པར་བྱེད་པ་ཡིན་གྱི། ས་བོན་དྲུངས་འབྱིན་པར་བྱེད་པ་ནི་མ་ཡིན་ཏེ། འཇིག་རྟེན་པའི་ལམ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་འཇིག་རྟེན་པ་ཡིན་ཞེ་ན། རྣམ་པར་རྟོགས་པ་དང་བཅས་པའི་ཕྱིར་ཏེ། མི་རྟག་པ་ལ་སོགས་པ་བདེན་པའི་མཚན་ཉིད་རྣམས་མིང་གི་རྗེས་སུ་འབྲངས་ནས་དཀྲལ་བར་འཛིན་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ནི་མངོན་སུམ་མ་ཡིན་ལ། རྗེས་དཔག་ཀྱང་མ་ཡིན་ཏེ། དེ་ནི་བསམ་བྱུང་ཡིནན། འདི་དག་ནི་སྒོམས་པ་ལས་བྱུང་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ནི་ཡང་དག་པའི་དཔྱོད་པ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་དང་ཤེས་རབ་ཡིན་ནོ། །

གསུམ་པ་མཐོང་བའི་ལམ་ལ་མཚན་ཉིད་དང་དབྱེ་བ་དང་དེ་ལ་དགོངས་པའི་ལུང་གི་དོན་བཤད་པ་གསུམ་ལས་དང་པོ་ནི། ཆོས་ཀྱི་མཆོག་གི་མཇུག་ཐོགས་དེ་མ་ཐག་ཏུ། གང་ཟག་དང་ཆོས་ཀྱི་བདག་ཏུ་མི་དམིགས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ཇི་ལྟར་མི་དམིགས་ཞེ་ན་དམིགས་པར་བྱ་བ་བཟུང་བ་དང་དམིགས་པར་བྱེད་པ་འཛིན་པ་གཉིས་པོ་རང་བཞིན་མེད་པར་མཉམ་པས་མཉམ་པར་ཤེས་པ་ཡང་མཐོང་བའི་ལམ་དེ་ཡིན་ནོ། །རྣལ་འབྱོར་པ་སོ་སོ་རང་ལ་སེམས་ཅན་གྱི་བརྡ་བསལ་བ་སོགས་ཀྱི་དེ་བཞིན་ཉིད་ལ་དམིགས་པའི་ཆོས་ཤེས་པ་ཡང་མཐོང་བའི་ལམ་དེ་ཡིན་ནོ། །ཇི་ལྟར་ན་སེམས་ཅན་གྱི་བརྡ་བསལ་བའི་ཆོས་ཤེས་པ་ཡིན་ཞེ་ན། དེས་རང་གི་རྒྱུད་ལ་གང་ཟག་གི་བདག་གི་མཚན་མར་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཇི་ལྟར་ན་ཆོས་ཀྱི་བརྡ་བསལ་བ་ལ་དམིགས་པའི་ཆོས་ཤེས་པ་ཡིན་ཞེ་ན། དེས་རང་གི་རྒྱུད་ལ་གཟུགས་ལ་སོགས་པ་ཆོས་ཀྱི་མཚན་མར་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཇི་ལྟར་ན། ཐམས་ཅད་ལ་གཉིས་ཀའི་བརྡ་བསལ་བ་ལ་དམིགས་པའི་ཆོས་ཤེས་པ་ཡིན་ཞེ་ན། དེས་རང་གཞན་གྱི་རྒྱུད་ཐམས་ཅད་ལ་བྱེ་བྲག་མེད་པར་གང་ཟག་དང་ཆོས་ཀྱི་མཚན་མར་རྣམ་པར་མི་རྟོག་པའི་ཕྱིར་རོ། །

དེ་ལ་མཐོང་བའི་ལམ་འདིའི་ཤེས་པའི་ངོ་བོ་ནི་ཇི་ལྟ་བུ་སྤང་བྱ་ཉོན་མོངས་པ་རྣམས་ནི་རིམ་གྱིས་སམ་གཅིག་ཅར་སྤོང་། སེམས་དུ་ཞིག་གིས་མཐོང་ལམ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། དེ་ལ་མཐོང་བའི་ལམ་གྱི་ཡེ་ཤེས་ཀྱིས། སྡུག་བསྔལ་ལ་སོགས་པའི་བདེན་པ་རྣམས་ལ་དམིགས་པར་བྱེད་མོད་ཀྱི། དེའི་ཚེ་སྡུག་བསྔལ་ལོ་སྙམ་པ་ལ་སོགས་པའི་རྣམ་པར་རྟོགས་པའི་མཚན་མ་ནི་མི་འབྱུང་མོད་ཀྱི། འོན་ཀྱང་སྔར་ཀུན་རྫོབ་ཤེས་པ་འཇིག་རྟེན་པས་རྣམ་པར་དཔྱད་པའི་བདེན་པ་རྣམས་ལ་མིང་གིས་མཚན་མའི་སྤྲོས་པ་མེད་པ་དོན་ཙམ་འབའ་ཞིག་པ་ཤེས་པའི་དེ་བཞིན་ཉིད་ལ་དམིགས་པས་མཚན་མ་མེད་པ་འབའ་ཞིག་འབྱུང་བར་འགྱུར་རོ། །

མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་བག་ལ་ཉལ་ནི་གཉིས་ཏེ། དང་བའི་གཟུགས་དང་རྗེས་སུ་འབྲེལ་པ་དང་སེམས་དང་སེམས་ལས་བྱུང་བ་རྣམས་དང་རྗེས་སུ་འབྲེལ་བའོ། །དེ་ལ་དང་པོ་ནི། ལྷག་མཐོང་གིས་སྤང་བར་བྱ་བ་ཡིན་ནོ། །གཉིས་པ་ནི་ཞི་གནས་ཀྱིས་སྤང་བར་བྱ་བ་ཡིན་ནོ། །དེ་ལ་མཐོང་བའི་ལམ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བས་འཇུག་པའི་ཕྱིར། འཕགས་པ་ཉན་ཐོས་རྣམས་ནི་ལྷག་མཐོང་གི་སྤང་བར་བྱ་བ་དང་ཞི་གནས་ཀྱི་སྤང་བར་བྱ་བ་གཉིས་ཀ་ཡང་ཅིག་ཅར་སྤོང་བར་བྱེད་དོ། །གཞན་ཡང་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤོང་བ་དེའི་ཚེ། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ལ་སོགས་པ་ལྷག་མ་རྣམས་ཀྱང་སྤོང་བར་འགྱུར་ཏེ། འདི་ལྟར་གང་གི་ཚེ་སྡུག་བསྔལ་གྱི་བདེན་པའི་དེ་བཞིན་ཉིད་མངོན་དུ་བྱས་པ་དེའི་ཚེ། བདེན་པ་ལྷག་མ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་མངོན་དུ་བྱས་པའི་ཕྱིར་རོ། །གཞན་དུ་ན་མཐོང་བའི་ལམ་རྣམ་པར་མི་རྟོག་པའི་ངོ་བོར་མི་འཐད་པ་ཡིན་ཏེ། བདེན་པ་རྣམས་ལ་བློའི་རྣམ་པ་མི་འདྲ་བ་རིམ་གྱིས་འཕོ་བའི་ཕྱིར། དཔེར་ན་གྲངས་ལ་སོགས་པའི་རྣམ་པར་རྟོག་པ་བཞིན་ནོ། །ཉོན་མོངས་པ་རྣམས་སྤོང་བའི་ཚུལ་དེ་ཡང་དཔེའི་སྒོ་ནས་གསལ་པོར་བསྙད་པ་ནི་འདི་ལྟ་སྟེ། དཔེར་ན་སྨན་པ་ཟུག་རྔུ་འབྱིན་པ་ལ་ལ་ཞིག་འབྲས་ཡོངས་སུ་སྨིན་པར་རིག་ནས། དང་པོར་མཚོན་རྣོན་པོས་དེ་རྟོལ་བར་བྱེད་དོ། །ཇི་ཙམ་རྟོལ་བ་དེ་ཙམ་དུ་དེའི་རྣག་འཛག་པར་འགྱུར་གྱི་རྣག་མ་ལུས་པར་འཛག་པར་ནི་མི་འགྱུར་རོ། །ཇི་ཙམ་དུ་རལ་ཞིང་ཤིན་ཏུ་བརྩིར་བར་བྱས་ཏེ། ཡང་དང་ཡང་དུ་བརྩིར་ན་རྣག་འཁྱིམ་པ་གང་ཡིན་པ་ཟག་པར་ནི་འགྱུར་མོད་ཀྱི། འོན་ཀྱང་དེའི་རྨའི་སྒོ་དག་ཅིང་སོས་པ་ནི་མ་ཡིན་ཏེ། དེའི་རྨའི་སྒོ་གསོ་བའི་ཕྱིར། ཕྱེ་མར་གྱི་ཆང་བུའམ། རས་སྣུམ་བག་ཅན་གྱིས་ཀླན་པར་བྱེད་དོ། །དེ་ལྟར་ཕྱེ་མར་གྱི་ཆང་བུའམ། རས་སྣུམ་བག་ཅན་གྱི་གླན་པས་རྨ་དེ་ནི་རིམ་གྱིས་འཚོ་བར་འགྱུར་རོ། །དེ་ནི་དོན་རྣམ་པར་རིག་པར་བྱ་བའི་ཕྱིར་དཔེར་བྱས་པ་ཡིན་ནོ། །དེ་ལ་དོན་ནི་འབྲས་སྨིན་པ་ཇི་ལྟ་བ་བཞིན་དུ་ནི་མཐོང་བས་སྤང་བར་བྱ་བའི་ཟག་པ་རྣམས་ཀྱི་ཟག་པའི་གནས་ལྟ་བུའི་དངོས་པོ་རྣམས་ཡིན་ནོ། །མཚོན་གྱིས་རྟོལ་བ་ཇི་ལྟ་བ་བཞིན་དུ་ནི་ལྷག་མཐོང་གི་ཕྱོགས་ཀྱི་མཐོང་བའི་ལམ་རྣམས་ཡིན་ནོ། །བརྩིར་བ་ཇི་ལྟ་བ་དེ་བཞིན་དུ་ནི་ཞི་གནས་ཀྱི་ཕྱོགས་སུ་གཏོགས་པའི་ལམ་རྣམས་ལྟ་བར་བྱའོ། །རྣག་ཇི་ལྟ་བ་དེ་བཞིན་དུ་ནི་མཐོང་བས་སྤང་བར་བྱ་བའི་བག་ལ་ཉལ་དུ་གཏོགས་པའི་ཟག་པ་རྣམས་ལྟ་བར་བྱའོ། །

རྨ་སོས་པ་ཇི་ལྟ་བ་དེ་བཞིན་དུ་ནི། བསྒོམས་པས་སྤང་བར་བྱ་བའི་ཟག་པ་གཞི་དང་བཅས་པ་རྣམས་བལྟ་བར་བྱའོ། །ཕྱེ་མར་གྱི་ཆང་བུའམ། རས་སྣུམ་བག་ཅན་ཇི་ལྟ་བ་དེ་བཞིན་དུ་ནི། སྒོམ་པའི་ལམ་བལྟ་བར་བྱའོ། །

མཐོང་བའི་ལམ་དེ་ཉིད་སེམས་དུ་ཞིག་གིས་ཡོངས་སུ་རྫོགས་ཞེ་ན། དེ་ལ་སྡེ་པ་ཁ་ཅིག་ནི་མཐོང་བའི་ལམ་སྐད་ཅིག་མ་བཅོ་ལྔར་རྣམ་པར་འཇོག་ལ། ཁ་ཅིག་ནི་མངོན་པར་རྟོགས་པ་གཅིག་ཁོ་ནར་ཟད་པར་འདོད་ཞེས་འབྱུང་ལ། བོད་ཀྱི་སློབ་དཔོན་སྔ་མ་དག་ཀྱང་མི་མཐུན་པ་དུ་མ་སྨྲ་མོད། གཞན་གྱི་ཚིག་ཙམ་ལ་བརྟེན་ནས་རྣམ་པར་འཇོག་པ་དག་ལ་ཡིད་བརྟན་དུ་ཅི་ཞིག་ཡོད། དེའི་ཕྱིར་ཁོ་བོ་ནི་འཁྲུལ་པ་མེད་པའི་ཤིང་རྟ་ཆེན་པོ་དག་གི་གཞུང་ལ་བརྟེན་ནས་རྣམ་པར་འཇོག་གོ །དེ་ལ་འཕགས་པ་ཀླུ་སྒྲུབ་ནི། མཐོང་བའི་ལམ་སྐད་ཅིག་མ་གཅིག་གི་བདག་ཉིད་དུ་བཞེད་པ་ཡིན་ཏེ། རིགས་པ་དྲུག་ཅུ་པ་ལས། གལ་ཏེ་ཆོས་ཤེས་འཇུག་ཐོགས་སུ། །འདི་ལ་བྱེ་བྲག་ཡོད་གྱུར་ན། །དངོས་པོ་ཤིན་ཏུ་ཕྲ་བ་ལའང་། །གང་གིས་སྐྱེ་བར་རྣམ་བརྟགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་སྐྱེས་པའི་དོན་མ་མཐོང་། །ཞེས་གསུངས་ཤིང་། དེའི་འགྲེལ་པར། དཔལ་ལྡན་ཟླ་བ་གྲགས་པས། དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པ་དང་འགག་པ་མེད་པ་ལ་དམིགས་པའི་ཆོས་ཤེས་པས། བདེན་པ་གཉིས་པོ་རྟེན་ཅིང་འབྲེལ་བར་འབྱུང་བ་ངོ་བོ་ཉིད་ཀྱིས་མ་སྐྱེས་པས། མྱ་ངན་ལས་འདས་པར་ཡང་དེའི་ངོ་བོ་ཉིད་ཡིན་པར་མཐོང་བས་མངོན་པར་རྟོགས་པ་གཅིག་ཏུ་ཟད་དོ། །ཞེས་གསུངས་སོ། །གལ་ཏེ་དེ་ལྟར་ན་མཐོང་བའི་ལམ་སྐད་ཅིག་མ་བཅོ་ལྔར་ཇི་ལྟར་བཞག །སྡེ་པ་ཁ་ཅིག་ནི་མཐོང་བའི་ལམ་སྐད་ཅིག་མ་བཅོ་ལྔར་མི་འདོད་ཅིང་། མངོན་པར་རྟོགས་པ་གཅིག་ཏུ་ཟད་པར་འདོད་དེ། དེ་དག་གི་འདོད་པ་དང་བཤད་པ་འདི་མི་འགལ་ལོ། །གང་དག་སྐད་ཅིག་བཅོ་ལྔར་འདོད་པ་དེ་དག་གི་ལྟར་ན་ཡང་། དེ་ལྟ་བུས་འདུལ་བའི་སྐྱེ་བོ་ལ། དེ་བསྟན་པས་ཕན་བཏགས་པའི་ཕྱིར། ཤེས་པའི་ངོ་བོ་གཅིག་ལ་ཆར་ཕྱེ་ནས་བཅོ་ལྔར་རྣམ་པར་བཞག་གོ །ཅེས་སོགས་གསུངས་པ་ཡིན་ནོ། །

ཇི་ལྟར་ན་ཤེས་པ་གཅིག་ལ་ཆར་ཕྱེ་ནས་སྐད་ཅིག་མ་བཅོ་ལྔ་དང་བཅུ་དྲུག་ཏུ་རྣམ་པར་འཇོག་ཅེ་ན། འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་ལས་སྐྱེ་བ་མེད་པར་རྟོགས་པའི་བྱེ་བྲག་གིས་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་རྣམ་པ་བཞིའོ། །དེ་དག་སྐྱེ་མེད་དུ་རྟོགས་པ་ལ་མི་སྐྲག་པའི་བྱེ་བྲག་གིས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་རྣམ་པ་བཞིའོ། །ཁམས་གོང་མའི་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་སྐྱེ་བ་མེད་པར་རྟོགས་པའི་བྱེ་བྲག་གིས་སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པ་ལ་སོགས་པ་རྣམ་པ་བཞིའོ། །དེ་དག་གི་ཆོས་ཉིད་ལ་མི་སྐྲག་པའི་བྱེ་བྲག་གིས་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ལ་སོགས་པ་རྣམ་པ་བཞི་ཡིན་ནོ། །འཕགས་པ་ཐོགས་མེད་ཀྱི་ལུགས་ལ། མཐོང་བའི་ལམ་གྱིས་རྣམ་པར་བཞག་པ་རྣམ་པ་གཉིས་ཏེ། བསྟན་པ་གནས་པ་རྒྱས་པའི་རྣམ་གཞག་སྤྲོས་པ་དང་བཅས་པ་དང་། དོན་དམ་པ་རྣམ་པར་བཞག་པ་སོ་སོ་རང་རིག་པ་སྤྲོས་པ་མེད་པའོ། །དང་པོ་ལ་ཡང་བདེན་པ་བཞིའི་དེ་བཞིན་ཉིད་འབའ་ཞིག་ཡུལ་དུ་བྱས་པའི་རྣམ་གཞག་དང་། དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་གཉིས་ཀ་ཡུལ་དུ་བྱས་པའི་རྣམ་གཞག་གཉིས་ལས། དང་པོའི་དབང་དུ་བྱས་ནས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། ཆོས་ཤེས་པའི་ཕྱོགས་དང་མཐུན་པའི་སེམས་བཞི་དང་རྗེས་སུ་རྟོགས་པའི་ཤེས་པའི་ཕྱོགས་དང་མཐུན་པའི་སེམས་བཞི་དང་། མཇུག་ཏུ་ཞི་གནས་འབའ་ཞིག་པའི་སེམས་གཅིག་སྟེ། སེམས་རྣམ་པ་དགུས་མཐོང་བའི་ལམ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །

སེམས་དགུ་པོ་འདི་དག་ཀྱང་མདོར་བསྡུ་ན་ལམ་གཉིས་སུ་འགྱུར་ཏེ། ཐོག་མར་སྐྱེ་བ་ཞི་གནས་དང་། ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་དང་། མཇུག་ཏུ་སྐྱེ་བ་ཞི་གནས་འབའ་ཞིག་པའི་ལམ་གཉིས་ཡིན་ནོ། །དང་པོ་ལ་ཡང་། ལྡོག་པས་ཕྱེ་ན་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞིའི་བྱེ་བྲག་གིས་ཆོས་ཤེས་པའི་ཕྱོགས་དང་མཐུན་པ་བཞི་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞིའི་བྱེ་བྲག་གིས། རྗེས་སུ་རྟོག་པའི་ཤེས་པའི་ཕྱོགས་དང་མཐུན་པ་བཞི་ཡིན་ནོ། །དེ་དག་རེ་རེ་ལ་ཡང་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་གྱི་བྱེ་བྲག་གིས་བཟོད་པ་དང་ཤེས་པ་གཉིས་གཉིས་ཏེ། མངོན་པར་རྟོགས་པ་བཅུ་དྲུག་ཏུ་འགྱུར་ལ་བཅུ་དྲུག་པོ་དེ་དག་ཀྱང་ལྡོག་པའི་དབྱེ་བ་ཡིན་གྱི། རྫས་སུ་ན་དེ་དག་ཐམས་ཅད་ཀྱང་བཟོད་པ་བར་ཆད་མེད་པའི་ལམ་དང་ཤེས་པ་རྣམ་གྲོལ་གྱི་ལམ་གཉིས་སུ་འགྱུར་རོ། །དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་གཉིས་ཀ་མཐོང་བའི་ལམ་གྱི་ཡུལ་དུ་བཞག་པའི་རྣམ་གཞག་ནི། གཞུང་འདི་ཉིད་དུ་འབྱུང་བའི་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་ཏུ་དབྱེ་བ་འདི་ཡིན་ལ། འདི་ལ་ཡང་ཡུལ་བདེན་པ་བཞིའི་དེ་བཞིན་ཉིད་རྟོགས་པའི་བྱེ་བྲག་གིས་ཆོས་ཤེས་པའི་ཕྱོགས་དང་མཐུན་པ་བཞི་དང་། ཡུལ་ཅན་ཡེ་ཤེས་རང་གི་ངོ་བོ་མྱོང་བའི་བྱེ་བྲག་གིས་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་བཞིའོ། །དང་པོ་ལ་ཡང་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་གྱི་བྱེ་བྲག་གིས། ཆོས་བཟོད་བཞི་དང་། ཆོས་ཤེས་བཞི་ཡིན་ལ་གཉིས་པ་ལ་ཡང་མཐོང་ལམ་གྱི་ཡེ་ཤེས་རང་གི་ངོ་བོ་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་ངེས་པ་འདྲེན་པའི་ནུས་པ་དང་། དེ་ཉིད་ངེས་པའི་ངེས་པ་གཉིས་པ་འདྲེན་པའི་ནུས་པའི་བྱེ་བྲག་གིས། རྗེས་སུ་ཤེས་པའི་བཟོད་པ་བཞི་དང་རྗེས་སུ་ཤེས་པ་བཞིའོ། །དོན་དམ་པའི་རྣམ་གཞག་སོ་སོ་རང་རིག་སྤྲོས་པ་མེད་པའི་དབང་དུ་བྱས་ནས་བསྡུ་བར། དེ་བཞིན་ཉིད་ཤེས་པ་དང་མཚུངས་པར་ལྡན་པ་གཅིག་ཁོ་ནའི་སེམས་ཀྱི་རང་བཞིན་ལ་བརྩམས་ཏེ། མཐོང་བའི་ལམ་ཡོངས་སུ་རྗོགས་པར་འགྱུར་རོ། །འདིར་ཞི་གནས་ཀྱི་ལམ་ནི་སྔ་མ་ཁོ་ན་བཞིན་དུ་བལྟ་བར་བྱའོ་ཞེས་གསུངས་པ་ལྟ་རོ། །དེ་ལྟར་ན་རྣམ་གཞག་དང་པོ་ནི་སྤྲོས་པ་ལ་དགའ་བའི་གདུལ་བྱ་རྣམས་བདེན་པ་མངོན་པར་རྟོགས་པ་ལ་གཞུག་པའི་ཐབས་སུ། མཐོང་བའི་ལམ་ཟག་པ་མེད་པའི་ཡེ་ཤེས་སྐད་ཅིག་མ་གཅིག་པོ་དེ་ཉིད། ཆ་བཅུ་དྲུག་ཏུ་རྣམ་པར་ཕྱེ་ནས་མིང་ཚིག་ཡི་གེའི་ཚོགས་ཀྱིས་རྣམ་པར་བཞག་པ་ཙམ་ཡིན་གྱི། དོན་ལ་གནས་པ་མ་ཡིན་ལ། རྣམ་གཞག་གཉིས་པ་ནི་རྣལ་འབྱོར་པའི་རྒྱུད་ལ། དེ་ཁོ་ན་ཉིད་ཇི་ལྟར་སྐྱེ་བའི་རིམ་པ་རྣམ་པར་བཞག་པས་དངོས་པོ་ལ་གནས་པ་ཁོ་ན་ཡིན་ནོ། །གཉིས་པ་དབྱེ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་བཅུ་དྲུག་གོ །

སོ་སོའི་ངོ་བོ་ཚིག་རེ་རེ་ནས་བཤད་པ་ནི། སྡུག་བསྔལ་ནི་སྔར་བཤད་ཟིན་ཏོ། །དེའི་དབང་དུ་བྱས་པའི་ཆོས་ནི་མདོ་སྡེ་ལ་སོགས་པ་སྟེ། དེ་རྣམས་ཀྱིས་དེ་གཏན་ལ་འབེབས་པའི་ཕྱིར་རོ། །སྦྱོར་ལམ་གྱི་དུས་ན་སྡུག་བསྔལ་གྱི་དབང་དུ་བྱས་པའི་ཆོས་རྣམས་ལ་མི་རྟགས་པ་ལ་སོགས་པར་ཚུལ་བཞིན་དུ་རྣམ་པར་དཔྱོད་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ཞེས་བྱའོ། །སྔར་ཇི་ལྟར་རྣམ་པར་དཔྱོད་པའི་དབང་དུ་བྱས་པའོ། །སྡུག་བསྔལ་གྱི་བདེན་པའི་དེ་བཞིན་ཉིད་རྣལ་འབྱོར་པ་སོ་སོ་རང་ལ་མངོན་སུམ་དུ་གྱུར་པའི་ཟག་པ་མེད་པའི་ཤེས་རབ་སྟེ། ཡེ་ཤེས་གང་གིས་ཁམས་གསུམ་ན་སྤྱོད་པའི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་བག་ལ་ཉལ་ཉི་ཤུ་རྩ་བརྒྱད་སྤོང་བར་བྱེད་པ་གང་ཡིན་པ་དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །ཟག་པ་མེད་པའི་བཟོད་པའི་འཇུག་ཐོགས་སུ་བཟོད་པ་དེ་ཡང་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པའི་ཕྱིར་གནས་གྱུར་ནས། དེ་མ་ཐག་ཏུ་གནས་གྱུར་པའི་རྣམ་པར་གྲོལ་བ་མངོན་དུ་བྱེད་པ་ནི་ཆོས་ཤེས་པ་ཡིན་ནོ། །ཆོས་ཤེས་པ་དེའི་མཇུག་ཐོགས་སུ་བཟོད་པ་དང་ཤེས་པ་འདི་གཉིས་སློབ་པ་དང་མི་སློབ་པའི་འཕགས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་ཏེ། དེ་ལས་དེ་དག་ཡང་དག་པར་འབྱུང་བའི་ཕྱིར་རོ་སྙམ་དུ་དམིགས་ནས་སོ་སོ་རང་ལ་མངོན་དུ་གྱུར་པའི་ཟག་པ་མེད་པའི་ཤེས་རབ་ནི་རྗེས་སུ་ཤེས་པའི་བཟོད་པ་ཡིན་ནོ། །ཟག་པ་མེད་པའི་ཤེས་པ་གང་གིས་རྗེས་སུ་ཤེས་པའི་བཟོད་པ་དེ་ངེས་པར་འཛིན་ཅིང་ཡོངས་སུ་གཅོད་པར་བྱེད་པ་གང་ཡིན་པ་དེ་ནི་རྗེས་སུ་ཤེས་པ་ཡིན་ནོ། །དེ་བཞིན་དུ་བདེན་པ་ལྷག་མ་རྣམས་ལ་ཡང་ཅི་རིགས་སུ་སྦྱར་ཏེ། གོ་སླ་བར་ཟད་དོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཡུལ་ནི་གཉིས་ཏེ། དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་སོ། །དེ་ལ་ཆོས་ཤེས་པའི་ཕྱོགས་ཀྱི་ལམ་གྱི་ཡུལ་ནི། དེ་བཞིན་ཉིད་དང་རྗེས་སུ་རྟོགས་པའི་ཤེས་པའི་ཕྱོགས་དང་མཐུན་པ་རྣམས་ཀྱི་ཡུལ་ནི། ཡང་དག་པའི་ཡེ་ཤེས་སོ། །དེའི་ཕྱིར་ཆོས་ཤེས་པའི་བཟོད་པ་དང་ཤེས་པ་རྣམས་ཀྱི་བཟུང་བ་དེ་བཞིན་ཉིད་རྟོགས་སོ། །རྗེས་སུ་རྟོགས་པའི་བཟོད་པ་དང་ཤེས་པ་རྣམས་ཀྱིས་ནི་འཛིན་པ་དག་པའི་ཡེ་ཤེས་རྟོགས་སོ། །བཟོད་པ་དང་ཤེས་པ་དེ་ཐམས་ཅད་ལ་གནས་པའི་གང་ཟག་ཐམས་ཅད་ཀྱང་མཚན་མ་མེད་ལ་གནས་པའི་རྣལ་འབྱོར་ཅན་དུ་རིག་པར་བྱ་སྟེ། གང་ཟག་དང་ཆོས་ཀྱི་མཚན་མ་ཐམས་ཅད་མི་དམིགས་པའི་ཕྱིར་རོ། །བཟོད་པ་དང་ཤེས་པས་བསྡུས་པ་སྐད་ཅིག་མ་བཅུ་དྲུག་པོ་ཐམས་ཅད་མཐོང་བའི་ལམ་ཡིན་ཏེ། དེ་དག་གིས་སྔོན་མ་མཐོང་བའི་འཕགས་པའི་བདེན་པ་རེ་རེ་ལ་ཡང་རྣམ་པ་བཞི་བཞིར་མཐོང་བའི་ཕྱིར་རོ། །སེམས་ཀྱི་སྐད་ཅིག་མ་ནི་དངོས་པོ་མ་བྱུང་བ་བྱུང་བ་ཙམ་གྱི་དུས་མཐའི་སྐད་ཅིག་ལ་མི་བྱའི། ཤེས་བྱ་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་ལ་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ་ཞེས་སོགས་ཤེས་པ་འབྱུང་བ་ཡོངས་སུ་རྫོགས་པར་རིག་པར་བྱའོ། །འགྲེལ་པར། གང་མཐོང་བའི་ལམ་ལས་བརྩམས་ཏེ། རྒྱ་ཆེར་རྣམ་པར་སྤྲོས་པ་དེ་ཐམས་ཅད་ནི་རྣམ་པར་བཞག་པ་ཙམ་དུ་རིག་པར་བྱ་སྟེ། འཇིག་རྟེན་ལས་འདས་པའི་གནས་སྐབས་ནི་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །ལམ་གྱི་བདེན་པ་ཐམས་ཅད་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། རྣམ་པར་བཞག་པ་དང་རྣམ་པར་རྟོག་པ་དང་མྱོང་བ་དང་ཡོངས་སུ་རྫོགས་པའོ། །དེ་ལ་རྣམ་པར་བཞག་པ་ནི་ཇི་ལྟར་རང་གི་ཁོང་དུ་ཆུད་པ་མཐར་ཕྱིན་ནས། དེའི་རྗེས་ལས་ཐོབ་པའི་ཤེས་པས་གཞན་དག་ལ་གོ་བར་བྱ་བའི་ཕྱིར། མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་ཀྱིས་ལམ་གྱི་བདེན་པ་རྣམ་པར་འཇོག་པ་སྟེ་བདེན་པ་རྣམས་ལ་བཟོད་པ་དང་ཤེས་པ་འདི་ལྟ་བུའོ། །ཞེས་བྱ་བ་ལ་སོགས་པའོ། །རྣམ་པར་རྟོག་པ་ནི་མངོན་པར་རྟོག་པ་ལ་ཞུགས་པ་འཇིག་རྟེན་པའི་ཤེས་པས་ཇི་ལྟར་རྣམ་པར་བཞག་པ་བཞིན་དུ། རྣམ་པར་རྟོག་ཅིང་དེ་གོམས་པར་བྱེད་པའོ། །

དེ་མྱོང་བ་ནི་དེ་ལྟར་གོམས་པར་བྱེད་པ་ན་མཐོང་བའི་ལམ་ཞེས་བརྗོད་པ། འཇིག་རྟེན་ལས་འདས་པ་སྤྲོས་པ་མེད་པའི་གནས་སྐབས་གང་ཡིན་པ་དང་པོར་སོ་སོར་རང་གི་མྱོང་བའོ། །ཡོངས་སུ་རྫོགས་པ་ནི་དེའི་འོག་ཏུ་གནས་གྱུར་པ་ཡོངས་སུ་རྫོགས་ནས་ཐོབ་པ་མཐར་ཕྱིན་པའི་བར་འཐོབ་པའོ། །ཐོབ་པ་མཐར་ཕྱིན་པ་དེ་དག་རྗེས་ལ་ཐོབ་པའི་ཤེས་པས་ལམ་གྱི་བདེན་པ་རྣམ་པར་འཇོག་གོ །དེ་ལྟར་རྣམ་པ་བཞི་ནི་ལམ་གྱི་འཁོར་སྟེ་ཡང་དང་ཡང་དུ་གཞན་ལ་བརྟེན་ནས་རྣམ་པར་འཇོག་པར་རིག་པར་བྱའོ། །ཞེས་བཤད་དོ། །ལུང་དོན་ལ་གཉིས་ལས་ངེས་ཚིག་ལ་དགོངས་པའི་ལུང་དོན་ནི་ཆོས་རྣམས་ལ་ཞེས་སོགས་གསུངས་པ་དེ་ནི་མཐོང་བའི་ལམ་གྱི་དབང་དུ་མཛད་ནས་གསུངས་ཏེ། དེ་ནི་བདེན་པ་རྣམས་ལ་ཐོག་མ་ཁོ་ནར་འཕགས་པའི་ཤེས་རབ་ཀྱི་སྤྱན་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལ་ཆོས་ལ་བཟོད་པ་རྣམས་ཀྱིས་རྡུལ་མེད་དེ། དེ་དག་གིས་ཉོན་མོངས་པའི་སྡུག་བསྔལ་སྤོང་བའི་ཕྱིར་རོ། །ཆོས་ཤེས་པ་རྣམས་ཀྱི་དྲི་མ་དང་བྲལ་ཏེ། དེ་དག་ནི་དེའི་སྒྲིབ་པའི་དྲི་མ་སྤངས་པའི་གནས་སྐབས་སུ་སྐྱེས་པའི་ཕྱིར་རོ། །ཡང་བཟོད་པའི་གནས་སྐབས་ན་བདེན་པའི་དེ་བཞིན་ཉིད་མངོན་སུམ་དུ་ཡོངས་སུ་ཤེས་པ་དང་ཤེས་པ་རྣམས་ནི་སྒྲིབ་སྤངས་པའི་གནས་སྐབས་སུ་སྐྱེས་པའི་ཕྱིར་ཡོངས་སུ་སྤོང་བས་ཀྱང་ལམ་རྣམ་པར་དག་པའི་ཕྱིར་རོ། །ཕན་ཡོན་ལ་དགོངས་པའི་ལུང་དོན་ལ། མདོ་དགོད་པ་ནི་ཆོས་མཐོང་བ་ཆོས་ཐོབ་པ། ཞེས་སོགས་གང་གསུངས་པ་དེ་ཡང་མཐོང་བའི་ལམ་གྱི་དབང་དུ་མཛད་དེ། གདུལ་བྱ་རྣམས་ཀྱིས་བདེན་པ་མངོན་པར་རྟོགས་པའི་དུས་ན་གསུངས་པའི་ཕྱིར་རོ། །དེ་ལ་ཆོས་བཟོད་རྣམས་ཀྱིས་ནི་ཆོས་མཐོང་སྟེ། དེ་དག་གིས་བདེན་པའི་དེ་ཁོ་ན་ཉིད་མངོན་པར་རྟོགས་པའི་ཕྱིར་རོ། །ཆོས་ཤེས་རྣམས་ཀྱིས་ཆོས་ཐོབ་སྟེ། དེ་རྣམས་ཀྱིས་གནས་གྱུར་པ་མངོན་སུམ་དུ་ཐོབ་པར་བྱེད་པའི་ཕྱིར་རོ། །རྗེས་བཟོད་རྣམས་ཀྱིས་ནི་ཆོས་རིགས་ཏེ། དེ་དག་གིས་འདི་ནི་འཕགས་པའི་ཆོས་རྣམས་ཀྱི་རྒྱུའོ། །ཞེས་དེ་གཉིས་རིག་པའི་ཕྱིར་རོ། །རྗེས་ཤེས་རྣམས་ཀྱིས་ཆོས་རྟོགས་ཏེ། དེ་དག་གིས་ཤེས་པར་བྱ་བ་ཇི་སྙེད་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །བཟོད་པ་དང་ཤེས་པ་ཐམས་ཅད་ཀྱིས་རང་གི་ཐོབ་པ་ལ་སོམ་ཉི་ལས་རྒལ་ཏེ་འཇིག་རྟེན་ལས་འདས་པའི་ལམ་གྱི་འབྲས་བུ་ཐོབ་པས། ཡུན་རིང་པོ་ནས་འདོད་པ་རང་གིས་ཐོབ་པ་ལ་ཐེ་ཚོམ་མེད་པའི་ཕྱིར་རོ། །ཐམས་ཅད་ཀྱིས་གཞན་གྱིས་འཐོབ་པ་ལས་ཐེ་ཚོམ་ལས་རྒལ་ཏེ། དེའི་དུས་ན་གཞན་དག་གིས་ཁྱད་པར་ཐོབ་པ་ལ་ཡང་ཡིད་གཉིས་ཟ་བ་མེད་པའི་ཕྱིར་རོ། །གཞན་གྱིས་དྲིང་ལ་མི་འཇོག་སྟེ། གཞན་ལ་ལུང་ནོད་པ་མེད་པར་ཡང་བདག་ཉིད་མཁས་པའི་ཕྱིར་རོ། །གཞན་གྱིས་མི་དཀྲི་བ་ནི། ཤེས་ནས་དད་པ་ཐོབ་པས་གཞན་མུ་སྟེགས་ཅན་རྣམས་ཀྱིས་ཚེ་རབས་གཞན་དུ་ཡང་སྟོན་པའི་བསྟན་པ་ལ་མི་འཕྲོགས་པའི་ཕྱིར་རོ། །ཆོས་རྣམས་ལ་མི་འཇིགས་པ་ཐོབ་པ་ནི། རང་གི་ཐོབ་པ་ལ་བརྩམས་ནས་འདྲི་བའི་ཆོས་རྣམས་དང་གཞན་གྱིས་དྲིས་པ་ལུང་སྟོན་པའི་ཆོས་རྣམས་ལ་སྡིག་པ་འདོད་པ་དང་མངོན་པའི་ང་རྒྱལ་ཅན་བཞིན་དུ་སེམས་ཞུམ་པ་མེད་པའི་ཕྱིར་རོ། །

སྒོམ་པའི་ལམ་ལ་གསུམ་སྟེ། ལམ་དགུར་དབྱེ་བ་དང་། སོ་སོའི་ངོ་བོ་དང་ཞར་བྱུང་ལ་སྒོམ་པ་བཤད་པ་གསུམ་ལས། དང་པོ་ནི་མཐོང་བའི་ལམ་ལས་གོང་དུ་གྱུར་པ་འཇིག་རྟེན་པའི་ལམ་ཞི་རགས་ཀྱི་རྣམ་པ་ཅན་དང་འཇིག་རྟེན་ལས་འདས་པའི་ལམ་བདེན་པའི་རྣམ་པ་ཅན་དང་དེ་གཉིས་ལ་ངོ་བོའི་དབྱེ་ན་ཆུང་ངུ་ལ་སོགས་པ་གསུམ་དང་དེ་དག་ལྔའི་རྣམ་པའི་དབྱེ་བ་སྦྱོར་བའི་ལམ་ལ་སོགས་པ་བཞིའོ། །

གཉིས་པ་ལ་དགུ་ལས་དང་པོ་ལ་ཡང་ཤེས་བྱའི་དངོས་པོ་དང་ཤེས་བྱའི་དོན་གཉིས་ལས་དང་པོ་ནི་འཇིག་རྟེན་པའི་བསམ་གཏན་དང་། གཟུགས་མེད་པ་གཉིས་ཡིན་ནོ། །བསམ་གཏན་ལ་ཡང་སྐྱེ་བ་དང་སྙོམས་པར་འཇུག་པའི་བྱེ་བྲག་གིས་རྣམ་པ་གཉིས་ཡིན་ལ་སྐྱེ་བའི་བསམ་གཏན་ནི་ཚངས་རིས་ནས་འོག་མིན་གྱི་བར་གྱི་སེམས་ཅན་རྣམས་ཀྱི་སྐྱེས་ཐོབ་ཀྱི་ཆོས་ཇི་སྙེད་པ་ཐམས་ཅད་ཡིན་ཏེ། སྙོམས་འཇུག་གི་བསམ་གཏན་གྱི་འབྲས་བུ་ཡིན་པའི་ཕྱིར་རོ། །སྙོམ་པར་འཇུག་པའི་བསམ་གཏན་ནི། ཡན་ལག་གི་སྒོ་ནས་འོག་ས་ལས་འདའ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །དེ་ལ་དང་པོ་ནི་སྐྱེ་བས་ཐོབ་པ་ཁོ་ན་ཡིན་ནོ། །གཉིས་པ་ནི་སྦྱོར་བ་ལས་བྱུང་བ་ཁོ་ན་ཡིན་ནོ། །ཡང་དང་པོ་ནི་རང་སའི་རྟེན་ཅན་ཁོ་ན་ཡིན་ལ། གཉིས་པ་ནི་འོག་སའི་རྟེན་ཅན་ཁོ་ན་ཡིན་ནོ། །གཉིས་པ་ལ་དངོས་གཞི་ཐོབ་པའི་ཆེད་དུ་དེའི་དམིགས་རྣམས་ཡོངས་སུ་སྦྱོང་བར་བྱེད་པ་ཉེར་བསྡོགས་དང་དེ་མཐར་ཕྱིན་པ་དངོས་གཞིའི་སེམས་གཉིས་ཡོད་ལ། དང་པོ་ནི་སྐྱེས་ཐོབ་ཡིན་པས་ཉེར་བསྡོགས་དང་། དངོས་གཞིའི་བྱེ་བྲག་གཉིས་སུ་མེད་དོ། །དངོས་གཞི་ལ་ཡང་བསམ་གཏན་བཞི་སྟེ། འདི་ལྟར་རྟོག་དཔྱོད་གཉེན་པོའི་ཡན་ལག་གིས་འདོད་པ་ལས་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པ་ནི། བསམ་གཏན་དང་པོ་ཡིན་ནོ། །འདི་ལ་ཡང་སྤྱོད་པ་གཉེན་པོའི་ཡན་ལག་གིས་རྟོག་པ་ལས་ཀྱང་འདོད་ཆགས་དང་བྲལ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་ནི། དངོས་གཞི་ཁྱད་པར་ཅན་ཞེས་བྱ་ལ། སྔ་མ་ནི་དངོས་གཞི་ཙམ་པོ་ཞེས་བྱའོ། །བསམ་གཏན་གཉིས་པ་ནི་ནང་རབ་ཏུ་དང་བ་གཉེན་པོའི་ཡན་ལག་གིས། རྟོགས་དཔྱོད་ལས་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པའོ། །བསམ་གཏན་གསུམ་པ་ནི་དྲན་ཤེས་བཞིན་བཏང་སྙོམས་གཉེན་པོའི་ཡན་ལག་གིས་དགའ་བ་ལས་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་དགའ་བས་དབེན་པའི་བདེ་བ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པའོ། །བསམ་གཏན་བཞི་པ་ནི་དྲན་པ་དང་བཏང་སྙོམས་ཡོངས་སུ་དག་པ་གཉེན་པོའི་ཡན་ལག་གིས་བདེ་བ་ལས་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ། ཚོར་བ་བཏང་སྙོམས་ཕན་ཡོན་གྱི་ཡན་ལག་དང་ལྡན་པའོ། །གཟུགས་མེད་པ་ལ་ཡང་སྐྱེ་བ་དང་སྙོམས་པར་འཇུག་པའི་བྱེ་བྲག་གིས་གཉིས་ཡིན་ལ་དང་པོ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་སོགས་བཞིར་སྐྱེས་པའི་སེམས་ཅན་གྱི་རྒྱུད་ཀྱི་སྐྱེས་ཐོབ་ཀྱི་ཆོས་རྣམས་ཡིན་ནོ། །

གཉིས་པ་ནི་དམིགས་པའི་སྒོ་ནས་འོག་ས་ལས་འདའ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་ཡིན་ལ། དེ་ལ་ཡང་ནམ་མཁའ་མཐའ་ཡང་སྐྱེ་མཆེད་ལ་སོགས་པ་བཞི་ཡིན་ནོ། །དེ་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི། སྦྱོར་བའི་དུས་སུ་གཟུགས་ཀྱི་འདུ་ཤེས་རྣམ་པར་བཞིག་སྟེ། ནམ་མཁའ་མཐའ་ཡས་སོ་སྙམ་དུ་ཡིད་ལ་བྱས་པས་དངོས་གཞིའི་དུས་ན་དེ་ཉིད་མངོན་དུ་གྱུར་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི་ནམ་མཁའ་མཐའ་ཡས་སོ་སྙམ་དུ་ཡིད་ལ་བྱེད་པའི་རྣམ་ཤེས་དེ་ཉིད་ཀྱང་མཐའ་ཡས་སོ་སྙམ་དུ་ཡིད་ལ་བྱས་པས་དེ་ཉིད་མངོན་དུ་གྱུར་པའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ནི་དེའི་འོག་ཏུ་གཟུང་བྱ་ཅི་ཡང་མེད་དོ་སྙམ་དུ་ཡིད་ལ་བྱས་པས་དེ་ཉིད་མངོན་དུ་གྱུར་པའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ནི། འདུ་ཤེས་ནི་ནད་དང་འབྲས་དང་ཟུག་རྔུའོ། །འདུ་ཤེས་མེད་པ་ནི་ཀུན་ཏུ་རྨོངས་པའོ། །འདུ་ཤེས་ཡོད་མིན་མེད་མིན་ནི། ཞི་བ་གྱ་ནོམ་པའོ་ཞེས་ཡིད་ལ་བྱས་པས། དེ་ཉིད་མངོན་དུ་གྱུར་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །ཅིའི་ཕྱིར་བསམ་གཏན་རྣམས་ཡན་ལག་གིས་འདའ་བ་ཞེས་བྱ་ཞེ་ན། བསམ་གཏན་རྣམས་ནི་ཐམས་ཅད་ཀྱང་ཞི་རགས་ཀྱི་རྣམ་པ་ཅན་ཡིན་པའི་ཕྱིར། དམིགས་པ་དང་རྣམ་པ་མི་འདྲ་བའི་བྱེ་བྲག་ནི་མེད་ཀྱི་འོན་ཀྱང་ཡན་ལག་མི་འདྲ་བའི་བྱེ་བྲག་ནི་ཡོད་དོ། །དེའི་ཕྱིར་བསམ་གཏན་རྣམས་ནི་ཡན་ལག་གིས་འདའ་བ་ཞེས་བྱའོ། །ཅིའི་ཕྱིར་གཟུགས་མེད་པ་རྣམས་དམིགས་པས་འདའ་བ་ཡིན་ཞེ་ན། དེ་ཐམས་ཅད་ཞི་གནས་སུ་རོ་གཅིག་པས་ཡན་ལག་མི་འདྲ་བའི་བྱེ་བྲག་ནི་མེད་ཀྱི་འོན་ཀྱང་དམིགས་པ་དང་རྣམ་པ་མི་འདྲ་བ་ཐ་དད་པའི་ཕྱིར། དམིགས་པས་འདའ་བ་ཞེས་བྱའོ། །ཡང་བསམ་གཏན་རྣམས་དང་གཟུགས་མེད་དང་པོ་གསུམ་ལ་ནི། ཉོན་མོངས་ཅན་དང་དག་པ་བ་དང་། ཟག་པ་མེད་པ་གསུམ་གསུམ་ཡོད་ལ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ་ཟག་མེད་མ་གཏོགས་པ་གཉིས་ཡོད་དོ། །ཉེར་བསྡོགས་རྣམས་ལ་དང་པོ་ལ་ནི། ཟག་མེད་དང་དག་པ་གཉིས་ཡོད་ལ། ལྷག་མ་རྣམས་ལ་དག་པ་འབའ་ཞིག་ཡོད་དོ། །ཅིའི་ཕྱིར་ཉེར་བསྡོགས་རྣམས་ལ་ཉོན་མོངས་ཅན་མི་འབྱུང་ཞེ་ན། འདི་དག་ནི་འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་ཡིན་པའི་ཕྱིར་དང་། ཉོན་མོངས་ཅན་གྱིས་འདོད་ཆགས་དང་བྲལ་བར་བྱེད་མི་ནུས་པའི་ཕྱིར་རོ། །ཅིའི་ཕྱིར། ཉེར་བསྡོགས་ལྷག་མ་རྣམས་ལ་ཟག་མེད་མི་འབྱུང་ཞེ་ན། གང་གིས་འོག་མའི་དངོས་གཞི་མ་ཐོབ་པ་དེས་ནི་གོང་མའི་ཉེ་བསྡོགས་ལ་སྙོམས་པར་འཇུག་མི་ནུས་ལ། གང་ཞིག་གོང་མའི་ཉེར་བསྡོགས་ཐོབ་པ་དེ་ནི་འོག་མའི་དངོས་གཞི་ལ་བརྟེན་ནས་ལམ་སྒྲུབ་པར་བྱེད་དེ། གོང་མའི་ཉེར་བསྡོགས་ལས་འོག་མའི་དངོས་གཞི་ལམ་སྒྲུབ་པར་སླ་བའི་ཕྱིར་རོ། །དེ་ལ་ཉོན་མོངས་པ་ཅན་ནི་རང་སའི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་སེམས་རྩེ་གཅིག་པ་སྟེ། དེ་ཡང་སྲེད་པ་ཤས་ཆེ་བའི་བསམ་གཏན་ལ་སོགས་པ་བཞི་ཡིན་ནོ། །དག་པ་ནི་རང་སའི་ཉོན་མོངས་པས་མ་སླད་པའི་དགེ་བ་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་སྟེ། དེ་ཡང་ཉམས་པ་ཆ་མཐུན་དང་གནས་པ་ཆ་མཐུན་ཁྱད་པར་ཆ་མཐུན་ངེས་འབྱེད་ཆ་མཐུན་ཏེ་བཞི་ཡིན་ནོ། །དེ་ལ་ཉམས་པ་ཆ་མཐུན་ནི། དག་པའི་བསམ་གཏན་གང་གི་འཇུག་ཐོགས་སུ་རང་སའམ་འོག་སའི་ཉོན་མོངས་པ་སྐྱེ་བ་དང་རྗེས་སུ་མཐུན་པའོ། །གནས་པ་ཆ་མཐུན་ནི་གང་གི་འཇུག་ཐོགས་སུ་རང་དང་ས་གཅིག་པའི་བསམ་གཏན་དག་པ་གཞན་འདྲེན་པའོ། །ཁྱད་པར་གྱི་ཆ་དང་མཐུན་པ་ནི་གང་གི་འཇུག་ཐོགས་སུ་ས་གོང་མའི་དག་པའི་བསམ་གཏན་འདྲེན་པར་བྱེད་པའོ། །ངེས་འབྱེད་ཆ་མཐུན་ནི་གང་གི་འཇུག་ཐོགས་སུ་འཇིག་རྟེན་ལས་འདས་པའི་ལམ་འདྲེན་པར་བྱེད་པའོ། །སྲིད་རྩེ་ལ་ནི་ཁྱད་པར་ཆ་མཐུན་མེད་དེ། དེའི་གོང་ན་ས་གཞན་མེད་པའི་ཕྱིར་རོ། །གཞན་རྣམས་ལ་ནི་བཞི་ཀ་ཡོད་པར་རིགས་པར་བྱའོ། །ཟག་པ་མེད་པ་ནི་འཇིག་རྟེན་ལས་འདས་པའི་ལམ་མོ། །

གཉིས་པ་ཤེས་བྱའི་དོན་ནི། ཤེས་པར་བྱ་བའི་དངོས་པོ་བསམ་གཏན་དང་གཟུགས་མེད་པ་དེ་དག་ཤེས་པར་བྱ་བའི་དོན་ཀུན་ནས་ཉོན་མོངས་པ་ལ་སོགས་པ་རྣམ་པ་བཞིས་རིག་པར་བྱའོ། །དང་པོ་སྒྲིབ་ལ་ལུང་མ་བསྟན་གྱི་རྩ་བ་བཞི་ནི་སྲེད་པ་ལ་སོགས་ཏེ། དེ་དག་གིས་བསམ་གཏན་པ་རྣམས་ཀྱི་སེམས་སྒྲིབས་ལ་ལུང་མ་བསྟན་གྱི་ངོ་བོ་འབྱུང་བར་བྱེད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན་སྲེད་པས་ནི་དེ་ཤས་ཆེ་བའི་བསམ་གཏན་པ་རྣམས་ཀུན་ནས་ཉོན་མོངས་པར་བྱེད་དེ། ཤིན་ཏུ་སྦྱངས་པའི་བདེ་བས་རོ་མྱང་བར་བྱེད་པའི་ཕྱིར་རོ། །ལྟ་བས་ནི་དེ་ཤས་ཆེ་བའི་བསམ་གཏན་པ་རྣམ་ཀུན་ནས་ཉོན་མོངས་པར་བྱེད་དོ། །བསམ་གཏན་ལ་བརྟེན་ནས་སྔོན་གྱི་མཐར་རྟོག་པའི་ལྟ་བ་ལ་སོགས་པ་ཀུན་ནས་སློང་བའི་ཕྱིར་རོ། །ང་རྒྱལ་གྱིས་ནི་དེ་ཤས་ཆེ་བའི་བསམ་གཏན་པ་ཀུན་ནས་ཉོན་མོངས་པར་བྱེད་དེ། དེས་ཁྱད་པར་ཐོབ་ན་སེམས་ཁེངས་པར་འགྱུར་བའི་ཕྱིར་རོ། །མ་རིག་པ་ནི་ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་པ་རྣམས་ཀུན་ནས་ཉོན་མོངས་ཏེ། དེ་ཁོ་ན་ཉིད་མ་རྟོགས་པས་ཐར་པ་འདོད་པ་པོས་ཏིང་ངེ་འཛིན་ཐོབ་པ་དེ་ཐར་པ་ཡིན་ནམ་མ་ཡིན་སྙམ་དུ་ཐེ་ཚོམ་ཟ་བའི་ཕྱིར་རོ། །རྒྱུ་མཚན་དེ་ཉིད་ཀྱིས་ན་བཞི་པོ་དེ་ལུང་དུ་མ་བསྟན་པའི་རྩ་བར་སྟོན་པ་ནི་དེ་ལྟར་ཞེས་སོ། །རྣམ་པར་བྱང་བ་ནི་དག་པའི་བསམ་གཏན་དང་གཟུགས་མེད་པ་རྣམས་ནི་དགེ་བའི་ཕྱིར་རང་སའི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་དང་བྲལ་བའི་ཕྱིར་རོ། །རྣམ་པར་བཞག་པ་ལ་ཡན་ལག་རྣམ་པར་བཞག་པ་ལ་སོགས་པ་བཞི་ལས་དང་པོ་ཡན་ལག་རྣམ་པར་བཞག་པ་ནི་བསམ་གཏན་དང་པོ་ནི་ཡན་ལག་ལྔ་དང་ལྡན་ཏེ། འདི་ལྟར་འདོད་པ་ནི་རགས་པའོ་བསམ་གཏན་དང་པོ་ནི་ཞི་བའོ་ཞེས་ཀུན་ཏུ་ཚོལ་བའི་རྣམ་པ་ཅན་གྱི་རྟོགས་པ་དང་དེའི་འོག་ཏུ་ཉོན་མོངས་པ་མང་བ་དང་ཉུང་བ་དང་ཚེ་རིང་བ་དང་ཐུང་བ་ལ་སོགས་པའི་སྒོ་ནས་ཁྱད་པར་ཞིབ་མོར་འབྱེད་པའི་མཚན་ཉིད་ཅན་གྱི་དཔྱོད་པ་གཉིས་ནི་གཉེན་པོའི་ཡན་ལག་དག་ཡིན་ཏེ། དེ་དག་གིས་འདོད་པའི་འདོད་ཆགས་དང་གནོད་སེམས་དང་རྣམ་པར་འཚེ་བ་དང་ཡིད་མི་བདེ་བ་སོགས་བསམ་གཏན་དང་པོའི་མི་མཐུན་ཕྱོགས་རྣམས་སྤོང་བར་བྱེད་པའི་ཕྱིར་རོ། །སྡིག་པ་མི་དགེ་བའི་ཆོས་ཀྱིས་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་ཕན་ཡོན་གྱི་ཡན་ལག་ཡིན་ཏེ། དེ་དག་གིས་བསམ་གཏན་པ་རྣམས་ཀྱི་ལུས་སེམས་ལ་ཕན་འདོགས་པའི་ཕྱིར་རོ། །སེམས་རྩེ་གཅིག་པ་ནི་གནས་ཀྱི་ཡན་ལག་ཡིན་ཏེ། དེ་ལ་བརྟེན་ནས་རྟོག་སྤྱོད་སོགས་གཉེན་པོ་དང་ཕན་ཡོན་གྱི་ཡན་ལག་རྣམས་འཇུག་པའི་ཕྱིར་རོ། །དེ་བཞིན་དུ་བསམ་གཏན་གཉིས་པ་ལ་ནི་དྲན་པ་དང་ཤེས་བཞིན་བཏང་སྙོམས་གསུམ་གྱི་རང་བཞིན་གྱི་ནང་རབ་ཏུ་དང་བ་ནི་གཉེན་པོའི་ཡན་ལག་ཡིན་ནོ། །རྟོགས་དཔྱོད་སོགས་བསམ་གཏན་གཉིས་པའི་མི་མཐུན་ཕྱོགས་སྤོང་བའི་ཕྱིར་རོ། །ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་ཕན་ཡོན་གྱི་ཡན་ལག་ཡིན་ནོ། །བསམ་གཏན་གསུམ་པ་ལ་ནི་དྲན་པ་དང་ཤེས་བཞིན་བཏང་སྙོམས་གསུམ་གཉེན་པོའི་ཡན་ལག་ཡིན་ཏེ། དེ་དག་གིས་དགའ་བ་ལ་སོགས་པ་བསམ་གཏན་གསུམ་པའི་མི་མཐུན་ཕྱོགས་རྣམས་སྤོང་བའི་ཕྱིར་རོ། །དགའ་བ་མེད་པའི་བདེ་བ་ནི་ཕན་ཡོན་གྱི་ཡན་ལག་ཡིན་ནོ། །

བཞི་པ་ལ་ནི་དྲན་པ་དང་བཏང་སྙོམས་ཡོངས་སུ་དག་པ་ནི་གཉེན་པོའི་ཡན་ལག་ཡིན་ཏེ། དེ་དག་གིས་བདེ་བ་ལ་སོགས་པ་བསམ་གཏན་བཞི་པའི་མི་མཐུན་ཕྱོགས་རྣམས་སྤོང་བར་བྱེད་པའི་ཕྱིར་རོ། །ཚོར་བ་བཏང་སྙོམས་ནི་ཕན་ཡོན་གྱི་ཡན་ལག་ཡིན་ནོ། །ཅིའི་ཕྱིར་བསམ་གཏན་དང་པོ་ལ་དྲན་པ་དང་ཤེས་བཞིན་བཏང་སྙོམས་རྣམས་ཡོད་ཀྱང་གཉེན་པོའི་ཡན་ལག་ཏུ་མ་བཞག་ཅེ་ན། དང་པོ་ན་དྲན་པ་ལ་སོགས་པ་ཡོད་ཀྱང་རྟོག་དཔྱོད་ཀྱིས་མངོན་པར་སྒྲུབ་པས་རང་གི་ངོ་བོས་ལས་མི་བྱེད་པའི་ཕྱིར། གཉེན་པོའི་ཡན་ལག་ཏུ་མ་སྨོས་ལ། གཉིས་པ་ན་རང་གི་ངོ་བོས་ལས་བྱེད་ཀྱང་དགའ་བས་ཟིལ་གྱིས་མནན་པའི་ཕྱིར། རང་མིང་གིས་མ་སྨོས་ལ་རབ་ཏུ་དང་བ་ཞེས་པའི་མིང་གིས་སྨོས་སོ། །བསམ་གཏན་གསུམ་པ་ན་ནི་དགའ་བའི་ཀུན་ནས་དཀྲིས་པ་ལས་གྲོལ་བའི་ཕྱིར་དྲན་པ་ལ་སོགས་པ་རང་མིང་གིས་སྨོས་ལ། བསམ་གཏན་བཞི་པ་ན་ནི་བསམ་གཏན་གྱི་སྐྱོན་ཐམས་ཅད་དང་བྲལ་བའི་ཕྱིར་དྲན་པ་དང་བཏང་སྙོམས་ལ་ཡོངས་སུ་དག་པའི་སྒྲས་བསྟན་ཏོ། །བསམ་གཏན་དང་པོ་དང་གཉིས་པ་ལ་བྱེ་བྲག་ཅི་ཞིག་ཡོད་ཅེ་ན། རྟོག་དཔྱོད་ལས་འདོད་ཆགས་དང་མ་བྲལ་བ་དང་བྲལ་བའི་བྱེ་བྲག་གིས་ཏིང་ངེ་འཛིན་ཡོངས་སུ་མ་རྫོགས་པ་དང་རྫོགས་པའི་ཁྱད་པར་ཡོད་དོ། །

གཉིས་པ་དང་གསུམ་པ་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། དགའ་བ་ལས་འདོད་ཆགས་དང་མ་བྲལ་བ་དང་བྲལ་བའི་བྱེ་བྲག་གིས་ཕན་འདོགས་ཡོངས་སུ་མ་རྫོགས་པ་དང་རྫོགས་པའི་ཁྱད་པར་ཡོད་དོ། །གསུམ་པ་དང་བཞི་པ་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། བསམ་གཏན་གྱི་སྐྱོན་ཐམས་ཅད་ལས་མ་གྲོལ་བ་དང་། གྲོལ་བའི་བྱེ་བྲག་གིས་ཡོངས་སུ་དག་པ་མ་རྫོགས་པ་དང་རྫོགས་པའི་ཁྱད་པར་ཡོད་དོ། །ཅིའི་ཕྱིར་བསམ་གཏན་དང་པོ་ལ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་ཞེས་བྱ་ཞེ་ན། དེའི་དགའ་བདེ་ནི། འདོད་པའི་འདོད་ཆགས་དང་རྣམ་པར་འཚེ་བ་སོགས་སྡིག་པ་མི་དགེ་བ་ལས་འདོད་ཆགས་དང་བྲལ་བ་ཙམ་ལས་སྐྱེས་པའི་ཕྱིར་རོ། །ཅིའི་ཕྱིར་གཉིས་པ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་ཅན་ཞེས་བྱ་ཞེ་ན། དེའི་དགའ་བདེ་དག་ནི་རྟོག་དཔྱོད་ལས་འདོད་ཆགས་དང་བྲལ་བས་ཏིང་ངེ་འཛིན་ཡོངས་སུ་རྫོགས་པ་ལས་སྐྱེས་པའི་ཕྱིར་རོ། །དང་པོ་གཉིས་ཀྱི་དགའ་བ་དང་བདེ་བའི་རང་བཞིན་ཇི་ལྟ་བུ་ཞེ་ན། དེ་ལ་བྱེ་བྲག་ཏུ་སྨྲ་བ་ནི། དགའ་བ་ནི་ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པ་ཡིན་ལ། བདེ་བ་ནི་ཤིན་ཏུ་སྦྱངས་པ་ཉིད་ཡིན་ནོ། །ཞེས་ཟེར་རོ། །མདོ་སྡེ་པ་ཁ་ཅིག་དགའ་བ་ནི་སྔ་མ་ལྟར་ཡིན་ལ་བདེ་བ་ནི་དབང་ཤེས་འཁོར་གྱི་ཚོར་བ་སིམ་པ་ཡིན་ཏེ། མདོ་ལས་བདེ་བ་ལུས་ཀྱིས་མྱོང་ཞེས་འབྱུང་བའི་ཕྱིར་དང་། ཤིན་ཏུ་སྦྱངས་པ་ནི་བདེ་བར་མི་རིགས་ཏེ། བསམ་གཏན་བཞི་པ་ནི་ཤིན་ཏུ་སྦྱངས་པ་ཆེས་ཁྱད་པར་དུ་འཕགས་པ་ཡིན་ཡང་བདེ་བ་ཡན་ལག་ཏུ་མ་སྨོས་པའི་ཕྱིར་རོ། །ཞེས་ཟེར་རོ། །འདིར་ནི་ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པ་དེ་ཉིད་ཡིད་ཤེས་འཁོར་དང་བཅས་པ་ལ་ཕན་འདོགས་པའི་ཕྱིར་དགའ་བ་ཞེས་བྱ་ལ། ཏིང་ངེ་འཛིན་དང་མཚུངས་པར་ལྡན་པས་ཁ་ནང་དུ་ཕྱོགས་ཏེ། དབང་པོ་དང་བཅས་པའི་ལུས་ལ་ཕན་འདོགས་པའི་ཕྱིར་བདེ་བ་ཞེས་བརྗོད་ཀྱི་དེ་གཉིས་རྫས་སུ་ཐ་དད་པ་མ་ཡིན་ནོ། །བསམ་གཏན་གསུམ་པ་ན་ནི་ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པ་དེ་ཉིད་དྲན་པ་དང་ཤེས་བཞིན་བཏང་སྙོམས་ཀྱིས་ཡོངས་སུ་ཟིན་པས་སེམས་གཡོ་བའི་བྱ་བ་མི་བྱེད་པའི་ཕྱིར་དགའ་བ་ཞེས་མི་བརྗོད་ལ། ཁ་ནང་དུ་བལྟས་ཏེ་དབང་པོ་དང་བཅས་པའི་ལུས་ལ་ཕན་འདོགས་པའི་ཕྱིར་བདེ་བ་ཞེས་བྱའོ། །

ཅིའི་ཕྱིར་བསམ་གཏན་བཞིར་ངེས་ཀྱི་མང་བའམ་ཉུང་བར་མ་ཡིན་ཞེ་ན། བསམ་གཏན་གྱིས་ས་རྣམས་ནི་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་ལས་ངེས་པར་འབྱུང་བ་ཚོལ་བར་བྱེད་ཀྱི་བཏང་སྙོམས་ལས་ངེས་པར་འབྱུང་བ་ཚོལ་བར་མི་བྱེད་དེ། བྱིས་པ་རྣམས་ཀྱིས་འདུ་བྱེད་ཀྱི་སྡུག་བསྔལ་རྟོགས་པར་དཀའ་བའི་ཕྱིར་རོ། །སྡུག་བསྔལ་གྱི་ཚོར་བ་ནི་གཉིས་ཏེ་རགས་པ་དང་ཕྲ་བའོ། །བསམ་གཏན་དང་པོ་ནི་ཡིད་མི་བདེ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་སྡུག་བསྔལ་གྱི་ཚོར་བ་རགས་པ་ལས་ངེས་པར་འབྱུང་བ་ཡིན་ནོ། །གཉིས་པ་ནི་སྡུག་བསྔལ་གྱི་ཕྱོགས་ཀྱི་གནས་ངན་ལེན་དང་བྲལ་བའི་ཕྱིར། སྡུག་བསྔལ་ཕྲ་བ་ལས་ཀྱང་ངེས་པར་འབྱུང་བ་ཡིན་ནོ། །བསམ་གཏན་དང་པོ་ནི་སྡུག་བསྔལ་ཐམས་ཅད་ལས་ངེས་པར་འབྱུང་བ་མ་ཡིན་ཏེ། སྡུག་བསྔལ་གྱི་དབང་པོ་མ་སྤངས་པའི་ཕྱིར་རོ། །དེ་སྐད་དུ་ཡང་རྣམ་པར་གཏན་ལ་དབབ་པར། ཅིའི་ཕྱིར། བསམ་གཏན་དང་པོ་ལ་སྡུག་བསྔལ་གྱི་དབང་པོ་མ་སྤངས་ཞེ་ན། སྨྲས་པ་དེ་ལ་དེའི་ཕྱོགས་ཀྱི་གནས་ངན་ལེན་དང་མ་བྲལ་བའི་ཕྱིར་རོ། །གལ་ཏེ་དེ་ལ་སྡུག་བསྔལ་གྱི་དབང་པོ་སྤངས་པར་གྱུར་ན། བསམ་གཏན་གཉིས་པ་དང་གནས་སའི་ཁྱད་པར་མི་དམིགས་པར་འགྱུར་བས། དེའི་ཕྱིར་མ་སྤངས་པ་ཁོ་ནར་རིག་པར་བྱའོ། །ཞེས་གང་གསུངས་པ་ཡིན་ནོ། །བདེ་བའི་ཚོར་བ་ཡང་རགས་པ་དང་ཕྲ་བ་གཉིས་ཡིན་ལ། བསམ་གཏན་གསུམ་པ་སྤངས་པ་ཁོ་ནར་རིག་པར་བྱའོ། །ཅེས་གང་གསུངས་པ་ཡིན་ནོ། །བདེ་བའི་ཚོར་བ་ཡང་རགས་པ་དང་ཕྲ་བ་གཉིས་ཡིན་ལ། བསམ་གཏན་གསུམ་པ་ནི་བདེ་བའི་དབང་པོ་རགས་པ་ལས་ངེས་པར་འབྱུང་བ་ཡིན་ཏེ། ཡིད་བདེ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །བཞི་པ་ནི་བདེ་བའི་དབང་པོ་ལས་ཀྱང་འདོད་ཆགས་དང་བྲལ་བའི་ཕྱིར། བདེ་བའི་ཚོར་བ་ཕྲ་བ་ལས་ཀྱང་ངེས་པར་འབྱུང་བ་ཡིན་ཏེ། དེ་བས་ན་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་ཕྲ་རགས་རྣམ་པ་བཞི་ལས། ངེས་པར་འབྱུང་བའི་དབང་དུ་བྱས་ནས་བསམ་གཏན་རྣམ་པ་བཞི་རྣམ་པར་བཞག་པ་ཡིན་ཏེ། ཇི་སྐད་དུ། རྣམ་པར་གཏན་ལ་དབབ་པ་བསྡུ་བར། ཅིའི་ཕྱིར་བསམ་གཏན་བཞི་ཁོ་ནར་ཟད་དེ། ཆེས་མང་བ་ཡང་མ་ཡིན། ཆེས་ཉུང་བ་ཡང་མ་ཡིན་ཞེ་ན། སྨྲས་པ། བདེ་བ་དང་སྡུག་བསྔལ་ལས་ཤིན་ཏུ་འདས་ཤིང་ཡོངས་སུ་རྫོགས་པའི་ཕྱིར་ཏེ། འདི་ལྟར་མཐར་གྱིས་བསམ་གཏན་བཞི་པའི་བར་དུ་བདེ་བ་དང་སྡུག་བསྔལ་ལས་ཤིན་ཏུ་འདས་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་བསམ་གཏན་རྣམས་ནི་ཚོར་བ་ལ་ངེས་པར་འབྱུང་བས་རབ་ཏུ་ཕྱེ་བ་ཡིན་ལ། གཟུགས་མེད་པ་རྣམས་ནི་འདུ་ཤེས་ལ་ངེས་པར་འབྱུང་བས་རབ་ཏུ་ཕྱེ་བ་ཡིན་ནོ། །དེ་ཡང་འདི་ལྟར་འདུ་ཤེས་ནི་གཉིས་ཏེ། ཕྱི་རོལ་གཟུགས་ཀྱི་འདུ་ཤེས་དང་ནང་རྣམ་པར་ཤེས་པ་ལ་དཀྲ་བར་འཛིན་པའི་འདུ་ཤེས་གཉིས་ཡིན་ལ། དང་པོ་གཟུགས་ལ་དཀྲ་བར་འཛིན་པའི་འདུ་ཤེས་དེ་ལ་ཡང་། སྤང་བྱ་གཟུགས་དང་ཐོགས་པའི་འདུ་ཤེས་དང་། དེའི་གཉེན་པོ་ནམ་མཁའི་འདུ་ཤེས་གཉིས་ཡོད་ལ། འདུ་ཤེས་དང་པོ་ལ་ངེས་པར་འབྱུང་བ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དོ། །འདུ་ཤེས་གཉིས་པ་ལ་ངེས་པར་འབྱུང་བ་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ། །རྣམ་པར་ཤེས་པ་ལ་དཀྲ་བར་འཛིན་པའི་འདུ་ཤེས་ལ་ཡང་། མི་མཐུན་པའི་ཕྱོགས་དང་གཉེན་པོའི་བྱེ་བྲག་གིས་གཉིས་ཡིན་ལ། དང་པོ་ལ་ངེས་པར་འབྱུང་བ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཡིན་ལ། གཉིས་པ་ལས་ངེས་པར་འབྱུང་བ་ནི་འདུ་ཤེས་མེད་འདུ་ཤེས་མེད་པ་མ་ཡིན་པའི་སྐྱེ་མཆེད་དོ། །དེའི་ཕྱིར་གཟུགས་མེད་པ་བཞི་བས་མང་བའམ་ཉུང་བ་མ་ཡིན་ནོ། །ཅིའི་ཕྱིར་བསམ་གཏན་རྣམས་ལ་ཡན་ལག་ལྔ་དང་བཞིར་གྲངས་ངེས་ཞེ་ན། གནོད་པ་སྤོང་བ་གཉེན་པོའི་ཡན་ལག་དང་། ཕན་པ་སྒྲུབ་པ་ཕན་ཡོན་གྱི་ཡན་ལག་དང་། དེ་གཉིས་ཀའི་གནས་ཀྱི་ཡན་ལག་གསུམ་དུ་ངེས་པའི་ཕྱིར་རོ། །ཅིའི་ཕྱིར་གཟུགས་མེད་པ་རྣམས་ལ་ཡན་ལག་རྣམ་པར་མི་བཞག་ཅེ་ན། དེ་ནི་ཞི་གནས་སུ་རོ་གཅིག་པའི་ཕྱིར་ཡན་ལག་མི་འདྲ་བ་ཐ་དད་པ་རྣམ་པར་བཞག་པ་ནི་མེད་དོ། །སྙོམས་པར་འཇུག་པ་རྣམ་པར་བཞག་པ་ནི་ཡིད་ལ་བྱེད་པ་བདུན་གྱིས་བསམ་གཏན་དང་པོ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་བར་ལ་སྙོམས་པར་འཇུག་སྟེ། ཡིད་ལ་བྱེད་པ་བདུན་ནི། མཚན་ཉིད་རབ་ཏུ་རིག་པའི་ཡིད་ལ་བྱེད་པ་སོགས་སོ། །དེ་ལ་མཚན་ཉིད་རབ་ཏུ་རིག་པ་ཡིད་ལ་བྱེད་པ་ནི་མཉམ་པར་བཞག་པའི་ས་པའི་ཡིད་ལ་བྱེད་པ་གང་གིས་འདོད་པ་ལ་སོགས་པའི་ས་འོག་མ་རྣམས་ལ། ཚེ་ཐུང་བ་དང་ཉོན་མོངས་པ་མང་བ་ལ་སོགས་པའི་ཉེས་དམིགས་ཀྱི་སྒོ་ནས་རགས་པ་དང་བསམ་གཏན་དང་པོ་ལ་སོགས་པ་གོང་མ་རྣམས་ལ་དེ་ལས་བཟློག་པའི་སྒོ་ནས་ཞི་བའི་མཚན་ཉིད་དུ་དཔྱོད་པར་བྱེད་པ་སྟེ། དེ་ནི་ཐོས་པ་དང་བསམ་པ་འདྲེས་པའི་རང་བཞིན་ཅན་དུ་རིག་པར་བྱའོ། །

མོས་པ་ལས་བྱུང་བ་ནི། དེའི་འོག་ཏུ་ཐོས་པ་དང་སེམས་དཔའ་ལས་འདས་པས་གཅིག་ཏུ་བསྒོམ་པའི་རྣམ་པས་ཞི་རགས་ཀྱི་མཚན་མ་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་བསྒོམ་པར་བྱེད་པ་སྟེ་དེ་ནི་བསྒོམ་པ་ལས་བྱུང་བ་ཡིན་ནོ། །རབ་ཏུ་དབེན་པ་ལས་བྱུང་བ་ནི། གོམས་པས་ཐོག་མར་སྤོང་བའི་ལམ་དང་ལྡན་པའི་ཡིད་ལ་བྱེད་པ་སྟེ། དེས་འདོད་པ་ལ་སོགས་པའི་ས་འོག་མ་རྣམས་ཀྱི་ཉོན་མོངས་པའི་རྣམ་པ་ཆེན་པོ་གསུམ་སྤངས་པ་དང་དེའི་ཕྱོགས་ཀྱི་གནས་ངན་ལེན་དང་བྲལ་བའི་ཕྱིར་རོ། །དགའ་བ་བསྡུད་པ་ནི་རྣལ་འབྱོར་པ་དེ་དེའི་འོག་ཏུ་སྤོང་བ་ལ་དགའ་བར་འགྱུར་ཞིང་། སྤོང་བ་ལ་ཕན་ཡོན་དུ་ལྟ་སྟེ། ཉོན་མོངས་པ་ཆེན་པོ་གསུམ་གྱིས་དབེན་པའི་དགའ་བདེ་ཆུང་ངུས་རེག་ནས། དུས་དུས་སུ་དགའ་བར་གྱུར་པའི་དངོས་པོ་ཡིད་ལ་བྱེད་པས། རྨུགས་པ་དང་གཉིད་ལ་སོགས་པ་དང་བྲལ་བར་བྱ་བའི་ཕྱིར། དགའ་བ་ཡིད་ལ་བྱེད་པའོ། །དཔྱོད་པ་ཡིད་ལ་བྱེད་པ་ནི། དེ་ལྟར་ལེགས་པར་ཞུགས་པ་དེ་དགེ་བའི་ཕྱོགས་ལ་སྦྱོར་བས་བསྟན་པའི་ཕྱིར་འདོད་པ་ལ་སོགས་པ་ས་འོག་མའི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་ཀུན་ཏུ་མི་འབྱུང་བས་དེ་སྤངས་པའམ་མ་སྤངས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། དེ་འབྱུང་བ་དང་རྗེས་སུ་མཐུན་པའི་སྡུག་པའི་མཚན་མ་ཡིད་ལ་བྱེད་ཅིང་སོ་སོར་རྟོག་པའོ། །སྦྱོར་བའི་མཐའི་ཡིད་ལ་བྱེད་པ་ནི། དེས་དེ་ལྟར་དཔྱད་ནས་ཅུང་ཞིག་མ་སྤངས་པར་ཤེས་པ་ན། ཉོན་མོངས་པ་ཐམས་ཅད་དང་བྲལ་བར་བྱ་བའི་ཕྱིར། ཉོན་མོངས་པའི་རྣམ་པ་ཆུང་ངུ་གསུམ་སྤོང་བའི་གཉེན་པོ་ཡིད་ལ་བྱེད་པའོ། །སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པ་ནི། དེའི་འོག་ཏུ་བསམ་གཏན་དང་པོ་ལ་སོགས་པ་དངོས་གཞིའི་སེམས་ཐོབ་པའོ། །དེ་ལ་མཚན་ཉིད་རབ་ཏུ་རིག་པ་ནི། སྤང་བྱ་དང་ཐོབ་བྱ་ལེགས་པར་ཡོངས་སུ་ཤེས་ནས་སྤང་བྱ་དང་ཐོབ་བྱ་ལ་སེམས་འཇོག་པར་བྱེད་པའོ། །མོས་པ་ལས་བྱུང་བས་ནི་དེའི་འོག་ཏུ་ཡང་དག་པར་སྦྱོར་བ་རྩོམ་མོ། །རབ་ཏུ་དབེན་པ་ལས་བྱུང་བས་ནི། ཀུན་ནས་ཉོན་མོངས་པ་ཆེན་པོ་གསུམ་སྤོང་ངོ་། །དགའ་བ་བསྡུད་པས་ནི་ཉོན་མོངས་པ་འབྲིང་གསུམ་སྤོང་ངོ་། །དཔྱོད་པས་ནི་ཐོབ་པར་མངོན་པའི་ང་རྒྱལ་མེད་པར་སེམས་འཇོག་པར་བྱེད་དོ། །སྦྱོར་བའི་མཐའ་ཡིས་ནི། ཉོན་མོངས་པའི་རྣམ་པ་ཆུང་ངུ་གསུམ་རབ་ཏུ་སྤོང་ངོ་། །

སྦྱོར་བའི་མཐའི་འབྲས་བུ་ནི། ཡིད་ལ་བྱེད་པ་ལེགས་པར་བསྒོམས་པས་དེ་དག་གི་བསྒོམ་པའི་འབྲས་བུ་མྱོང་བར་བྱེད་དོ། །ཚད་མཉམ་པར་བཞག་པ་ལ་རྒྱུ་སྙོམས་འཇུག་གི་ཚད་ནི་དམིགས་པ་དང་རྣམ་པ་མི་གསལ་བ་དང་གསལ་བ་དང་ཆེས་གསལ་བའི་བྱེ་བྲག་གིས་སམ། གུས་པ་དང་རྒྱུན་དུ་སྦྱོར་བ་གཉིས་ཀ་དང་མི་ལྡན་པ་དང་གང་རུང་དང་ལྡན་པ་དང་གཉིས་ཀ་དང་ལྡན་པར་སྒོམ་པའི་བྱེ་བྲག་གིས་ཆུང་ངུ་དང་འབྲིང་དང་ཆེན་པོ་བསྒོམ་པ་གསུམ་གསུམ་ཡིན་ནོ། །འབྲས་བུ་སྐྱེ་བའི་ཚད་ནི་བསམ་གཏན་དང་པོ་ཆུང་ངུ་ལ་སོགས་པ་གསུམ་དུ་སྒོམས་པས་དེ་དག་གི་འབྲས་བུ་གོ་རིམ་བཞིན་དུ་ཚངས་རིས་ལ་སོགས་པ་བསམ་གཏན་དང་པོའི་སྐྱེ་བ་རྣམ་པ་གསུམ་མངོན་པར་འགྲུབ་བོ། །དེ་བཞིན་དུ་བསམ་གཏན་ལྷག་མ་རྣམས་ལ་ཡང་སྙོམས་པར་འཇུག་པའི་དུས་སུ་ཆུང་ངུ་ལ་སོགས་པ་གསུམ་གསུམ་སྒོམ་པ་ལས། འབྲས་བུ་བསམ་གཏན་གྱི་སྐྱེ་བ་རྣམ་པ་གསུམ་གསུམ་འགྲུབ་པར་ཤེས་པར་བྱའོ། །གཟུགས་མེད་པ་རྣམས་ནི་གཞལ་མེད་ཁང་གི་གནས་གཞན་མེད་པའི་ཕྱིར་རོ། །དེ་ལྟར་ན་སྐྱེ་བའི་བྱེ་བྲག་ཐ་དད་པ་རྣམ་པར་བཞག་པ་ནི་མེད་ཀྱི་འོན་ཀྱང་དེ་ན་ཆུང་ངུར་བསྒོམ་པས་ངན་ལ་དམའ་བ་དང་འབྲིང་གིས་ངན་ལ་མཐོ་བའམ། བཟང་ལ་དམའ་བ་དང་ཆེན་པོར་སྒོམས་པས་མཐོ་ལ་བཟང་བར་སྐྱེ་བའོ། །དེ་ལ་མཐོན་པོ་དང་དམའ་བ་ནི་ཚེ་རིང་བ་དང་ཐུང་བ་ལ་སོགས་པའོ། །ངན་པ་དང་བཟང་བ་ནི་ཉོན་མོངས་པ་མང་བ་དང་དེ་ལས་བཟློག་པའོ། །མིང་དུ་གདགས་པ་ནི་བསམ་གཏན་དང་པོ་སོགས་ཀྱིས་བསྡུས་པའི་ཏིང་ངེ་འཛིན་གྱི་མཐུའི་ཁྱད་པར་འགྲུབ་པའི་སྒོ་ནས་མིང་གྲངས་མེད་པ་བཏགས་པ་རྣམས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དབང་ཐོབ་པ་རྣམས་སྙོམས་པར་འཇུག་པ་དེ་དག་གི་མིང་ཡང་ཉན་རང་རྣམས་ཀྱིས་མི་ཤེས་ན་གྲངས་ཤེས་པའམ་སྙོམས་པར་འཇུག་ནུས་པ་ལྟ་ཅི་སྨོས། དེའི་རྒྱུ་མཚན་ནི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོད་མེད་ཀྱི་ཁྱད་པར་གྱིས་སོ། །རྣམ་པར་དག་པ་ནི་རང་གི་ཆུང་ངུ་ལས་འབྲིང་དང་དེ་ལས་ཆེན་པོར་གྱུར་པའི་རབ་ཀྱི་མཐའི་བསམ་གཏན་དང་པོ་ལ་སོགས་པ་ནི་རྣམ་པར་དག་པ་ཞེས་བྱ་སྟེ། མངོན་ཤེས་སོགས་ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པའི་ཕྱིར་དུ་ཇི་ལྟར་འདོད་པ་བཞིན་ལས་སུ་རུང་བའི་མཆོག་ཉིད་དུ་འཁྲིད་པའི་ཕྱིར་རོ། །

གཉིས་པ་འཇིག་རྟེན་ལས་འདས་པའི་ལམ་ནི་སྒོམ་པའི་ལམ་གྱི་གནས་སྐབས་ན་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞིའི་དེ་བཞིན་ཉིད་རྟོགས་པ་ཆོས་ཤེས་པའི་ཕྱོགས་དང་མཐུན་པ་བཞི་དང་ཡེ་ཤེས་དེ་ཉིད་ཡང་དག་པར་རྟོགས་པ་རྗེས་སུ་རྟོགས་པའི་ཤེས་པའི་ཕྱོགས་དང་མཐུན་པ་བཞི་སྟེ། རྣམ་པ་བརྒྱད་ནི་ལྷག་མཐོང་གི་ཕྱོགས་དང་མཐུན་པ་ཡིན་ནོ། །ཞི་གནས་ཀྱི་ཆ་ནི་དེ་དག་དང་མཚུངས་པར་ལྡན་པའི་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ཏེ། མདོར་ན་བསམ་གཏན་པ་དྲུག་གཟུགས་མེད་དང་པོ་གསུམ་དང་བཅས་པ་ནི་ཟག་པ་མེད་པའི་ངོ་བོར་སྐྱེད་དུ་རུང་བ་ཡིན་ཏེ། ཞི་གནས་དང་ལྡན་ཞིང་སེམས་རྒྱུ་བ་མངོན་པར་གསལ་བའི་ཕྱིར་རོ། །བསམ་གཏན་དང་པོ་ཟག་མེད་དུ་སྐྱེས་པ་ན་རྟོག་དཔྱོད་ཡན་ལག་ཏུ་ལྡན་པ་མ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ལམ་ནི་རྣམ་པར་མི་རྟོག་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །སྲིད་རྩེ་ནི་འདུ་ཤེས་ཀྱི་རྒྱུ་བ་ཡོངས་སུ་མི་གསལ་བའི་ཕྱིར་འཇིག་རྟེན་ལས་འདས་པའི་ལམ་མཆོག་ཏུ་གསལ་བའི་གནས་མ་ཡིན་པའི་ཕྱིར་འཇིག་རྟེན་པ་ཡིན་ནོ། །དེའི་ཕྱིར་དེ་ནི་འདུ་ཤེས་དམན་པས་དམིགས་པ་ལ་མཚན་མར་མི་བྱེད་པའི་ཕྱིར་མཚན་མ་མེད་པ་ཞེས་བྱའོ། །སྲིད་པའི་རྩེ་མོ་དེ་ཉིད་ལ་འཕགས་པའི་ལམ་མེད་པར་ཇི་ལྟར་ཤེས་ཞེ་ན་ཇི་ཙམ་དུ་འདུ་ཤེས་གསལ་པོས་སྙོམས་པར་འཇུག་པ་དེ་ཙམ་དུ་ཀུན་ཤེས་པ་འཇིག་རྟེན་ལས་འདས་པའི་ལམ་རྟོགས་སོ་ཞེས་གསུངས་པའི་ཕྱིར་རོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལས་སྲིད་རྩེ་འཇིག་རྟེན་པ་དང་གཞན་བདུན་འཇིག་རྟེན་ལས་འདས་པར་ཡང་བསྟན་ན། འགོག་པ་ཇི་ལྟར་ཞེ་ན་དེ་ནི་འཇིག་རྟེན་ལས་འདས་པ་ཡིན་ཏེ་འཇིག་རྟེན་ལས་འདས་པའི་རྗེས་སུ་ཐོབ་པའི་ཕྱིར་རོ། །འགོག་པ་དེ་ནི་དང་པོར་མི་རྣམས་ཀྱི་ནང་དུ་མངོན་པར་སྒྲུབ་སྟེ། དེར་ནི་འདུ་ཤེས་དང་ཚོར་བ་རགས་པས་སྐྱེ་སྟེ། དེ་དག་བཀག་པའི་འགོག་པ་ལ་དོན་དུ་གཉེར་བའི་ཕྱིར་རོ། །སྔར་སྐྱེད་པ་དེ་ཉིད་ནི་མི་རྣམས་ཀྱི་ནང་ངམ་སྐྱེ་བ་ཕྱི་མ་ལ་གཟུགས་ཀྱི་ཁམས་སུ་མངོན་དུ་བྱེད་དོ། །གཟུགས་མེད་པའི་ཁམས་སུ་ནི་མ་ཡིན་ཏེ་དེའི་རྒྱུ་མཚན་ཞི་བའི་ཞེས་པ་ལ་སོགས་པའོ། །གཟུགས་ལས་འདོད་ཆགས་དང་བྲལ་ཏེ། སྲིད་པའི་རྩེ་མོའི་སེམས་ཐོབ་པ་ཇི་ལྟར་ན་གཟུགས་སུ་སྐྱེས་ནས་འགོག་པ་མངོན་དུ་བྱེད་ཅེ་ན། གཟུགས་ལ་འདོད་ཆགས་དང་བྲལ་བ་ཁོ་ན་གཟུགས་མེད་པ་རྣམས་ལ་སྙོམས་པར་འཇུག་པའི་ངེས་པ་མེད་དོ། །དེའི་ཕྱིར་མུ་བཞིར་འགྱུར་ཏེ། འདི་ལྟར་གཟུགས་ལས་འདོད་ཆགས་དང་བྲལ་ལ་གཟུགས་མེད་པ་ལ་སྙོམས་པར་འཇུག་མི་ནུས་པ་ཡང་ཡོད་དེ། མི་ལྕོགས་པ་མེད་པ་ལ་བརྟེན་ནས་གཟུགས་ལ་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་དང་། དགྲ་བཅོམ་པ་ལྟ་བུའོ། །གཟུགས་ལ་འདོད་དང་མ་བྲལ་བར་གཟུགས་མེད་པ་ལ་སྙོམས་པར་འཇུག་པ་ནི་བསམ་གཏན་བཞི་པ་ཐོབ་པའི་འཕགས་པ་གཟུགས་མེད་པར་སྐྱེ་བ་དོན་དུ་མི་གཉེར་ལ། སྤོང་བའི་ལམ་གསལ་ནས་ཁྱད་པར་ཅན་གྱི་ལམ་ལ་གནས་ཏེ། གཟུགས་མེད་ཞི་བའི་རྣམ་པར་ཐར་པ་ལ་སྙོམས་པར་འཇུག་པར་བྱེད་པའོ། །གཉིས་ག་ཡིན་པ་ནི་དེ་ཉིད་འདོད་ཆགས་དང་བྲལ་བ་དོན་དུ་གཉེར་ཞིང་སྤོང་བའི་ལམ་ལ་གནས་ཏེ། གཟུགས་མེད་ཞི་བའི་རྣམ་པར་ཐར་པ་ལ་སྙོམས་པར་འཇུག་པར་བྱེད་པའོ། །གཉིས་ཀ་མ་ཡིན་པ་ནི་རྣམ་པ་དེ་དག་ལས་མ་གཏོགས་པ་རྣམས་སོ། །ཞེས་འགྲེལ་པ་ལས་འཆད་དོ། །མཛོད་འགྲེལ་ལས། སྔར་འགོག་པ་ཐོབ་པ་ཕྱིས་ཡོངས་སུ་ཉམས་ཏེ་གཟུགས་སུ་སྐྱེས་པ་ན་སྔོན་གོམས་པའི་སྟོབས་ཀྱིས་དེར་འགོག་པ་མངོན་དུ་བྱེད་པར་བཤད་དོ། །ལམ་ཆུང་ངུ་ལ་སོགས་པ་རྣམ་པ་གསུམ་གསུམ་དུ་རྣམ་པར་བཞག་པ་ནི་བསྒོམ་པས་སྤང་བར་བྱ་བ་རྣམས་རིམ་གྱིས་སྤོང་བར་བསྟན་པའི་ཕྱིར་རོ། །དེ་ལ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་གསུམ་ནི་གོ་རིམ་བཞིན་དུ་ལམ་གང་གིས་ས་དང་པོ་ནས་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོ་ལ་སོགས་པ་གསུམ་སྤོང་བའོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་སྦྱར་རོ། །ཅིའི་ཕྱིར་ལམ་ཆུང་ངུའི་ཆུང་ངུས་ཉོན་མོངས་པ་ཆེན་པ་ཆེན་པོའི་ཆེན་པོ་སྤོང་ཞེ་ན། ཉོན་མོངས་པ་རྣམས་ནི་ངོ་ཚ་དང་ཁྲེལ་ཡོད་དང་ཤིན་ཏུ་བྲལ་བས་འཛེམ་པ་མེད་པར་སེམས་ཀྱི་རྒྱུད་ལ་ཀུན་ཏུ་འབྱུང་ལ། དེའི་ཕྱིར་རྟོགས་སླ་ཞིང་ཡོངས་སུ་གཅོད་སླ་བ་དེ་ནི་དྲི་མ་ཆེ་ལོང་བཞིན་དུ་གཉེན་པོ་ཆུང་ངུས་སེལ་ཏེ། གང་ཡོངས་སུ་བཅད་དཀའ་བར་རྒྱུད་ལ་འབྱུང་ཞིང་། ཕྲ་བ་དེ་ནི་དྲི་མ་ཆུང་ངུ་བཞིན་དུ་གཉེན་པོ་ཆེན་པོའི་སྟོབས་ཀྱིས་སེལ་ཏེ། དེའི་ཕྱིར་མི་མཐུན་པའི་ཕྱོགས་ལས་བཟློག་སྟེ། གཉེན་པོའི་ཕྱོགས་རྣམ་པར་བཞག་པར་རིག་པར་བྱའོ། །

སྦྱོར་བའི་ལམ་ནི། ལམ་གང་གིས་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོ་ལ་སོགས་པའི་ཕྱོགས་ཀྱི་གནས་ངན་ལེན་གྱི་ཆ་ཤས་རེ་རེ་དང་བྲལ་བའི་ཕྱིར། དེའི་མཇུག་ཐོགས་སུ་ཉོན་མོངས་པའི་རྣམས་པ་དེ་སྤོང་བར་འགྱུར་བའོ། །བར་ཆད་མེད་པའི་ལམ་ནི། ལམ་གང་གིས་འོག་ཏུ་བར་ཆད་མེད་པར་ཉོན་མོངས་པ་མ་ལུས་པ་སྤོང་བར་འགྱུར་བའོ། །རྣམ་པར་གྲོལ་བའི་ལམ་ནི། ལམ་གང་གིས་ཉོན་མོངས་པ་སྤངས་ནས་གནས་གྱུར་པའི་རྣམ་པར་གྲོལ་བ་མངོན་དུ་བྱེད་པའོ། ཁྱད་པར་གྱི་ལམ་ལ། ལམ་ཕྱི་མའི་སྒོ་ནས་དང་། བྱ་བའི་སྒོ་ནས་དང་། ཡོན་ཏན་གྱི་སྒོ་ནས་བཞག་པ་གསུམ་ལས། དང་པོ་ནི་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོའི་དེ་ལས་རྣམ་པ་གཞན་ཆེན་པོའི་འབྲིང་ལ་སོགས་པ་སྤོང་བའི་སྦྱོར་ལམ་ལ་སོགས་པ་ཡང་དང་པོ་སྤོང་བའི་ཁྱད་པར་གྱི་ལམ་ཡིན་ཏེ། དེ་དག་གིས་ཀྱང་སྔ་མའི་སྤངས་པ་ཐག་སྲིང་བར་བྱེད་པའི་ཕྱིར་རོ། །གཉིས་པ་ནི་ཉོན་མོངས་པ་གཞན་སྤོང་བའི་སྦྱོར་བ་བཙལ་ནས་མདོ་ལ་སོགས་པའི་ཆོས་ཀྱི་དོན་སེམས་དཔའ་འམ་སྔར་བསམས་པ་དང་། ཁོང་དུ་ཆུད་པའི་སྒོ་ནས་ཞུགས་པའི་ཆོས་ལ་སོ་སོར་རྟོགས་པས་གནས་པ་དང་སྙོམས་པར་འཇུག་པ་གཞན་ལ་སྙོམས་པར་འཇུག་པ་ཡང་སྔ་མའི་ཁྱད་པར་གྱི་ལམ་ཡིན་ནོ། །གསུམ་པ་ནི། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་ཅན་སྔར་མེད་གསར་དུ་སྒྲུབ་པའམ། སྔར་ནས་ཐོབ་ཟིན་གནས་པར་བྱེད་པ་ཡང་ཁྱད་པར་གྱི་ལམ་ཡིན་ཏེ་དེས་ཀྱང་སྔར་སྤངས་པའི་སྤངས་པ་ཁྱད་པར་དུ་འཕགས་པར་བྱེད་པའི་ཕྱིར་རོ། །

ཞར་བྱུང་ལམ་བསྒོམ་པ་ལ་གསུམ་སྟེ། ལམ་བསྒོམ་པ་བཞིར་བསྟན་པ་དང་། རྣམ་གྲངས་ཀྱིས་བཅུ་གཅིག་ཏུ་བཤད་པ་དང་། ས་གོང་མའི་ལམ་བསྒོམ་པའི་ནུས་པའོ། །དང་པོ་ལ་དབྱེ་བ་ནི་ཐོབ་པར་བྱ་བའི་ཕྱིར་བསྒོམ་པ་ལ་སོགས་པའོ། །སོ་སོའི་ངོ་བོ་རྒྱས་པར་བཤད་པ་ལ། ཡང་དག་འཇོག་གི་སྒོ་ནས་དང་། ལམ་གྱི་འཇུག་ཚུལ་གྱི་སྒོ་ནས་དང་། གཉེན་པོའི་ཁྱད་པར་བཤད་པ་གསུམ་གྱི་དང་པོ་ནི། ཐོབ་པར་བྱ་བའི་ཕྱིར་བསྒོམ་པ་ནི། དྲན་པ་ཉེར་བཞག་སོགས་དགེ་བའི་ཆོས་སྔར་རྒྱུད་ལ་མ་སྐྱེས་པ་སྐྱེ་བའི་ཕྱིར་བསྒོམས་པ་སྟེ། དེས་དགེ་བའི་ཆོས་མ་ཐོབ་པ་ཐོབ་པར་བྱེད་པའི་ཕྱིར་རོ། །བསྟེན་པའི་བསྒོམ་པ་ནི་དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་ལ་སོགས་པའི་དོན་དུ་བསྒོམས་པ་སྟེ་དགེ་བའི་ཆོས་ཐོབ་པ་རྣམས་གོམས་པར་བྱེད་པའི་ཕྱིར་རོ། །བཙལ་བའི་ཕྱིར་བསྒོམ་པ་ནི་མི་དགེ་བའི་ཆོས་སྔར་རྒྱུད་ལ་སྐྱེས་ཟིན་པ་རྣམས་ཀྱི་རྣམ་སྨིན་འབྱིན་པའི་ས་བོན་གྱི་ནུས་པ་སྤངས་པའི་ཕྱིར་གཉེན་པོ་བསྒོམ་པའོ། །གཉེན་པོ་བསྒོམ་པ་ནི་གཉེན་པོའི་སྟོབས་བསྐྱེད་དོ། །མ་འོངས་པའི་མི་དགེ་བའི་ཆོས་རྣམས་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པའོ། །གཉིས་པ་ནི་འཕགས་པའི་ལམ་སྐྱེས་པ་ན་རང་དང་རྗེས་སུ་མཐུན་པའི་འབྲས་བུ་སྐྱེ་བར་འགྱུར་བའི་བག་ཆགས་འཇོག་པ་དེ་ནི་ཐོབ་པར་བྱ་བའི་ཕྱིར་བསྒོམས་པ་སྟེ། དེ་ལ་དེའི་རྒྱུ་ལས་བྱུང་བ་རྣམས་ཆེར་འབར་བར་འགྱུར་བའི་ཕྱིར་རོ། །གཞན་རྣམས་གོ་བར་ཟད་དོ། །

གསུམ་པ་ནི་ཡང་གཉེན་པོ་ནི་རྣམ་པར་སུན་འབྱིན་ལ་སོགས་པ་རྣམ་པ་བཞིར་རིག་པར་བྱ་སྟེ། དེ་ལ་རྣམ་པར་སུན་འབྱིན་པ་ནི་ཟག་བཅས་ཀྱི་ཕུང་པོ་ལ་ཉེས་དམིགས་སུ་ལྟ་བ་སྟེ། དེས་ནད་དང་འབྲས་དང་ཟུག་རྔུ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་ཉེར་ལེན་གྱི་ཕུང་པོ་ལ་ཉེས་དམིགས་སུ་ལྟས་ནས་སུན་འབྱིན་པའི་ཕྱིར་རོ། །སྤོང་བ་ནི་སྦྱོར་བ་དང་བར་ཆད་མེད་པའི་ལམ་སྟེ། དེས་ཉོན་མོངས་པ་སྤོང་བའི་ཕྱིར་རོ། །རྟེན་པ་གཉེན་པོ་ནི་རྣམ་པར་གྲོལ་བའི་ལམ་སྟེ་དེས་སྤངས་པའི་ཐོབ་པ་ཀུན་ཏུ་འཛིན་པའི་ཕྱིར་རོ། །ཐག་བསྲིང་བ་ནི་རྣམ་གྲོལ་ལམ་དེའི་གོང་མ་ཁྱད་པར་གྱི་ལམ་སྟེ། དེས་སྔོན་སྤངས་པའི་ཉོན་མོངས་ཐག་བསྲིང་བར་བྱེད་པའི་ཕྱིར་རོ། །

གཉིས་པ་རྣམ་གྲངས་ཀྱིས་བཅུ་གཅིག་ཏུ་བཤད་པ་ལ་མདོར་བསྟན་པ་ནི་འདི་ལྟ་སྟེ། དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་ནི་དྲན་པ་ཉེ་བར་བཞག་པ་རྣམས་ཏེ། དེས་ཐོག་མ་ཉིད་དུ་མི་གཙང་བ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་ལུས་དང་ཚོར་བ་དང་སེམས་དང་ཆོས་ཀྱི་དངོས་པོ་ལ་ཡོངས་སུ་རྟོག་པའི་ཕྱིར་རོ། །རྩོལ་བ་ལས་བྱུང་བའི་ལམ་ནི་ཡང་དག་པར་སྤོང་བ་རྣམས་ཏེ། དེ་ལྟར་དངོས་པོ་རྣམས་ལ་ཡོངས་སུ་བརྟགས་ནས་དེས་སྒྲིབ་པ་སྤང་བའི་དོན་དུ་བརྩོན་འགྲུས་རྩོམ་པའི་ཕྱིར་རོ། །ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་ནི། རྫུ་འཕྲུལ་གྱི་རྐང་པ་རྣམས་ཏེ། དེ་ལྟར་སྒྲིབ་པ་ཡོངས་སུ་སྦྱངས་པ་ནི་འདུན་པ་དང་བརྩོན་འགྲུས་དང་སེམས་དཔའ་དང་དཔྱོད་པའི་སྒོའི་ཏིང་ངེ་འཛིན་རྣམས་ཀྱིས་ལས་སུ་རུང་བར་བྱེད་པའི་ཕྱིར་རོ། །མངོན་པར་རྟོགས་པ་ལ་སྦྱོར་བའི་ལམ་ནི། དབང་པོ་རྣམས་ཏེ། དེ་ལྟར་ཏིང་ངེ་འཛིན་ཡོངས་སུ་སྦྱངས་པས་འཕགས་ལམ་སྐྱེད་པ་ལ་དབང་བྱེད་པའི་བདག་ཉིད་དྲོ་བ་དང་རྩེ་མོ་ལ་སྦྱོར་བའི་ཕྱིར་རོ། །མངོན་པར་རྟོགས་པ་དང་འདྲེས་པའི་ལམ་ནི། སྟོབས་རྣམས་ཏེ་དེ་ལྟར་དབང་བྱེད་པ་ཐོབ་པ་ནི། བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར། མ་དད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པའི་བདག་ཉིད། བཟོད་པ་དང་ཆོས་ཀྱི་མཆོག་ལ་སྦྱོར་བའི་ཕྱིར་རོ། །མངོན་པར་རྟོགས་པའི་ལམ་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་ཏེ། དེས་ཐོག་མ་ཁོ་ནར་སོ་སོར་རང་གིས་དེ་ཁོ་ན་ཉིས་མངོན་སུམ་དུ་ཡང་དག་པར་རྟོགས་པའི་ཕྱིར་རོ། །

རྣམ་པར་དག་པ་ངེས་པར་འབྱིན་པའི་ལམ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། དེའི་འོག་ཏུ་དེས་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་རྣམ་པར་བྱང་བར་ངེས་པར་འབྱུང་བའི་ཕྱིར་རོ། །གནས་དང་དབང་པོ་ཐ་དད་པ་ནི་ལམ་བཞི་སྟེ། དེ་ལ་ལམ་དཀའ་བ་ནི་མི་ལྕོགས་པ་མེད་པ་དང་། གཟུགས་མེད་པ་ལ་བརྟེན་པ་རྣམས་ཏེ། གོ་རིམ་བཞིན་དུ་ཞི་གནས་དང་ལྷག་མཐོང་ཞན་པའི་ཕྱིར་རོ། །སླ་བ་ནི་བསམ་གཏན་ལ་བརྟེན་པ་སྟེ། ཟུང་དུ་འབྲེལ་པར་འཇུག་པའི་ཕྱིར་རོ། །མངོན་པར་ཤེས་པ་བུལ་བ་དང་མྱུར་བ་ནི་གོ་རིམ་བཞིན་དུ་དབང་པོ་བརྟུལ་པོ་དང་རྣོན་པོ་རྣམས་སོ། །བསླབ་པ་གསུམ་ཡོངས་སུ་སྦྱོང་བའི་ལམ་ནི་ཆོས་ཀྱི་གནས་བཞི་སྟེ། དེ་ལ་བརྣབ་སེམས་མེད་པ་དང་གནོད་སེམས་མེད་པ་གཉིས་ཀྱིས་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡོངས་སུ་སྦྱོང་སྟེ། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་པའི་སྒོ་ནས་བསླབ་པའི་གནས་མི་ཉམས་པར་བྱེད་པའི་ཕྱིར་རོ། །ཡང་དག་པའི་དྲན་པས་ནི་ལྷག་པའི་སེམས་ཀྱི་བསླབ་པ་ཡོངས་སུ་སྦྱོང་སྟེ། དམིགས་པ་མ་བརྗེད་ན་སེམས་མཉམ་པར་འཇོག་པའི་ཕྱིར་རོ། །ཡང་དག་པའི་ཏིང་ངེ་འཛིན་གྱིས་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པ་ཡོངས་སུ་སྦྱོང་སྟེ། སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར་རོ། །ཡོན་ཏན་མངོན་པར་སྒྲུབ་པའི་ལམ་ནི་ཞི་གནས་དང་ལྷག་མཐོང་གི་ལམ་སྟེ། དེ་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་མངོན་པར་སྒྲུབ་པའི་ཕྱིར་རོ། །ལམ་སྡུད་པོའི་ལམ་ནི་དབང་པོ་གསུམ་སྟེ། དེ་ལ་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོས་ནི་སྦྱོར་བ་དང་མཐོང་བའི་ལམ་བསྡུད་དོ། །ཀུན་ཤེས་པའི་དབང་པོས་ནི་སྒོམ་པའི་ལམ་བསྡུད་དོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོས་ནི་མཐར་ཕྱིན་པའི་ལམ་བསྡུད་དོ། །

རྒྱས་པར་བཤད་པ་ལ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་སོགས་པ་ལྔ་ལས་དང་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནི་དམིགས་པ་ལ་སོགས་པ་རྣམ་པ་ལྔ་ལྔས་རྣམ་པར་བཞག་པར་རིག་པར་བྱའོ། །དེ་ལ་དྲན་པ་ཉེ་བར་བཞག་པའི་དམིགས་པ་ནི་ལུས་ལ་སོགས་པ་བཞིའོ། །ཅིའི་ཕྱིར་འདི་དག་དམིགས་པར་རྣམ་པར་བཞག་ཅེ་ན། བྱིས་པ་ཕྱིན་ཅི་ལོག་གི་བློ་ཅན་རྣམས་ལུས་ལ་བདག་གི་གནས་ཀྱི་དངོས་པོ་དང་ཚོར་བ་ལ་བདག་གིས་ལོངས་སྤྱོད་ཀྱི་གཞི་དང་སེམས་བདག་གི་དངོས་པོ་དང་ཆོས་ལ་བག་ཆགས་སོགས་ཀྱིས་ཀུན་ནས་ཉོན་མོངས་པ་དང་དད་སོགས་ཀྱིས་རྣམ་པར་བྱང་བར་བྱེད་པའི་དངོས་པོར་རྟོག་པས་དེ་བཟློག་པའི་ཕྱིར་དམིགས་པ་བཞི་རྣམ་པར་བཞག་པར་རིག་པར་བྱའོ། །ངོ་བོ་ནི་ལུས་ལ་སོགས་པ་ལ་རྗེས་སུ་ལྟ་བའི་ཤེས་རབ་དང་དེ་དག་གི་དམིགས་རྣམ་མ་བརྗེད་པའི་དྲན་པའོ། །གྲོགས་ནི་དེ་གཉིས་དང་མཚུངས་པར་ལྡན་པའི་ཆོས་རྣམས་སོ། །སྒོམ་པ་ལ་གཉིས་ཏེ་དམིགས་རྣམ་གྱིས་དང་གཉེན་པོ་སྒོམ་ཚུལ་ལོ། །དང་པོ་ལ་མདོར་བསྟན་པ་ནི་ནང་གི་ལུས་ལ་སོགས་པ་ཞེས་པ་རྣམས་སོ། །

རྒྱས་པར་བཤད་པ་ཡང་གཉིས་ལས་དང་པོ་བསྒོམ་ཚུལ་ལ་དམིགས་པ་ནི་དེ་ལ་ནང་གིས་ལུས་ནི། མིག་ལ་སོགས་པའི་དབང་པོ་རྣམས་ཏེ་ནང་གི་སྐྱེ་མཆེད་ཀྱིས་བསྡུས་པ་དང་། སེམས་ཅན་གྱི་གྲངས་སུ་གཏོགས་པའི་ཕྱིར་རོ། །ཕྱིའི་ལུས་ནི་ཕྱིའི་གཟུགས་སྒྲ་ལ་སོགས་པ་སྟེ་ཕྱིའི་སྐྱེ་མཆེད་ཀྱིས་བསྡུས་པའི་ཕྱིར་དང་སེམས་ཅན་གྱི་གྲངས་སུ་མ་གཏོགས་པའི་ཕྱིར་རོ། །ནང་དང་ཕྱིའི་ལུས་ནི་མིག་སོགས་ནང་གི་སྐྱེ་མཆེད་དང་འབྲེལ་བའི་ཕྱིའི་སྐྱེ་མཆེད་གཟུགས་སོགས་དབང་པོ་དང་ཚོགས་པ་ཐ་མི་དད་པ་རྣམས་ཏེ། སེམས་ཅན་གྱི་གྲངས་སུ་གཏོགས་པ་དང་ཕྱིའི་སྐྱེ་མཆེད་ཀྱིས་བསྡུས་པའི་ཕྱིར་རོ། །གཞན་རྒྱུད་ཀྱི་ནང་གི་སྐྱེ་མཆེད་གཟུགས་ཅན་རྣམས་ཀྱང་དེ་ཡིན་ཏེ། རྒྱུད་ཀྱི་ཕྱི་དང་སྐྱེ་མཆེད་ཀྱི་ནང་ཡིན་པའི་ཕྱིར་རོ། །རྣམ་པ་ནི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་སྟེ་རྣམ་པར་རྟོག་པ་ལ་ཀེང་རུས་དང་རྣམ་པར་བསྔོས་པ་སོགས་སྣང་བའི་གཟུགས་བརྙན་དང་རང་བཞིན་སོ་མའི་ལུས་མི་གཙང་བར་མཉམ་པ་ཉིད་དུ་ལྟ་བའོ། །ཕྱི་མ་གསུམ་གྱི་བསྒོམ་ཚུལ་ལ་ཡང་དམིགས་པ་ནི་ནང་གི་ཚོར་བ་ལ་སོགས་པ་ནི་ནང་གི་ལུས་ལ་བརྟེན་ནས་བྱུང་བ་སྟེ། མིག་ལ་སོགས་པ་ལ་དམིགས་པ་དང་རང་གི་གནས་ལས་བྱུང་བའི་ཕྱིར། ཕྱིའི་ཚོར་བ་ལ་སོགས་པ་ནི་ཕྱིའི་ལུས་ལ་བརྟེན་ནས་འབྱུང་བ་སྟེ། གཟུགས་ལ་སོགས་པ་ལ་དམིགས་པ་དང་གཞན་གྱི་གནས་ལས་བྱུང་བའི་ཕྱིར་རོ། །ནང་དང་ཕྱིའི་ཚོར་བ་ལ་སོགས་པ་ནི་ནང་དང་ཕྱིའི་ལུས་ལ་བརྟེན་ནས་འབྱུང་བ་སྟེ། རང་གི་རྒྱུད་ལ་ཡོད་པའི་ཕྱིའི་སྐྱེ་མཆེད་དང་། གཞན་གྱི་རྒྱུད་ལ་ཡོད་པའི་ནང་གི་སྐྱེ་མཆེད་རྣམས་ལ་དམིགས་པའི་ཕྱིར་རོ། །རྣམ་པ་ནི་ལུས་ལ་ཞེས་སོགས་གསུངས་ཏེ། ཚོར་བ་ཀུན་སྡུག་བསྔལ་དང་སེམས་མི་རྟག་པ་དང་ཆོས་ཀུན་བདག་མེད་པར་བསྒོམས་པའོ། །

གཉིས་པ་གཉེན་པོའི་བསྒོམ་པ་ནི་ཡང་དྲན་པ་ཉེ་བར་བཞག་པ་བསྒོམ་པ་ནི་འདུན་པ་སོགས་དགུ་དང་ལྡན་པ་བསྒོམས་ཏེ་དེ་ལ་ཡིད་ལ་མི་བྱེད་པ་ནི། དམིགས་པ་ལ་སེམས་མི་འདུན་པའོ། །དེའི་གཉེན་པོར་འདུན་པ་བསྒོམ་མོ། །ལེ་ལོ་ནི་དྲན་པ་ཉེར་བཞག་བསྒོམ་པ་ལ་སེམས་མི་སྤྲོ་བ་སྟེ། དེའི་གཉེན་པོར་བརྩོན་འགྲུས་སོ། །བྱིང་རྒོད་ནི་སེམས་ནང་དུ་མི་གསལ་བ་དང་ཕྱི་རོལ་ཏུ་འཕྲོ་བ་སྟེ། དེའི་གཉེན་པོར་དེ་དག་གི་མི་མཐུན་ཕྱོགས་མངོན་པར་འདུ་བྱེད་པའི་རྩོལ་བའོ། །སེམས་ཞུམ་པ་ནི། ཁྱད་པར་ཐོབ་པར་བྱ་བ་ལ་བདག་ཉིད་དམན་པར་སེམས་པས་སྒྱིད་ལུག་པ་སྟེ། དེའི་གཉེན་པོར་བདག་ཉིད་གཟེངས་སྟོད་པའི་སྤྲོ་བའོ། །གནོད་པ་ཡོངས་སུ་སྐྱེ་བ་ནི། ཤ་སྦྲང་དང་སྦྲང་བུ་སོགས་ཀྱིས་གནོད་པས་ཉེན་པས་མི་བཟོད་པ་སྟེ། དེའི་གཉེན་པོར་གནོད་པ་ལ་ཇི་མི་སྙམ་པའི་མ་ཐོན་པའོ། །ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ནི། དགེ་བའི་ཕྱོགས་འདི་ཙམ་གྱིས་ཆོག་གོ །ཞེས་ཕྱིར་བཟློག་པ་སྟེ། དེའི་གཉེན་པོར་ཕྱིར་ནུར་བ་མེད་པར་དགེ་བའི་ཕྱོགས་རྒྱུན་མི་འཆད་པར་སྒྲུབ་པའི་ཕྱིར་རོ། །གདམས་ངག་བརྗེད་པ་ནི། སེམས་གནས་པར་བྱ་བའི་གདམས་ངག་ཡིད་ལ་མི་བརྗོད་པ་སྟེ། དེའི་གཉེན་པོར་དྲན་པའོ། །ལྟུང་བ་ཡིད་ལ་བཅགས་པ་ནི། འགྲོ་བ་དང་ལྡོག་པ་སོགས་ལ་ཤེས་བཞིན་མེད་པར་སྤྱོད་པས་བསླབ་པ་དང་འགལ་ནས་ཕྱིས་འགྱོད་པ་སྟེ། དེའི་གཉེན་པོར་ཤེས་བཞིན་བསྒོམ་མོ། །བརྩོན་པ་འདོར་བ་ནི། བག་མེད་པའི་ཉེས་པས་ཇི་ལྟར་བརྩམས་པ་ལ་སྦྱོར་བ་མཐར་མི་ཕྱིན་ཏེ། དེའི་གཉེན་པོར་བག་ཡོད་པ་བསྒོམ་མོ། །

དེ་ལྟར་བསྒོམས་པའི་འབྲས་བུ་ནི། ལུས་གཙང་བ་དང་ཚོར་བ་བདེ་བ་དང་སེམས་རྟག་པ་དང་། ཆོས་བདག་གི་ངོ་བོར་ཕྱིན་ཅི་ལོག་སྤོང་བ་ནི། ལུས་མི་སྡུག་པ་བསྒོམ་པའི་ཕྱིར་དང་གང་ཅི་དང་གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་བར་ཤེས་པའི་ཕྱིར་དང་། གནས་དང་དམིགས་པ་ལ་སོགས་པའི་བྱེ་བྲག་གིས་རྣམ་པར་ཤེས་པ་སྐད་ཅིག་རེ་རེ་ལས་གཞན་དུ་འགྱུར་བར་རྟོགས་པའི་ཕྱིར་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཆོས་ཙམ་དུ་ཟད་དེ། བྱེད་པ་པོ་མེད་པར་རྟོགས་པའི་ཕྱིར་རོ། །ཡང་འདི་དག་གི་འབྲས་བུ་ནི་གོ་རིམ་བཞིན་དུ་བདེན་པ་བཞི་ལ་འཇུག་སྟེ། འདི་ལྟར་ལུས་དྲན་པ་ཉེ་བར་བཞག་པ་ནི། སྡུག་བསྔལ་གྱི་བདེན་པ་ལ་འཇུག་སྟེ། དེ་ལས་ལུས་འདུ་བྱེད་ཀྱི་སྡུག་བསྔལ་གནས་ངན་ལེན་གྱིས་རབ་ཏུ་ཕྱེ་བར་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར་རོ། །ཚོར་བ་དྲན་པ་ཉེ་བར་བཞག་པ་ནི་ཀུན་འབྱུང་གི་བདེན་པ་ལ་འཇུག་སྟེ། དེ་ལས་ཀུན་འབྱུང་གི་གཙོ་བོ་སྲེད་པ་ནི། བདེ་བ་ལ་སོགས་པ་ཚོར་བ་གསུམ་གྱི་རྒྱུ་ཅན་དུ་རྟོགས་པའི་ཕྱིར་རོ། །སེམས་དྲན་པ་ཉེ་བར་བཞག་པས་ནི། འགོག་པའི་བདེན་པ་ལ་འཇུག་སྟེ། དེ་ལས་བདག་དང་བྲལ་བའི་རྣམ་པར་ཤེས་པ་སྐད་ཅིག་གིས་འཇིག་པར་རྟོགས་པ་ན། མྱ་ངན་ལས་འདས་པའི་ཚེ་བདག་ཆད་ཀྱི་དོགས་པའི་སྐྲག་པ་མེད་པའི་ཕྱིར་རོ། །ཆོས་དྲན་པ་ཉེ་བར་བཞག་པས་ནི། ལམ་གྱི་བདེན་པ་ལ་འཇུག་སྟེ། དེ་ལས་ཆགས་སོགས་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་སྤང་བྱ་དང་དད་སོགས་རྣམ་པར་བྱང་བའི་ཆོས་རྣམས་བསྟེན་པར་བྱ་བ་ཉིད་དུ་རྟོགས་པའི་ཕྱིར་རོ། །

དོན་དེ་ཉིད་ནི། དབུས་མཐར། གནས་ངན་ལེན་ཕྱིར་སྲེད་རྒྱུའི་ཕྱིར། །གཞིའི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱའི་ཕྱིར། །དྲན་པ་ཉེ་བར་བཞག་པ་བསྒོམ། །ཞེས་གསུངས་པ་ཡིན་ནོ། །ཡང་འདི་དག་གི་འབྲས་བུ་ནི་ཟག་བཅས་ཀྱི་ལུས་ལ་སོགས་པ་དང་བྲལ་བ་ཐོབ་སྟེ། དེ་དག་བསྒོམ་པས་ལུས་ལ་སོགས་པའི་ཕྱོགས་ཀྱི་གནས་ངན་ལེན་དང་བྲལ་བའི་ཕྱིར་རོ། །ཡང་དག་པར་སྤོང་བའི་དམིགས་པ་ནི་མི་མཐུན་པ་དང་གཉེན་པོ་སྐྱེས་པ་དང་མ་སྐྱེས་པ་རྣམས་སོ། །ངོ་བོ་ནི་དེ་དག་ལ་བླང་དོར་བྱེད་པར་རྩོམ་པའི་བརྩོན་འགྲུས་སོ། །བསྒོམ་པ་ལ། མདོ་དགོད་པ་ནི། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བ་དང་། མ་སྐྱེས་པ་རྣམས་མི་བསྐྱེད་པ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་དང་། སྐྱེས་པ་རྣམས་གནས་པ་དང་། མི་ཉམས་པ་ལ་སོགས་པའི་དོན་དུ་འདུན་པ་བསྐྱེད་དོ། །ཞེས་པ་ལ་སོགས་པའོ། །

དེའི་བསྡུས་པའི་དོན་ནི། འདི་ནི། ཞེས་པ་ལ་སོགས་པའོ། །དེ་རྒྱས་པར་འཆད་པ་ནི། མདོ་སྡེ་རྒྱན་ལས། འདུན་པ་ལ་ནི་རྟེན་ནས་སུ། །རྣལ་འབྱོར་རྒྱུ་མཚན་བཅས་སྒོམ་པ། །ཡང་དག་སྤོང་བ་ཐམས་ཅད་ལ། །གཉེན་པོ་པ་ནི་ཡིན་ཞེས་བྱ། །ཞེས་པ་ལྟར་བརྩོན་འགྲུས་ཀྱི་གནས་ནི་འདུན་པ་སྟེ། འདི་ནི་དེའི་སྔོན་དུ་འགྲོ་བའི་ཕྱིར་རོ། །འབད་པ་ནི། ཞི་གནས་ལྷག་མཐོང་བསྒོམ་པ་ལ་སྤྲོ་བའི་བརྩོན་འགྲུས་ཏེ། དེ་ཡང་ཞི་གནས་ལ་སོགས་པའི་རྒྱུ་མཚན་ཡིད་ལ་བྱེད་པས་གཉེན་པོ་སྐྱོན་མེད་བསྒོམས་པའོ། །མདོའི་ཚིག་བརྩོན་འགྲུས་རྩོམ་མོ། ཞེས་ནི་པ་བྱིང་བ་དང་རྒོད་པ་སེལ་བའི་གཉེན་པོ་བརྩོན་འགྲུས་ཉིད་བསྟན་ཏེ། འདི་ལྟར་ཚིག་དེའི་འོག་ཏུ་བྱིང་བ་སེལ་བའི་ཐབས་སེམས་རབ་ཏུ་འཛིན་པ་དགའ་བར་གྱུར་པའི་དངོས་པོ་ཡིད་ལ་བྱེད་པ་སོགས་ཀྱིས་གསལ་བར་བྱེད་པ་དང་། རྒོད་པ་སེལ་བའི་ཐབས་རབ་ཏུ་འཇོག་པ་ནང་དུ་བསྡུད་པའི་སྒོ་ནས་སེམས་འཛིན་པ་སྨོས་པའི་ཕྱིར་རོ། །འབྲས་བུ་ནི་ཡང་དག་སྤོང་བ་དང་པོ་གཉིས་ཀྱིས་མི་མཐུན་པའི་ཕྱོགས་ཉམས་པར་བྱེད་དེ། དེ་གཉིས་ཀྱིས་ཅི་རིགས་པར་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་དང་མ་སྐྱེས་པ་རྣམས་ཉམས་པར་བྱེད་པའི་ཕྱིར་རོ། །གསུམ་པས་ནི་གཉེན་པོ་ཐོབ་པར་བྱེད་དེ། དེས་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པའི་ཕྱིར་རོ། །བཞི་པས་ནི་གཉེན་པོ་འཕེལ་བར་བྱེད་དེ། དེས་དགེ་བའི་ཆོས་སྐྱེས་པ་འཕེལ་བར་བྱེད་པའི་ཕྱིར་རོ། །རྫུ་འཕྲུལ་གྱི་རྐང་པའི་དམིགས་པ་ནི་ཏིང་ངེ་འཛིན་གྱི་གྲུབ་པའི་བྱ་བ་སྤྲུལ་པ་དང་བསྒྱུར་བ་ལ་སོགས་པའོ། །ངོ་བོ་ནི་ཏིང་ངེ་འཛིན་ཏེ། རྒྱུའམ་གྲོགས་ཀྱིས་གཞིར་དབྱེའོ། །གྲོགས་དངོས་ནི་འདུན་པ་ལ་སོགས་པའོ། །གྲོགས་ཅན་བཤད་པ་ལ་གཉིས་ལས། རྟེན་གྱི་བཤད་པ་ནི་གུས་པར་སྦྱོར་བ་ནི་འདུན་པ་སྦྱོར་བ་ནན་ཏུར་གྱིས་སྒོམས་པ་ལས་སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །རྒྱུན་དུ་སྦྱོར་བ་ནི་ནམ་ཡང་བརྩོན་པ་མི་འདོར་བའོ། །སེམས་པའི་ཏིང་ངེ་འཛིན་ནི་གང་སྔོན་ཚེ་རབས་གཞན་དུ་ཏིང་ངེ་འཛིན་བསྒོམས་པ་ལ་བརྟེན་ནས་དེས་སེམས་ཀྱི་ས་བོན་གྱི་གསོས་བཏབ་པའི་ཕྱིར། རང་གི་ངང་གིས་སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །དཔྱོད་པའི་ཏིང་ངེ་འཛིན་ནི་གཞན་དགེ་བའི་བཤེས་གཉེན་གྱིས་བསྟན་པའི་སྒྲ་ལས་བྱུང་བའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །གཉིས་པ་ཡང་དག་འཇོག་གི་འབྲས་བུ་བཤད་པ་ནི་ཡང་ཞེས་སོགས། འདུན་པ་སྐྱེད་པ་ལ་སོགས་པ་ནི་སྔར་བཤད་པའི་ཕྱིར་གོ་སླ་བར་ཟད་དོ། །སྒོམ་པ་ལ་སྤོང་བའི་འདུ་བྱེད་ཀྱི་བསྒོམས་པ་དང་། ཉེས་པ་གཉིས་སྤོང་བས་བསྒོམས་པའོ། །དང་པོ་ལ་དབུས་མཐར། ལེ་ལོ་དང་ནི་གདམ་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང་། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་རྣམས་ཉེས་པ་ལྔར་འདོད་དོ། །ཅེས་པ་ལྟར། མི་མཐུན་ཕྱོགས་ལྔ་ཡོད་དེ། ཐོག་མར་བསྒོམ་པ་ལ་མི་སྦྱོར་བའི་ཉེས་པ་ནི་ལོ་ལོ་སྟེ། དེའི་གཉེན་པོར་འདུན་པ་ནས་ཤིན་དུ་སྦྱངས་པའི་བར་བཞི་བསྒོམས་ཏེ། དེ་ལ་གཉེན་པོ་དངོས་ནི་རྩོལ་བའོ། །དེའི་གནས་ནི་འདུན་པའོ། །དེའི་རྒྱུ་ནི་དད་པའོ། །རྩོལ་བའི་འབྲས་བུ་ཤིན་ཏུ་སྦྱངས་པའོ། །སྦྱོར་བ་ལ་ཞུགས་པ་ན་གདམས་ངག་བརྗེད་པ་ཉིད་ཉེས་པ་ཡིན་ཏེ། དེའི་གཉེན་པོར་དྲན་པའོ། །དངོས་གཞི་ལ་ཞུགས་པ་ན་བྱིང་བ་དང་རྒོད་པ་ཉེས་པ་ཡིན་ཏེ། དེའི་གཉེན་པོར་དེ་དག་ལ་བྱ་ར་བྱེད་པའི་ཤེས་བཞིན་ཡིན་ནོ་བྱིང་རྒོད་བྱུང་བ་ན་དེའི་གཉེན་པོ་འདུ་མི་བྱེད་པ་ཉིད་ཉེས་པ་ཡིན་ལ། དེའི་གཉེན་པོར་བྱིང་རྒོད་ཀྱི་གཉེན་པོ་ལ་སེམས་མངོན་པར་འདུ་བྱེད་པའི་སེམས་པའོ། །བྱིང་རྒོད་ཀྱི་མི་མཉམ་པ་མེད་པར་ལྷུན་གྲུབ་ཏུ་འཇུག་པ་ན། སེམས་མངོན་པར་འདུ་བྱེད་པ་ཉེས་པ་ཡིན་ལ། དེའི་གཉེན་པོར་བཏང་སྙོམས་སོ། །བརྒྱད་པོ་འདི་དག་ནི་བཞིར་འགྱུར་ཏེ། འདི་ལྟ་སྟེ་འབད་པ་ནི་འདུན་པ་དང་རྩོལ་བ་དང་དད་པའོ། །ཕན་འདོགས་པ་ནི་ཤིན་ཏུ་སྦྱངས་པ་སྟེ། དེས་ལུས་དང་སེམས་ལ་ཕན་འདོགས་པའི་ཕྱིར་རོ། །ཉེ་བར་འདོགས་པ་ནི་དྲན་པ་དང་ཤེས་བཞིན་ཏེ། དམིགས་པ་མ་བརྗེད་པས་སེམས་རྩེ་གཅིག་པ་ཉིད་ལ་འཇུག་པ་དང་། དེ་ལ་བག་མེད་པར་གྱུར་ན་ཡོངས་སུ་གཅོད་པའི་ཕྱིར་རོ། །གཉེན་པོ་ནི་སེམས་པ་དང་བཏང་སྙོམས་ཏེ། དེས་སེམས་རབ་ཏུ་འཛིན་པ་དང་རབ་ཏུ་འཇོག་པ་མངོན་པར་འདུ་བྱེད་པས་བྱིང་བ་དང་རྒོད་པ་ཡོངས་སུ་སྤང་བ་དང་ཉེ་བའི་ཉོན་མོངས་པ་མེད་པ་ནི་ཞི་གནས་ལ་སོགས་པའི་མཚན་མའི་རྗེས་སུ་འཇུག་པའི་ཕྱིར་རོ། །དེ་སྐད་དུ་ཡང་། དབུས་མཐར། དམིགས་པ་བརྗེད་པར་མ་གྱུར་དང་། །བྱིང་དང་རྒོད་པ་རྟོགས་པ་དང་། དེ་སྤོང་མངོན་པར་འདུ་བྱེད་དོ། །ཞི་ཚེ་རྣལ་དུ་འདུག་པའོ། །ཞེས་གསུངས་པ་ཡིན་ནོ། །

གཉིས་པ་ལ་བསྡུད་པ་ནི། གཉིད་རྨུགས་ཀྱི་སྒོ་ནས་ཞུམ་པའོ། །དེའི་གཞི་ལྷག་མཐོང་དང་བྲལ་བ་སྟེ། ལེ་ལོའི་སྒོ་ནས་བྱིང་བར་འགྱུར་བས་སོ། །དེ་སྤངས་ནས་ཞུམ་པ་མེད་པ་དང་མཐུན་པར་བསྒོམ་པ་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ཤེས་བྱ་ལྟ་བའོ། །གཡེང་བ་ནི་སྡུག་པའི་མཚན་མའི་རྗེས་སུ་འབྲངས་ནས་ཡུལ་ལ་རྣམ་པར་འཕྲོ་བ་སྟེ། དེའི་གཞི་ནི་མི་སྡུག་པའི་འདུ་ཤེས་དང་བྲལ་བ་སྟེ། རྒོད་ནས་ཡང་དག་པར་རབ་ཏུ་མི་འཛིན་ཏོ། །དེ་སྤངས་ནས་གཡེང་བ་མེད་པ་དང་མཐུན་པ་ནི་སྐྲ་ལ་སོགས་པའི་རྫས་ལ་མི་གཙང་བར་སོ་སོར་རྟོགས་པའོ། །དེ་གཉིས་ཀའི་གནས་དང་མཐུན་པ་ནི་སྣང་བའི་འདུ་ཤེས་སོ། །དེ་དག་གི་དབང་དུ་བྱས་ནས། བདག་གི་འདུན་པ་ཧ་ཅང་ཞུམ་པར་མི་འགྱུར་བ་དང་། ཧ་ཅང་རབ་ཏུ་བཟུང་བ་མ་ཡིན་པ་དང་། ཞེས་པས་གཞི་གཉིས་སྤངས་པ་དང་། ནང་དུ་བསྡུས་པ་མ་ཡིན་པ་དང་ཕྱི་རོལ་དུ་གཡེང་བ་མ་ཡིན་པ་དང་། ཅེས་པས་བསྡུད་གཡེངས་སྤངས་པ་དང་། ཕྱི་མ་དང་སྔ་མའི་འདུ་ཤེས་དང་། ཅེས་པས་ཞུམ་པ་མེད་པ་དང་མཐུན་པ་དང་། སྟེང་དང་འོག་གི་འདུ་ཤེས་བྱའོ་སྙམ་པ་དང་། ཅེས་པས་གཡེང་བ་མེད་པ་དང་མཐུན་པ་དང་། དེ་ལྟར་རྣམ་པར་ཕྱེ་བའི་སེམས་ཀུན་ནས་དཀྲིས་པ་མེད་པས་སྣང་བ་དང་ལྡན་པའི་སེམས་བསྒོམ་པར་བྱའོ། །བདག་གི་སེམས་མུན་པའི་ཚུལ་ཅན་དུ་མི་འགྱུར་བར་བྱའོ་ཞེས་པས་དེ་གཉིས་ཀའི་གནས་དང་མཐུན་པར་བསྒོམ་པ་གསུངས་སོ། །འབྲས་བུ་ནི་ཆོས་མངོན་པར་ཤེས་པར་བྱ་བར་འདོད་པ་སྤྱན་དང་མངོན་ཤེས་ལ་སོགས་པ་དེ་དང་དེ་ལ་སེམས་གཏོད་ཅིང་འདུན་པར་བྱེད་པའི་གང་ཟག་དེ་ཇི་ལྟར་སེམས་གཏད་པའི་རང་གི་གནས་ཀྱི་ཆོས་ནམ་མཁའ་ལ་འགྲོ་བ་སོགས་ལ་ཇི་ལྟར་འདོད་པ་བཞིན་མངོན་དུ་གྱུར་པའི་སྐལ་བ་ཅན་དུ་འགྱུར་རོ། །ཅིའི་ཕྱིར་དྲན་པ་ཉེ་བར་བཞག་པ་ལ་སོགས་པ་གསུམ་བདེན་པ་རྣམས་ལ་དམིགས་པར་རྣམ་པར་མ་བཞག་ཅེ་ན། དེ་དག་ནི་ཚོགས་ཀྱི་ལམ་གྱིས་བསྡུས་པས་སེམས་ཀྱི་རྒྱུད་བདེན་པར་མངོན་པར་རྟོགས་པའི་སྣོད་དུ་རུང་བར་བྱེད་པ་ཙམ་ཡིན་པས་དངོས་སུ་བདེན་པ་མངོན་པར་རྟོགས་པར་བྱ་བ་ལ་ཞུགས་པ་མ་ཡིན་ལ། དེའི་ཕྱིར་བདེན་པ་རྣམས་ལ་དམིགས་པ་མ་ཡིན་ནོ། །དབང་པོ་དང་སྟོབས་རྣམས་ནི། བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་དངོས་སུ་ཞུགས་པ་ཡིན་ལ། དེའི་ཕྱིར་འཕགས་པའི་བདེན་པ་བཞི་ལ་དམིགས་པ་རྣམ་པར་བཞག་གོ །དེ་བས་ན་དབང་པོ་རྣམས་ཀྱི་དམིགས་པ་ནི་འཕགས་པའི་བདེན་པ་བཞི་པོ་རྣམས་ཡིན་ཏེ། བདེན་པ་མངོན་པར་རྟོགས་པ་ལ་སྦྱོར་བས་བསྡུས་པས་དེའི་རྣམ་པར་འགྱུར་བའི་ཕྱིར་རོ། །ངོ་བོ་དང་གྲོགས་ནི་གོ་སླ་བར་ཟད་དོ། །སྒོམ་པ་ནི་དད་པའི་དབང་པོས་བདེན་པ་རྣམས་ལ་ཤེས་བྱ་དང་སྤང་བྱ་སོགས་སུ་མངོན་པར་ཡིད་ཆེས་པའི་ཚུལ་གྱིས་དང་བརྩོན་འགྲུས་ཀྱིས་བདེན་པ་རྣམས་ཀྱི་དེ་ཁོ་ན་ཉིད་མངོན་པར་རྟོགས་པར་བྱ་བའི་ཕྱིར་སྤྲོ་བའི་ཚུལ་གྱིས་དང་དྲན་པས་ནི་བདེན་པ་རྣམས་ལ་དམིགས་རྣམ་མ་བརྗེད་པའི་ཚུལ་གྱིས་དང་ཏིང་ངེ་འཛིན་གྱིས་དེ་རྣམས་ལ་སེམས་རྩེ་གཅིག་པའི་ཚུལ་གྱིས་སོ། །ཤེས་རབ་ཀྱིས་ནི། མི་རྟག་པ་ལ་སོགས་པར་རབ་ཏུ་རྣམ་པར་འབྱེད་པའི་ཚུལ་གྱིས་བསྒོམ་པར་འགྱུར་རོ། །དེ་བས་ན་ལྔ་པོ་འདི་དག་ནི་བདེན་པ་མངོན་པར་རྟོགས་པ་ལ་དབང་བྱེད་པའི་ཕྱིར་དབང་པོ་རྣམས་ཞེས་བྱའོ། །དྲན་པ་ཉེ་བར་བཞག་པ་ལ་སོགས་པའི་གནས་སྐབས་ན་ཡང་དད་པ་ལ་སོགས་པ་འདི་དག་ཡོད་མོད་ཀྱི། འོན་ཀྱང་སྤྱིར་རྣམ་བྱང་གི་ཕྱོགས་ལ་དབང་བྱེད་པ་ཙམ་གྱི་དབང་པོ་ཡིན་ཡང་། བདེན་པ་མངོན་པར་རྟོགས་པ་ལ་དབང་བྱེད་པའི་དབང་པོ་མ་ཡིན་ནོ། །དེའི་ཕྱིར་ཇི་སྲིད་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་མ་ཞུགས་པ་དེ་སྲིད་དུ། དད་པ་ལ་སོགས་པ་ལྔ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་དབང་པོའི་ཐ་སྙད་མེད་དོ། །འབྲས་བུ་ནི་མྱུར་དུ་མཐོང་ལམ་སྐྱེད་པ་དང་འདི་རྣམས་དྲོ་དང་རྩེ་མོའི་གནས་སྐབས་སུ་འཇོག་པས་དེ་དག་འཕྲལ་དུ་བསྟེན་པ་དང་བཟོད་པ་ཆོས་མཆོག་ཕྱིས་འབྱུང་དུ་བསྟེན་པས་སྒྲུབ་བོ། །སྟོབས་རྣམས་ཀྱི་དམིགས་པ་ལ་སོགས་པ་ནི་དབང་པོ་རྣམས་དང་མཐུན་ཏེ། དབང་པོ་དེ་རྣམས་ཉིད་བཟོད་པ་དང་ཆོས་མཆོག་གི་གནས་སྐབས་ན་མ་དད་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་རྣམས་ངེས་པར་སྲབས་པས་དེ་དག་གིས་མི་རྫི་བའི་ཕྱིར་སྟོབས་སུ་རྣམ་པར་བཞག་པའི་ཕྱིར་རོ། །དབུས་མཐར་ཡང་། དབང་པོ་རྣམས་དང་སྟོབས་རྣམས་ལ། །ངེས་འབྱེད་ཆ་མཐུན་གཉིས་གཉིས་སོ། །ཞེས་གསུངས་པ་ལྟར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དམིགས་པ་ནི་བདེན་པ་བཞིའི་དེ་བཞིན་ཉིད་ཡང་དག་པ་ཇི་ལྟ་བ་ཡིན་ནོ། །ངོ་བོ་ལ་གཉིས་ལས་མིང་གིས་བསྟན་པ་ནི་དྲན་པ་དང་ཞེས་པ་ལ་སོགས་པའོ། །ཡན་ལག་ཏུ་འགྱུར་ཚུལ་ནི། མདོ་སྡེ་རྒྱན་དུ། རང་བཞིན་ཡན་ལག་གནས་ཡན་ལག །གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག །ཅེས་གསུངས་པ་ལྟར། དྲན་པ་ནི་མཐོང་ལམ་བྱང་ཆུབ་ཀྱི་གནས་ཀྱི་ཡན་ལག་ཡིན་ཏེ། དྲན་པ་ཉེ་བར་གནས་པ་ནི་དགེ་བའི་ཆོས་རྣམས་ཡིད་ཀྱིས་མངོན་པར་བརྗོད་པའི་སྒོ་ནས་མི་ཉམས་པར་བྱེད་པའི་ཕྱིར་རོ། །དེའང་ཤེས་བྱ་མ་རྟོགས་པ་རྟོགས་པར་བྱེད་པའི་འཁོར་ལོ་རིན་པོ་ཆེས་ཡུལ་མ་ཕེབས་པ་ཕེབས་པར་བྱེད་པ་དང་འདྲ་སྟེ། རྒྱན་དུ། ཤེས་བྱ་མ་རྒྱལ་རྒྱལ་བྱའི་ཕྱིར། །དྲན་པ་ལ་ནི་ཀུན་ཏུ་སྤྱོད། །ཅེས་སོ། །ཤེས་རབ་ནི་ངོ་བོ་ཉིད་ཀྱི་ཡན་ལག་ཡིན་ཏེ། མཐོང་ལམ་བྱང་ཆུབ་ནི། ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཡང་གང་ཟག་དང་ཆོས་སུ་འཛིན་པའི་རྟོག་པ་འཇོམས་པས། གླང་པོ་ཆེས་ཕྱིར་རྒོལ་བ་འཇོམས་པ་དང་འདྲ་སྟེ། འདིའི་རྣམ་འབྱེད་རྟོག་པ་ཡི། །མཚན་མ་ཐམས་ཅད་འཇོམས་པར་བྱེད། །ཅེས་པ་ལྟར་རོ། །བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་སྟེ། འདིས་བགྲོད་བྱ་ཇི་སྲིད་པར་འགྲོ་བར་བྱེད་པའི་ཕྱིར་རོ། །དེས་མངོན་པར་ཤེས་པ་མྱུར་དུ་སྒྲུབ་པས། རྟ་མཆོག་གིས་མྱུར་དུ་ས་གཞི་རྒྱ་མཚོའི་མཐར་ཐུག་པར་འགྲོ་བ་དང་འདྲ་སྟེ། འདིའི་བརྩོན་འགྲུས་མ་ལུས་པ། །མྱུར་དུ་རྟོགས་པར་བྱ་ཕྱིར་འཇུག །ཅེས་པ་ལྟར་རོ། །དགའ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ། སེམས་རྒྱུད་ཚིམ་པར་བྱེད་པའི་ཕྱིར་རོ། །དེ་ནི་ནོར་བུས་སྣང་བའི་ཁྱད་པར་གྱིས་རྒྱལ་པོ་དགའ་བར་བྱེད་པ་དང་འདྲ་སྟེ། ཆོས་ཀྱི་སྣང་བ་འཕེལ་བའི་ཕྱིར། །དགའ་བས་རྟག་ཏུ་རྒྱས་པར་འགྱུར། །ཅེས་གསུངས་པ་ལྟར་རོ། །

ཤིན་ཏུ་སྦྱངས་པ་ནི་གང་གིས་ཉོན་མོངས་པར་མི་འགྱུར་བར་བྱེད་པ་སྟེ། དེས་ཉོན་མོངས་པའི་རྒྱུ་གནས་ངན་ལེན་འཇིག་པར་བྱེད་པའི་ཕྱིར་རོ། །དེ་ནི་བཙུན་མོས་རྒྱལ་པོ་བདེ་བར་མྱོང་བར་བྱེད་པ་དང་འདྲ་སྟེ། སྒྲིབ་པ་ཀུན་ལས་ཐར་བའི་ཕྱིར། །ཤིན་ཏུ་སྦྱངས་པའི་བདེ་བ་ཐོབ། །ཅེས་པ་ལྟར་རོ། །ཏིང་ངེ་འཛིན་ནི་གང་དུ་ཉོན་མོངས་པར་མི་འགྱུར་བའི་ཡན་ལག་ཡིན་ཏེ། དེ་ལ་གནས་པ་ནི་གནས་འགྱུར་བའི་ཕྱིར་རོ། །འདིས་འདོད་པའི་དོན་ཀུན་སྒྲུབས་པས་ཁྱིམ་བདག་ལྟ་བུ་སྟེ། ཏིང་ངེ་འཛིན་ལ་བསམས་པའི་དོན། །འབྱོར་པ་ཉེ་བར་སྐྱེ་བར་འགྱུར། །ཞེས་པ་ལྟར་རོ། །བཏང་སྙོམས་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ངོ་བོ་ཡིན་ཏེ་བརྣབ་སེམས་དང་ཡིད་མི་བདེ་དང་བྲལ་བ་ཉོན་མོངས་ཅན་མ་ཡིན་པའི་གནས་སྐབས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་བློན་པོས་དཔུང་གི་ཚོགས་ཡན་ལག་བཞི་བདེ་བར་འདོད་གནས་བྱེད་པ་དང་འདྲ་སྟེ། བཏང་སྙོམས་ཀྱིས་ནི་ཐམས་ཅད་དུ། །འདི་ནི་ཇི་ལྟར་འདོད་བཞིན་གནས། །ཅེས་པ་ལྟར་རོ། །སྒོམ་པ་ནི་མདོ་ལས་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་སོགས་གསུངས་ཏེ། ཚིག་འདི་དག་གིས་གོ་རིམ་བཞིན་དུ་བྱང་ཆུབ་ཀྱི་ཡན་ལག་རྣམས་བདེན་པ་བཞི་ལ་དམིགས་ནས་བསྒོམ་པར་བསྟན་ཏེ།

འདི་ལྟར། སྡུག་བསྔལ་ལ་སྡུག་བསྔལ་ཉིད་དུ་དམིགས་པ་ནི། དེས་དབེན་པ་ཚོལ་བས་སྡུག་བསྔལ་ལ་དམིགས་པའི་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་དབེན་པ་ལ་གནས་པ་ཞེས་བྱའོ། །ཀུན་འབྱུང་སྤང་བྱར་དམིགས་པ་ནི། དེ་དང་བྲལ་བ་ཚོལ་བས་ཀུན་འབྱུང་ལ་དམིགས་པ་རྣམས་ནི་འདོད་ཆགས་དང་བྲལ་བ་ལ་གནས་པ་ཞེས་བྱའོ། །འགོག་པ་ལ་མངོན་དུ་བྱ་བར་དམིགས་པ་རྣམས་ནི་དེ་མངོན་དུ་བྱེད་པར་འདོད་པས་དེ་ལ་དམིགས་པ་རྣམས་ནི་འགོགས་པ་གནས་པ་ཞེས་བྱའོ། །སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ནི་དེས་སྡུག་བསྔལ་རྣམ་པར་སྤོང་བའི་ཕྱིར། རྣམ་པར་སྤོང་བ་ཞེས་བྱ་ལ། དེ་ལ་དེ་ལྟར་དམིགས་པ་ནི་དེ་སྒོམ་པ་ཚོལ་བས་རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་ཞེས་བྱའོ། །འབྲས་བུ་ནི་མཐོང་བས་སྤང་བར་བྱའི་ཉོན་མོངས་པ་རྣམས་སྤོང་སྟེ། བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་མཐོང་ལམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ལམ་གྱི་ཡན་ལག་གི་དམིགས་པ་ནི་མཐོང་ལམ་བྱང་ཆུབ་ཀྱི་ཡན་ལག་དེའི་འོག་ཏུ་དེས་ཇི་ལྟར་མཐོང་བ་ལྟར་གྱི་བདེན་པ་བཞིའི་ཡང་དག་ཇི་ལྟ་བ་ཡིན་ཏེ། དེ་དག་ནི་འཇིག་རྟེན་ལས་འདས་པའི་སྒོམ་ལམ་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །ངོ་བོ་ལ་མིང་དགོད་པ་ནི་ཡང་དག་པའི་ལྟ་བ་ལ་སོགས་པ་བརྒྱད་དོ། །ཡན་ལག་ཏུ་འགྱུར་ཚུལ་ནི་ཡང་དག་པའི་ལྟ་བ་ནི་ཡོངས་སུ་གཅོད་པའི་ཡན་ལག་ཡིན་ཏེ། དེས་མཉམ་གཞག་ཏུ་ཇི་ལྟར་མྱོང་བའི་དེ་ཁོ་ན་ཉིད་ངེས་པར་འཛིན་པའི་ཕྱིར་རོ། །རྟོག་པ་ནི་གཞན་ལ་གོ་བར་བྱེད་པའི་ཡན་ལག་སྟེ། དེས་ཇི་ལྟར་རྟོགས་པ་རྣམ་པར་བཞག་ནས་ངག་ཀུན་ནས་སློང་བའི་ཕྱིར་རོ། །ཡང་དག་པའི་ངག་ལ་སོགས་པ་གསུམ་གྱིས་ནི་རྣལ་འབྱོར་པ་རང་ཉིད་ལྟ་བ་ལ་སོགས་པ་རྣམ་པར་དག་པར་གཞན་ཡིད་ཆེས་པར་བྱེད་དོ། །

དེ་ལ་ཡང་དག་པའི་ངག་གིས་ནི། རྟོགས་པ་དང་མཐུན་པར་འདྲི་བ་དང་ལུང་སྟོན་པ་འབེལ་བའི་གཏམ་གཏན་ལ་འབེབས་པས། རྣལ་འབྱོར་པ་ལྟ་བ་རྣམ་པར་དག་པར་རྣམ་པར་ཤེས་སོ། །ཡང་དག་པའི་ལས་ཀྱི་མཐས་ནི་འགྲོ་བ་དང་ལྡོག་པ་ལ་སྤྱོད་པ་ཕུན་སུམ་ཚོགས་པས་ཚུལ་ཁྲིམས་རྣམ་པར་དག་པ་རྣམ་པར་ཤེས་སོ། །ཡང་དག་པའི་འཚོ་བས་ནི་ཇི་ལྟར་གནང་བ་བཞིན་དུ་ཆོས་གོས་ལ་སོགས་པ་ཚོལ་བས་འཚོ་བ་རྣམ་པར་དག་པར་ཡིད་ཆེས་སོ། །རྩོལ་བ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་ཡིན་ཏེ། དེས་ཀུན་ཏུ་སྦྱོར་བ་ལྷག་མ་རྣམས་སྤོང་བའི་ཕྱིར་རོ། །དྲན་པ་ནི་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་ཡིན་ཏེ། དེས་ཡང་དག་པའི་ཞི་གནས་སོགས་ཀྱིས་མཚན་མ་མ་བརྗེད་པས་ཉེ་བའི་ཉོན་མོངས་པ་བྱིང་སྒོད་སོགས་ཀྱིས་སྐབས་མེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་ཡོན་ཏན་ཁྱད་པར་ཅན་ལ་སྒྲིབ་པ་སྦྱོང་བའི་ཡན་ལག་ཡིན་ཏེ། དེས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་མངོན་པར་སྒྲུབ་པའི་ཕྱིར་རོ། །དེ་དག་ཀྱང་། དབུས་མཐར། ཡོངས་སུ་གཅོད་དང་གོ་བྱེད་དང་། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། །ལམ་གྱི་ཡན་ལག་དེ་བརྒྱད་དོ། །ཅེས་འབྱུང་བ་ལྟར་རོ། །གྲོགས་དང་སྒོམ་པ་ནི་གོ་བར་ཟད་དོ། །འབྲས་བུ་ནི་ཡང་དག་པའི་ལྟ་བ་ཡོངས་སུ་གཅོད་པར་བྱེད་ཅེས་པ་ལ་སོགས་པ་སྟེ་བཤད་ཟིན་ཏོ། །ལམ་བཞི་དང་ཆོས་ཀྱི་གནས་བཞིའི་དོན་ནི། སྔར་བཤད་པ་ལྟར་ཤེས་པར་བྱའོ། །

ཡོན་ཏན་ཀུན་སྒྲུབ་པའི་ལམ་ལ་གསུམ་ལས་དང་པོ་ཞི་གནས་ནི་རྣམ་པར་གཡེང་བའི་རྒྱུ་ཉེ་བར་ཞི་བར་བྱེད་པ་སྟེ། དེ་ཡང་སེམས་གནས་པ་རྣམ་པ་དགུ་སྟེ། དེ་ལ་ནང་ཉིད་ལ་སེམས་འཇོག་པ་ནི་ཕྱི་རོལ་གྱི་དམིགས་པ་ལས་སེམས་ཕྱིར་རླན་ནས་ནང་དུ་མི་གཡེང་བར་དང་པོ་ཉིད་དུ་ཉེ་བར་འདོགས་པའོ། །རྒྱུན་དུ་འཇོག་པ་ནི་དེ་ལྟར་སེམས་གཡོ་བ་རགས་པ་ཐོག་མ་ཉིད་དུ་ཉེ་བར་བཏགས་པ་དེ་ཉིད་ལ་རྒྱུན་དུ་གཏོད་པར་བྱེད་པའོ། །བརླན་ཏེ་འཇོག་པ་ནི། བརྗེད་ངས་ཀྱིས་ཕྱི་རོལ་དུ་གཡེང་བར་གྱུར་ན། སླར་ཕྱིར་བཀུག་སྟེ་འཇོག་པའོ། །ཉེ་བར་འཇོག་པ་ནི་སེམས་ཕྱི་རོལ་དུ་མི་འཕྲོ་བར་བྱ་བའི་ཕྱིར་ཐོག་མ་ཉིད་དུ་དྲན་པ་ཉེ་བར་གནས་པར་བྱེད་པའོ། །འདུལ་བར་བྱེད་པ་ནི་རྣམ་པར་གཡེང་བའི་རྒྱུ་གཟུགས་སོགས་ལ་ཉེས་དམིགས་སུ་བལྟས་ནས་ཐོག་མ་ཉིད་དུ་དེ་དག་ལ་སེམས་འཕྲོར་མི་སྟེར་བའོ། །ཞི་བར་བྱེད་པ་ནི་སེམས་འཁྲུག་པར་བྱེད་པ་ཉེ་བའི་ཉོན་མོངས་པ་དང་རྣམ་རྟོག་རྣམས་ལ་ཉེས་དམིགས་སུ་བལྟས་ནས་འཕྲོར་མི་སྟེར་བའོ། །རྣམ་པར་ཞི་བར་བྱེད་པ་ནི་བརྗེད་ནས་རྣམ་པར་རྟོག་པ་ལ་སོགས་པ་ཀུན་དུ་འབྱུང་ན་དེ་དང་དུ་མི་ལེན་པའོ། །རྩེ་གཅིག་ཏུ་བྱེད་པ་ནི་མངོན་པར་འདུ་བྱེད་པ་དང་བཅས་པས་སྐབས་མེད་ཅིང་བར་ཆད་མེད་པར་ཏིང་ངེ་འཛིན་ལ་རྒྱུན་དུ་བརླན་ཏེ་འཇོག་པའོ། །མཉམ་པར་འཇོག་པ་ནི་ཤིན་ཏུ་གོམས་པའི་ཕྱིར། མངོན་པར་འདུ་བྱེད་པ་མེད་པར་ལྷུན་གྱིས་གྲུབ་པར་སེམས་ཀྱི་ཏིང་ངེ་འཛིན་གྱི་རྒྱུན་གཡེང་བ་མེད་པར་འབྱུང་བའོ། །མདོ་སྡེའི་རྒྱན་དུ་ཡང་། དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །དེ་ལ་དེ་ནི་རླན་པར་བྱ། །ཞེས་གསུངས་སོ། །ལྷག་མཐོང་ནི་ཆོས་ཤེས་བྱ་རྣམས་ལ་སྐྱེས་བུ་འདི་ནི་ཁམས་དྲུག་པའོ། །ཞེས་སོགས་ཇི་སྙེད་པ་ཡོད་པ་རྣམ་པར་འབྱེད་པ་དང་ཇི་ལྟ་བ་བཞིན་ཡོད་པ་ཕྱིན་ཅི་མ་ལོག་པའི་ངོ་བོ་རབ་ཏུ་རྣམ་པར་འབྱེད་པ་དང་། རྟོག་བཅས་ཀྱི་ཤེས་རབ་ཀྱིས་ངོ་བོ་ལ་ཡོངས་སུ་རྣམ་པར་རྟོག་པ་དང་ཁྱད་པར་ཡོངས་སུ་གཅོད་པར་བྱེད་པའོ། །དེ་དག་གིས་ཡོན་ཏན་སྒྲུབ་ཚུལ་ནི། དགོངས་པ་ངེས་འགྲེལ་ལས། རྣལ་འབྱོར་པའི་ལྷག་མཐོང་དང་། །ཞི་གནས་སྒོམ་པར་བྱས་ནས་ནི། །མཚན་མའི་འཆིང་དང་དེ་བཞིན་དུ། །གནས་ངན་ལེན་གྱིས་འཆིང་ལས་གྲོལ། །ཅེས་པ་ལྟར། གནས་ངན་ལེན་གྱི་གཉེན་པོ་ལྷག་མཐོང་དང་དམིགས་པའི་མཚན་མའི་གཉེན་པོ་ཞི་གནས་དང་། གཉིས་ཀས་ཀྱང་ཕྱིན་ཅི་ལོག་རྟག་སོགས་ལས་འབྱིན་པ་དང་། ཡང་དག་པ་ཇི་ལྟ་བ་ལ་སེམས་འཇོག་པའི་ཕྱིར་རོ། །

དེ་དག་ལས་ལམ་བཞིར་འགྱུར་ཚུལ་ནི། ཡང་མདོ་སྡེར་འབྱུང་བ་ལྟར་བཞིར་འགྱུར་ཏེ། དང་པོ་ནི་ལ་ལ་ཞི་གནས་ལ་སེམས་གནས་པ་ཐོབ་ཀྱི་ལྷག་མཐོང་ལ་མ་ཡིན་ཏེ། གང་ཟག་དེ་ནི་ཐོབ་པ་དེ་ལ་བརྟེན་ནས་རྣམ་པར་འབྱེད་པའི་བར་དུ་བྱེད་དོ། །གཉིས་པ་ནི་དེ་ལས་བཟློག་པའོ། །གསུམ་པ་ནི་དེ་གཉིས་ཀ་མ་ཐོབ་པའི་གང་ཟག་དེ་གཟུགས་སྒྲ་ལ་སོགས་པའི་ཆོས་ལ་རྒོད་པ་མ་ཞི་བ་ཚར་བཅད་པའི་སེམས་ཀྱི་གཉིས་ཀ་ལ་བརྩོན་པར་བྱེད་དོ། །འདི་ལྟར་ཐོས་པ་འཛིན་པའི་སྒོ་ནས་ལྷག་མཐོང་ཚོལ་བར་བྱེད་ལ། དེ་སྔོན་དུ་འགྲོ་བས་ཞི་གནས་ལ་བརྩོན་པར་བྱེད་དོ། །བཞི་པ་ནི་གཉིས་ཀ་ཐོབ་སྟེ་དེ་གཉིས་འདྲེས་ཤིང་མཉམ་པར་ཟུང་དུ་འཇུག་གོ །དབང་པོ་གསུམ་ལ་མིང་གིས་བསྟན་པ་ནི་མི་ཤེས་པ་ཞེས་པ་ལ་སོགས་པའོ། །ལམ་བསྡུད་ཚུལ་ནི་སྦྱོར་བའི་ལམ་དང་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་མ་དང་པོ་བཅོ་ལྔ་ལ་དབང་བྱེད་པ་དད་སོགས་ལྔ་དང་ཡིད་དང་ཚོར་བ་བདེ་བ་ཡིད་བདེ་བཏང་སྙོམས་གསུམ་དང་སྦྱོར་བའི་གནས་སྐབས་ནི་ཡིད་མི་བདེའི་དབང་པོ་སྟེ། བཅུ་ནི་དེ་ཁོ་ན་ཉིད་སྔོན་མ་ཤེས་པ་ཀུན་ཤེས་པར་བྱ་བའི་ཕྱིར་ཞུགས་པས་མི་ཤེས་པ་ཀུན་ཤེས་པའི་དབང་པོ་ཞེས་བྱའོ། །མཐོང་བའི་ལམ་གྱིས་སེམས་ཀྱི་སྐད་ཅིག་བཅུ་དྲུག་པ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་གྱི་སློབ་ལམ་ཐམས་ཅད་ལ་དབང་བྱེད་པའི་དབང་པོ་བཅུ་པོ་དེ་དག་ཉིད་ནི་ཀུན་ཤེས་པའི་དབང་པོ་ཞེས་བྱ་སྟེ། སྔོན་མ་མཐོང་བའི་དེ་ཁོ་ན་ཉིད་ཤེས་པ་བྱར་མེད་པའི་ཕྱིར་དང་། མཐོང་ཟིན་སྒོམ་པར་བྱེད་པའི་ཕྱིར་རོ། །ཡིད་མི་བདེ་མ་གཏོགས་པ་མི་སློབ་པའི་ལམ་ལ་གང་དབང་བྱེད་པའི་དབང་པོ་དགུ་པོ་དེ་དག་ནི་ཀུན་ཤེས་ལྡན་པའི་དབང་པོ་ཞེས་བྱ་སྟེ། མཐོང་ཆོས་ལ་བདེ་བར་གནས་པ་དང་མྱ་ངན་ལས་འདས་པ་ལ་དབང་བྱེད་པའི་ཕྱིར་རོ། །ས་གོང་མའི་ལམ་བསྒོམ་པའི་ནུས་པ་ནི། བསམ་གཏན་དང་པོ་ལ་སོགས་པ་གོང་མ་རྣམས་ཀྱི་ལམ་བསྒོམ་པས། ས་འོག་མ་འདོད་པ་ལ་སོགས་པ་རྣམས་ཀྱི་དགེ་བའི་རྩ་བ་ཡང་བསྒོམ་པར་འགྱུར་ཏེ། ས་འོག་མའི་དགེ་བ་དེ་དག་འདོད་དགུར་བྱེད་པ་ལ་དབང་ཐོབ་པའི་ཕྱིར་རོ། །མཐར་ཕྱིན་པའི་ལམ་ལ་གཉིས་ལས་མདོར་བསྟན་པ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་འཇུག་ཐོགས་དེ་མ་ཐག་ཏུ་གནས་མ་ལུས་པར་འགྱུར་ཏེ། ཟད་པ་དང་མི་སྐྱེ་བ་ཤེས་པ་དང་། མི་སློབ་པའི་ཆོས་བཅུ་པོ་རྣམས་ལ་ནི་མཐར་ཕྱིན་པའི་ལམ་ཞེས་བྱའོ། །གནས་མ་ལུས་པར་གྱུར་པའི་དོན་ཅི་ཞེ་ན། འཆད་པར་འགྱུར་བའི་གནས་ངན་ལེན་ཐམས་ཅད་རྒྱུན་བཅད་པའོ། །དེའི་དོན་ཡང་དེ་དག་གི་ཕྲད་པའི་ཐོབ་པ་རྣམས་རྒྱུན་ཆད་ཅིང་བྲལ་བའི་ཐོབ་པ་རྣམས་ཐོབ་པའོ། །མི་སློབ་པའི་ཆོས་བཅུ་ནི་མི་སློབ་པའི་རྒྱུད་ཀྱི་ཡང་དག་པའི་ལྟ་བ་ལ་སོགས་པའི་ལམ་གྱི་ཡན་ལག་བརྒྱད་མཐར་ཕྱིན་པ་དང་རྣམ་པར་གྲོལ་བ་ནི་སེམས་རྣམ་པར་གྲོལ་བ་དང་ཤེས་རབ་རྣམ་པར་གྲོལ་བའོ། །ཡང་དག་པའི་ཤེས་པ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའོ། །རྒྱས་པར་བཤད་པ་ལ་དྲུག་ལས། གནས་ངན་ལེན་བཤད་པ་ནི། གནས་ངན་ལེན་ཐམས་ཅད་ནི་ཉི་ཤུ་རྩ་བཞི་སྟེ། འདི་ལྟ་སྟེ་མངོན་པར་བརྗོད་པའི་གནས་ངན་ལེན་ནི་མིག་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་མིང་ལ་མངོན་པར་ཞེན་པའི་བག་ཆགས་ཀུན་གཞི་ལ་ཐོག་མ་མེད་པ་ནས་རྗེས་སུ་ཞུགས་པའོ། །ཚོར་བའི་གནས་ངན་ལེན་ནི་ཟག་པ་དང་བཅས་པའི་ཚོར་བ་ཐམས་ཅད་ཀྱི་བག་ཆགས་སོ། །ཉོན་མོངས་པ་དང་ལས་ཀྱི་གནས་ངན་ལེན་ནི། དེ་དང་དེའི་བག་ཆགས་སོ། །རྣམ་པར་སྨིན་པའི་གནས་ངན་ལེན་ནི། རྣམ་སྨིན་གྱི་ལུས་སེམས་ལས་སུ་མི་རུང་བ་ཉིད་དོ། །ཉོན་མོངས་པའི་སྒྲིབ་པ་ནི་ཉོན་མོངས་པ་དྲག་ལ་རྒྱུན་རིང་བའོ། །

ལས་ཀྱི་སྒྲིབ་པ་ནི། འཚམས་མེད་པའི་ལས་ལ་སོགས་པ་སྐྱེས་ནས་མྱོང་འགྱུར་གྱི་མི་དགེ་བའི་ལས་རྣམས་སོ། །རྣམ་པར་སྨིན་པའི་སྒྲིབ་པ་ནི། སྒྲ་མི་སྙན་དང་ངན་སོང་པའི་འགྲོ་བ་ལ་སོགས་པ་འཕགས་པའི་ལམ་གྱི་རྟེན་དུ་མི་རུང་བ་རྣམས་སོ། །སྒྲིབ་པའི་གནས་ངན་ལེན་ནི། དགེ་བའི་ཕྱོགས་ལ་སྦྱོར་བའི་བར་ཆད་བྱེད་པ་འདོད་པ་ལ་འདུན་པ་སོགས་ཀྱིས་ཟིལ་གྱིས་ནོན་པའོ། །རྣམ་པར་རྟོགས་པའི་གནས་ངན་ལེན་ནི་རབ་ཏུ་འབྱུང་བའི་གེགས། འདོད་པ་ལ་རྣམ་པར་རྟོགས་པ་སོགས་ཀྱིས་ཟིལ་གྱིས་ནོན་པའོ། །ཟས་ཀྱི་གནས་ངན་ལེན་ནི་ཟས་མང་བའམ་ཉུང་བར་ཟོས་པས་དགེ་བ་ལ་སྦྱོར་བར་མི་ནུས་པའོ། །འཁྲིག་པའི་གནས་ངན་ལེན་ནི། གཉིས་ཀྱིས་གཉིས་སྤྲད་པ་ལས་བྱུང་བའི་ལུས་སེམས་གདུང་བའོ། །རྨི་ལམ་གྱི་གནས་ངན་ལེན་ནི། གཉིད་ལས་གྱུར་པའི་ལུས་རོ་ལྟར་གྱུར་པའོ། །ནད་ཀྱི་གནས་ངན་ལེན་ནི། ཁམས་མ་སྙོམས་པ་ལས་གྱུར་པའི་ཉམས་མི་བདེ་བའོ། །རྒ་བའི་གནས་ངན་ལེན་ནི་འབྱུང་བ་འགྱུར་བ་ལས་གྱུར་པའི་དབང་མེད་པའོ། །འཆི་བའི་གནས་ངན་ལེན་ནི་འཆི་བ་ན་དབང་པོ་ཐམས་ཅད་འཁྲུག་པའོ། །ངལ་བའི་གནས་ངན་ལེན་ནི་ཧ་ཅང་འགྲོ་བ་ལ་སོགས་པ་ལུས་དུབ་པའོ། །གནས་ངན་ལེན་བརྟན་པ་ནི་རིགས་ཆད་ཀྱི་རྒྱུད་ལ་ཡོད་པའོ། །གནས་ངན་ལེན་ཆེན་པོ་ལ་སོགས་པ་གསུམ་ནི་གོ་རིམ་བཞིན་དུ་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་གསུམ་དང་སྦྱར་རོ། །ཉོན་མོངས་པའི་སྒྲིབ་པའི་གནས་ངན་ལེན་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་མི་མཐུན་ཕྱོགས་སོ། །སྙོམས་པར་འཇུག་པའི་སྒྲིབ་པ་ནི། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་མི་མཐུན་པའི་ཕྱོགས་སོ། །ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་ནི་ཐམས་ཅད་མཁྱེན་པའི་མི་མཐུན་ཕྱོགས་སུ་གྱུར་པའོ། །དེ་ལྟར་ཐེག་པ་གསུམ་གྱི་གང་ཟག་རྣམས་ཀྱིས་གནས་ངན་ལེན་འདི་ཐམས་ཅད་ཇི་ལྟར་མཐུན་མཐུན་དུ་རྒྱུན་བཅད་པའི་མཐར་ཕྱིན་པའི་ལམ་སྟེ། ཇི་སྐད་དུ། སེམས་རྣམ་པར་གྲོལ་བ་ཡོངས་སུ་རྫོགས་ནས། ལུས་ཀྱི་གནས་ངན་ལེན་རྣམས་རྒྱུན་བཅད་དེ། དྲན་པ་དང་ལྡན་པའི་རྒྱུས་འདི་ལྟར་དེའི་སྒོ་དང་པོ་འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པའི་གཟུགས་རྣམས་ལ། ཤིན་ཏུ་དུལ་བ་དང་ཤིན་ཏུ་སྦྱངས་པ་དང་ཤིན་ཏུ་བསྲུངས་པ་དང་ཤིན་ཏུ་བསྡམས་པ་དང་ཤིན་ཏུ་སྒོམས་པ་ཡིན་ཏེ། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་རྣམས་ཀྱི་བར་ལ་ཡང་ཞེས་གསུངས་པ་ལྟ་བུའོ། །དེའི་དོན་བསྡུས་པ་རྣམས་བཤད་རིགས་པར། དྲན་པས་མ་སྐྱེས་ལས་སྦས་ཤིང་། །ཤེས་བཞིན་གྱིས་ནི་སྐྱེས་ལས་བསྲུངས། །མནོན་དང་རྩ་བ་བཅོམ་ཉིད་ཀྱིས། །བསྡམས་དང་སྒོམ་པ་ཡིན་པར་འདོད། །ཅེས་གསུངས་སོ། །གཉིས་པ་ཕྲད་བྲལ་གྱི་ཐོབ་པ་བཤད་པ་ནི་གནས་ངན་ལེན་གྱི་བག་ཆགས་རྒྱུད་ལ་བསགས་པ་ཕྲད་པའི་ཐོབ་པ་ཡིན་ལ། དེ་ཟད་པ་ལས་བྲལ་བའི་ཐོབ་པ་ཞེས་བཏགས་ཀྱི་དོན་གཞན་ནི་མེད་དོ། །གསུམ་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བཤད་པ་ལ་དངོས་ནི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི། སྒོམ་ལམ་གྱི་མཐའི་སྤོང་བའི་ལམ་སྟེ། དེ་ཡང་སྦྱོར་བ་དང་བར་ཆད་མེད་པའི་ལམ་གཉིས་ཀྱིས་བསྡུས་པ་ཡིན་ལ། དང་པོ་ནི་གང་སྐྱེས་ཕན་ཆད་སྒྲིབ་པ་ཐམས་ཅད་ཀྱི་ཚུར་མི་ཕྱེད་ཅིང་སྒྲིབ་པ་ཐམས་ཅད་ཕར་ཤིག་པའི་ནུས་པ་དང་ལྡན་པའོ། །གཉིས་པ་ནི་གང་གི་འོག་དེ་མ་ཐག་ཏུ་ཟད་པ་དང་མི་སྐྱེ་བ་ཤེས་པ་སྐྱེ་བའོ། །དེ་རྡོ་རྗེ་དང་འདྲ་ཆོས་ལུང་དང་སྦྱར་བ་ནི་ཏིང་ངེ་འཛིན་དེ་ཡང་བར་ཆད་མེད་པ་ནི། དེ་ལ་འཇིག་རྟེན་པའི་སྤྱོད་པས་བར་དུ་ཕན་མི་ཐོགས་པའི་ཕྱིར་རོ། །བསྟན་པ་ནི་སྒྲིབ་པ་ཐམས་ཅད་ཀྱིས་མི་ཕིགས་ཤིང་། སྒྲིབ་པ་ཐམས་ཅད་ནི་ཕིགས་པས་སྲ་བའི་ཕྱིར་རོ། །རོ་གཅིག་པ་ནི། རྣམ་པར་མི་རྟོག་པར་རོ་གཅིག་པའི་ཕྱིར་རོ། །ཁྱབ་པ་ནི། ཤེས་བྱ་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དེ་བཞིན་ཉིད་ལ་དམིགས་པའི་ཕྱིར་རོ། །ཆོས་བཞི་པོ་འདི་ལ་དགོངས་ནས། ཞེས་གསུངས་སོ། །སེར་ག་མེད་པ་དང་ཁོང་སྟོང་མ་ཡིན་པ་ནི་བརྟན་པའི་ཆོས་སོ། །གཞན་རྣམས་རེ་རེ་དང་སྦྱར་རོ། །མི་སྒུལ་བ་ནི། ཅུང་ཟད་མི་གཡོས་པ་ནི་ཆེར་རོ། །

བཞི་པ་གནས་གྱུར་པ་བཤད་པ་ནི། མི་སློབ་པའི་ལམ་ཐོབ་པའི་གནས་གྱུར་པ་གསུམ་སྟེ། དེ་ལ་སེམས་ཀྱི་གནས་གྱུར་པ་ནི། མ་དག་པའི་གནས་སྐབས་ཀྱི་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ཉིད་བློ་བུར་གྱི་ཉེ་བའི་ཉོན་མོངས་པ་མ་ལུས་པ་དང་བྲལ་ནས། དེ་བཞིན་ཉིད་རྣམ་པར་དག་པའི་ངོ་བོར་གྱུར་པའོ། །ལམ་གནས་གྱུར་པ་ནི་མཐོང་ལམ་ཐོབ་པའི་ཚེ་འཇིག་རྟེན་པའི་ལམ་འཇིག་རྟེན་ལས་འདས་པར་གནས་གྱུར་ནས་མ་རྫོགས་པ་ཡིན་ལ། གང་གི་ཚེ་ཁམས་གསུམ་ལ་འདོད་ཆགས་དང་བྲལ་བ་དེའི་ཚེ་མི་མཐུན་ཕྱོགས་མ་ལུས་པ་སྤངས་པས་ལམ་གནས་གྱུར་པ་ཡོངས་སུ་རྫོགས་པར་རྣམ་པར་བཞག་གོ །གནས་ངན་ལེན་གནས་གྱུར་པ་ནི། ཀུན་གཞིའི་རྣམ་པར་ཤེས་པ་ཉོན་མོངས་པའི་བག་ལ་ཉལ་གྱི་བག་ཆགས་ཐམས་ཅད་དང་བྲལ་བར་རིག་པར་བྱའོ། །

ལྔ་པ་ཟད་མི་སྐྱེ་ཤེས་པ་བཤད་པ་ནི། རྒྱུ་ཀུན་འབྱུང་ཟད་ནས་ཤེས་པའམ། ཀུན་འབྱུང་ཟད་པའི་འགོག་པ་ལ་དམིགས་པ་ནི། ཟད་པ་ཞེས་བྱའོ། །འབྲས་བུ་སྡུག་བསྔལ་ཕྱི་མ་ལ་གཏན་མི་སྐྱེ་བར་འགྱུར་ནས་ཤེས་པ་གང་ཡིན་པའམ་འབྲས་བུ་སྡུག་བསྔལ་མི་སྐྱེ་བའི་འགོག་པ་ལ་དམིགས་པ་ནི་མི་སྐྱེ་བ་ཤེས་པ་ཞེས་བྱའོ། །གཞན་དག་ནི་ཟད་པ་ཤེས་པ་བདེན་རྣམས་ལ། ཡོངས་ཤེས་ལ་ངེས་པའོ། །ཡོངས་ཤེས་བྱར་མེད་ཅེས་ལ་སོགས། མི་སྐྱེ་བ་ཡི་བློར་འདོད་དོ། །ཅེས་བཤད་དོ། །

དྲུག་པ་མི་སློབ་པའི་ཆོས་བཅུ་ལ། མི་སློབ་པའི་ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་འཚོ་བ་རྣམས་ནི་ཚུལ་ཁྲིམས་ཀྱི་ཕུང་པོའོ། །དྲན་པ་དང་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་གྱི་ཕུང་པོའོ། །ལྟ་བ་དང་རྟོག་པ་དང་རྩོལ་བ་ནི་ཤེས་རབ་ཀྱི་ཕུང་པོའོ། །རྣམ་པར་གྲོལ་བ་ནི་རྣམ་པར་གྲོལ་བ་པའི་ཕུང་པོའོ། །ཡང་དག་པའི་ཤེས་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། །དེ་ལྟར་ན་ཟག་པ་མེད་པའི་ཕུང་པོ་ལྔའི་དབང་དུ་བྱས་ནས་རྣམ་པར་བཞག་གོ །

གསུམ་པ་ལམ་གྱི་བདེན་པའི་སྤྱིའི་རྣམ་པ་ནི་ཡང་ཞེས་སོགས་ཏེ། དེ་ལ་ནི་འདིས་ཡང་དག་པའི་དེ་ཁོ་ན་ཉིད་ཚོལ་བར་བྱེད་པའི་ཕྱིར་ལམ་མོ། །རིགས་པ་མ་ཡིན་པ་ཉོན་མོངས་པའི་གཉེན་པོ་བྱེད་པའི་ཕྱིར་རིགས་པའོ། །དེ་ཁོ་ན་ཉིད་མ་གཏོགས་པའི་ཉེས་པ་རྟག་སོགས་སུ་ཕྱིན་ཅི་མ་ལོག་པ་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་ལ་འཇོག་པའི་ཕྱིར་སྒྲུབ་པ་ཞེས་བྱའོ། །རྟག་པ་གཏན་དུ་གྲོལ་བའི་གནས་སུ་འགྲོ་བའི་ཕྱིར་ངེས་པར་འབྱིན་པ་ཞེས་བྱའོ། །བདེན་པའི་རྣམ་པའི་ཁྱད་པར་ལ་དངོས་ནི། བདེན་པ་རྣམས་ཀྱི་རྣམ་པ་མི་རྟག་ལ་སོགས་བཅུ་དྲུག་ལ་སྦྱོར་བའི་ལམ་གྱིས་བསྡུས་པས་འཇིག་རྟེན་པ་ཡང་ཡོད་མཐོང་ལམ་སོགས་འཇིག་རྟེན་ལས་འདས་པ་ཡང་ཡོད་ན། དེ་གཉིས་ལ་བྱེ་བྲག་ཅི་ཞིག་ཡོད་ཅེ་ན། དེ་ལ་འཇིག་རྟེན་པ་ནི་དེ་བཞིན་ཉིད་མ་གཏོགས་པས་ཤེས་བྱ་ལ་ལེགས་པར་མ་ཞུགས་པ། ཉོན་མོངས་པའི་བག་ལ་ཉལ་མ་སྤངས་པས་སྒྲིབ་པ་དང་བཅས་པ་དང་། མངོན་པར་བརྗོད་པའི་སྒོ་ནས་འཛིན་པའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པ་ཡིན་ལ། འཇིག་རྟེན་ལས་འདས་པ་ནི་དེ་ལས་བཟློག་པའི་ཕྱིར་ཁྱད་ཞུགས་པ་ཡིན་ནོ། །རྟོག་མེད་ལ་རྩོད་པ་སྤང་བ་ནི། རྣམ་པར་མི་རྟོག་ན་འདིའི་ཞེས་མ་ངེས་པའི་ཕྱིར། ཇི་ལྟར་ན་ཤེས་བྱ་ལ་ལེགས་པར་ཞུགས་པ་ཡིན་ཞེ་ན། འདི་ལྟར་འཇིག་རྟེན་ལས་འདས་པའི་རྣམ་པ་ལ་འཇུག་པ་ན། དཔེར་ན་མིག་གིས་གཟུགས་མཐོང་བ་ལྟར་མི་རྟག་པའི་དོན་མངོན་དུ་མཐོང་ཞིང་མྱོང་གི་མི་རྟག་པ་ཉིད་དོ་ཞེས་མངོན་པར་བརྗོད་པ་དང་སྤྲོས་པའི་སྒོ་ནས་མཐོང་བ་ནི་མ་ཡིན་ནོ། །དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་ངེས་འབྱིན་གྱི་དོན་མཐོང་གི་ངེས་འབྱིན་ཉིད་དོ། །ཞེས་ནི་མ་ཡིན་ཏེ། ཞེས་སོགས་ཅི་རིགས་པར་སྦྱར་རོ། །དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་རྒྱ་ཆེར་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ་ལས། ཀུན་ལས་བཏུས་པ་གཉིས་པའི་རྣམ་བཤད་དོ།། །།

ཀུན་ལས་བཏུས་པ་གསུམ་པ་ཆོས་རྣམ་པར་ངེས་པ།

དེ་ལྟར་གཏན་ལ་དབབ་བྱའི་ཡུལ་འཕགས་པའི་བདེན་པ་བཞི་བསྟན་ནས། གཉིས་པ་སྤྱོད་པ་རང་གི་ངོ་བོ་མངོན་རྟོགས་ཀྱི་རྒྱུ་ཚོགས་བསྟན་པར་བཞེད་ནས་དྲི་བ་ནི་ཆོས་རྣམ་པར་ངེས་པ་གང་ཞེ་ན་ཞེས་སྨོས་སོ། །ལན་ལ་བརྒྱད་དེ། གསུང་རབ་བཤད་པ་དང་། དེའི་ཡུལ་ཅན་བཤད་པ་དང་། དེའི་དམིགས་བྱའི་རྣམ་དབྱེ་དང་། བསམ་བྱུང་གི་རིགས་པ་དང་། དཔྱད་པ་ལས་བྱུང་བའི་མངོན་རྟོགས་དང་། སྒོམ་བྱུང་གི་ས་དང་། ཆོས་ལ་མཁས་གནས་བཤད་པ་དང་། ཤིན་དུ་རྒྱས་པར་ཁྱད་པར་དུ་བཤད་པའོ། །དང་པོ་ལ་མིང་གིས་མདོར་བསྟན་པ། སོ་སོའི་ངོ་བོ་རྒྱས་པར་བཤད་པ། སྡེ་སྣོད་གསུམ་དུ་བསྡུ་བ་དང་གསུམ་ལས། དང་པོ་ནི། ཆོས་ཞེས་བྱ་བ་ནི་མདོའི་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ཡིན་ནོ། །

གཉིས་པ་ལ། མདོའི་སྡེ་ནི་གང་བསྟན་པར་བཞེད་པའི་དོན་སྨོས་པ། མདོར་བསྡུས་པའི་ཚུལ་གྱིས་རྐྱང་པ་ལྷུག་པར་གསུངས་པའོ། །ཅིའི་ཕྱིར་དེ་བཞིན་གཤེགས་པས་བཞེད་པའི་དོན་རྣམ་པར་ཕྱེ་སྟེ་མི་གསུང་བར་སྨོས་པའི་ཚུལ་གྱིས་གསུངས་ཞེ་ན། ཕན་ཡོན་བཅུ་གཟིགས་ནས། ཞེས་སོགས་ཏེ། འདི་ལྟར་སྟོན་པ་པོས་རྣམ་པར་བཞག་སླ་བ་ཡིན་ཏེ། བསྟན་བྱའི་དོན་རྣམ་པ་མང་པོ་ཚེགས་ཆུང་ངུས་རྣམ་པར་འཇོག་པའི་ཕྱིར་རོ། །བཤད་སླ་བ་ཡིན་ཏེ། ཚིག་ཉུང་ངུས་དོན་རྒྱ་ཆེན་པོ་གོ་བར་འགྱུར་བའི་ཕྱིར་རོ། །ཉན་པ་པོའི་སྒོ་ནས་བརྒྱད་ལས། གཟུང་སླ་བ་ཡིན་ཏེ། ཚིག་དོན་ཉུང་ངུའི་སྒོ་ནས་སྟོན་པའི་ཕྱིར་རོ། །ཆོས་ལ་གུས་པས་མྱུར་དུ་ཚོགས་རྫོགས་པར་བྱེད་དེ། ཆོས་འདི་སྒོམ་པས་ཤེས་བྱ་ཡིན་པར་རྟོགས་ཏེ་གུས་པ་སྐྱེས་པ་ཆོས་ལ་གཅེས་སྤྲས་སུ་བྱ་བའི་སྒོ་ནས་དད་པ་ལ་སོགས་པའི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །མྱུར་དུ་ཆོས་ཉིད་རྟོགས་པར་འགྱུར་ཏེ་དེ་ལྟར་གཅེས་སྤྲས་སུ་བྱས་པས་སྦྱོར་བའི་ཤེས་རབ་རྣོ་བར་འགྱུར་བའི་ཕྱིར་རོ། །དེ་རྟོགས་པ་ན་སངས་རྒྱས་ལ་སོགས་པའི་ཡོན་ཏན་ཇི་ལྟ་བ་བཞིན་དུ་ཤེས་ནས་དད་པ་ཐོབ་སྟེ། སངས་རྒྱས་དང་དེས་བསྟན་པ་དང་དེ་ལ་ལེགས་པར་གནས་པར་རྟོགས་པའི་ཕྱིར་རོ། །མཐོང་ཆོས་ལ་བདེར་གནས་ལ་རེག་སྟེ་དགོངས་པའི་དོན་རྩོལ་བ་ཆེན་པོས་བསམས་ནས་རྟོགས་པས་རབ་ཏུ་དགའ་བའི་ཁྱད་པར་ཐོབ་པའི་ཕྱིར་རོ། །འབེལ་བའི་གཏམ་གྱིས་གཏན་ལ་འབེབས་པས་དམ་པ་རྣམས་ཀྱི་སེམས་མགུ་བར་བྱེད་དེ། རང་གིས་རྟོགས་པ་ལས་བརྩམས་ནས་རྒོལ་བ་དང་ལན་འདེབས་པས་དོན་ཟབ་མོ་རྣམ་པར་འབྱེད་པ་ལ་མཁས་པའི་ཕྱིར་རོ། །དེའི་ཕྱིར་མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། དེ་ལ་རྟེན་ནས་མཁས་པའི་སྙན་པའི་གྲགས་པ་ཀུན་དུ་འབྱུང་བའི་ཕྱིར་རོ་ཞེས་པའི་ཐ་ཚིག་གོ །འདི་གཉིས་བསྡུས་ཏེ་ཕན་ཡོན་གཅིག་ཡིན་ནོ། །དབྱངས་ཀྱི་བསྙད་པའི་སྡེ་ནི་མེད་པའི་སྡེ་རྐྱང་པ་དེ་ཉིད་དབུས་དང་མཐའ་མར་ཚིགས་སུ་བཅད་པས་བསྡུས་པ་ལེགས་པར་སྐྱེས་ཀྱི་མདོ་ལྟ་བུའོ། །ཡང་དྲང་དོན་གྱི་མདོ་སྡེ་ཡང་རྟོགས་པར་བྱ་ཞིང་བཤད་པར་བྱ་བ་ཡིན་པས་དབྱངས་ཀྱིས་བསྙད་པའོ། །ལུང་དུ་བསྟན་པའི་སྡེ་ནི་མདོ་གང་ལ་ཉོན་ཐོས་དང་དགེ་སློང་དང་དགེ་བསྙེན་ཕོ་མོ་དང་མུ་སྟེགས་པའི་ཀུན་དུ་རྒྱུ་ལ་སོགས་འདས་ཏེ་ཤི་བའི་དུས་བྱས་པ་དང་འབྱུང་བར་ལུང་སྟོན་པ་ཁྱིམ་བདག་སྨྲ་མཁས་ལུང་བསྟན་པ་ལྟ་བུའོ། །ཡང་ངེས་དོན་གྱི་མདོ་སྡེ་ནི་ལུང་དུ་བསྟན་པའི་སྡེ་སྟེ་དེས་རྣམ་པར་ཕྱེ་ནས་དགོངས་པའི་དོན་ལུང་སྟོན་པའི་ཕྱིར་རོ། །ཚིགས་སུ་བཅད་པའི་སྡེ་ནི་རྩ་བ་གཉིས་པ་སོགས་ནི་རྐང་པ་གཉིས་ཀྱིས་དོན་ཚན་གཅིག་རྫོགས་པར་སྟོན་པ་ལ་སོགས་པ་སྟེ་རྩ་བ་དྲུག་པའི་བར་དུ་དེ་བཞིན་ནོ། །ཆེད་དུ་བརྗོད་པའི་སྡེ་ནི་བསྟན་པ་གནས་པའི་ཆེད་དུ་ཡིད་རངས་ནས་བརྗོད་པ་བཅོམ་ལྡན་འདས་ཀྱིས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ནས་ཅེས་པ་དང་ཆོས་འདི་རྣམས་འབྱུང་སྟེ་ཅེས་པ་ལ་སོགས་པའོ། །གླེང་གཞིའི་སྡེ་ནི་གང་ཟག་གང་གི་ཆེད་དུ་གསུངས་པ་དང་བཟང་སྦྱིན་གྱིས་འཁྲིག་པ་སྤྱད་པ་སོགས་བྱུང་བ་དང་བཅས་པ་ཕྱིན་ཅད་དགེ་སློང་གིས་དེ་ལྟར་མི་བྱའོ། །ཞེས་བསླབ་པ་དང་བཅས་པ་གསུངས་པའོ། །རྟོགས་པ་བརྗོད་པའི་སྡེ་ནི་དཔེ་དོན་བཅས་པར་གསལ་བར་གསུངས་པ་ཀོ་ས་ལའི་རྒྱལ་པོ་རིང་པོ་ལེན་དང་ཀ་ཤི་ཀའི་རྒྱལ་པོ་ཚངས་བྱིན་གྱི་སྔོན་བྱུང་གསུངས་ཏེ་རྒྱལ་པོ་དེ་དག་ཀྱང་བཟོད་པ་དང་བཟོད་པའི་བསྔགས་པ་སྨྲ་ན་དགེ་སློང་སྨྲ་བ་ཆ་ཡིན་པར་གསུངས་པ་ལྟ་བུའོ། །དེ་ལྟ་བུ་བྱུང་བའི་སྡེ་ནི་སྔོན་གྱི་སྦྱོར་བ་དང་ལྡན་པ་མདོ་སྡེ་ལས་བརྒྱ་པ་ལྟ་བུའོ། །སྐྱེས་པའི་རབས་ཀྱི་སྡེ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ལྡན་པ། དཔག་བསམ་གྱི་འཁྲི་ཤིང་དུ། གང་ཞིག་དཔལ་སྡེའི་ལུས་བྱིན་དང་། །དེ་བཞིན་ནོར་བུ་གཙུག་ནོར་གྱིས། །ཟླ་བའི་འོད་ཀྱིས་མགོ་བོ་བྱིན། །ཅེས་སོགས་སྟོན་པའི་མདོ་ལྟ་བུའོ། །

ཤིན་ཏུ་རྒྱས་པའི་སྡེ་ལ་གསུམ་ལས། ངོ་བོ་ནི་མདོ་གང་བྱང་ཆུབ་སེམས་པའི་བསླབ་བྱ་ཕ་རོལ་དུ་ཕྱིན་པ་དྲུག་སྟོན་པས་ན་དེའི་སྡེ་སྣོད་དང་ལྡན་པའོ། །རྣམ་གྲངས་ནི་ཤིན་དུ་རྒྱས་པ་སོགས་གསུམ་མོ། །ངེས་ཚིག་ནི་དེ་ཉིད་ལ་ཤིན་དུ་རྒྱས་པ་ཞེས་བྱ་སྟེ་སེམས་ཅན་ཐམས་ཅད་ལ་འཕྲལ་དང་ཡུན་དུ་ཕན་པ་དང་བདེ་བའི་གནས་ཡིན་པའི་ཕྱིར་དང་རྒྱས་པ་དང་རྒྱ་ཆེ་བ་ཕྱིན་དྲུག་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་སོགས་དང་ཟབ་པའི་རྣམ་པ་བདག་མེད་པ་དང་སྟོང་པ་ཉིད་ཀྱི་ཆོས་བསྟན་པའི་ཕྱིར་རོ། །རྣམ་པར་འཐག་པ་ཞེས་བྱ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་རྣམ་པར་འཐག་ཅིང་འཇིག་པར་བྱེད་པའི་ཕྱིར་རོ། །མཚུངས་བྲལ་ཞེས་བྱ་སྟེ། དེ་དང་མཚུངས་པའི་སྡེ་སྣོད་གཞན་མེད་པའི་ཕྱིར་རོ། །དེ་གསུམ་ནི་མདོ་སྡེའི་རྒྱན་དུ། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་ཆེན་པོ་དང་། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང་། །ཐབས་ལ་མཁས་པ་གྱུར་པ་དང་། །ཡང་དག་འགྲུབ་པ་ཆེན་པོ་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་པ་ལྟར་ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་པ་ཆེན་པོ་ཞེས་ཀྱང་བྱ་སྟེ། དམིགས་པ་ཆེ་བ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་ཕ་རོལ་དུ་ཕྱིན་པ་སྟོན་པའི་མདོ་སྡེ་ལ་དམིགས་པའི་ཕྱིར་དང་། སྒྲུབ་པ་ཆེ་བ་བདག་གཞན་གྱི་དོན་མཐའ་དག་སྒྲུབ་པའི་ཕྱིར་དང་། ཡེ་ཤེས་ཆེ་བ་གང་ཟག་དང་ཆོས་ལ་བདག་མེད་པ་ཤེས་པའི་ཕྱིར་དང་། བརྩོན་འགྲུས་ཆེ་བ་སྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་བརྒྱ་སྟོང་ལ་སྦྱོར་བའི་ཕྱིར་དང་། ཐབས་མཁས་ཆེ་བ་འཁོར་འདས་ཀྱི་མཐའ་གཉིས་ལ་མི་གནས་པའི་ཕྱིར་དང་། ཐོབ་པ་ཆེ་བ་སྟོབས་སོགས་ཀྱི་ཡོན་ཏན་དཔག་ཏུ་མེད་ཅིང་གྲངས་མེད་པ་ཐོབ་པའི་ཕྱིར་དང་། ཕྲིན་ལས་ཆེ་བ་འཁོར་བ་ཇི་སྲིད་དུ་མངོན་པར་བྱང་ཆུབ་པ་སོགས་སྟོན་པས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི་ཕྱིར་རོ། །

རྨད་དུ་བྱུང་བའི་སྡེ་ནི་མདོ་གང་ལས་ཉན་རང་སོགས་ཀྱི་རྫུ་འཕྲུལ་དང་མངོན་ཤེས་སོགས་ངོ་མཚར་རྨད་དུ་བྱུང་བའི་ཆོས་རྣམས་བསྟན་པ་སྟེ། དཔེར་ན་དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོར། མཚོ་དཔག་ཚད་ལྔ་འབུམ་པ་པད་མས་ཁེབས་པ་གཅིག་ལ་ལྕགས་ཀྱི་ཤིང་རྟ་མཁའ་ལྡིང་བས་ཀྱང་མགྱོགས་པའི་རྟས་དྲངས་ཏེ་པདྨའི་འདབ་མ་ཡང་མ་སྣད་པར་འགྲོ་བའི་སྐད་ཅིག་དེ་ལ་སྦྲུལ་ཤིན་དུ་མགྱོགས་པ་གཅིག་བྱུང་སྟེ་ལན་བཅུ་སྐོར་བ་དེའི་ལན་གཅིག་ལ་ཀུན་དགའ་བོས་ཆོས་མི་འདྲ་བ་བཅུ་གོ་ཞིང་འཆད་པར་ནུས་སོ། །དེའི་ལན་ཅིག་བཤད་པའི་བར་ལ་ཤ་རིའི་བུས་དེ་འདྲ་བ་སྟོང་གོ་ཞིང་འཆད་པར་ནུས་སོ། །དེའི་ཅིག་གི་བར་ལ་མོའུ་འགལ་གྱི་བུས་འཇིག་རྟེན་གྱི་ཁམས་བརྒྱད་ཁྲི་རྫུ་འཕྲུལ་གྱིས་འདའ་བར་ནུས་སོ། །དེའི་གཅིག་འདའ་བའི་བར་ལ་སངས་རྒྱས་ཀྱིས་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་མཉམ་པར་གླིང་རེར་མཛད་པ་བཅུ་གཉིས་རྒྱས་པ་དང་། དམ་པའི་ཆོས་གནས་པ་དང་སྐྱེས་རབ་ཀུན་ཀྱང་ལྷུན་གྲུབ་ཏུ་སྟོན་པར་བཀའ་སྩལ་བ་ལྟ་བུའོ། །གཏན་ལ་ཕབ་པར་བསྟན་པའི་སྡེ་ནི་མདོ་གང་དུ་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་སྟོན་པའོ། །

གསུམ་པ་འདི་དག་སྡེ་སྣོད་གསུམ་དུ་བསྡུ་བ་ལ་གཉིས་ལས། དངོས་ནི་མདོའི་སྡེ་ལ་སོགས་པ་ལྔ་ནི་ཉན་ཐོས་ཀྱི་མདོ་སྡེའི་སྣོད་ཡིན་ཏེ་ཉན་ཐོས་རྣམས་ལའང་ཡོད་པའི་ཕྱིར་དང་། ཐེག་པ་ཆེན་པོ་དེ་ལྔའི་མཚན་ཉིད་ཅན་ཡོད་པ་ནི་ཤིན་དུ་རྒྱས་པ་དང་རྨད་དུ་བྱུང་བའི་སྡེ་སྣོད་དུ་འདུ་བའི་ཕྱིར་རོ། །གླེང་གཞིའི་སྡེ་ལ་སོགས་པ་བཞི་ནི་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ཀྱང་སྟོན་པས་གཉིས་ཀའི་འདུལ་བའི་སྡེ་སྣོད་ཡིན་ལ་དེ་ཡང་གླེང་གཞི་དངོས་སམ་གཙོ་བོ་དང་གཞན་གསུམ་ནི་འཁོར་ཡིན་ནོ། །ཤིན་དུ་རྒྱས་པ་དང་རྨད་དུ་བྱུང་བ་ནི་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་ཡིན་ཏེ། དེའི་ཁྱད་པར་བསམ་གྱིས་མི་ཁྱབ་ཅིང་རྒྱ་ཆེ་བའི་ཁྱད་པར་དང་ལྡན་པའི་ཕྱིར་རོ། །གཏན་ལ་ཕབ་པ་ནི། ཐེག་པ་ཆེ་ཆུང་གཉིས་ཀའི་མངོན་པའི་སྡེ་སྣོད་ཡིན་ཏེ། དེ་གཉིས་ཀའི་ཤེས་བྱའི་གནས་རྣམས་གཏན་ལ་འབེབས་པའི་ཕྱིར་རོ། །སྡེ་སྣོད་གསུམ་སྟོན་པའི་རྒྱུ་དགུ་ནི་ཅིའི་ཕྱིར་ཞེས་སོགས་སྨོས་ཏེ། དེ་ལ་ཉེ་བའི་ཉོན་མོངས་པ་ཐེ་ཚོམ་གྱི་གཉེན་པོར་མདོ་སྡེའི་སྡེ་སྣོད་རྣམ་པར་གཞག་སྟེ། གདུལ་བྱ་རྣམས་ལ་སོམ་ཉི་བྱུང་བ་བཅད་པའི་ཆེད་དུ་མདོ་དང་དབྱངས་སྙད་སོགས་བཤད་པའི་ཕྱིར་རོ། །ཉེ་ཉོན་འདོད་པ་བསོད་ཉམས་ཀྱི་མཐའ་དང་ངལ་ཞིང་དུབ་པའི་མཐའ་གཉིས་ཀྱིས་གཉེན་པོར་འདུལ་བའི་སྡེ་སྣོད་རྣམ་པར་བཞག་སྟེ། སོག་འཇོག་བྱེད་པས་ལོངས་སྤྱོད་པ་ལ་སོགས་སྤོང་བ་དང་ཚུལ་ཁྲིམས་དང་ལྡན་པ་ལ་ལྷག་པར་རྙེད་ན་བརྒྱ་སྟོང་རི་བའི་གོས་ལ་སོགས་པ་ཡང་གནང་བའི་ཕྱིར་རོ། །རང་གི་ལྟ་བ་མཆོག་ཏུ་འཛིན་པའི་ཉེ་ཉོན་གྱི་གཉེན་པོར་མངོན་པའི་སྡེ་སྣོད་རྣམ་པར་བཞག་སྟེ། དེར་ཆོས་རྣམས་ཀྱི་རང་སྤྱི་རྒྱ་ཆེར་བསྟན་པའི་ཕྱིར་རོ། །ཡང་མདོ་སྡེ་ལ་བརྟེན་ནས་གདུལ་བྱ་རྣམས་བསླབ་པ་གསུམ་ལ་བྱང་བར་བྱེད་དེ་དེ་ལ་དེ་རྣམས་རྒྱས་པར་བརྗོད་པའི་ཕྱིར་དང་། འདུལ་བ་ལ་བརྟེན་ནས་ལྷག་པ་ཚུལ་ཁྲིམས་དང་སེམས་ཀྱི་བསླབ་པ་སྒྲུབ་སྟེ་དེས་སོ་སོར་ཐར་པའི་སྡོམ་པའི་བསླབ་པའི་ལམ་བསྟན་པ་ལ་བརྟེན་ནས་ཚུལ་ཁྲིམས་ཡོངས་སུ་སྦྱོང་ཞིང་དེ་ཡོངས་སུ་དག་པས་འགྱོད་པ་མེད་པ་སོགས་ཀྱིས་རིམ་གྱིས་སེམས་མཉམ་པར་འཇོག་པའི་ཕྱིར་དང་། མངོན་པ་ལ་བརྟེན་ནས་ལྷག་པ་ཤེས་རབ་ཀྱི་བསླབ་པ་མངོན་པར་སྒྲུབ་སྟེ་དེར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཐབས་རྒྱ་ཆེར་བསྟན་པའི་ཕྱིར་ཡང་སྡེ་སྣོད་གསུམ་རྣམ་པར་བཞག་གོ །ཡང་མདོ་སྡེ་ལ་བརྟེན་ནས་ཆོས་ཀྱི་ཚིག་དང་དོན་ལ་བྱང་བར་བྱེད་ཏེ་དེ་དག་རྒྱས་པར་བརྗོད་པའི་ཕྱིར་དང་། འདུལ་བ་ལ་བརྟེན་ནས་ཆོས་དང་དོན་གཉིས་མངོན་སུམ་དུ་བྱེད་ཏེ་དེ་གཉིས་མངོན་སུམ་དུ་བྱ་བའི་གཞིའི་གནས་ཡིན་པའི་ཕྱིར་ཏེ། འདུལ་བ་ནི་བསླབ་པ་སྒྲུབ་པས་རབ་ཏུ་ཕྱེ་བའི་ཕྱིར་དང་། མངོན་པ་ལ་བརྟེན་ནས་ཕན་ཚུན་འབེལ་བའི་གཏམ་གྱིས་གཏན་ལ་འབེབས་པ་ལས་གྱུར་པའི་ལུང་གི་ཆོས་ལ་རྫོགས་པར་ལོངས་སྤྱོད་པ་བདེ་བ་ལ་རེག་པར་གནས་པར་འགྱུར་ཏེ་དེར་ཆོས་ཀྱི་རྣམ་པ་མང་པོའི་རང་གི་མཚན་ཉིད་སོགས་ཀྱི་ཆོས་ཉིད་ལ་བྱང་བར་བྱེད་པའི་ཕྱིར་ཡང་སྡེ་སྣོད་གསུམ་རྣམ་པར་བཞག་གོ །

གཉིས་པ་དེའི་ཡུལ་ཅན་ཤེས་པ་ནི། སྡེ་སྣོད་གསུམ་གྱིས་བསྡུས་པའི་ཆོས་འདི་དག་ནི་ཐོས་བསམ་སྒོམ་པ་ལས་བྱུང་བའི་ཤེས་རབ་གསུམ་དང་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་བྱུང་རྣམས་ཀྱི་སྤྱོད་ཡུལ་ལོ། །དེའི་ཞར་ལ་སེམས་སེམས་བྱུང་རྣམས་ཀྱི་དམིགས་པ་སོགས་རྣམ་པར་བཞག་པའི་ཕྱིར་དམིགས་པ་དང་བཅས་པ་ཅེས་སོགས་གསུངས་སོ། །དེ་ལ་ཆོས་རྣམས་ཀྱི་ནང་ནས་ཤེས་རབ་གསུམ་པོ་དེ་དག་གིས་དམིགས་པ་ནི་མིང་ཚིག་ཡི་གེའི་ཚོགས་ཀྱིས་བསྡུས་པའི་མདོའི་སྡེ་ལ་སོགས་པའོ། །རྣམ་པ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་དང་ལྡན་པའི་བརྗོད་བྱའི་དོན་རྣམས་སོ། །གནས་ནི་གསུམ་སྟེ་ཐོག་མར་བཤད་པའི་དུས་ན་གཞན་ལས་རྣམ་པར་རིག་པ་གནས་ཡིན་ཏེ། གཞན་གྱིས་བསྟན་པ་ལས་ཐོས་བྱུང་གི་ཤེས་རབ་སྐྱེ་བའི་ཕྱིར་རོ། །དེའི་འོག་ཏུ་དྲན་པ་གནས་ཡིན་ཏེ། ཇི་ལྟར་ཐོས་པ་བཞིན་རྗེས་སུ་དྲན་པས་གོམས་པའི་ཕྱིར་རོ། །དེའི་འོག་ཏུ་བག་ཆགས་གནས་ཡིན་ཏེ། དེའི་རྗེས་སུ་དྲན་པ་མེད་ཀྱང་གོམས་པའི་བག་ཆགས་ཀྱི་དབང་གིས་ཕྱིས་སྣང་བར་འགྱུར་བའི་ཕྱིར་རོ། །མཚུངས་པར་ལྡན་པ་ནི་སེམས་སེམས་བྱུང་རྣམས་ཅིག་གི་གྲོགས་གཅིག་ཡིན་པའི་ཚུལ་གྱིས་ཕུང་པོ་སོགས་དང་ལྡན་པའི་དོན་གྱི་རྣམ་པ་རྣམས་ཀྱིས་མདོ་སྡེ་ལ་སོགས་པའི་དམིགས་པ་ཡང་དག་པར་རྟོགས་པའི་ཕྱིར་རོ། །

གསུམ་པ་དེའི་དམིགས་པར་བྱ་བའི་རབ་དབྱེ་ལ་གཉིས་ལས། མིང་གིས་བསྟན་པ་ནི་ཁྱབ་པའི་དམིགས་པ་སོགས་སོ། །སོ་སོའི་དོན་ལ་བཞི་ལས། དང་པོ་ཁྱབ་པའི་དམིགས་པ་ལ་ཡང་མིང་གིས་བསྟན་པ་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་སོགས་པའོ། །སོ་སོའི་ངོ་བོ་ནི་མོས་པ་ཡིད་ལ་བྱེད་པ་ནི་སྦྱོར་ལམ་སོགས་འཇིག་རྟེན་པའི་ཡིད་ལ་བྱེད་པ་སྟེ། དེས་ཞི་ལྷག་གི་དམིགས་པ་བདེན་པའི་དེ་ཁོ་ན་ཉིད་ལ་མིང་གི་སྒོ་ནས་དམིགས་ཤིང་ཞེན་པར་བྱེད་པ་ཙམ་ཡིན་པའི་ཕྱིར་རོ། །དེ་ཁོ་ན་ཡིད་ལ་བྱེད་པ་ནི་འཇིག་རྟེན་ལས་འདས་པ་དང་དེའི་རྗེས་ལ་ཐོབ་པ་ཡིན་ཏེ། དེས་ཞི་ལྷག་གི་དམིགས་པ་དེ་བཞིན་ཉིད་ལ་མངོན་སུམ་དུ་དམིགས་པའི་རྣམ་པས་འཇུག་པའི་ཕྱིར་རོ། །དངོས་པོའི་མཐའ་ནི་ཆོས་རྣམས་ཀྱི་རྣམ་པ་ཇི་སྙེད་ཡོད་པ་དང་ངོ་བོ་ཇི་ལྟ་བ་བཞིན་དུ་ཡོད་པའོ། །དང་པོ་ནི་ཕུང་པོ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ཀྱི་དངོས་པོ་འདི་དག་ཙམ་དུ་ཟད་པའི་ཕྱིར་རོ། །གཉིས་པ་ནི་ཇི་སྙེད་པ་དེ་དག་རྣམ་པ་འདི་དག་ཏུ་ཤེས་པར་བྱ་བ་སྟེ་འདི་ལྟར་འཕགས་པའི་བདེན་པ་བཞིའི་སྒོ་ནས་ཕུང་པོ་སོགས་དེ་དག་ཇི་ལྟར་མཐུན་མཐུན་དུ་སྡུག་བསྔལ་ཉིད་དུ་ཤེས་པར་བྱ་བ་ནས་ལམ་གྱི་བར་དུ་དང་། རྣམ་པའི་སྒོ་ནས་བདེན་པ་རེ་རེ་ལ་བཞི་བཞི་སྟེ་བཅུ་དྲུག་དང་། ཐམས་ཅད་ཀྱང་བྱེ་བྲག་མེད་པར་དེ་བཞིན་ཉིད་དང་ཆོས་ཀྱི་སྡོམ་གྱི་སྒོ་ནས་འདུ་བྱེད་ཐམས་ཅད་མི་རྟག་པ་སོགས་བཞི་དང་རྣམ་པར་ཐར་པའི་སྒོ་ནས་གསུམ་སྟེ། དེ་ལ་སྟོང་པ་ཉིད་ནི་གང་ཟག་དང་ཆོས་ཀྱི་བདག་མེད་པའོ། །སྨོན་པ་མེད་པ་ནི་ཉེར་ལེན་གྱི་ཕུང་པོ་ལྔའོ། །མཚན་མ་མེད་པ་ནི་སྒྲིབ་གཉིས་ཀྱི་སྤྲོས་པ་ཉེ་བར་ཞི་བའི་མྱང་འདས་སོ། །དེ་ལྟར་ཡང་མདོ་སྡེའི་རྒྱན་ལས། ཏིང་འཛིན་གསུམ་གྱི་སྤྱོད་ཡུལ་ནི། །བདག་མེད་རྣམ་པ་གཉིས་པོ་དང་། །བདག་ཏུ་འཛིན་པའི་རྟེན་དང་ནི། །དེ་རྟག་ཉེ་བར་ཞི་བའི་དོན། །ཞེས་གསུངས་པ་ལྟར་རོ། །དགོས་པ་གྲུབ་པ་ནི་གནས་གྱུར་པ་སྟེ་བཤད་ཟིན་ཏོ། །རྣམ་པ་བཅུ་དྲུག་དང་རྣམ་ཐར་བསྟན་པ་དེ་དག་ཀྱང་ཅིག་གིས་གཅིག་སྡུད་ཏེ། ཇི་ལྟར་ན་རྣམ་པ་བཅུ་དྲུག་གི་ནང་ནས་སྟོང་པ་ཉིད་ཀྱི་རྣམ་པ་ནི་གཉིས་ཏེ་སྟོང་པ་དང་བདག་མེད་པའི་རྣམ་པའོ། །སྨོན་པ་མེད་པའི་རྣམ་པ་ནི་དྲུག་སྟེ་མི་རྟག་སྡུག་བསྔལ་རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་གྱི་རྣམ་པ་སྟེ། དེ་དག་གིས་ཁམས་གསུམ་ལ་མི་སྨོན་པའི་ཕྱིར་རོ། །མཚན་མ་མེད་པའི་རྣམ་པ་ནི་རྣམ་པ་ལྷག་མ་བརྒྱད་དེ། འགོག་ལམ་ལ་མཚན་མར་བྱེད་མི་ནུས་པའི་ཕྱིར་རོ། །

དེ་ལ་མི་སྡུག་པ་བསྒོམ་པ་ནི། འདོད་ཆགས་རྣམ་པ་བཞི་སྟེ། ཁ་དོག་གི་དབྱིབས་ཀྱི་རེག་བྱའི་བསྙེན་བཀུར་གྱི་འདོད་ཆགས་སོ། །དང་པོའི་གཉེན་པོར་རྣམ་པར་བསྔོས་པ་སོགས་མི་སྡུག་པ་བརྗོད་པར་བྱའོ། །གཉིས་པའི་གཉེན་པོར་རྣམ་པར་ཟོས་པ་རྣམ་པར་འཐོར་བ་ལ་དམིགས་པའོ། །གསུམ་པའི་གཉེན་པོར་རྣམ་པར་འབུས་གཞིགས་པ་དང་རྒྱུས་པས་བྲང་བྲེང་དུ་སྦྲེལ་བའི་ཀེང་རུས་ལ་དམིགས་པའོ། །བཞི་པའི་གཉེན་པོར་ཤི་བའི་རོ་གཡོ་བ་མེད་པ་ལ་དམིགས་པའོ། །རུས་པའི་ཀེང་རུས་ལ་ནི་ཆགས་པའི་གཞི་བཞི་པོ་འདི་ཐམས་ཅད་མེད་པས་ཆགས་པ་ཐམས་ཅད་ཀྱི་གཉེན་པོར་ཀེང་རུས་ཀྱི་མི་སྡུག་པ་སྒོམ་པར་བྱའོ། །བྱམས་པ། བསྒོམ་པ་ནི་བདེ་བ་ཚོལ་བའི་སེམས་ཅན་ལ་དམིགས་ནས་དང་པོར་མཛའ་བཤེས་དང་དེ་ནས་ཐ་མལ་པ་དང་། མཐར་དགྲ་ལ་སྟེ་བུ་གཅིག་པ་དང་དགྲ་ལ་བདེ་བ་ཕྲད་འདོད་མཉམ་པར་གྱུར་པ་ན་འབྱོངས་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམ་པ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་སོགས་ལུགས་དང་མཐུན་པ་དང་མི་མཐུན་པ་སྒོམ་པའོ། །ཁམས་ཀྱི་རབ་ཏུ་དབྱེ་བ་ནི་སྐྱེས་བུ་འདི་ནི་ཁམས་དྲུག་པའོ་ཞེས་པ་ལྟར་ལུས་འདི་ལ་ཕྱི་ས་ལ་སོགས་པ་སྲ་བའི་ཆ་རྣམས་སའི་ཁམས་དང་། གཅི་བ་སོགས་གཤེར་བ་རྣམས་ཆུའི་ཁམས་དང་། ཟས་འཇུ་བར་བྱེད་པ་སོགས་མེའི་ཁམས་དང་། རླུང་གྱེན་འཐུར་དུ་རྒྱུ་བ་སོགས་རླུང་གི་ཁམས་དང་། མིག་རྣ་སོགས་སྦུབས་རྣམས་ནམ་མཁའི་ཁམས་དང་། མིག་ཤེས་སོགས་རྣམ་པར་ཤེས་པའི་ཁམས་སོ་ཞེས་སོ་སོར་ཕྱེ་ནས་རིལ་པོའི་འདུ་ཤེས་འཇིག་ཅིང་ཁེངས་པར་མི་འགྱུར་བའོ། །རྣམ་པར་རྟོག་པ་ལ་སྤྱོད་པའི་གཉེན་པོར་དབུགས་འབྱུང་བ་རྔུབ་པ་རྗེས་སུ་དྲན་པ་བསྒོམ་པ་སྟེ། དེ་དག་དྲན་པའི་ངོ་བོ་ནི་ཤེས་རབ་ཡིན་ལ་ས་ནི་ཉེར་བསྡོགས་དང་པོ་གསུམ་དང་བསམ་གཏན་ཁྱད་པར་ཅན་དང་འདོད་པའི་ས་ན་ཡོད་ཏེ། ཚོར་བ་བཏང་སྙོམས་ཁོ་ན་དང་ལྡན་གྱི། རྣམ་རྟོག་དང་རྗེས་སུ་མཐུན་པའི་ཕྱིར་བདེ་སྡུག་དང་མི་ལྡན་ནོ། །བཞི་པ་ཡན་ཆད་ནི་དབུགས་འབྱུང་རྔུབ་ཀྱི་ས་མ་ཡིན་པའི་ཕྱིར་ཉེར་བསྡོགས་ལ་མི་བརྟེན་ནོ། །དེའི་དམིགས་པ་ནི་རླུང་ཡིན་ནོ། །རྟེན་ནི་འདོད་པའི་ལྷ་དང་མིའི་རྟེན་ཅན་ཁོ་ན་ཡིན་ནོ། །ཆོས་འདི་པ་ཁོ་ནའི་ཡིན་གྱི་ཕྱི་རོལ་པའི་ནི་མ་ཡིན་ཏེ། ལུང་མེད་པའི་ཕྱིར་དང་རང་གིས་ཆོས་ཟབ་མོ་མངོན་པར་མི་རྟོགས་པའི་ཕྱིར་རོ། །བསྒོམ་ཚུལ་ནི་བགྲང་བ་དང་། རྗེས་སུ་འགྲོ་བ་དང་། འཇོག་པ་དང་། ཉེ་བར་རྟོག་པ་དང་། བསྒྱུར་བ་དང་ཡོངས་སུ་དག་པ་སྟེ། རྒྱུ་དྲུག་དང་ལྡན་ན་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ལ་བགྲང་བ་ནི། དབུགས་འབྱུང་བ་དང་རྔུབ་པ་དག་ལ་སེམས་གཏད་ནས་མངོན་པར་འདུ་བྱ་བ་མེད་པར་ལུས་དང་སེམས་རྣལ་དུ་བཞག་སྟེ་དྲན་པ་ཙམ་གྱིས་གཅིག་དང་གཉིས་ནས་བཅུའི་བར་དུ་བགྲང་བར་བྱེད་པའོ། །སེམས་མངོན་པར་སྡུད་པ་དང་རྣམ་པར་གཡེངས་པར་དོགས་པས་ཧ་ཅང་ཉུང་བ་དང་མང་བར་ནི་མ་ཡིན་ནོ། །དེ་ལ་སྐྱོན་གསུམ་ཡོད་ཏེ། གལ་ཏེ་གཅིག་ལ་གཉིས་སུ་འཛིན་ན་མ་ཚང་བར་བགྲང་བའི་སྐྱོན་ནོ། །གལ་ཏེ་གཉིས་ལ་གཅིག་དུ་འཛིན་ན་ལྷག་པར་བགྲངས་པའི་སྐྱོན་ནོ། །གལ་ཏེ་དབུགས་རྔུབ་པ་ལ་འབྱིན་པར་འཛིན་ནམ་འབྱིན་ཡང་རྔུབ་པར་འཛིན་ན་འཆོལ་བར་བགྲངས་པའི་སྐྱོན་ནོ། །དེ་ལས་གཞན་པ་ནི་ཡང་དག་པའི་བགྲང་བ་ཡིན་ནོ། །བར་སྐབས་སུ་སེམས་ཡེངས་ན་ཡང་མགོ་ནས་ཏིང་ངེ་འཛིན་མ་ཐོབ་ཀྱི་བར་དུ་བགྲང་བར་བྱའོ། །རྗེས་སུ་འགྲོ་བ་ནི་འདི་དག་ཐམས་ཅད་ནི་ཇི་སྲིད་གཅིག་ཏུ་འབྱུང་ཞིང་འཇུག །འདི་དག་ལུས་ཐམས་ཅད་ལ་ཁྱབ་པའམ་ཕྱོགས་གཅིག་ན་རྒྱུ་བ་དག་ཡིན་ཞེས་མངོན་པར་འདུ་བྱ་བ་མེད་པར་དབུགས་རྔུབ་པ་དང་དབྱུང་བའི་འགྲོས་ཀྱིས་རྗེས་སུ་འགྲོ་བ་སྟེ། དེ་འཇུག་པ་ན་ལྐོག་མ་དང་སྙིང་ཁ་དང་ལྟེ་བ་དང་རྐེད་པ་དང་བརླ་དང་བྱིན་པར་འཇུག་པའི་རིམ་གྱིས་རྐང་པ་གཉིས་བར་དུ་རྗེས་སུ་འགྲོ་ལ་འབྱུང་བ་ན་མཐོ་གང་དང་འདོམ་གང་གི་བར་དུ་འབྱུང་ངོ་། །འཇོག་པ་ནི། ནོར་བུའི་ཐག་པ་བཞིན་སྣའི་རྩེ་མོ་ནས་རྐང་པའི་མཐེ་བོའི་བར་དུ་གནས་པར་ལྟ་ཞིང་། ཅི་འདི་དག་ཕན་པར་བྱེད་པ་ཞིག་གམ་གནོད་པར་བྱེད་པ་ཞིག་གྲང་བའམ་དྲོ་བ་ཞིག་ཅེས་རྟོག་པའོ། །ཉེ་བར་རྟོག་པ་ནི། འདི་དག་རླུང་འབའ་ཞིག་མ་ཡིན་གྱི་འབྱུང་བ་ཆེན་པོ་བཞི་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའི་གཟུགས་དང་དེ་དག་ལ་བརྟེན་པའི་སེམས་བྱུང་རྣམས་ཀྱང་ཡོད་དོ་ཞེས་ཕུང་པོ་ལྔར་རྟོག་པར་བྱེད་པའོ། །བསྒྱུར་བ་ནི། རླུང་ལ་དམིགས་པའི་བློ་བསྒྱུར་ཏེ་ཆོས་མཆོག་གི་བར་དུ་གོང་ནས་གོང་དུ་དགེ་བའི་རྩ་བ་རྣམས་ལ་ཡང་དག་པར་སྦྱོར་བའོ། །ཡོངས་སུ་དག་པ་ནི། མཐོང་ལམ་སོགས་ལ་འཇུག་པའོ། །དབུགས་འབྱུང་དབུགས་རྔུབ་དྲན་པ་ནི། །བགྲང་དང་རྗེས་འགྲོ་འཇོག་པ་དང་། །ཉེ་བར་རྟོག་དང་བསྒྱུར་བ་དང་། །ཡོངས་དག་རྣམ་པ་དྲུག་ཏུ་འདོད། །ཅེས་པ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །མཁས་པའི་དམིགས་པ་ནི་ཕུང་པོ་ལ་མཁས་པ་སོགས་ཏེ་སྔར་བཤད་ཟིན་ལ། ཕྱི་མ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ལས་ཁོང་དུ་ཆུད་པར་བལྟ་བར་བྱ་སྟེ། དེ་ནི་རྟེན་འབྲེལ་གྱི་བྱེ་བྲག་ཡིན་པའི་ཕྱིར་རོ། །དེ་དག་ལ་བྱེ་བྲག་ཅི་ཡོད་ཅེ་ན་མ་རིག་པ་ལ་སོགས་པའམ་ཆོས་རྣམས་ལས་འདུ་བྱེད་ལ་སོགས་པའི་ཆོས་རྣམས་མངོན་པར་འབྱུང་བའི་ཕྱིར། འདི་དག་རྒྱུ་མེད་པ་ལས་བྱུང་བ་མ་ཡིན་པ་དང་དབང་ཕྱུག་སོགས་མི་མཐུན་པའི་རྒྱུ་ལས་བྱུང་བ་ཡང་མ་ཡིན་པར་ཡོངས་སུ་སྤངས་པར་ཤེས་པས་དེ་ལྟར་ཤེས་པ་འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་ཡིན་ལ། ཆོས་ཙམ་གྱི་རྒྱུ་ལས་བྱུང་བ་ཡིན་ཀྱང་རྒྱུ་དང་རྗེས་སུ་མཐུན་པར་འབྲས་བུ་འབྱུང་བ་ཡིན་ཏེ། ལེགས་པར་སྤྱད་པ་ལས་རྣམ་སྨིན་བདེ་བ་དང་ཉེས་པར་སྤྱད་པ་ལས་རྣམ་སྨིན་སྡུག་བསྔལ་སོགས་འབྱུང་བར་ཡོངས་སུ་བཟུང་ཞིང་ཤེས་པའི་ཕྱིར་དེ་ལྟར་ཤེས་པ་གང་ཡིན་པ་ནི་གནས་དང་གནས་མ་ཡིན་པ་ལ་མཁས་པར་རིག་པར་བྱའོ། །ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་ནི་འཇིག་རྟེན་པའི་ལམ་གྱི་སྐབས་སུ་ས་འོག་མ་དང་གོང་མ་རྣམས་ལ་རགས་པ་དང་ཞི་བ་ཉིད་དུ་ལྟ་བ་ཡིན་ཏེ། དེས་ཀུན་ནས་དཀྲིས་པ་རྣམ་པར་གནོན་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་ལམ་གྱི་སྐབས་སུ་ནི་བསྡུ་བ་ནི་དེ་བཞིན་ཉིད་དང་སྤྲོ་ན་འཕགས་པའི་བདེན་པ་བཞི་ཡིན་ཏེ། དེ་བག་ལ་ཉལ་ལེགས་པར་བཅོམ་པའི་ཕྱིར་རོ།། །།

བཞི་པ་བསམ་བྱུང་གི་རིགས་པ་ནི་ཆོས་ལ་ཐོས་བསམ་ལ་སོགས་བྱ་བར་བརྩོན་པའི་གང་ཟག་མདོ་སྡེ་ལ་སོགས་པའི་ཆོས་རྣམས་ཀྱི་ཚིག་དོན་ལ་དཔྱོད་པ་ན་རིགས་པ་དུ་ཞིག་གིས་རྣམ་པར་དཔྱོད་ཅེ་ན་ལྟོས་པའི་རིགས་པ་སོགས་བཞིས་དཔྱོད་དོ། །ཅིའི་ཕྱིར་རིགས་པ་བཞིར་རྣམ་པར་བཞག་ཅེ་ན། རིགས་པས་རྣམ་པར་དཔྱོད་པའི་དོན་ནི་གཉིས་ཏེ་མངོན་གྱུར་དང་། ལྐོག་དུ་གྱུར་པའོ། །དེ་ལ་དང་པོ་ལ་དཔྱོད་པའི་རིགས་པ་ནི་གསུམ་སྟེ། རྒྱུ་ལ་དཔྱོད་པའི་ལྟོས་པའི་རིགས་པ་སྟེ། རྒྱུ་འདིས་ནི་འབྲས་བུ་འདི་བསྐྱེད་པར་བྱེད་དོ། །ཅེས་པའི་ཚུལ་གྱིས་སོ། །འབྲས་བུ་ལ་དཔྱོད་པ་ནི་བྱ་བ་བྱེད་པའི་རིགས་པ་སྟེ། འབྲས་བུ་འདི་ནི་རྒྱུ་འདི་དང་འདི་ལ་བརྟེན་ནས་འབྱུང་ངོ་ཞེས་པའི་ཚུལ་གྱིས་སོ། །རང་གི་རང་བཞིན་ལ་དཔྱོད་པ་ནི་ཆོས་ཉིད་ཀྱི་རིགས་པ་ཡིན་ཏེ། མེ་ཚ་བའི་རང་བཞིན་དུ་དམིགས་པ་ནི་ཆོས་ཉིད་དོ་ཅེས་པའི་ཚུལ་གྱིས་སོ། །དེ་ལྟར་ན་མངོན་དུ་གྱུར་པའི་དངོས་པོ་གཅིག་ལ་ཡང་འདི་དང་པོ་གང་ལས་བྱུང་ཞེས་སྔོན་གྱི་མཐའ་ལ་རྨོངས་པ་དང་། མཐར་གང་དུ་འགྱུར་ཞེས་ཕྱི་མའི་མཐའ་ལ་རྨོངས་པ་དང་། ད་ལྟར་འདི་ལྟ་བུའི་རང་བཞིན་དུ་གནས་པ་ཅི་ཞེས་དབུས་ལ་རྨོངས་པ་བསལ་བའི་ཕྱིར་རིགས་པ་གསུམ་རྣམ་པར་བཞག་གོ ། ལྐོག་གྱུར་གྱི་དོན་གྱི་རྒྱུ་འབྲས་ངོ་བོ་གསུམ་ལ་དཔྱོད་པར་བྱེད་པ་ནི་འཐད་པ་སྒྲུབ་པའི་རིགས་པ་ཡིན་ཏེ། དེས་ལྐོག་གྱུར་གྱི་དོན་གྱི་སྔོན་གྱི་དང་ཕྱི་མཐའ་སོགས་ལ་རྨོངས་པ་རྣམ་པར་བཟློག་པའི་ཕྱིར་རོ། །དེ་ལ་ལྟོས་པའི་རིགས་པ་ནི་མྱུ་གུ་འབྱུང་བ་ས་བོན་དང་དུས་དང་ཆུ་ལུད་སོགས་ལ་ལྟོས་པ་རྣམ་ཤེས་འབྱུང་བ་དོན་དང་དབང་པོ་ཡིད་ལ་བྱེད་པ་སོགས་ལ་ལྟོས་པ་ལྟ་བུའི་གང་། ཕྱི་ནང་གི་འདུ་བྱེད་རྣམས་འབྱུང་བ་རང་རིག་གི་རྒྱུ་དང་རྐྱེན་ལ་ལྟོས་པའོ། །བྱ་བ་བྱེད་པའི་རིགས་པ་ནི་མིག་སོགས་དབང་པོ་རྣམས་ནི་རྣམ་ཤེས་རྣམས་ཀྱི་གནས་ཀྱི་བྱ་བ་བྱེད་ལ་གཟུགས་སོགས་ཡུལ་རྣམས་ནི་དམིགས་པའི་བྱ་བ་བྱེད་པ་སོགས་གང་རང་རང་གི་མཚན་ཉིད་ཐ་དད་པའི་ཆོས་རྣམས་ཀྱིས་སོ་སོ་རང་རང་གི་ཐུན་མོང་མ་ཡིན་པའི་བྱ་བ་བྱེད་པའོ། །འཐད་པ་སྒྲུབ་པའི་རིགས་པ་ནི་གང་སྒྲུབ་པར་བྱ་བའི་དོན། ངོ་བོ་དང་ཁྱད་པར་རྣམས་མངོན་སུམ་ལ་སོགས་པའི་ཚད་མ་དང་མི་འགལ་བར་སྟོན་པར་བྱེད་པའི་གཏན་ཚིགས་སོ། །ཆོས་ཉིད་ཀྱི་རིགས་པ་ནི་མེ་ཚ་བ་དང་འདུས་བྱས་མི་རྟག་པ་སོགས་ཐོག་མ་མེད་པ་ནས་རང་དང་སྤྱིའི་མཚན་ཉིད་དུ་གནས་པའི་ཆོས་རྣམས་ལ་འཇིག་རྟེན་ན་ཡང་མེས་འཚིག་ཆུས་འདྲུལ་བ་སོགས་ཆོས་ཉིད་དུ་གྲགས་པའོ། །ཇི་སྐད་དུ། འབྱོར་ལྡན་མིག་ནི་རྟག་པ་ནས་བདག་གི་བའི་བར་གྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདིའི་རང་བཞིན་ནི་འདིའོ་ཞེས་གསུངས་པ་ལྟ་བུའོ། །འདི་ནི་རིགས་པའི་མཆོག་ཡིན་ཏེ། ཀུན་མཁྱེན་གྲུབ་པར་བསྟོད་པ་ལས། །རྣམ་གྲོལ་ནང་ནས་མི་གཡོ་ལྟར། །ཤེས་རབ་ནང་ནས་ཀུན་མཁྱེན་ལྟར། །རིགས་པའི་ནང་ནས་ཆོས་ཉིད་ལྟར། །ཁྱོད་ནི་ལུས་ཅན་ཀུན་གྱི་མཆོག །ཅེས་གསུངས་པ་ལྟ་བུའོ།། །།

ལྔ་པ་དཔྱོད་པ་ལས་བྱུང་བའི་མངོན་རྟོགས་ལ་གཉིས་ལས། དང་པོ་སྦྱོར་བའི་དུས་ཀྱི་ཀུན་དུ་ཚོལ་བ་བཞི་ནི། ཆོས་ལ་ཞེས་སོགས་ནས་མིང་ཀུན་དུ་འཚོལ་བ་སོགས་སོ། །ཀུན་དུ་ཚོལ་བ་ཞེས་བྱ་བ་འདི་ཅེ་ཞེ་ན། རྣམ་རིག་ཙམ་ལ་འཇུག་པའི་དོན་དུ་རིགས་པ་བཞི་ལ་རྟེན་ནས་ཐོག་མར་ཕྱིའི་གཟུང་བ་རང་བཞིན་མེད་པར་ངེས་པ་རྟོག་པའོ། །དེ་ལ་མིང་ཀུན་དུ་ཚོལ་བ་ནི་གང་མིང་ཚིག་ཡི་གེའི་ཚོགས་རྣམས་ཡིད་ཀྱིས་བརྗོད་པ་ཙམ་གྱི་བཏགས་ཡོད་ཡིན་གྱི་རང་གི་མཚན་ཉིད་ཀྱིས་ཡོངས་སུ་གྲུབ་པ་མེད་པར་རྟོག་པའོ། །དངོས་པོ་ཀུན་ཏུ་ཚོལ་བ་ནི་ཇི་ལྟར་མིང་ལ་སོགས་པར་བརྗོད་པ་དེ་ཕུང་པོ་སོགས་རང་མཚན་གྱིས་ཡོངས་སུ་གྲུབ་པ་མེད་པར་ཡིད་ཀྱི་བརྗོད་པ་ཙམ་དུ་རྟོག་ཅིང་དཔྱོད་པའོ། །ངོ་བོ་ཉིད་དུ་འདོགས་པ་ཚོལ་བ་ནི་བརྗོད་པ་དང་བརྗོད་བྱའི་འབྲེལ་པ་ཉིད་ལྟོ་ལྡིར་བ་ལ་སོགས་པ་དོན་གྱི་ངོ་བོ་ཉིད་དང་བུམ་པ་ཅེས་སོགས་མིང་གི་ངོ་བོ་ཉིད་འདོགས་པ་ཙམ་གྱི་ཐ་སྙད་ཀྱི་རྒྱུ་ཡིན་གྱི་མིང་དོན་གྱི་ངོ་བོ་ཉིད་རང་གི་མཚན་ཉིད་ཀྱིས་ཡོངས་སུ་གྲུབ་པ་མེད་པར་རྟོགས་པའོ། །ཁྱད་པར་དུ་འདོགས་པ་ཀུན་དུ་ཚོལ་བ་ནི་དེ་བཞིན་དུ་བརྗོད་པ་དང་བརྗོད་བྱའི་བརྡ་འབྲེལ་ཉིད་རྟག་མི་རྟག་བླ་ན་ཡོད་མེད་གཟུགས་ཅན་ཡིན་མིན་སོགས་ཁྱད་པར་གྱི་མཚན་ཉིད་དུ་འདོགས་པ་ཙམ་གྱི་ཐ་སྙད་ཀྱི་རྒྱུ་ཉིད་ཡིན་གྱི། དེ་རྣམས་རང་གི་མཚན་ཉིད་ཀྱིས་ཡོངས་སུ་གྲུབ་པ་མེད་པར་དཔྱོད་ཅིང་རྟོག་པའོ། །ཅིའི་ཕྱིར་བརྡ་འབྲེལ་ཉིད་ངོ་བོ་དང་ཁྱད་པར་དུ་འདོགས་པའི་ཐ་སྙད་ཀྱི་རྒྱུ་ཡིན་ཞེ་ན། ལྡོ་ལྡིར་བ་ལ་བུམ་པ་ཅེས་པའི་བརྡ་ལ་བྱང་བ་ཁོ་ན་ལ་བུམ་པ་ཅེས་བརྗོད་པ་ལས་ཀྱང་ལྟོ་ལྡིར་བའི་རྣམ་རྟོག་འབྱུང་ལ་ལྟོ་ལྡིར་བའི་དོན་མཐོང་བ་ལས་ཀྱང་འདི་བུམ་པའོ་ཞེས་མིང་ལ་རྟོག་པ་འབྱུང་བའི་ཕྱིར་རོ། །མདོ་སྡེའི་རྒྱན་ལས། མིང་དང་དངོས་དག་ཕན་ཚུན་དུ། །བློ་བུར་བ་ནི་ཉིད་དུ་སྩལ། །ཞེས་དང་། འདོགས་པ་རྣམ་པ་གཉིས་པོ་དག །དེ་ཙམ་དུ་ནི་ཚོལ་བ་ཡི། །ཞེས་གསུངས་པ་ལྟར་རོ། །གཉིས་པ་འབྲས་བུའི་དུས་ཀྱི་ཡོངས་སུ་ཤེས་པ་ནི་ཆོས་ཀུན་དུ་ཞེས་སོགས་ཏེ། ཇི་ལྟར་བཙལ་བའི་མིང་སོགས་བཞིར་རང་གི་ངོ་བོས་མི་དམིགས་པར་ཡིད་ཀྱི་བརྗོད་པ་ཙམ་རྣམ་པར་རིག་པ་ཙམ་དུ་ཤེས་པའོ། །ཇི་སྐད་དུ། ཐམས་ཅད་དམིགས་སུ་མེད་པའི་ཕྱིར། །ཡང་དག་ཡེ་ཤེས་རྣམ་པ་བཞི། །ཅེས་གསུངས་པའོ།། །།

དྲུག་པ་སྒོམ་བྱུང་གི་ས་ལ་གཉིས་ལས། མིང་གིས་བསྟན་པ་ནི། རྒྱན་ལས། རྒྱུ་མཐུན་ཆོས་ལ་དམིགས་ནས་ནི། །ཚུལ་བཞིན་ཡིད་ལ་བྱེད་པ་དང་། །སེམས་ཀྱི་དབྱིངས་ལ་གནས་པ་དང་། །དོན་ཡོད་པ་དང་མེད་པ་མཐོང་། །དེ་ནས་མཉམ་པ་ཉིད་དུ་འགྱུར། །ཅེས་པ་ལྟར། རྣལ་འབྱོར་གྱི་ས་དེ་ནི་གཞི་ལ་སོགས་པ་རྣམ་པ་ལྔའོ། །སོ་སོའི་ངོ་བོ་ལ་རྒྱུའི་ས་གཞི་དང་། འབྲས་བུའི་ས་དང་གཉིས་ལས། དང་པོ་ལ་རྣལ་འབྱོར་གྱི་གཞི་ནི་ཚོགས་བསགས་པ་ཆེན་པོའི་གནས་སྐབས་ཀྱི་འཕགས་པའི་བདེན་པ་བཞི་ལས་བརྩམས་ཏེ་བསྟན་པའི་ཆོས་རྣམས་ལ་མང་དུ་ཐོས་པ་ཉིད་ཏེ། འདི་ཉིད་རྣལ་འབྱོར་གྱི་དང་པོའི་རྒྱུ་ཡིན་པའི་ཕྱིར་རོ། །བསྐྱེད་པ་ནི་མང་དུ་ཐོས་པ་དེ་ལ་དམིགས་ནས་དེའི་དོན་ལ་ཕྱིན་ཅི་མ་ལོག་པར་ཚུལ་བཞིན་ཡིད་ལ་བྱེད་ཅིང་དོན་སེམས་པའི་ཚུལ་གྱིས་སེམས་འཛིན་པའོ། །དང་པོ་ནི་ཐོས་པ་ཕྱི་མ་ནི་བསམ་པ་དང་བསྒོམ་པ་འདྲེན་པའོ། །མེ་ལོང་ལྟ་བུ་ནི་མང་དུ་ཐོས་པ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ཤེས་བྱའི་དངོས་པོ་དང་འདྲ་བའི་གཟུགས་བརྙན་ལ་རྟོག་པ་མཚན་མ་དང་བཅས་པ་སྟེ། འདི་ནི་འཇིག་རྟེན་པའི་སྒོམ་བྱུང་སྦྱོར་བའི་ལམ་གྱིས་བསྡུས་པའོ། །སྣང་བ་ནི་གཟུང་བ་དང་འཛིན་པ་མི་དམིགས་པར་ཤེས་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མཐོང་བའི་ལམ་གྱིས་བསྡུས་པའོ། །དེ་ལ་དགོངས་པའི་ལུང་དོན་མེ་ལོང་ལྟ་བུ་དང་སྣང་བ་འདི་ལ་དགོངས་ནས་རྣལ་འབྱོར་རྣམ་པར་དབྱེ་བ་ལ་གདམས་པར། བྱང་ཆུབ་ཀྱི་ཆེད་དུ་སྲན་ཐུབ་པའི་བྱང་ཆུབ་སེམས་དཔའ་ཚོགས་གཉིས་བསགས་པ་སྐལ་པ་གྲངས་མེད་པ་གསུམ་ལ་ངེས་པར་འབྱུང་བའི་ཆོས་ཉིད་རྟོགས་པ་དང་མཐུན་པའི་ཐོས་པ་ལས་ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་མཉམ་པར་བཞག་པས་ཡིད་ལ་ཤེས་བྱའི་གཟུགས་བརྙན་མཐོང་བ་སེམས་ལས་ཐ་མི་དད་པས་ན། དེ་ལ་དོན་གྱི་འདུ་ཤེས་ལྡོག་སྟེ་དེ་ནི་དྲོད་ཀྱི་ཡེ་ཤེས་སོ། །དེ་ནས་སེམས་དེ་ཉིད་དོན་དང་ཆོས་ལྟ་བུ་སྣང་ངོ་ཞེས་རང་གི་འདུ་ཤེས་ངེས་པར་བཟུང་སྟེ་དེ་ནི་རྩེ་མོའི་ཡེ་ཤེས་སོ། །དེ་ལྟར་ནང་གི་སེམས་ལ་སེམས་ལ་གནས་ནས་བཟུང་བ་ཡོང་ཡེ་མེད་པར་རྟོགས་པར་བྱ་སྟེ་དེ་ནི་བཟོད་པའི་ཡེ་ཤེས་སོ། །དེའི་འོག་ཏུ་ལྟོས་པ་བཟུང་བ་མེད་ན་དེ་ལ་ལྟོས་པའི་འཛིན་པ་ཡང་མེད་པར་རྟོགས་པར་བྱ་སྟེ་དེ་ནི་ཆོས་མཆོག་གི་ཡེ་ཤེས་སོ། །དེ་ནས་གཟུང་འཛིན་གཉིས་ཀ་མི་དམིགས་པའི་དེ་བཞིན་ཉིད་རང་བཞིན་གྱིས་འོད་གསལ་བ་ལ་རེག་ཅིང་མངོན་སུམ་དུ་རྟོགས་པར་བྱ་བ་ནི་མཐོང་བའི་ལམ་མོ། །ཞེས་དོན་ཕུན་སུམ་ཚོགས་པའི་ཕྱིར་ལེགས་པར་གསུངས་སོ། །ཚིག་ཕུན་སུམ་ཚོགས་པའི་ཕྱིར་ལེགས་པར་བཀའ་སྩལ་ཏེ། །འབྲས་བུའི་ས་གནས་ནི་སེམས་རང་བཞིན་གྱིས་འོད་གསལ་བའི་དེ་བཞིན་ཉིད་བློ་བུར་གྱིས་ཀུན་ནས་ཉོན་མོངས་པ་རྣམས་ཀྱི་གནས་ངན་ལེན་དང་བྲལ་བའི་མཚན་ཉིད་ཅན་གྱི་གནས་གྱུར་པའོ། །མདོ་སྡེའི་རྒྱན་དུ་ཡང་། དེ་འདིའི་གནས་ཡོངས་སུ་གྱུར་པ་སྟེ། །ས་ནི་དང་པོ་ཡིན་པར་འདོད། །ཅེས་གསུངས་སོ། །དེ་ལྟར་ན་རྣལ་འབྱོར་གྱི་ས་འདིས་ནི་རྣལ་འབྱོར་གྱི་རྒྱུ་འབྲས་ངོ་བོ་དང་བཅས་པ་བསྟན་ཏེ། དང་པོ་གསུམ་ནི་རྒྱུ་ཡིན་ལ་གནས་གྱུར་ནི་འབྲས་བུ་སྟེ་སྣང་བ་ནི་རང་གི་ངོ་བོ་ཡིན་ནོ།། །།

བདུན་པ་ཆོས་ལ་མཁས་གནས་ཀྱི་ཁྱད་པར་བཤད་པ་ལ་གཉིས་ལས། དང་པོ་ཆོས་ལྔས་མཁས་པ་བཤད་པ་ནི། གནས་བརྟན་ཀུན་དགའ་བོས་ཚེ་དང་ལྡན་པ་ཤ་རིའི་བུ་ཆོས་ལྔ་དང་ལྡན་པའི་དགེ་སློང་གིས་མྱུར་དུ་འཛིན་ཏོ། །ཞེས་སོགས་གསུངས་པའི་མདོའི་དུམ་བུའི་གཞུང་འཛུགས་པ་ནི་ཇི་ལྟར་ན་ཆོས་ལ་མཁས་པས་མྱུར་དུ་འཛིན་པ་ཡིན་ཞེ་ན་མང་དུ་ཐོས་པས་ཚིག་དང་ཡི་གེ་ཕལ་ཆེར་ལྕིགས་ཤིང་ཁྲོལ་བའི་ཕྱིར་རོ། །ཇི་ལྟར་ན་དོན་ལ་མཁས་པས་མང་དུ་འཛིན་པ་ཡིན་ཞེ་ན་ཆོས་མངོན་པ་སོགས་ཀྱི་མཚན་ཉིད་ཤེས་པའི་ཕྱིར་ཏེ་ཕུང་པོ་སོགས་ཀྱི་གཏམ་གྱི་གཞིའི་སྐབས་སུ་ཚིག་ལེའུ་མང་དུ་ཟླུམ་པའི་ཕྱིར་རོ། །ཇི་ལྟར་ན་ཡི་གེ་དང་ངེས་པའི་ཚིག་ལ་མཁས་པས་ཚིག་དང་དོན་མ་ནོར་བར་འཛིན་པས་ལེགས་པར་འཛིན་པ་ཡིན་ཞེ་ན། དང་པོས་ཤེས་བྱ་ཀུན་མཁྱེན་པས་ན་ཀུན་མཁྱེན་ཞེས་སོགས་ངེས་པའི་ཚིག་བཟང་པོའི་ཡི་གེ་ཤེས་པའི་ཕྱིར་དང་བདག་ཉིད་ཀྱིས་ཡུལ་མིའི་ལྗོངས་ཀྱི་ངེས་པའི་ཚིག་ལ་མ་ཞེན་པར་ཐ་སྙད་འདོགས་པར་བྱེད་པ་ཤེས་པའི་ཕྱིར་རོ། །ཇི་ལྟར་ན་སྔོན་དང་ཕྱི་མའི་མཐའི་དགོངས་པ་ལ་མཁས་པས་ཟིན་པ་ཆུད་མི་གསོན་པ་ཡིན་ཞེ་ན་སྔོན་གྱི་མཐའ་བཟུང་བའི་ཆོས་ལ་བརྟེན་ནས་ཕྱི་མའི་མཐའ་དེ་དག་གི་དགོངས་པའི་དོན་ཁོང་དུ་ཆུད་དེ་ཐོས་པ་ཙམ་ལ་ངེས་པར་འབྱུང་བར་བྱ་བར་ཤེས་ནས་དེའི་སྙིང་པོ་ལེན་པའི་ཕྱིར་རོ། །དེ་སྐད་དུ་ཡང་རྒྱན་ལས། དོན་ཤེས་པས་ནི་ཆོས་རྣམས་ཀུན། །གཟིངས་དང་འདྲ་བ་ཉིད་དུ་རིག །ཐོས་པས་ཆོག་པར་འཛིན་སྤོང་བ། །དེས་ན་ཆོས་ཞེས་བྱ་བར་བརྗོད། །ཅེས་གསུངས་པ་ལྟར་རོ། །

གཉིས་པ་ཆོས་ལ་གནས་པ་ལ་གཉིས་ལས། དང་པོ་ནི། བཙུན་པ་ཆོས་ལ་གནས་པའི་དགེ་སློང་ཞེས་བྱ་བའི་མདོ་ལས། བསྒོམ་པ་ལ་མ་བརྟེན་པར་ཀུན་ཆུབ་པར་བྱེད་པ་དང་ཁ་ཏོན་བྱེད་པ་དང་བཤད་པ་མང་བ་དང་། རྟོག་པ་མང་བ་སོགས་ཐོས་པ་དང་སེམས་པའི་སྦྱོར་བ་འབའ་ཞིག་གིས་ཀྱང་ཆོས་ལ་གནས་པ་མ་ཡིན་པར་རྣམ་པར་བཞག་སྟེ། རྟོགས་པའི་ཆོས་རྣལ་འབྱོར་སོགས་བོར་བའི་ཕྱིར་རོ། །ཐོས་པ་དང་སེམས་པ་ལ་མ་བརྟེན་པར་སྒོམ་པའི་སྦྱོར་བ་འབའ་ཞིག་གིས་ཀྱང་ཆོས་ལ་རྫོགས་པར་གནས་པ་མ་ཡིན་པར་རྣམ་པར་བཞག་སྟེ། ལུང་གི་ཆོས་བོར་བའི་ཕྱིར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་ལ་གནས་པའི་དགེ་སློང་ལས་བརྩམས་ཏེ་ཐོས་བསམ་དང་སྒོམ་པ་གཉིས་ཀ་ལ་བརྟེན་ཏེ་གཉིས་ཀ་ལ་གནས་ན་ཆོས་ལ་གནས་པར་ཤེས་པར་བྱ་བའི་ཕྱིར། དགེ་སློང་མདོའི་སྡེ་དང་དབྱངས་ཀྱི་སྙད་པའི་སྡེ་ལ་སོགས་པའི་ཆོས་ཀུན་ཆུབ་པར་བྱེད་པ་དང་ཁ་ཏོན་བྱེད་པ་དང་བཤད་པ་མང་བ་དང་། རྟོག་པ་མང་བ་ཞེས་སོགས་རྒྱ་ཆེར་བཀའ་སྩལ་ནས་དེའི་འོག་ཏུ་རྣལ་འབྱོར་མི་འདོར་ཞེས་སོགས་གསུངས་པ་ཡིན་ནོ། །ལུང་གི་དགོངས་པ་བཤད་པ་ནི། ཐོག་མར་ཚིག་འཛིན་པའམ་ཀུན་ཆུབ་པར་བྱེད་པ་དང་ཟིན་པའི་འོག་ཏུ་བྱང་བར་བྱ་བའི་ཕྱིར། ཁ་ཏོན་བྱེད་པ་དང་། གཞན་ལ་བཤད་པ་རྣམས་ཀྱིས་ཐོས་པ་དང་བསམ་པ་ལས་བྱུང་བ་བསྟན་པར་བལྟའོ། །ཏིང་ངེ་འཛིན་ལ་སྦྱོར་བ་དང་ཆོག་པར་མི་འཛིན་པ་གཉིས་ཀྱིས་སྒོམ་པ་ལས་བྱུང་བ་བསྟན་པར་བལྟའོ། །དེ་ལ་ཏིང་ངེ་འཛིན་ལ་སྦྱོར་བ་ནི་གཉིས་ཏེ། རྒྱུན་དུ་ཆུད་པ་དང་གུས་པར་སྦྱོར་བ་ནི་རྣལ་འབྱོར་མི་འདོར་བ་ཞེས་པས་བསྟན་ལ། རྟག་སོགས་ཕྱིན་ཅི་ལོག་ཏུ་མ་ལོག་པར་སྦྱོར་བས་བསྡུས་པ་ནི་ཡིད་ལ་བྱེད་པ་མི་འདོར་བ་ཞེས་པས་བསྟན་པར་ལྟའོ། །ཆོག་པར་མི་འཛིན་པ་ནི། ནང་དུ་སེམས་ཞི་གནས་སུ་བྱེད་པ་མི་འདོར་ཞེས་པས་བསྟན་ཏེ། རོ་མྱོང་ན་ཏིང་ངེ་འཛིན་དང་པོ་ཁོ་ནས་ངོམས་པས་གོང་ནས་གོང་དུ་སྦྱོར་བར་མི་བྱེད་པ་ལས་རོ་མི་མྱང་བས་གོང་ནས་གོང་དུ་ཞི་གནས་ལ་སྦྱོར་བར་བྱེད་པའི་ཕྱིར་རོ།། །།

བརྒྱད་པ་ཤིན་ཏུ་རྒྱས་པ་ཁྱད་པར་དུ་བཤད་པ་ལ་བདུན་ཏེ། ཤིན་ཏུ་རྒྱས་པ་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་དུ་འཇོག་པའི་རྒྱུ། དེ་ཟབ་རྒྱས་སུ་སྟོན་པའི་རྒྱུ། དེ་ལ་ཁ་ཅིག་མི་མོས་པའི་རྒྱུ། མོས་ཀྱང་ངེས་པར་མི་འབྱུང་བའི་རྒྱུ། དེར་ཆོས་ཀུན་ངོ་བོ་ཉིད་མེད་པ་སོགས་སུ་གསུངས་པའི་དགོངས་པ། དེར་ཆོས་ལ་ཏིང་ངེ་འཛིན་གྱི་ཕན་ཡོན། དེ་མཆོད་པར་འོས་པའི་རྒྱུའོ། །དང་པོ་ནི། ཅིའི་ཕྱིར་མདོ་གཞན་ནས་ཤིན་ཏུ་རྒྱས་པ་ལ་བྱང་སེམས་ཀྱི་ཕ་རོལ་དུ་ཕྱིན་པའི་སྡེ་སྣོད་ཅེས་གསུངས་ཞེ་ན་དེར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱད་པར་བྱ་བ་ཕ་རོལ་ཏུ་ཕྱིན་པ་དྲུག་གྲངས་ངེས་པ་སོགས་བཅུའི་སྒོ་ནས་བསྟན་པའི་ཕྱིར་རོ། །དེ་ལ་གྲངས་ནི་གཉིས་ཏེ། བགྲང་བའི་གྲངས་དང་། དེ་ཙམ་གྱི་གྲངས་སོ། །དེ་ལ་ཕ་རོལ་དུ་ཕྱིན་པ་དྲུག་ཞེས་བྱ་བ་ནི་བགྲངས་བའི་གྲངས་སོ། །བྱང་ཆུབ་སེམས་དཔའི་ལམ་མངོན་པར་མཐོ་བ་དང་ངེས་ལེགས་རྣམ་པ་ཐམས་ཅད་དང་ལྡན་པ་གཉིས་གསུམ་གསུམ་གྱིས་བསྡུས་པའི་ཕྱིར་ཕ་རོལ་དུ་ཕྱིན་པ་དྲུག་སྟེ་མི་མང་མི་ཉུང་ཞེས་བྱ་བ་ནི་དེ་ཙམ་གྱི་གྲངས་སོ། །མངོན་པར་མཐོ་བ་ནི་གསུམ་སྟེ་ལོངས་སྤྱོད་ཆེན་པོ་དང་། བདག་ཉིད་ཆེན་པོ་དང་། ཕྱོགས་ཆེན་པོ་ཉིད་ཏེ་དེ་དག་གོ་རིམ་བཞིན་དུ་སྦྱིན་པ་ཚུལ་ཁྲིམས་བཟོད་པའི་ཕར་ཕྱིན་གསུམ་གྱིས་སྒྲུབ་ཏེ། འདི་ལྟར་སྦྱིན་པས་ལོངས་སྤྱོད་ཆེན་པོ་དང་། ཚུལ་ཁྲིམས་ཀྱིས་བདེ་འགྲོའི་ལུས་ཕུན་སུམ་ཚོགས་པ་དང་། བཟོད་པས་སྐྱེ་བོ་ཐམས་ཅད་ཀྱིས་བཀུར་ཞིང་སྔོན་དུ་འགྲོ་བ་ཐོབ་པའི་ཕྱིར་རོ། །ངེས་པར་ལེགས་པའི་ལམ་ཡང་གསུམ་སྟེ། ཉོན་མོངས་པ་ཟིལ་གྱིས་མནན་ནས་དགེ་བ་ལ་སྦྱོར་བའི་ཐབས་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་དང་། སངས་རྒྱས་ཀྱི་ཆོས་ཡང་དག་པར་བསྒྲུབ་པའི་ཐབས་ཏེ། འདི་དག་ལས་གང་ཡང་རུང་བ་ཞིག་མེད་ན་ཡང་བྱང་ཆུབ་སེམས་དཔའི་ངེས་ལེགས་མི་འགྲུབ་པའི་ཕྱིར་ན་དེ་དག་གོ་རིམ་བཞིན་དུ། བརྩོན་འགྲུས་བསམ་གཏན་ཤེས་རབ་ཀྱི་ཕར་ཕྱིན་གྱིས་སྒྲུབ་སྟེ། དེ་ལ་སེམས་ཅན་སྨིན་པའི་ཐབས་ནི་བསམ་གཏན་ཡིན་ཏེ། དེ་ལ་བརྟེན་ནས་མངོན་ཤེས་སོགས་ཀྱིས་སེམས་ཅན་སྨིན་པར་བྱེད་པའི་ཕྱིར་རོ། །ཡང་མི་གནས་པའི་མྱ་ངན་ལས་འདའ་བའི་ཐབས་སུ་ཡང་ཕྱིན་དྲུག་ཏུ་ངེས་ཏེ་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པ་ལ་གནས་པ་ལས་བཟློག་སྟེ་འཁོར་བ་ན་མངོན་པར་མཐོ་བ་བཟུང་བར་བྱའོ། །འཁོར་བ་ལ་གནས་པ་ལས་བཟློག་སྟེ་དེར་ཉོན་མོངས་པ་མེད་པར་བྱའོ། །དེའི་ཕྱིར་དང་པོ་གསུམ་མངོན་པར་མཐོ་བའི་ཐབས་སོ། །ཕྱི་མ་གསུམ་ཉོན་མོངས་པ་མེད་པའི་ཐབས་ཡིན་ཏེ། བརྩོན་འགྲུས་ཀྱི་གཉེན་པོ་བསྒོམ་ལ་བསམ་གཏན་གྱིས་ཉོན་མོངས་པ་རྣམ་པར་གནོན་ལ་ཤེས་རབ་ཀྱིས་བག་ལ་ཉལ་ལེགས་པར་འཇོམས་པའི་ཕྱིར་རོ། །

ཡང་སེམས་ཅན་རྗེས་སུ་འཛིན་པ་དང་ཉོན་མོངས་པའི་གཉེན་པོའི་ཕྱིར་ཡང་ཕྱིན་དྲུག་ཏུ་ངེས་ཏེ། སྦྱིན་པས་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་ཡོ་བྱད་སྒྲུབ་པའི་སྒོ་ནས་ཕན་འདོགས་པས་རྗེས་སུ་འཛིན་ནོ། །ཚུལ་ཁྲིམས་ཀྱིས་ཕོངས་པ་དང་། གནོད་པ་དང་རྣམ་པར་འཚེ་བ་མི་བྱེད་པའི་སྒོ་ནས་རྗེས་སུ་འཛིན་ཏེ། རིམ་པ་ལྟར་ལོངས་སྤྱོད་ལུས་དང་སེམས་ལ་གནོད་པ་མི་བྱེད་པའི་ཕྱིར་རོ། །བཟོད་པས་ཕོངས་པ་དང་། གནོད་པ་ལ་ཇི་མི་སྙམ་པས་རྗེས་སུ་འཛིན་ནོ། །ཕྱི་མ་གསུམ་གྱིས་ཉོན་མོངས་པའི་གཉེན་པོ་བྱེད་ཏེ་བཤད་ཟིན་པའི་ཚུལ་གྱིས་སོ། །མཚན་ཉིད་བསྟན་པ་ནི། སྦྱིན་པའི་ཕར་ཕྱིན་ནི་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་སྙིང་རྗེ་སྔོན་དུ་བཏང་བའི་སེམས་ཀྱིས་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་སྒོ་གསུམ་གྱི་ལས་སོ། །དེ་བཞིན་དུ་ཤེས་རབ་ཀྱི་བར་ལ་སྦྱར་ཏེ་འདི་ནི་བྱེ་བྲག་ཡིན་ཏེ། ཚུལ་ཁྲིམས་ལ་སྡོམ་པ་ཐམས་ཅད་ཡང་དག་པར་ལེན་པ་དང་མི་མཐུན་ཕྱོགས་རྗེས་སུ་བསྲུང་བའི་དང་། བཟོད་པ་ལ་གནོད་པ་བྱེད་པ་དང་། སྡུག་བསྔལ་ལ་ཅི་མི་སྙམ་ཞིང་དང་དུ་ལེན་པ་དང་། བརྩོན་འགྲུས་ལ་དགེ་བའི་ཆོས་ཡང་དག་པར་སྒྲུབ་པའི་སྒོ་གསུམ་གྱི་ལས་ཅེས་དང་། བསམ་གཏན་ལ་སྒོ་གསུམ་གྱི་ལས་ཐམས་ཅད་ལ་དབང་འབྱོར་བའི་སེམས་ཀྱི་གནས་པ་དང་། ཤེས་རབ་ལ་སྒོ་གསུམ་གྱི་ལས་ཐམས་ཅད་ལ་དབང་སྦྱོར་བའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཅེས་སྦྱར་རོ། །རྣམ་གྲངས་གཞན་ཡང་སྦྱིན་པ་ནི་ཐམས་ཅད་མཁྱེན་པ་ལས་བརྩམས་པ་དང་། དེ་ཉིད་དུ་འགྱུར་བ་དང་། དེ་ཉིད་ཡོངས་སུ་འཛིན་པ་དང་། དེ་ཉིད་ཀྱི་བྱ་བ་བྱེད་ཏེ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཚིག་བཞི་པོ་དེ་དག་ནི་གོ་རིམ་བཞིན་དུ་རྩོམ་པ་དང་། བག་ཆགས་དང་། སྐུ་དང་། རྒྱུ་མཐུན་པར་རིག་པར་བྱ་སྟེ། ཐམས་ཅད་མཁྱེན་པ་ཉིད་ལས་བརྩམས་ཏེ་བྱུང་བ་དང་འབྱུང་བའི་སྦྱིན་པ་ཐམས་ཅད་དེར་ཡོངས་སུ་བསྔོས་པའི་ཕྱིར་རོ། །སྦྱིན་པ་དེ་ཉིད་རྒྱུད་ལ་བག་ཆགས་བསྒོས་ཏེ། དེ་ལས་ཕྱི་མ་ལ་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །གང་གི་ཚེ་དེ་ཉིད་ཡོངས་སུ་རྫོགས་པ་དེའི་ཚེ་ཆོས་ཀྱི་སྐུ་ཡོངས་སུ་གྲུབ་པའི་ཚུལ་གྱིས་ཐམས་ཅད་མཁྱེན་པ་ཡོངས་སུ་འཛིན་པའི་ཕྱིར་རོ། །དེའི་འོག་ཏུ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུས་རྒྱུ་མཐུན་པའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བྱ་བ་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་སྦྱར་རོ། །གོ་རིམ་བསྟན་པ་ནི། སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་བའི་ཕྱིར་ཏེ། སྦྱིན་པའི་ཕར་ཕྱིན་གྱིས་ཕྱི་ནང་གི་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བར་གོམས་པ་པས་ལུས་སྲོག་ལ་ཡང་མི་ལྟ་བའི་བྱང་ཆུབ་སེམས་དཔས་ལོང་སྤྱོད་ཀྱི་ཕུང་པོ་ཆེན་པོ་སྤངས་ནས་ཚུལ་ཁྲིམས་ཡང་དག་པར་འཛིན་པར་བྱེད་དོ། །ཚུལ་ཁྲིམས་དང་ལྡན་པས་གཤེ་ཡང་སླར་མི་གཤེ་བ་ལ་སོགས་པའི་རྣམ་པས་བཟོད་པར་འགྱུར་རོ། །གྲང་བ་སོགས་ལ་བཟོད་པས་དེའི་གཞི་ལས་སྦྱོར་བ་མི་ཉམས་པས་བརྩོན་འགྲུས་བརྩོམས་པ་ཡིན་ནོ། །བརྩོན་འགྲུས་བརྩམས་པས་སྦྱོར་བའི་མཐའི་འབྲས་བུ་ཐོབ་པས་བསམ་གཏན་སྒྲུབ་བོ། །བསམ་གཏན་ཕུན་སུམ་ཚོགས་ཏེ་སེམས་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པས་འཇིག་རྟེན་ལས་འདས་པའི་ཤེས་རབ་ཐོབ་བོ། །རྣམ་གྲངས་གཞན་ཡང་སྔ་མ་སྔ་མ་ནི་ཕྱི་མ་ཕྱི་མའི་རྣམ་པར་དག་པར་བྱ་བའི་གཞི་ཡིན་པའི་ཕྱིར་ཏེ། འདི་ལྟར་ཚུལ་ཁྲིམས་དང་ལྡན་པ་ནི་སྦྱིན་པས་ཕན་གདགས་པ་ལ་ཚུལ་ཁྲིམས་ཀྱིས་གནོད་པ་མི་བྱེད་པའི་ཕྱིར་སྦྱིན་པ་རྣམ་པར་དག་པར་འགྱུར་རོ། །བཟོད་པ་དང་ལྡན་པ་ནི་གཞན་གྱིས་གནོད་པ་བྱེད་པ་དག་གིས་བསླབ་པའི་གཞི་མི་འདྲལ་བས་ཚུལ་ཁྲིམས་རྣམ་པར་དག་པར་འགྱུར་རོ། །བརྩོན་འགྲུས་བརྩམས་པས་འགྲོ་བའི་སྟོབས་ཀྱི་སེམས་ཅན་གྱི་ཆེད་དུ་འཁོར་བ་ཁས་བླངས་པ་ནི་སེམས་ཅན་གྱི་ལོག་སྒྲུབ་ཀྱི་སྡུག་བསྔལ་བདེ་བླག་ཏུ་བཟོད་པས་བཟོད་པ་རྣམ་པར་དག་པར་འགྱུར་རོ། །བསམ་གཏན་ནི་བདེ་བ་དང་ཡིད་བདེ་དང་བཅས་པས་དགེ་བའི་ཆོས་ཐམས་ཅད་ལ་སྦྱོར་བའི་ཕྱིར་བརྩོན་འགྲུས་རྣམ་པར་དག་པར་འགྱུར་རོ། །ཤེས་རབ་དང་ལྡན་པ་ནི་ཆོས་རྣམ་པ་མང་པོ་ལ་རྣམ་པར་བལྟས་ནས་ནང་དུ་ཞི་བར་བྱེད་པ་ནི་ཏིང་ངེ་འཛིན་རྣམ་པར་འཕེལ་བས་བསམ་གཏན་རྣམ་པར་དག་པར་འགྱུར་རོ། །རྣམ་གྲངས་གཞན་ཡང་ཇི་ལྟར་རགས་པའི་རིམ་པའི་རྣམ་པས་བཞག་སྟེ། ཐམས་ཅད་ལ་སྦྱིན་པ་རགས་པས་དེ་ཉིད་ཐོག་མར་བཞག་གོ །ཤེས་རབ་ནི་ཐམས་ཅད་ཀྱི་ནང་ནས་ཕྲ་བས་དེའི་ཕྱིར་ཐ་མར་བཞག་གོ །

ངེས་པའི་ཚིག་བསྟན་པ་ནི། ཅིའི་ཕྱིར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཅེས་བྱ་ཞེ་ན་སྦྱིན་པ་ཆེན་པོ་དང་། སྐྱོན་མེད་པ་དང་། དྲི་མ་མེད་པ་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཞེས་བྱའོ། །སྦྱིན་པ་ཆེན་པོ་ནི་ཕྱི་ནང་གི་དངོས་པོ་ཐམས་ཅད་སྦྱིན་པ་དང་ཡུན་རིང་དུ་སྦྱིན་པའི་ཕྱིར་རོ། སྐྱོན་མེད་པ་ནི་གནོད་པས་ཀུན་དུ་ཚོལ་བ་སོགས་སྤངས་པའི་ཕྱིར་རོ། །དྲི་མ་མེད་པ་ནི་མི་མཐུན་ཕྱོགས་བག་ཆགས་དང་བཅས་ཏེ་སྤངས་པའི་ཕྱིར་རོ། །དེ་བཞིན་དུ་ཤེར་ཕྱིན་གྱི་བར་དུ་སྦྱར་རོ། །ཚུལ་ཁྲིམས་སོགས་ཀྱི་སྐྱོན་ལྔ་པ་ནི། བདག་ཏུ་སྒྲོ་འདོགས་པ་སོགས་རྣམ་པར་སྤངས་པའི་ཕྱིར་རོ། །དེ་ནི་རེ་ཞིག་ཐུན་མོང་གི་ངེས་པའི་ཚིག་ཡིན་ལ། སོ་སོའི་ངེས་ཚིག་ནི། སྦྱིན་བདག་གི་དབུལ་བ་སེལ་བ་དང་ལེན་པ་པོ་རྣམས་ཀྱི་གདུང་བ་སེལ་བའི་ཕྱིར་སྦྱིན་པའོ། །དབང་པོ་ཞི་བ་ཐོབ་པ་དང་འགྲོ་བ་བཟང་པོར་སྦྱོར་བ་དང་བསིལ་བའི་གནས་ཡིན་པས་ཚུལ་ཁྲིམས་ཏེ། རིམ་པ་ལྟར་དབང་པོ་རྣམས་ཀྱི་སྒོ་སྡོམ་པར་བྱེད་པ་དང་། བདེ་འགྲོར་འགྲོ་བའི་རྒྱུར་གྱུར་པ་དང་འགྱོད་པ་མེད་པ་ལ་སོགས་པས་རིམ་གྱིས་མྱ་ངན་ལས་འདས་པའི་བར་གྱི་གནས་ཡིན་པའི་ཕྱིར་རོ། །ཁྲོ་བའི་ཚ་བ་སེལ་བ་དང་རྨ་འབྱིན་པའི་སེམས་བཞོངས་པ་སེལ་བ་དང་ཞི་བ་བརྗོད་པའི་ཕྱིར་བཟོད་པ་སྟེ། རྨ་འབྱིན་པའི་སེམས་ནི་གནོད་པ་བྱེད་པ་རྣམས་ལ་ལན་དུ་གནོད་པ་བྱེད་པར་འདོད་པ་ཡིན་ལ། ཞི་བ་བརྗོད་པ་ནི་དེ་དག་ལ་མི་འཇིགས་པར་སྒྲོགས་པའོ། །སེལ་བའི་ཕྱིར་སྤྱོད་པ་དང་འཕེལ་བའི་ཕྱིར་སྤྱོད་པ་དང་ལྡན་པས་བརྩོན་འགྲུས་ཏེ། རིམ་པ་ལྟར་ཡང་དག་པར་སྤོང་བ་གཉིས་ཀྱིས་མི་དགེ་བའི་ཆོས་དང་འབྲལ་བར་བྱེད་པ་དང་། གཉིས་ཀྱིས་དགེ་བའི་ཆོས་ཡང་དག་པར་སྒྲུབ་པའོ། །འཛིན་པ་དང་སྡོམ་པ་དང་འདུལ་བ་དང་ཐོབ་པར་བྱེད་པའི་ཕྱིར་བསམ་གཏན་ཏེ། རིམ་པ་ལྟར་དམིགས་པ་ལ་སེམས་འཛིན་པ་དང་། རྣམ་གཡེང་ལས་སེམས་སྡོམ་པ་དང་། ཀུན་ནས་དཀྲིས་པ་རྣམ་པར་གནོན་པ་དང་། དབང་འབྱོར་པ་ཐོབ་པར་བྱེད་པའོ། །གཞན་གྱིས་སྨྲས་པ་ཤེས་པ་དང་། སོ་སོ་རང་གིས་ཤེས་པ་དང་རྣམ་པ་ཤེས་པ་དང་ཞི་བ་ཐོབ་པ་དང་། ཡོན་ཏན་མཆོག་ཏུ་ཕྱིན་པར་བྱེད་པས་ཤེས་རབ་སྟེ། གོ་རིམ་བཞིན་དུ་གཞན་གྱི་སྒྲ་ལས་ཚུལ་བཞིན་ཡིད་ལ་བྱེད་པ་དང་། མཚུངས་པར་ལྡན་པས་དང་། འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པ་དང་། སྒོམ་པའི་ལམ་ལ་ཉོན་མོངས་པའི་གཉེན་པོར་གྱུར་པས་དང་། ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པའི་ཕྱིར་ཤེས་རབ་ཏུ་རིག་པར་བྱའོ། །སྒོམ་པ་བསྟན་པ་ནི་ལྔ་སྟེ། འདི་ལྟར། ཕུང་པོར་བསྟེན་ནས་སྒོམ་པ་སྟེ། །ཡིད་ལ་བྱེད་དང་བསམ་པ་དང་། །ཐབས་དང་དབང་འབྱོར་དེ་བཞིན་ཏེ། །དེ་དག་ཐམས་ཅད་བརྗོད་པ་ཡིན། །ཅེས་སོ། །ཇི་སྐད་དུ། རྒྱུ་དང་སྨིན་དང་སྨོན་ལམ་དང་། །སོ་སོར་བརྟགས་པས་ཕུང་པོ་དྲན། །ཅེས་པ་ལྟར། ཕུང་པོ་ལ་གནས་པའི་སྒོམ་པ་ལ་བཞི་ལས། རྒྱུ་ལ་གནས་པ་ནི་རིགས་ཀྱི་སྟོབས་ཀྱིས་ཕ་རོལ་དུ་ཕྱིན་པ་རྣམས་ལ་ནན་ཏན་གྱིས་གོམས་པར་བྱེད་པའོ། །རྣམ་པར་སྨིན་པ་ལ་གནས་པ་ནི། གང་ལུས་ཕུན་སུམ་ཚོགས་པའི་སྟོབས་ཀྱིས་སོ། །སྨོན་ལམ་ལ་གནས་པ་ནི་སྨོན་ལམ་གྱི་སྟོབས་ཀྱིས་སོ། །སོ་སོར་བརྟགས་པའི་སྟོབས་ལ་གནས་པ་ནི་ཤེས་རབ་ཀྱི་སྟོབས་ཀྱིས་ཕ་རོལ་དུ་ཕྱིན་པ་ལ་ནན་ཏན་གྱིས་གོམས་པར་བྱེད་དོ། །ཡིད་ལ་བྱེད་པ་ལ་གནས་པའི་སྒོམ་པ་ནི་བཞི་ལས། མོས་པ་ཡིད་ལ་བྱེད་པས་སྒོམ་པ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་ལྡན་པའི་མདོ་སྡེ་ལ་མོས་པ་སྒོམ་པའོ། །རོ་མྱང་བ་ཡིད་ལ་བྱེད་པས་སྒོམ་པ་ནི་ཕ་རོལ་དུ་ཕྱིན་པ་ཐོབ་པ་རྣམས་ལ་ཡོན་ཏན་མཐོང་བའི་ཚུལ་གྱིས་རོ་མྱང་བར་བྱེད་པའོ། །རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པས་སྒོམ་པ་ནི་འཇིག་རྟེན་ཐམས་ཅད་ཀྱི་སེམས་ཅན་རྣམས་ཀྱི་སྦྱིན་པ་ལ་སོགས་པ་ལ་ཡིད་རང་བའོ། །མངོན་པར་དགའ་བ་ཡིད་ལ་བྱེད་པས་སྒོམ་པ་ནི་བདག་དང་གཞན་གྱི་མ་འོངས་པའི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་ལ་དགའ་བའོ། །

བསམ་པ་ལ་གནས་པའི་སྒོམ་པ་ནི་དྲུག་སྟེ། མི་ངོམས་པའི་བསམ་པ་དང་། ཡངས་པའི་བསམ་པ་དང་། དགའ་བའི་བསམ་པ་དང་། ཕན་གདགས་པའི་བསམ་པ་དང་། གོས་པ་མེད་པའི་བསམ་པ་དང་། དགེ་བའི་བསམ་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་མི་ངོམས་པ་ནི་སྐལ་པ་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་བར་དུ་སྐད་ཅིག་རེ་རེ་ལ་འཇིག་རྟེན་གྱི་ཁམས་གང་གཱའི་བྱེ་མ་སྙེད་རིན་ཆེན་སྣ་བདུན་གྱིས་བཀང་སྟེ་རང་གི་ལུས་དེ་སྙེད་དུ་སྤྲུལ་ནས་སེམས་ཅན་ཐམས་ཅད་ལ་དེ་སྙེད་དུ་རེ་རེ་ཞིང་སྦྱིན་པར་བྱེད་ཀྱང་མི་ངོམས་པ་ནི་སྦྱིན་པ་ལ་མི་ངོམས་པ་ཡིན་ནོ། །བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་རྣམ་པ་དེ་ལྟ་བུའི་སྦྱིན་པ་གཅིག་ནས་གཅིག་ཏུ་རྒྱུད་པ་སྐད་ཅིག་ཙམ་ཡང་ཉམས་པར་མི་བྱེད་པ་ནི་སྦྱིན་པ་ལ་ཡངས་པའི་བསམ་པ་ཡིན་ནོ། །དེ་ལྟར་སྦྱིན་པའི་བྱང་ཆུབ་སེམས་དཔའ་དགའ་བ་ལྟར་ལེན་པ་པོའི་སེམས་ཅན་རྣམས་དེ་ཙམ་དུ་མི་དགའ་བ་ནི་དགའ་བའི་བསམ་པའོ། །བྱང་ཆུབ་སེམས་དཔས་སྦྱིན་པའི་ཡུལ་གྱི་སེམས་ཅན་རྣམས་ཀྱིས་བདག་ལ་ཕན་པ་ཆེར་བཏགས་པར་སེམས་པ་དེ་ལྟར་སེམས་ཅན་རྣམས་བྱང་ཆུབ་སེམས་དཔའ་ལ་དེ་ཙམ་དུ་ཕན་པར་མི་སེམས་པ་ནི་ཕན་འདོགས་པའི་བསམ་པའོ། །སྦྱིན་པ་ལས་གྱུར་པའི་བསོད་ནམས་དེ་ལྟ་བུ་ལ་ལན་ནམ་རྣམ་པར་སྨིན་པ་ལ་རེ་བ་མེད་པ་ནི་གོས་པ་མེད་པའི་བསམ་པའོ། །སྦྱིན་པ་ལས་བྱུང་བའི་བསོད་ནམས་དེ་ལྟ་བུའི་རྣམ་པར་སྨིན་པ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ནི་དགེ་བའི་བསམ་པ་ཡིན་ནོ། །ཡང་བྱང་ཆུབ་སེམས་དཔའ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ལུས་དེ་སྙེད་དུ་གྱུར་ནས་རྒྱུན་མི་འཆད་པར་ཡོ་བྱད་ཐམས་ཅད་ཀྱིས་ཕོངས་ཤིང་སྟོང་གསུམ་མེས་རབ་ཏུ་གང་བ་ན་སྤྱོད་ལམ་རྣམ་བཞི་བྱེད་ཀྱང་སྐད་ཅིག་རེ་རེ་ལ་ཚུལ་ཁྲིམས་ནས་ཤེས་རབ་ཀྱི་བར་སྒོམ་ཡང་དེས་མི་ངོམས་པ་ནི་ཚུལ་ཁྲིམས་སོགས་ཀྱི་ཕ་རོལ་དུ་ཕྱིན་པ་ལྔ་ལ་མི་ངོམས་པ་ཡིན་ནོ། །དེ་དག་གི་ཡངས་པའི་བསམ་པ་སོགས་ནི་སྔ་མ་བཞིན་ནོ། །རབ་ཏུ་དབྱེ་བ་བསྟན་པ་ནི་རེ་རེ་ལ་གསུམ་གསུམ་སྟེ། སྦྱིན་པ་གསུམ་ནི་ཆོས་དང་ཟང་ཟིང་མི་འཇིག་པའི་སྦྱིན་པའོ། །ཚུལ་ཁྲིམས་གསུམ་ནི་སྡོམ་པ་དགེ་བ་ཆོས་སྡུད་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་སོ། །བཟོད་པ་གསུམ་ནི་གནོད་པ་ལ་ཇི་མི་སྙམ་པ་སྡུག་བསྔལ་དང་དུ་ལེན་པ་ཆོས་ལ་ངེས་པར་སེམས་པའི་བཟོད་པའོ། །བརྩོན་འགྲུས་གསུམ་ནི་གོ་ཆ་སྦྱོར་བ་སེམས་ཅན་གྱི་དོན་བྱ་བའི་བརྩོན་འགྲུས་སོ། །བསམ་གཏན་གསུམ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཡོན་ཏན་མངོན་པར་སྒྲུབ་པའི་སེམས་ཅན་གྱི་དོན་བྱ་བའི་བསམ་གཏན་ནོ། །ཤེས་རབ་གསུམ་ནི་ཀུན་རྫོབ་ལ་དམིགས་པ་དོན་དམ་ལ་དམིགས་པ་སེམས་ཅན་གྱི་དོན་ལ་དམིགས་པའི་ཤེས་རབ་བོ། །

བསྡུས་པ་བསྟན་པ་ནི། དགེ་བའི་ཆོས་ཀུན་འདི་དྲུག་གིས་བསྡུས་ཤིང་། འདི་དྲུག་ཀྱང་དེ་དག་གིས་བསྡུས་ཏེ། དེའི་མཚན་ཉིད་དད་སོགས་དེ་དང་མཐུན་པ་དང་སྟོབས་བཅུ་སོགས་དེ་དག་གི་འབྲས་བུ་ཡིན་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་བསྟན་པ་ནི། སེར་སྣ་དང་། འཆལ་བའི་ཚུལ་ཁྲིམས་དང་། ཁྲོ་བ་དང་། ལེ་ལོ་དང་། རྣམ་པར་གཡེང་བ་དང་། འཆལ་བའི་ཤེས་རབ་རྣམས་ཀྱིས་ཀུན་ནས་ཉོན་མོངས་པ་ཀུན་བསྡུས་སོ། །ཡོན་ཏན་གྱི་སྔགས་པ་བསྟན་པ་ནི། ཕྱུག་པོ་དང་། བདེ་འགྲོ་དང་། གཡོག་འཁོར་མང་བ་དང་། ལས་ཀྱི་མཐའ་གྲུབ་པ་དང་། གནོད་པ་ཆུང་བ་དང་། རིག་པའི་གནས་ཀུན་ལ་མཁས་པ་རྣམས་ཁ་ན་ཐོ་བ་མེད་ཅིང་བྱང་ཆུབ་ལ་རེག་གི་བར་དུ་འགྲོ་བ་ཀུན་གྱི་དོན་བྱ་བ་ཉེ་བར་གནས་པ་རྣམས་སོ། །

ཅིག་ལ་ཅིག་རྣམ་པར་ངེས་པ་བསྟན་པ་ནི་གསུམ་སྟེ། སྦྱོར་བ་ལས་གྱུར་པ། རབ་ཏུ་དབྱེ་བ་ལས་གྱུར་པ། རབ་ཏུ་ཕྱེ་ནས་བསྟན་པ་ལས་གྱུར་པའོ། །དང་པོ་ནི་ཕ་རོལ་ཏུ་ཕྱིན་པ་རེ་རེ་ཡང་དྲུག་དྲུག་ཚང་བར་ཉམས་སུ་ལེན་པའོ། །གཉིས་པ་ནི་ངོ་བོ་ཉིད་ཀྱིས་རབ་ཏུ་དབྱེ་བ་དང་། རྗེས་སུ་བྱེད་པས་རབ་ཏུ་དབྱེ་བ་དང་། རྗེས་སུ་སྦྱོར་བས་རབ་ཏུ་དབྱེ་བ་དང་། བསྐྱེད་པའི་རབ་ཏུ་དབྱེ་བའོ། །དང་པོ་ནི་གཏོང་བ་དང་གནོད་པ་སྡོམ་པ་དང་ཇི་མི་སྙམ་པ་དང་མངོན་པར་སྤྲོ་བ་དང་སེམས་གནས་པ་དང་རབ་ཏུ་རྣམ་པར་འབྱེད་པ་སྟེ་སྦྱིན་པ་ལ་སོགས་པའི་ངོ་བོ་ཉིད་དོ། །གཉིས་པ་ནི་སྦྱིན་སོགས་ལ་སྦྱོར་བ་ན་དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྗེས་སུ་འཇུག་པ་སྟེ་སྔ་མ་བཞིན་ནོ། །གསུམ་པ་ནི་དྲུག་པོ་འཛིན་དུ་འཇུག་པ་དང་། བསྔགས་པ་བརྗོད་པ་དང་ཞུགས་པ་ལ་རབ་ཏུ་དགའ་བའོ། །བཞི་པ་ནི་དྲུག་པོ་གཞན་གྱི་རྒྱུད་ལ་འཇོག་པའོ། །རབ་ཏུ་ཕྱེ་ནས་བསྟན་པར་གྱུར་པ་ནི། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་གང་ཡིན་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་ཡིན་ནམ་ཞེ་ན། ཚིག་འོག་མ་དང་སྦྱར་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཀ་ཡང་ཆོས་ཀྱི་སྦྱིན་པ་ཡིན་པའི་ཕྱིར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་ཡོད་དེ། ཚུལ་ཁྲིམས་ཀྱི་ཕར་ཕྱིན་གྱིས་མ་ཟིན་པའི་སྦྱིན་པའི་ཕར་ཕྱིན་ནོ། །དེ་བཞིན་དུ་ཤེས་རབ་ཀྱི་བར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཚིག་འོག་མ་དང་སྦྱོར་བ་རྣམས་སྦྱར་བར་བྱའོ། །སྦྱིན་པ་གང་ཡིན་པ་དེ་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ་ཞེ་ན། མུ་གསུམ་དུ་འགྱུར་ཏེ་སྦྱིན་པ་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་ནི་གང་བྱང་ཆུབ་ཆེན་པོར་ཡོངས་སུ་མ་བསྔོས་པའི་སྦྱིན་པའོ། །གཉིས་ཀ་ཡིན་པ་ནི་དེར་བསྔོས་པའི་སྦྱིན་པའོ། །གཉིས་ཀ་མ་ཡིན་པ་ནི་རྣམ་པ་དེ་དག་ལ་མ་གཏོགས་པ་སྟེ་ཤེས་རབ་ཀྱི་བར་དུ་མུ་གསུམ་གསུམ་སྦྱར་རོ།། །།

གཉིས་པ་ཤིན་ཏུ་རྒྱས་པ་ཟབ་པ་དང་རྒྱ་ཆེ་བར་བསྟན་པ། དེའི་འབྲས་བུ་ནི་རྣམ་མཁྱེན་ཉིད་སྦྱིན་སོགས་ཀྱི་འབྲས་བུ་རྒྱ་ཆེ་བ་ཤེར་ཕྱིན་སྤྱོད་ཡུལ་དང་བཅས་པའི་འབྲས་བུ་གཏིང་དཔག་ཟབ་པའི་ཕྱིར་རོ། །གསུམ་པ་ནི་ཅིའི་ཕྱིར་དེ་ལ་ཁ་ཅིག་མི་མོས་ཤིང་དེའི་དོན་ལ་སྐྲག་པར་འགྱུར་ཞེ་ན་ཐེག་པ་ཆེན་པོའི་ཆོས་ཉིད་ཀྱི་རིགས་དང་བྲལ་བས་རང་བཞིན་གྱི་སེམས་དམན་པའི་ཕྱིར་དང་། རིགས་ཡོད་དུ་ཟིན་ཀྱང་བྱང་ཆུབ་ཆེན་པོ་ལས་བརྩམས་ཏེ་སྨོན་ལམ་སོགས་དགེ་བའི་རྩ་བ་མ་བསྐྱེད་པའི་ཕྱིར་དང་དགེ་བའི་རྩ་བ་བསྐྱེད་དུ་ཟིན་ཀྱང་ཐེག་པ་ཆེན་པོ་སྤོང་བའི་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པའི་ཕྱིར་རོ། །མདོ་སྡེ་རྒྱན་ལས་ཀྱང་། རིགས་མེད་གྲོགས་ངན་སྔོན་དགེ་མ་བསགས་བློ་མ་སྦྱངས། །ཆོས་འདིས་སྐྲག་འགྱུར་འདི་ན་དོན་ཆེན་འདི་ལས་ལྷུང་། ཅེས་གསུངས་པ་ལྟར་རོ།། །།

བཞི་པ་ནི། ངོ་བོ་ཉིད་མེད་པ་སོགས་གསུངས་པའི་དགོངས་པ་མི་ཤེས་པ་ཀུན་རྫོབ་ལ་ཡང་སྐུར་པ་འདེབས་པ་ཁ་ཅིག་མོས་ཀྱང་དེས་འཁོར་བ་ལས་ངེས་པར་མི་འབྱུང་ཞིང་མངོན་པར་འདོད་པའི་གོ་འཕང་མི་ཐོབ་པ་ཅི་ཞེ་ན། ལན་ལ་གཉིས་ལས། དང་པོ་ནི་རང་ཉིད་ཀྱི་ལྟ་བ་མཆོག་ཏུ་འཛིན་པ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཅེས་པའི་དོན་ལ་སྒྲ་ཇི་བཞིན་དུ་ཞེན་ནས་དངོས་པོ་ཐམས་ཅད་ལ་སྐུར་པ་འདེབས་པའི་ཕྱིར་སྟེ་ཇི་ལྟ་བ་བཞིན་དུ་མ་རྟོགས་པས་ཚུལ་བཞིན་དུ་སྒྲུབ་པར་མི་ནུས་ལ་མ་སྒྲུབས་ན་འབྲས་བུ་མི་ཐོབ་པའི་ཕྱིར་རོ། །དེ་བཞིན་དུ་གཞན་ལ་ཡང་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ནས་ཐེག་པ་ཆེན་པོ་ལས་ངེས་པར་མི་འབྱུང་སྟེ། ཐེག་པ་ཆེན་པོ་ནི་གདུལ་བྱ་ཉེ་བར་གནས་པ་ལ་ལྟོས་པ་ནས་དགོངས་པ་སྣ་ཚོགས་ཀྱིས་གསུངས་པའི་ཕྱིར་རོ། །དེ་སྒྲུབ་བྱེད་ཀྱི་མདོ་ལས་དོན་བསྟན་པ་ནི། མོས་ཀྱང་ངེས་པར་མི་འབྱུང་བ་འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་མེ་ལོང་ཆེན་པོའི་ཆོས་ཀྱི་རྣམ་གྲངས། དད་པ་ཆེར་འབྱུང་བའི་མདོ་ལས་མདོའི་ངག་ནི་བྱང་ཆུབ་སེམས་དཔའ་ཞེས་པས་ཐེག་པ་ཆེན་པོ་ལ་མོས་པ་བསྟན་ཏེ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ནས་ཚུལ་བཞིན་མ་ཡིན་པ་མི་རིགས་པར་ཆོས་གསུང་རབ་ཀྱི་དོན་རྣམ་པར་འབྱེད་པ་ལ་ལྟ་ངན་ཉི་ཤུ་རྩ་བརྒྱད་འབྱུང་ངོ་། །

དེ་དག་བཤད་པ་ལ་གཉིས་ལས། ལྟ་བའི་ངོ་བོ་བཅུ་བདུན་ནི། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་མ་སྐྱེས་པ་སོགས་སུ་བསྟན་པའི་དགོངས་པ་ལ་མི་མཁས་པས་སྒྲ་ཇི་བཞིན་པར་ཞེན་ཏེ་མ་སྐྱེས་པ་དང་མེད་པ་སོགས་ཀྱི་མཚན་མར་ཞེན་པ་ནི་མཚན་མའི་ལྟ་བའོ། །དེའི་འོག་ཏུ་ངོ་བོ་ཉིད་གསུམ་ལ་སྐུར་པ་འདེབས་པ་ནི་རིམ་པ་ལྟར་བཏགས་སོགས་གསུམ་ལ་སྐུར་པ་འདེབས་པའི་ལྟ་བའོ། །དེ་ལྟར་དེ་དག་རྣམ་པ་ཐམས་ཅད་ལ་སྐུར་པ་འདེབས་པ་ན་རང་གི་ལྟ་བ་དེ་རྣམ་པར་བཞག་པའི་ཕྱིར་རིགས་པ་འགའ་ཞིག་ཡོངས་སུ་འཛིན་པ་དང་། ངེས་པའི་དོན་གྱི་མདོ་སྡེ་གང་དག་བརྗོད་དུ་མེད་པའི་ཆོས་ཉིད་སྟོན་པ་དེ་ཐམས་ཅད་རང་གི་ལྟ་བ་དང་མཐུན་པར་ཡོངས་སུ་བསྒྱུར་བ་ནི་རིམ་པ་ལྟར་ཡོངས་སུ་འཛིན་པ་དང་། བསྒྱུར་བར་ལྟ་བའོ། །དེ་དག་ཡང་ལྟ་བ་འདི་འདྲ་བར་གྱུར་ཏེ་ལྟ་བ་འདི་ལྟ་བུ་ལ་བརྟེན་ནས་དགེ་བའམ་མི་དགེ་བ་གང་སྤྱད་ཀྱང་རུང་ཁ་ན་མ་ཐོ་བ་མེད་ཅིང་དགེ་བར་འགྱུར་བ་དང་། ལྟ་བ་དེས་སྔོན་བསགས་པའི་སྒྲིབ་པ་ལས་ངེས་པར་འབྱུང་བར་འཛིན་པ་ནི་རིམ་པ་ལྟར་ཁ་ན་མ་ཐོ་བ་མེད་པ་དང་ངེས་པར་འབྱུང་བར་ལྟ་བའོ། །ལྟ་བ་དེ་དང་མི་མཐུན་པ་ཕུང་པོ་ལ་སོགས་པ་རྣམ་པར་འཇོག་པའི་ཉན་ཐོས་ཀྱི་སྡེ་སྣོད་རྣམས་ཁྱད་དུ་གསོད་པ་དང་། རང་གི་ལྟ་བ་ལ་མི་མོས་པ་ཉན་ཐོས་ཀྱི་ཐེག་པ་དག་ལ་རབ་ཏུ་སྡང་བ་ནི་རིམ་པ་ལྟར་དབང་ཟ་བ་དང་རབ་ཏུ་འཁྲུགས་པའི་ལྟ་བའོ། །ཡང་རང་གི་ལྟ་བའི་ཚུལ་དུ་སྟོང་པ་ཉིད་དང་མཚན་མེད་སྨོན་མེད་ཇི་ལྟ་བ་བཞིན་དུ་རྣམ་པར་བཞག་གོ་སྙམ་ནས་རྣམ་ཐར་སྒོ་གསུམ་གྱི་མཚན་ཉིད་ཕྱིན་ཅི་ལོག་ཏུ་རྣམ་པར་འཇོག་པ་དང་། གང་དག་ཆོས་ཉིད་འདི་ལྟ་བུ་ལ་འཛུད་པ་དེ་དག་ནི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་བསྐྱེད་དོ་སྙམ་པ་ནི་རིམ་པ་ལྟར་ཕྱིན་ཅི་ལོག་དང་འཕེལ་བའི་ལྟ་བའོ། །གང་གི་ཚེ་དེ་དག་ལྟ་བ་དེ་ལས་བརྩམས་ནས་དྲིས་པ་ན་རང་ཉིད་ཅི་ཡང་ཁས་མི་ལེན་ཞིང་། ཚིག་དོར་དང་ལྟག་ཆོད་ཀྱིས་གཞན་ལ་འདྲི་ཞིང་རྒོལ་བ་ནི་རིམ་པ་ལྟར་ཁས་མི་ལེན་པ་དང་ངན་གཡོའི་ལྟ་བའོ། །གང་དག་ལྟ་བ་འདི་ལྟ་བུ་དང་རྗེས་སུ་མཐུན་པར་སྒྲུབ་པ་དེ་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་དང་རིམ་གྲོ་བྱེད་པར་འཛིན་པ་ནི་བཀུར་བསྟིའི་ལྟ་བའོ། །མཁས་པ་གཞན་གྱིས་ལྟ་བ་དེ་ལུང་དང་རིགས་པའི་སྒོ་ནས་ལེགས་པར་སུན་ཕྱུང་ཡང་མི་འདོར་ཞིང་འདི་ཉིད་བདེན་གྱི་དོན་མེད་དོ་སྙམ་པ་ནི་རྨོངས་པ་བརྟན་པའི་ལྟ་བའོ། །ཇི་སྐད་བསྟན་པའི་ལྟ་བ་དེ་དག་གི་བག་ཆགས་གནས་ངན་ལེན་གང་ཡིན་པ་ནི་རྩ་བའི་ལྟ་བ་ཡིན་ནོ། །

དེ་དག་སྐྱོན་གྱི་སྒོ་ནས་བཤད་པ་བཅུ་ནི། མཚན་མའི་ལྟ་བ་ནི་ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་ཅེས་བྱ་སྟེ། མེད་པ་ལ་སོགས་པའི་མཚན་མ་ལ་མངོན་པར་ཞེན་པ་ཉིད་དུ་གྱུར་ཀྱང་མཚན་མ་ཐམས་ཅད་ལ་མངོན་པར་ཞེན་པ་མེད་དོ་སྙམ་པའི་འདུ་ཤེས་ཅན་དུ་འགྱུར་བའི་ཕྱིར་རོ། །བཏགས་པའི་ལྟ་བ་སོགས་གསུམ་ནི་སྦྱོར་བ་སེལ་བའི་ལྟ་བ་ཡིན་ཏེ། ཐམས་ཅད་ལ་སྐུར་པ་འདེབས་པའི་ལྟ་བ་ནི་འབད་པ་དོན་མེད་པའི་འདུ་ཤེས་ཅན་དུ་འགྱུར་བའི་ཕྱིར་རོ། །ཡོངས་སུ་འཛིན་པ་དང་བསྒྱུར་བའི་ལྟ་བ་ནི་ངེས་པར་འབྱིན་པ་མ་ཡིན་པའི་ལྟ་བ་ཡིན་ཏེ། ཐབས་མ་ཡིན་པ་ལ་སྦྱོར་བ་ནི་དེའི་འབྲས་བུ་མི་ཐོབ་པའི་ཕྱིར་རོ། །ཁ་ན་མ་ཐོ་བ་མེད་པ་དང་ངེས་པར་འབྱུང་བའི་ལྟ་བ་ནི་སྒྲིབ་པ་ལ་སོགས་པའི་ལྟ་བ་སྟེ། ལོག་པར་སྒྲུབ་པའི་སྒྲིབ་པ་ཟད་མི་སྲིད་པའི་ཕྱིར་རོ། །དབང་ཟ་བ་དང་རབ་ཏུ་འཁྲུགས་པའི་ལྟ་བ་ནི་བསོད་ནམས་མ་ཡིན་པ་འཕེལ་བའི་ལྟ་བ་སྟེ། དམ་པའི་ཆོས་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ལོག་པར་སྒྲུབ་པའི་སྒོ་ནས་སྨས་པ་ཆེན་པོ་ཐོབ་པའི་ཕྱིར་རོ། །ཕྱིན་ཅི་ལོག་དང་འཕེལ་བའི་ལྟ་བ་ནི་འབྲས་བུ་མེད་པའི་ལྟ་བ་སྟེ། ཡང་དག་པ་མ་ཡིན་པའི་ཆོས་ཉིད་རྣམ་པར་འཇོག་པ་དང་འཛིན་དུ་འཇུག་པས་ཁྱད་པར་མི་ཐོབ་པའི་ཕྱིར་རོ། །ཁས་མི་ལེན་པ་དང་ངན་གཡོའི་ལྟ་བ་ནི་ཆད་པས་བཅད་པའི་ལྟ་བ་སྟེ། རིགས་པ་མ་ཡིན་པས་རྒོལ་ན་རྒྱལ་བ་མ་ཐོབ་པར་ཚར་བཅད་ཐོབ་པའི་ཕྱིར་རོ། །བཀུར་སྟིའི་ལྟ་བ་ནི་བསྐུར་པ་འདེབས་པའི་ལྟ་བ་སྟེ། དེ་མི་གསུང་བ་ལ་དེ་གསུངས་བར་སྒྲོ་འདོགས་པའི་ཕྱིར་རོ། །རྨོངས་པ་བརྟན་པའི་ལྟ་བ་ནི་བསྙད་པ་མ་ཡིན་པའི་ལྟ་བ་སྟེ། ལོག་པར་མངོན་པར་ཞེན་པ་དང་འབེལ་བའི་གཏམ་བྱ་བ་བཀག་པའི་ཕྱིར་རོ། །རྩ་བའི་ལྟ་བ་ནི་ལྟ་བ་ཆེན་པོ་སྟེ། དེ་ལས་ཕྱི་མ་ལས་ལྟ་བར་གྱུར་པ་ཐམས་ཅད་རྟས་ཤིང་རྒྱས་པར་འགྱུར་བའི་ཕྱིར་རོ། །ལྟ་བ་ཉི་ཤུ་རྩ་བདུན་པོ་འདི་དག་ཐམས་ཅད་ནི་མངོན་པའི་ང་རྒྱལ་གྱི་ལྟ་བ་ཡིན་ཏེ། ཡང་དག་པ་མ་ཡིན་པའི་མངོན་པའི་ང་རྒྱལ་གྱིས་བསླང་བའི་ཕྱིར་རོ། །དེའི་ཕྱིར་མདོ་དེ་ཉིད་ལས། དེའི་འོག་ཏུ། འདི་དག་ནི་བཅུ་བདུན་ཡིན་ཡང་བཅུར་འགྱུར་རོ། །བཅུ་ཡིན་ཡང་བཅུ་བདུན་དུ་འགྱུར་རོ། །ཉི་ཤུ་རྩ་བདུན་ཡིན་ཡང་གཅིག་ཏུ་འགྱུར་རོ། །གཅིག་ཡིན་ཡང་ཉི་ཤུ་རྩ་བདུན་དུ་འགྱུར་རོ། །ཞེས་གསུངས་སོ།། །།

ལྔ་པ་ལ་གསུམ་སྟེ། དངོས་དང་། དེས་གསུང་གཞན་གྱི་དགོངས་པ་འགྲུབ་པ་དང་། དེ་དག་ངེས་འབྱེད་བཤད་པའོ། །དང་པོ་ནི། དེ་ལ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཅེས་གསུངས་པ་དེ་ལ་སྒྲ་ཇི་བཞིན་མ་ཡིན་ན་དགོངས་པ་ཅི་ཞེ་ན་གྲངས་ཅན་གྱི་གཙོ་བོ་ལ་སོགས་རྣམ་འགྱུར་སྐྱེ་བ་ལྟར་དངོས་པོ་འདི་རྣམས་རང་གི་བདག་ཉིད་ཀྱིས་མི་འབྱུང་གི་རྐྱེན་ལ་ལྟོས་པ་དང་འཇིག་པ་ན་ཡང་ཉེ་བར་ཞི་བ་ཙམ་མ་ཡིན་གྱི་རང་གི་བདག་ཉིད་དུ་མེད་པར་འགྱུར་བ་དང་ད་ལྟར་བྱུང་བ་རྣམས་ཀྱང་སྐད་ཅིག་པས་ལྷག་པར་རང་གི་ངོ་བོ་ལ་མི་གནས་པ་དང་བདེན་པ་མ་མཐོང་བའི་བྱིས་པ་རྣམས་ཀྱིས་བདག་དང་ཆོས་སུ་ཇི་ལྟར་བཟུང་བ་བཞིན་དུ་རང་གི་མཚན་ཉིད་མེད་པའི་ཕྱིར་དེ་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་ཡིན་ནོ། །ཡང་ཆོས་ཐམས་ཅད་ཅེས་བྱ་བ་ནི་ངོ་བོ་ཉིད་གསུམ་སྟེ་དེ་ལ་ཀུན་བཏགས་པའི་ངོ་བོ་ཉིད་ལ་རང་གི་མཚན་ཉིད་མེད་ཏེ། བརྟགས་པ་ཙམ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རང་གི་མཚན་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཅེས་བྱའོ། །གཞན་གྱི་དབང་ལ་རང་གི་བདག་ཉིད་ཀྱིས་འབྱུང་བ་མེད་ཏེ། རྐྱེན་ལ་ལྟོས་པའི་ཕྱིར་རོ། །དེའི་ཕྱིར་སྐྱེ་བ་ངོ་བོ་ཉིད་མེད་པས་ངོ་བོ་ཉིད་མེད་པ་ཞེས་བྱའོ། །ཡོངས་སུ་གྲུབ་པ་ལ་ཀུན་བཏགས་པ་དང་གཞན་གྱི་དབང་གི་མཚན་ཉིད་ཀྱི་ངོ་བོ་ཉིད་མེད་ཏེ། རྣམ་པར་དག་པའི་དམིགས་པ་ཡིན་པས་དོན་དམ་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དོན་དམ་པའི་ངོ་བོ་ཉིད་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ཞེས་བྱའོ། །

གཉིས་པ་ནི། ཡང་མ་སྐྱེས་པ་ལ་སོགས་པ་གསུངས་པའི་དགོངས་པ་ཅི་ཞེ་ན་ཇི་ལྟར་བཤད་པའི་ཚུལ་གྱིས་ངོ་བོ་ཉིད་མེད་པ་དེ་ལྟར་མ་སྐྱེས་ཏེ། ངོ་བོ་ཉིད་མེད་པ་ལ་སྐྱེ་བའི་བྱ་བ་མེད་པའི་ཕྱིར་རོ། །མ་སྐྱེས་པ་དེ་ལྟར་མ་འགགས་ཏེ། འགག་པ་ནི་སྐྱེ་བ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །མ་སྐྱེས་པ་དང་མ་འགགས་པ་དེ་ལྟར་བཟོད་མ་ནས་ཞི་བ་ཡིན་ཏེ། ལྟོས་པའི་མཚན་མ་མེད་པའི་ཕྱིར་རོ། །དེ་ལྟར་ན་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞེས་བྱའོ། །

གསུམ་པ་ནི་ཡང་ཐེག་པ་ཆེན་པོ་ལ་དེ་བཞིན་གཤེགས་པའི་དགོངས་པ་ཐམས་ཅད་བཞིར་འགྱུར་ཏེ་འདི་ལྟར་མཉམ་པ་ཉིད་ལ་དགོངས་པ་ནི། སངས་རྒྱས་ལ་བརྙས་པའི་གཉེན་པོར་རང་ཉིད་དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་གསུངས་པ་ཏེ། ཆོས་ཀྱི་དེ་ཁོ་ན་ཉིད་བྱེ་བྲག་མེད་པ་ལ་དགོངས་པའི་ཕྱིར་རོ། །དུས་གཞན་ལ་དགོངས་པ་ནི་ལེ་ལོའི་གཉེན་པོར་གང་དག་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྨོན་ལམ་འདེབས་པ་དེ་དག་དེར་སྐྱེ་བར་འགྱུར་རོ་ཞེས་དང་། དེ་བཞིན་གཤེགས་པ་དྲི་མེད་ཟླ་འོད་ཀྱི་མཚན་བཟུང་བས་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་ཞེས་གསུངས་པ་སྟེ། སྨོན་ལམ་བཏབ་པས་ཚོགས་རྫོགས་ལ་རྒྱལ་བའི་མཚན་བཟུང་བས་ས་བོན་བསྐྲུན་ཏེ། རིམ་གྱི་དུས་གཞན་དུ་དེ་དང་དེར་འགྱུར་བ་ལ་དགོངས་པའི་ཕྱིར་རོ། །དོན་གཞན་ལ་དགོངས་པ་ནི་ཆོས་ལ་བརྙས་པའི་གཉེན་པོར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་མ་སྐྱེས་པའོ་ཞེས་སོགས་གསུངས་པ་སྟེ། སྒྲ་ཇི་བཞིན་པ་མ་ཡིན་པའི་ཕྱིར་རོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི་གདུལ་བྱ་ཉེ་བའི་བློ་ལ་ལྟོས་ནས་འདི་ལྟར་བསྟན་ན་འཕྲལ་དང་ཡུན་དུ་ཕན་པ་དང་བདེ་བར་འགྱུར་རོ་སྙམ་དུ་དགོངས་ནས་གསུངས་པ་སྟེ། ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོར་གང་གིས་ཚིམ་པའི་དགེ་བ་ལ་སོགས་པ་དེ་སྨད་པ་དང་། འདོད་ཆགས་ལ་སྤྱོད་པའི་གཉེན་པོར་བདེ་བ་ཅན་སོགས་ཞིང་གི་འབྱོར་པ་བསྔགས་པ་དང་རང་གི་དབང་ཕྱུག་གི་ང་རྒྱལ་བའི་གཉེན་པོར་སངས་རྒྱས་ཀྱི་ཕུན་ཚོགས་ལ་བསྔགས་པ་དང་། འགྱོད་པས་དགེ་བ་ལ་མི་སྦྱོར་བའི་གཉེན་པོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱེད་པ་དག་ཀྱང་མཐོ་རིས་སུ་འགྲོའོ་ཞེས་པ་དང་། མ་ངེས་པའི་རིགས་ཅན་རྣམས་ལ་ཉོན་ཐོས་ཆེན་པོ་རྣམས་ཀྱང་སངས་རྒྱས་སུ་ལུང་སྟོན་ཅིང་ཐེག་པ་ནི་གཅིག་སྟེ་གཉིས་པ་མེད་དོ། །ཅེས་གསུངས་པའོ། །

ཡང་དེ་རྣམས་ཀྱི་ལྡེམ་པོར་དགོངས་པ་བཞི་ནི་རྒྱན་དུ། ཉན་ཐོས་དང་ནི་ངོ་བོ་ཉིད། །དེ་བཞིན་ཉེས་པ་གདུལ་བ་དང་། །བརྗོད་པ་ཟབ་པ་ཉིད་ལ་ནི། །ལྡེམ་པོར་དགོངས་པ་རྣམ་པ་བཞི། །ཞེས་གསུངས་པ་ལྟར་བཞུག་པ་ལ་ལྡེམ་པོར་དགོངས་པ་ནི་ཉན་ཐོས་རྣམས་བསྟན་པ་ལ་རིམ་གྱིས་གཞུག་པའི་ཆེད་དུ་གཟུགས་སོགས་ཡོད་པར་གསུངས་པའི་ཕྱིར་རོ། །མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི་ངོ་བོ་ཉིད་གསུམ་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་སོགས་སུ་བསྟན་པའི་ཕྱིར་རོ། །གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི་གདུལ་བྱའི་ཉེས་པ་གདུལ་བའི་དོན་དུ་གསུངས་པ་སྟེ། ཇི་སྐད་དུ། སངས་རྒྱས་ཆོས་ལ་བརྙས་པ་དང་། །ལེ་ལོ་ཅུང་ཟད་ཆོག་འཛིན་དང་། །ང་རྒྱལ་འདོད་ཆགས་སྤྱོད་པ་དང་། །འགྱོད་དང་མ་ངེས་ལྡོག་པ་ནི། །སེམས་ཅན་རྣམས་ཀྱི་སྒྲིབ་པ་སྟེ། །དེ་ཡི་གཉེན་པོར་ཐེག་མཆོག་བསྟན། །ཞེས་གསུངས་པ་ལྟར་ཏེ་དེ་རྣམས་ཀྱི་དཔེར་བརྗོད་ནི་དགོངས་པ་བཞིར་བསྟན་པ་ལྟར་རོ། །བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི་བརྗོད་པ་ཟབ་པ་ལ་སྟེ། ཇི་སྐད་དུ། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཞེས་སོགས་འཆད་པར་འགྱུར་བ་ལྟར་རོ། །དགོངས་པ་དང་ལྡེམ་དགོངས་གཉིས་ལ་བྱེ་བྲག་ཅི་ཞིག་ཡོད་ཅེ་ན། དགོངས་པ་ནི་ཡིད་ལ་བཞག་པ་ཙམ་ཡིན་གྱི་ཕ་རོལ་དུ་གཟུད་པ་ལ་ལྟོས་པར་ནི་ཁས་མི་ལེན་ཏོ། །ལྡེམ་པོར་དགོངས་པ་ནི་དེ་ཉིད་ཕ་རོལ་ཏུ་གཟུད་པ་ལ་ལྟོས་པའོ་ཞེས་བཤད་སྦྱར་དུ་འཆད་དོ།། །།

དྲུག་པ་ནི། དེ་ལ་ཆོས་ལ་ཏིང་ངེ་འཛིན་པའི་ས་བཤད་ན་དེ་ལ་མཁས་པར་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན་དེ་ནི་ལྔ་ཡིན་ཡང་ཞི་གནས་ཀྱི་ཕན་ཡོན་དང་། ལྷག་མཐོང་གི་ཕན་ཡོན་དང་། དེ་གཉིས་ཀའི་ཕན་ཡོན་གྱི་དབང་དུ་བྱས་ནས་རིག་པར་བྱའོ། །དང་པོ་ནི་གཉིས་ཏེ། སྐད་ཅིག་རེ་རེ་ལ་ཁྱད་པར་དུ་འགྲོ་བའི་ཤིན་ཏུ་སྦྱངས་པས་རྒྱུན་མི་འཆད་པར་ལུས་ལ་ཁྱབ་པའི་ཕྱིར་གནས་ངན་ལེན་གྱི་གནས་ཐམས་ཅད་འཇིག་པ་དང་། བསྟན་པའི་ཆོས་ཐམས་ཅད་དེ་བཞིན་ཉིད་ལ་འབབ་པས་རོ་གཅིག་པར་མོས་ཏེ་མཉམ་པར་འཇོག་པས་ཕུང་པོ་ལ་སོགས་པའི་དོན་གྱི་རྣམ་པ་ཐ་དད་པའི་སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་བས་མདོ་ལ་སོགས་པའི་ཆོས་ཀྱི་དགའ་བ་ལས་དགའ་བ་ཐོབ་པའོ། །གཉིས་པ་ཡང་གཉིས་ཏེ་ཇི་ལྟར་རབ་ཏུ་ཕྱེ་བའི་ཆོས་རྒྱུན་མི་འཆད་པར་མི་བརྗོད་པར་སོ་སོར་དྲན་པ་ཙམ་གྱི་སྒོ་ནས་མདོ་ལ་སོགས་པའི་ཆོས་རྣམས་ལ་ཤེས་རབ་ཀྱི་སྣང་བ་རྣམ་པར་ཡོངས་སུ་མ་ཆད་པར་ཕྱོགས་ཐམས་ཅད་དུ་ཚད་མེད་པ་ཡང་དག་པར་ཤེས་པ་དང་དེ་ལ་རྣམ་པར་དག་པ་གནས་གྱུར་གྱི་ཆ་དང་མཐུན་པ་འམ་སྔ་ལྟས་སུ་གྱུར་པའི་རྣམ་པར་མི་རྟོག་པ་མངོན་པར་འདུ་མ་བྱས་པའི་མཚན་མ་རྣམས་ཀུན་དུ་འབྱུང་བའོ། །གསུམ་པ་ནི། ཆོས་ཀྱི་སྐུ་ཤེས་བྱའི་སྒྲིབ་པ་སྤངས་པ་གནས་གྱུར་པས་བསྡུས་པ་ས་བཅུ་པ་ལ་ཡོངས་སུ་རྫོགས་པར་བྱ་བ་དེ་བཞིན་གཤེགས་པའི་ས་ལ་ཡོངས་སུ་སྒྲུབ་པའི་ཕྱིར་གོང་མ་བས་ཀྱང་ཆེས་གོང་མའི་རྒྱུ་མཐུན་པའི་བག་ཆགས་སྐྱེད་པའི་ཚུལ་གྱིས་རྒྱུ་ཡོངས་སུ་འཛིན་པར་བྱེད་པའོ། །

བདུན་པ་ནི་སྡེ་སྣོད་གཉིས་ཀ་ཆོས་སྐུའི་རྒྱུ་མཐུན་དུ་འདྲ་བ་ལ་ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་བདུག་པ་སོགས་ཀྱིས་མཆོད་པར་འོས་ཀྱི་ཉན་ཐོས་ཀྱི་ཆོས་ལ་མ་ཡིན་ཞེ་ན་ཤིན་ཏུ་རྒྱས་པའི་ཆོས་ནི་སེམས་ཅན་ཐམས་ཅད་ལ་ཕན་བདེའི་གཞིར་གྱུར་པས་དོན་ཆེ་བས་བསོད་ནམས་བླ་ན་མེད་ཅིང་དཔག་ཏུ་མེད་པ་བསྐྱེད་པའི་གནས་སུ་གྱུར་པའི་ཕྱིར་རོ། །དབུས་མཐར་ཡང་། ཁྱད་པར་ཕྱིར་དང་མི་ཟད་ཕྱིར། །གཞན་ལ་ཕན་འདོགས་མ་ཞིའི་ཕྱིར། །ཞེས་གསུངས་སོ། །ཆོས་མངོན་པ་ཀུན་ལས་བཏུས་པའི་རྒྱ་ཆེར་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ་ལས་ཆོས་བསྟན་པ་ཀུན་ལས་བཏུས་པ་སྟེ་གསུམ་པའི་བཤད་པའོ།། །།

ཀུན་ལས་བཏུས་པ་བཞི་པ་འཐོབ་པ་རྣམ་པར་ངེས་པ།

ད་ནི་བམ་པོ་ལྔ་པ་དེ་ལྟར་སྤྱད་བྱ་མངོན་པར་རྟོགས་པ་བསྟན་ནས། སྤྱད་པའི་འབྲས་བུ་ལ་རང་དོན་དང་། གཞན་དོན་གཉིས་ལས། དང་པོ་རང་དོན་ཐོབ་པ་རྣམ་པར་ངེས་པ་བསྟན་པར་བཞེད་ནས་དྲི་བ་ནི་ཐོབ་པ་རྣམ་པར་ངེས་པ་གང་ཞེ་ན་ཞེས་སྨོས་སོ། །ལན་ནི་ཐོབ་བྱེད་གང་ཟག་རྣམ་པར་བཞག་པ་དང་ཐོབ་བྱ་མངོན་རྟོགས་རྣམ་པར་བཞག་པ་གཉིས་སོ། །ཅི་སྟེ་གང་ཟག་རྫས་སུ་མེད་པར་བཤད་པ་མ་ཡིན་ནམ་ཇི་ལྟར་ན་དེ་རྣམ་པར་འཇོག་ཅེ་ན། བདེན་མོད་ཀྱི། འོན་ཀྱང་དགོས་པ་རྣམ་པ་བཞིས་གང་ཟག་རྣམ་པར་འཇོག་སྟེ། འདི་ལྟར་སླ་བར་ཐ་སྙད་གདགས་པའི་ཕྱིར་ནི་གཟུགས་སོགས་མཚན་ཉིད་དང་མིང་ཐ་དད་པ་མང་པོ་རྣམས་གཅིག་ཏུ་བསྡུས་ནས་སེམས་ཅན་ཞེས་བཏགས་ནས་སོ་ཞེས་བྱ་བ་ལ་སོགས་ཚེགས་མེད་པ་ཉིད་དུ་ཐ་སྙད་འདོགས་པའི་ཕྱིར་རོ། །འཇིག་རྟེན་དང་མཐུན་པར་བྱ་བའི་ཕྱིར་ནི་འཇིག་རྟེན་ན་ཆོས་ཙམ་གྱི་མིང་རྣམས་ཀྱི་ཐ་སྙད་ཐམས་ཅད་མ་གྲགས་ཀྱི་ཕལ་ཆེར་སེམས་ཅན་གྱི་མིང་གིས་སོ། །དེ་བས་ན་འཕགས་པ་རྣམས་ཀྱིས་ཀྱང་སེམས་ཅན་མེད་པར་གཟིགས་ཀྱང་འཇིག་རྟེན་གྱི་ཐ་སྙད་དང་མཐུན་པར་བྱས་པའོ། །མི་སྐྲག་པར་བྱ་བའི་ཕྱིར་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མི་མཁས་པ་རྣམས་བློ་བུར་དུ་ཐོག་མར་སེམས་ཅན་མེད་པ་ཐོས་ནས་སྐྲག་པར་འགྱུར་བའི་ཕྱིར་རོ། །བདག་དང་གཞན་གྱི་ཉོན་མོངས་པ་དང་ལྡན་པ་དང་ཡོན་ཏན་དང་ལྡན་པ་བརྗོད་པའི་ཕྱིར་ནི་སེམས་ཅན་དུ་གདགས་པ་མེད་པར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་མཚན་ཉིད་ཙམ་བསྟན་ན་ཆེ་གེའི་རྒྱུད་ལ་ཉེས་པའི་རྣམ་པ་འདི་རྣམས་སྤངས་སོ། །ཡོན་ཏན་གྱི་རྣམ་པ་འདི་རྣམས་སྐྱེའོ་ཞེས་ཤེས་པར་མི་ནུས་པའི་ཕྱིར་རོ། །དེ་ལྟར་ན་གང་ཟག་རྫས་སུ་མེད་ཀྱང་ཉེ་བར་བཏགས་ནས་རྣམ་པར་བཞག་གོ །དེ་ལ་དང་པོ་གང་ཟག་རྣམ་པར་བཞག་པ་ཡང་རྩ་བ་དང་ཡན་ལག་གི་དབྱེ་བ་དང་། སོ་སོའི་ངོ་བོ་རྒྱས་པར་བཤད་པ་དང་། རྒྱུན་ཞུགས་ཁྱད་པར་དུ་དཔྱད་པ་གསུམ་ལས། དང་པོ་ལ་རྩ་བའི་དབྱེ་བ་ནི་སྤྱོད་པས་རབ་ཏུ་དབྱེ་བ་ལ་སོགས་པའོ། །ཡན་ལག་གི་དབྱེ་བ་ནི་འདོད་ཆགས་ལ་སྤྱོད་པ་ལ་སོགས་པས་སོ། །

གཉིས་པ་སོ་སོའི་ངོ་བོ་རྒྱས་པར་བཤད་པ་ལ་སྡེ་ཚན་བདུན་ལས། དང་པོ་སྤྱོད་པས་རབ་ཏུ་དབྱེ་བ་ལ་འདོད་ཆགས་ཤས་ཆེ་ཞིང་རྒྱུན་རིང་བ་ནི་ཆགས་པར་འགྱུར་བའི་དངོས་པོ་དམན་པ་ལ་ཆགས་པ་ཆེན་པོ་འབྱུང་ཞིང་བྱུང་ནས་ཀྱང་ཡུན་རིང་དུ་རྗེས་སུ་འབྲེལ་བའི་ཕྱིར་རོ། །རྣམ་པར་རྟོག་པ་ལ་སྤྱོད་པའི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །ཉོན་མོངས་པ་རང་བཞིན་དུ་གནས་པ་ནི་ཤས་ཆེ་ཆུང་སྤངས་ཏེ་ཡུལ་གྱི་དངོས་པོ་དང་མཐུན་པར་ཉོན་མོངས་པ་འབྱུང་བའི་ཕྱིར་རོ། །ཉོན་མོངས་པ་ཤིན་ཏུ་སྲབ་པའི་རང་བཞིན་དུ་གནས་པ་ནི་སྔོན་གཉེན་པོ་གོམས་པར་བྱས་པའི་དབང་གིས་ཡུལ་གྱི་དངོས་པོ་ཤས་ཆེན་པོ་ལ་ཡང་རང་བཞིན་གྱིས་ཉོན་མོངས་པ་ཆུང་ངུ་འབྱུང་བའི་ཕྱིར་རོ།། །།

སྡེ་ཚན་གཉིས་པ་ངེས་པར་འབྱུང་བས་རབ་ཏུ་དབྱེ་བ་ལ་གསུམ་ལས་དང་པོ་ཉན་ཐོས་ཀྱི་ཐེག་པ་ནི། རིགས་དང་། དབང་པོ་དང་། སྨོན་ལམ་དང་། བསམ་པ་དང་། དམིགས་པ་དང་། སྒྲུབ་པ་དང་། འབྲས་བུའི་རབ་ཏུ་དབྱེ་བ་དང་བདུན་གྱིས་རིག་པར་བྱའོ། །དེ་ལ་རིགས་ནི། ཉན་ཐོས་ཀྱི་ཆོས་ཉིད་ངེས་པ་ནི་ཐེག་པ་གཞན་དུ་མི་འགྱུར་བ་དང་མ་ངེས་པ་ནི་གཞན་དུ་འགྱུར་བའོ། །དེ་ལ་ཞི་བ་བགྲོད་པ་གཅིག་པུ་པའི་རིགས་ཅན་རྣམས་ནི་ཚོགས་ལམ་ཆུང་ངུ་ནས་རིགས་ངེས་པ་ཡིན་ལ་བྱང་ཆུབ་ཡོངས་སུ་བསྒྱུར་བའི་རིགས་ཅན་རྣམས་ནི་ཇི་སྲིད་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་མངོན་སུམ་དུ་མ་བྱས་པ་དེ་སྲིད་དུ་བྱང་ཆུབ་ཆེན་པོར་འགྱུར་བ་ཡང་སྲིད་པས་རིགས་མ་ངེས་པ་ཡིན་ནོ། །མཛོད་ལས། གཉིས་སློབ་རིགས་ལས་བཟློག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང་། །ཞེས་ཇི་སྲིད་བཟོད་པ་མ་ཐོབ་པ་དེ་སྲིད་དུ་ཐེག་ཆེན་དུ་འགྱུར་སྲིད་ལ་བཟོད་པ་ཐོབ་ནས་མ་ཡིན་ཏེ། བཟོད་ཐོབ་ངན་སོང་ཡོང་མི་འགྲོ་བའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་གཞན་དོན་དུ་ངན་སོང་དུ་ཡང་སྐྱེ་བ་ལེན་པའི་ཕྱིར་རོ། །བཟོད་པ་འབྲིང་མན་ཆད་དུ་རང་རྒྱལ་གྱི་རིགས་ཅན་དུ་འགྱུར་བ་ཡང་སྲིད་ལ་བཟོད་པ་ཆེན་པོ་ནས་ནི་ཐམས་ཅད་རིགས་ངེས་པ་ཡིན་ནོ་ཞེས་འཆད་དོ། །དབང་པོ་ནི་གཞན་གཉིས་མ་ལྟོས་ནས་རང་བཞིན་གྱིས་དབང་པོ་བརྟུལ་བ་ཡིན་ཏེ། གཞན་དུ་ན་དེ་ཉིད་ལ་ཡང་ཆོས་ཀྱི་རྗེས་འབྲང་སོགས་དབང་པོ་རྣོན་པོ་ཡང་ཡོད་པའི་ཕྱིར་རོ། །སྨོན་ལམ་ནི་བདག་ཉིད་གཅིག་པུ་འཁོར་བ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་ཅིང་སེམས་བསྐྱེད་དོ། །བསམ་པ་ནི། སྡུག་ཀུན་གྱིས་བསྡུས་པའི་ཆོས་རྣམས་ལ་ཐོག་མར་ཡིད་འབྱུང་བ་དང་བར་དུ་འདོད་ཆགས་དང་བྲལ་བ་དང་མཐར་རྣམ་པར་གྲོལ་བར་བྱ་བའི་བསམ་པ་ཅན་ནོ། །དམིགས་པ་ནི་ཉན་ཐོས་ཀྱི་སྡེ་སྣོད་གང་ཟག་གི་བདག་མེད་ཙམ་སྟོན་པ་ལ་དམིགས་ནས་ཏེ། ཉོན་སྒྲིབ་ཀྱི་གཉེན་པོ་ཙམ་དོན་དུ་གཉེར་བའི་ཕྱིར་རོ། །སྒྲུབ་པ་ནི་ཆོས་མྱ་ངན་ལས་འདས་པ་ཐོབ་པ་དང་རྗེས་སུ་མཐུན་པའི་ཆོས་ཐོས་བསམ་བསྒོམ་གསུམ་སོགས་བསྒྲུབ་ཅིང་ཉམས་སུ་ལེན་པའོ། །འབྲས་བུ་ནི་གང་སྡུག་བསྔལ་གྱི་མཐར་ཕྱིན་ཅིང་ཟད་པ་མྱ་ངན་ལས་འདས་པ་ཐོབ་པའོ། །མྱ་ངན་ལས་འདས་པའི་ཚོམས་ལས། ལུས་ཞིག་ཚོར་བ་བསིལ་བར་འགྱུར། །འདུ་ཤེས་འགག་ཅིང་འདུ་བྱེད་ཞི། །རྣམ་པར་ཤེས་པ་ནུབ་གྱུར་པ། །འདི་འདྲ་འདི་ནི་སྡུག་བསྔལ་མཐའ། །ཞེས་འབྱུང་ངོ།། །།

གཉིས་པ་རང་སངས་རྒྱས་ཀྱི་ཐེག་པ་པ་ནི་སྔ་མ་ལྟར་བདུན་ལས། རིགས་ནི་རང་སངས་རྒྱས་ཀྱི་ཆོས་ཉིད་ངེས་པ་ལ་གནས་པ་ནི་བསེ་རུ་ལྟ་བུའི་རིགས་ཅན་ཡིན་ལ་མ་ངེས་པ་ནི་ཚོགས་ན་སྤྱོད་པའི་རིགས་ཅན་ནོ། །གཞན་ནི་གོ་སླའོ། །འབྲས་བུ་ནི་ངེས་པར་འབྱེད་པའི་ཆ་དང་འཐུན་པ་སྔོན་སློབ་དཔོན་གྱི་དྲུང་དུ་མ་བསྐྱེད་པ་ནི་ཕྱི་མ་ལ་སངས་རྒྱས་འབྱུང་བ་མེད་པ་ན་བདག་ཉིད་ཀྱིས་ལམ་མངོན་དུ་བྱས་ནས་བསེ་རུ་ལྟ་བུར་གྱུར་ཏེ་གཅིག་པུར་གནས་པའོ། །སྔོན་ངེས་འབྱེད་ཆ་མཐུན་བསྐྱེད་པ་དགེ་སྦྱོང་གི་འབྲས་བུ་མ་ཐོབ་པའམ། སྔོན་ཕྱིར་འོངས་ཡན་ཆད་ཀྱི་དགེ་སྦྱོང་གི་འབྲས་བུ་ཐོབ་པ་ནི་སངས་རྒྱས་འབྱུང་བ་མེད་པ་ན་ཚོགས་ན་སྤྱོད་པའི་རང་རྒྱལ་བར་གྱུར་ཏེ་སྡུག་བསྔལ་གྱི་མཐར་ཕྱིན་པ་ཐོབ་པའོ། །རང་སངས་རྒྱས་ཀྱི་ཐེག་པ་འདི་གཏན་ལ་དབབ་པ་ནི་ལྔ་ཡིས་རིག་པར་བྱ་སྟེ། རིགས་དང་། ལམ་དང་། ཡང་དག་པར་འགྲུབ་པ་དང་། གནས་པ་དང་། རྒྱུ་བའོ། །དེ་ལ་རིགས་ནི། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ནི་མངོན་པར་བྱང་ཆུབ་པའི་སྔ་རོལ་ནས་རང་བཞིན་གྱིས་ཉོན་མོངས་པ་ཆུང་བའི་རིགས་ཅན་ཡིན་ཏེ། དེའི་ཕྱིར་དེ་དག་གི་སེམས་འདུ་འཛི་ལ་མི་འཇུག་གི་གཅིག་ཏུ་དབེན་པ་ལ་དགའ་བས་འཇུག་གོ །ཡང་རང་བཞིན་གྱིས་སྙིང་རྗེ་ཆུང་བ་ཡིན་ཏེ་དེའི་ཕྱིར་དེ་དག་ནི་སེམས་ལས་ཆེས་པ་དང་སེམས་ཅན་གྱི་དོན་ལ་མི་འཇུག་གི་སེམས་ལས་ཆུང་ངུར་གནས་པ་ལ་འཇུག་གོ ། རང་བཞིན་གྱིས་དབང་པོ་འབྲིང་དང་ང་རྒྱལ་སྤྱོད་པའི་རང་བཞིན་ཅན་ཡིན་ཏེ་དེའི་ཕྱིར་སློབ་དཔོན་མེད་པ་དང་འགྲན་ཟླ་མེད་པར་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་དོ། །ལམ་ནི་མཚན་ཉིད་གསུམ་དུ་རིག་པར་བྱ་སྟེ་འདི་ལྟར་འདི་ན་རང་སངས་རྒྱས་ཀྱི་རིགས་ལ་གནས་པ་ལ་ལ་ནི་སྐལ་པ་བརྒྱར་སངས་རྒྱས་འབྱུང་བ་མཉེས་པར་བྱེད་ཅིང་རང་བྱང་ཆུབ་ཏུ་རྒྱུད་ཡོངས་སུ་སྨིན་པར་བྱས་ནས་ཕྱི་མ་ལ་རང་བྱང་ཆུབ་པར་བྱ་བའི་ཕྱིར་ཕུང་པོ་ལ་སོགས་མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པར་བྱེད་པ་ནི་རང་སངས་རྒྱས་ཀྱི་ལམ་དང་པོའོ། །

གཞན་ཡང་འདི་ན་ལ་ལ་སངས་རྒྱས་འབྱུང་བ་མཉེས་པར་བྱས་ནས་སྐྱེས་བུ་དམ་པ་ལ་རྟེན་དམ་པའི་ཆོས་ཉན་པ་དང་ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་ནས་ངེས་འབྱེད་ཆ་མཐུན་བཟོད་པ་ཡན་ཆད་སློབ་དཔོན་གྱི་དྲུང་དུ་བསྐྱེད་ཅིང་མངོན་པར་སྒྲུབ་ལ་ཚེ་འདི་ཉིད་ལ་བདེན་པ་མངོན་པར་རྟོགས་པར་བྱ་མི་ནུས་ཏེ། འདི་ལྟར་ཕྱི་མ་ལ་བདེན་པ་མངོན་པར་བྱ་བ་དང་དགེ་སྦྱོང་གི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ཕུང་སོགས་དྲུག་ལ་མཁས་པར་བྱེད་པ་ནི་ལམ་གཉིས་པའོ། །གཞན་ཡང་འདི་ན་ཁ་ཅིག་སངས་རྒྱས་འབྱུང་བ་མཉེས་པ་སོགས་བྱས་ནས་ཚེ་འདིར་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་ལ་ཐམས་ཅད་ཀྱིས་ཐམས་ཅད་དུ་ཤིན་ཏུ་མཐར་ཕྱིན་པའི་དགྲ་བཅོམ་པ་ནི་ཐོབ་པར་མི་ནུས་ཏེ། ཕྱི་མ་ལ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ཕུང་སོགས་དྲུག་ལ་མཁས་པར་བྱེད་པ་ནི་ལམ་གསུམ་པའོ། །

ཡང་དག་པར་འགྲུབ་པ་ནི། འདི་ན་ལ་ལ་རང་སངས་རྒྱས་ཀྱི་ལམ་དང་པོ་བསྐལ་པ་བརྒྱ་ཚང་བར་ཚོགས་བསགས་ནས་དེའི་འོག་ཏུ་སངས་རྒྱས་འབྱུང་བ་མེད་པ་སློབ་དཔོན་མེད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན་པོ་སྒོམས་ནས་རང་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཉོན་མོངས་པ་ཐམས་ཅད་སྤངས་པའི་དགྲ་བཅོམ་པ་མངོན་སུམ་དུ་བྱེད་དོ། །ཁ་ཅིག་ནི་ལམ་གཉིས་པའམ་གསུམ་པ་ཁོ་ནས་རྒྱུ་དེ་དང་རྐྱེན་དེས་སངས་རྒྱས་འབྱུང་བ་མེད་པ་ན་སློབ་དཔོན་མེད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒོམ་ནས་ཆོས་མངོན་པར་རྟོགས་པར་བྱེད་ཅིང་དགྲ་བཅོམ་པའི་འབྲས་བུ་ཡང་འཐོབ་བོ། །དེ་ལ་ཡང་དག་འགྲུབ་པ་དང་པོས་ནི་བསེ་རུ་ལྟར་གྱུར་པའི་རང་སངས་རྒྱས་སུ་འགྱུར་ལ། གཉིས་པ་དང་གསུམ་པས་ནི་ཚོགས་ན་སྤྱོད་པའི་རང་རྒྱལ་བར་འགྱུར་རོ། །

གནས་པ་ནི། བསེ་རུ་ལྟ་བུའི་རང་རྒྱལ་གང་ཡིན་དེ་ནི་གཅིག་པུ་ལ་དགའ་ཞིང་གཅིག་པུ་ལ་གནས་ལ་རྟེན་འབྲེལ་ཟབ་མོ་ལ་སོ་སོར་རྟོག་པར་ལྷུར་ལེན་པ་དང་སྟོང་ཉིད་མཚན་མེད་སྨོན་མེད་ཡིད་ལ་བྱེད་ཅིང་གནས་པར་འགྱུར་རོ། །ཡང་དག་འགྲུབ་པ་གཉིས་པ་དང་གསུམ་པ་ནི་གཅིག་པུར་གནས་པ་མ་ཡིན་གྱི་ཚོགས་ན་གནས་པར་འགྱུར་ལ་གནས་པ་ལྷག་མ་ནི་བསེ་རུ་ལྟ་བུ་དང་འདྲའོ། །རྒྱུ་བ་ནི། དེ་དག་ཐམས་ཅད་གྲོང་ངམ་གྲོང་རྡལ་གང་དུ་གནས་ཀྱང་རུང་སྟེ་དེ་དག་ལུས་དང་དབང་པོ་ཤིན་ཏུ་བསྡམས་པ་དང་དྲན་པ་ཤིན་ཏུ་གནས་པ་དང་གྲོང་ངམ་གྲོང་རྡལ་དེ་ཉིད་དུ་བསོད་སྙོམས་ལ་འཇུག་སྟེ། ཕ་རོལ་དམན་པ་རྣམས་ལ་སྙིང་རྩེ་བར་བྱེད་ན་ཡང་ལུས་ཀྱི་བརྩེ་བར་བྱེད་ཀྱི་ངག་གིས་ནི་མ་ཡིན་ཏེ་དེ་དག་གིས་ནི་ལུས་ཀྱི་ཆོས་སྟོན་པ་ཡིན་གྱི་ངག་གིས་ནི་མ་ཡིན་པའི་ཕྱིར་ཏེ། ཞེ་འགྲས་པ་བཟློག་པའི་ཕྱིར་རྫུ་འཕྲུལ་གྱི་རྣམ་པ་དུ་མ་སྟོན་པར་བྱེད་དོ། །དེ་ལྟར་རྫུ་འཕྲུལ་བསྟན་པ་ན་སྔོན་གྱི་སྨོན་ལམ་ལ་སོགས་པའི་མཐུས་མངོན་མཐོ་ངེས་ལེགས་ཀྱི་ལམ་ལས་བརྩམས་ཏེ་ཆོས་གང་བསྟན་པར་འདོད་པའི་ཆོས་ཀྱི་དོན་དེ་ཉིད་གདུལ་བྱའི་རྒྱུད་ལ་སྣང་བར་འགྱུར་ཏེ། མངོན་པར་རྟོགས་པའི་རྒྱན་ལས། གང་གང་དོན་ནི་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་འདོད་པ། །དེ་དེ་ལ་དོན་དེ་དང་དེ། །སྒྲ་མེད་ཀྱང་དེ་དེ་ལྟར་སྣང་། ཅེས་གསུངས་པ་ལྟར་རོ།། །།

གསུམ་པ་ཐེག་པ་ཆེན་པོ་ས་ལ་སྔར་ལྟར་བདུན་ལས་བྱང་ཆུབ་སེམས་དཔའ་ཆོས་ཉིད་ངེས་པ་ལ་གནས་པ་ནི་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་སྟེ། ཕྱིར་མི་ལྡོག་པ་དེ་ཡང་རྣམ་པ་གཉིས་ཏེ། རིགས་ཀྱི་སྟོབས་ཀྱིས་ཕྱིར་མི་ལྡོག་པ་དང་། རྟོགས་པའི་སྟོབས་ཀྱིས་ཕྱིར་མི་ལྡོག་པའོ། །དང་པོ་ནི་ཚོགས་ལམ་ནས་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ངེས་པ་ཡིན་ཏེ། དཔེར་ན་འཇམ་དབྱངས་ལ་སོགས་དབང་པོ་ཤིན་ཏུ་རྣོན་པོའི་རིགས་ཅན་ཁ་ཅིག་ལྟ་བུའོ། །གཉིས་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་སྟེ། དེ་ཡང་བཟོད་པ་ཆུང་འབྲིང་ཆེན་པོའི་བྱེ་བྲག་གིས་གསུམ་ཡིན་ལ་དེ་དག་ཀྱང་གོ་རིམ་བཞིན་དུ་སྦྱོར་མཐོང་སྒོམ་གསུམ་གྱི་ངོ་བོ་ཡིན་ཏེ། ཇི་སྐད་དུ་མངོན་པར་རྟོགས་པའི་རྒྱན་ལས། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །མཐོང་དང་གོམས་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་གསུངས་སོ། །གཞན་དག་ནི་གནས་སྐབས་དེ་དག་ཏུ་དབང་པོ་རྣོ་འབྲིང་བརྟུལ་གསུམ་གྱིས་ཕྱིར་མི་ལྡོག་ཐོབ་ཅེས་འཆད་དོ། །མ་ངེས་པ་ལ་གནས་པ་ནི་དོན་གྱིས་གོའོ། །དབང་པོ་ནི་འོག་མ་གཉིས་ལ་ལྟོས་ཏེ་རྣོ་བ་སྟེ། གཞན་དུ་ན། མངོན་རྟོགས་རྒྱན་དུ། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིན། །རྟོགས་སླ་བརྟུལ་པོས་རྟོགས་དཀའ་བཞེད། །ཅེས་དེ་ཉིད་ལ་ཡང་དབང་པོ་རྣོ་བརྟུལ་བཤད་པའི་ཕྱིར་རོ། །སྨོན་ལམ་ནི་སེམས་བསྐྱེད་ཏེ་དེའི་ངོ་བོ་ནི་དེ་ཉིད་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་ཏེ། དབྱེ་ན་སྨོན་པ་དང་འཇུག་པའི་བདག་ཉིད་རྣམ་པ་གཉིས་ཏེ། དང་པོ་ནི་འབྲས་བུ་ཐོབ་པར་འདོད་པའི་མཚན་ཉིད་ཅན་ཡིན་ལ། གཉིས་པ་ནི་དེའི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ལམ་ལ་སློབ་པའི་མཚན་ཉིད་ཅན་ཡིན་ཏེ། དེ་ཁོ་ན་ཉིད་འཇུག་པར། དེ་ལ་དང་པོ་མགོན་པོ་ཡིས། །དོན་གཉེར་རྣམ་པ་ཡང་དག་བཤད། །གཉིས་པ་སྦྱིན་པ་ལ་སོགས་ལ། །འཇུག་པའི་རྣམ་པ་རབ་ཏུ་བསྒྲགས། །ཞེས་གསུངས་པ་ལྟར་རོ། །གཞན་ནི་སླ་ལ་སེམས་ཅན་སྨིན་པར་བྱེད་པ་ནི་རྣམ་པ་གཉིས་ཏེ། རྒྱུད་ཐར་པའི་ལམ་གྱི་སྣོད་དུ་རུང་བར་བྱེད་པ་དང་ཐེག་པ་ཆེན་པོའི་སྣོད་དུ་རུང་བར་བྱེད་པའོ། །དང་པོ་ནི་མདོ་སྡེའི་རྒྱན་ལ། ཇི་ལྟར་རྨ་དང་ཟས་ལ་དེ་དག་གི །གཟག་དང་སྤྱད་དུ་རུང་བས་སྨིན་འདོད་ལྟར། །དེ་བཞིན་རྟེན་འདིར་ཕྱོགས་གཉིས་ཞི་བ་དང་། དེ་བཞིན་སྤྱད་པ་ཉིད་དུ་སྨིན་པར་འདོད། །ཞེས་པ་ལྟར། རྒྱུད་སྤང་བྱ་སྤང་རུང་དང་གཉེན་པོ་བསྐྱེད་རུང་དུ་བྱེད་པ་དང་། གཉིས་པ་རྒྱུད་བླ་མར། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང་། །རབ་ཏུ་སྨིན་དང་ལུང་སྟོན་རྒྱུའི་གཟུགས། །གང་ཡིན་དེ་ཡང་འདིར་ནི་རྟག་གནས་ཏེ། །ནམ་མཁའི་ཁམས་སུ་གཟུགས་ཀྱི་ཁམས་བཞིན་ནོ། །ཞེས་པ་ལྟར། ཞི་བ་ལ་མངོན་པར་དགའ་བའི་སེམས་བཟློག་ནས་ཐེག་པ་ཆེན་པོའི་སེམས་བསྐྱེད་པའི་སྣོད་དུ་རུང་བར་བྱེད་པ་ཡིན་ནོ། །ཞིང་སྦྱོང་བ་ནི་རང་ཉིད་སངས་རྒྱ་བར་ངེས་ནས་ཕྱི་མ་ན་རང་ཉིད་སངས་རྒྱ་བར་འགྱུར་བའི་སྣོད་བཅུད་ཀྱི་འཇིག་རྟེན་དེ་དག་རང་ཇི་ལྟར་བཞེད་པ་ལྟར་གྱི་རྣམ་པར་དག་པར་འགྱུར་བར་སྨོན་ལམ་འདེབས་ཤིང་དེའི་དོན་དུ་ཚོགས་སོག་པའོ། །ལུང་བསྟན་པ་ཐོབ་པ་ནི་ས་བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅེས་པའི་ཐ་ཚིག་སྟེ། དེའི་ཚེ་ལུང་བསྟན་བ་ཐོབ་པའི་ཕྱིར་རོ། །གཞན་ཡང་མདོ་སྡེའི་རྒྱན་དུ། གང་ཟག་དུས་ཀྱི་བྱེ་བྲག་གིས། །བློ་ལྡན་ལུང་བསྟན་རྣམ་པ་གཉིས། །བྱང་ཆུབ་དང་ནི་ལུང་སྟོན་པར། །གཞན་ཡང་ཆེན་པོར་བརྗོད་པ་ནི། །མི་སྐྱེའི་བཟོད་པ་ཐོབ་པ་ཡིས། །ཞེས་དང་། ལུང་བསྟན་ཆེན་པོ་ནི། ཡང་དེ་ཞིང་དང་མིང་དང་ནི། །དུས་དང་སྐལ་པའི་མིང་དང་ནི། །འཁོར་དང་དམ་པའི་ཆོས་རྣམས་ཀྱང་། གནས་པའི་སྒོ་ནས་དོར་འདོད་དོ། །ཅེས་གསུངས་སོ།། །།

སྡེ་ཚན་གསུམ་པ་ཉེ་བར་བསྟན་པས་རབ་ཏུ་ཕྱེ་བ་ལ་གསུམ་སྟེ། ཚོགས་ལམ་ལ་སྦྱར་བ་དང་། སྦྱོར་ལམ་ལ་སྦྱར་བ་དང་། དེ་དག་ཆུང་འབྲིང་གི་རྩ་བ་མི་ཉམས་པའོ། །དང་པོ་ནི། ཕྱི་མ་རྣམས་ལ་ལྟོས་ཏེ་ཚོགས་མ་བསགས་པའི་གང་ཟག་ནི་བདེན་པ་བཞི་སྟོན་པའི་ཆོས་རྣམས་ལ་དམིགས་ནས་དེ་དག་ལ་ཇི་ལྟར་ངེས་པ་བཞིན་དུ་འཛིན་པའི་མོས་པ་དང་རབ་ཏུ་དང་བའི་དད་པ་ཆུང་བ་སྟེ་དེ་ཡང་ཐར་པ་ཆུན་ཆུང་ཞིང་སྦྱོར་ལམ་བསྐྱེད་པ་ལ་ཚེ་རབས་ཀྱི་དུས་ངེས་པ་མེད་པ་དང་ལྡན་པའོ། །སྔ་མར་ལྟོས་ནས་ཚོགས་བསགས་པ་ཡིན་ལ་ཕྱི་མར་ལྟོས་ནས་མ་བསགས་པ་ཡིན་པ་ནི་མོས་དད་བར་མའི་གང་ཟག་སྟེ་དེ་ཡང་ཐར་ཆ་འབྲིང་ཞིང་སྦྱོར་ལམ་སྐྱེད་པ་ལ་ཚེ་རབས་ཀྱི་དུས་ངེས་པ་དང་ལྡན་པའོ། །དེ་གཉིས་ལ་ལྟོས་ཏེ་ཚོགས་བསགས་པ་ནི་མོས་དད་ཆེན་པོ་སྟེ་ཐར་ཆ་ཆེན་པོ་ཚེ་རབས་དེ་ཉིད་ལ་སྦྱོར་ལམ་བསྐྱེད་པའི་དུས་ངེས་པ་ཅན་དང་ལྡན་པའོ། །

གཉིས་པ་ནི་བདེན་པའི་རྣམ་པ་ལ་བསྒོམ་བྱུང་གི་སྟོབས་ཀྱིས་འཇལ་བར་བྱེད་པས་ཆོས་ལ་ངེས་པར་སེམས་པའི་བཟོད་པ་གསུམ་སྟེ་དེ་ཡང་ངེས་འབྱེད་ཆུན་ཆུང་ངུ་དྲོད་འབྲིང་རྩེ་མོ་ཆེན་པོ་བཟོད་པ་བདེན་པ་མངོན་རྟོགས་བསྐྱེད་པ་ལ་ཚེ་རབས་ཀྱི་དུས་ངེས་མེད་ངེས་པ་དེ་ཉིད་ཀྱི་དུས་ཅན་ནོ། །འཇིག་རྟེན་ཆོས་མཆོག་མ་གཏོགས་པ་ནི་དེ་ནི་རང་བཞིན་གྱིས་སྐད་ཅིག་མ་ཡིན་པས་རྣམ་པ་ཐམས་ཅད་དུ་ཚེ་རབས་དེ་ཉིད་ལ་མཐོང་ལམ་བསྐྱེད་པའི་དུས་ཅན་ཁོ་ན་ཡིན་པས་ངེས་མ་ངེས་སྤྱད་མི་དགོས་པའི་ཕྱིར་རོ། །གསུམ་པ་ནི་ཐར་པའི་ཆ་དང་ཅེས་ཏེ་དེ་དག་ཆེན་པོ་ལས་ནི་ཉམས་པ་མ་ཡིན་ཏེ་བརྟན་པའི་ཕྱིར་རོ། །ངེས་འབྱེད་ཆ་མཐུན་ཆུང་འབྲིང་ལས་ཉམས་པས་ཚོགས་ལམ་ཆེན་པོ་ལས་ཉམས་པ་མ་ཡིན་ཏེ། ཕྱིར་འོངས་ལས་ཉམས་ཀྱང་རྒྱུན་ཞུགས་ལས་མི་ཉམས་པ་བཞིན་ནོ། །ཀུན་དུ་འབྱུང་བ་ནི་མངོན་འགྱུར་རོ། །བག་ཆགས་ལས་ནི་ཉམས་པ་མ་ཡིན་ཏེ། མྱ་ངན་ལས་འདས་པའི་དགེ་བའི་རྩ་བ་སྔར་བསྐྱེད་པ་ཡང་བསྐྱེད་མི་དགོས་པའི་ཕྱིར་རོ། །ཐར་པ་ཆ་མཐུན་ཆུང་ངུའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཀྱིས། འཇིག་རྟེན་པའི་ཡང་དག་ལྟ། །ཆེན་པོ་གང་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་གསུངས་སོ། །ཡང་ཐར་པ་ཆ་མཐུན་ནི་བཞི་སྟེ། སྐབས་སུ་གཏོགས་པ་དང་། མོས་པ་ལས་གྱུར་པ་དང་། ལྷག་པར་འདོད་པར་གྱུར་པ་དང་། ཐོབ་པ་ལས་གྱུར་པའོ། །དང་པོ་ནི་དགེ་བའི་ཆོས་ལ་འདུན་པ་ནས་བཟུང་ནས་ཐར་པའི་དོན་དུ་བྱ་བ་བྱེད་པའི་བར་རོ། །གཉིས་པ་ནི། ཐར་པ་དང་རབ་ཏུ་ལྡན་པའི་བསྟན་པ་ལ་མོས་པ་དང་ལྡན་པ་གང་ཡིན་པའོ། །གསུམ་པ་ནི། དགའ་བ་དང་དད་པ་དང་ལྡན་པའི་ཐར་པ་ལ་དམིགས་པའི་ཡིད་ལ་བྱེད་པ་མང་བའོ། །བཞི་པ་ནི་ཚེ་དེ་ཉིད་ལ་ངེས་འབྱེད་ཆ་མཐུན་བསྐྱེད་པར་ངེས་པ་གང་ཡིན་པའོ། །ངེས་འབྱེད་ཆ་མཐུན་ནི་དྲུག་སྟེ། རྗེས་སུ་མཐུན་པ་དང་། ཁྱད་པར་བ་དང་། རབ་ཏུ་རྟོགས་པ་དང་། གཞན་དུ་ཡོངས་སུ་བསྒྱུར་བ་དང་། སྐྱེ་བ་གཅིག་པ་དང་། སྟན་གཅིག་པའོ། །དང་པོ་ནི་བདེན་པ་ལ་དམིགས་པའི་དགེ་བའི་རྩ་བ་དང་པོ་ཉིད་དུ་ཆུང་ངུ་འབྱུང་བ་གང་ཡིན་པའོ། །གཉིས་པ་ནི། བདེ་བས་ཆོས་མཆོག་ཏུ་གྱུར་པས་འབྲིང་དུ་གྱུར་པའོ། །གསུམ་པ་ནི། གང་གི་ཚེ་དེ་ཉིད་ལ་བདེན་པ་རྟོགས་པ་ཤས་ཆེན་པོར་གྱུར་པའོ། །བཞི་པ་ནི། མ་ངེས་པའི་རིགས་ཅན་རྣམས་བྱང་ཆུབ་ཁྱད་པར་ཅན་དུ་ཡོངས་སུ་བསྒྱུར་བ་དང་རང་སངས་རྒྱས་ཀྱི་རིགས་ཅན་རྣམས་ཚེ་གཞན་ལ་སློབ་དཔོན་མེད་པར་མངོན་པར་རྫོགས་པར་བྱང་ཆུབ་པར་ཡོངས་སུ་བསྒྱུར་བ་གང་ཡིན་པའོ། །ལྔ་པ་ནི། གང་ཚེ་དེ་ཉིད་ལ་བདེན་པ་མངོན་པར་རྟོགས་པར་འགྱུར་བའོ། །དྲུག་པ་ནི། གང་སྟན་ཐོག་དེ་ཉིད་ལ་བདེན་པ་མངོན་པར་རྟོགས་པར་འགྱུར་བའོ།། །།

སྡེ་ཚན་བཞི་པ་སྦྱོར་བས་རབ་ཏུ་དབྱེ་བ་ལ་དད་པའི་རྗེས་སུ་འབྲང་བ་ནི་གང་ཚོགས་བསགས་པ་ཞེས་པས་ཚོགས་ལམ་རྫོགས་པར་བསྟན་ཏོ། །དབང་པོ་བརྟུལ་པོ་ནི་དད་པ་ལ་སོགས་པའི་དབང་པོའམ་ཡང་ན་ཤེས་རབ་ཀྱི་དབང་པོ་མི་གསལ་བ་སྟེ་དེའི་ཕྱིར་བདག་ཉིད་ཀྱིས་རང་གིས་བདེན་པའི་དོན་ལ་དཔྱོད་མི་ནུས་པར་ཕ་རོལ་གྱི་བསྟན་པའི་རྗེས་སུ་འབྲངས་ནས་བདེན་པའི་དེ་ཁོ་ན་ཉིད་རྟོགས་པར་བྱ་བའི་ཕྱིར་ལམ་ལ་སྦྱོར་བ་སྟེ། འདི་ནི་དད་པའི་སྟོབས་ཀྱིས་ལམ་ལ་ཞུགས་པའི་ཕྱིར་དད་པའི་རྗེས་སུ་འབྲང་བ་ཞེས་བྱའོ། །ཆོས་ཀྱི་རྗེས་སུ་འབྲང་བ་ནི་དད་སོགས་སམ་ཤེས་རབ་ཀྱི་དབང་པོ་རྣོན་པོའམ་གསལ་བས་བདག་ཉིད་ཀྱིས་བདེན་པའི་དབང་དུ་བྱས་པའི་ཆོས་ལ་རྣམ་པར་དཔྱད་ནས་བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་ལམ་ལ་སྦྱོར་བ་སྟེ། འདི་ནི་ཤེས་རབ་ཀྱི་སྟོབས་ཀྱིས་ལུང་གི་ཆོས་ཀྱི་རྗེས་སུ་འབྲངས་ནས་ལམ་ལ་ཞུགས་པའི་ཕྱིར་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། །འདི་ཉིད་ནི་སྦྱོར་ལམ་དྲོད་ནས་བཟུང་སྟེ་མཐོང་བའི་ལམ་སྐད་ཅིག་བཅོ་ལྔའི་བར་ལ་འཇོག་སྟེ། གནས་སྐབས་དེ་དག་ནི་བདེན་པ་མངོན་པར་རྟོགས་པར་བྱ་བ་ལ་ཞུགས་པ་ཡིན་ནོ། །གལ་ཏེ་འདི་དག་འདོད་པའི་ཉོན་མོངས་པ་རྣམ་པ་དྲུག་པ་མ་སྤངས་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ཡིན་ལ་དྲུག་པ་སྤངས་ནས་ལན་གཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་ཤིང་། དགུ་པ་སྤངས་ན་ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པར་རིག་པར་བྱའོ། །མཛོད་ལས། དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །དབང་པོ་རྣོ་བརྟུལ་དེ་དག་ཏུ། །དད་དང་ཆོས་ཀྱི་རྗེས་འབྲང་བ། །ཅེས་མཐོང་ལམ་ཁོ་ན་ལ་འཇོག་པར་བཤད་དོ། །ཅིའི་ཕྱིར་སྐད་ཅིག་མ་བཅུ་དྲུག་པ་ལ་དབང་པོ་རྟུལ་པོ་དང་རྣོན་པོ་དག་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་མི་བྱ་ཞེ་ན། དེའི་ཚེ་གང་ཟག་དང་ཆོས་ཀྱི་རྗེས་སུ་འབྲང་བ་ལ་ལྟོས་པ་མེད་པར་རང་ཉིད་ཀྱིས་མངོན་པར་རྟོགས་པའི་སྟོབས་ཀྱིས་ལམ་སྒོམ་པ་ལ་མཁས་པའི་ཕྱིར་རོ། །

སྡེ་ཚན་ལྔ་པ་འབྲས་བུའི་རབ་ཏུ་དབྱེ་བ་ལ། འབྲས་བུའི་ངོ་བོ་ནི་གང་ཞིག ། རྣམ་པ་ནི་དུ། །ས་གང་ལ་བརྟེན་ནས། ཁམས་གང་དུ་འཐོབ་ཅེ་ན། འདིར་འབྲས་བུ་ཞེས་བྱ་བ་ནི་དགེ་སྦྱོང་གི་ཚུལ་གྱིས་འབྲས་བུ་ལ་བྱ་སྟེ། དེ་ཉིད་འབྲས་བུའི་མཆོག་ཡིན་པའི་ཕྱིར་རོ། །དེ་ལ་དགེ་སྦྱོང་གི་ཚུལ་ནི་ཟག་པ་མེད་པའི་ལམ་བར་ཆད་མེད་པའི་ལམ་གྱིས་བསྡུས་པ་སྟེ། འདིས་འཆལ་པའི་ཚུལ་ཁྲིམས་ཀྱི་རྒྱུ་ཉོན་མོངས་པ་རྣམས་ཞི་བར་བྱེད་པའི་སྒོ་ནས་དོན་དམ་པའི་དགེ་སྦྱོང་དུ་བྱེད་པ་ཡིན་ཏེ། མདོ་ལས་སྡིག་པ་མི་དགེ་བའི་ཆོས་ཞེས་བྱ་བ་ནས་རྒྱས་པར་རྒ་ཤིར་གྱུར་པའི་བར་རྣམ་པ་དུ་མ་ཞིག་བྱས་པ་ཡིན་པས་དེའི་ཕྱིར་དགེ་སྦྱོང་ཞེས་གསུངས་པའི་ཕྱིར་རོ། །དགེ་སྦྱོང་གི་ཚུལ་དེའི་འབྲས་བུ་འདུས་བྱས་དང་འདུས་མ་བྱས་གཉིས་ཡིན་ཏེ། དང་པོ་ནི་རྣམ་གྲོལ་ལམ་གྱིས་བསྡུས་ལ། གཉིས་པ་ནི་སྤངས་པའི་ཆ་སོ་སོར་བརྟགས་པའི་འགོག་པས་བསྡུས་པའོ། །དེ་དག་ནི་གོ་རིམ་བཞིན་དུ་དགེ་སྦྱོང་གི་ཚུལ་དེའི་རྒྱུ་མཐུན་པ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ནོ། །དེ་དག་ནི་གནས་སྐབས་ཀྱི་བྱེ་བྲག་ལས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞིར་མདོ་ལས་གསུངས་སོ། །གཞན་དག་ན་རེ། དགེ་སྦྱོང་ཚུལ་ནི་དྲི་མེད་ལམ། །འབྲས་བུ་འདུས་བྱས་འདུས་མ་བྱས། །དེ་དག་བརྒྱ་བཅུ་རྩ་དགུའོ། །གྲོལ་ལམ་ཟད་པ་རྣམས་དང་བཅས། ཅེས་འདུས་བྱས་འདུས་མ་བྱས་རེ་རེ་ལ་བརྒྱ་བཅུ་རྩ་དགུ་རེ་ཡིན་ཏེ། འདི་ལྟར་མཐོང་ལམ་གྱིས་བསྡུས་པའི་རྣམ་གྲོལ་ལམ་བརྒྱད་དང་། བསྒོམ་ལམ་གྱིས་བསྡུས་པའི་རྣམ་གྲོལ་བརྒྱད་ཅུ་རྩ་གཅིག་སྟེ་དེ་དག་ནི་འདུས་བྱས་ཡིན་ལ། ཉོན་མོངས་དེ་དག་གི་སྤངས་པ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་འདུས་མ་བྱས་ཡིན་ཏེ། དེ་ལྟར་ན་བརྒྱད་ཅུ་རྩ་དགུ་ཡིན་ནོ། །དེ་ལྟར་ཡིན་ན་ཅིའི་ཕྱིར་འབྲས་བུ་བཞིར་རྣམ་པར་བཞག་ཅེ་ན། འབྲས་བུ་བཞི་རྣམ་བཞག་པ་ནི། རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། །འབྲས་ལ་སྔོན་ལམ་བཏང་བ་དང་། གཞན་ཐོབ་པ་དང་ཟད་སྡོམ་དང་། །ཤེས་པ་བརྒྱད་ཚན་ཐོབ་པ་དང་། །རྣམ་པ་བཅུ་དྲུག་ཐོབ་པའོ། །ཞེས་པ་ལྟར། གནས་སྐབས་གང་དུ་རྒྱུ་ལྔ་སྲིད་པ་དེ་ཉིད་འབྲས་བུར་རྣམ་པར་བཞག་སྟེ། འདི་ལྟར་ཞུགས་པའི་ལམ་སྔོན་དུ་བཏང་བ་དང་། འབྲས་བུའི་ལམ་ཐོབ་པ་དང་། སྤངས་པ་ཀུན་གྱི་ཐོབ་པ་གཅིག་རྙེད་པ་དང་། ཆོས་ལ་རྗེས་སུ་ཤེས་པ་བརྒྱད་ཅིག་ཅར་ཐོབ་པ་དང་། མི་རྟག་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་ཐོབ་པའོ། །ཞེས་ཟེར་རོ། །

འདི་ནི་ཚུལ་གཞན་དུ་འཆད་པར་བྱ་སྟེ། འདི་ལྟར་སྤང་བར་བྱ་བ་ནི་གསུམ་སྟེ། ཐར་པ་ལ་འཇུག་པའི་གེགས་སུ་གྱུར་པ་ཀུན་དུ་སྦྱོར་བ་གསུམ། འགྲོ་བ་ཐ་མ་དང་ཁམས་ཐ་མ་ལས་འདའ་བའི་གེགས་སུ་གྱུར་པ་ཐ་མའི་ཆ་མཐུན་ལྔ། ཁམས་གོང་མ་ལས་འདའ་བའི་གེགས་སུ་གྱུར་པ་གོང་མའི་ཆ་མཐུན་ལྔའོ། །དེ་དག་ནི་གོ་རིམ་བཞིན་དུ་ཐར་པ་འདོད་པ་རྣམས་ཀྱི་སྤང་བྱ་རགས་པ་དང་། ཕྲ་བ་དང་། ཤིན་ཏུ་ཕྲ་བ་རྣམས་ཡིན་ལ། དེ་རྣམས་སྤངས་པ་ཡང་དོན་དུ་གཉེར་བྱའི་འབྲས་བུ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་རྣམས་ཡིན་ནོ། །དེ་ལ་དང་པོ་སྤངས་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་རྣམ་པར་བཞག་སྟེ། མདོ་ལས་གང་ཟག་འདི་ནི་ཀུན་དུ་སྦྱོར་བ་གསུམ་སྤངས་པའི་རྒྱུན་དུ་ཞུགས་པའོ། །ཞེས་གསུངས་སོ། །གཉིས་པ་རྣམས་སྲབ་པར་བྱས་པ་དང་སྤངས་པ་ནི་རིམ་པ་ལྟར་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་རྣམ་པར་བཞག་སྟེ། མདོ་ལས་ལན་གཅིག་ཕྱིར་འོང་བའི་འབྲས་བུ་གང་ཞེ་ན། ཀུན་དུ་སྦྱོར་བ་གསུམ་སྤངས་པ་དང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་བསྲབས་པ་གང་ཡིན་པ་དེ་ཡིན་ནོ། །ཕྱིར་མི་འོང་བའི་འབྲས་བུ་གང་ཞེ་ན། ཀུན་དུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པ་གང་ཡིན་པ་དེ་ཡིན་ནོ་ཞེས་གསུངས་སོ། །ཅིའི་ཕྱིར་འདོད་པ་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ནི་ཆེས་ཤིན་ཏུ་རགས་པ་དང་རིམ་གྱིས་སྤོང་བ་ཡིན་ལ་དེའི་ཕྱིར་གང་གི་ཚེ་འདོད་པའི་ཉོན་མོངས་པ་ཕལ་ཆེར་ཟད་པ་དེའི་ཚེ་ཕྱིར་འོང་དང་། མ་ལུས་པར་ཟད་པ་དེའི་ཚེ་ཕྱིར་མི་འོང་གི་འབྲས་བུ་རྣམ་པར་བཞག་སྟེ་འདོད་པའི་ཉེས་དམིགས་བསྟན་པའི་ཕྱིར་དང་། དེ་ལས་མྱུར་དུ་འདའ་བར་བསྟན་པའི་ཕྱིར་རོ། །

གསུམ་པ་སྤངས་པས་ནི་དགྲ་བཅོམ་པའི་འབྲས་བུ་རྣམ་པར་བཞག་སྟེ། མདོ་ལས་གོང་མའི་ཆ་དང་མཐུན་པ་ལྔ་སྤངས་པ་ནི་དགྲ་བཅོམ་པའི་འབྲས་བུའོ་ཞེས་གསུངས་སོ། །ས་གང་ལ་རྟེན་ནས་ཐོབ་པ་ནི། འབྲས་བུ་དང་པོ་དང་གཉིས་པ་ནི་དང་པོའི་ཉེར་སྡོགས་མི་ལྕོགས་པ་མེད་པ་ཁོ་ན་ལ་བརྟེན་ཏེ། འདོད་པའི་ཉོན་མོངས་པ་མ་སྤངས་པའི་ཕྱིར་རོ། །འབྲས་བུ་གསུམ་པ་ནི་གལ་ཏེ་རིམ་གྱིས་ཐོབ་ན་ནི་མི་ལྕོགས་པ་མེད་པ་ཁོ་ན་ལ་བརྟེན་ལ། འདོད་ཆགས་དང་བྲལ་བ་ཞིག་གིས་ཐོབ་ན་ནི་བསམ་གཏན་གྱི་དངོས་གཞི་གང་ཡང་རུང་བ་ལ་བརྟེན་ནོ། །གཟུགས་མེད་ལ་ནི་མི་རྟེན་ཏེ་དེ་ནི་འདོད་པའི་ཉོན་མོངས་པའི་གཉེན་པོར་མི་རུང་བའི་ཕྱིར་དང་། ཕྱིར་མི་འོང་ཡང་འདོད་པའི་ཉོན་མོངས་པ་སྤངས་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །འབྲས་བུ་བཞི་པ་ནི་བསམ་གཏན་པ་དྲུག་གཟུགས་མེད་དང་པོ་གསུམ་རྣམས་ལ་བརྟེན་ཏེ། གལ་ཏེ་ཁམས་འོག་མ་གཉིས་སུ་ཐོབ་པར་བྱེད་ན་བསམ་གཏན་པ་དྲུག་ལ་རྟེན་ལ། གཟུགས་མེད་དུ་ཐོབ་ན་གཟུགས་མེད་དང་པོ་གསུམ་གང་ཡང་རུང་བ་ལ་བརྟེན་ཐོབ་པའི་ཕྱིར་རོ། །ཁམས་གང་དུ་ཐོབ་པ་ནི། མཛོད་ལས། འདོད་པར་གསུམ་ཐོབ་ཐ་མ་ནི། །གསུམ་དུ་གོང་ན་མཐོང་ལམ་མེད། །མི་སྐྱོ་ལུང་ལས་འདིར་རྩོམ་ཞིང་། །དེ་མཐར་ཕྱིན་ཞེས་འབྱུང་ཕྱིར་རོ། །ཞེས་པས། དང་པོ་གསུམ་ནི་འདོད་པའི་རྟེན་ཁོ་ན་ལ་ཐོབ་སྟེ་རྒྱུན་ཞུགས་དང་ཕྱིར་འོང་ནི་འདོད་པ་ལས་འདོད་ཆགས་དང་མ་བྲལ་བའི་ཕྱིར་དང་། ཕྱིར་མི་འོང་ཡང་རིམ་གྱིས་པ་ནི་དང་པོའི་ཉེར་བསྡོགས་ལ་བརྟེན་ནས་ཐོབ་པའི་ཕྱིར་དང་། ཐོད་རྒལ་བ་ནི་མཐོང་ལམ་ལ་བརྟེན་ནས་ཐོབ་སྟེ། ཁམས་གོང་གི་རྟེན་ལ་མཐོང་ལམ་མེད་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་ཁམས་གོང་མའི་རྟེན་ལ་སྐྱོ་བ་མེད་པའི་ཕྱིར་དང་། སྐྱོ་བ་དང་བྲལ་བ་ཡང་ཁམས་གསུམ་ལས་ངེས་པར་འབྱུང་བར་བྱ་བའི་ཕྱིར་དུ་འཕགས་ལམ་ལ་བརྩོན་པ་མི་བྱེད་པའི་ཕྱིར་རོ། །ལུང་ལས་ཀྱང་བར་དོར་མྱ་ངན་ལས་འདའ་བ་སོགས་ལྔ་པོ་དང་པོར་འདིར་བརྩོམ་ཞིང་དེར་མཐར་ཕྱིན་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །བཞི་པ་ནི། ཁམས་གསུམ་ཀའི་རྟེན་ལ་ཐོབ་པ་ཡིན་ནོ། །ཅིའི་ཕྱིར་རྒྱུན་དུ་ཞུགས་པ་ཞེས་བྱ་ཞེ་ན། ཐར་པའི་གེགས་དང་བྲལ་བས་མྱ་ངན་ལས་འདས་པའི་རྒྱུན་ལ་ཞུགས་པའི་ཕྱིར་རོ། །ཅིའི་ཕྱིར་ལན་ཅིག་ཕྱིར་འོང་བ་ཞེས་བྱ་ཞེ་ན། འདོད་པའི་ཉོན་མོངས་པ་ཕལ་ཆེར་སྤངས་པས་འདོད་པར་སྐྱེ་བ་ལན་གཅིག་ལུས་པའི་ཕྱིར་རོ། །ཅིའི་ཕྱིར་ཕྱིར་མི་འོང་བ་ཞེས་བྱ་ཞེ་ན། འདོད་པར་སྐྱེ་བའི་རྒྱུ་ཟད་པས་འདོད་པར་སླར་མི་ལྡོག་པའི་ཕྱིར་རོ། །ཅིའི་ཕྱིར་དགྲ་བཅོམ་པ་ཞེས་བྱ་ཞེ་ན། ཉོན་མོངས་པའི་དགྲ་མ་ལུས་པ་བཅོམ་པའི་ཕྱིར་རོ། །དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་རྣམ་པར་བཞག་པ་ནི་དེ་ལྟ་བུ་ཡིན་ནོ། །ད་ནི་དཀྱུས་མ་ཉིད་བཤད་པར་བྱ་སྟེ། དེ་ལ་བཞི་ལས། དང་པོ་དབང་པོས་བཞག་པ་ནི་གཉིས་ཏེ་དད་པས་མོས་པ་དང་མཐོང་བས་ཐོབ་པའོ། །སྔོན་དད་པའི་རྗེས་སུ་འབྲང་བ་དང་ཆོས་ཀྱི་རྗེས་སུ་འབྲང་བ་དེ་དག་ནི་འབྲས་བུ་ཐོབ་པའི་དུས་ན་རིམ་པ་ལྟར་དད་པས་མོས་པ་དང་མཐོང་བ་ཐོབ་པ་ཞེས་བྱ་སྟེ། རིམ་པ་ལྟར་དད་པ་ལྷག་པས་མོས་པ་དང་ཤེས་རབ་ལྷག་པས་མཐོང་བས་རབ་ཏུ་ཕྱེ་བའི་ཕྱིར་རོ། །

གཉིས་པ་སྙོམས་འཇུག་གི་བཞག་པ་ནི་གསུམ་སྟེ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་དང་ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའོ། །དང་པོ་ནི། སློབ་པ་གང་གཟུགས་ཅན་གཟུགས་ལ་ལྟ་བ་ལ་སོགས་པའི་རྣམ་པར་ཐར་པ་བརྒྱད་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་པའོ། །ཁ་ཆེ་བ་རྣམས་ནི་ཞི་བ་མྱང་འདས་དང་འདྲ་བའི་འགོག་པ་སེམས་མེད་པའི་ལུས་ཀྱིས་མངོན་སུམ་དུ་བྱས་ནས་གནས་པའི་ཕྱིར་རོ་ཞེས་ཟེར་རོ། །སློབ་དཔོན་དབྱིག་གཉེན་ནི་འགོག་པ་ལས་ལངས་པ་ན་འདི་སྙམ་དུ་ཀྱེ་མ་འགོག་པའི་སྙོམས་པར་འཇུག་པ་ནི་མྱ་ངན་ལས་འདས་པ་དང་འདྲ་བར་ཞི་བ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་བ་རྣམ་པར་ཤེས་པ་དང་བཅས་པའི་ལུས་ཞི་བ་སྔོན་མ་ཐོབ་པ་ཐོབ་པའི་ཕྱིར་རོ་ཞེས་འཆད་དོ། །གཉིས་པ་ནི་ཤེས་རབ་ཀྱི་སྟོབས་ཀྱིས་ཉོན་མོངས་པའི་ཟག་པ་མ་ལུས་པར་ཟད་ལ་སྙོམས་འཇུག་གི་སྒྲིབ་པ་མ་སྤངས་པས་རྣམ་ཐར་བརྒྱད་ལ་བསམ་གཏན་པ་མ་ཡིན་པའོ། །གསུམ་པ་ནི་ཤེས་རབ་ཀྱི་སྟོབས་ཀྱིས་ཉོན་སྒྲིབ་སྤངས་ཤིང་སྙོམས་འཇུག་གི་སྒྲིབ་པ་ཡང་སྤངས་པས་རྣམ་ཐར་བརྒྱད་ལ་བསམ་གཏན་པའི་གང་ཟག་གོ །

གསུམ་པ་ཞུགས་པ་དང་གནས་པས་བཞག་པ་ནི་བརྒྱད་ཡིན་ཏེ། དེ་ཡང་འབྲང་བུ་དང་པོའི་དབང་དུ་བྱས་པའི་ཞུགས་གནས་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འཇུག་པ་ནི་ཉོན་མོངས་པ་དྲུག་པ་མ་སྤངས་པའི་གང་ཟག་གང་ངེས་འབྱེད་ཆ་མཐུན་བསྟན་གཅིག་པ་ནས་བཟུང་སྟེ་མཐོང་ལམ་གྱི་སེམས་ཀྱིས་སྐད་ཅིག་བཅོ་ལྔ་ལ་གནས་པའི་བར་ཏེ། གནས་སྐབས་དེ་དག་ནི་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པའི་གེགས་མཐོང་སྤང་གི་ཉོན་མོངས་པ་སྤོང་བའི་སྦྱོར་བ་ལ་ཞུགས་པའི་ཕྱིར་རོ། །ཁ་ཆེ་རྣམས་ནི་མཐོང་ལམ་སྐད་ཅིག་བཅོ་ལྔ་ལ་གནས་པ་ཁོ་ན་ལ་འདོད་དོ། །རྒྱུན་དུ་ཞུགས་པ་ནི་དེ་ཉིད་བཅུ་དྲུག་པ་ལ་གནས་པ་སྟེ། ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་གནས་པ་ཡིན་པའི་ཕྱིར་རོ། །ཞར་ལ་མཐོང་ལམ་གྱི་མིང་གཞན་བསྟན་པ་ནི་མཐོང་ལམ་ནི་གོ་རིམ་བཞིན་དུ་ཡང་དག་པ་མྱ་ངན་ལས་འདས་པ་ལ་ཞུགས་པའི་ཕྱིར་དང་། དོན་དམ་པའི་མངོན་པར་རྟོགས་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་མཐོང་ལམ་གྱི་ཐ་མ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་ངེས་སམ་ཞེ་ན་མ་ཡིན་ཏེ། འདི་ལྟར་འདོད་པའི་ཉོན་མོངས་པ་རྣམ་པ་གཅིག་གམ་གཉིས་སྤངས་པ་ན་ནི་ཆ་ལས་འདོད་ཆགས་དང་བྲལ་བ་ཞེས་བྱ་ལ། གསུམ་སྤངས་ན་ཕྱོགས་གཅིག་ལས་འདོད་ཆགས་དང་བྲལ་བ་ཞེས་བྱ་ཞིང་། དྲུག་པ་སྤངས་ན་ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་ཞེས་བྱ་ལ། དགུ་པ་སྤངས་ནས་འདོད་པ་ལས་འདོད་ཆགས་དང་བྲལ་བ་ཞེས་བྱ་བའི་མིང་ཐོབ་པའོ། །དེ་ལ་སྔར་འདོད་པའི་ཉོན་མོངས་པ་ལྔ་པ་མན་ཆད་སྤངས་ཀྱང་དྲུག་པ་སོགས་མ་སྤངས་པས་འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་ནི་ངེས་པ་ལ་ཞུགས་ནས་བཅུ་དྲུག་པ་ལ་རྒྱུན་དུ་ཞུགས་པར་འགྱུར་རོ། །གང་ཞིག་དྲུག་པ་སྤངས་ཏེ་ཕལ་ཆེར་ལ་འདོད་ཆགས་དང་བྲལ་བ་ནི་ཕྱིས་ངེས་པ་ལ་ཞུགས་ནས་བཅུ་དྲུག་པ་ལ་ཕྱིར་འོང་བར་འགྱུར་རོ། །འདི་ལ་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞེས་ཟེར་བ་ནི་ཆགས་བྲལ་གྱི་ཐ་སྙད་ལ་མི་མཁས་པ་རྣམས་ཀྱི་མུན་སྤྲུལ་ཡིན་ཏེ། ཇི་སྲིད་འདོད་པའི་ཉོན་མོངས་པ་དགུ་པ་མ་སྤངས་པ་དེ་སྲིད་དུ་འདོད་ཆགས་དང་བྲལ་བའི་མིང་ཡང་མི་འཇུག་པའི་ཕྱིར་རོ། །དེ་བས་འདི་ནི་ཐོད་རྒལ་བའི་ཕྱིར་འོང་ཞེས་བྱ་སྟེ། རྒྱུན་ཞུགས་ཀྱི་འབྲས་བུ་སྔོན་དུ་མ་སོང་བའི་ཕྱིར་འོང་ཡིན་པའི་ཕྱིར་རོ། །གང་དག་དགུ་པ་སྤངས་ཏེ་འདོད་པ་ལ་འདོད་ཆགས་དང་བྲལ་བ་ནི་ངེས་པ་ལ་ཞུགས་ནས་བཅུ་དྲུག་པ་ལ་ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པར་འགྱུར་རོ། །འདི་ནི་ཆགས་བྲལ་སྔོན་སོང་ཡང་ཡིན་ལ་ཐོད་རྒལ་བའི་ཕྱིར་མི་འོང་ཞེས་བྱ་སྟེ། ཕྱིར་འོང་སྔོན་དུ་མ་སོང་བའི་ཕྱིར་མི་འོང་ཡིན་པའི་ཕྱིར་རོ། །རྒྱུན་དུ་ཞུགས་པས་མཐོང་སྤངས་ཐམས་ཅད་སྤངས་ཀྱང་མདོ་ལས་ཀུན་དུ་སྦྱོར་བ་གསུམ་སྤངས་པས་རྒྱུན་དུ་ཞུགས་པར་བརྗོད་པ་ནི། གསུམ་པོ་འདི་ཐར་པ་ཐོབ་པའི་གེགས་སུ་གྱུར་པས་རྒྱུན་ཞུགས་ཀྱི་སྤང་བྱའི་གཙོ་བོ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ན་འཇིག་ཚོགས་སུ་ལྟ་བས་ཕུང་པོ་ལྔ་ལ་བདག་དང་བདག་གིར་མངོན་པར་ཞེན་ནས་འཁོར་བ་ལ་དགའ་བས་སྡུག་བསྔལ་ལས་མི་འཕགས་པ་དང་འཕགས་ཀྱང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་ལམ་ངན་པ་ལ་མངོན་པར་ཞེན་པས་ལོག་པས་ངེས་པར་འབྱུང་བ་དང་ཐེ་ཚོམ་གྱིས་ནི་ལམ་བཟང་པོ་ལ་སོམ་ཉི་ཟ་བས་ཡང་དག་པར་ངེས་པར་འབྱུང་བ་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཡང་ན་འཇིག་ལྟ་ནི་ཤེས་བྱ་ལ་ལོག་པར་རྟོགས་པའི་རྒྱུ་ཡིན་ཏེ། སྡུག་བསྔལ་བ་ཙམ་ལ་བདག་དང་བདག་གིར་སྒྲོ་འདོགས་པའི་ཕྱིར་དང་། ཚུལ་ཞུགས་མཆོག་འཛིན་ནི་ལྟ་བ་ལ་ལོག་པར་རྟོགས་པའི་རྒྱུ་ཡིན་ཏེ། དེས་འདག་པར་ཡིད་ཆེས་པའི་ཕྱིར་དང་། ཐེ་ཚོམ་ནི་གཉེན་པོ་ལ་ལོག་པར་རྟོགས་པའི་རྒྱུ་ཡིན་ཏེ། དཀོན་མཆོག་གསུམ་ལ་ངེས་པར་མི་བྱེད་པའི་ཕྱིར་རོ། །

གཉིས་པ་ཕྱིར་འོང་ལ་ཞུགས་གནས་གཉིས་ལས་ཞུགས་པ་ནི། མཐོང་ལམ་གྱི་མཇུག་ཏུ་སྒོམ་ལམ་ལ་འདོད་པའི་ཉོན་མོངས་པ་ལྔ་པ་སྤངས་ཤིང་དྲུག་པ་སྤོང་བའི་སྦྱོར་བའི་ལམ་དང་བར་ཆད་མེད་པའི་ལམ་ལ་གནས་པའི་གང་ཟག་གོ ། ཅིའི་ཕྱིར་དྲུག་པ་སྤོང་བའི་ལམ་ལ་གནས་པ་ཁོ་ན་ཕྱིར་འོང་ལ་ཞུགས་པ་ཡིན་ཞེ་ན། ཉོན་མོངས་པའི་རྣམ་པ་གང་ཞིག་སྤངས་པས་ཕྱིར་འོང་གི་འབྲས་བུ་མངོན་དུ་བྱེད་པ་དེ་ཁོ་ན་སྤོང་བ་ལ་ཞུགས་པ་ན་ཕྱིར་འོང་གི་འབྲས་བུ་ལ་ཞུགས་པ་ཞེས་བྱ་ན། དེ་ཡང་དྲུག་པ་ལས་གཞན་ལ་མི་འཐད་པའི་ཕྱིར་རོ། །དེ་བཞིན་དུ་གསུམ་པ་བཞི་པ་གཉིས་ལའང་ཤེས་པར་བྱའོ། །ཁ་ཆེ་བ་རྣམས་ནི་ཇི་སྐད་དུ། འབྲས་ཐོབ་འབྲས་བུའི་ཁྱད་པར་གྱིས། །ལམ་ཐོབ་མེད་པ་དེའི་ཕྱིར། །འབྲས་གནས་ཁྱད་པར་བྱ་བའི་ཕྱིར། །མི་བརྩོན་པ་ནི་ཞུགས་མ་ཡིན། །ཞེས་པས་གང་གི་ཚེ་འབྲས་བུ་ཕྱི་མ་ཁྱད་པར་ཅན་ཐོབ་པར་བྱ་བའི་ཕྱིར་དུ་ལམ་ལ་བརྩོན་པ་དེའི་ཚེ་ཕྱི་མ་ལ་ཞུགས་པ་ཡིན་ནོ་ཞེས་ཟེར་རོ། །འདིར་ནི་དེ་ཙམ་གྱིས་ཕྱི་མ་ལ་ཞུགས་པ་མ་ཡིན་ཏེ། གནས་སྐབས་དེ་དག་ཏུ་ཡང་རྐྱེན་གྱི་དབང་གིས་ཐེག་པ་གཞན་ལ་ཞུགས་ཏེ་འབྲས་བུ་ཕྱི་མ་མངོན་དུ་མི་བྱེད་པ་སྲིད་པའི་ཕྱིར་རོ། །རྣམ་པ་གང་སྤངས་པས་འབྲས་བུ་དེ་མངོན་སུམ་དུ་བྱེད་པར་འགྱུར་བའི་ཉོན་མོངས་པའི་རྣམ་པ་དེ་སྤོང་བའི་སྦྱོར་བ་ལ་ཞུགས་པ་དེའི་ཚེ་གདོན་མི་ཟ་བར་འབྲས་བུ་ཕྱི་མ་མངོན་དུ་བྱེད་པར་འགྱུར་བས་དེའི་ཕྱིར་གནས་སྐབས་དེའི་ཚེ་ཕྱི་མ་ལ་ཞུགས་པར་འཐད་པ་ཡིན་ནོ། །ཕྱིར་འོང་གི་འབྲས་བུ་ལ་གནས་པ་ནི། ཞུགས་པ་དེ་ཉིད་འདོད་པའི་ཉོན་མོངས་པ་དྲུག་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པ་ནས་བཟུང་སྟེ་དགུ་པའི་བར་ཆད་མེད་ལམ་ལ་གནས་པའི་བར་ཏེ། ཕལ་ཆེར་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་གནས་པའི་ཕྱིར་རོ། །

གསུམ་པ་ཕྱིར་མི་འོང་ལ་ཞུགས་གནས་གཉིས་ལས་ཞུགས་པ་ནི། ཕྱིར་འོང་གང་འདོད་པའི་ཉོན་མོངས་པ་བདུན་པ་དང་བརྒྱད་པ་སྤངས་དགུ་པ་སྤོང་བའི་སྦྱོར་བ་དང་བར་ཆད་མེད་པའི་ལམ་ལ་གནས་པའོ། །ཕྱིར་མི་འོང་གི་འབྲས་བུ་ལ་གནས་པ་ནི། དེ་ཉིད་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ནས་བཟུང་སྟེ་སྲིད་རྩེའི་དགུ་པ་སྤོང་བའི་བར་ཆད་མེད་ལམ་ལ་གནས་པའི་བར་ཏེ། ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་གནས་པའི་ཕྱིར་རོ། །ཕྱིར་མི་འོང་གིས་འདོད་པའི་སྒོམ་སྤངས་ཐམས་ཅད་སྤངས་ཀྱང་མདོ་ལས་ཐ་མའི་ཆ་མཐུན་ལྔ་སྤངས་པའི་ཕྱིར་མི་འོང་ཞེས་བརྗོད་པ་ནི། ལྔ་པོ་དེ་དག་འགྲོ་བ་ཐ་མ་དང་ཁམས་ཐ་མའི་རྒྱུ་ཡིན་པས་ཕྱིར་མི་འོང་གི་སྤང་བྱའི་གཙོ་བོ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ན་འཇིག་ལྟ་ཚུལ་ཞུགས་མཆོག་འཛིན་ཐེ་ཚོམ་རྣམས་ནི་འགྲོ་བ་ཐ་མ་ངན་འགྲོའི་རྒྱུ་ཡིན་པ་དང་འདོད་པ་ལ་འདུན་པ་དང་གནོད་སེམས་ནི་ཁམས་ཐ་མ་འདོད་པའི་ཁམས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །འབྲས་བུ་དང་པོ་གསུམ་ལ་གནས་པ་འདི་དག་གང་གི་ཚེ་འབྲས་བུ་ཕྱི་མ་ཐོབ་པའི་དོན་དུ་ལམ་ལ་བརྩོན་པ་དེའི་ཚེ་འབྲས་བུ་ཁྱད་པར་ཅན་གྱི་ལམ་ལ་གནས་པ་ཞེས་བྱ་ལ་མི་བརྩོན་པ་ན་འབྲས་བུ་ཙམ་ལ་གནས་པ་ཞེས་བྱའོ། །བཞི་པ་དགྲ་བཅོམ་པ་ལ་ཞུགས་གནས་གཉིས་ལས་ཞུགས་པ་ནི་ཕྱིར་མི་འོང་གང་སྲིད་རྩེའི་ཉོན་མོངས་པ་བརྒྱད་པ་སྤངས་ཤིང་དགུ་པ་སྤོང་བའི་སྦྱོར་བ་དང་བར་ཆད་མེད་པའི་ལམ་ལ་གནས་པའོ། །དགྲ་བཅོམ་པའི་འབྲས་བུ་ལ་གནས་པ་ནི་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པ་ནས་བཟུང་སྟེ་ཕུང་པོ་ལྷག་མེད་ཀྱི་མྱ་ངན་ལས་མ་འདས་ཀྱི་བར་ཏེ། གོང་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་གནས་པའི་ཕྱིར་རོ། །དགྲ་བཅོམ་པས་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་སྤངས་ཀྱང་མདོ་ལས་གོང་མའི་ཆ་མཐུན་ལྔ་སྤངས་པས་དགྲ་བཅོམ་པ་ཞེས་གསུངས་པ་ནི། ལྔ་པོ་དེ་ཉིད་ཁམས་གོང་མའི་རྒྱུ་ཡིན་པས་དགྲ་བཅོམ་པའི་སྤང་བྱའི་གཙོ་བོ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ན་གཟུགས་གཟུགས་མེད་ཀྱི་འདོད་ཆགས་ནི་གོང་མའི་ཕུང་པོ་ཉེ་བར་ལེན་པའི་རྒྱུ་ཡིན་པ་དང་རྒོད་པ་དང་ང་རྒྱལ་དང་མ་རིག་པ་རྣམས་ནི་གོང་མ་ཡོངས་སུ་མི་གཏོང་བའི་རྒྱུ་ཡིན་པའི་ཕྱིར་ཏེ། དེ་དག་གིས་སྲེད་པ་དང་ང་རྒྱལ་ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་པ་རྣམས་ཀུན་ནས་ཉོན་མོངས་པར་བྱེད་པའི་ཕྱིར་རོ།། །།

བཞི་པ་འབྲས་བུ་བཞིའི་ཁྱད་པར་བཤད་པ་ལ་བཞི་ལས། དང་པོ་རྒྱུན་ཞུགས་ཀྱི་འབྲས་བུའི་ཁྱད་པར་བཤད་པ་ལ་གཉིས་ལས། དང་པོ་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ནི་རྒྱུན་ཞུགས་དེ་ཉིད་ཚེ་དེ་ལ་སྒོམ་སྤངས་ཅུང་ཟད་ཀྱང་མ་སྤངས་པ་འདོད་པའི་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བ་ལན་བདུན་བདུན་འཁོར་བར་བྱས་ནས་སྡུག་བསྔལ་གྱི་མཐའ་མ་དགྲ་བཅོམ་པ་ཐོབ་པའོ། །དེ་ལ་གང་ཞིག་མི་རྣམས་ཀྱི་ནང་དུ་རྒྱུན་ཞུགས་ཐོབ་པ་དེ་ནི་དེ་ཁོ་ནར་འོངས་ནས་མྱ་ངན་ལས་འདའ་ལ། གང་ཞིག་ལྷ་རྣམས་ཀྱི་ནང་དུ་རྒྱུན་ཞུགས་ཐོབ་པ་དེ་ནི་དེ་ཁོ་ནར་འོངས་ནས་མྱ་ངན་ལས་འདའོ། །ཅིའི་ཕྱིར་སྲིད་པ་བརྒྱད་པ་མངོན་པར་མི་འགྲུབ་ཅེ་ན་དུས་དེ་སྲིད་ཀྱིས་གདོན་མི་ཟ་བར་རྒྱུ་ཡོངས་སུ་སྨིན་པའི་ཕྱིར་རོ། །ལམ་དེ་ནི་དེ་འདྲ་བ་སྟེ་སྦྲུལ་གོམ་པ་བདུན་པས་ཟིན་པ་དང་། རིམས་ཉིན་བཞི་པ་བཞིན་ནོ། །ཀུན་སྦྱོར་བདུན་པོ་ཐ་མའི་ཆ་མཐུན་གཉིས། གོང་མའི་ཆ་མཐུན་ལྔ་ལུས་པའི་ཡང་ཕྱིར་རོ། །བར་སྐབས་སུ་ཡང་འཕགས་ལམ་མངོན་དུ་བྱེད་ཅིང་མྱ་ངན་ལས་མི་འདའ་སྟེ། དེ་སྲིད་དུ་སྲིད་པ་མྱོང་བར་འགྱུར་བའི་ལས་ཀྱིས་སྟོབས་བསྐྱེད་པའི་ཕྱིར་རོ། །དེའི་ཕྱིར་འདི་ནི་སྐྱེ་བ་བདུན་པ་ཁོ་ན་ལ་འབྲས་བུ་ལྷག་མ་གསུམ་མངོན་དུ་བྱེད་ཀྱི་དེའི་གོང་དུ་ནི་མ་ཡིན་ནོ། །སོ་སོ་སྐྱེ་བོ་རྒྱུད་ཡོངས་སུ་སྨིན་པ་དང་རྒྱུན་དུ་ཞུགས་པ་གཞན་འགའ་ཞིག་ཀྱང་མཆོག་ཏུ་ཐོགས་ན་ལན་བདུན་པ་ཡིན་མོད་ཀྱི་དེ་དག་ནི་ལན་བདུན་ལེན་པར་མ་ངེས་པའི་ཕྱིར་སྲིད་པ་ལན་བདུན་པ་ཅེས་མ་བརྗོད་ལ། འདིར་ནི་གང་ཞིག་གདོན་མི་ཟ་བར་ལན་བདུན་ལེན་པ་དེ་ཉིད་ལ་སྤྱི་མིང་བྱེ་བྲག་ལ་སྦྱར་ནས་རེ་ལྟར་ཐོགས་ན་ལན་བདུན་པ་ཞེས་བྱའོ། །

གཉིས་པ་རིགས་ནས་རིགས་སུ་སྐྱེ་བ་ནི། སྤངས་པའི་ཁྱད་པར་འདོད་པའི་ཉོན་མོངས་པ་གསུམ་མམ་བཞི་པ་སྤངས་ཤིང་དེའི་གཉེན་པོར་ཟག་མེད་ཀྱི་དབང་པོ་ཡང་ཐོབ་ལ་སྐྱེ་བའི་ཁྱད་པར་འདོད་པའི་ལྷ་ནས་ལྷའམ་མི་ནས་མི་རྣམས་ཀྱི་ནང་དུ་ལན་གཉིས་སམ་གསུམ་རིགས་ནས་རིགས་སུ་སོང་ནས་གཉིས་པའམ་གསུམ་པ་ལ་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །ཅིའི་ཕྱིར་རྣམ་པ་ལྔ་སྤངས་པ་མ་ཡིན་ཞེ་ན། དེ་སྤངས་ན་གདོན་མི་ཟ་བར་དྲུག་པ་ཡང་སྤོང་བས་ཕྱིར་འོང་དུ་འགྱུར་བའི་ཕྱིར་རོ། །དེ་ཡང་གཉིས་ཏེ། ལྷའི་རིགས་ནས་རིགས་སུ་སྐྱེ་བ་དང་། མིའི་རིགས་ནས་རིགས་སུ་སྐྱེ་བའོ། །དང་པོ་ནི། འདོད་པའི་ལྷར་ལན་གཉིས་སམ་གསུམ་འཁོར་ཏེ་མྱ་ངན་ལས་འདའ་ལ། གཉིས་པ་ནི་མིར་ལན་གཉིས་སམ་གསུམ་འཁོར་ནས་མྱ་ངན་ལས་འདའོ། རིགས་ནས་རིགས་སྐྱེ་དང་རེ་ལྟར་ཐོགས་ན་ལན་བདུན་པ་འདི་དག་ཀྱང་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པའི་ཚེ་ཉིད་ལ་འཇོག་གི་དེ་ཕྱིན་ཆད་ནི་མ་ཡིན་ཏེ། སྐྱེ་བའི་ཁྱད་པར་མེད་པའི་ཕྱིར་རོ། །རིགས་ནས་རིགས་སྐྱེ་ནི་འབྲས་བུ་ཁྱད་པར་ཅན་གྱི་ལམ་ལ་གནས་པ་ཡིན་མོད། ཕྱིར་འོང་གི་འབྲས་བུ་ལ་ཞུགས་པ་ནི་མ་ཡིན་ཏེ། ཐེག་པ་གཞན་དུ་འཕོ་བ་སྲིད་པའི་ཕྱིར་རོ། །དེའི་ཕྱིར་འགྲེལ་པར་འདི་དང་བར་ཆད་གཅིག་པ་གཉིས་ཀ་འབྲས་བུ་ཕྱི་མ་ལ་ཞུགས་པར་བཤད་པ་ནི་ནོར་པ་ཡིན་ནོ། །གཉིས་པ་ཕྱིར་འོང་གི་ཁྱད་པར་བར་ཆད་གཅིག་པ་ནི། ཕྱིར་འོང་གང་འདོད་པའི་ཉོན་མོངས་པ་བདུན་པའམ་བརྒྱད་པ་སྤངས་ཤིང་ཚེ་དེ་ཉིད་ལ་དགུ་པ་མི་སྤོང་ཞིང་ཕྱི་མ་ལ་འདོད་པའི་ལྷ་རྣམས་ཀྱི་ནང་དུ་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །

གསུམ་པ་ཕྱིར་མི་འོང་གི་ཁྱད་པར་ལ་ལྔ་ལས། དང་པོ་བར་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནི། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་གཟུགས་ཀྱི་སྐྱེ་སྲིད་མངོན་པར་འགྲུབ་པའི་ཉོན་མོངས་པའི་ཤུགས་ཟད་ནས་སྐྱེ་བའི་ཀུན་སྦྱོར་སྤངས་ལ་ཤི་བའི་འོག་ཏུ་བར་སྲིད་ཙམ་འགྲུབ་པའི་བག་ལ་ཉལ་མ་ཟད་པས་མངོན་པར་འགྲུབ་པའི་ཀུན་སྦྱོར་མ་སྤངས་པས་དེའི་སྟོབས་ཀྱིས་གཟུགས་ཀྱི་བར་སྲིད་མངོན་པར་འགྲུབ་པ་ན་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །དེ་ཡང་རྣམ་པ་གསུམ་སྟེ། དཔེར་ན་ཞོགས་མའི་མེ་སྟག་ཡར་མ་ཐག་འཆི་བ་ལྟར་བར་སྲིད་མངོན་པར་འགྲུབ་ཙམ་ནས་ཕུང་པོ་ལྷག་མེད་དུ་མྱ་ངན་ལས་འདའ་བ་དང་། ལྕགས་ཀྱི་ཚ་ཚ་ཡར་བཞིན་པ་འཆི་བ་ལྟར་བར་སྲིད་མངོན་པར་འགྲུབ་ནས་སྐྱེ་སྲིད་དུ་འགྲོ་བར་མི་སེམས་པ་ཚེ་དཀྱིལ་ཙམ་དུ་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་མཐའ་མ་ཐོབ་པ་དང་ཚ་ཚ་ཡར་བ་ས་ལ་མ་ལྷུང་ཙམ་དུ་འཆི་བ་ལྟར་སྐྱེ་སྲིད་དུ་འཇུག་པར་མངོན་པར་བསམ་ནས་སྐྱེ་སྲིད་མ་ཐོབ་ཙམ་ན་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །འདི་དག་ནི་ལྷག་མེད་དུ་མྱ་ངན་ལས་འདའ་བ་ཡིན་ཏེ། བར་དོའི་སྲིད་པ་དེ་ནི་སྐྱེ་སྲིད་ཚོལ་བའི་ངང་ཚུལ་ཅན་ཡིན་པས་གང་གི་ཚེ་སྐྱེ་སྲིད་ལ་འདུན་པ་དང་བྲལ་བ་དེའི་ཚེ་དེའི་ལུས་འཇིག་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་ཉོན་མོངས་པ་མ་ལུས་པར་སྤངས་པ་ན་སྐྱེ་བའི་སྲིད་པ་ལ་འདུན་པ་དང་བྲལ་བས་ལུས་དེ་འགག་པར་འགྱུར་བའི་ཕྱིར་རོ། །སྐྱེས་ནས་མྱ་ངན་ལས་འདའ་བ་ནི་སླ་ལ་མངོན་པར་འདུ་བྱེད་མེད་པ་ནི་སྔོན་ཤིན་ཏུ་གོམས་པའི་དབང་གིས་ལམ་ལ་རང་གིས་འབྱུང་བ་དང་མངོན་པར་འདུ་བྱེད་དང་བཅས་པ་ནི། དེ་ལས་བཟློག་པ་སྟེ་གསུམ་པོ་ནི་སླའོ། །འདི་དག་ནི་ཉོན་མོངས་པ་སྤངས་པ་ན་ལྷག་བཅས་སུ་འདའ་ཡི་ཇི་སྲིད་ཚེའི་འཕེན་པ་མ་ཟད་པ་དེ་སྲིད་དུ་མི་འཆི་བའི་ཕྱིར་ལྷག་མེད་དུ་ནི་མ་ཡིན་ནོ། །ལྔ་པ་གོང་དུ་འཕོ་བ་ལ་གོང་ནི་འོག་མིན་དང་སྲིད་རྩེ་སྟེ་རིམ་པ་ལྟར་གཟུགས་ཅན་གྱི་མཐའ་དང་འཁོར་བ་ཡོངས་སུ་ཟད་པའི་མཐའ་ཡིན་པའི་ཕྱིར་རོ། །འཕོ་བ་ནི་དེ་དང་དེར་རིམས་ཀྱིས་འགྲོ་བར་བྱེད་པའོ། །དེ་ནི་རྣམ་པ་གཉིས་ཏེ། འོག་མིན་གྱི་མཐར་ཐུག་པར་འགྲོ་བ་ནི། རོ་མྱང་བ་མང་བས་བསམ་གཏན་དང་པོ་ཆུང་ངུ་ལ་སོགས་པ་ཇི་ལྟར་སྐྱེས་པ་རྣམས་ལ་རོ་མྱངས་པས་ཚངས་རིས་ནས་བཟུང་སྟེ་གཟུགས་ཁམས་སུ་ས་ནས་སར་ལན་རེ་སྐྱེ་ཞིང་འོག་མིན་གྱི་བར་དུ་ཞུགས་ཏེ་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །ཡང་ན། དེ་འཕར་ཕྱེད་འཕར་ཐམས་ཅད་དུ། །འཆི་འཕོ་ཞེས་པ་ལྟར། འཕར་བ་དང་། ཕྱེད་དུ་འཕར་བ་དང་། གནས་ཐམས་ཅད་འཆི་འཕོ་བ་གསུམ་མོ། །དང་པོ་ནི་འདིར་བསམ་གཏན་བཞི་པ་སྤེལ་མར་སྒོམ་པ་དང་པོའི་རོ་མྱངས་པས་གཉིས་པ་ཡན་ཆད་ལས་ཉམས་ཏེ་ཕྱི་མ་ལ་ཚངས་རིས་སུ་སྐྱེས་ནས་དེར་སྔོན་སྒོམ་པའི་སྟོབས་ཀྱིས་བཞི་པ་སྤེལ་ནས་སྒོམ་སྟེ། དེའི་འོག་ཏུ་འོག་མིན་དུ་སྐྱེས་ནས་མྱ་ངན་ལས་འདའ་བའོ། །གཉིས་པ་ནི་གཞན་སྔ་མ་དང་འདྲ་ལ་ཚངས་ནས་གནས་གཙང་མ་འོག་མ་རྣམས་གང་རུང་དུ་སྐྱེས་ནས་དེའི་འོག་ཏུ་མྱ་ངན་ལས་འདའ་བ་འོ། །གསུམ་པ་ནི། གཞུང་དུ་སྦྱོར་བ་ལྟར་རོ། །སྲིད་རྩེའི་མཐར་ཐུག་པར་འགྲོ་བ་ནི། གོང་དུ་འཕོ་བ་ལ་ལ་ནི་བསམ་གཏན་བཞི་པ་སྤེལ་མར་བསྒོམས་པས་གནས་གཙང་འབའ་ཞིག་བཀོལ་ཏེ་ཚངས་རིས་ནས་སྲིད་རྩེའི་བར་དུ་རིམ་་གྱིས་སོང་ནས་དེར་སྡུག་བསྔལ་གྱི་མཐའ་མ་ཐོབ་པའོ། །ཇི་ལྟར་ན་བསམ་གཏན་བཞི་པ་སྤེལ་མར་སྒོམ་པ་གནས་གཙང་མ་རྣམས་སུ་སྐྱེ་ཞེ་ན་བསམ་གཏན་བཞི་པ་སྤེལ་མར་སྒོམ་པ་ཆུང་ངུ་སོགས་ལྔར་ཡོངས་སུ་སྒོམས་པས་རིམ་པ་ལྟར་གནས་གཙང་མ་ལྔ་པོ་རྣམས་སུ་སྐྱེའོ། །དེ་ལ་ཆུང་ངུར་སྒོམ་པ་ནི་བསམ་གཏན་བཞི་པ་ཟག་མེད་ལ་སྙོམས་པར་འཇུག་དེའི་འོག་ཏུ་ཟག་བཅས་ལ་དེའི་འོག་ཏུ་ཟག་མེད་ཏེ་གསུམ་དུ་སྤེལ་བའོ། །ཚུལ་དེས། དྲུག་དང་། དགུ་དང་། བཅུ་གཉིས་དང་། བཅོ་ལྔར་སྤེལ་བ་ནི་འབྲིང་ལ་སོགས་པར་ཤེས་པར་བྱའོ། །བྱེ་བྲག་སྨྲ་བ་དག་ནི་ཟག་བཅས་དང་ཟག་མེད་ཀྱི་སེམས་སྐད་ཅིག་རེ་རེ་སྤེལ་བར་ནུས་པ་ན་གྲུབ་པ་ཡིན་ནོ་ཞེས་ཟེར་རོ། །འདིར་ནི་ཟག་བཅས་དང་ཟག་མེད་ཀྱི་སེམས་རྒྱུན་ལྡན་ལ་འདོད་དགུར་སྙོམས་པར་འཇུག་པ་ན་གྲུབ་པ་ཡིན་ནོ། །དེ་ཡང་སྦྱོར་བ་ཅིག་གིས་ཟག་བཅས་ཟག་མེད་ཀྱི་སེམས་གསུམ་མངོན་དུ་བྱེད་པ་དེའི་ཚེ་ཆུང་ངུ་གྲུབ་པ་ཡིན་ལ། སྦྱོར་བ་གཅིག་གིས་སེམས་བཅོ་ལྔ་མངོན་དུ་བྱེད་པ་དེའི་ཚེ་ཤིན་ཏུ་ཆེས་ཆེན་པོར་གྲུབ་པ་ཡིན་ནོ་ཞེས་སོགས་ཤེས་པར་བྱའོ། །གཞུང་འདིར་མ་སྨོས་པ། གཞན་ནི་གཟུགས་མེད་འགྲོ་རྣམ་བཞི། །ཞེས་གཟུགས་མེད་དུ་འགྲོ་བའི་ཕྱིར་མི་འོང་བཞི་སྟེ་སྐྱེས་ནས་མྱ་ངན་ལས་འདའ་བ་ལ་སོགས་པའོ། །འདིའི་གོང་འཕོ་ལ་ནི་འཕར་གསུམ་གྱི་དབྱེ་བ་མེད་ཏེ། འདིར་ཞི་གནས་སྤྱོད་པ་ཡིན་པས་ལྷག་མཐོང་སྤེལ་མི་ནུས་པའི་ཕྱིར་རོ། །བར་དོར་མྱ་ངན་ལས་འདའ་བ་ཡང་མེད་དེ་གཟུགས་མེད་དུ་སྐྱེ་བ་ལ་བར་དོ་མེད་པའི་ཕྱིར་རོ། །གཞན་ནི་འདི་ནས་མྱ་ངན་འདའ། །ཞེས་པའི་མཐོང་བའི་ཆོས་ལ་ཞི་བ་ནི་འབྲས་བུ་ཐོབ་པའི་ཚེ་དེ་ཉིད་ལ་མྱ་ངན་ལས་འདའ་བའི་ཕྱིར་མི་འོང་སྟེ། གཞུང་འདིར་དེ་གཉིས་མ་སྨོས་པའི་དགོངས་པ་ཅི་ཡིན་མ་ཤེས་སོ། །

བཞི་པ་དགྲ་བཅོམ་པའི་ཁྱད་པར་ལ་དྲུག་སྟེ། དགྲ་བཅོམ་ཡོངས་སུ་ཉམས་པའི་ཆོས་ཅན་དང་། བདག་གསོད་པའི་ཆོས་ཅན་དང་རྗེས་སུ་བསྲུང་བའི་ཆོས་ཅན་དང་གནས་ལས་མི་སྐྱེད་པའི་ཆོས་ཅན་དང་རྟོག་པའི་འོས་སུ་གྱུར་པ་དང་མི་གཡོ་བའི་ཆོས་ཅན་ནོ། །དང་པོ་ལྔ་ནི་དད་པས་མོས་པ་སྔོན་དུ་འགྲོ་བ་ཅན་ཡིན་ལ་ཕྱི་མ་ནི་མཐོང་བས་ཐོབ་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ། །ཡང་དང་པོ་ལྔ་ནི་སེམས་ཀྱིས་རྣམ་པར་གྲོལ་བ་མངོན་དུ་བྱེད་པ་དེ་ཏིང་ངེ་འཛིན་སྐྱེ་བ་དང་རྗེས་སུ་མཐུན་པའི་ཡོ་བྱད་དང་ནད་མེད་པ་དང་ཡུལ་ཁྱད་པར་འཛོམ་པ་ལ་ལྟོས་པའི་ཕྱིར་རྣམ་གྲོལ་དུས་དང་སྦྱོར་བ་ཅེས་བྱ་ལ། ཕྱི་མ་ནི་རང་ཉིད་ཀྱིས་འདོད་དགུར་ཏིང་ངེ་འཛིན་མངོན་དུ་འགྱུར་བའི་ཕྱིར་དེའི་སེམས་ཀྱི་རྣམ་གྲོལ་མངོན་དུ་བྱེད་པ་དུས་དང་མི་སྦྱོར་བ་ཞེས་བྱའོ། །ཡང་ན་ནི་ཡོངས་སུ་ཉམས་སྲིད་པ་དང་མི་སྲིད་པའི་སྒོ་ནས་དུས་གཞན་གྱི་བར་དང་གཏན་དུ་རྣམ་པར་གྲོལ་བའི་ཕྱིར་རིམ་པ་ལྟར་དུས་ཀྱི་རྣམ་པར་གྲོལ་བ་དང་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ཡིན་ནོ། །ཡོངས་སུ་ཉམས་པ་ནི་བྱེ་བྲག་སྨྲ་བ་རྣམས་འབྲས་བུ་ལས་ཉམས་པར་འདོད་ཀྱང་འདིར་ནི་མཐོང་བའི་ཆོས་ལ་བདེ་བར་གནས་བའི་བསམ་གཏན་ཙམ་ལས་ཉམས་པ་ཡིན་གྱི་འབྲས་བུ་ལས་ནི་མ་ཡིན་ཏེ། འཕགས་པ་རྣམས་ཀྱིས་སྤངས་པ་ནི་ལེགས་པར་སྤངས་པ་ཡིན་པས་སླར་མི་ལྡོག་པའི་ཕྱིར་རོ། །གཞན་དུ་ན་ཐར་པ་ལ་ཡིད་གཏན་དུ་མེད་པར་འགྱུར་རོ། །དེ་ལ་དང་པོ་ནི་དབང་པོ་བརྟུལ་པོ་སྔོན་སློབ་ལམ་གྱི་གནས་སྐབས་ན་སྦྱོར་བ་གཉིས་དང་མི་ལྡན་པས་འདོད་ཡོན་གྱི་དབྱེན་སྤྱོས་ཏེ་མྱོས་སམ་མ་མྱོས་ཀྱང་རུང་གི་རང་གསོད་དམ་མི་གསོད་ཀྱང་རུང་སྟེ་མཐོང་ཆོས་ལ་བདེར་གནས་ཀྱི་བསམ་གཏན་ལས་ཉམས་པར་འགྱུར་བའོ། །གཉིས་པ་ནི། གཞན་སྔ་མ་དང་འདྲ་ཞིང་རང་སྲོག་རང་གིས་བཅད་ཏེ་བསད་ན་ཉམས་པར་མི་འགྱུར་བའོ། །གསུམ་པ་ནི་སྔོན་རྒྱུན་དུ་སྦྱོར་བ་དང་ལྡན་པས་འདོད་ཡོན་ལ་སེམས་བསྲུངས་ཏེ་དེས་མ་མྱོས་ན་ཉམས་པར་མི་འགྱུར་བའོ། །བཞི་པ་ནི། སྔོན་གུས་པར་སྦྱོར་བ་དང་ལྡན་པས་འདོད་ཡོན་གྱིས་མྱོས་སམ་མ་མྱོས་ཀྱང་རུང་ཉམས་པར་མི་འགྱུར་ལ་དད་སོགས་ཀྱི་དབང་པོ་རྣོན་པོར་ཡོངས་སུ་སྦྱོང་བར་མི་ནུས་པའོ། །ལྔ་པ་ནི། སྔོན་སྦྱོར་བ་གཉིས་དང་ལྡན་པས་མྱོས་སམ་མ་མྱོས་ཀྱང་རུང་ཉམས་པར་མི་འགྱུར་ལ་དབང་པོ་བརྟུལ་བ་རྣོན་པོར་ཡོངས་སུ་སྦྱོང་བར་ནུས་པའོ། །དྲུག་པ་ནི། སྔོན་སྦྱོར་བ་གཉིས་ཀ་དང་ལྡན་པས་འདོད་ཡོན་གྱིས་མྱོས་སམ་མ་མྱོས་ཀྱང་རུང་ཉམས་པར་མི་འགྱུར་ལ་རང་བཞིན་གྱིས་དབང་པོ་རྣོན་པོ་ཡིན་པས་དབང་པོ་སྦྱོང་མི་དགོས་པའོ། །དང་པོ་ལྔ་ནི་དང་པོ་ནས་དེ་དང་དེའི་རིགས་ཅན་ཡིན་ལ། ཕྱི་མ་ནི་རབ་ཏུ་རྟོགས་པའི་འོས་སུ་གྱུར་པ་སྦྱངས་པ་ལས་གྱུར་པ་དང་དང་པོ་ནས་དེའི་རིགས་ཅན་གཉིས་ཡིན་ནོ། །ཁ་ཆེ་བ་རྣམས་ནི། ཁ་ཅིག་དང་པོ་ནས་དེའི་རིགས། །ཁ་ཅིག་སྦྱངས་པ་ལས་གྱུར་ཏོ། །ཞེས་དང་པོ་མ་གཏོགས་པ་གཞན་ལྔ་ལ་དང་པོ་ནས་དེའི་རིགས་སུ་གྱུར་པ་དང་། སྔ་མ་སྔ་མ་སྦྱངས་པ་ལས་གྱུར་པ་གཉིས་གཉིས་ཡོད་ཅེས་ཟེར་རོ། །མཛོད་འགྲེལ་དུ། ཡོངས་སུ་ཉམས་པའི་ཆོས་ཅན་ཡང་གདོན་མི་ཟ་བར་ཉམས་པར་འགྱུར་བ་མ་ཡིན་ལ་རྟོགས་པའི་སྐལ་བ་ཅན་གྱི་བར་དུ་ཡང་གཏོགས་པར་འགྱུར་བ་མ་ཡིན་གྱི་སྲིད་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ལྟར་བྱས་ན་ཁམས་གསུམ་ཆར་ན་ཡང་དགྲ་བཅོམ་པ་དྲུག་ཡོད་དུ་རུང་ངོ་། །གང་དག་གིས་གདོན་མི་ཟ་བར་ཡོངས་སུ་ཉམས་པར་འགྱུར་བ་ནས་མངོན་པར་རྟོགས་པའི་བར་དུ་འགྱུར་བ་དེ་དག་གི་ལྟར་ན། འདོད་པའི་ཁམས་ན་ནི་དྲུག་ལ། གོང་མ་གཉིས་ན་ནི་གནས་པ་ལས་མི་བསྐྱེད་པ་དང་མི་གཡོ་བའི་ཆོས་ཅན་གཉིས་ཏེ། དེ་གཉིས་ན་ཡོངས་སུ་ཉམས་པ་དང་འཆི་བར་སེམས་པ་དང་། དབང་པོ་འཕེལ་བ་མི་སྲིད་པའི་ཕྱིར་རོ། །ཞེས་བཤད་པའི་ཕྱི་མ་དང་གཞུང་འདི་མཐུན་པར་མངོན་ནོ།། །།

སྡེ་ཚན་དྲུག་པ་ཁམས་ཀྱི་རབ་ཏུ་དབྱེ་བ་ལ་གཉིས་ལས། ཁམས་གསུམ་གྱི་དགུ་སྤྱིར་བཤད་པ་ནི་འདོད་པ་ན་སྤྱོད་པའི་ཞེས་སོགས་ཏེ་རང་གི་ལས་ཀྱིས་ཐ་དད་དུ་སྐྱེས་པས་སོ་སོ་སྐྱེ་བོའོ། །འཕགས་པའི་ཆོས་ནི་ཟག་པ་མེད་པའི་ལམ་ཡིན་ལ་ཀུན་ཏུ་སྦྱོར་བ་ནི་ཉོན་མོངས་པ་སྟེ་གཞན་ནི་གོ་སླའོ། །འདོད་གཟུགས་ཀྱི་གཞི་ཁྱད་པར་དུ་བཤད་པ་ནི། མཐུའི་ཁྱད་པར་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་འདོད་པ་དང་གཟུགས་ན་སྤྱོད་པ་ཡིན་གྱི་གཟུགས་མེད་ན་ནི་མ་ཡིན་ཏེ། དེ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་གནས་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གཟུགས་མེད་དུ་སྐྱེ་བ་རྣམ་པར་སྤངས་པའི་བསམ་གཏན་དང་ལྡན་པ་ལ་བསམ་གཏན་དེ་ལས་མ་ཉམས་པས་དེའི་བདེ་བས་གནས་ཤིང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདོད་གཟུགས་སུ་སྐྱེ་བའོ། །རང་སངས་རྒྱས་ནི་འབྱུང་བ་མེད་པ་སྟེ་དབུ་མ་རྩ་བར། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །རྟེན་པ་མེད་པར་རབ་ཏུ་སྐྱེ། །ཞེས་གསུངས་པ་ལྟར་རོ། །དེ་བཞིན་ཉིད་རྟགས་ཤིང་གཞན་ལ་སྟོན་པའམ། སྔོན་གྱི་རྒྱལ་བ་རྣམས་གཤེགས་པ་དེ་བཞིན་དུ་གཤེགས་པས་དེ་བཞིན་གཤེགས་པ་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ཅན་ནི་དགའ་ལྡན་གྱི་གནས་ནས་བདུད་ལས་རྒྱལ་བའི་བར་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་མངོན་པར་རྫོགས་པར་བྱང་ཆུབ་ནས་མྱ་ངན་ལས་འདའ་བའི་བར་རྫོགས་པའི་སངས་རྒྱས་ཀྱི་སྤྱོད་པ་ཡང་འདོད་ཁམས་སུ་སྟོན་པ་སྟེ། རྒྱུད་བླ་མར། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་བསྐོར། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཅེས་གསུངས་པ་ལྟར་རོ། །སྟོན་པ་འདིའི་མཛད་པ་བཅུ་གཉིས་སོགས་ནི་རྒྱ་ཆེ་རོལ་པ་སོགས་སུ་བལྟའོ།། །།

སྡེ་ཚན་བདུན་པ་སྤྱད་པས་རབ་ཏུ་ཕྱེ་བ་ལ་ལྔ་ལས། དང་པོ་མོས་པས་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་མོས་པས་སྤྱོད་པའི་ས་སྦྱོར་ལམ་ལ་ཆོས་ལ་ངེས་པར་སེམས་པའི་བཟོད་པ་ཆུང་ངུ་སོགས་སྔར་བཤད་པ་དང་ལྡན་པ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་བྲལ་བས་ཆོས་ཉིད་ལ་མོས་པས་སྤྱོད་པ་ཡིན་པའི་ཕྱིར་རོ། །འགྲེལ་པར་རིགས་ལ་གནས་པ་ཐོག་མར་སྨོན་ལམ་ཆེན་པོ་བཏབ་པ་ནས་བཟུང་སྟེ་རབ་ཏུ་དགའ་བའི་ས་ལ་མ་ཞུགས་ཀྱི་བར་ཞེས་ཚོགས་སྦྱོར་གཉིས་ལ་འཆད་པ་ནི། གཞུང་དུ་བཟོད་པ་ཆུང་ངུ་སོགས་གསུངས་པ་དང་འགལ་ཏེ། ཚོགས་ལམ་ནི་དད་པའི་ས་ཡིན་པས་ཆོས་ལ་ངེས་རྟོག་གི་བཟོད་པ་དང་ལྡན་པ་མ་ཡིན་ནོ། །

གཉིས་པ་ལྷག་པའི་བསམ་པས་སྤྱོད་པ་ཅན་ནི། ས་བཅུ་རྣམས་སུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པས་བསམ་པ་རྣམ་པར་དག་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་ས་ཅེས་བྱ་བ་འདི་ཅི་ཞེ་ན་སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། དཀར་པོའི་ཆོས་ཀྱི་ཡོན་ཏན་མ་ལུས་པའི་རྟེན་དུ་གྱུར་པའི་ཕྱིར་རོ། །རྒྱུད་བླ་མར། ས་བཞིན་དཀར་པོའི་ཆོས་ཀྱི་སྨན་རྣམས་མ་ལུས་པའི། །རྣམ་པ་ཀུན་དུ་གཞིར་གྱུར་པ་ནི་སངས་རྒྱས་པའོ། །ཞེས་དང་། དབུ་མ་འཇུག་པར་བྱང་ཆུབ་སེམས་པའི་སྙིང་རྗེ་ལ་སོགས་པས་ཡོངས་སུ་བཟུང་བའི་ཡེ་ཤེས་ཁོ་ནར་ཆར་ཕྱེ་བ་ནི་སའི་མིང་ཐོབ་སྟེ་ཡོན་ཏན་གྱི་རྟེན་དུ་གྱུར་པའི་ཕྱིར་རོ། །ཞེས་གསུངས་སོ། །ཡེ་ཤེས་དེ་ཉིད་རྗེས་ཐོབ་དུ་ཆོས་ཀྱི་དབྱིངས་ལ་ངེས་པ་མི་འདྲ་བ་འདྲེན་པའི་ཁྱད་པར་དང་ཡོན་ཏན་གྱི་གྲངས་དང་སྐྱེ་བའི་ཁྱད་པར་ལ་སོགས་པའི་བྱེ་བྲག་གིས་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུར་རྣམ་པར་འཇོག་སྟེ། འདི་དག་གི་སྤྲོས་པ་རྒྱས་པ་ནི་གཞུང་གཞན་དུ་ཤེས་པར་བྱའོ། །

གསུམ་པ་མཚན་མ་དང་བཅས་པས་སྤྱོད་པ་ཅན་ནི་ས་རབ་ཏུ་དགའ་བ་སོགས་དྲུག་ལ་གནས་པ་སྟེ། དེ་དག་ཏུ་མི་འདོད་བཞིན་དུ་མཚན་མ་དག་དང་འདྲེ་བའི་ཕྱིར། དེ་ལ་རབ་ཏུ་དགའ་བ་ནི་མདོ་སྡེའི་རྒྱན་དུ། བྱང་ཆུབ་ལ་ནི་ཉེ་བ་དང་། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །ཅེས་པ་ལྟར་རོ། །དྲི་མ་མེད་པ་ནི། འཆལ་ཚུལ་རྩོམ་པའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བརྗོད། །ཅེས་སོ། །འོད་བྱེད་པ་ནི། ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པ། །ཅེས་ཏེ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཆོས་ཚད་མེད་པ་ཚོལ་ཞིང་གཞན་ལ་ཡང་སྟོན་པའི་ཕྱིར་རོ། །འོད་འཕྲོ་བ་ཅན་ནི། འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་བསྲེག་བྱེད་འོད་ལྟ་བུའོ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་བསྲེག་བྱེད་འོད་འཕྲོ་ཅན། །ཅེས་ཏེ། ཡེ་ཤེས་དེས་ཉོན་སྒྲིབ་སྲེག་པའི་ཕྱིར་རོ། །སྦྱང་དཀའ་བ་ནི། སེམས་ཅན་རྣམ་ཡོངས་སྨིན་བྱེད་ཅིང་། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བརྗོད་དོ། །ཅེས་པས་སེམས་ཅན་སྨིན་པར་བྱེད་པ་ལ་བརྩོན་ཡང་དེའི་ལོག་སྒྲུབ་ཀྱིས་རང་གི་སེམས་ཀུན་ནས་ཉོན་མོངས་པས་དེ་གཞན་གྱིས་བྱ་དཀའ་བའི་ཕྱིར་རོ། །མངོན་དུ་གྱུར་པ་ནི། ཤེས་རབ་ཕ་རོལ་ཕྱིན་རྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདི་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བརྗོད། །ཅེས་ཏེ་སྲིད་ཞི་ལ་མི་གནས་པར་དེ་དག་མངོན་དུ་གྱུར་པའི་ཕྱིར་རོ། །

བཞི་པ་མཚན་མ་མེད་པ་ལ་སྤྱོད་པ་ནི་ས་བདུན་པ་སྟེ། དེར་ནི་སྒྲིམས་ནས་ཇི་སྲིད་འདོད་པར་མཚན་མ་མི་འབྱུང་བའི་ཕྱིར་རོ། །རིང་དུ་སོང་བ་ནི། བགྲོད་གཅིག་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །ཅེས་ཏེ། གཅིག་ཏུ་ཕྱིར་མི་ལྡོག་པའི་ས་མི་གཡོ་བ་དང་འབྲེལ་བའི་ཕྱིར་རོ། །

ལྔ་པ་མངོན་པར་འདུ་བྱེད་པ་མེད་པ་ལ་སྤྱོད་པ་ནི་དག་པའི་ས་གསུམ་ཏེ། དེར་རྣམ་པར་སྨིན་པ་ལས་བྱུང་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པའི་ཕྱིར་རོ། །མི་གཡོ་བ་ནི། འདུ་ཤེས་གཉིས་ཀྱི་མི་གཡོའི་ཕྱིར། །མི་གཡོ་བའི་སར་འདོད་དོ། །ཅེས་ཏེ་གཅིག་ཏུ་ཕྱིར་མི་ལྡོག་པའི་རྩོལ་བ་དང་མཚན་མེད་ལ་རྩོལ་བའི་འདུ་ཤེས་གཉིས་དང་བྲལ་བའི་ཕྱིར་རོ། །ལེགས་པའི་བློ་གྲོས་ནི། སོ་སོ་ཡང་དག་རིགས་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་ཡིན། །ཅེས་སོ། །ཆོས་ཀྱི་སྤྲིན་ནི། སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་ཏིང་ངེ་འཛིན་དང་གཟུངས་ཀྱི་སྤྲིན་གྱིས་ཐོབ་པའི་ཆོས་རྟེན་ལ་ཡོད་པ་ནམ་མཁའ་ལྟ་བུ་ལ་ཁྱབ་པའི་ཕྱིར་རོ། །

གསུམ་པ་རྒྱུན་ཞུགས་ལ་དཔྱད་པ་ལ་རྒྱུན་ཞུགས་གཉིས་སྟེ་རིམ་གྱིས་པ་ནི་སྔར་བསྟན་པ་བཞིན་ཏེ། ཁམས་གསུམ་གྱི་སྒོམ་སྤངས་རྣམས་ས་དང་རྣམ་པས་རིམ་གྱིས་སྤོང་བའི་ཕྱིར་རོ། །ཅིག་ཆར་ངེས་པར་འབྱིན་པ་ནི་ཁམས་གསུམ་གྱི་སྒོམ་སྤང་གི་ཉོན་མོངས་པ་རྣམས་དུས་གཅིག་ཆར་སྤོང་བ་སྟེ་ཇི་ལྟར་ན་རྣམ་པས་ཅེས་པ་འདོད་གཟུགས་ཀྱི་སྒོམ་སྤངས་ཆེན་པོའི་ཆེན་པོ་རྣམས་ཅིག་ཅར་སྤོང་བ་ནས་ཆུང་ངུའི་བར་རོ། །ཅིའི་ཕྱིར་དེ་ལྟར་སྤོང་ན། འདིས་ནི་ཁམས་གསུམ་གྱི་གཟུགས་སོགས་ཕུང་པོ་ཐམས་ཅད་གཅིག་དུ་བསྡུས་ནས་འདི་ཐམས་ཅད་ནི་མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་ཅེས་སོགས་ཀྱི་རྣམ་པར་སྒོམ་པར་བྱེད་ཀྱི་རིམ་གྱིས་ས་ལྟར་གོང་འོག་ལ་ཞི་རགས་ཀྱི་རྣམ་པར་ལྟ་བའམ་ཁམས་གསུམ་གྱི་སྡུག་བསྔལ་སོགས་སོ་སོར་ཕྱེ་ནས་སྒོམ་པར་མི་བྱེད་པའི་ཕྱིར་རོ། །འདིར་གཞུང་ནི་སོར་མོའི་རྩེ་མོའི་མདོ་ལས། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ་ཞེས་པ་ནས་རྣམ་པར་ཤེས་པའི་བར་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་ཅེས་རྒྱ་ཆེར་འབྱུང་བ་ནས་རྒྱང་རིང་བ་དང་ཐག་ཉེ་བ་ཞེས་བྱ་བའི་བར་དུ་དེ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་ཆ་གཅིག་ཏུ་བྱེད་དོ། །ད་ལྟར་བྱུང་བ་ཅེས་རྒྱ་ཆེར་འབྱུང་བ་ནས་རྒྱང་རིང་བ་དང་ཐག་ཉེ་བ་ཞེས་བྱ་བའི་བར་དུ་དེ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་ཆ་གཅིག་ཏུ་བྱེད་དོ། །གཅིག་ཏུ་ཟླུམ་པོ་གཅིག་ཏུ་སྡོམ་མོ་ཕུང་པོ་གཅིག་ཏུ་བྱེད་དོ་ཆ་གཅིག་དུ་བྱས་ཤིང་ཕུང་པོ་གཅིག་གི་བར་དུ་བྱས་ནས་འདི་ལྟར་ཡང་དག་པར་སློབ་ཏེ་འདི་ཐམས་ཅད་ནི་མི་རྟག་པ་འདི་ཐམས་ཅད་ནི་སྡུག་བསྔལ་བ་ཅེས་སོགས་རྒྱ་ཆེར་གསུངས་སོ། །དུས་ནམ་གྱི་ཚེ་ན་ཐོག་མར་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས་དེའི་འོག་ཏུའོ། །ས་གང་ལ་བརྟེན་ན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་པ་ལ་བརྟེན་ཏེ་འདིས་ཁམས་གསུམ་ཀའི་ཉོན་མོངས་པ་ཐམས་ཅད་སྤོང་བར་ནུས་པའི་ཕྱིར་རོ། །དངོས་གཞི་རྣམས་ནི་འོག་སའི་གཉེན་པོར་མི་རུང་བའི་ཕྱིར་མ་ཡིན་ནོ། །ལམ་གྱི་ངོ་བོ་གང་ན་བདེན་པའི་ཆོས་ཉིད་ལ་དམིགས་པ་འཇིག་རྟེན་ལས་འདས་པའི་ལམ་སྟེ་འཇིག་རྟེན་པ་ནི་ཞི་རགས་ཀྱི་རྣམ་པ་ཅན་ཡིན་པས་རང་ས་དང་གོང་སའི་གཉེན་པོར་མི་རུང་བའི་ཕྱིར་རོ། །འདི་ནི་རྒྱུན་དུ་ཞུགས་པ་དང་དགྲ་བཅོམ་པའི་འབྲས་བུ་གཉིས་ལ་གདགས་ཏེ། གོ་རིམ་བཞིན་དུ་ཁམས་གསུམ་གྱི་མཐོང་སྤངས་དང་སྒོམ་སྤངས་མ་ལུས་པ་སྤངས་པས་རབ་ཏུ་ཕྱེ་བའི་ཕྱིར་དང་། ཅིག་ཆར་བ་འདི་ལ་དེ་གཉིས་བཞག་དུ་རུང་བའི་ཕྱིར་རོ། །བར་མ་གཉིས་ལ་ནི་མ་ཡིན་ཏེ། དེ་དག་ནི་བདེན་པ་མཐོང་བ་ན་འདོད་པའི་སྒོམ་སྤང་གི་བག་ལ་ཉལ་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པར་སྤངས་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །

རྣམ་པར་འབྱེད་པའི་མདོ་ལས། རྒྱུན་དུ་ཞུགས་པའི་འོག་ཏུ་དགྲ་བཅོམ་པ་རྣམ་པར་བཞག་པ་ནི་གཅིག་ཆར་ངེས་པར་འབྱིན་པའི་དབང་དུ་བྱས་པ་ཡིན་ཏེ། གཞན་དུ་ན་རྒྱུན་དུ་ཞུགས་པའི་འོག་ཏུ་དགྲ་བཅོམ་པ་འཇོག་པ་མི་འཐད་པའི་ཕྱིར་རོ། །ཅི་ཙམ་དུ་འབྲས་བུ་ཐོབ་ཅེ་ན། ཕལ་ཆེར་མཐོང་བའི་ཆོས་ཀྱི་ཚེ་དེ་ཉིད་དམ་འཆི་བའི་སྲིད་པའི་དུས་ཀྱི་ཚེ་ཀུན་ཤེས་པ་མྱང་འདས་ཐོབ་པར་བྱེད་དོ། །གལ་ཏེ་མི་བྱེད་ན་ཡང་མྱུར་དུ་མྱ་ངན་ལས་འདའ་བའི་སྨོན་ལམ་གྱི་སྟོབས་དང་བག་ལ་ཉལ་གྱི་ལྷག་མ་ལུས་པའི་དབང་གིས་ཕྱི་མ་ལ་འདོད་ཁམས་སུ་སྐྱེ་སྟེ་སངས་རྒྱས་འབྱུང་ན་དེའི་ཉན་ཐོས་དང་དེ་མེད་ན་རང་རྒྱལ་བར་འགྱུར་རོ།། །།

གཉིས་པ་ཐོབ་བྱ་མངོན་པར་རྟོགས་པ་རྣམ་པར་བཞག་པ་གསུམ་སྟེ། མངོན་རྟོགས་དངོས་ཀྱི་རང་བཞིན་དང་། རྟེན་པའི་ཡོན་ཏན་གྱི་དབྱེ་བ་དང་། དེ་རྣམས་ཀྱི་ཁྱད་པར་བཤད་པའོ། །དང་པོ་ལ་ཡང་མིང་གི་དབྱེ་བ་དང་། སོ་སའི་ངོ་བོ་དང་། ཐེག་པ་ཆེ་ཆུང་གི་མངོན་རྟོགས་ཀྱི་ཁྱད་པར་དང་གསུམ་ལས། དང་པོ་ནི། མངོན་པར་རྟོགས་པ་བཅུ་སྟེ་ཆོས་མངོན་པར་ཞེས་སོགས་སོ། །དེ་ལ་དང་པོ་བདུན་ནི་ངོ་བོའི་དབྱེ་བ་ལ་ཕྱི་མ་གསུམ་ནི་རྣམ་པའི་དབྱེ་བའོ། །

གཉིས་པ་ལ་ཆོས་མངོན་པར་རྟོགས་པ་ནི་ཚོགས་ལམ་གྱི་སྐབས་སུ་བདེན་པའི་དབང་དུ་བྱས་པའི་མདོ་ལ་སོགས་པའི་ཆོས་རྣམས་ལ་མོས་དད་ཆེན་པོ་ཐོབ་པ་སྟེ། མིང་ཚིག་ཡི་གེའི་ཚོགས་ལ་དམིགས་པའི་ཕྱིར་རོ། །དོན་མངོན་རྟོགས་ནི་སྦྱོར་ལམ་དུ་བདེན་པའི་དབང་དུ་བྱས་པའི་ཆོས་ལ་འཇིག་རྟེན་པའི་སྒོམ་བྱུང་གིས་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ་བདེན་པ་མི་རྟག་ལ་སོགས་པའི་ཆོས་ལ་ངེས་པར་སེམས་པའི་བཟོད་པ་ཚོགས་ལམ་ལ་ལྟོས་ཏེ་ཆེན་པོ་སྟེ། དེ་ཡང་ཚུལ་བཞིན་ཡིད་ལ་བྱེད་པ་ཆེན་པོའི་ཆུང་ངུ་དྲོད་དང་འབྲིང་རྩེ་མོ་དང་ཆེན་པོ་བཟོད་པ་ཆོས་མཆོག་རྣམས་སོ། །དེ་ཁོ་ན་མངོན་རྟོགས་ནི་མཐོང་ལམ་སྟེ་བདེན་པའི་དེ་བཞིན་ཉིད་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། །དེར་བདེན་པ་རྣམས་འདི་དང་འདི་ལྟ་བུའོ་ཞེས་རྣམ་པར་འཇོག་པར་བྱེད་པའི་ཀུན་རྫོབ་པའི་ཤེས་པ་ཐོབ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་དེའི་ས་བོན་གསོ་བའི་ཕྱིར་རོ། །མངོན་དུ་བྱེད་པ་མ་ཡིན་ཏེ་སེམས་ཀྱི་སྐད་ཅིག་བཅུ་དྲུག་རྒྱུན་མི་འཆད་པས་འཇིག་རྟེན་པའི་སེམས་ཀྱི་སྐབས་མེད་པའི་ཕྱིར་རོ། །རྗེས་ལ་མངོན་རྟོགས་ནི་མཐོང་ལམ་གྱི་གོང་གི་འཇིག་རྟེན་པའམ་འདས་པ་ཡང་རུང་སྟེ་བསྒོམ་པའི་ལམ་ཐམས་ཅད་དོ། །དཀོན་མཆོག་མངོན་རྟོགས་ནི་བདེན་པ་མཐོང་བའི་འོག་ཏུ་ཀྱེ་མ་བཅོམ་ལྡན་འདས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེའི་ཆོས་འདུལ་བ་ནི་ལེགས་པར་གསུངས་པའོ། །དེའི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པའོ། །ཞེས་ཆོས་ཉིད་རྟོགས་པའི་སྟོབས་ཀྱིས་ཤེས་ནས་དད་པའོ། ཀུན་དུ་མི་འབྱུང་བའི་མངོན་རྟོགས་ནི་སྡིག་པ་གཏན་ནས་མི་བྱ་བའི་སྡོམ་པ་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱིས་བསྡུས་པ་ཐོབ་པས་འཕགས་པ་སློབ་པ་འདི་སྙམ་དུ་ཞེས་སོགས་སོ། །འདི་མཐོང་ལམ་གྱི་གནས་སྐབས་ན་ཐོབ་ཅིང་དེའི་རྗེས་ཐོབ་ཏུ་མངོན་དུ་བྱེད་དོ། །མཐར་ཐུག་པའི་མངོན་རྟོགས་ནི་བཤད་ཟིན་ཏོ། །མངོན་རྟོགས་བདུན་པོ་དེ་དག་ཉན་ཐོས་རྣམས་ཀྱིས་གཞན་གྱི་སྒྲ་ལ་རྟེན་ནས་ཐོབ་པས་ཉན་ཐོས་ཀྱི་མངོན་རྟོགས་ཅེས་བྱའོ། །དེ་དག་ཐམས་ཅད་དམ་ཅི་རིགས་པར་གཞན་གྱི་སྒྲ་ལ་མ་བརྟེན་པར་ཐོབ་པས་རང་རྒྱལ་གྱི་མངོན་རྟོགས་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་མངོན་རྟོགས་ནི་ཉན་རང་གི་རིགས་ཅན་འདུལ་བའི་ཐབས་ལ་མཁས་པའི་ཕྱིར་མངོན་རྟོགས་བདུན་པོ་དེ་དག་ལ་ཡང་དག་པར་སྒྲུབ་པའི་བཟོད་པ་ནི་དེ་དག་ཇི་ལྟ་བ་བཞིན་ཤེས་པར་བྱེད་པ་སྟེ། རྣམ་འགྲེལ་དུ། བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་པ་ལྟར་རོ། །དེ་དག་མངོན་དུ་བྱེད་པ་ནི་མ་ཡིན་ཏེ་སེམས་ཅན་ལ་ལྟ་བས་ཐེག་པ་ཆུང་ངུས་ངེས་པར་མི་འབྱུང་བའི་ཕྱིར་རོ། །དེ་ནི་ཤེས་པར་བྱ་བའི་མངོན་རྟོགས་ཡིན་ལ་མངོན་དུ་བྱ་བའི་མངོན་རྟོགས་ནི་ཡང་ས་རབ་ཏུ་དགའ་བ་ལ་བྱང་ཆུབ་སེམས་དཔའི་སྐྱོན་ཟག་པ་མེད་པ་ལ་ཞུགས་ཏེ་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་ཆོས་ཀྱི་བདག་མེད་པ་མངོན་སུམ་རྟོག་པ་ནི་བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པ་ཞེས་བྱའོ། །རབ་ཏུ་དགའ་བ་ཙམ་སྨོས་པ་ནི་དེར་ཆོས་ཀྱི་དབྱིངས་མངོན་སུམ་དུ་བྱས་པ་དང་ས་གོང་མའི་རྟོགས་པ་ལ་ཁྱད་པར་མེད་པའི་ཕྱིར་ཏེ། དེ་བཞིན་ཉིད་ལ་དབྱེ་བ་མེད་པའི་ཕྱིར་དང་ཡེ་ཤེས་ཐམས་ཅད་ཀྱང་ཆོས་དབྱིངས་ཀྱི་སྤྱོད་ཡུལ་ཅན་དུ་འདྲ་བའི་ཕྱིར་རོ།། །།

གསུམ་པ་ལ་གཉིས་ལས། དང་པོ་ཁྱད་པར་སྤྱིར་བསྟན་པ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་མངོན་རྟོགས་ལ་ཁྱད་པར་ཅི་ཡོད་ཅེ་ན་བརྗོད་པར་བྱ་སྟེ། དེ་ལ་དམིགས་པའི་ཁྱད་པར་ནི་ཤིན་ཏུ་རྒྱས་པའི་སྡེ་སྣོད་ལ་མི་དམིགས་པ་དང་། དམིགས་པའི་ཕྱིར་རོ། །ཉེ་བར་བརྟེན་པའི་ཁྱད་པར་ནི་སྲིད་པ་ཙམ་དུ་ཚོགས་སོག་པ་དང་བསྐལ་པ་ཆེན་པོ་གྲངས་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོག་པར་བྱེད་པའི་ཕྱིར་རོ། །རབ་ཏུ་རྟོགས་པའི་ཁྱད་པར་ནི་གང་ཟག་གི་བདག་མེད་པ་ཙམ་དང་བདག་མེད་གཉིས་ཀ་རྟོགས་པའི་ཕྱིར། ཁས་ལེན་པའི་ཁྱད་པར་ནི་རང་དོན་ཙམ་བྱེད་འདོད་པ་དང་བདག་གཞན་མཉམ་པར་ཁས་ལེན་པའི་ཕྱིར་རོ། །ངེས་པར་འབྱུང་བའི་ཁྱད་པར་ནི་དམན་པའི་ས་བདུན་ཙམ་དང་ས་བཅུས་ངེས་པར་འབྱུང་བའི་ཕྱིར་རོ། །ཡོངས་སུ་འཛིན་པའི་ཁྱད་པར་ནི་ཞི་བ་ཙམ་དུ་ལྟུང་བ་དང་མི་གནས་པའི་མྱང་འདས་ཀྱི་ཡོངས་སུ་འཛིན་པའི་ཕྱིར་རོ། །གནས་དང་གཡོག་འཁོར་གྱི་ཁྱད་པར་ནི་དེས་མི་བྱེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང་གདུལ་བྱའི་སྐྱེ་བོ་ཉེ་བར་བསྡུད་པའི་ཕྱིར་རོ། །བཙུན་པར་སྐྱེ་བའི་ཁྱད་པར་ནི་ཡབ་སངས་རྒྱས་ཀྱི་གདུང་འཚབ་མི་ནུས་པ་དང་བུ་ཐུ་བོ་ལྟར་དུ་གདུང་འཚོབ་ནུས་པའི་ཕྱིར་རོ། །སྐྱེ་བའི་ཁྱད་པར་ནི་དེ་མི་སྐྱེ་བའི་ལོངས་སྤྱོད་རྫོགས་པའི་སྐུའི་འཁོར་གྱི་དཀྱིལ་འཁོར་དུ་སྐྱེ་བའི་ཕྱིར་རོ། །གཉིས་པ་འབྲས་བུའི་ཁྱད་པར་བྱེ་བྲག་ཏུ་བཤད་པ་ལ་གནས་གྱུར་པའི་ཁྱད་པར་ནི་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་གནས་ངན་ལེན་ཐམས་ཅད་སྤངས་ཏེ་ཡོན་ཏན་བླ་ན་མེད་པ་ཀུན་གྱི་གནས་སུ་གྱུར་པས་གནས་གྱུར་པའི་ཕྱིར་རོ། །ཡོན་ཏན་ཕུན་སུམ་ཚོགས་པའི་ཁྱད་པར་ནི་སྟོབས་སོགས་ཀྱི་ཡོན་ཏན་དཔག་ཏུ་མེད་པའི་ཕྱིར་རོ། །རྣམ་པ་ལྔའི་ཁྱད་པར་ནི་རྣམ་པར་དག་པ་སོགས་ལྔའི་ཕྱིར་ཏེ། འགྲེལ་པར། རྣམ་པར་དག་དང་ཡོངས་དག་དང་། །ལུས་དང་ལོངས་སྤྱོད་རྫོགས་པ་དང་། །ལས་ཀྱི་སངས་རྒྱས་ཆོས་རྣམས་ཀྱི། །ཁྱད་པར་ཡོངས་སུ་བརྗོད་པ་ཡིན། །དེ་ལ་རྣམ་པར་དག་པའི་ཁྱད་པར་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་སྤོང་བའི་ཕྱིར་རོ། །ཡོངས་སུ་དག་པའི་ཁྱད་པར་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྦྱོང་བའི་ཕྱིར་རོ། །ལུས་ཀྱི་ཁྱད་པར་ནི་ཆོས་ཀྱི་སྐུ་ཡོངས་སུ་གྲུབ་པའི་ཕྱིར་རོ། །ལོངས་སྤྱོད་ཀྱི་ཁྱད་པར་ནི་རྟག་ཏུ་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་འཁོར་གྱི་དཀྱིལ་འཁོར་རྣམས་སུ་ཆོས་སྣ་ཚོགས་ལ་རྫོགས་པར་ལོངས་སྤྱོད་པའི་ཕྱིར་རོ། །ལས་ཀྱི་ཁྱད་པར་ནི་ཅི་རིགས་པར་སྤྲུལ་པ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པར་སངས་རྒྱས་ཀྱི་མཛད་པ་སྒྲུབ་པའི་ཕྱིར་རོ། །སྐུ་གསུམ་གྱི་ཁྱད་པར་ནི་རང་བཞིན་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་ཐོབ་པའི་ཕྱིར་རོ། །དེ་ལ་རང་བཞིན་ནམ་ངོ་བོ་ཉིད་ཀྱི་སྐུ་ནི་སེམས་རང་བཞིན་གྱིས་འོད་གསལ་བའི་དེ་བཞིན་ཉིད་བློ་བུར་གྱི་སྒྲིབ་པ་མ་ལུས་པའི་དག་པ་སྟོབས་སོགས་བྲལ་བའི་ཡོན་ཏན་རྣམས་དང་དབྱེར་མེད་པར་གནས་པ་སྟེ། ཇི་སྐད་དུ། མངོན་པར་རྟོགས་པའི་རྒྱན་ལས། །ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་གང་གསུངས་པ་ལྟར་རོ། །ཤིན་ཏུ་ཟབ་པའི་སྐུ་འདི་ལ་དེང་སང་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་ཤིན་ཏུ་མང་བས་ཇི་བཞིན་པ་བཀོད་ཀྱང་བློ་ལ་འཚམས་པར་དཀའ་བའི་ཕྱིར་ཡི་གེར་མ་བཀོད་དོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་གང་གིས་ཆོས་ཀྱི་སྐུ་དེ་ཉིད་མངོན་སུམ་དུ་བྱས་པའི་རྟེན་བསོད་ནམས་ཀྱི་ཚོགས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་མཚན་དང་དཔེ་བྱད་ཀྱི་ཡོན་ཏན་དང་ལྡན་པ། མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་ཐེག་པ་ཆེན་པོའི་ཆོས་ཀྱི་བདེ་བ་ཁ་ན་མ་ཐོ་བ་མེད་པ་ལ་རྟག་ཏུ་ལོངས་སྤྱོད་པ་སྟེ། ཇི་སྐད་དུ། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་གསུངས་པ་ལྟར་རོ། །

སྤྲུལ་པའི་སྐུ་ནི། ལོངས་སྐུའི་དབང་གིས་མ་དག་པའི་གདུལ་བྱ་རྣམས་ལ་རང་རང་གི་བློ་དང་འཚམས་པའི་སྤྲུལ་པ་དཔག་ཏུ་མེད་པ་སྣང་ནས་དེ་དང་དེའི་དོན་བྱེད་པ་སྟེ། དེ་ཡང་པི་ཝང་ལེན་པ་སོགས་བཟོ་དང་། བརྒྱ་བྱིན་དང་རྒྱལ་པོར་སྤྲུལ་བ་སོགས་སྐྱེ་བ་དང་། མཛད་པ་བཅུ་གཉིས་སྟོན་པ་སོགས་བྱང་ཆུབ་ཆེན་པོར་སྤྲུལ་ནས་འགྲོ་བའི་དོན་མཛད་པ་སྟེ། ཇི་སྐད་དུ། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་ས་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་དང་། མདོ་སྡེའི་རྒྱན་ལས། སངས་རྒྱས་སྤྲུལ་པ་དཔག་མེད་པ། །སྤྲུལ་པའི་སྐུར་ནི་འདོད་པ་སྟེ། །དོན་གཉིས་ཕུན་སུམ་ཚོགས་པ་ནི། །རྣམ་པ་ཐམས་ཅད་གཉིས་ལ་གནས། །བཟོ་དང་སྐྱེ་དང་འབྱུང་བ་ཆེ། །མྱ་ངན་འདས་པར་རྟག་སྟོན་པས། །ཅེས་གསུངས་པ་ལྟར་རོ། །མྱ་ངན་ལས་འདས་པའི་ཁྱད་པར་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡང་སེམས་ཅན་ལ་ཕན་པའི་ཡོན་ཏན་ཐམས་ཅད་རྒྱུན་མི་གཅོད་པའི་ཕྱིར་རོ། །འདིའི་ལྷག་བཅས་དང་ལྷག་མེད་ཀྱི་མྱང་འདས་ནི་སློབ་དཔོན་ཀླུའི་བཤེས་གཉེན་གྱིས་སྐུ་གསུམ་གྲུབ་པར། ཕུང་པོར་བཅས་པའི་མྱ་ངན་འདས། །ཐུབ་སྐུ་གཉིས་ལ་བཞག་པ་ཡིན། །ཕུང་པོ་ཀུན་དང་བྲལ་བའི་ཕྱིར། །ཆོས་ཀྱི་སྐུ་ལ་ཕུང་པོ་མེད། །ཅེས་གསུངས་པ་ལྟར་རོ། །འདྲེས་ཤིང་ཉེ་བར་འདྲེས་པའི་ཡེ་ཤེས་ཀྱིས་ནུས་པ་ཐོབ་པའི་ཁྱད་པར་ནི་རྟེན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་རོ་གཅིག་པ་ཉིད་དང་དེ་ལ་བརྟེན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སངས་རྒྱས་ཐམས་ཅད་སོ་སོར་མཐུ་དང་ལྡན་པའི་ཕྱིར་རོ། །སྒྲིབ་པ་རྣམ་པར་དག་པའི་ཁྱད་པར་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །འདྲེས་པ་དང་ཉེ་བར་འདྲེས་པའི་ཁྱད་པར་ནི་སེམས་ཅན་རེ་རེ་འདུལ་བ་ལ་སངས་རྒྱས་ཐམས་ཅད་ཀྱིས་བདག་རྐྱེན་མཛེད་པའི་ཕྱིར་རོ། །མངོན་པར་རྫོགས་པར་བྱང་ཆུབ་པ་དང་མྱ་ངན་ལས་འདས་པ་སྟོན་པའི་ཐབས་ཀྱི་ཁྱད་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཁོར་བ་ཇི་སྲིད་པར་ཡང་དང་ཡང་དུ་སངས་རྒྱས་འབྱུང་བ་ལ་སོགས་པ་སྟོན་པས་གདུལ་བྱ་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང་ཐར་བར་བྱེད་པའི་ཕྱིར་རོ། །ཡོངས་སུ་སྐྱོབ་པ་རྣམ་པ་ལྔའི་ཁྱད་པར་ནི་གནོད་པ་ལ་སོགས་པ་ལྔ་ལས་ཡོངས་སུ་སྐྱོབ་པའི་ཕྱིར་རོ། །དེ་ལ་གནོད་པ་ལས་ཡོངས་སུ་སྐྱོབ་པ་ནི་གྲོང་ཁྱེར་དུ་འཇུག་པ་ལ་སོགས་པས་ལོང་བ་ལ་སོགས་པས་མིག་ལ་སོགས་པ་ཐོབ་པའི་ཕྱིར་རོ། །ཐབས་མ་ཡིན་པ་ལས་སྐྱོབ་པ་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཐོབ་པས་ལྟ་བ་ངན་པ་ཐམས་ཅད་དང་བྲལ་བར་བྱེད་པའི་ཕྱིར་རོ། །ངན་སོང་ལས་སྐྱོབ་པ་ནི་མཐོང་བའི་ལམ་བསྐྱེད་པས་ངན་འགྲོ་ལས་ཤིན་དུ་བཟློག་པའི་ཕྱིར་རོ། །འཇིག་ཚོགས་ལས་སྐྱོབ་པ་ནི་དགྲ་བཅོམ་པ་མངོན་སུམ་དུ་བྱེད་པས་ཁམས་གསུམ་ལས་ཐར་བར་བྱེད་པའི་ཕྱིར་རོ། །ཐེག་པའི་དམན་པ་ལས་སྐྱོབ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་དམན་པ་ལ་འདུན་པ་བཟློག་པའི་ཕྱིར་རོ། །དེ་ལྟར་ཡང་རྒྱན་ལས། ཉེ་བར་འཚེ་བ་ཐམས་ཅད་དང་། །ཐབས་མ་ཡིན་དང་ངན་སོང་དང་། །འཇིག་ཚོགས་ཐེག་པ་དམན་པ་ལས། །དེ་ཕྱིར་སྐྱབས་ཀྱི་དམ་པའོ། །ཞེས་གསུངས་པ་ལྟར་རོ། །

གཉིས་པ་དེ་དག་ལ་བརྟེན་པའི་ཡོན་ཏན་ལ་དྲུག་སྟེ། མངོན་པར་རྟོགས་པ་གང་གིས་བསྡུས་པ་དང་། ངོ་བོའི་དབྱེ་བ་དང་། སོ་སོའི་ངོ་བོ་དང་། དེ་རྣམས་ཀྱི་སྒྲུབ་ཚུལ་དང་། སྤྱིའི་རྣམ་པའི་དབྱེ་བ་དང་། སོ་སོའི་བྱེད་ལས་སོ། །དང་པོ་ནི་ཚད་མེད་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་འདི་དག་འཕགས་པ་ཉན་ཐོས་རྣམས་ཀྱིས་བསྒོམ་པའི་ལམ་དང་མི་སློབ་པའི་ལམ་ལ་མངོན་པར་སྒྲུབ་ཏེ་དེའི་ཕྱིར་འདི་དག་རྫས་ལ་མངོན་རྟོགས་དང་མཐར་ཐུག་པའི་མངོན་པར་རྟོགས་པས་བསྡུས་སོ། །གཉིས་པ་ནི། ཡོན་ཏན་ཁྱད་པར་ཅན་དེ་དག་ཀྱང་ཚད་མེད་པ་ཅེས་སོགས་སོ། །གསུམ་པ་སྡེ་ཚན་བཅུ་དགུ་སྟེ། དེ་དག་ཀྱང་གནས་དང་། དམིགས་པ་དང་། རྣམ་པ་དང་། རང་བཞིན་དང་། གྲོགས་དང་། རྣམ་པ་ལྔ་ལྔས་བཤད་པར་བྱའོ། །དེ་ལ་སྡེ་ཚན་དང་པོ་ཚད་མེད་པ་རྣམས་ཀྱི་དབྱེ་བ་ནི་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའོ། །དང་པོ་ནི་གང་ཟག་ལ་བདག་མེད་པར་མ་རྟོགས་པས་སྡུག་བསྔལ་ལ་སོགས་དང་ལྡན་པའི་སེམས་ཅན་རྫས་ཡོད་དུ་བཟུང་ནས་དེ་ལྟ་བུའི་སེམས་ཅན་སྡུག་བསྔལ་དང་བྲལ་བ་སོགས་སུ་དམིགས་པའོ། །གཉིས་པ་ནི། གང་ཟག་གི་བདག་མེད་པ་རྟོགས་པས་ཕ་རོལ་པོ་ཕུང་པོ་ཆོས་ཙམ་ལ་སེམས་ཅན་དུ་ཉེ་བར་བཏགས་པ་ཙམ་དུ་ཤེས་ནས་དེ་ལྟ་བུའི་སེམས་ཅན་སྡུག་བསྔལ་དང་བྲལ་བ་སོགས་འདོད་པའོ། །

གསུམ་པ་ནི། ཆོས་ལ་བདག་མེད་པ་རྟོགས་པས་ཕ་རོལ་པོ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོགས་པ་གཉིས་སྣང་སྒྱུ་མའི་སྐྱེས་བུ་ལྟར་རྟོགས་ནས་དེ་ལྟ་བུའི་སེམས་ཅན་སྡུག་བསྔལ་དང་བྲལ་བ་སོགས་འདོད་པའོ། །དང་པོ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཡིན་ལ། གཉིས་པ་ནི་འཕགས་པ་ཉན་ཐོས་རྣམས་ཀྱི་ཡིན་ཞིང་། གསུམ་པ་ནི་བྱང་ཆུབ་སེམས་པ་འཕགས་པ་རྣམས་དང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ཡང་ན་མདོ་སྡེའི་རྒྱན་ལས། བརྟན་པ་རྣམས་ཀྱི་དེ་རྣམས་བདེ་འདོད་དང་། །སྡུག་བསྔལ་རྣམས་ཀྱིས་ཉམས་ཐག་བདེ་བ་དང་། །ཉོན་མོངས་ཅན་དང་དེ་རྣམས་བསྟན་བཅོས་དང་། །དེ་ཡི་དེ་བཞིན་ཉིད་ལ་རབ་ཏུ་འཇུག །ཅེས་པ་ལྟར། སྡུག་བསྔལ་སོགས་དང་ལྡན་པའི་སེམས་ཅན་ལ་དམིགས་པ་དང་། དེ་རྣམས་སྟོན་པའི་བསྟན་བཅོས་ལ་དམིགས་པ་དང་། སེམས་ཅན་རྣམས་ཀྱི་དེ་བཞིན་ཉིད་ལ་དམིགས་པར་བཤད་དོ། །བྱམས་པ་སོགས་འདི་དག་གི་གནས་ནི་ཐམས་ཅད་ཀྱང་བསམ་གཏན་གྱི་དངོས་གཞི་གང་རུང་ལ་བརྟེན་ནོ། །དམིགས་པ་ནི་གོ་རིམ་བཞིན་དུ་བདེ་བ་འདོད་པ་དང་། སྡུག་བསྔལ་དང་ལྡན་པ་དང་། བདེ་བ་དང་ལྡན་པ་དང་། ཉོན་མོངས་པ་ཅན་གྱི་སེམས་ཅན་རྣམས་ཡིན་ནོ། །རྣམ་པ་ཡང་རིམ་པ་ལྟར་ཕན་པ་དང་ཕྲད་པར་ཤོག་ཤིག་དང་སྡུག་བསྔལ་དང་བྲལ་བར་ཤོག་ཤིག་པ་དང་བདེ་བ་དང་མི་འབྲལ་བར་ཤོག་ཤིག་པ་དང་། ཉོན་མོངས་པ་དང་བྲལ་བར་ཤོག་ཤིག་སྙམ་དུ་ཕན་པར་བསམ་པའི་གནས་པ་རྣམས་ཡིན་ནོ། །ངོ་བོ་ནི་ཐམས་ཅད་ཀྱང་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པ་སྟེ། ཞི་གནས་དང་ལྷག་མཐོང་གིས་བསྡུས་པའི་ཕྱིར་རོ། །གྲོགས་ནི་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །དེ་རྣམས་ཀྱི་དོན་བསྡུས་ཏེ་བསྟོད་པར་ཡང་། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བ་ཡི་དགོངས་པ་ཅན། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །རྣམ་ཐར་ལ་སོགས་པ་སྡེ་ཚན་གསུམ་གྱི་རྟེན་གྱི་གང་ཟག་ནི་མཛོད་དུ། གཟུགས་མེད་ཅེས་བྱ་ཁམས་གསུམ་གྱི། །རྟེན་ཅན་ལྷག་མ་མི་ལས་སྐྱེ། །ཞེས་པ་ལྟར་ཡིན་ཞིང་རྣམ་ཐར་ལ་གཟུགས་ཅན་དང་། གཟུགས་མེད་ཀྱི་རྣམ་ཐར་གཉིས་ལས། དང་པོ་གཟུགས་ཅན་གྱི་རྣམ་ཐར་ལ་གསུམ་གྱི་དང་པོ་གཟུགས་ཅན་ལ་ལྟ་བའི་རྣམ་ཐར་ནི། དགོས་ཆེད་དམ་ངེས་ཚིག་སྤྲུལ་པ་དང་བསྒྱུར་བར་མི་ནུས་པའི་སྒྲིབ་པ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་གནས་ནི་བསམ་གཏན་གྱི་དངོས་གཞི་གང་རུང་ལ་བརྟེན་ནོ། །གཟུགས་ཅན་གྱི་དོན་ནི་ལྟ་བ་པོ་རྣལ་འབྱོར་པ་བདག་ལ་གཟུགས་མེད་ཀྱི་སེམས་མ་ཐོབ་པས་གཟུགས་སུ་འདུ་ཤེས་པ་དང་མ་བྲལ་བའམ་ཐོབ་ན་ཡང་གཟུགས་ཀྱི་འདུ་ཤེས་ཉེ་བར་བཞག་པས་ཀྱང་རུང་སྟེའོ། །དམིགས་པ་ནི་སྣང་བ་རང་བཞིན་པའི་གཟུགས་རྣམས་ལ་རྣམ་པ་ནི་ལྟ་བ་སྟེ་ཁ་དོག་མཛེས་པ་དང་མི་སྡུག་པ་སོགས་གང་སྤྲུལ་བར་འདོད་པར་མོས་པ་བྱེད་པའོ། །ངོ་བོ་ནི་ཡང་དག་པར་འབྱོར་ཞེས་སོགས་སོ། །གྲོགས་ནི་དེ་དག་དང་ཞེས་སོགས་སོ། །གཉིས་པ་ནི་གཟུགས་མེད་པར་འདུ་ཤེས་པས་ཕྱིའི་གཟུགས་རྣམས་ལ་ལྟ་བ་ལ་གཞན་རྣམས་སྔ་མ་དང་འདྲ་ཞིང་། གཟུགས་མེད་པའི་དོན་ནི་གཟུགས་མེད་ཀྱི་སེམས་ཐོབ་སྟེ་ལྟ་བ་པོ་བདག་ལ་གཟུགས་སུ་འདུ་ཤེས་པ་དང་བྲལ་བའམ་མ་ཐོབ་ཀྱང་གཟུགས་མེད་པ་མིང་བཞིའི་ཕུང་པོ་ཙམ་གྱི་འདུ་ཤེས་བཞག་པས་ཀྱང་རུང་སྟེའོ། །

མཛོད་དུ། འདི་གཉིས་འདོད་པ་དང་བསམ་གཏན་དང་པོའི་ཁ་དོག་ལ་ཆགས་པའི་གཉེན་པོར་གོ་རིམ་བཞིན་དུ་བསམ་གཏན་དང་པོ་དང་གཉིས་པའི་སེམས་ལ་བརྟེན་ནས་རྣམ་པ་མི་སྡུག་པའི་རང་བཞིན་ཅན་ཡིན་ཞེས་ཟེར་ཏེ། རྣམ་པར་ཐར་བརྒྱད་དང་པོ་གཉིས། །མི་སྡུག་བསམ་གཏན་གཉིས་ན་ཡོད། །ཅེས་སོ། །གསུམ་པ་སྡུག་པའི་རྣམ་ཐར་ལ། གནས་ནི་བསམ་གཏན་བཞི་པའི་དངོས་བཞི་ལ་བརྟེན་ནོ། །དགོས་ཆེད་ནི་སྡུག་པའི་གཟུགས་སྤྲུལ་བ་ལ་རྩོལ་བ་དང་མི་སྡུག་པའི་གཟུགས་སྤྲུལ་བ་ལ་མི་མཐུན་པའི་ཀུན་ནས་ཉོན་མོངས་པ་འབྱུང་བའི་སྒྲིབ་པ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་རོ། །དམིགས་པ་ནི་རང་གིས་མོས་པར་བྱས་པའི་སྡུག་པ་དང་མི་སྡུག་པའི་གཟུགས་རྣམས་ལ་དམིགས་ནས། རྣམ་པ་སྡུག་མི་སྡུག་ཕན་ཚུན་ལྟོས་པ་དང་གཅིག་ལ་གཅིག་རྗེས་སུ་འབྲེལ་བའི་འདུ་ཤེས་ལ་བརྟེན་ནས་མཐར་ཐམས་ཅད་རོ་གཅིག་པའི་འདུ་ཤེས་ཐོབ་ནས་ཐམས་ཅད་སྡུག་པའི་རྣམ་པར་མོས་པར་བྱེད་པའོ། །དེ་ལ་ཕན་ཚུན་ལྟོས་པའི་འདུ་ཤེས་ནི། སྡུག་པ་ལ་ལྟོས་ནས་མི་སྡུག་པ་དང་། མི་སྡུག་པ་ལ་ལྟོས་ནས་སྡུག་པའི་བློ་འབྱུང་གི་མ་ལྟོས་པར་མ་ཡིན་ཏེ། མཉམ་པོར་མཐོང་ན་སྡུག་མི་སྡུག་གི་བློ་མི་འབྱུང་བའི་ཕྱིར་རོ། །ཕན་ཚུན་རྗེས་སུ་འབྲེལ་བའི་འདུ་ཤེས་ནི། དེའི་ཕྱིར་སྡུག་པ་ལ་ཡང་མི་སྡུག་པ་དང་། མི་སྡུག་པ་ལ་ཡང་སྡུག་པ་རྗེས་སུ་འབྲེལ་ཞིང་སྡུག་པར་གྲགས་པ་ཡང་བཏགས་པ་ཙམ་དུ་ཟད་ཏེ། སྐྲ་སོགས་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་གི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟར་ན་གཟུགས་ཐམས་ཅད་ཕན་ཚུན་བསྲེས་ཏེ་སྡུག་པ་ཉིད་དུ་རོ་གཅིག་པར་མོས་པར་བྱེད་དོ། །ཅིའི་ཕྱིར་གཟུགས་ཅན་གྱི་རྣམ་ཐར་ལ་སྙོམས་པར་འཇུག་པར་བྱེད་ཅེ་ན། རྣལ་འབྱོར་པས་སྔར་འདོད་པའི་གཟུགས་ལ་འདོད་ཆགས་དང་བྲལ་དུ་ཟིན་ཀྱང་དེས་དེ་དག་ལ་མོས་པའི་དབང་མ་ཐོབ་པས་དེ་ཐོབ་པར་བྱ་བའི་ཕྱིར་ཡང་དང་ཡང་དུ་མོས་པར་བྱེད་དོ། །ལྷག་མ་རྣམས་སྔ་མ་བཞིན་ནོ། །གཉིས་པ་གཟུགས་མེད་ཀྱི་རྣམ་ཐར་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་བཞི་ནི་ཐར་པ་ཟག་མེད་དང་རྗེས་སུ་མཐུན་པ་དག་པ་བ་གང་ཡིན་པ་རྣམས་ནི་རྣམ་པར་ཐར་པ་ཅེས་པའི་མིང་ཐོབ་ཏེ། དེའི་རོ་མྱང་བ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་རོ། །རྣལ་འབྱོར་སྤྱོད་པའི་སར། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ནི་འདི་ལྟ་སྟེ། དེ་ལ་འདོད་ཆགས་དང་བྲལ་ལ་ནམ་མཁའ་ཉིད་ལ་མོས་པར་བྱེད་པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ཡང་དེ་དང་འདྲ་སྟེ། དེ་ལས་འདོད་ཆགས་དང་བྲལ་ལ་དེ་ཉིད་ལ་མོས་པར་བྱེད་པའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཐོབ་ལ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་མོས་པར་བྱེད་པའོ། །སྲིད་པའི་རྩེ་མོའི་རྣམ་པར་ཐར་པ་ནི་གཞན་ལ་མོས་པར་མི་བྱེད་ཏེ་ཇི་སྲིད་དུ་ཟད་པར་གྱི་འདུ་ཤེས་འབྱུང་བ་དེ་སྲིད་དུ་མོས་པར་བྱ་དགོས་སོ། །ཞེས་བཤད་དོ། །འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་ཐར་ལ་དགོས་ཆེད་ནི་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྒྲིབ་པ་ལས་ཐར་བར་བྱ་བའི་ཕྱིར་རོ། །ངོ་བོ་ནི་སྲིད་རྩེའི་རྣམ་ཐར་ལ་བརྟེན་ཏེ་གཟུགས་མེད་ཞི་བའི་རྣམ་ཐར་ལས་ཡང་དག་པར་འདས་ནས་སེམས་དང་སེམས་ལས་བྱུང་བ་བརྟན་པ་མ་ཡིན་པ་རྣམས་དང་བརྟན་པ་དེ་དག་ལས་ཀྱང་ཁ་ཅིག་འགོག་པ་སྟེ་སྔར་བཤད་པ་ལྟར་རོ། །འཕགས་པ་རྣམས་འདི་བརྒྱད་ཀྱི་གནས་པས་ན་འདི་རྣམས་ལ་འཕགས་པའི་གནས་པའི་རྣམ་པར་ཐར་པ་བརྒྱད་ཅེས་བརྗོད་དོ། །དེ་ལ་འཕགས་པ་དག་གིས་ནི་གནས་པ་གཉིས་ཀྱིས་ལན་མང་དུ་གནས་ཏེ་གསུམ་པ་དང་བརྒྱད་པས་སོ། །དེ་དག་ནི་གོ་རིམ་བཞིན་དུ་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་རྣམ་ཐར་ལ་སྒྲིབ་པ་མ་ལུས་པར་སྤངས་པའི་ཕྱིར་རྣམ་ཐར་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་གཉིས་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་གནས་སོ། །ཞེས་མདོ་ལས་གསུངས་ཀྱི་གཞན་རྣམས་ནི་མ་ཡིན་ནོ། །ཟིལ་གནོན་བརྒྱད་ལ་གསུམ་ལས། རྣམ་ཐར་གང་ལས་བྱུང་བ་ནི། མདོ་ལས་ནང་གཟུགས་སུ་འདུ་ཤེས་པས་ཕྱིའི་གཟུགས་ཆུང་ངུར་ཁ་དོག་མཛེས་པ་དང་ཁ་དོག་མི་སྡུག་པ་དང་། ངན་པ་དང་བཟང་པོ་རྣམས་ལ་ལྟ་སྟེ། གཟུགས་དེ་རྣམས་ཟིལ་གྱིས་མནན་ནས་ཤེས་མནན་ནས་ལྟ་སྟེ། དེ་ལྟར་འདུ་ཤེས་པར་འགྱུར་བ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །དེ་ལྟར་ཆེན་པོ་ལ་སྦྱང་བ་ནི་གཉིས་པ་སྟེ་དེ་དག་ནི་རྣམ་པར་ཐར་པ་དང་པོ་ལས་བྱུང་བའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱིའི་གཟུགས་ཆུང་ངུ་དང་ཆེན་པོ་གཉིས་ལ་དེ་ལྟར་ལྟ་བའི་ཟིལ་གནོན་གཉིས་ནི་རྣམ་པར་ཐར་པ་གཉིས་པ་ལས་བྱུང་སྟེ། དེ་ལྟར་ན་ཟིལ་གྱིས་གནོན་པའོ་ཞེས་སོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ་འོད་སྔོན་པོ་འབྱུང་བ་རྣམས་ལ་ལྟ་སྟེ། དཔེར་ན་ཟར་མའི་མེ་ཏོག་གམ་ཡུལ་བ་ར་ན་སེའི་རས་ཕུན་སུམ་ཚོགས་པ་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ་འོད་སྔོན་པོ་འབྱུང་བ་དེ་བཞིན་དུ། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱིའི་གཟུགས་སྔོན་པོ་སོགས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་མཐོང་སྟེ་དེ་ལྟར་འདུ་ཤེས་པར་འགྱུར་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ། །དེ་བཞིན་དུ་སེར་པོ་ལ་དཔེ་དོང་ཀའི་མེ་ཏོག་དང་། ཝ་ར་ན་སེའི་རས་སེར་པོར་སྦྱར་བ་ནི་དྲུག་པ། དམར་པོ་ལ་དཔེ་བན་དུ་འཛིན་བ་ཀའི་མེ་ཏོག་དང་རས་དམར་པོ་སྦྱར་བ་ནི་བདུན་པ། དཀར་པོ་ལ་དཔེ་སྐར་མ་པ་བ་སངས་དང་རས་དཀར་པོ་སྦྱར་བ་ནི་བརྒྱད་པ་སྟེ། དེ་ལྟ་བུའི་ཟིལ་གནོན་བཞི་ནི་སྡུག་པའི་རྣམ་པར་ཐར་པ་གཅིག་ལས་བྱུང་བར་རིག་པར་བྱའོ། །

དེ་གཉིས་ཀྱི་ཁྱད་པར་ནི་རྣམ་པར་ཐར་པ་རྣམས་ཀྱིས་ནི་ཆུང་ངུ་ལ་སོགས་པའི་དམིགས་པ་རྣམས་ལ་ཇི་ལྟར་སྤྲུལ་བར་འདོད་པ་དེ་ལྟར་དུ་མོས་པར་བྱེད་དོ། །ཟིལ་གནོན་རྣམས་ཀྱིས་ནི་ཇི་ལྟར་འདོད་པ་དེ་བཞིན་དུ་དབང་བྱེད་པ་དང་རང་བཞིན་གྱི་དམིགས་པ་མི་སྣང་བར་བྱེད་པའི་ཕྱིར་ཟིལ་གྱིས་གནོན་ཏོ། །

མདོའི་དོན་བཤད་པ་ནི། དེ་ལ་སེམས་ཅན་དུ་གཏོགས་པའི་གཟུགས་རྣམས་ནི་ཆུང་ངུ་དང་སེམས་ཅན་མ་ཡིན་པར་གཏོགས་པའི་རི་ཁང་ཁྱིམ་ལ་སོགས་པའི་གཟུགས་རྣམས་ནི་ཆེན་པོའོ། །ཁ་དོག་མཛེས་པ་དང་ཁ་དོག་མི་སྡུག་པ་རྣམས་ནི་སྡུག་པ་དང་མི་སྡུག་པའོ། །མི་དང་ལྷའི་གཟུགས་རྣམས་ནི་རིམ་པ་ལྟར་ངན་པ་དང་བཟང་པོ་རྣམས་སོ། །གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས་ཞེས་བྱ་བ་ནི་དབང་བསྒྱུར་ནས་སོ། །ཤེས་ཅེས་བྱ་བ་ནི་ཞི་གནས་ཀྱི་ལམ་གྱིས་སོ། །མཐོང་ཞེས་བྱ་བ་ནི་ལྷག་མཐོང་གི་ལམ་གྱིས་སོ། །དེ་ལྟར་འདུ་ཤེས་པར་འགྱུར་ཞེས་བྱ་བ་ནི་ཟིལ་གྱིས་མནན་ནམ་མ་མནན་ཀྱང་རུང་སྟེ་དེ་ལ་མངོན་པའི་ང་རྒྱལ་མེད་པའི་འདུ་ཤེས་ཅན་གྱི་ཕྱིར་རོ། །སྔོན་པོ་ཞེས་བྱ་བ་ནི་མདོར་བསྟན་པའི་ཚིག་གོ །ཁ་དོག་སྔོན་པོ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་སྔོན་པོ་ཉིད་ཀྱི་ཕྱིར་རོ། །སྔོན་པོ་ལྟ་བུར་སྟོན་པ་ཞེས་བྱ་བ་ནི་སྦྱར་བ་ལས་བྱུང་བའི་སྔོན་པོ་ཉིད་ཀྱི་ཕྱིར་རོ། །འོད་སྔོན་པོ་འབྱུང་བ་ཞེས་བྱ་བ་ནི་དེ་གཉིས་ཀ་ལས་འོད་འབྱུང་བ་རྣམས་འོད་གསལ་བ་ཉིད་ཀྱི་ཕྱིར་རོ། །སྔོན་པོ་ཇི་ལྟ་བ་བཞིན་དུ་སེར་པོ་དམར་པོ་དཀར་པོ་རྣམས་ལ་ཡང་རྒྱ་ཆེར་རིག་པར་བྱའོ། །མེ་ཏོག་དང་རས་ཀྱི་དཔེ་གཉིས་ནི་རིམ་པ་ལྟར་ལྷན་ཅིག་སྐྱེས་པ་དང་སྦྱར་བ་ལས་བྱུང་བའི་ཁ་དོག་བརྗོད་པའི་ཕྱིར་རོ། །འདི་ལྟ་སྟེ་སྔོན་པོ་ཞེས་བྱ་བ་ནི་མེ་ཏོག་དང་རས་གཉིས་ཀ་ལ་མཚུངས་པར་བསྟན་པའི་ཚིག་གོ །ཁ་དོག་སྔོན་པོ་ཞེས་བྱ་བ་ནི་མེ་ཏོག་ཉིད་ཀྱི་དབང་དུ་བྱས་པ་སྟེ་དེ་ལྷན་ཅིག་སྐྱེས་པའི་སྔོན་པོ་ཡིན་པའི་ཕྱིར་རོ། །སྔོན་པོ་ལྟ་བུར་སྟོན་པ་ཞེས་བྱ་བ་ནི་རས་ཀྱི་དབང་དུ་བྱས་པ་སྟེ་དེ་སྦྱར་བ་ལས་བྱུང་བའི་སྔོན་པོ་ཡིན་པའི་ཕྱིར་རོ། །འོད་སྔོན་པོ་འབྱུང་བ་ཞེས་བྱ་བ་ནི་གཉིས་ཀའི་དབང་དུ་བྱས་པ་སྟེ་གཉིས་ཀ་ལ་ཡང་འོད་གསལ་བ་ཉིད་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་སེར་དམར་དཀར་པོ་ལ་ཡང་སྦྱར་བར་བྱའོ། །ལྷག་མ་ནང་གཟུགས་སུ་འདུ་ཤེས་པས་ཕྱིའི་གཟུགས་ལ་ལྟ་ཞེས་སོགས་ཀྱི་དོན་ནི་རྣམ་པར་ཐར་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །

ཟད་པར་ལ་གཉིས་ལས། དང་པོ་ནི། ཟིལ་གནོན་གྱིས་རང་བཞིན་གྱི་དམིགས་པ་རྣམས་མི་སྣང་བ་དང་དབང་བསྒྱུར་བའི་སྒོ་ནས་ཟིལ་གྱིས་མནན་ནས་ཟད་པར་རྣམས་ཀྱིས་ས་ལ་སོགས་པ་ཟད་པར་སྟེ་མ་ལུས་པར་རྒྱས་པར་བྱེད་མཐའ་ཡས་པར་ཁྱབ་པར་བྱེད་པར་གནས་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་དང་ཤེས་རབ་གང་ཡིན་པའོ། །གྲོགས་ནི་དེ་དག་དང་མཚུངས་པར་ཞེས་སོགས་སོ། །དེ་ཡང་བཅུ་སྟེ། ཟད་པར་ས་དང་། ཆུ་དང་། མེ་དང་། རླུང་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ནམ་མཁའ་དང་། རྣམ་ཤེས་ཀྱི་སྐྱེ་མཆེད་དོ། །དེ་རྣམས་ཀྱི་བྱེད་ལས་ནི་གཏན་ལ་དབབ་པ་བསྡུ་བར། རྣལ་འབྱོར་པ་ཟད་པར་གྱི་སྐྱེ་མཆེད་བཅུ་བསྒོམ་པ་ནི་བྱ་བ་ལྔ་བྱེད་པ་ཡིན་ཏེ། ལྔ་གང་ཞེ་ན། ཟད་པར་ས་ལ་སོགས་པ་ནས་ཟད་པར་དཀར་པོའི་མཐར་ཐུག་པའི་བར་དག་གིས་ནི་སྤྲུལ་པ་དང་དངོས་པོ་བསྒྱུར་བར་འཕགས་པའི་རྫུ་འཕྲུལ་མངོན་པར་སྒྲུབ་པར་བྱེད་དོ། །ཟད་པར་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱིས་ནི་འོང་བ་དང་འགྲོ་བ་འཕགས་པའི་རྫུ་འཕྲུལ་མངོན་པར་སྒྲུབ་པར་བྱེད་དོ། །ཟད་པར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱིས་ནི་ཉོན་མོངས་པ་མེད་པ་དང་སྨོན་ནས་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་སོགས་ཀྱི་ཡོན་ཏན་མངོན་པར་སྒྲུབ་པར་བྱེད་དོ། །ཅེས་བཤད་དོ། །རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་གཟུགས་དང་རེག་བྱའི་སྐྱེ་མཆེད་འདི་གཉིས་ཅིའི་ཕྱིར་རྣམ་པར་བཞག་ཅེ་ན། འདི་གཉིས་ནི་བདག་དང་ཕ་རོལ་གྱི་རྒྱུད་དང་སེམས་ཅན་གྱི་ཁམས་ཐམས་ཅད་ན་ཡོད་ན་མིག་ལ་སོགས་པ་རྣམས་ནི་རང་གི་རྒྱུད་ལ་ཡོད་པ་ཁོ་ན་ཡིན་པ་དང་། དྲི་དང་རོ་རྣམས་ཀྱང་ཀུན་དུ་མེད་པའི་ཕྱིར་རོ། །དེ་རྣམས་ཀྱི་ནང་ནས་གཟུགས་ཅན་རྣམས་ནི་གཟུགས་ཀྱི་ཁམས་མན་ཆད་ཀྱི་ཟད་པར་གྱི་སྙོམས་འཇུག་གོ །གཟུགས་མེད་པ་དག་ནི་ནམ་མཁས་ཐམས་ཅད་དུ་འགྲོ་བ་ཡིན་པས་ན་དེའི་ཕྱིར་དེར་ཟད་པར་གྱི་སྐྱེ་མཆེད་དུ་བཞག་གོ །རྣམ་པར་ཤེས་པ་ཡང་ཡུལ་ཟད་པར་གྱི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར་རོ། །ཐོག་མ་ཁོ་ནར་ནི་རྣལ་འབྱོར་པས་མོས་པར་བྱེད་དོ། །དེའི་འོག་ཏུ་ཟིལ་གྱིས་གནོན་ཏོ། །དེ་ནས་ཟིལ་གྱིས་གནོན་པ་ལ་དབང་ཐོབ་ནས་དེའི་འོག་ཏུ་ཟད་པར་གྱི་སྐྱེ་མཆེད་དེ་ཉིད་ལ་ཅི་དགའ་མགུར་མོས་པར་བྱེད་དོ། །དེ་ལྟར་ན་དེ་དག་གི་གོ་རིམ་ནི་དེ་ཡིན་ནོ། །གཟུགས་ཀྱི་ཟད་པར་སྐྱེ་མཆེད་བརྒྱད་ཡོངས་སུ་དག་པ་རྣམས་ཀྱིས་ནི་འཕགས་པའི་མོས་པ་དང་དངོས་པོ་ཡོངས་སུ་བསྒྱུར་བའི་རྫུ་འཕྲུལ་མངོན་པར་སྒྲུབ་པར་བྱེད་དོ། །དེ་ཇི་ལྟ་ཇི་ལྟར་མོས་པ་དང་ཇི་སྲིད་ཀྱི་བར་དུ་བསྒྱུར་བ་དེ་ཁོ་ན་བཞིན་དུ་དེར་འགྱུར་ཏེ་གསེར་ལ་སོགས་པ་དེ་དག་གིས་ཀྱང་བྱ་བྱ་བ་བྱེད་ནུས་སོ། །ཟད་པར་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཡོངས་སུ་དག་པས་ནི་ཉོན་མོངས་པ་མེད་པ་དང་སོ་སོ་ཡང་དག་པར་རིག་པ་དང་སྨོན་ནས་ཤེས་པ་ལ་སོགས་པ་རྣམས་མངོན་པར་སྒྲུབ་པར་བྱེད་དོ། །ཟད་པར་ནམ་མཁའི་སྐྱེ་མཆེད་ཡོངས་སུ་དག་པས་ནི་གང་འདོད་པ་དེ་ནམ་མཁའ་བསྒྱུར་བར་བྱེད་དོ། །དཔེར་ན་རྫ་མཁན་དང་ལྕགས་འགར་གསེར་འགར་རྣམས་ཀྱིས་འཇིམ་པ་ལ་སོགས་པ་རྣམས་ཐོག་མར་ནི་སྦྱོར་བར་བྱེད་ཀྱི་དེ་དག་ཤིན་ཏུ་ཡོངས་སུ་བྱང་བར་བྱས་པ་མ་ཡིན་ཏེ་རྣམ་པར་ཐར་པའི་གནས་སྐབས་ཀྱང་དེ་དང་འདྲའོ། །ཟིལ་གནོན་གྱི་སྐྱེ་མཆེད་ཀྱི་གནས་སྐབས་ནི་ཇི་ལྟར་ཤིན་ཏུ་ཡོངས་སུ་བྱང་བར་བྱས་པ་ལྟ་བུའོ། །ཟད་པར་གྱི་སྐྱེ་མཆེད་ཀྱི་གནས་སྐབས་ནི་ཇི་ལྟར་ཡོངས་སུ་ཤིན་ཏུ་ཡོངས་སུ་བྱང་བར་བྱས་ནས་ཅི་འདོད་པ་བཞིན་དུ་ཡོངས་སུ་བསྒྱུར་བ་ལྟ་བུར་ལྟ་བར་བྱའོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །དེའི་ཁྱད་ཆོས་དཔྱད་པ་ནི་ཅིའི་ཕྱིར་རྣམ་ཐར་དང་ཟིལ་གནོན་ལ་འབྱུང་བ་བཞི་མི་བཞག་པར་ཟད་པར་ལ་ས་ལ་སོགས་པར་གདགས་ཅེ་ན་གནས་འབྱུང་བ་དང་བཅས་པའི་འབྲས་བུའི་གཟུགས་ལ་ཁྱབ་པར་བྱ་བ་འབྱོར་པའི་ཕྱིར་ཏེ། འབྱུང་བ་མེད་ན་འབྲས་བུའི་གཟུགས་སྔོན་པོ་སོགས་ཀྱིས་ཁྱབ་པར་བྱེད་མི་ནུས་པའི་ཕྱིར། ལྷག་མ་ནི་གཟུགས་མེད་ཀྱི་རྣམ་ཐར་བཞིན་དུ་ཇི་ལྟར་མཐུན་མཐུན་དུ་སྦྱོར་བ་ནི་འདིས་རྒྱས་པར་བྱེད་དོ། །དེ་ལ་རྣམ་ཐར་རྣམས་ཀྱིས་ནི་སྤྲུལ་པ་སོགས་རྩོམ་ལ་ཟིལ་གནོན་གྱིས་ནི་སྦྱོར་ཞིང་ཟད་པར་རྣམས་ཀྱིས་ནི་འགྲུབ་པར་བྱེད་དོ། །སྡེ་ཚན་གསུམ་གྱིས་བསྟོད་པར། ཐུབ་པས་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན། །ཁྱོད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ། །ཐུགས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའོ། །ཉོན་མོངས་པ་མེད་པ་ནི་བསམ་གཏན་ལ་རྟེན་ནས་བདག་ལ་དམིགས་ཏེ། གཞན་གྱི་ཉོན་མོངས་པ་སྐྱེ་མི་སྐྱེ་བསམས་ནས་ཤེས་པས་མ་འོངས་པ་ན་འབྱུང་བ་ལ་བལྟས་ཏེ་ཅི་ནས་བདག་ལ་དམིགས་ནས་གཞན་གྱི་ཉོན་མོངས་པ་འབྱུང་བ་རྗེས་སུ་བསྲུང་བའི་གནས་པ་ཅེས་སོགས་སོ། །སེམས་ཅན་རྣམས་ནི་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་ཐམས་ཅད་འདུལ། །ཉོན་མོངས་འཇོམས་མཛད་ཉོན་མོངས་ལ། །བརྩེར་བཅས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །བསམ་ནས་ཤེས་པ་ནི། དུས་གསུམ་ལ་སོགས་པའི་ཤེས་བྱའི་རྣམ་པ་ཤེས་པར་འདོད་པ་ན་དེ་དང་དེར་འདི་ཤེས་པར་བྱའོ་ཞེས་བསམས་ནས་བསམ་གཏན་ལ་སྙོམས་པར་འཇུག་ཅིང་དེ་ལ་ལངས་ནས་དེའི་ཤེས་བྱ་དེ་ཤེས་པར་འགྱུར་བའི་ཡང་དག་པར་འབྱོར་ཞེས་སོགས་སོ། །ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་རྟག་པར་ནི། །མཉམ་པར་བཞག་ཅིང་འདྲི་ཀུན་གྱི། །ལན་ལྡོན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་ཆོས་ཀྱི་དམིགས་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་རྣམས་ཀྱི་མིང་གི་རྣམ་གྲངས་སུ་གཏོགས་པ་དཔེར་ན་མ་རིག་པ་དང་མི་ཤེས་པ་དང་མི་མཐོང་བ་དང་མངོན་པར་མི་རྟོགས་པ་ཞེས་བྱ་བ་ལ་སོགས་པ་རྣམས་ལ་དམིགས་ནས་ཐོགས་པ་མེད་པར་མཁྱེན་པ་ཡང་དག་པར་འབྱོར་ཞེས་སོགས་སོ། །དོན་གྱི་དམིགས་པ་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་དང་དོན་གཞན་ལ་དགོངས་པ་སོགས་ལ་དམིགས་པའོ། །ངེས་པའི་ཚིག་གི་དམིགས་པ་ཡུལ་སོ་སོའི་མིའི་སྐད་མི་འདྲ་བ་རྣམས་དང་འཇིག་ཅིང་རབ་ཏུ་འཇིག་པས་ན་འཇིག་རྟེན་ཞེས་སོགས་ཆོས་རྣམས་ཀྱི་ངེས་པའི་ཚིག་རྣམས་ལ་ཐོགས་པ་མེད་པར་མཁྱེན་པ་སོགས་སོ། །སྤོབས་པའི་དམིགས་པ་རྫས་ཡོད་དང་བཏགས་ཡོད་དང་ཀུན་རྫོབ་དང་དོན་དམ་སོགས་ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་ལ་ཐོགས་པ་མེད་པར་མཁྱེན་པ་སོགས་སོ། །རྟེན་དང་བརྟེན་པ་བཤད་བྱ་དང་། །གསུང་པ་མཁྱེན་པ་འཆད་བྱེད་ལ། །བློ་གྲོས་རྟག་ཐོགས་མི་མངའ་བ། །ལེགས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །མངོན་ཤེས་དྲུག་ནི་སྔར་རྒྱས་པར་བཤད་ཟིན་པའི་ཕྱིར་ཡང་མི་འཆད་དོ། །འདི་ཉིད་ཀྱི་ངོ་བོ་ཏིང་ངེ་འཛིན་དང་ཤེས་རབ་ཏུ་བཤད་པ་ནི་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པ་ཡིན་ནོ། །གཤེགས་ནས་སྤྱོད་པ་མཁྱེན་མཛད་ཏེ། །དེ་རྣམས་སྐད་ཀྱི་སེམས་ཅན་གྱི། །འོང་དང་འགྲོ་དང་ངེས་འབྱུང་ལ། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །མཚན་དང་དཔེ་བྱད་བཟང་པོ་རྣམས་ནི། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་དབང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོས་བརྒྱན་པའི་གཟུགས་ཀྱི་སྐུ་གདུལ་བྱ་རྣམས་ལ་ཀུན་དུ་སྟོན་པ་སྟེ་དེ་དག་གིས། དེ་དག་ནི་དེའི་རང་བཞིན་དུ་རིག་པར་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་ནི་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །ངོ་བོ་ཏིང་ངེ་འཛིན་དང་ཤེས་རབ་དུ་བཤད་པ་ནི་དེའི་རྒྱུ་ལ་དེའི་མིང་གི་བཏགས་པ་ཡིན་ལ། གདུལ་བྱ་ལ་སྣང་བའི་མཚན་དཔེ་རྣམས་ནི་དེ་ལས་བྱུང་བའི་རྣམ་པར་སྨིན་པའི་རང་བཞིན་དངོས་ཡིན་ནོ། །ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན། །སྐྱེས་བུ་དམ་པ་ལགས་པར་འཚལ། །མཐོང་བ་ཙམ་གྱིས་རབ་དང་བར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མངོན་ཤེས་ཐོབ་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་ལ་གནས་ཡོངས་སུ་དག་པ་ནི་ཇི་ལྟར་བཞེད་པ་བཞིན་སྐྱེ་བ་འཛིན་པ་གནས་ལེན་པ་དང་དེར་སྐྱེས་ནས་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ནས་ཇི་སྲིད་བཞེད་པར་བཞུགས་པ་དང་གང་གི་ཚེ་བཞེད་པ་དེའི་དུས་ན་ཚེའི་འདུ་བྱེད་ཡོངས་སུ་གཏོང་བ་ལ་ཡང་དག་པར་འབྱོར་ཞེས་སོགས་སོ། །དམིགས་པ་ཡོངས་སུ་དག་པ་ནི་ཇི་ལྟར་བཞེད་པ་བཞིན་དུ་སྔོན་མེད་པའི་དམིགས་པ་གཟུགས་སྣ་ཚོགས་སྤྲུལ་པ་དང་སྔོན་བྱུང་བའི་གཟུགས་གསེར་ལ་སོགས་པ་གཞན་དུ་བསྒྱུར་བ་རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་ཅིང་མཁྱེན་པ་སོགས་སོ། །ཐུགས་ཡོངས་སུ་དག་པ་ནི་ཇི་ལྟར་བཞེད་པ་བཞིན་དུ་ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་དུ་མ་ལ་དབང་བསྒྱུར་བ་སོགས་སོ། །མཁྱེན་པ་ཡོངས་སུ་དག་པ་ནི་ཇི་ལྟར་བཞེད་པ་བཞིན་དུ་ཚིག་ལ་སོགས་པའི་གཟུངས་ཀྱི་སྒོ་ཀུན་དུ་འཛིན་པ་སོགས་སོ། །

དེ་ལ་གཟུངས་བཞི་ཏེ། ཚིག་གི་གཟུངས་ནི་རྒྱལ་དང་རྒྱལ་སྲས་ཀུན་གྱིས་བསྟན་པའི་ཆོས་རྣམས་རིམ་པ་དེ་ཉིད་ཀྱིས་ཡུན་རིང་པོ་འཛིན་ནུས་པའི་དྲན་པ་དང་ཤེས་རབ་བོ། །དོན་གྱི་གཟུངས་ནི་ཚིག་དེ་དག་གི་དོན་ཡུན་རིང་དུ་འཛིན་པའི་དྲན་པ་དང་ཤེས་རབ་བོ། །གསང་སྔགས་ཀྱི་གཟུངས་ནི་འགྲོ་བ་ལ་ཕན་པའི་སྔགས་རྣམས་རང་རང་གི་འབྲས་བུ་འབྱིན་ནུས་སུ་བྱིན་གྱིས་རློབ་པར་ནུས་པའི་ཏིང་ངེ་འཛིན་དང་ཤེས་རབ་བོ། །བཟོད་པའི་གཟུངས་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཆོས་ཉིད་ཟབ་མོ་ལ་མི་སྐྲག་པའི་ཏིང་ངེ་འཛིན་དང་ཤེས་རབ་བོ། །དེ་ལ་དང་པོ་གསུམ་ཅི་རིགས་པར་ཚོགས་ལམ་ནས་ཡོད་ཅིང་། ཁྱད་པར་ཅན་ས་དང་པོ་ནས་ཐོབ་ལ་ཕྱི་མ་ནི་སྦྱོར་ལམ་ནས་ཡོད་དོ། །ལེན་དང་གནས་དང་གཏོང་བ་དང་། །སྤྲུལ་དང་ཡོངས་སུ་བསྒྱུར་བ་དང་། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །སྟོབས་བཅུ་ལ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ལས་བདག་གིར་བྱ་བ་མཁྱེན་པ་དང་བསམ་གཏན་དང་རྣམ་ཐར་སོགས་མཁྱེན་པ་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་དང་མོས་པ་སྣ་ཚོགས་པ་མཁྱེན་པ་དང་། ཁམས་སྣ་ཚོགས་པ་མཁྱེན་པ་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པ་དང་། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པ་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་རྣམས་སོ། །དང་པོ་ནི་རྒྱུ་འབྲས་ཀྱི་གནས་དང་གནས་མ་ཡིན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཆགས་པ་དང་ཐོགས་པ་མེད་པར་ཡང་དག་པར་འབྱོར་པ་སོགས་སོ། །གཉིས་པ་ནི་སེམས་ཅན་རྣམས་ཀྱི་ལས་བདག་གིར་བྱ་བ་རྣམས་ཐམས་ཅད་མཁྱེན་པ་སོགས་སོ། །སྟོབས་ལྷག་མ་རྣམས་ལ་ཡང་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ། །སོ་སོའི་དམིགས་པ་ནི་རིམ་པ་ལྟར་བསམ་གཏན་བཞི་རྣམ་ཐར་བརྒྱད་ཏིང་ངེ་འཛིན་གསུམ་སྙོམས་འཇུག་དགུ་དང་། དད་སོགས་ཀྱི་དབང་པོ་མཆོག་དམན་དང་། བསམ་པ་རྒྱ་ཆེན་པོ་ལ་མོས་ཤིང་སྦྱོར་བ་རྒྱ་ཆུང་ངུ་ལ་མོས་པ་སོགས་མོས་པ་སྣ་ཚོགས་པ་དང་ཁམས་དང་རིགས་སྣ་ཚོགས་པ་དང་ལྷ་ལ་སོགས་པའི་འཁོར་འདས་ཀུན་དུ་འགྲོ་བའི་ལམ་དང་། རང་གཞན་གྱི་ཚེ་རབ་སྔ་མ་དུ་མ་དང་། འཆི་འཕོ་དང་སྐྱེ་བ་དང་། ཟག་པ་ཟད་པ་དང་དེའི་ཐབས་རྣམས་སོ། །རྣམ་པ་ནི་དེ་རྣམས་ལ་མ་ཆགས་ཤིང་མ་ཐོགས་པར་རྣམ་པ་ཀུན་དུ་མངོན་དུ་གྱུར་པའོ། །དེ་ལ་དང་པོས་ནི་སྲོག་གི་མཆོད་སྦྱིན་སོགས་ཀྱིས་མཐོ་རིས་ཐོབ་ཅེས་སོགས་ཐབས་ལ་བསླུ་བའི་བདུད་འཇོམས་ལ། གཉིས་པས་ནི་དབང་ཕྱུག་སོགས་ཀྱིས་ཐར་པར་འདྲེན་ཞེས་སོགས་སྐྱབས་ལ་བསླུ་བའི་བདུད་འཇོམས་ཤིང་། གསུམ་པས་ནི་བསམ་གཏན་དང་པོ་སོགས་ཐོབ་པ་ཐར་པའོ། །ཞེས་སོགས་རྣམ་པར་དག་པ་ལ་བསླུ་བའི་བདུད་འཇོམས། ལྷག་མ་བདུན་གྱིས་ཐེག་པ་ཆེན་པོས་ངེས་པར་འབྱུང་བ་ལ་བསླུ་བའི་བདུད་འཇོམས་ཏེ། ཐབས་དང་སྐྱབས་དང་དག་པ་དང་། །ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ནི་རབ་བསླུ་བའི། །བདུད་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །མི་འཇིགས་པ་བཞི་པོ་འདི་དག་ནི་རང་དང་གཞན་གྱི་དོན་ལས་བརྩམས་པར་རིག་པར་བྱའོ། །དེ་ལ་རང་གི་དོན་ནི་གཉིས་ཏེ་ཡེ་ཤེས་ཀྱི་ཁྱད་པར་དང་། སྤངས་པའི་ཁྱད་པར་རོ། །

གཞན་གྱི་དོན་ཡང་རྣམ་པ་གཉིས་ཏེ། མི་མཐུན་པའི་ཆོས་ཡོངས་སུ་སྤོང་བ་དང་གཉེན་པོའི་ཆོས་བརྟེན་པའོ། །དེ་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་ནི་རང་དོན་ཡེ་ཤེས་ཀྱི་ཁྱད་པར་ལས་བརྩམས་ཏེ་ཤེས་བྱའི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པར་ཞལ་གྱིས་མཆེས་པ་ལ་ཡང་གར་རྒོལ་བ་མེད་པར་འཇིག་རྟེན་ཐམས་ཅད་དུ་འཇོག་པ་ཡང་དག་པར་འབྱོར་པ་སོགས་སོ། །ཟག་པའི་རྣམ་པ་ཐམས་ཅད་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་རྣམས་སོ། །བར་དུ་གཅོད་པའི་ཆོས་ནི་ཆགས་སོགས་ཀུན་ནས་ཉོན་མོངས་པ་རྣམས་ཏེ་ཐར་པ་ལ་བར་དུ་གཅོད་པའི་ཕྱིར་རོ། །ངེས་པར་འབྱིན་པའི་ལམ་ནི་སྦྱོར་བ་ནས་བཟུང་སྟེ་མཐར་ཕྱིན་པའི་ལམ་གྱི་བར་ཏེ་དེ་དག་གིས་འཁོར་བ་ལས་ངེས་པར་འབྱིན་པར་བྱེད་པའི་ཕྱིར་རོ། །

བཞི་པོ་འདི་དག་གི་མདོ་ནི། ང་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བྱ་བ་འདི་ལ་ཆོས་འདི་དག་མངོན་པར་རྫོགས་པར་སངས་མ་རྒྱས་སོ། །ཞེས་དགེ་སྦྱོང་ངམ་བྲམ་ཟེའམ་ལྷའམ་བདུད་དམ་ཚངས་པའམ་སུས་ཀྱང་ཆོས་དང་མཐུན་པས་རྒོལ་བའམ་འགྲན་པར་བྱེད་པའི་མཚན་མ་མི་མཐོང་སྟེ། མཚན་མ་དེ་མི་མཐོང་བས་བདེ་བ་ཐོབ་མི་འཇིགས་པ་ཐོབ་བག་ཚ་བ་མེད་པ་ཐོབ་ནས་གནས་སོ། །ཁྱུ་མཆོག་གི་གནས་རྒྱ་ཆེན་པོར་ཞལ་གྱིས་མཆེའོ། །ཚངས་པའི་གནས་སུ་བསྐོར་རོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོག་གོ །ང་ཟག་པ་ཟད་དོ་ཞེས་བྱ་བ་ལ་ཟག་པ་འདི་དག་ཡོངས་སུ་མ་ཟད་ཅེས་བྱ་བ་དང་། ངས་ཉན་ཐོས་རྣམས་ལ་བར་དུ་གཅོད་པའི་ཆོས་སུ་གང་དག་བསྙད་པ་དེ་དག་སྟོན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ། །ཞེས་བྱ་བ་དང་། ངས་ཉན་ཐོས་རྣམས་ལ་ངེས་པར་འབྱུང་བར་བྱ་བའི་ཕྱིར་འཕགས་པའི་ངེས་པར་འབྱུང་བའི་ལམ་གང་བཤད་པ་དེ་ངེས་པར་འབྱུང་བ་མ་ཡིན་ནོ་ཞེའམ། དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པ་དང་སྡུག་བསྔལ་གྱི་མཐའ་མ་ཕྱེད་པར་མི་འགྱུར་རོ། །ཞེས་པ་འདི་ལ་དགེ་སྦྱོང་ལ་སོགས་པ་སུས་ཀྱང་ང་ལ་རྒོལ་བ་མེད་དོ་ཞེས་བྱ་བ་ནས། སེང་གེའི་སྒྲ་ཡང་དག་པར་སྒྲོག་གོ་ཞེས་རྒྱ་ཆེར་བརྗོད་པར་བྱའོ། །རང་གཞན་དོན་དུ་ཡེ་ཤེས་དང་། །སྤངས་དང་ངེས་འབྱུང་གེགས་མཛད་ལ། །སྟོན་མཛད་མུ་སྟེགས་གཞན་རྣམས་ཀྱིས། །མི་རྫི་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །

དྲན་པ་ཉེ་བར་བཞག་པ་གསུམ་ནི། ཆོས་གུས་པར་ཉན་ཞིང་ཚུལ་བཞིན་དུ་སྒྲུབ་པའི་འཁོར་ལ་རྗེས་སུ་ཆགས་པར་མི་འགྱུར། དེ་ལས་བཟློག་པའི་འཁོར་ལ་ཁོང་ཁྲོ་བར་མི་འགྱུར། ཁ་ཅིག་གུས་པར་ཉན་པ་སོགས་བྱེད་ལ་ཁ་ཅིག་དེ་ལྟར་མི་བྱེད་པ་ལ་ཆགས་པ་དང་ཁོང་ཁྲོ་གཉིས་ཀར་མི་འགྱུར་བས། འཁོར་གྱི་ཚོགས་ཡོངས་སུ་སྡུད་དེ། ཆགས་པ་དང་ཁོང་ཁྲོས་ཀུན་ནས་ཉོན་མོངས་པ་རྣམ་པ་ཐམས་ཅད་ཀུན་དུ་མི་འབྱུང་བར་ཡང་དག་པར་འབྱོར་པ་ཞེས་སོགས་སོ། །བསྲུང་བ་མེད་པ་གསུམ་ནི། དེ་བཞིན་གཤེགས་པ་ལ་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་མ་དག་པ་མེད་པས་སྒོ་གསུམ་གྱི་སྐྱོན་གཞན་གྱིས་ཤེས་སུ་འོང་སྙམ་དུ་བཅབ་པར་དགོངས་པ་མི་མངའ་བས་དེའི་ཕྱིར་ཚོགས་ཡོངས་སུ་སྡུད་པ་ཉིད་ལ་ཚུར་སྐྱོན་བརྗོད་པའི་དོགས་པ་མེད་པས་ཇི་ལྟར་བཞེད་པ་བཞིན་དུ་ཚར་བཅད་ཅིང་སྤ་སྐོང་ནས་ཡོན་ཏན་ཐོབ་ཟིན་བསྲུང་བའི་དོན་དུ་རྗེས་སུ་བསྟན་པ་ལ་སྦྱོར་བ་སོགས་སོ། །བསྲུང་མེད་བསྙེལ་བ་མི་མངའ་བས། །འཁོར་གྱི་ནང་དུ་བག་བརྐྱང་གསུངས། །ཀུན་ནས་ཉོན་མོངས་གཉིས་སྤངས་པས། །འཁོར་བསྡུད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །བསྙེལ་བ་མེད་པའི་ཆོས་ཉིད་ནི། གདུལ་བྱའི་བྱ་བ་ཐམས་ཅད་ལས་བརྩམས་ནས་ཇི་ལྟ་བ་བཞིན་དུ་སྐུའི་མཛད་པ་དང་ངག་གིས་གསུངས་པའི་རྣམ་པ་ཐམས་ཅད་ལ་ཞེས་སོགས་སོ། །སེམས་ཅན་ཀུན་གྱི་བྱ་བ་ལ། །ཁྱོད་ནི་དུས་ལས་མི་འདའ་བས། །མཛད་པ་རྟག་ཏུ་དོན་མངའ་བ་། །མི་བསྙེལ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །བག་ཆགས་ལེགས་པར་བཅོམ་པ་ནི། སྒྲིབ་པ་གཉིས་ཀྱི་གནས་ངན་ལེན་མ་ལུས་པ་སྤངས་པས་ཐམས་ཅད་མཁྱེན་པར་གྱུར་ནས་ཐམས་ཅད་མཁྱེན་པ་མ་ཡིན་པའི་ལུས་ངག་གི་གནས་ངན་ལེན་གྱི་ཀུན་དུ་གཡོ་བ་ཀུན་དུ་མི་འབྱུང་བ་སོགས་སོ། །ཀུན་མཁྱེན་ཁྱོད་ལ་རྒྱུ་བ་དང་། །གནས་པ་ཀུན་ལ་རྟག་པར་ཡང་། །ཀུན་མཁྱེན་མིན་སྤྱོད་མི་མངའ་བ། །ཡང་དག་དོན་ལྡན་ཁྱོད་ཕྱག་འཚལ། །ཞེས་སོགས་སོ། །ཐུགས་རྗེ་ཆེན་པོ་ནི་རྒྱུན་མི་ཆད་པར་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ལ་དམིགས་ནས་ཉིན་མཚན་ལན་དྲུག་ཏུ་ཐུགས་རྗེ་ལ་གནས་པ་སོགས་སོ། །འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །ལན་དྲུག་ཏུ་ནི་སོ་སོར་གཟིགས། །ཐུགས་རྗེ་ཆེན་པོ་དང་ལྡན་པ། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ། སྤྱོད་པས་བསྡུས་པ་དྲུག །རྟོགས་པས་བསྡུས་པ་དྲུག །འཕྲིན་ལས་ཀྱིས་བསྡུས་པ་གསུམ། ཡེ་ཤེས་ཀྱིས་བསྡུས་པ་གསུམ་ལས། དང་པོ་དྲུག་ནི་དགྲ་བཅོམ་པ་རྣམས་ལ་བུད་མེད་མི་རིགས་པ་བསྐྱེད་པས་བོས་པའི་ཁྱིམ་དུ་འགྲོ་བ་དང་། གད་རྒྱངས་འདོན་པ་སོགས་དང་། བརྗེད་ངས་པ་དང་། སྙོམས་པར་ཞུགས་ན་མཉམ་པར་བཞག་ལ་ལངས་ན་མ་ཡིན་པ་དང་། ཕུང་པོ་ལ་མི་མཐུན་པ་དང་། ཕུང་པོ་མེད་པའི་མྱང་འདས་ལ་ཞི་བར་འདུ་ཤེས་པ་དང་། མ་བརྟགས་པར་སེམས་ཅན་གྱི་དོན་ཡལ་བར་འདོར་བ་སོགས་ཡོད་ལ། དེ་བཞིན་གཤེགས་པ་ལ་ནི་དེ་མེད་ཏེ། སྐུའི་འཕྲིན་ལས་ཡོངས་སུ་དག་པ་སྤྱོད་ཡུལ་མ་ཡིན་པའི་གནས་སུ་འགྲོ་བ་སོགས་ཀྱི་འཁྲུལ་པ་མེད་པ་དང་གསུང་གི་འཕྲིན་ལས་ཡོངས་སུ་དག་པ་གད་མོ་སྒྲོགས་པ་སོགས་ཀྱི་ཅ་ཅོ་མེད་པ་དང་ཐུགས་ཀྱི་འཕྲིན་ལས་ཐུན་མོང་མ་ཡིན་པ་ཡོངས་སུ་དག་པ་བསྙེལ་བ་མེད་པ་དང་། སེམས་མཉམ་པར་མ་བཞག་པ་མེད་པ་དང་། འཁོར་འདས་ལ་བླང་དོར་ཐ་དད་པའི་འདུ་ཤེས་མེད་པ་དང་། སོ་སོར་མ་བརྟགས་པར་གདུལ་བྱ་ཡལ་བར་འདོར་བའི་བཏང་སྙོམས་མི་མངའ་བ་ཡང་དག་པར་འབྱོར་པ་དང་གཉིས་པ་དྲུག་ནི་དགྲ་བཅོམ་པ་རྣམས་ལ་ཤེས་སྒྲིབ་ཡོངས་སུ་དག་པའི་འདུན་པ་སོགས་དྲུག་ལ། མ་ཐོབ་པའི་ཉམས་པ་ཡོད་ལ། དེ་བཞིན་གཤེགས་པ་ལ་ནི་ཤེས་སྒྲིབ་མ་ལུས་པར་སྤངས་པའི་འདུན་པ་བརྩོན་འགྲུས་དྲན་པ་ཏིང་ངེ་འཛིན་ཤེས་རབ་རྣམ་པར་གྲོལ་བ་སྟེ་དེ་བཞིན་གཤེགས་པའི་དབང་པོ་བརྩོན་འགྲུས་ལ་སོགས་པ་བཞིའི་གནས་འདུན་པ་དང་འབྲས་བུ་རྣམ་པར་གྲོལ་བ་དང་བཅས་པ་རྣམས་ཐོབ་ཟིན་པས་མ་ཐོབ་པ་ཡོངས་སུ་ཉམས་པ་མེད་པ་ཡང་དག་པར་འབྱོར་པ་དང་གསུམ་པ་ནི་དགྲ་བཅོམ་པ་རྣམས་ལ་སྒོ་གསུམ་གྱི་ལས་རེས་དགེ་བ་ལ་འཇུག་རེས་ལུང་མ་བསྟན་ལ་འཇུག་པ་ཡོད་ལ། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་ཐུན་མོང་མ་ཡིན་པའི་འཕྲིན་ལས་མཛད་པ་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲངས་ཏེ་ཡེ་ཤེས་ཀྱིས་ཀུན་ནས་བསླང་བའི་ཕྱིར་ཡེ་ཤེས་སྔོན་དུ་འགྲོ་བ་ཡིན་ལ་ཡེ་ཤེས་དང་ལྷན་ཅིག་རྒྱུ་བའི་ཕྱིར་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཡང་དག་པར་འབྱོར་པ་དང་། བཞི་པ་ནི། དགྲ་བཅོམ་པ་རྣམས་ནི་རྩོལ་བ་ཙམ་གྱིས་དུས་གསུམ་གྱི་ཤེས་བྱའི་དངོས་པོ་རྟོགས་པར་མི་འགྱུར་བས་དེའི་ཡེ་ཤེས་མཐོང་བ་ཆགས་པར་འགྱུར་ལ། ཐམས་ཅད་རྟོགས་པར་མི་འགྱུར་བས་དེའི་ཡེ་ཤེས་མཐོང་བ་ཐོགས་པར་འགྱུར་ལ། དེ་བཞིན་གཤེགས་པ་ནི་རྩོལ་བ་ཙམ་གྱིས་དུས་གསུམ་གྱི་ཤེས་བྱའི་དངོས་པོ་ཐམས་ཅད་རྟོགས་པར་འགྱུར་ཏེ་དེའི་ཕྱིར་འདས་མ་འོངས་ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མངའ་བ་ནི་ཡེ་ཤེས་ལ་གནས་པ་ཐུན་མོངས་མ་ཡིན་པའོ། །དེ་དག་གི་ངོ་བོ་ནི་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ཞེས་སོགས་སོ། །སྤྱོད་པ་དང་ནི་རྟོགས་པ་དང་། །ཡེ་ཤེས་དང་ནི་འཕྲིན་ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་ཀུན་གྱི། །བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །སྡེ་ཚན་བཅུ་དགུ་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི། དམིགས་པ་ཕུང་སོགས་ཤེས་བྱ་རྣམས་ལ་རྣམ་པ་ངོ་བོ་དང་ཁྱད་པར་དང་རབ་ཏུ་དབྱེ་བ་མཐར་ཐུག་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་འབྱོར་ཞེས་སོགས་སོ། །སྐུ་གསུམ་རྣམས་ཀྱིས་བྱང་ཆུབ་ཆེ། །རྣམ་པ་ཀུན་བརྙེས་ཐམས་ཅད་དུ། །སེམས་ཅན་ཀུན་གྱི་ཐེ་ཚོམ་རྣམས། །གཅོད་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ།། །།

བཞི་པ་དེ་རྣམས་ཇི་ལྟར་སྒྲུབ་ཚུལ་ནི། སྒྲུབ་པ་པོའི་གང་ཟག་ཆོས་འདི་པ་ལས་ཕྱི་རོལ་པ་ལ་སོགས་པ་རྣམས་ཀྱིས་མངོན་པར་སྒྲུབ་པའི་གནས་དག་པའི་བསམ་གཏན་བཞི་པོ་གང་རུང་ལ་རྟེན་ནས་ཚད་མེད་པ་རྣམས་དང་མངོན་ཤེས་དང་པོ་ལྔ་རྣམས་མངོན་པར་སྒྲུབ་པོ། །མྱ་ངན་བསལ་བར། དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང་། །གང་ན་སྤྱོད་ཡུལ་འཆི་མེད་པ། །དེར་ནི་འགྲོ་བའི་ནུས་པ་མེད། །ཅེས་གསུངས་པས་ཕྱི་རོལ་པ་ལ་ཡང་མངོན་ཤེས་ལྔ་ཡོད་པ་ཉིད་དོ། །ལྷག་མ་རྣམ་ཐར་སོགས་ཡོན་ཏན་ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམས་སྒྲུབ་པ་པོ་ནི་ཉན་ཐོས་སོགས་ཏེ། གནས་ནི་རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པ་ལ་བརྟེན་ནས་མངོན་པར་སྒྲུབ་པའི་ཐབས། མངོན་ཤེས་རྣམས་གནས་ལ་སོགས་པ་རང་གི་དམིགས་རྣམས་ཇི་ལྟར་རྣམ་པར་བཞག་པ་བཞིན་བསམ་གཏན་ལ་བརྟེན་ནས་ལན་མང་དུ་ཡིད་ལ་བྱེད་པའི་ཕྱིར་རོ།། །།

ལྔ་པ་སྤྱིའི་རྣམ་པ་གཉིས་སུ་དབྱེ་བ་ནི་རང་གི་བྱ་བ་མི་མཐུན་ཕྱོགས་སྤོང་བ་སོགས་ལ་ཉེ་བར་གནས་པ་གང་ཡིན་པ་དེ་དག་ནི་འདས་པའི་རྗེས་ཐོབ་ཀུན་རྫོབ་ཤེས་པའི་རང་བཞིན་ནོ། །ནང་དུ་སེམས་གནས་པ་ལས་གྱུར་པ་གང་ཡིན་པ་དེ་དག་ནི་མཉམ་གཞག་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རང་བཞིན་དམིགས་པ་མེད་པའི་ཚད་མེད་པ་སོགས་ས་གང་གིས་མཐོང་བའི་ཆོས་ལ་བདེ་བར་གནས་པའོ། །

དྲུག་པ་ཡོན་ཏན་དེ་རྣམས་ཀྱི་བྱེད་ལས་ནི་བཅུ་དགུ་ལས་ཚད་མེད་པ་རྣམས་ཀྱི་ལས་ནི་རང་གི་མི་མཐུན་ཕྱོགས་གནོད་སེམས་རྣམ་འཚེ་མི་དགའ་བ་ཆགས་སྡང་རྣམས་སྤོང་ངོ་། །འདི་དག་གིས་གནས་ན་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བར་གནས་པས་སེམས་ཅན་གྱི་དོན་རྗེས་སུ་མཐུན་པར་འཇུག་པའི་ཕྱིར་བསོད་ནམས་ཀྱི་ཚོགས་རྫོགས་པར་མཛད་དོ། །སེམས་ཅན་ལ་ཐུགས་བརྩེ་བས་བདག་ལ་མི་ལྟ་བའི་ཕྱིར་སེམས་ཅན་སྨིན་པར་མཛད་པ་ལ་མི་སྐྱོའོ། །རྣམ་ཐར་རྣམས་ཀྱི་ལས་ནི། དང་པོ་གཉིས་ཀྱིས་སྤྲུལ་པའི་ལས་མངོན་པར་སྒྲུབ་པོ། །གསུམ་པས་གཟུགས་དགེ་བ་སྡུག་པ་སྤྲུལ་བ་ལ་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །དེ་ནས་བཞི་ཡིས་ཞི་བའི་རྣམ་ཐར་རྣམས་ལ་མི་ཆགས་སོ། །བརྒྱད་པས་འཕགས་པའི་གནས་མཆོག་འདུ་ཤེས་དང་ཚོར་བ་རབ་ཏུ་ཞི་བའི་གནས་པས་གནས་སོ། །ཟིལ་གནོན་རྣམས་ཀྱིས་རང་བཞིན་གྱི་དམིགས་པ་མི་སྣང་བའི་སྒོ་ནས་ཟིལ་གྱིས་གནོན་པའི་ཕྱིར་གཟུགས་ཅན་གྱི་རྣམ་ཐར་གསུམ་གྱི་དམིགས་པ་ལ་དབང་སྒྱུར་རོ། །ཟད་པར་གྱིས་ས་ལ་སོགས་པ་ཟད་པར་སྟེ་མ་ལུས་པར་རྒྱས་ཤིང་ཁྱབ་པར་མཛད་པའི་ཕྱིར་རྣམ་ཐར་གྱི་དམིགས་པ་རྣམས་ཇི་ལྟར་འདོད་པ་བཞིན་ཡོངས་སུ་སྒྲུབ་བོ། །ཉོན་མོངས་པ་མེད་པས་བཟུང་བར་འོས་པའི་ཚིག་ཏུ་འགྱུར་ཏེ། གཞན་གྱི་སེམས་རྗེས་སུ་གཅེས་སུ་བྱེད་པས་ཇི་ལྟར་མཐུན་པ་བཞིན་དུ་སྨྲ་བའི་ཕྱིར་རོ། །བསམ་ནས་ཤེས་པས་འཇིག་རྟེན་ན་མང་པོས་བཀུར་བར་འགྱུར་ཏེ། བྱུང་བ་སོགས་ལུང་སྟོན་པས་ཐམས་ཅད་ཤེས་སོ་ཞེས་གུས་པར་འགྱུར་བའི་ཕྱིར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་བཤད་པས་སེམས་ཅན་རྣམས་ཀྱི་སེམས་ཚིམ་པར་བྱེད་དེ། རྣམ་པ་སྣ་ཚོགས་མང་པོས་ཐེ་ཚོམ་གཅོད་པའི་ཕྱིར་རོ། །རྫུ་འཕྲུལ་སོགས་མངོན་ཤེས་རྣམས་ཀྱིས་རིམ་པ་ལྟར་ལུས་ཀྱི་ལས་ལ་སོགས་པས་བསྟན་པ་ལ་འདུན་པ་སོགས་མཛད་པ་དང་འདོམས་སོ། །མཚན་དཔེ་རྣམས་ཀྱིས་མཐོང་མ་ཐག་སྐྱེས་བུ་ཆེན་པོའམ་མཆོག་ཏུ་ཡིད་ཆེས་པར་མཛད་དོ། །དེའི་ཕྱིར་དེ་ལ་སེམས་དང་བར་མཛད་དོ། །གནས་ཡོངས་སུ་དག་པ་རྣམས་ཀྱིས་ཇི་ལྟར་བཞེད་པ་བཞིན་དུ་གནས་ལེན་པ་དང་བཞུགས་པ་དང་ཡོངས་སུ་གཏོང་བའི་དབང་དུ་མཛད་ནས་སྲིད་པར་སྐྱེ་བ་འཛིན་པ་སོགས་གསུམ་མོ། །དེ་བཞིན་དུ་དམིགས་པས་ཆོས་དང་། སེམས་ཀྱིས་ཏིང་ངེ་འཛིན་ལ་དབང་བསྒྱུར་ལ་ཡེ་ཤེས་ཡོངས་སུ་དག་པས་དམ་པའི་ཆོས་ཡང་དག་པར་འཛིན་ནོ། །

སྟོབས་རྣམས་ཀྱི་ལས་ལ། དང་པོ་གཉིས་ཀྱིས་མངོན་མཐོའི་ལམ་སྟོན་ཏེ། དང་པོས་མངོན་པར་མཐོ་བ་རྒྱུ་མེད་པ་དང་རང་བཞིན་དང་དབང་ཕྱུག་སོགས་མི་མཐུན་པ་རྒྱུར་སྨྲ་བ་དང་། གཉིས་པས་བདག་གིས་མ་བྱས་པའི་ལས་ཀྱི་རྣམ་སྨིན་དང་ཕྲད་པར་སྨྲ་བ་བསལ་ནས་བདེ་འགྲོའི་ལམ་ཡང་དག་པར་མ་ནོར་བར་སྟོན་པའི་ཕྱིར་རོ། །ལྷག་མ་རྣམས་ཀྱིས་ངེས་པར་ལེགས་པའི་ལམ་སྟོན་ཏེ། གསུམ་པས་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་རྣམས་རྗེས་སུ་རྟོགས་པ་དང་བཞི་པས་བཤད་པའི་སྣོད་དད་སོགས་དབང་པོ་ཡོངས་སུ་སྨིན་པར་རྟོགས་པ་དང་། ལྔ་པས་ངན་པ་དང་བཟང་པོ་ལ་མོས་པ་སོགས་བསམ་པ་རྟོགས་པ་དང་དྲུག་པས་ཉོན་མོངས་པ་བསྐྱེད་པར་ནུས་པའི་བག་ལ་ཉལ་རྟོགས་པ་དང་བདུན་པས་ཉོན་མོངས་ཐེག་པ་ཆེན་པོས་བསྡུས་པའི་ཆོས་ཀྱི་དམིགས་པ་རྟོགས་པ་དང་བརྒྱད་པས་ཚེ་རབས་སྔ་མ་ན་ཚོགས་ཡང་དག་པར་སྒྲུབ་པ་འཕགས་ལམ་གྱི་རྒྱུ་རྟོགས་པ་དང་དགུ་པས་ཕྱི་མ་ལ་འོས་སུ་འགྱུར་བ་རྟོགས་པ་དང་བཅུ་པས་འཁོར་བ་ཐམས་ཅད་ལས་ངེས་པར་འབྱུང་བའི་ལམ་ཡང་རྗེས་སུ་རྟོགས་ནས་ཇི་ལྟ་བ་བཞིན་དུ་ཐར་ལམ་སྟོན་པའི་ཕྱིར་རོ། །ཅིའི་ཕྱིར་སྟོབས་ཞེས་བྱ་ཞེ་ན། འདི་དག་གིས་ཕུང་པོའི་བདུད་ལ་སོགས་པ་བདུད་བཞི་པོ་ཐམས་ཅད་ཚར་གཅོད་པའི་ཕྱིར་རོ། །ཁྱད་པར་ནི་ཤེས་སྒྲིབ་སྤངས་ནས་བར་ཆད་མི་བྱེད་པ་དང་སྟོབས་བཅུ་པོ་ཐམས་ཅད་དུ་དྲི་བ་དྲིས་ནས་འདྲི་བ་ཡང་ལུང་སྟོན་པ་ལ་ཐོགས་པ་མེད་པའི་ཕྱིར་རོ། །མི་འཇིགས་པ་རྣམས་ཀྱིས་འཁོར་གྱི་ནང་དུ་བདག་ཉིད་རང་གཞན་ལ་ཕན་པར་ཞུགས་པའི་སྟོན་པ་ཡང་དག་པར་རྣམ་པར་འཇོག་གོ །མངོན་པར་རྫོགས་པར་བྱང་ཆུབ་པ་ནས་ངེས་པར་འབྱུང་བའི་ལམ་གྱི་བར་ལ་རྒོལ་བ་གཞན་མུ་སྟེགས་ཅན་རྣམས་ཀྱང་ཆོས་དང་མཐུན་པར་ཚར་གཅོད་དོ། །དྲན་པ་ཉེར་བཞག་རྣམས་ཀྱིས་གུས་པར་ཉན་པ་སོགས་ལ་རྗེས་སུ་ཆགས་པ་སོགས་ཀྱིས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་འཁོར་གྱི་ཚོགས་ཡོངས་སུ་སྡུད་དོ། །བསྲུང་བ་མེད་པ་རྣམས་ཀྱིས་རང་གི་ཉེས་པ་བརྗོད་པར་དོགས་ནས་བསྲུང་བ་མེད་པའི་ཕྱིར་རྒྱུན་མི་འཆད་པར་འདོམས་སོ། །བསྙེལ་བ་མེད་པས་སེམས་ཅན་གྱི་དོན་བྱ་བ་ཉེ་བར་གནས་པ་ལ་སྐད་ཅིག་ཙམ་ཡང་བག་མེད་པས་འགལ་བར་མི་འཛིན་པའི་ཕྱིར་སངས་རྒྱས་ཀྱི་མཛད་པ་མི་འདོར་རོ། །བག་ཆགས་ལེགས་པར་བཅོམ་པས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མེད་པས་ཉོན་མོངས་པ་ཡོད་པ་ལྟ་བུའི་ལུས་ངག་གི་ཀུན་དུ་སྤྱོད་པ་མི་སྟོན་ནོ། །ཐུགས་རྗེ་ཆེན་པོས་ནི་སུ་ནི་ཉམས་སུ་ནི་འཕེལ་ཞེས་སོགས་ཀྱི་རྣམ་པ་རྣམས་ཀྱིས་སོ་སོར་རྟོག་པའི་ཕྱིར་ཉིན་མཚན་ལན་དྲུག་ཏུ་འཇིག་རྟེན་ལ་སོ་སོར་རྣམ་པར་གཟིས་སོ། །ཆོས་མ་འདྲེས་པ་རྣམས་ཀྱིས་དང་པོ་དྲུག་གིས་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཡོངས་སུ་དག་པ་དང་གཉིས་པ་དྲུག་གིས་ཐོབ་པ་དང་གསུམ་པ་གསུམ་གྱིས་གཤེགས་པ་དང་བཞི་པ་གསུམ་གྱིས་བཞུགས་པས་ཀྱང་ཉན་རང་ཐམས་ཅད་ཟིལ་གྱིས་གནོན་ནོ། །རྣམ་མཁྱེན་གྱིས་ནི་ཐམས་ཅད་དུ་ཡེ་ཤེས་ཐོགས་པ་མེད་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་དོ། །གདུལ་བྱའི་ཐེ་ཚོམ་གཅོད་པའི་ཕྱིར་དེ་དང་དེར་བསྟན་པའི་ཆོས་ཀྱི་རྣམ་གྲངས་རྣམས་སྡུད་པ་པོས་ཡང་དག་པར་བསྡུས་པས་ཆོས་ཀྱི་ཚུལ་ཡང་ཡུན་རིང་དུ་འཇོག་གོ ། ཆོས་ཀྱི་ཚུལ་དེ་ལ་བརྟེན་ནས་སེམས་ཅན་མ་སྨིན་པ་རྣམས་སྨིན་པར་མཛད་སོགས་སོ།། །།

བཞི་པ་དེ་རྣམས་ཀྱི་ཁྱད་པར་བཤད་པ་ལ་དྲུག །མངོན་རྟོགས་ཀྱི་འདོར་ལེན་དང་ཟད་སྡོམ། མྱང་འདས་ཀྱི་ཁྱད་པར་བཤད་པ། སྟོབས་དང་རྣམ་མཁྱེན་གྱི་བྱེད་ལས་ལས་འཕྲོས་པའི་དྲིས་ལན། རྒྱལ་སྲས་ཀྱི་མངོན་རྟོགས་དང་སྐྱེས་བུ་ཟུང་གསུམ་ལས་འཕྲོས་པའི་དྲིས་ལན། རྒྱལ་སྲས་ཀྱི་གཉེན་པོ་བསྒོམ་ཚུལ། དེའི་མཁས་པ་དང་དབང་འབྱོར་ཚུལ་ལོ། །དང་པོ་ནི་མངོན་རྟོགས་འདི་དག་ལ་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པའི་ལམ་འབྲས་བུས་བསྡུས་པ་ཐོབ་པ་ན་ལམ་སྔ་མ་དམན་པ་ཞུགས་པའི་ལམ་ནི་འདོར་ཞེས་བྱ་སྟེ་ཡང་མངོན་དུ་མི་བྱེད་པའི་ཕྱིར་རོ། །འབྲས་བུ་ཐོབ་པའི་དུས་ན་བསྡོམས་ཏེ་སྤོང་བ་ཡང་མངོན་སུམ་དུ་བྱེད་ཏེ། འབྲས་བུ་གང་དང་གང་ཐོབ་པ་ཡང་ན་དང་པོ་དེའི་མི་མཐུན་ཕྱོགས་མ་ལུས་པ་སྤངས་པའི་གནས་གྱུར་པའི་ཁྱད་པར་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །

གཉིས་པ་ནི་ལྷག་མེད་ཀྱི་དབྱིངས་སུ་ཉན་ཐོས་རྣམས་ནི་ལམ་ཐམས་ཅད་གཏན་དུ་ཀུན་ཏུ་མི་སྤྱོད་པའི་རྣམ་པ་རྒྱུན་གཅོད་པའི་རྣམ་པར་འདོར་ཞིང་སྤོང་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་དེ་ལྟ་མ་ཡིན་ཏེ། དེའི་ལམ་ནི་སེམས་ཅན་ཐམས་ཅད་མྱ་ངན་ལས་བཟླ་བའི་བསམ་པ་སྔོན་དུ་བཏང་བའི་ཕྱིར་རོ། །དེའི་ཕྱིར་དེ་ནི་རྒྱུའི་དུས་ན་དགེ་བའི་རྩ་བ་མི་ཟད་པ་དང་འབྲས་བུའི་དུས་ན་ཡོན་ཏན་མི་ཟད་པ་ཞེས་བྱ་སྟེ། བློ་གྲོས་མི་ཟད་པའི་མདོར་མི་ཟད་པ་བརྒྱ་བཅུ་གསུངས་པ་ལྟར་རོ། །

གསུམ་པ་ནི་། དྲི་བ་ཀུན་ལུང་སྟོན་ཅིང་ཐེ་ཚོམ་གཅོད་ན་ལུང་དུ་མི་སྟོན་པའི་དངོས་པོ་བཅུ་བཞི་པོ་གང་དག་རྣམ་པར་བཞག་པ་ཅིའི་ཕྱིར་ཞེ་ན་དེ་ནི་ཚུལ་བཞིན་མ་ཡིན་པ་དོན་དང་མི་ལྡན་པ་ཡོངས་སུ་འདྲི་བའི་ཕྱིར་རོ། །ཅིའི་ཕྱིར་དེ་འདྲི་ཞེ་ན་དེ་ཡང་རྒྱུ་འབྲས་དང་ཀུན་བྱང་ལ་སེམས་པ་སྤངས་པའི་ཕྱིར་རོ། །

བཞི་པ་ནི། ཉན་ཐོས་རྣམས་མཐོང་ལམ་ཐོབ་པ་ན་རྒྱུན་དུ་ཞུགས་པར་བཞག་ཀྱང་བྱང་ཆུབ་སེམས་དཔའ་རྣམས་སྐྱོན་མེད་པ་ལ་ཞུགས་པ་ན་དེར་མི་འགྱུར་བ་ནི། མི་གནས་པའི་ལམ་ཐོབ་པས་མྱ་ངན་ལས་འདས་པའི་རྒྱུན་ལ་འཇུག་པ་མ་གྲུབ་པའི་ཕྱིར་རོ། །འདོད་པའི་སྒོམ་སྤངས་དྲུག་པ་སྤངས་ཀྱང་ཕྱིར་འོང་དུ་མི་འགྱུར་ཏེ། སེམས་ཅན་གྱི་དོན་ལ་བསམ་བཞིན་དུ་འདོད་པའི་སྲིད་པར་སྐྱེ་བ་ཚད་མེད་པ་ལེན་པའི་ཕྱིར་རོ། །དགུ་པ་སྤངས་ཀྱང་ཕྱིར་མི་འོང་དུ་མི་འགྱུར་ཏེ། བསམ་གཏན་རྣམས་ཀྱི་བདེ་བས་གནས་ཤིང་སྐྱེ་བ་ལ་དབང་འབྱོར་པའི་སྟོབས་ཀྱིས་འདོད་པའི་ཁམས་སུ་སྐྱེ་བའི་ཕྱིར་རོ། །

ལྔ་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ནི་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས་ས་བཅུ་རྣམས་སུ་སྒོམ་ལམ་ལ་གཙོ་ཆེར་ཤེས་སྒྲིབ་ཀྱི་གཉེན་པོའི་ལམ་སྒོམ་གྱི་ཉོན་སྒྲིབ་ཀྱི་གཉེན་པོར་མ་ཡིན་ཏེ་ཐམས་ཅད་མཁྱེན་པའི་ཕྱིར་དུ་ཞུགས་པ་ཡིན་གྱི་མྱ་ངན་ལས་འདས་པའི་ཕྱིར་དུ་ཞུགས་པ་མ་ཡིན་པའི་ཕྱིར་རོ། །དེས་ཉོན་མོངས་པ་གཏན་མི་སྤོང་བ་ཡང་མ་ཡིན་ཏེ། དེ་བྱང་ཆུབ་ཐོབ་པ་ན་སྒྲིབ་པ་གཉིས་ཀ་ཅིག་ཆར་སྤོང་བའི་ཕྱིར་རོ། །དེའི་ཕྱིར་ཅིག་ཆར་དུ་དགྲ་ཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར་ཏེ། རིམ་པ་ལྟར་སྒྲིབ་པ་གཉིས་སྤངས་པའི་ཕྱིར་རོ། །དེ་སློབ་ལམ་གྱི་གནས་སྐབས་སུ་ནི་ཉོན་མོངས་པ་མ་སྤངས་སུ་ཟིན་ཀྱང་། དེའི་ཉེས་པ་མི་སྐྱེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྨན་ཆེན་པོས་ནུས་པ་ཉམས་པར་བྱས་པའི་ཕྱིར་རོ། །དཔེར་ན་སྔགས་དང་ཞེས་སོགས་སོ། །

དྲུག་པ་ལ་གཉིས་ལས། མདོར་བསྟན་པ་ནི་བྱང་ཆུབ་སེམས་དཔའ་ཤེས་བྱ་ལ་ཞེས་སོགས་སོ། །རྒྱས་པར་བཤད་པ་ལ་ལྔ་ལས། དང་པོ་ཤེས་བྱ་ལ་དྲུག་སྟེ་འཁྲུལ་པ་ནི་གཟུང་འཛིན་དུ་མངོན་པར་ཞེན་པའོ། །འཁྲུལ་པའི་གནས་ནི་ཡང་དག་པ་མ་ཡིན་པའི་ཀུན་རྟོག་གང་ལ་བྱིས་པ་རྣམས་གཟུང་འཛིན་དུ་མངོན་པར་ཞེན་པ་འཇུག་པའོ། །མ་འཁྲུལ་བའི་གནས་ནི་དེ་བཞིན་ཉིད་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དམིགས་པ་ཡིན་པའི་ཕྱིར་རོ། །འཁྲུལ་པ་ཡིན་ལ་མ་འཁྲུལ་བ་ཡང་ཡིན་པ་ནི། སངས་རྒྱས་ཀྱི་བསྟན་པ་ཐོས་པ་ལས་བྱུང་བ་སོགས་དགེ་བའི་ཆོས་འཇིག་རྟེན་པ་རྣམས་ཏེ་ཤེས་བྱ་ལ་རྣམ་པར་རྟོག་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་རྗེས་སུ་མཐུན་པའི་ཕྱིར་རོ། །མ་འཁྲུལ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །མ་འཁྲུལ་བའི་རྒྱུ་མཐུན་པ་ནི་འཕགས་པའི་ལམ་གྱི་རྗེས་ལས་ཐོབ་པའི་དགེ་བའི་ཆོས་རྣམས་སོ། །

གཉིས་པ་ཐབས་ལ་མཁས་པ་བཞི་སྟེ་སེམས་ཅན་སྨིན་པར་བྱ་བ་ལ་མཁས་པ་ནི་བསྡུ་བའི་དངོས་པོ་བཞི་སྟེ། དེས་བསྡུས་ནས་དགེ་བ་ལ་འཛུད་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱ་བ་ལ་མཁས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་ཡོངས་སུ་རྫོགས་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །མངོན་ཤེས་མྱུར་བ་ལ་མཁས་པ་ནི་ཉིན་མཚན་ལན་དྲུག་ཏུ་སྡིག་པ་བཤགས་པ་དང་བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་སངས་རྒྱས་ལ་གསོལ་བ་གདབ་པ་དང་དགེ་བ་ཡོངས་སུ་བསྔོ་བ་ལ་སོགས་པའོ། །ལམ་རྒྱུན་མི་འཆད་པ་ལ་མཁས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པས་ཕྱིར་ཞིང་རྒྱུན་མི་འཆད་པར་འཇིག་རྟེན་གྱི་ཁམས་ཀུན་དུ་གདུལ་བྱ་ཇི་ལྟ་བ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཀུན་དུ་སྟོན་པའི་ཕྱིར་རོ། །ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ལ་གཉིས་ལས། སྤྱིར་བཤད་པ་ལ་བཅུ་སྟེ་རྩ་བའི་རྣམ་པར་རྟོག་པ་ནི་ཀུན་གཞིའི་རྣམ་ཤེས་ཏེ་རྣམ་རྟོག་ཐམས་ཅད་ཀྱི་ས་བོན་དུ་གྱུར་པའི་ཕྱིར་རོ། །མཚན་མའི་རྣམ་རྟོག་ནི་ལུས་དང་གནས་དང་ལོངས་སྤྱོད་ཀྱི་རྣམ་པར་རྟོག་པ་སྟེ་གཟུང་བའི་མཚན་མར་གྱུར་པའི་ཕྱིར་རོ། །མཚན་མར་སྣང་བའི་རྣམ་རྟོག་ནི་ཚོགས་བདུན་དེ་ཇི་སྐད་དུ་བཤད་པའི་གཟུང་བའི་མཚན་མ་རྣམས་ཀྱི་རྣམ་པར་གྱུར་པའི་ཕྱིར་རོ། །མཚན་མར་སྣང་བ་འགྱུར་བའི་རྣམ་རྟོག་ནི་མིག་ཤེས་སོགས་མཚན་མར་སྣང་བ་ཇི་སྐད་བསྟན་པ་དག་བདེ་བ་ལ་སོགས་པའི་གནས་སྐབས་གཞན་དུ་བསྐྱེད་པའོ། །གཞན་གྱིས་བསྟན་པའི་རྣམ་རྟོག་ནི་བསྟན་པས་བསྡུས་པའི་མིང་ཚིག་ཡི་གེའི་ཚོགས་ཀྱི་མཚན་ཉིད་དེ། དེ་ཡང་ཉེས་པར་བཤད་པ་དང་། ལེགས་པར་བཤད་པ་གཉིས་ལས། དང་པོའི་དོན་ཡིད་ལ་བྱེད་པ་ནི་ཚུལ་བཞིན་མ་ཡིན་པའི་རྣམ་རྟོག་དང་། གཉིས་པའི་རྗེས་སུ་འབྲང་བ་ཡིད་ལ་བྱེད་པ་ནི་ཚུལ་བཞིན་གྱི་རྣམ་རྟོག་གོ ། མངོན་པར་ཞེན་པའི་རྣམ་རྟོག་ནི་ཚུལ་བཞིན་མ་ཡིན་པའི་རྣམ་རྟོག་ལས་ལྟ་བར་གྱུར་པ་དྲུག་རྩ་གཉིས་ཀྱི་བསྡུས་པའི་རྣམ་པར་རྟོག་པའོ། །རྣམ་པར་གཡེང་བའི་རྣམ་རྟོག་ནི་ཚུལ་བཞིན་གྱི་རྣམ་པར་རྟོག་པ་ལས་དངོས་པོ་མེད་པར་འཛིན་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་རྣམ་པར་རྟོག་པ་གང་ཡིན་པའོ། །རྣམ་གཡེང་བཅུར་དབྱེ་བ་ལ་དངོས་པོ་མེད་པར་རྣམ་པར་རྟོག་པ་ནི་གཞན་དབང་ངམ་ཕུང་པོ་གཏན་མེད་པར་ཞེན་པ་སྟེ་དེའི་གཉེན་པོར་ཡུམ་རྒྱས་འབྲིང་དུ་བྱང་ཆུབ་སེམས་དཔའ་ཉིད་ཡོད་བཞིན་དུ་ཞེས་གསུངས་ཏེ། ཡོད་པའི་དངོས་པོའི་དོན་ཡོད་པའི་ཕྱིར་རོ། །དངོས་པོའི་རྣམ་རྟོག་གི་གཉེན་པོར་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་དང་དེའི་མིང་དང་ཤེར་ཕྱིན་དང་སྤྱོད་ཅེས་དང་མི་སྤྱོད་ཅེས་ཡང་དག་པར་རྗེས་སུ་མི་མཐོང་ཞེས་གསུངས་ཏེ། གང་ཟག་དང་ཆོས་ཀྱི་དངོས་པོ་བཀག་པའི་ཕྱིར་རོ། །སྒྲོ་འདོགས་པའི་རྣམ་རྟོག་གི་གཉེན་པོར་མིང་ནི་ངོ་བོ་ཉིད་ཀྱིས་སྟོང་ངོ་གཟུགས་ནས་རྣམ་ཤེས་ཀྱི་བར་ངོ་བོ་ཉིད་ཀྱིས་སྟོང་ངོ་ཞེས་གསུངས་ཏེ། ཡང་དག་པ་མ་ཡིན་པའི་ཀུན་བཏགས་པའི་ངོ་བོ་ཉིད་བཀག་པའི་ཕྱིར་རོ། །སྐུར་པ་འདེབས་པའི་རྣམ་རྟོག་གི་གཉེན་པོར་སྟོང་པ་ཉིད་ཀྱིས་མ་ཡིན་ཞེས་གསུངས་ཏེ། མིང་དེ་ཀུན་བཏགས་པ་དང་བྲལ་བའི་ངོ་བོ་ཉིད་དུ་ཐམས་ཅད་དུ་ཡོད་པའི་ཕྱིར་རོ། །གཅིག་ཏུ་རྣམ་རྟོག་གི་གཉེན་པོར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ཞེས་རྣམ་པར་ཤེས་པའི་བར་དུ་གསུངས་ཏེ། ངོ་བོ་ཉིད་གཞན་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་ནི་ཀུན་བཏགས་པའི་ངོ་བོ་ཉིད་དེ་སྟོང་པ་ཉིད་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཐ་དད་དུ་རྣམ་རྟོག་གི་གཉེན་པོར་སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་ནོ་གཟུགས་ཉིད་སྟོང་པ་ཉིད་སྟོང་པ་ཉིད་གཟུགས་སོ། །ཞེས་རྣམ་པར་ཤེས་པའི་བར་དུ་གསུངས་ཏེ། ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ཡིན་པས་དེ་ལས་མ་གཏོགས་པར་དེ་མེད་པས་མེད་པའི་ཕྱིར་རོ། །ངོ་བོ་ཉིད་དུ་རྣམ་རྟོག་གི་གཉེན་པོར་གཟུགས་ཞེས་པ་ནས་རྣམ་པར་ཤེས་པ་ཞེས་བྱ་བའི་བར་འདི་ནི་མིང་ཙམ་མོ་ཞེས་བྱ་བ་གསུངས་ཏེ། བརྗོད་པ་ལས་མ་གཏོགས་པའི་བརྗོད་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །

ཁྱད་པར་དུ་རྣམ་རྟོག་གི་གཉེན་པོར་ངོ་བོ་ཉིད་ཀྱིས་མི་སྐྱེ་མི་འགག་ཀུན་ནས་ཉོན་མོངས་པ་མ་ཡིན་རྣམ་པར་བྱང་བ་མ་ཡིན་ཞེས་གསུངས་ཏེ། སྐྱེ་བ་སོགས་ཁྱད་པར་གྱི་མཚན་ཉིད་བཀག་པའི་ཕྱིར་རོ། །མིང་ཇི་ལྟ་བ་བཞིན་དུ་དོན་དུ་རྟོག་པའི་གཉེན་པོར་མིང་བཅོས་མ་ལ་ཆོས་དེ་དག་སོ་སོར་བརྟགས་ནས་བློ་བུར་གྱི་མིང་གི་རྗེས་སུ་ཐ་སྙད་འདོགས་པའི་ཕྱིར་རོ། །ཇི་ལྟ་ཇི་ལྟར་ཐ་སྙད་འདོགས་པ་དེ་ལྟ་དེ་ལྟར་མངོན་པར་ཞེན་ཏེ་ཅེས་གསུངས་ཏེ། མིང་ཇི་ལྟ་བ་བཞིན་དུ་དོན་དུ་མི་མཐོང་ན་དོན་དུ་ཞེན་པ་མེད་པའི་ཕྱིར་རོ། །དོན་ཇི་ལྟ་བ་བཞིན་དུ་མིང་དུ་རྟོག་པའི་གཉེན་པོར་བྱང་ཆུབ་སེམས་དཔས་མིང་དེ་དག་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཡང་དག་པར་རྗེས་སུ་མི་མཐོང་བས་མངོན་པར་ཞེན་པ་མེད་དོ་ཞེས་གསུངས་ཏེ། དོན་ཇི་ལྟ་བ་བཞིན་མིང་དུ་མི་མཐོང་ན་མིང་དུ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །

རྣམ་པར་མི་རྟོག་པ་ལ་མཁས་པ་ལ་ཆོག་པར་འཛིན་པའི་རྣམ་པར་མི་རྟོག་པ་ནི་སོ་སྐྱེ་རྣམས་ཀྱི་སྟེ། དེ་དག་ནི་མི་རྟག་པ་ལ་སོགས་པའི་ཆོས་འགའ་ཞིག་ལ་འདི་ནི་འདི་བཞིན་ནོ། །ཞེས་ངེས་པར་འབྱེད་ཅིང་ཡོངས་སུ་ཚིམ་པ་ཐོབ་ནས་གོང་མ་ལ་རྣམ་པར་རྟོག་པ་ཐམས་ཅད་རྒྱུན་གཅོད་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པའི་རྣམ་པར་མི་རྟོག་པ་ནི་ཉན་ཐོས་རྣམས་ཀྱི་སྟེ། དེ་རྣམས་ཀྱིས་ཕུང་པོ་ལ་རྟག་སོགས་ཕྱིན་ཅི་ལོག་གི་གཉེན་པོར་གཟུགས་སོགས་ཆོས་ཙམ་དུ་བརྟགས་ནས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་བདག་མེད་པར་རྟོགས་པའི་ཕྱིར་རོ། །སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ཏེ། དེ་རྣམས་ནི་གཟུགས་སོགས་ཆོས་ཙམ་དེ་ཡང་སྤྲོས་པར་རིག་ནས་ཆོས་ཐམས་ཅད་ཀྱི་མཚན་མ་རྣམ་པར་བཤིག་ཏེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མཆོག་ཏུ་ཞི་བས་དེ་བཞིན་ཉིད་ལ་དམིགས་པའི་ཕྱིར་རོ། །ཅིའི་ཕྱིར་སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པ་ཅེས་བྱ་ཞེ་ན་དེ་ནི་དམུས་ལོང་ལ་གཟུགས་བཞིན་དུ་སྒྲུབ་པའི་སྒོ་ནས་བསྟན་པར་མི་ནུས་པས་བཟློག་པའི་སྒོ་ནས་བསྟན་ཏེ། དེ་ལ་ཡིད་ལ་བྱེད་པ་མེད་པས་རྣམ་པར་མི་རྟོག་པ་མ་ཡིན་ཏེ། ཡིན་ན་གཉིད་ལོག་པ་དང་ར་རོ་བ་ལ་སོགས་པའི་གནས་སྐབས་ན་ཡང་ཆོས་ཀྱི་མཚན་མ་ཡིད་ལ་བྱེད་པ་མེད་པའི་ཕྱིར་རྣམ་པར་མི་རྟོག་པར་ཐལ་བར་འགྱུར་རོ། །རྟོག་དཔྱོད་ལས་ཡང་དག་པར་འདས་པས་དེ་མ་ཡིན་ཏེ། དེ་ལྟར་ན་བསམ་གཏན་གཉིས་པ་ལ་སོགས་པ་ཐམས་ཅད་ཀྱང་རྣམ་པར་མི་རྟོག་པར་འགྱུར་བའི་ཕྱིར་རོ། །སེམས་སེམས་བྱུང་གི་འཇུག་པ་རྣམ་པར་ཞི་བས་དེ་མ་ཡིན་ཏེ། དེ་ལྟ་ན་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་འཇུག་ཀྱང་དེར་འགྱུར་བའི་ཕྱིར་རོ། །རྣམ་པར་མི་རྟོག་པའི་ངོ་བོ་ཉིད་ཀྱིས་དེ་མ་ཡིན་ཏེ། དེ་ལྟ་ན་གཟུགས་སོགས་ཀྱང་དེར་འགྱུར་བའི་ཕྱིར་རོ། །དམིགས་པ་ལ་མངོན་པར་འདུ་བྱེད་པས་དེ་མ་ཡིན་ཏེ། དེ་ལྟར་ན་རྣམ་པར་རྟོག་པ་དང་བཅས་པ་ཡང་དེར་འགྱུར་བའི་ཕྱིར་རོ། །

དེ་ལྟ་བས་ན་རྣམ་པ་དེ་དག་གིས་རྣམ་པར་མི་རྟོག་པ་ཉིད་དུ་མི་ལྟའི་འོན་ཀྱང་ཡང་དག་པའི་ཡེ་ཤེས་ཀྱི་དམིགས་པ། དེ་བཞིན་ཉིད་ལ་མངོན་པར་འདུ་བྱེད་པ་མེད་པ་དང་བཀྲ་བར་འཛིན་པ་མེད་པར་ལྟ་སྟེ། ཐེག་བསྡུས་སུ། རྣམ་རྟོག་མེད་པའི་ངོ་བོ་ཉིད། །རྣམ་པ་ལྔ་ནི་རྣམ་སྤངས་ཤིང་། །ཡང་དག་དོན་ལ་བཀྲ་འཛིན་མེད། ། ཅེས་གསུངས་པ་ལྟར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་རང་བཞིན་གྱིས་དབང་པོ་རྣོན་པོ་ཡིན་ན་ཇི་ལྟར་ན་དབང་པོ་རྣམས་སྦྱོང་དགོས་ཞེ་ན་དབང་པོ་རྣོན་པོ་ཆུང་ངུ་ལ་བརྟེན་ཏེ་ཞེས་སོགས་ཏེ་རང་གི་རིགས་ཀྱི་བརྟུལ་པོ་ལ་སོགས་པ་རྣམ་པ་གསུམ་གྱིས་གོང་ནས་གོང་དུ་མངོན་པར་སྒྲུབ་པས་དེ་སྦྱང་བར་རིག་པར་བྱའོ། །ཆོས་མངོན་པ་ཀུན་ལས་བཏུས་པའི་རྒྱ་ཆེར་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ་ལས་ཐོབ་པ་རྣམ་པར་ངེས་པ་ཞེས་བྱ་བ་སྟེ་ཀུན་ལས་བཏུས་པ་བཞི་པའི་བཤད་པའོ།། །།

ཀུན་ལས་བཏུས་པ་ལྔ་པ་འབེལ་བའི་གཏམ་རྣམ་པར་ངེས་པ།

དེ་ལྟར་རང་དོན་ཐོབ་པ་རྣམ་ངེས་བསྟན་ནས། བཞི་པ་གཞན་དོན་འབེལ་བའི་གཏམ་རྣམ་པར་ངེས་པ་འཆད་པར་བཞེས་ནས་དྲི་བ་ནི་འབེལ་བའི་གཏམ་གྱིས་རྣམ་པར་ངེས་པ་གང་ཞེ་ན་ཞེས་སྨོས་སོ། །ལན་ནི། དོན་རྣམ་པར་ངེས་པ་ལ་སོགས་པའོ། །དེ་ལ་དང་པོ་དོན་རྣམ་པར་ངེས་པ་ལ་གཉིས་ལས་དབྱེ་བས་མདོར་བསྟན་པ་ནི་དོན་དྲུག་ལས་བརྩམས་ནས་ཞེས་སོགས་སོ། །སོ་སོའི་ངོ་བོ་བཤད་པ་ལ། སྤྱིར་ཁམས་དང་བྱང་ཆུབ་ལ་སོགས་པ་ཤེས་བྱའི་དངོས་པོ་རེ་རེ་ཡང་ཤེས་པར་བྱ་བའི་དོན་ངོ་བོ་ལ་སོགས་པ་དྲུག་དྲུག་གི་སྒོ་ནས་གཏན་ལ་འབེབས་ཤིང་། འདིར་མཚོན་པར་བྱ་བའི་དོན་དུ་ཤེས་བྱ་སྤྱིའི་ངོ་བོ་ལ་སོགས་པ་དྲུག་འཆད་དོ། །དེ་ལ་ངོ་བོ་ཉིད་ཀྱི་དོན་ནི་ཀུན་བཏགས་སོགས་ངོ་བོ་ཉིད་གསུམ་སྟེ་ཤེས་བྱ་ཐམས་ཅད་ཀྱི་རང་བཞིན་གསུམ་པོ་འདི་ཙམ་དུ་ཟད་པའི་ཕྱིར་རོ། །རྒྱུའི་དོན་ལ་སྐྱེ་བའི་རྒྱུ་ནི་རྒྱུ་དང་དེ་མ་ཐག་པ་དམིགས་པ་བདག་པོའི་རྐྱེན་ཏེ་དེ་ལས་འདུས་བྱས་ཐམས་ཅད་འགྲུབ་པའི་ཕྱིར་རོ། །འབྱུང་བའི་རྒྱུ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཞེས་པ་ནས་མ་རིག་པ་འགགས་པས་འདུ་བྱེད་འགག་ཞེས་སོགས་ཏེ་དེ་ལས་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་ཆོས་རྣམས་འབྱུང་བའི་ཕྱིར་རོ། །འགྲུབ་པའི་རྒྱུ་ནི་དུ་བ་ལ་སོགས་པའི་གཏན་ཚིགས་རྣམས་ཏེ་དེ་ལས་བསྒྲུབ་བྱ་མ་གྲགས་པའི་དོན་རྣམས་སྒྲུབ་པའི་ཕྱིར་རོ། །འབྲས་བུའི་དོན་ལ་རྣམ་སྨིན་གྱི་འབྲས་བུ་ནི་ཀུན་གཞིའི་རྣམ་ཤེས་སོ། །རྒྱུ་མཐུན་གྱི་འབྲས་བུ་ནི་སྔར་སྐྱེས་པའི་དགེ་བ་ལ་སོགས་པའི་རྒྱུ་ལས་བྱུང་བའི་ཕྱིར། དགེ་བ་ལ་སོགས་པ་རྣམས་སོ། །བདག་པོའི་འབྲས་བུ་ནི་སེམས་ཅན་རྣམས་ཀྱི་ཐུན་མོང་གི་ལས་དབང་གིས་བྱུང་བའི་སྣོད་ཀྱི་འཇིག་རྟེན་ནོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་ཕྱིའི་ལོ་ཐོག་ལ་སོགས་པའོ། །བྲལ་བའི་འབྲས་བུ་ནི་འཕགས་པའི་ལམ་གྱིས་བག་ལ་ཉལ་ལེགས་པར་བཅོམ་པའོ། །ལས་ཀྱི་དོན་ནི་དམིགས་པའི་ལས་ལ་སོགས་པ་སྔར་བཤད་པ་ཉིད་དོ། །ལྡན་པའི་དོན་ལ་མང་པོ་ལས་གྱུར་པའི་ལྡན་པ་ནི་ཁང་པའི་ཤིང་དང་ཕ་གུ་ལ་སོགས་པའོ། །རྗེས་སུ་འཆིང་བ་ལས་གྱུར་པའི་ལྡན་པ་ནི་ཉོན་མོངས་པའི་བག་ལ་ཉལ་ཏེ་དེ་ཡོད་ན་ཉོན་མོངས་པ་ཀུན་དུ་མི་སྤྱོད་ཀྱང་དེ་དང་ལྡན་པ་ཞེས་བྱའོ། །འབྲེལ་པ་ལས་གྱུར་པའི་ལྡན་པ་ནི་རིག་པ་དང་སྐྱེ་གནས་ཀྱིས་སྦྲེལ་བའི་རང་གི་སྐྱེ་བོ་རྣམས་ཕན་ཚུལ་འབྲེལ་བའོ། །གནས་སྐབས་ལས་གྱུར་པའི་ལྡན་པ་ནི་རེས་བདེ་བ་དང་ལྡན་ལ་རེས་སྡུག་བསྔལ་དང་ལྡན་པའོ། །འགྱུར་བ་ལས་གྱུར་པའི་ལྡན་པ་ནི་བློ་བུར་བའི་ཉེ་བའི་ཉོན་མོངས་པ་སོགས་མངོན་གྱུར་པ་སྟེ་དེ་ཡོད་ན་ཆགས་སོགས་དད་སོགས་དང་ལྡན་པའོ། །འཇུག་པའི་དོན་ལ་མཚན་ཉིད་ཀྱིས་འཇུག་པ་ནི་སྐྱེ་བ་སོགས་འདུས་བྱས་ཀྱི་མཚན་ཉིད་གསུམ་སྟེ་དེའི་རྣམ་པར་འབྱུང་བའི་ཕྱིར་རོ། །རྟེན་ལ་འཇུག་པ་ནི་རྟེན་ལ་བརྟེན་པ་གནས་པ་སྟེ་ས་ལ་སེམས་ཅན་ལྟ་བུའོ། །ཕྱིན་ཅི་ལོག་གི་འཇུག་པ་ནི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཏེ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཡིན་པར་འཇུག་པའི་ཕྱིར་རོ། །ཕྱིན་ཅི་ལོག་མ་ཡིན་པའི་འཇུག་པ་ནི་འཕགས་ལམ་སྟེ་ཡང་དག་པ་ཇི་ལྟ་བ་བཞིན་འཇུག་པའི་ཕྱིར་རོ། །རབ་ཏུ་དབྱེ་བའི་འཇུག་པ་ནི་ཆོས་རྣམས་ཀྱི་རྣམ་པ་ཐ་དད་པ་གང་ཡིན་པ་སྟེ་འདུ་བྱེད་རྣམས་ནི་འདས་པ་དང་ད་ལྟར་བྱུང་བ་དང་ནང་དང་ཕྱི་ལ་སོགས་པའི་རྣམ་པར་འཇུག་པའི་ཕྱིར་རོ། །

གཉིས་པ་རྣམ་པར་བཤད་པ་རྣམ་པར་ངེས་པ་ནི་གང་གིས་མདོ་སྡེ་ལ་སོགས་པའི་དོན་རྣམ་པར་བཤད་པ་ནས་སྟོན་པ་སྟེ། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་སོགས་དོན་དྲུག་གི་མདོ་སྡེ་སོགས་ལ་ཇི་ལྟར་མཐུན་མཐུན་དུ་སྦྱར་ནས་སྟོན་པའི་ཕྱིར་རོ། །དེ་ཡང་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ནི་ཕུང་པོ་ལ་སོགས་པ་སྟེ་གཏན་ལ་དབབ་བྱ་ཡིན་པའི་ཕྱིར་རོ། །ཡོངས་སུ་ཤེས་པར་བྱ་བའི་དོན་ནི་མི་རྟག་པ་ལ་སོགས་པ་སྟེ་དེར་གཏན་ལ་འབེབས་པའི་ཕྱིར་རོ། །ཡོངས་སུ་ཤེས་པར་བྱ་བའི་རྒྱུ་ནི་ཚུལ་ཁྲིམས་དང་དབང་པོའི་སྒོ་བསྡམ་པ་ལ་སོགས་པའོ། །ཡོངས་སུ་ཤེས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སོ། །ཡོངས་སུ་ཤེས་པའི་འབྲས་བུ་ནི་རྣམ་པར་གྲོལ་བའོ། །དེ་རབ་ཏུ་ཤེས་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་སོ། །དེ་རྣམས་ནི་བརྗོད་བྱ་དོན་གྱི་སྒོ་ནས་བཤད་པ་ཡིན་ནོ། །

བརྗོད་བྱེད་ངག་གི་སྒོ་ནས་བཤད་ན་ཡང་རྣམ་པར་བཤད་པའི་སྒོ་བཅུ་བཞི་སྟེ། དེ་ལ་རྣམ་པར་བཤད་པ་བསྡུ་བའི་སྒོ་ནི་གང་ན་མདོ་སྡེ་འབྱུང་བའི་དགོས་པ་དང་ཚིག་དོན་ལ་སོགས་པ་ལྔ་བརྗོད་པའོ། །དངོས་པོ་བསྡུ་བའི་སྒོ་ནི་གང་ན་བསླབ་གསུམ་དང་བདེན་བཞི་སོགས་སྟོན་པ། སྡིག་པ་ཐམས་ཅད་མི་བྱའོ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་པ་ལྟར། རྐང་པ་སྔ་མ་གསུམ་གྱིས་བསླབ་པ་གསུམ་རིམ་པ་ལྟར་བརྗོད་པའོ། །ཡན་ལག་དང་ཉེ་བའི་ཡན་ལག་ནི་གང་དུ་ཚིག་གཅིག་གིས་བསྟན་ལ་ལྷག་མ་རྣམས་ཀྱིས་བཤད་དོ་ཞེས་རབ་ཏུ་སྟོན་པ་སྟེ། དཔེར་ན་བདག་འབྱོར་དང་གཞན་འབྱོར་ཕུན་སུམ་ཚོགས་པ་ཞེས་པའི་ཚིག་གཉིས་པོ་འདི་གོ་རིམ་བཞིན་དུ་ཚིག་འོག་མ་སྔ་མ་ལྔས་སྟོན་ཏེ། དང་པོ་ནི། མི་ཉིད་དང་ཡུལ་དབུས་སུ་སྐྱེ་བ་དང་དབང་པོ་ཚང་བ་དང་ལས་ཀྱི་མཐའ་མ་ལོགས་པ་དང་གནས་ལ་དད་པའོ། །གཉིས་པ་ནི། སངས་རྒྱས་རྣམས་འབྱུང་བ་དང་། དམ་པའི་ཆོས་བསྟན་པ་དང་། བསྟན་པའི་ཆོས་རྣམས་གནས་པ་དང་། གནས་པའི་ཆོས་རྣམས་ཀྱི་རྗེས་སུ་འཇུག་པ་དང་། གཞན་ལ་ཡང་སྙིང་བརྩེ་བའོ། །གོང་ནས་གོང་དུ་མངོན་པར་སྒྲུབ་པའི་སྒོ་ནི་གང་དུ་འོག་མ་ནི་གོང་མ་མངོན་པར་སྒྲུབ་པའི་གནས་ཡིན་པའི་ཕྱིར་ཆོས་དེ་དག་ནི་དེ་ལྟར་བསྟན་ནོ་ཞེས་སྟོན་པ་སྟེ། དཔེར་ན་དབང་པོ་ལྔ་ལྟ་བུ་སྟེ། དད་ན་བརྩོན་འགྲུས་རྩོམ་ལ་བརྩམས་ན་དྲན་པ་ཉེ་བར་གནས་ཤིང་གནས་ན་སེམས་མཉམ་པར་འཇོག་ལ་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པ་ལྟར་རོ། །

སྤོང་བའི་སྒོ་ནི་འདི་ལས་བརྩམས་ནས་འདི་སྤོང་བར་སྟོན་པ་སྟེ། དཔེར་ན་སྟེའུ་ཡུ་ལྟ་བུའི་མདོ་ལས། ཟག་པ་ཟད་པ་ལས་བརྩམས་ནས་ཕྱི་རོལ་པ་དང་ཆོས་འདི་པ་ཐོབ་པ་དང་སེམས་པ་ཙམ་གྱིས་ཆོག་པར་འཛིན་པ་དང་། བསྒོམས་པས་ཡི་ཆད་པ་དང་། ཚོགས་ཡོངས་སུ་མ་རྫོགས་པའོ། །དེ་ལ་དགེ་སློང་དག་ང་ནི་ཤེས་བཞིན་དང་མཐོང་བཞིན་དུ་ཟག་པ་རྣམས་ཟད་པར་སྨྲའོ། །ཞེས་པས་ནི་གང་ཟག་དང་པོ་སྤངས་སོ། །བསྒོམ་པའི་སྦྱོར་བ་ལ་བརྩོན་པ་ཞེས་སོགས་ཀྱིས་ནི་གཉིས་པ་སྤངས་སོ། །སྟེའུ་ཡུའི་དཔེས་ནི་གསུམ་པ་སྤངས་སོ། །གྲུའི་དཔེས་ནི་བཞི་པ་སྤངས་སོ། །ཡི་གེ་ཡོངས་སུ་བསྒྱུར་བའི་སྒོ་ནི་དོན་གཞན་ལ་རབ་ཏུ་གྲུབ་པའི་ཡི་གེ་རྣམས་གཞན་ལ་ཡོངས་སུ་བསྒྱུར་བ་སྟེ་འོག་དུ་འཆད་པར་འགྱུར་རོ། །ཆུད་ཟ་བ་དང་མི་ཟ་བའི་སྒོ་ནི་གང་དུ་རབ་ཏུ་ཆུད་ཟ་བ་དང་རབ་ཏུ་ཆུད་མི་ཟ་བ་དང་དེ་གཉིས་ཀའི་ཐབས་དང་དེ་གཉིས་ཀའི་རབ་ཏུ་དབྱེ་བ་སྟོན་པ་སྟེ། དཔེར་ན་ལེགས་པར་སྐྱེས་ཀྱི་མདོ་ལས། རབ་ཏུ་ཆུད་ཟ་བ་ནི་ཕྱི་དང་ནང་གི་རྫས་ལ་ལྷག་པར་ཆགས་པའོ། །དེ་ལ་ཕྱིའི་རྫས་ནི་ཁྱིམ་དང་ཆུང་མ་ལ་སོགས་པའི་མཚན་ཉིད་དོ། །ནང་གི་རྫས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་དོ། །རབ་ཏུ་ཆུད་མི་ཟ་བ་ནི་དེ་གཉིས་ཀ་ལྷག་པར་ཆགས་པ་དང་བྲལ་བའོ། །རབ་ཏུ་ཆུད་ཟ་བའི་ཐབས་ནི་རབ་ཏུ་མི་འབྱུང་བ་དང་རབ་ཏུ་བྱུང་ནས་ཀྱང་ཟག་པ་ཟད་པར་བྱ་བ་ལ་བག་མེད་པའོ། །ཆུད་མི་ཟ་བའི་ཐབས་ནི་དེ་ལས་བཟློག་པའོ། །དེ་ལ་ཀྱེ་མ་རིགས་ཀྱི་བུ་ལེགས་པར་སྐྱེས་འདི་ནི་གཉིས་ཀྱི་མཛེས་ཏེ། གང་སྐྲ་དང་ཁ་སྤུ་བྲེགས་ནས་རབ་ཏུ་བྱུང་བའི་བར་དང་། གང་ཟག་པ་ཟད་ནས་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་འདིས་ཆུད་མི་ཟ་བ་དང་དེའི་ཐབས་བསྟན་པས་དེ་ལས་བཟློག་པས་ཀྱང་ཆུད་ཟ་བ་དང་དེའི་ཐབས་བསྟན་པར་འགྱུར་རོ། །ཆུད་མི་ཟ་བའི་རབ་དུ་དབྱེ་བ་ནི། དགེ་སློང་འདི་ནི་མཛེས་པ་སྟེ། ཉེ་བར་ཞི་ཞིང་ཟག་པ་ཟད། །ཅེས་པས་ནི་རབ་ཏུ་བྱུང་བ་དང་། ཟག་པ་ཟད་པ་བསྟན་ནོ། །ཟག་པ་ཟད་པ་དེ་ཡང་། འདོད་ཆགས་བྲལ་ཞིང་བྲལ་བ་སྟེ། ཉེར་ལེན་མེད་པས་མྱ་ངན་འདས། །བདུད་ཀྱི་སྡེ་ནི་ཕམ་བྱས་ནས། །ལུས་ཀྱི་ཐ་མ་འཛིན་པ་ཡིན། །ཞེས་བྱ་སྟེ། འདིས་ནི་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་དང་། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐ་མའི་ཆ་མཐུན་གྱི་ཀུན་སྦྱོར་སྤངས་པ་དང་གོང་མའི་ཆ་མཐུན་གྱིས་ཀུན་སྦྱོར་སྤངས་པ་དང་ནང་གི་རྫས་སྤངས་པར་ཡོངས་སུ་བསྟན་ནོ། །འདི་ལས་བཟློག་པས་ནི་ཆུད་ཟ་བའི་དབྱེ་བ་བསྟན་ནོ། །གང་ཟག་རྣམ་པར་བཞག་པའི་སྒོ་ནི་གང་དུ་གང་ཟག་འདི་སྙེད་ཀྱི་དབང་དུ་བྱས་ནས་འདི་གསུང་སོ། །ཞེས་སྟོན་པ་སྟེ། དཔེར་ན་ཆུ་ལས་གྱུར་པ་ལྟ་བུའི་མདོ་ལས་འབྱུང་བ་ལྟ་བུ་སྟེ། མདོ་དེ་ནི་གང་ཟག་གཉིས་དང་གསུམ་དང་བཞིར་རབ་ཏུ་དབྱེ་བའི་དབང་དུ་མཛད་ནས་གསུངས་ཏེ། སོ་སྐྱེ་དང་བདེན་པ་མཐོང་བའོ། །སོ་སྐྱེ་ནི་གསུམ་སྟེ་དཀར་པོ་མ་ཡིན་པ་དང་ཅུང་ཟད་དཀར་བ་དང་ཆེས་དཀར་བའོ། །བདེན་པ་མཐོང་བ་ནི་འབྲས་བུ་ལ་གནས་པ་བཞིའི་བྱེ་བྲག་གིས་བཞིའོ། །རབ་ཏུ་དབྱེ་བ་རྣམ་པར་བཞག་པའི་སྒོ་ནི་མུ་བཞི་སོགས་དྲི་བ་རྣམས་ཀྱི་དོན་བརྗོད་པ་སྟེ། དཔེར་ན་མི་རྟག་པའི་མདོ་ལས། གང་གིས་འདི་ཀུན་མཐོང་བ་དེས་གཟུགས་ཐམས་ཅད་མཐོང་ངམ་གང་གིས་གཟུགས་ཐམས་ཅད་མཐོང་བ་དེས་འདི་ཐམས་ཅད་ལེགས་པར་མཐོང་ངམ་ཞེ་ན་མུ་བཞི་སྟེ། དང་པོ་ནི། མིང་བཞི་ལ་རྟག་སོགས་སུ་སྒྲོ་མ་བཏགས་པར་ཤེས་བྱ་དང་སྤང་བྱར་ལྟ་བའི་འོ། །གཉིས་པ་ནི། གཟུགས་ལ་རྟག་སོགས་སུ་སྒྲོ་བཏགས་ནས་ལྟ་བའི་འོ། །གསུམ་པ་ནི་གཟུགས་ལ་མི་རྟག་སོགས་སུ་ལྟ་བའི་འོ། །བཞི་པ་ནི། མིང་བཞི་ལ་རྟག་སོགས་སུ་བཟུང་ནས་སྤང་བྱ་དང་སྤང་བྱ་མིན་པ་སོགས་སུ་ལྟ་བའི་འོ། །གཟུགས་ལ་མུ་བཞི་ཇི་ལྟ་བ་བཞིན་དུ་ཚོར་བ་སོགས་ལ་ཡང་མུ་བཞིར་ལྟ་བར་བྱའོ། །ཚུལ་གྱི་སྒོ་ནི་གང་དུ་ཚུལ་དྲུག་གི་དོན་བརྗོད་པ་སྟེ། དེ་ཁོ་ནའི་དོན་གྱི་ཚུལ་དང་། འཐོབ་པའི་ཚུལ་དང་། བཤད་པའི་ཚུལ་དང་། མཐའ་གཉིས་སྤངས་པའི་ཚུལ་དང་། བསམ་གྱིས་མི་ཁྱབ་པའི་ཚུལ་དང་། དགོངས་པའི་ཚུལ་གྱིས་སོ། །དེ་ལ་དང་པོ་གསུམ་ནི་གོ་རིམ་བཞིན་དུ་ཕྱི་མ་གསུམ་གྱིས་རིག་པར་བྱའོ། །དཔེར་ན་རོ་མྱང་བའི་མདོ་ལས། དགེ་སློང་དག་གཟུགས་ལ་རོ་མྱང་བ་དང་ཉེས་དམིགས་དང་ངེས་པར་འབྱུང་བ་ཡོད་དོ། །ཞེས་པ་ནས་རྣམ་པར་ཤེས་པའི་བར་ལ་དེ་ལྟར་གསུངས་པས་ནི་སྐུར་པ་འདེབས་པ་དང་སྒྲོ་འདོགས་པའི་མཐའ་སྤངས་ནས་དེ་ཁོ་ནའི་དོན་གྱི་ཚུལ་སྟོན་ནོ། །དགེ་སློང་དག་ཅི་ཙམ་དུ་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་ནང་དུ་ཤེས་སོ་ཞེས་བྱ་བ་འདིས་ནི་ཐོབ་པའི་ཚུལ་བསམ་གྱིས་མི་ཁྱབ་པའི་ཚུལ་གྱིས་ཡོངས་སུ་བསྟན་ཏེ། སོ་སོ་རང་གིས་རིག་པར་བྱ་བ་ཐོབ་པར་བསྟན་པའི་ཕྱིར་རོ། །མདོ་འདི་ཐམས་ཅད་ནི་བཤད་པའི་ཚུལ་ལོ། །དེ་ཡང་དགོངས་པའི་ཚུལ་གྱིས་ཁོང་དུ་ཆུད་པར་བྱ་སྟེ། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་དང་། ཡོངས་སུ་ཤེས་པར་བྱ་བའི་དོན་དང་། ཡོངས་སུ་ཤེས་པ་དང་། ཡོངས་སུ་ཤེས་པའི་འབྲས་བུ་དང་། དེ་རབ་ཏུ་ཤེས་པ་ལ་དགོངས་ནས་མདོ་འདི་དག་བཤད་དོ། །ཡོངས་སུ་ཤེས་པར་བྱ་བའི་དོན་དང་། ཡོང་སུ་ཤེས་པ་དང་། ཡོངས་སུ་ཤེས་པའི་འབྲས་བུ་དང་། དེ་རབ་ཏུ་ཤེས་པ་ལ་དགོངས་ནས་མདོ་འདི་དག་བཤད་དོ། །དེ་ལ་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་ནི་གཟུགས་སོགས། གཉིས་པ་ནི། རོ་མྱང་བ་ལ་སོགས་པའི་སྟེ་རྣམ་པ་དེས་གཟུགས་ལ་སོགས་པའི་དངོས་པོ་དེ་ཡོངས་སུ་ཤེས་པའི་ཕྱིར་རོ། །གསུམ་པ་ནི་ཉེར་ལེན་གྱི་ཕུང་པོ་ལྔ་པོ་དེ་རོ་མྱང་བ་ལ་སོགས་པ་གསུམ་དུ་བསྒྱུར་བས་ཡང་དག་པར་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཤེས་པའོ། །བཞི་པ་ནི། ལྷ་དང་བཅས་པའི་འཇིག་རྟེན་ལས་ཞེས་པ་ནས་རྣམ་པར་གྲོལ་ལོ་ཞེས་བྱ་བའི་བར་དུའོ། །ལྔ་པ་ནི་བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་ནང་དུ་ཤེས་སོ་ཞེས་བྱའོ། །ཡོངས་སུ་ཤེས་པ་ལ་སོགས་པའི་སྒོ་ནི་དེ་ཁོ་ནའི་མཚན་ཉིད་དང་། ཡོངས་སུ་ཤེས་པའི་མཚན་ཉིད་དང་། སྤོང་བའི་མཚན་ཉིད་དང་། མངོན་དུ་བྱེད་པའི་མཚན་ཉིད་དང་། སྒོམ་པའི་མཚན་ཉིད་དང་། དེ་ཁོ་ནའི་མཚན་ཉིད་ལ་སོགས་པ་འདི་དག་གི་རབ་ཏུ་དབྱེ་བའི་མཚན་ཉིད་དང་། གནས་དང་གནས་པར་འབྲེལ་བའི་མཚན་ཉིད་དང་། ཡོངས་སུ་ཤེས་པ་ལ་སོགས་པའི་བར་དུ་གཅོད་པའི་མཚན་ཉིད་དང་། རྗེས་སུ་མཐུན་པའི་མཚན་ཉི་དང་། ཡོངས་སུ་མ་ཤེས་པའི་ཉེས་དམིགས་ཀྱི་མཚན་ཉིད་དང་། ཡོངས་སུ་ཤེས་པའི་ཕན་ཡོན་གྱི་མཚན་ཉིད་རྣམས་སྟོན་པ་སྟེ། དཔེར་ན་རོ་མྱང་བའི་མདོ་དེ་ཉིད་ལྟ་བུ་སྟེ། དེ་ལ་དང་པོ་ནི་ཉེར་ལེན་གྱི་ཕུང་པོ་ལྔས་བསྡུས་པའི་སྡུག་བསྔལ་གྱི་བདེན་པའོ། །གཉིས་པ་ནི་རོ་མྱང་བ་སོགས་ཀྱིས་དེ་ཉིད་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཤེས་པས་སོ། །གསུམ་པ་དང་བཞི་པ་ནི་འཇིག་རྟེན་ཐམས་ཅད་ལས་རྣམ་པར་གྲོལ་བ་སྟེ་སྒྲིབ་པ་སྤོང་བ་དང་གནས་གྱུར་མངོན་དུ་བྱེད་པའི་ཕྱིར་རོ། །ལྔ་པ་ནི་ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་ལན་མང་དུ་གནས་པའོ། །དྲུག་པ་ལ་དེ་ཁོ་ནའི་མཚན་ཉིད་ནི་གཟུགས་ནས་རྣམ་ཤེས་ཀྱི་བར་ལྔར་དབྱེ་བའོ། །ཡོངས་སུ་ཤེས་པའི་མཚན་ཉིད་ནི་ཉེས་དམིགས་ལ་ཉེས་དམིགས་ནས་ངེས་འབྱུང་དུ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པའི་བར་གསུམ་དུ་དབྱེའོ། །སྤོང་བ་དང་མངོན་དུ་བྱེད་པའི་མཚན་ཉིད་ནི་གཉིས་སུ་དབྱེ་སྟེ་ཉོན་མོངས་པ་ལས་རྣམ་པར་གྲོལ་བ་དང་། སྡུག་བསྔལ་ལས་རྣམ་པར་གྲོལ་བའོ། །སྒོམ་པའི་མཚན་ཉིད་ནི་གཉིས་སུ་དབྱེ་སྟེ་མཐོང་བ་དང་སྒོམ་པའི་ལམ་མོ། །བདུན་པ་ནི་དེ་ཁོ་ནའི་མཚན་ཉིད་ལ་སོགས་འོག་མ་རྣམས་གོང་མ་རྣམས་ཀྱི་གནས་ཡིན་པར་སྟོན་པའི་ཕྱིར་རོ། །

བརྒྱད་པ་ནི་ཉེས་དམིགས་སོགས་གསུམ་དུ་བསྒྱུར་བ་ཡང་དག་པ་ཇི་ལྟ་བ་བཞིན་རྣམ་པར་མི་ཤེས་པའོ། །དགུ་པ་ནི་གཟུགས་སོགས་འདི་དག་ཇི་ལྟར་གནས་པ་ལྟ་བ་བཞིན་དུ་ཉེས་དམིགས་ལ་སོགས་པར་རྣམ་པར་དཔྱད་པའོ། །བཅུ་པ་ནི། མི་གྲོལ་བ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་བརྒྱ་བའོ། །བཅུ་གཅིག་པ་ནི་དེ་ལས་བཟློག་པར་རིག་པར་བྱའོ། །

སྟོབས་དང་སྟོབས་མ་ཡིན་པའི་སྒོ་ནི་གང་དུ་ཚིག་གཅིག་མ་བརྗོད་ན་དོན་འདི་གོ་བར་མི་འགྱུར་བས་ཚིག་སོ་སོ་ཐམས་ཅད་ཀྱི་ནུས་པ་སྟོན་པ་ཏེ། དཔེར་ན་རྟེན་འབྲེལ་གྱི་མདོ་ལས། འདི་ཡོད་པས་འདི་འབྱུང་འདི་སྐྱེས་པའི་ཕྱིར་འདི་སྐྱེ་སྟེ་འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཅེས་སོགས་གསུངས་པ་ལྟར་རོ། །བཟླས་ཏེ་བརྗོད་པའི་སྒོ་ནི་གང་དུ་མདོའི་ཚིག་གཅིག་བཟུང་ནས་རྒྱ་ཆེར་ཡང་སྟོན་པ་སྟེ། དཔེར་ན་ཆོས་དྲུག་དང་ལྡན་པའི་དགེ་སློང་ནི་ཁའི་དབུགས་ཀྱིས་རིའི་རྒྱལ་པོ་གངས་རི་ཡང་འཐོར་ན་རོ་ལྟ་བུའི་མ་རིག་པ་ལྟ་སྨོས་ཀྱང་ཅི་དགོས། དྲུག་གང་ཞེ་ན། སེམས་བསྐྱེད་པ་དང་། གནས་པ་དང་། ལྡང་བ་དང་། འབྲི་བ་དང་། ཐབས་ལ་མཁས་པ་སྟེ། རིམ་པ་ལྟར་བསམ་གཏན་བཞི་དང་། ཉམས་པ་ཆ་མཐུན་ནས་གནས་པ་ཆ་མཐུན་དུ་བྱེད་པ་དང་། གནས་པ་ཆ་མཐུན་ནས་ཁྱད་པར་ཆ་མཐུན་དུ་བྱེད་པ་དང་། ཡང་དག་སྤོང་བ་སྒྲུབ་ཕྱོགས་གཉིས་དང་། སེལ་ཕྱོགས་གཉིས་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་པ་ཐོབ་པའོ་ཞེས་རྒྱས་པར་བཀའ་སྩལ་པ་ལྟ་བུའོ། །

མངོན་པར་སྒྲུབ་པའི་སྒོ་ནི་གང་དུ་ཚིག་རེ་རེ་ལ་མུ་བཞི་ལ་སོགས་པས་སྟོན་པ་སྟེ། བཞི་པ་ལ་སོགས་པ་དེ་དག་གི་ཚིག་རེ་རེ་ལ་ཡང་གཞན་བཞི་ལ་སོགས་པའི་ཐུག་པ་མེད་པར་མངོན་པར་སྒྲུབ་པ་སྟེ། དཔེར་ན། སངས་རྒྱས་རྩོམ་པའི་མདོ་ལས། བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་ཡོངས་སུ་སྦྱོང་བར་བྱེད་པའི་ཆོས་རྣམས་ཏེ། སྟོང་པ་ཉིད་བསྒོམ་པ་དང་། སེམས་ཅན་ཐམས་ཅད་ལ་འགྲས་པ་མེད་པའི་སེམས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་རྟག་ཏུ་ཕན་པ་ཉེ་བར་སྒྲུབ་པ་དང་། ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་ཀྱི་སྦྱིན་པ་ཡང་དག་པར་རབ་ཏུ་སྟོན་པའོ། །ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་བསྒོམ་སྟེ་ནང་དུ་སེམས་རྣམ་པར་མི་རྟོག་པ་དང་། མོས་པ་ལ་རབ་ཏུ་རྣམ་པར་འབྱེད་པའི་སྟོབས་བསྐྱེད་པ་དང་། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱེད་པ་དང་། སྒྲིབ་པ་ཐམས་ཅད་ལས་རྣམ་པར་ཐར་པའོ། །བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་སེམས་དང་ལྡན་པ་ཡིན་ཏེ། བྱམས་པ་བསྒོམ་པ་དང་། སྒྲུབ་པ་རྣམ་པར་མི་འཁྲུག་པ་དང་། མཚན་མ་ལ་རྣམ་པར་མི་རྟོག་པ་དང་། སྐྱོ་བ་བཟོད་པའོ། །བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་ལ་རྟག་ཏུ་ཕན་པ་ཉེ་བར་སྒྲུབ་པ་ཡིན་ཏེ། བདག་ཡོངས་སུ་འཇལ་བ་དང་། ཡང་དག་པའི་གདམས་པ་ལ་འཇུག་པ་དང་། དེས་ཤིང་འགྲོགས་ན་བདེ་བ་དང་། མཆོད་པ་དང་། རྙེད་པ་དང་། བཀུར་སྟི་དང་། བསྙེན་བཀུར་བྱ་བ་ཉེ་བར་སྒྲུབ་པའོ། །ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་ཀྱི་སྦྱིན་པ་ཡང་དག་པར་རབ་ཏུ་སྟོན་ཏེ། བར་དུ་གཅོད་པ་ལེགས་པར་རབ་ཏུ་རྟོགས་པ་དང་། རྨོངས་པ་དང་བྱིང་བ་སེལ་བ་མཁས་པ་དང་། ཡིད་བདེ་བ་ཉེ་བར་སྒྲུབ་པ་དང་། མགོན་བྱེད་པའི་ཆོས་ལ་དགའ་བའོ།། །།

གསུམ་པ་རབ་ཏུ་ཕྱེ་ནས་ཀུན་དུ་བསྟན་པ་རྣམ་པར་ངེས་པ་ནི། ཕུང་པོ་སོགས་ཇི་སྐད་བསྟན་པའི་ཆོས་རྣམས་ལ་གཅིག་ནས་རྟོགས་པ་སོགས་ཅི་རིགས་སུ་སྦྱར་ཏེ། དེ་ལ་གཅིག་ནས་རྟོག་པ་ནི་གང་གིས་ཆོས་གཅིག་ཆོས་ལྷག་མ་གཞན་རྣམས་དང་ལྷན་ཅིག་རེ་རེ་ནས་དྲིས་ནས་དེ་བོར་ཏེ་དེས་གཉིས་པ་ཡང་གཞན་རྣམས་དང་ལྷན་ཅིག་ཏུ་འདྲི་བའོ། །དཔེར་ན་གང་མིག་གི་སྐྱེ་མཆེད་དང་ལྡན་པ་དེ་གཟུགས་ཀྱི་སྐྱེ་མཆེད་དང་ལྡན་ནམ་ཞེ་ན་ཚིག་གོང་མ་དང་སྦྱར་རོ། །གང་མིག་གི་སྐྱེ་མཆེད་དང་ལྡན་པ་དེ་རྣ་བའི་སྐྱེ་མཆེད་དང་ལྡན་ནམ་ཞེ་ན་མུ་བཞིའོ། །དེ་བཞིན་དུ་ཆོས་ཀྱི་བར་ལ་ཅི་རིགས་པར་སྦྱར་རོ། །དེ་བཞིན་དུ་རྣ་བ་ལ་སོགས་ཀྱང་རེ་རེ་ཞིང་སྐྱེ་མཆེད་ལྷག་མ་རྣམས་དང་སྦྱར་ནས་དཔྱད་པར་བྱའོ། །ཚིག་གོང་མ་དང་སྦྱོར་བ་ནི་གཉིས་གཉིས་པའི་ཆོས་འགའ་ཞིག་ལས་བརྩམས་ནས་དྲིས་པ་ན་ཆོས་གོང་མ་ལ་རྟེན་ནས་ལུང་སྟོན་པ་སྟེ། དཔེར་ན་ཤེས་པ་གང་ཡིན་པ་དེ་ཤེས་བྱ་ཡང་དེ་ཡིན་ནམ་ཞེ་ན་ཚིག་གོང་མ་དང་སྦྱར་ཏེ། ཤེས་པ་གང་ཡིན་པ་ཤེས་བྱ་ཡང་ཡིན་ནོ། །ཤེས་བྱ་ཡིན་ལ་ཤེས་པ་མ་ཡིན་པ་ཡོད་ཏེ། དེ་ལས་གཞན་པ་རྣམས་སོ། །ཚིག་འོག་མ་དང་སྦྱོར་བ་ནི་གཉིས་གཉིས་དྲིས་པ་ལ་གང་རྟེན་ནས་ལུང་སྟོན་པ་སྟེ། དཔེར་ན་གཟུང་བ་གང་ཡིན་པ་འཛིན་པ་ཡང་དེ་ཡིན་ནམ་ཞེ་ན་ཚིག་འོག་མ་དང་སྦྱོར་ཏེ། འཛིན་པ་གང་ཡིན་པ་བཟུང་བ་ཡང་དེ་ཡིན་ནོ། །གཟུང་བ་ཡིན་ལ་འཛིན་པ་མ་ཡིན་པ་ཡང་ཡོད་ཏེ། གཟུགས་སོགས་ཡུལ་ལྔ་དང་མཚུངས་པར་ལྡན་པ་མ་གཏོགས་པའི་ཆོས་ཀྱི་སྐྱེ་མཆེད་དོ། །མུ་གཉིས་པ་ནི་གང་དུ་མུ་གཉིས་སྟོན་པ་སྟེ་དེ་ལས་རྣམ་པ་གཞན་མེད་པའི་ཕྱིར་རོ། །དཔེར་ན་ཕུང་པོ་རྣམ་པར་བཞག་པའམ་ཁམས་རྣམ་པར་བཞག་པ་ལ་བརྟེན་ནས་བརྗོད་པ་སྟེ། ཕུང་པོའི་གྲངས་གང་ཡིན་པ་ཁམས་ཀྱི་གྲངས་ཀྱང་དེ་ཡིན་ནམ་ཞེ་ན་མུ་གཉིས་ཏེ། ཕུང་པོའི་གྲངས་ཡིན་ལ་ཁམས་ཀྱི་གྲངས་མ་ཡིན་པ་ཡོད་ཏེ་གཟུགས་ཀྱི་ཕུང་པོ་དང་རྣམ་ཤེས་ཀྱི་ཕུང་པོའོ། །ཁམས་ཀྱི་གྲངས་ཡིན་ལ་ཕུང་པོའི་གྲངས་མ་ཡིན་པ་ཡོད་ཏེ་ཆོས་ཀྱི་ཁམས་སོ། །མུ་གསུམ་པ་ནི་གང་དུ་མུ་གསུམ་ཁོ་ན་སྟོན་པ་སྟེ། དཔེར་ན་ཕུང་པོའི་གྲངས་གང་ཡིན་པ་དེ་སྐྱེ་མཆེད་ཀྱི་གྲངས་ཀྱང་དེ་ཡིན་ནམ་ཞེ་ན་མུ་གསུམ་སྟེ། ཕུང་པོའི་གྲངས་ཡིན་ལ་སྐྱེ་མཆེད་ཀྱི་གྲངས་མ་ཡིན་པ་ཡོད་ཏེ་གཟུགས་ཀྱི་ཕུང་པོའོ། །སྐྱེ་མཆེད་ཀྱི་གྲངས་ཡིན་ལ་ཕུང་པོའི་གྲངས་མ་ཡིན་པ་ཡོད་ཏེ། ཆོས་ཀྱི་སྐྱེ་མཆེད་དོ། །གཉིས་ཀ་ཡིན་པ་ནི་རྣམ་པར་ཤེས་པའི་ཕུང་པོ་དང་ཡིད་ཀྱི་སྐྱེ་མཆེད་དོ། །

མུ་བཞི་པ་ནི་གང་དུ་མུ་བཞི་སྟོན་པ་སྟེ། དཔེར་ན་མིག་དང་ལྡན་པ་གང་ཡིན་པ་རྣ་བ་དང་ལྡན་པ་ཡང་དེ་ཡིན་ནམ་ཞེ་ན་མུ་བཞི་སྟེ། དང་པོ་ནི་མིག་སྐྱེས་ཤིང་མ་ཉམས་ལ་འོན་པའོ། །གཉིས་པ་ནི་རྣ་བ་སྐྱེས་ཤིང་མ་ཉམས་ལ་ལོང་བའོ། །གསུམ་པ་ནི་མིག་དང་རྣ་བ་སྐྱེས་ལ་མ་ཉམས་པའོ། །བཞི་པ་ནི། རྣམ་པ་དེ་དག་མ་གཏོགས་པའོ། །དེ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན། མི་རྟག་པ་གང་ཡིན་པ་དེ་ཐམས་ཅད་འདུ་བྱེད་ཡིན་ནམ་འདུ་བྱེད་གང་ཡིན་པ་དེ་ཐམས་ཅད་མི་རྟག་པ་ཡིན་ནམ་ཞེ་ན་དེ་བཞིན་ནོ་ཞེས་བསྟན་པར་བྱ་བ་ལྟར་རོ། །སྤོང་བ་ནི་དཔེར་ན་ཕུང་པོ་ལས་མ་གཏོགས་པའི་འདུ་བྱེད་རྣམས་བདེན་པ་གང་གིས་བསྡུས་ཞེ་ན་དེ་ལྟ་བུ་མེད་དོ་ཞེས་སྤོང་བའོ།། །།

བཞི་པ་ཡང་དག་པར་འདྲི་བ་རྣམ་པར་ངེས་པ་ལ་གཉིས་ལས། སྒྲའི་རྣམ་པར་དབྱེ་བརྒྱད་རྣམ་པར་དབྱེ་བ་དང་བཅས་པ་ལ་འདྲི་བ་ངེས་པ་ནི་ཅི་ཞེས་སོགས་ཏེ། བྱེད་པ་པོ་སུ་ཞིག་མི་དམིགས་ཞེ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་བྱང་ཆུབ་སེམས་དཔའོ། །ཅི་མི་དམིགས་ཞེ་ན་གཟུང་བ་དང་འཛིན་པའི་མཚན་ཉིད་དོ། །ཅི་ཡིས་ཞེ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སོ། །ཅིའི་ཕྱིར་མི་དམིགས་ན་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱབ་པ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་བྱ་བའི་ཕྱིར་རོ། །ཅི་ལས་མི་དམིགས་ཞེ་ན་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ལས་སོ། །ཅིའི་ཕྱིར་མི་དམིགས་ན་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱབ་པ་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་བྱ་བའི་ཕྱིར་རོ། །ཅི་ལས་མི་དམིགས་ཞེ་ན་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ལས་སོ། །ཅིའི་མི་དམིགས་ཞེ་ན་ཆོས་ཐམས་ཅད་ཀྱིའོ། །ཅི་ཞིག་ཏུ་མི་དམིགས་ཞེ་ན་མོས་པར་སྤྱོད་པའི་ས་ནས་ས་བཅུ་པའི་བར་དུའོ། །རྣམ་པ་དུ་ཞིག་མི་དམིགས་ཞེ་ན། སྐྱེས་ནས་འགགས་པ་དང་། མ་སྐྱེས་པ་དང་མངོན་དུ་གྱུར་པ་དང་རྒྱུའི་སྟོབས་ལས་བྱུང་བ་དང་མཛའ་བོའི་སྟོབས་ལ་བྱུང་བ་དང་ཆོས་ཐམས་ཅད་མི་དམིགས་པ་དང་སྟོང་པ་ཉིད་མི་དམིགས་པ་དང་ངའོ་སྙམ་པའི་ང་རྒྱལ་དང་བཅས་པ་དང་ང་རྒྱལ་མེད་པ་དང་ཚོགས་མ་བསགས་པ་དང་བསགས་པ་སྟེ། མི་དམིགས་པ་འདི་དག་ནི་གོ་རིམ་བཞིན་དུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བ་དང་། ནང་དང་། ཕྱི་དང་། རགས་པ་དང་། ཕྲ་བ་དང་། ངན་པ་དང་། བཟང་པོ་དང་། རྒྱང་རིང་བ་དང་། ཐག་ཉེ་བ་འདི་དག་གིས་ཚུལ་གྱིས་ལྟ་བར་བྱའོ། །དེ་ཇི་ལྟ་བར་གང་ཞེས་བརྗོད་པ་ལ་ཡང་དེ་བཞིན་ནོ། །ཞེས་པ་ནི། གང་ཞིག་མི་དམིགས་པ་དང་། གང་དང་གང་གིས་དང་། གང་གི་ཕྱིར་དང་། གང་ལས་དང་། གང་གི་དང་། གང་དུ་དང་། གང་ཇི་སྙེད་ཞིག་མི་དམིགས་པའོ། །རྣམ་པར་ངེས་པའི་ལམ་ནི་ཡང་ཞེས་ཏེ། དེ་ལ་སུན་འབྱིན་པར་བྱེད་པ་ནི་གཞན་ཕྱོགས་ཀྱི་ཉེས་པ་བརྗོད་ནས་སེལ་བར་བྱེད་པའོ། །སྒྲུབ་པར་བྱེད་པ་རང་ཕྱོགས་ལེགས་པར་སྨྲས་པ་ལ་འདི་ནི་ལེགས་པའོ། །ཞེས་འཇོག་པར་བྱེད་པའོ། །གཅོད་པར་བྱེད་པ་ནི་གཞན་དག་གི་ཐེ་ཚོམ་སྐྱེས་པའམ་མ་སྐྱེས་པ་རྣམས་ལ་ངེས་པ་སྦྱིན་པར་བྱེད་པའོ། །ཁོང་དུ་ཆུད་པར་བྱེད་པ་ནི་དོན་དེ་དང་དེ་དག་ལ་རྨོངས་པ་རྣམས་ལ་དོན་དེ་སྟོན་པར་བྱེད་པའོ།། །།

ལྔ་པ་བསྡུ་བ་རྣམ་པར་ངེས་པ་ནི་གནས་བཅུས་བསྡུས་ཏེ་བཅུ་ལ་བྱ་བ་བསྒྲུབ་པའི་རྣམ་པར་ངེས་པ་ནི། འཇིག་རྟེན་པ་རྣམས་ཕན་ཚུན་འཚོ་བའི་ཐབས་སོགས་སྒྲུབ་པའོ། །འཇུག་པ་རྣམ་པར་ངེས་པ་ནི་ཐེག་པ་གསུམ་ལ་འཇུག་པར་བྱ་ཞིང་གཞུག་པར་བྱ་ཞེས་སོགས་དཔྱོད་པའོ། །མོས་པས་རྣམ་པར་ངེས་པ་ནི་ཐོས་བྱུང་གི་ཤེས་རབ་ཀྱིས་ཇི་ལྟར་ཐོས་པ་བཞིན་ཡིད་ཆེས་པའོ། །རིགས་པས་རྣམ་པར་ངེས་པ་ནི་བསམ་བྱུང་གི་ཤེས་རབ་ཀྱིས་སྔ་ཕྱིའི་དགོངས་པ་ཡོངས་སུ་འཇལ་བའོ། །འབེལ་བའི་གཏམ་གྱིས་རྣམ་པར་ངེས་པ་ནི་ཇི་ལྟར་ཐོས་པ་དང་བསམ་པ་རྣམས་དྲི་བ་དང་ཕྱིར་ཞིང་དྲི་བར་བྱ་བའི་ཚུལ་གྱིས་ཆོས་ལ་རྫོགས་པར་ལོངས་སྤྱོད་པའོ། །རབ་ཏུ་རྟོགས་པས་རྣམ་པར་ངེས་པ་ནི་མཐོང་བའི་ལམ་སྟེ་དེས་བདེན་པ་རབ་ཏུ་རྟོགས་པའི་ཕྱིར་རོ། །རྣམ་པར་དག་པས་རྣམ་པར་ངེས་པ་ནི་བསྒོམ་པའི་ལམ་སྟེ་དེས་ཉོན་མོངས་པ་མ་ལུས་པ་རྣམ་པར་སྦྱོང་བའི་ཕྱིར་རོ། །མངོན་པར་སྒྲུབ་པས་རྣམས་པར་ངེས་པ་ནི་ཁྱད་པར་གྱི་ལམ་སྟེ་དེས་ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པའི་ཕྱིར་རོ། །ཚིག་རབ་ཏུ་དབྱེ་བས་རྣམ་པར་ངེས་པ་ནི་གཉིས་དང་གསུམ་དང་བཞི་ལ་སོགས་པའི་རྣམ་པར་མངོན་པར་སྒྲུབ་པའི་སྒོ་ནས་ཆོས་སྟོན་པ་མཐའ་ཡས་པའོ། །ལྷུན་གྱིས་གྲུབ་པ་དང་རྩོལ་བ་ཙམ་གྱིས་དོན་ཐམས་ཅད་རྣམ་པར་ངེས་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཏེ་སྔོན་གྱི་རྩོལ་བ་མེད་པར་ཡང་དོན་ཐམས་ཅད་ལ་རྩོལ་བའི་མོད་ལ་ཆགས་པ་མེད་པ་དང་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་མཐོང་བ་འཇུག་པའི་ཕྱིར་རོ།། །།

དྲུག་པ་སྨྲ་བ་རྣམ་པར་ངེས་པ་ལ་གཉིས་ལས་མདོར་བསྟན་པ་ནི་སྨྲ་བ་དང་ཞེས་སོགས་སོ། །རྒྱས་པར་བཤད་པ་ལ་བདུན་གྱི་དང་པོ་སྨྲ་བ་ནི་བརྗོད་པ་ཐམས་ཅད་དོ། །རྨད་ཁྱེར་བར་སྨྲ་བ་ནི་འཇིག་རྟེན་ན་གྲགས་པ་སྨྲ་བའོ། །བརྩོད་པར་སྨྲ་བ་ནི་འདོད་ཡོན་དང་ལྟ་སྤྱོད་ཀྱི་དོན་ལ་ཕན་ཚུན་མི་མཐུན་པར་གནས་པ་སྨྲ་བའོ། །ཚིག་ངན་པ་སྨྲ་བ་ནི་ཕན་ཚུན་ཚིག་རྩུབ་དང་ཚོགས་པར་དབྱུང་དུ་མི་འོས་པ་ལ་སོགས་པའི་ཚིག་བརླང་པོས་སྨྲ་བའོ། །མཐུན་པར་སྨྲ་བ་ནི་ཡེ་ཤེས་མཐོང་བ་རྣམ་པར་དག་པ་དང་འཐུན་པར་ལེགས་པར་གསུངས་པའི་ཆོས་སྟོན་པ་སོགས་དང་འབེལ་བའི་གཏམ་སྨྲ་བའོ། །གདམས་པར་སྨྲ་བ་ནི་སེམས་ཅེས་སོགས་ཏེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་བསྟན་ཅིང་སྨྲ་བའོ། །

གཉིས་པ་སྨྲ་བའི་ཞལ་ཆེ་བ་ནི་གང་དུ་སྨྲ་བར་བྱ་བ་སྟེ་འདི་ལྟར། གང་ན་རྒྱལ་པོ་བཞུགས་པ་ནི་རྒྱལ་པོའི་ཕོ་བྲང་དང་བསྐོས་པ་འདུ་བའི་ས་ནི་གང་དུ་རྒྱལ་པོས་བསྐོས་པ་ཡོད་པ་དང་འདུས་པ་ནི་ཚོང་འདུས་ལ་སོགས་པ་དང་ཚད་མར་རུང་བའི་ཟླ་གྲོགས་ནི་གང་གིས་ཚིག །རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀས་ཚན་མར་འཛིན་པ་རྣམས་དང་དགེ་སྦྱོང་དང་བྲམ་ཟེ་ཆོས་དང་དོན་ལ་མཁས་པ་ནི་བསྟན་བཅོས་ཀྱི་ཚིག་དང་དོན་བློ་ལ་བྱང་བ་རྣམས་དང་ངོ་། །

གསུམ་པ་སྨྲ་བའི་གཞི་ནི་གང་ལ་དརྟེན་ནས་བསྒྲུབ་པར་བྱ་བ་དང་གང་གིས་སྒྲུབ་པར་བྱེད་པ་གཉིས་སོ། །བསྒྲུབ་པར་བྱ་བ་ཡང་ངོ་བོ་ཉིད་བསྒྲུབ་པ་ནི་བདག་དང་ཆོས་ཀྱི་ངོ་བོ་ཉིད་ཏེ་ཡོད་དོ་ཞེ་འམ་མེད་དོ་ཞེས་བྱ་བའོ། །ཁྱད་པར་ནི་དེ་གཉིས་ཀྱི་ཁྱད་པར་སྟེ་ཐམས་ཅད་དུ་སོང་བའམ་ཐམས་ཅད་དུ་སོང་བ་མ་ཡིན་པའམ་རྟག་པའམ་མི་རྟག་པའམ་གཟུགས་ཅན་ནམ་གཟུགས་ཅན་མ་ཡིན་པ་སོགས་སོ། །སྒྲུབ་པར་བྱེད་པ་ལ་ཡང་དམ་བཅའ་ནི་བདག་ཞེས་སོགས་ཏེ་སྒྲུབ་པ་མ་སྨོས་ན་རང་ཕྱོགས་གྲུབ་ཟིན་གཞན་ལ་བསྟན་པ་ཡང་དམ་བཅའ་བར་འགྱུར་རོ། །བདག་འདོད་པའི་དོན་མ་སྨོས་ན་གཞན་ཕྱོགས་སྒྲུབ་པའི་ཚིག་ཀྱང་དམ་བཅར་འགྱུར་རོ། །གཞན་མ་སྨོས་ན་གཅིག་པུ་དེའི་ཚིག་སྨྲ་བ་ཡང་དེར་འགྱུར་རོ། །གོ་བ་མ་སྨོས་ན་ལུས་ཀྱི་དོན་དེ་བརྡ་སྤྲོད་པ་ཡང་དེར་འགྱུར་རོ། །སྟོན་པ་མ་སྨོས་ན་ཉན་པ་རྣམས་ཀྱིས་དོན་དེ་མ་ཤེས་པ་ཡང་དེར་འགྱུར་རོ། །དེ་བས་ཇི་ལྟར་བསྟན་པ་བཞིན་རྣམ་པར་བཞག་པ་ལ་ཉེས་པ་འདི་རྣམས་མེད་པར་འགྱུར་རོ། །གཏན་ཚིགས་ནི་སྒྲུབ་པ་བྱ་བ་དེ་ཉིད་ལ་མ་གྲགས་པའི་དོན་ཡིད་ཆེས་པར་བྱེད་པའི་རྒྱུ་སྟེ་དེ་ཡང་མངོན་སུམ་གྱི་དམིགས་པ་དུ་བ་སོགས་དང་མ་དམིགས་པ་བྱས་པ་ལ་སོགས་པ་བསྙད་པའོ། །དཔེ་ནི་གཞི་གཞན་དུ་མཐའ་མཐོང་བ་ཚང་མང་སོགས་དང་མ་མཐོང་བ་ཆོས་ཅན་གྱི་གཞི་གཉིས་རྟགས་དང་བསྒྲུབ་བྱའི་ཆོས་ཡོད་པར་མཚུངས་པར་སྦྱར་ཞིང་བསྙད་པའོ། །ཉེ་བར་སྦྱར་བ་ནི་བསྒྲུབ་བྱའི་དོན་ཡན་ལག་གསུམ་གྱིས་སྒྲུབ་པ་དེ་བཞིན་དུ་དེའི་རིགས་ཀྱི་ཆོས་ལྷག་མ་དེ་དང་འདྲ་བ་ལ། གྲུབ་ཟིན་པའི་དོན་དེའི་ཆོས་སྦྱར་བའི་ཚུལ་གྱིས་རིགས་པ་འདྲ་བས་མཐུན་པར་སྨྲ་བ་སྟེ། ལ་ལ་དུ་བ་ཡོད་པའི་ཕྱིར་མེ་ལྟར་བུད་ཤིང་གི་རྣམ་འགྱུར་ཡང་ཡོད་ཅེས་པ་ལྟ་བུའོ། །

མཇུག་བསྡུད་ནི་གང་གི་ཕྱིར་དེ་ལྟར་རིགས་པས་ལེགས་པར་འཐད་པ་དེའི་ཕྱིར་འདི་ནི་དེ་བཞིན་ནོ་ཞེས་མཐར་ཕྱིན་པར་བསྙད་པའོ། །དམ་བཅའ་སོགས་ཡན་ལག་ལྔ་པོ་དེ་དཔེར་བརྗོད་ན་སྒྲ་ནི་མི་རྟག་གོ་ཞེས་བྱ་བ་ནི་དམ་བཅའོ། །བྱས་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །བུམ་པ་བཞིན་ཅེས་བྱ་བ་ནི་དཔེའོ། །རིགས་པ་འདིས་བདག་དང་བདག་གི་བ་ལ་སོགས་པ་ཡང་མེད་དོ་ཅེས་བྱ་བ་ནི་ཉེ་བར་སྦྱར་བའོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་སྒྲ་ནི་མི་རྟག་པ་དང་བདག་མེད་པ་ལ་སོགས་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུད་པའོ། །མངོན་སུམ་ནི་རང་གི་དོན་གཟུགས་སོགས་རྫས་སུ་ཡོད་ཅིང་དངོས་སུ་སྣང་ལ་མ་ནོར་བའོ། །དེ་ལ་ཡོད་པ་སྨོས་པས་ནི་བུམ་པ་ལ་སོགས་པའི་རྫས་འཇིག་རྟེན་ན་གྲགས་པ་རྣམས་མངོན་སུམ་མ་ཡིན་པ་བསལ་བའི་ཕྱིར་རོ། །སྣང་བ་སྨོས་པས་ནི་སྒྲིབ་བྱེད་ལ་སོགས་པ་མི་དམིགས་པའི་རྒྱུ་རྣམས་ཀྱིས་མི་སྣང་བར་གྱུར་པའི་ཡུལ་བསལ་བའི་ཕྱིར་རོ། །མ་ནོར་བ་སྨོས་པས་ནི་འགལ་མེ་སྐོར་བ་དང་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པ་བསལ་བའི་ཕྱིར་རོ། །རྗེས་སུ་དཔག་པ་ནི་མངོན་སུམ་གྱི་ལྷག་མ་ལྐོག་ཏུ་གྱུར་པའི་དོན་ལ་རྟགས་ཀྱི་སྒོ་ནས་ཡིད་ཆེས་པའོ། །ཡིད་ཆེས་པའི་ལུང་ནི་ཉེ་བར་བསྟན་པ་གང་གི་དོན་མངོན་རྗེས་དེ་གཉིས་ཀ་དང་མི་འགལ་བར་སྟོན་པ་སྟེ། རྣམ་འགྲེལ་དུ། མཐོང་དང་མ་མཐོང་ས་དག་ལ། །རིགས་པས་གྲུབ་དང་རང་ཚིག་གིས། །གནོད་མེད་བསྟན་བཅོས་གང་ཡིན་དེ། །བཟུང་བར་བྱ་ཕྱིར་སྤྱོད་འཇུག་འགྱུར། །ཞེས་པ་ལྟར་རོ། །བཞི་པ་སྨྲ་བའི་རྒྱན་ནི་གང་དང་ལྡན་ན་སྨྲ་བ་པོ་ཚིག་ཤིན་ཏུ་མཛེས་པའོ། །

དེ་ཡང་བདག་དང་གཞན་གྱི་གཞུང་ལུགས་ཀྱི་ཚིག་དོན་ལེགས་པར་ཤེས་པ་དང་ཚིག་ཟུར་ཕྱིན་པ་ཕུན་སུམ་ཚོགས་པ་ནི་འོག་ནས་འབྱུང་བའི་གཏམ་གྱི་ཉེས་པ་རྣམས་ལས་བཟློག་པ་སྟེ། ཅལ་ཅོལ་ལ་སོགས་པ་མེད་པའི་ཕྱིར་རོ། །མི་འཇིགས་པ་ནི་མཁས་པ་དང་བཙུན་པར་གྲགས་པ་དུ་མ་འདུས་པའི་འདུན་པར་སྨྲ་བ་ལ་བག་ཚ་བ་མེད་ཅིང་འཛེམ་པ་མེད་པའོ། །བརྟན་པ་ནི་ཕྱིར་རྒོལ་གྱི་ཚིག་མཐར་ཕྱིན་པར་བསྡད་ནས་ཡིད་དལ་དུ་སྨྲ་བའོ། །མཐུན་པར་བྱེད་པ་ནི་རང་བཞིན་བཟང་བས་གཟུ་བོ་དང་ཕྱིར་རྒོལ་བའི་སེམས་དང་མཐུན་པར་བྱེད་པའོ། །ལྔ་པ་སྨྲ་བ་ཆད་པས་བཅད་པ་ནི་གང་གིས་སྨྲ་བ་པོ་ལ་ཚར་བཅད་འབབ་པ་སྟེ་དེ་ནི་གཏམ་རྗེས་བཅད་པ་སོགས་སོ། །དེ་ལ་གཏམ་རྗེས་བཅད་པ་ནི་བདག་གི་ནི་མ་ལེགས་སོ་ཞེས་རང་གི་སྨྲ་བའི་སྐྱོན་ཁས་བླང་བ་དང་ཁྱོད་ཀྱི་ནི་ལེགས་སོ་ཞེས་གཞན་གྱི་སྨྲ་བའི་དོན་ཁས་བླང་བའོ། །གཏམ་འཕྲོ་ལུས་པ་ནི་བརྩོད་པའི་སྐབས་མཐར་མ་ཕྱིན་པར་གཏམ་གཞན་ནས་གཞན་དུ་རྒྱུད་པ་ལ་སོགས་པས་བསྐལ་བའོ། །གཏམ་གྱི་ཉེས་པ་ནི་ཅལ་ཅོལ་ལ་སོགས་པའི་ཚིག་གོ །འཁྲུགས་པ་ནི་དགའ་བའམ་ཁྲོས་པས་རྣམ་པར་གཡེངས་པའོ། །བརྡ་འཕྲད་དུ་མི་རུང་བ་ནི་ཆོས་དང་དོན། འཁོར་དང་ཕྱིར་རྒོལ་བ་རྣམས་ཀྱིས་མི་ཟིན་པའོ། །རན་པ་མ་ཡིན་པ་ནི་ལྷག་མ་དང་བཟློས་པ་དང་ཉུང་པའོ། །དོན་དང་ལྡན་པ་མ་ཡིན་པ་ནི་དགོས་པའི་དོན་མེད་པ་བརྗོད་བྱའི་དོན་དང་བྲལ་བ་དང་རིགས་པ་དང་བྲལ་བ་དང་སྒྲུབ་བྱེད་བསྒྲུབ་བྱ་དང་འདྲ་བར་སླར་ཡང་སྒྲུབ་དགོས་པ་དང་ཚུལ་བཞིན་མ་ཡིན་པ་དང་ཚོགས་པར་དབྱུང་དུ་མི་འོས་པ་དང་ལྟག་ཆོད་དང་ལྡན་པའོ། །དུས་ཚིགས་མ་ཡིན་པར་སྨྲ་བ་ནི་གང་ལྟར་སྨྲ་བར་བྱ་བ་དེ་ཕྱིས་སྨྲ་བར་བྱ་བ་དེ་སྔར་སྨྲ་བའོ། །མི་བརྟན་པ་ནི་དམ་བཅས་ནས་འདོར་བ་དང་དོར་ནས་སླར་ཡང་དམ་འཆའ་བ་སོགས་དང་མྱུར་ཆེས་པས་ཧ་ཅང་ཏབ་ཏབ་པོར་གྱུར་པ་སོགས་སོ། །མི་གསལ་བ་ནི་བརྡ་སྤྲོད་པའི་གཞུང་དང་འགལ་བ་དང་ཕྱིར་རྒོལ་གྱིས་སུན་འབྱིན་བརྗོད་མ་ཟིན་པར་ལན་སྨྲ་བ་དང་ལེགས་སྦྱར་གྱི་སྐད་ཀྱིས་མགོ་བརྩམས་ནས་རང་བཞིན་གྱི་སྐད་ཀྱིས་མཐར་དབྱུང་བ་སོགས་སོ། །ཚིག་རྒྱུན་ཆགས་པ་མ་ཡིན་པ་ནི་བར་སྐབས་སུ་ཚིག་དང་སྤོབས་པ་ཐོགས་པ་རྒྱུན་ཆད་པའོ། །དྲུག་པ་སྨྲ་བ་ལས་ངེས་པར་འབྱུང་བ་ནི་སྨྲ་བའི་སྐྱོན་ཡོན་བརྟགས་ནས་སྨྲ་བར་མི་བྱེད་པ་སྟེ། དེ་ལ་ཕྱིར་རྒོལ་བ་སྣོད་མ་ཡིན་པ་ནི་ཉེས་པའི་གནས་ནས་བསླང་ནས་ཡོན་ཏན་གྱི་གནས་སུ་བཞག་པར་མི་ནུས་པའོ། །འཁོར་ཡོན་ཏན་མེད་པ་ནི་ཚིག་དོན་གྱི་རྣམ་དབྱེ་མི་གོ་བ་དང་གཟུ་བོར་མི་གནས་པ་སོགས་སོ། །བདག་ཀྱང་རང་གཞན་གྱི་གྲུབ་མཐའ་ལ་མི་མཁས་པ་ལ་སོགས་པར་རིག་ནས་སྨྲ་བར་མི་བྱ་ཞིང་། དེ་གསུམ་ལས་བཟློག་ནས་སྨྲ་བར་བྱའོ། །

བདུན་པ་སྨྲ་བ་ལ་གཅེས་སྤྲས་སུ་བྱེད་པའི་ཆོས་རྣམས་ལ་གཉིས་ལས་དངོས་ནི་གང་དག་སྨྲ་བ་རྣམས་ལ་གདོན་མི་ཟ་བར་དགོས་པ་སྟེ། དེ་ལ་བདག་དང་གཞན་གྱི་གཞུང་ལུགས་ལ་མཁས་པས་ནི་གཏམ་གྱི་གཞི་ཐམས་ཅད་དུ་སྨྲ་བར་བྱེད་དོ། །མི་འཇིགས་པས་ནི་གང་གིས་འཁོར་མཁས་པ་དང་བཙུན་པར་གྲགས་པ་ཐམས་ཅད་དུ་སྨྲ་བར་བྱེད་དོ། །སྤོབས་པས་ནི་གང་གིས་དྲིས་པ་ཐམས་ཅད་དུ་ལན་གདབ་པ་ཤེས་སོ། །ལེགས་པར་འདོད་པ་ལ་མི་བརྩོད་པར་གདམས་པ་ནི་ཡང་བདག་ཉིད་གནས་སྐབས་མཐར་ཐུག་ཏུ་བདེ་ལེགས་སུ་འདོད་པ་རྣམས་ཀྱིས་སྨྲ་བའི་ཚུལ་ཇི་སྐད་བསྟན་པ་དེ་དག་ཤེས་པར་བྱའི་གཞན་དག་ལ་བརྩད་ཅིང་སྨྲ་བར་ནི་མི་བྱ་སྟེ། བརྩོད་པ་ཕལ་ཆེ་བ་ཆོས་སུ་མི་འགྱུར་བའི་ཕྱིར་རོ། །དེའི་ཤེས་བྱེད་ནི་བཅོམ་ལྡན་འདས་ཅེས་སོགས་ཏེ། བྱང་ཆུབ་སེམས་དཔའ་ཐོས་པ་སོགས་དགེ་བའི་ཕྱོགས་ལ་བརྩོན་པ་དེ་ཡང་ཀུན་ཤེས་པའི་བསམ་པས་ཡིན་གྱི་རྙེད་བཀུར་ལ་སོགས་པའི་ཕྱིར་མ་ཡིན་པས་ནན་ཏན་སྙིང་པོར་བྱེད་པ་རང་གཞན་ལ་ཕན་པར་ཞུགས་པས་སེམས་ཅན་བསྡུད་པ་སོགས་སོ། །

གནས་བཅུ་གཉིས་ནི་དམ་པའི་ཆོས་དོན་གྱི་མཆོག་དང་ལྡན་པའི་ཐེག་པ་ཆེན་པོ་ནི་རང་བཞིན་གྱིས་ཟབ་པའི་ཕྱིར་མི་བརྩོད་པར་སྨྲས་སུ་ཟིན་ཀྱང་ཇི་ལྟ་བ་བཞིན་བཤད་པ་དང་ཀུན་ཤེས་པ་དཀོན་ན་བརྩོད་པས་བཤད་པ་ལྟ་སྨོས་ཀྱང་ཅི་དགོས་པ་དང་གང་དང་ལྷན་ཅིག་བརྩོད་པས་སྨྲ་བ་དེ་དག་ཀྱང་ཀུན་ཤེས་པར་བྱ་བའི་བསམ་པས་སྨྲ་བ་དཀོན་ན་སྐྱོན་གདགས་པའི་བསམ་པས་སྨྲ་བ་དང་ཉན་པ་པོ་ཚོགས་པ་ཡང་མཁས་ཤིང་བརྟག་དཔྱད་བྱེད་པའི་རྟོགས་པ་དང་ལྡན་པ་དཀོན་ན་ཕྱོགས་ཞེན་ཅན་ནོ། །གང་སྨྲ་བ་བྱ་བ་ཐམས་ཅད་ཀྱང་ཕལ་ཆེར་ཉེས་པ་དྲུག་དང་ལྡན་པ་ཡིན་གྱི་ཉེས་པ་དྲུག་སྤངས་ཏེ་སྨྲ་བ་དཀོན་པ་ཡིན་ཏེ། འདི་ལྟར་རེས་འགའ་བྱུང་རྒྱལ་དུ་ཕྱོགས་ངན་པ་ཡང་ཡོངས་སུ་འཛིན་ཅིང་མངོན་པར་ཞེན་པ་དང་ཚིག་དོར་བ་དང་ལྟག་ཆོད་དང་ཚར་བཅད་ཀྱི་གནས་ལ་སྦྱོར་བ་སོགས་ངན་གཡོའི་སྨྲ་བ་དང་ཚིག་རྫོགས་པར་མི་སྡོད་པར་དུས་མ་ཡིན་པར་གཏམ་དང་སྨྲ་བ་ལ་སྦྱོར་བ་དང་ཕྱིར་རྒོལ་བས་ལེགས་པར་སྨྲས་ཀྱང་གཏམ་ཁྱད་པར་དུ་གསོད་ཅིང་སྨོད་པ་དང་ཚིག་རླང་པོས་ཕྱིར་རྒོལ་བའི་སེམས་འཁྲུག་པར་བྱེད་པ་དང་བདག་ཀྱང་དེ་རྣམས་ལ་ཡིད་འཁྲུག་པའི་ཉེས་པ་སྟེ་དྲུག་པོ་དེ་དང་ལྡན་པ་ཡིན་ལ་དེ་དག་ནི་གནས་ལྔ་པ་ཡིན་ནོ། །དགའ་བ་དང་ཁྲོ་བས་རྣམ་པར་གཡེངས་པས་འཁྲུག་པ་མེད་པར་ཉེ་བར་ཞི་བས་སྨྲ་བ་དཀོན་པ་དང་གཞན་དད་པ་ཐོབ་པར་འགྱུར་བའི་སྒོ་ནས་གཞན་གྱི་སེམས་བསྲུང་ཞིང་སྨྲ་བ་དཀོན་པ་དང་རང་གི་རྣམ་པར་གྲོལ་བའི་གནས་ཏིང་ངེ་འཛིན་རྗེས་སུ་བསྲུང་ཞིང་སྨྲ་བ་དཀོན་ཏེ་སྨྲ་བའི་ཚེ་ཕལ་ཆེར་དགའ་བའམ་ཁྲོས་པས་རྣམ་པར་གཡེང་བར་འགྱུར་བའི་ཕྱིར་རོ། །རང་རྒྱལ་བའམ་གཞན་ཕམ་པར་འདོད་པའི་སེམས་མེད་པ་དཀོན་ལ་དེ་ཡོད་ན་སེམས་ཡོངས་སུ་གདུང་བས་ཀུན་ནས་ཉོན་མོངས་པ་མེད་པ་དཀོན་པ་དང་སེམས་བདེ་བ་ལ་རེག་པར་གནས་པ་དཀོན་པ་དང་རེག་པར་མི་གནས་པ་ཡང་དགེ་བའི་ཆོས་རྣམས་ལ་རྒྱུན་མི་འཆད་དུ་སྒོམ་པ་དཀོན་པ་དང་དེའི་ཕྱིར་ཁྱད་པར་ཐོབ་པར་བྱ་བ་ལ་མ་ཐོབ་པའི་ཡོངས་སུ་ཉམས་པར་འགྱུར་རོ། །དེ་བས་ན་དགེ་བའི་ཆོས་ཅེས་སོགས་དཀོན་པའོ་ཞེའོ།། །།

བདུན་པ་ལྡེམ་པོར་དགོངས་པ་རྣམ་པར་ངེས་པ་ནི་བསྒྱུར་བ་ལ་ལྡེམ་པོར་དགོངས་པ་སྟེ་དེ་ལ་གཉིས་ལས། མཚན་ཉིད་ནི་མིང་ཚིག་ཡི་གེའི་ཚོགས་ཀྱིས་གྲགས་པ་དོན་གཞན་དུ་ཡོངས་སུ་བསྒྱུར་བའོ། །མདོ་སྡེའི་ངག་དཔེར་བརྗོད་པ་ལ་བཞི་ལས། སྡིག་ཏོ་དག་པར་བསྒྱུར་བ་ནི། ཇི་སྐད་དུ་ཕ་དང་མ་ནི་ཞེས་སོགས་ལྟ་བུ་སྟེ། ཚིགས་སུ་བཅད་པ་འདིས་ནི་འཇིག་རྟེན་ན་གང་ཤིན་ཏུ་སྡིག་ཏོ་ཆེ་བར་བརྗོད་པའི་ཡི་གེ་རྣམས་རྣམ་པར་དག་པར་ཡོངས་སུ་བསྒྱུར་བའོ། །དེ་ལ་འཇིག་རྟེན་ན་ཤིན་ཏུ་ཁ་ན་མ་ཐོ་བར་གྲགས་པ་ནི་སྐྱེ་བོ་བླ་མ་གསོད་པ་དང་། སྐྱེ་བོ་ཕལ་པོ་ཆེ་གསོད་པའོ། །སྐྱེ་བོ་བླ་མ་ཡང་གཉིས་ཏེ་སོ་སོར་ངེས་པ་དང་འཇིག་རྟེན་ཐུན་མོང་བའིའོ། །དང་པོ་ནི་ཕ་མའོ། །གཉིས་པ་ལ་ཡོངས་སུ་སྐྱོང་བར་བྱེད་པ་དང་སྦྱིན་གནས་གཉིས་ལས། དང་པོ་ནི། རྒྱལ་པོ་ཡིན་ལ། གཉིས་པ་ནི། བྲམ་ཟེ་གཙང་སྦྲ་ཅན་རྣམས་ཏེ། དེ་དག་ནི་ཤིན་ཏུ་དག་པར་གྲགས་པའི་ཕྱིར་རོ། །དེ་དག་ཐམས་ཅད་བསད་ན་སྐྱེ་བོ་བླ་མ་གསོད་པ་ཅེས་བྱའོ། །སྐྱེ་བོ་ཕལ་པོ་ཆེ་ནི་ཡུལ་འཁོར་གྱི་སྐྱེ་བོ་རྣམས་དང་དེའི་འཁོར་བ་ལང་རྟ་དང་རྔ་མོ་སོགས་དང་བཅས་པ་བཅོམ་ཞིང་མེད་པར་བྱས་པའོ། །ཡི་གེ་འདི་རྣམས་རྣམ་པར་དག་པར་བསྒྱུར་བ་ནི་ཕ་ནི་འཕེན་བྱེད་ཀྱི་ལས་དང་མ་ནི་མངོན་པར་འགྲུབ་བྱེད་ཀྱི་སྲེད་པ་དང་རྒྱལ་པོ་ནི་ཉེར་ལེན་དང་བཅས་པའི་རྣམ་ཤེས་དང་གཙང་སྦྲ་ཅན་ནི་མཆོག་འཛིན་གཉིས་དང་ཡུལ་འཁོར་ནི་སྐྱེ་མཆེད་དྲུག་དང་འཁོར་དང་བཅས་པ་ནི་དེ་ཡུལ་དང་བཅས་པ་སྟེ། དེ་ལྟར་ན། ལས་དང་སྲེད་པ་སྤང་བྱ་ཞིང་། །ཉེར་ལེན་རྣམ་ཤེས་མཆོག་འཛིན་གཉིས། །སྐྱེ་མཆེད་ཡུལ་དང་བཅས་བཅོམ་ན། །མི་དེ་དག་པར་འགྱུར་ཞེས་བྱ། །ཞེས་པའི་དོན་འདིར་འགྱུར་རོ། །

ངན་པ་མཆོག་ཏུ་བསྒྱུར་བ་ནི། ཡང་ཡིད་མི་ཆེས་ཅེས་སོགས་ཏེ། འདིས་ནི་དོན་ངན་པ་བརྗོད་པའི་ཡི་གེ་རྣམས་མཆོག་གི་དོན་དུ་ཡོངས་སུ་བསྒྱུར་བའོ། །དེ་ལ་འཇིག་རྟེན་ན་ངན་པར་གྲགས་པ་ནི་ཡིད་ཀྱི་ལས་ངན་པ་དང་ལུས་ཀྱི་ལས་ངན་པ་དང་ངག་གི་ལས་ངན་པ་དང་ལོངས་སྤྱོད་ངན་པ་དང་བཞིའོ། །དང་པོ་ལ་གཉིས་ཏེ་དགེ་བ་ལ་འཇུག་པ་དང་མི་མཐུན་པ་འཇིག་རྟེན་ཕ་རོལ་སོགས་ལ་ཡིད་མི་ཆེས་པས་སྦྱིན་སོགས་ལ་མི་སྦྱོར་བ་དང་མི་དགེ་བ་ལ་འཇུག་པ་དང་མཐུན་པ་བྱས་པ་མི་བཟོ་བ་སྔོན་ཕན་བཏགས་པ་ལ་མི་ལྟ་བར་གསོད་པ་སོགས་ཉེས་སྤྱོད་ལས་མི་ལྡོག་པའོ། །གཉིས་པ་ནི། མི་གང་ཁྱིམ་འབིགས་བྱེད་པའི་རྐུན་པོ་སྟེ་འཚོ་བ་ཤིན་དུ་སྨད་པའི་ཕྱིར་རོ། །གསུམ་པ་ནི། བདེན་པའི་གོ་སྐབས་བཅོམ་སྟེ་རྫུན་དུ་སྨྲ་བ་ལྷུར་ལེན་པ་སྟེ་དེ་ལྟ་བུ་དང་ལྡན་པ་ནི་ཚོགས་པ་སོགས་ཀྱི་ནང་དུ་འཇུག་ཏུ་མི་རུང་བའི་ཕྱིར་རོ། །བཞི་པ་ནི། ཁྱི་དང་བྱ་རོག་དང་ཡི་དྭགས་ལ་སོགས་པ་སྟེ་དེ་དག་ནི་སྐྱུགས་པ་ཟ་བའི་ཕྱིར་རོ། །དེ་རྣམས་མཆོག་ཏུ་བསྒྱུར་བ་ནི་ཡིད་མི་ཆེས་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་ལྡན་པས་རང་གིས་ཡིད་ཆེས་པའི་ཕྱིར་རོ། །བྱས་པ་མི་གཟོ་བ་ནི་འདུས་མ་བྱས་པ་དང་མྱ་ངན་ལས་འདས་པ་ཤེས་པའི་ཕྱིར་རོ། །ཁྱིམ་འབིགས་བྱེད་པ་ནི་ཡང་སྲིད་པར་འཚམས་སྦྱོར་བའི་རྒྱུ་ཉོན་མོངས་པ་སྤངས་པའི་ཕྱིར་རོ། །གོ་སྐབས་བཅོམ་པ་ནི་ཕྱི་མ་ལ་འགྲོ་བ་ཐམས་ཅད་དུ་སྡུག་བསྔལ་མངོན་པར་འགྲུབ་པའི་གོ་སྐབས་མེད་པའི་ཕྱིར་རོ། །སྐྱུགས་པ་ཟ་བ་ནི་མཐོང་བའི་ཆོས་ལ་ཡོ་བྱད་ཀྱི་སྟོབས་ཀྱིས་ལུས་འཛིན་ཀྱང་ལོངས་སྤྱོད་དང་སྲོག་ལ་རེ་བ་མེད་པའི་ཕྱིར་རོ། །དེ་ལྟ་བུ་དང་ལྡན་པ་ནི་སྐྱེས་བུ་མཆོག་ཡིན་ནོ། །སྲིད་རྒྱུ་བྱང་ཆུབ་ཆེན་པོར་བསྒྱུར་བ་ནི་སྙིང་པོ་མེད་ཅེས་སོགས་ལྟ་བུ་སྟེ་དེ་ལ་སྙིང་པོ་ནི་རྣམ་གཡེང་ཡིན་ལ་དེ་མེད་པ་ལ་སྙིང་པོར་ཤེས་པ་ནི་དེ་མེད་པའི་ཏིང་ངེ་འཛིན་ལ་བརྟེན་ཞེས་པའོ། །རྟག་བདེ་སོགས་ལས་ཕྱིན་ཅི་ལོག་པ་མི་རྟག་སོགས་ལ་ཤིན་ཏུ་གནས་པ་ནི་ཡང་དག་པའི་ཡེ་ཤེས་ཐོབ་པའོ། །གཞན་དོན་གྱི་དཀའ་སྤྱད་ཀྱིས་མ་བླངས་པར་ཉོན་མོངས་པས་ཀུན་ནས་རབ་ཏུ་ཉོན་མོངས་པ་ནི་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་ལ་འབད་པའོ། །དེ་ལྟར་ཚོགས་གཉིས་ལ་འབད་ན་བྱང་ཆུབ་དམ་པ་སངས་རྒྱས་ཐོབ་པར་འགྱུར་རོ། །

མི་མཐུན་ཕྱོགས་གཉེན་པོར་བསྒྱུར་བ་ནི་གཉིས་ལས། སྦྱིན་པའི་དབང་དུ་བྱས་པ་ནི། ཡང་ཇི་སྐད་དུ་ཅེས་སོགས་ལྟ་བུ་སྟེ་སེར་སྣའི་ཆོས་ཉིད་འཕེལ་བར་བྱེད་པ་ནི་བག་ཆགས་དང་བཅས་པའི་སེར་སྣའི་བག་ལ་ཉལ་སྤངས་པས་དེའི་དེ་བཞིན་ཉིད་གནས་གྱུར་པ་མངོན་དུ་བྱེད་པའི་ཕྱིར་རོ། །སྦྱིན་པས་ཡོངས་སུ་སྐྱོ་བ་ནི་ཡུན་རིང་པོར་མགོ་བོ་ཕངས་པ་གཏོང་བ་ལ་སོགས་པས་སྐྱོ་སྐྱོ་ལྟར་བྱེད་པའི་ཕྱིར་རོ། །སློང་བ་ལ་ཚིག་པ་ཟ་བ་ནི་རང་གིས་ལེན་པར་འདོད་པས་སློང་བ་དང་མི་མཐུན་པའི་ཕྱིར་རོ། །རེས་འགའ་ཅི་ཡང་མི་སྦྱིན་པ་ནི་དངོས་པོ་ཐམས་ཅད་རྟག་ཏུ་སྦྱིན་པའི་ཕྱིར་རོ། །སྦྱིན་པ་ལས་རིང་དུ་གྱུར་པ་ནི་ཉེ་དུ་ལ་སྦྱིན་པ་དང་ལན་ལ་རེ་བ་སོགས་མ་དག་པའི་སྦྱིན་པ་རིང་དུ་སྤངས་པའི་ཕྱིར་རོ། །

ཚངས་སྤྱོད་ཀྱི་དབང་དུ་བྱས་པ་ནི། ཡང་ཞེས་སོགས་ལྟ་བུ་སྟེ་འཁྲིག་པའི་དེ་བཞིན་ཉིད་རྟོག་པ་ལས་གཞན་དུ་དེ་ལས་ངེས་པར་འབྱུང་བའི་ཐབས་མི་ཚོལ་བ་ནི་དེ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ནས་སྤོང་བའི་ཕྱིར་རོ། །དེ་སྤོང་བ་ལ་གཡེལ་བ་ནི་མི་ཚངས་སྤྱོད་སྤོང་བའི་ཐབས་ལ་རྟོག་པའི་ཕྱིར་རོ། །འཁྲིག་པའི་འདོད་ཆགས་སྐྱེས་པ་དང་དུ་ལེན་པ་ནི་འདོད་པའི་འདོད་ཆགས་ནང་དུ་སྐྱེས་པ་ཕྱི་རོལ་དུ་སྤོང་བའི་ཕྱིར་རོ། །དེའི་གཉེན་པོའི་ཆོས་ཀྱིས་སྐྲག་པ་ནི་དེའི་གཉེན་པོའི་ཆོས་ཀྱིས་སེམས་ཅན་ཐམས་ཅད་བསྒྲལ་བའི་དོན་དུ་རྩོལ་བའི་ཕྱིར་རོ། །རྒྱུན་མི་འཆད་པར་གཉིས་ཀྱིས་གཉིས་སྦྱོར་བ་ནི་ཞི་གནས་ལྷག་མཐོང་གཉིས་ཀྱིས་བདེན་བཞི་ལ་དམིགས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ལ་སྙོམས་པར་འཇུག་པའོ། །ཆོས་མངོན་པར་ཀུན་ལས་བཏུས་པའི་རྒྱ་ཆེར་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ་ལས་འབེལ་བའི་གཏམ་རྣམ་པར་ངེས་པ་སྟེ་ཀུན་ལས་བཏུས་པ་ལྔ་པའི་བཤད་པའོ།། །།

གསུམ་པ་བསྟན་བཅོས་ཀྱི་མིང་དོན་བཤད་པར་བཞེད་ནས་དྲི་བ་ནི་བསྟན་བཅོས་འདི་ཞེས་སོགས་སྨོས་སོ། །ལན་ནི་ངེས་ཚིག་གི་ཚུལ་གྱིས་རྟོགས་ནས་བསྡུས་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་འཕགས་པ་ཐོགས་མེད་ཀྱིས་དེ་ཁོ་ན་ཉིད་རྟོགས་ནས་མདོར་བསྡུས་ཞེས་བྱ་བའི་དོན་ནོ། །ཡང་ཆོས་མངོན་པའི་མདོ་ཀུན་ནས་བསམས་པའི་གནས་ཐམས་ཅད་དུ་བཏུས་པའི་ཕྱིར་རོ། །ཡང་དག་པར་མཐོང་བའི་གནས་ཉིད་ཡིན་པའི་ཕྱིར་ཏེ། ཕྱིན་ཅི་མ་ལོག་པའི་ཐབས་ཀྱིས་སངས་རྒྱས་པའི་བར་དུ་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ལ་དང་པོས་ནི་བསྟན་བཅོས་རྩོམ་པའི་རྒྱུ་མ་རྟོགས་པ་དང་ལོག་པར་རྟོག་པ་སོགས་ཀྱིས་ཀུན་ནས་བསླང་བ་བསལ་བ་ཡིན་ནོ། །གཉིས་པས་ནི་རང་གཟོའི་གནས་སྤངས་པ་ཡིན་ནོ། །གསུམ་པས་ནི་ཉིང་དགོས་ཁྱད་པར་ཅང་དང་ལྡན་པར་བསྟན་པ་ཡིན་ནོ། །ཆོས་མངོན་པ་ཀུན་ལས་བཏུས་པ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་རྫོགས་སོ།། །།

མཁའ་འགྲོའི་དབང་པོ་མཁའ་ལ་སྤྱོད་པའི་མཚན་མ་རྗེས་སུ་མཐོང་གྱུར་ནས། །འདབ་མ་ཤིན་ཏུ་རྒྱས་པ་མིན་པའང་དེ་ཡི་རྗེས་སུ་སློབ་པ་ལྟར། །བློ་གྲོས་སྟོབས་ལྡན་སྔོན་རབས་མཁས་པས་ཡང་ཡང་དཔྱད་པའི་རྗེས་འབྲངས་ནས། །བསྟན་བཅོས་རྩོམ་པའི་ཚད་ལྡན་མིན་ཡང་གཞན་གྱིས་བསྐུལ་ཕྱིར་ངས་འདི་སྦྱར། །ཇི་ལྟར་སྦྲུལ་གདུག་འཁྱིལ་པའི་ཡུལ་ན་སྒྲོན་མེའི་འོད་ནི་མི་གསལ་ཞིང་། །དུག་གི་ལྗོན་ཤིང་རྒྱས་པའི་ས་ཆར་སྨན་གྱི་མྱུ་གུ་མཐུ་ཆུང་ལྟར། །གང་གི་བློ་མིག་ཕྲག་དོག་གིས་དཀྲུགས་སྐྱེ་བོའི་འདུན་སར་འདི་དམན་ཞིང་། །རྣམ་མང་སྒོ་ནས་སྨོད་པར་བྱེད་ཀྱང་འདི་ལ་ཉེས་པ་ཅུང་ཟད་མེད། །ལེགས་པར་སྦྱངས་པའི་བློ་གྲོས་དང་ལྡན་གཟུ་བོར་གནས་པའི་མཁས་རྣམས་ཀྱིས། །གལ་ཏེ་འདི་ལ་ཉེས་པར་གཟིགས་ན་དེ་ལ་ཁོ་བོ་ཤིན་ཏུ་གནོངས། །དེ་ཕྱིར་འདི་ལ་ལེགས་པར་བཤད་གང་མཚུངས་མེད་བླ་མའི་བཀའ་དྲིན་སྟེ། །ཉེས་པ་ཟིན་གང་བདག་བློས་ནོངས་ཀྱི་མཁས་པ་རྣམས་ཀྱིས་བཟོད་པར་མཛོད། །འདིར་འབད་དགེ་བ་སྟོན་ཀའི་ཟླ་དང་གངས་རིའི་དུམ་བུ་ལྟར་དཀར་བ། །ཅུང་ཞིག་ཐོབ་དང་གཞན་ཡང་བདག་གིས་དུས་གསུམ་བསགས་པའི་དགེ་བ་ཀུན། །མ་ལུས་བློ་ཡིས་གཅིག་ཏུ་བསྡོམས་ནས་དཔལ་ལྡན་བྱང་ཆུབ་རྩེ་མོ་སོགས། །ཆོས་རྗེ་བདེ་གཤེགས་ཚོགས་ལ་འབུལ་ལོ་ཐུགས་དགོངས་ཡོངས་སུ་རྫོགས་གྱུར་ཅིག །

དེ་ལྟར་ཕུལ་བའི་དགེ་བ་འདི་དང་གཞན་ཡང་བདག་གི་དགེ་བ་ཀུན། །རབ་འབྱམས་ཞིང་ན་མངོན་སུམ་བཞུགས་པའི་རྒྱལ་བ་སྲས་དང་བཅས་རྣམས་ལ། །རབ་ཏུ་དང་བའི་སེམས་ཀྱིས་འབུལ་ལོ་དེ་དག་རྣམས་ཀྱི་སྤྱན་སྔ་རུ། །ཀུན་དུ་བཟང་པོའི་རྣམ་འཕྲུལ་ཇི་བཞིན་མཆོད་པའི་སྤྲིན་ཕུང་འབྱུང་གྱུར་ཅིག །དེ་ལྟར་ཕུལ་བའི་དགེ་བ་འདི་དང་གཞན་ཡང་བདག་གི་དགེ་བ་ཀུན། །ཕ་མས་ཐོགས་དྲངས་མཁའ་མཉམ་འགྲོ་ལ་བརྩེ་བའི་ཡིད་ཀྱིས་སྦྱིན་པར་བགྱི། །མཐའ་མེད་འཁོར་བའི་སྡུག་བསྔལ་འདི་ལས་འབད་མེད་མྱུར་དུ་གྲོལ་གྱུར་ནས། །བླ་མེད་ཐར་པའི་གོ་འཕང་མཆོག་དེ་དེ་དག་རྣམས་ཀྱིས་མྱུར་ཐོབ་ཤོག། །།

ཆོས་མངོན་པ་ཀུན་ལས་བཏུས་པའི་རྒྱ་ཆེར་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ་ཞེས་བྱ་བ་འདི་ནི་མཁས་པའི་དབང་པོ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་ལེགས་པར་བཤད་པའི་བཀའ་སྲོལ་དང་། དེ་ཉིད་ཀྱི་སྲས་ཀྱིས་ཐུ་བོ་སའི་སྟེང་ན་འགྲན་གྱི་ཟླ་ཐམས་ཅད་དང་བྲལ་བའམ་ཐམས་ཅད་མཁྱེན་པ་དཔལ་ལྡན་བྱང་ཆུབ་རྩེ་མོའི་གསུང་གི་བདུད་རྩི་ལ་བརྟེན་ནས། ཐེག་པ་ཆེ་ཆུང་གི་མངོན་པའི་སྡེ་སྣོད་ལ་བློ་གྲོས་ཀྱི་སྣང་བ་ཐོབ་ཅིང་གཞན་ཡང་བདེ་བར་གཤེགས་པའི་གསུང་རབ་མཐའ་དག་གི་དོན་ཚུལ་བཞིན་དུ་འབྱེད་པ་ལ། གཞན་གྱིས་དྲིང་མི་འཇོག་པའི་བློ་གྲོས་ཀྱི་སྤོབས་པ་དགེ་བ་ཅན་ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་རིགས་གཟུགས་ལ་སོགས་མཐོ་རིས་ཀྱི་ཡོན་ཏན་རྣམས་དང་ལྡན་ཞིང་གཏོང་བ་དང་ཐོས་པ་ལ་སོགས་པའི་འཕགས་པའི་ནོར་གྱིས་འབྱོར་བའི། སློབ་དཔོན་ཆེན་པོ་ནམ་མཁའ་རིན་ཆེན་པའི་དྲུང་ནས་བདག་རྐྱེན་མཛད་དེ། ཤར་རྒྱལ་མོ་རོང་ས་ཀུན་མཁྱེན་ཤེས་རབ་འོད་ཟེར་དང་། བྱང་ཙོང་ཁ་པ་བཀའ་བཞི་འཛིན་པ་བློ་བཟང་གྲགས་པ་ལ་སོགས་པ་རང་གི་སློབ་མ་སྡེ་སྣོད་འཛིན་པ་དུ་མས་བསྐུལ་བའི་ངོར། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་དབུ་གཙུགས་ཏེ་དཔལ་ངམ་རིངས་ཀྱི་ཆོས་གྲྭ་ཆེན་པོར་རྫོགས་པར་སྦྱར་བའོ། །འདིས་བསྟན་པ་དང་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པར་གྱུར་ཅིག །


no previousདམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་རྒྱ་ཆེར་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ། སྨད་ཆ། next