Nitartha Digital Library
Tibetan
 
previousདམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་སྙིང་པོ་ལེགས་བཤད་ནོར་བུའི་ཕྲེང་བ།no next

དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་སྙིང་པོ་ལེགས་བཤད་ནོར་བུའི་ཕྲེང་བ།

དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་སྙིང་པོ་ལེགས་བཤད་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

བཅོམ་ལྡན་འདས་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་གི་དམིགས་མེད་བྱམས་པའི་མདའ་ཆེན་གྱིས། །འཇིགས་པའི་སྒྲ་སྒྲོག་མི་སྡུག་གཟུགས་འཆང་བ། །དཀྲིས་ཕྲག་བཅུ་གཉིས་མེ་ཏོག་མདའ་ཅན་དཔུང་། །འཇོམ་མཛད་ཐུབ་ཆེན་དཔའ་བོ་དེ་ལ་འདུད། །ཡོངས་འཛིན་བླ་མའི་བཀའ་ཡིས་བསྐུལ་བ་དང་། །དད་བརྩོན་བློ་༼གསལ་བཤེས་གཉེན་དུ་མ་ཡིས༽དང་ལྡན་པའི་བཤེས་གཉེན་འགས། །གུས་བཅས་ཚིག་གིས་གསོལ་བ་བཏབ་པའི་ངོར། །བློ་གསལ་བློ་ཡི་མགུལ་པ་བརྒྱན་པའི་ཕྱིར། །ཆོས་མངོན་ཆུ་གཏེར་རྣམ་དཔྱོད་སྲུབ་ཤིང་གིས། །བསྲུབས་ལས་བྱུང་བའི་ལེགས་བཤད་རིན་ཆེན་རྣམས། །སྡེབ་ལེགས་ངག་གི་སྲད་བུ་ལ་བརྒྱུས་ཏེ། །ལེགས་བཤད་ནོར་བུའི་ཕྲེང་བ་འདི་སྤེལ་ལོ། །ཇི་སྐད་དུ་མཛོད་ལས། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཉོན་མོངས་པས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་འཁྱམས་ཏེ། །དེ་བས་དེ་ཕྱིར་འདི་ནི་སྟོན་པས་གསུངས་སོ་ལོ། །ཞེས་གསུངས་པ་ལྟར་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཚུལ་བཞིན་དུ་སོ་སོར་རྣམ་པར་འབྱེད་པའི་ཤེས་རབ་མེད་པར་ནི་སྲིད་པའི་རྩ་བ་ཀུན་ཏུ་རྨོངས་པ་གཅད་པར་མི་ནུས་ལ། ཆོས་མངོན་པའི་སྡེ་སྣོད་མེད་པར་ཡང་གནས་ལུགས་ཚུལ་བཞིན་དུ་འབྱེད་པའི་ཤེས་རབ་བསྐྱེད་པར་མི་ནུས་པས་དེའི་ཕྱིར་བདག་ལེགས་སུ་འདོད་པ་དག་གིས་ཆོས་མངོན་པའི་སྡེ་སྣོད་ལ་ཐོས་པ་ལ་སོགས་པས་རིམ་གྱིས་ཞུགས་ཏེ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་པར་བྱ་བ་ཡིན་ནོ། །

དེ་ལྟར་ན་དང་པོའི་ལས་ཅན་རྣམས་ཆོས་མངོན་པའི་སྡེ་སྣོད་ལ་འཇུག་པའི་ཡན་ལག་ཏུ་ཉུང་ཞིང་ཤིན་ཏུ་གསལ་བའི་ཚིག་གིས་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་མདོར་བསྡུས་ནས་སྟོན་པའི་བསྟན་བཅོས་འདི་འབྲི་བར་བྱའོ། །དེ་ལ་སྤྱིར་ཆོས་མངོན་པ་ནི་རྣམ་པ་གཉིས་ཏེ། དོན་དམ་པ་དང་། བརྡར་བཏགས་པའི་ཆོས་མངོན་པའོ། །དང་པོའི་མཚན་ཉིད་ནི། ཟག་པ་མེད་པའི་ཤེས་རབ་རྗེས་འབྲང་དང་བཅས་པའོ། །མཚན་གཞི་ནི། མཐོང་ལམ་ལ་སོགས་པའི་འཇིག་རྟེན་ལས་འདས་པའི་ལམ་རྣམས་སོ། །གཉིས་པའི་མཚན་ཉིད་ནི། དོན་དམ་པའི་ཆོས་མངོན་པ་དེ་ཐོབ་པའི་ཐབས་སུ་གྱུར་པའི་ལམ་དང་གཞུང་གི་ཚོགས་གང་ཡང་རུང་བའོ། །དེ་ལ་ལམ་ནི་ཚོགས་སྦྱོར་གྱིས་བསྡུས་པའི་ཟག་བཅས་ཀྱི་ཤེས་རབ་རྗེས་འབྲང་དང་བཅས་པ་ཡིན་ལ། གཞུང་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་གཙོ་བོར་སྟོན་པར་བྱེད་པའི་མདོ་དང་དེ་དག་གི་དགོངས་པ་འགྲེལ་བའི་གཞུང་ཇི་སྙེད་པ་རྣམས་སོ། །དེ་ལ་འདིར་གཞུང་མངོན་པའི་བརྗོད་བྱ་གཏན་ལ་འབེབས་པ་ལ་གཉིས་ཏེ། ཆོས་གསུམ་སྤྱིར་གཏན་ལ་དབབ་པ་དང་། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ཆོས་གསུམ་སོ་སོའི་མཚན་ཉིད། དབྱེ་བ། རྣམ་གཞག རྣམ་པའི་རབ་དབྱེ་དང་བཞིས་རིག་པར་བྱའོ། །དང་པོ་ལ་ཡང་གསུམ་ལས། ཕུང་པོའི་མཚན་ཉིད། རིགས་མཐུན་ཇི་སྙེད་པ་བློས་གཅིག་ཏུ་བསྡོམས་པ། ཁམས་ཀྱི་མཚན་ཉིད། བྱུང་ཟིན་གྱི་ཉེར་སྤྱོད་གནས་དང་དམིགས་པ་ངོ་བོ་ཉིད་གང་རུང་གིས་འཛིན་པ་མངོན་གྱུར་རམ་ས་བོན། སྐྱེ་མཆེད་ཀྱི་མཚན་ཉིད། འབྱུང་འགྱུར་གྱི་ཉེར་སྤྱོད་གནས་དང་དམིགས་པ་གང་རུང་གིས་སྐྱེ་བའི་སྒོ་འབྱེད་པ་མངོན་གྱུར་རམ་ས་བོན་ནོ། །གཉིས་པ་དབྱེ་བ་ལ་གསུམ་ལས། དང་པོ་ཕུང་པོའི་དབྱེ་བ་ལ་གཉིས་ཏེ། གཉིས་སུ་དབྱེ་བ་དང་། ལྔར་དབྱེ་བའོ། །དང་པོ་ནི་ཟག་བཅས་དང་ཟག་མེད་ཀྱི་ཕུང་པོ་གཉིས་སམ། ཉེ་བར་ལེན་པ་དང་། ཉེར་ལེན་མེད་པའི་ཕུང་པོ་གཉིས་སོ། །དེ་ལ་ཟག་བཅས་དང་ཉེར་ལེན་གྱི་ཕུང་པོ་དོན་གཅིག་པས་དེ་དག་གི་མཚན་ཉིད། འདོད་འདུན་གྱི་མཚན་ཉིད་ཅན་གྱི་ཉེར་ལེན་གྱི་སྒོ་དྲུག་གང་རུང་དང་འབྲེལ་བ། ཟག་མེད་ཀྱི་ཕུང་པོ་དང་ཉེར་ལེན་མེད་པའི་ཕུང་པོའང་དོན་གཅིག་པས་དེ་དག་གི་མཚན་ཉིད་ཀྱང་༼འདོད་འདུན་གྱི་མཚན་ཉིད་ཅན་གྱིས་ཉེར་ལེན་གྱི་སྒོ་དྲུག་གང་དུའང་མ་འབྲེལ་བའི་དངོས་པོ།༽སྔ་མ་ལས་བཟློག་སྟེ་ཤེས་པར་བྱའོ། །

གཉིས་པ་ལྔར་དབྱེ་བ་ནི། གཟུགས། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་པར་ཤེས་པའི་ཕུང་པོའོ། །དེ་དག་གི་མཚན་ཉིད་ཀྱང་གོ་རིམ་བཞིན་དུ། གཟུགས་རུང་ཇི་སྙེད་པ་བློས་གཅིག་ཏུ་བསྡོམས་པ་ཞེས་པ་ནས། མྱོང་བའི་མཚན་ཉིད་ཅན་ཇི་སྙེད་པ་དང་། ཐ་སྙད་ཀྱི་མཚན་མ་ཡོངས་སུ་གཅོད་བྱེད་ཇི་སྙེད་པ་དང་། ཕུང་པོ་གཞན་བཞིར་མ་འདུས་པའི་འདུས་བྱས་ཇི་སྙེད་པ་དང་། དོན་གྱི་ངོ་བོ་ཙམ་ཡོངས་སུ་གཅོད་བྱེད་ཇི་སྙེད་པ་བློས་གཅིག་ཏུ་བསྡོམས་པ་ཞེས་སྦྱར་རོ། །ཁམས་ཀྱི་དབྱེ་བ་ནི་དབང་པོ། ཡུལ། རྣམ་ཤེས་ཀྱི་ཁམས་གསུམ་མོ། །དེ་དག་གི་མཚན་ཉིད་ནི་གོ་རིམ་བཞིན་དུ། བྱུང་ཟིན་གྱི་ཉེར་སྤྱོད་གནས་ཀྱི་སྒོ་ནས་འཛིན་པ་དང་། དམིགས་པའི་སྒོ་ནས་འཛིན་པ་དང་། རང་གི་མཚན་ཉིད་ཀྱི་སྒོ་ནས་འཛིན་པ་མངོན་གྱུར་རམ་ས་བོན་ཞེས་སྦྱར་རོ། །དབང་པོའི་ཁམས་ལ་ཡང་དྲུག་སྟེ། མིག རྣ་བ། སྣ། ལྕེ། ལུས། ཡིད་ཀྱི་ཁམས་སོ། །དེ་དག་གི་མཚན་ཉིད་ནི་གོ་རིམ་བཞིན་དུ། མིག་གི་རྣམ་པར་ཤེས་པའི་ཉེར་སྤྱོད་གནས་ཀྱི་སྒོ་ནས་འཛིན་པ་མངོན་གྱུར་རམ་ས་བོན་ཞེས་པ་ནས། ཡིད་ཀྱི་རྣམ་ཤེས་ཀྱི་ཉེར་སྤྱོད་གནས་ཀྱི་སྒོ་ནས་འཛིན་པ་མངོན་གྱུར་རམ་ས་བོན་ཞེས་པའི་བར་དུ་སྦྱར་རོ། །ཡུལ་གྱི་ཁམས་ལ་ཡང་དྲུག་སྟེ། གཟུགས། སྒྲ། དྲི། རོ། རེག་བྱ། ཆོས་ཀྱི་ཁམས་སོ། །དེ་དག་གི་མཚན་ཉིད་ནི་གོ་རིམ་བཞིན་དུ། མིག་གི་རྣམ་ཤེས་ཀྱི་ཉེར་སྤྱོད་དམིགས་པའི་སྒོ་ནས་འཛིན་པ་མངོན་གྱུར་རམ་ས་བོན་ཞེས་པ་ནས། ཡིད་ཤེས་ཀྱི་ཉེར་སྤྱོད་དམིགས་པའི་སྒོ་ནས་འཛིན་པ་མངོན་གྱུར་རམ་ས་བོན་ཞེས་སྦྱར་རོ། །

རྣམ་ཤེས་ཀྱི་ཁམས་ལ་ཡང་དྲུག་སྟེ། མིག་གི་རྣམ་ཤེས་ནས་ཡིད་ཀྱི་རྣམ་ཤེས་ཀྱི་བར་གྱི་ཁམས་སོ། །དེ་དག་གི་མཚན་ཉིད་ཀྱང་གོ་རིམ་བཞིན་དུ། མིག་ཤེས་ཀྱི་ཉེར་སྤྱོད་རང་གི་མཚན་ཉིད་ཀྱིས་འཛིན་པ་མངོན་གྱུར་རམ་ས་བོན་ཞེས་སོགས་ཅི་རིགས་སུ་སྦྱར་རོ། །སྐྱེ་མཆེད་ཀྱི་དབྱེ་བ་ནི་ཡུལ་དང་། དབང་པོའི་སྐྱེ་མཆེད་གཉིས་སོ། །མཚན་ཉིད་ནི་གོ་རིམ་བཞིན་དུ་མ་འོངས་པའི་ཉེར་སྤྱོད་དམིགས་པའི་སྒོ་ནས་སྐྱེ་བའི་སྒོ་འབྱེད་པ་དང་། གནས་ཀྱི་སྒོ་ནས་སྐྱེ་བའི་སྒོ་འབྱེད་པ་མངོན་གྱུར་རམ་ས་བོན་ནོ། །ཡུལ་ལ་གཟུགས་ཀྱི་སྐྱེ་མཆེད་སོགས་དྲུག་སྟེ། གོ་རིམ་བཞིན་དུ་དམིགས་པའི་སྒོ་ནས་མིག་ཤེས་སྐྱེ་བའི་སྒོ་འབྱེད་པ་མངོན་གྱུར་རམ་ས་བོན་ཞེས་སོགས་སྦྱར་རོ། །དབང་པོ་ལ་ཡང་མིག་གི་སྐྱེ་མཆེད་སོགས་དྲུག་སྟེ། གོ་རིམ་བཞིན་དུ། གནས་ཀྱི་སྒོ་ནས་མིག་ཤེས་སྐྱེ་བའི་སྒོ་འབྱེད་པ་ཞེས་སོགས་སྦྱར་རོ། །གསུམ་པ་རྣམ་གཞག་ལ་གསུམ་ལས། ཕུང་པོའི་རྣམ་གཞག་ལ་ལྔ་སྟེ། གཟུགས། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་ཤེས་ཀྱི་ཕུང་པོའི་རྣམ་གཞག་གོ །དང་པོ་ལ་ཡང་མཚན་ཉིད། མཚན་གཞི་གཏན་ལ་དབབ་པ་གཉིས་ལས། དང་པོ་ནི། གཟུགས་རུང་རྣམ་པ་གཉིས་གང་རུང་གིས་གཟུགས་སུ་རུང་བའོ། །

གཟུགས་རུང་ནི་གཉིས་ཏེ། ཡུལ་དཔྱད་པས་དང་། རེག་པས་གཟུགས་སུ་རུང་བའོ། །དེ་དག་ཀྱང་གོ་རིམ་བཞིན་དུ། ཐ་སྙད་པའི་བློས་གཟུགས་ཅན་དུ་གདགས་སུ་རུང་བ་དང་། གཟུགས་ཅན་ནང་ཕྲད་པས་འགྱུར་བ་བསྐྱེད་དུ་རུང་བའོ། །གཟུགས་རུང་དང་པོས་ནི་གཟུགས་ཅན་ཀུན་ལ་ཁྱབ་ལ། གཉིས་པས་ནི་ཐོགས་བཅས་ཁོ་ན་ལ་ཁྱབ་བོ། །ཡང་ན་སློབ་དཔོན་དབྱིག་གཉེན་གྱིས་གཟུགས་རུང་རྣམ་པ་གསུམ་སྟེ། སྔར་གྱི་གཉིས་དང་། གཟུགས་ཀྱི་དེ་གདགས་པས་གཟུགས་སུ་རུང་བའོ། །དེ་གསུམ་ནི་གོ་རིམ་བཞིན་དུ་བསྟན་ཡོད་དང་། ཐོགས་བཅས་དང་། བསྟན་མེད་ཐོགས་མེད་ཀྱི་གཟུགས་གསུམ་དང་སྦྱར་རོ། །གཟུགས་རུང་ཕྱི་མའི་དོན་ནི་རང་གི་ངོ་བོ་གཟུགས་ཅན་མ་ཡིན་ཡང་དེའི་ཐ་སྙད་འཇུག་པ་གཟུགས་ལ་རག་ལས་པ་སྟེ། བསྡུས་པ་ལས་གྱུར་པ་དང་། ཡང་དག་པར་བླངས་པ་ལས་བྱུང་བ་སོགས་སོ། །

གཉིས་པ་མཚན་གཞི་གཏན་ལ་དབབ་པ་ལ། བཤད་མ་ཐག་པའི་གཟུགས་ཀྱི་མཚན་ཉིད་ཅན་ཇི་སྙེད་པ་དག་སྟེ། རྒྱུའི་གཟུགས་དང་འབྲས་བུའི་གཟུགས་སམ། འབྱུང་བ་དང་འབྱུང་འགྱུར་གཉིས་སུ་ངེས་ལ། དེ་ལ་རྒྱུའི་གཟུགས་དང་འབྱུང་བ་དོན་གཅིག་པས་མཚན་ཉིད་ནི། འབྲས་གཟུགས་ཀུན་གྱི་འབྱུང་ཁུངས་སུ་གྱུར་པའི་རེག་བྱའོ། །འབྲས་གཟུགས་དང་འབྱུང་འགྱུར་དོན་གཅིག་པས་མཚན་ཉིད་ནི། འབྱུང་བ་རྒྱུར་བྱས་པ་ལས་བྱུང་བའི་གཟུགས་གང་ཞིག རང་དབང་དུ་ཡུལ་གྱི་གོ་ས་ནོན་པའི་མཐུ་མེད་པའོ། །འབྱུང་བ་ལ་ས། ཆུ། མེ། རླུང་གི་ཁམས་བཞི་ལས། མཚན་ཉིད་ནི་གོ་རིམ་བཞིན་དུ། ལུས་ཤེས་ལ་སྲ་བ་དང་། གཤེར་བ། དྲོ་བ། ཡང་ཞིང་གཡོ་བར་སྣང་བ་ཞེས་པའམ། ཡང་ན་འབྲས་གཟུགས་མི་ལྟུང་བར་འཛིན་པ་དང་། མི་འཐོར་བར་སྡུད་པ་དང་། མི་འདྲུལ་བར་སྨིན་པ། ཡུལ་གཞན་དུ་གཡོ་ཞིང་རྒྱས་པའི་བྱ་བ་བྱེད་པའི་རེག་བྱ་ཞེས་སྦྱར་རོ། །འབྱུང་འགྱུར་ལ་ཡང་དབང་པོ་དང་། ཡུལ་དང་། ཡིད་ཀྱི་ཡུལ་གྱི་གཟུགས་གསུམ་ལས། མཚན་ཉིད་ནི་གོ་རིམ་བཞིན་དུ། འབྱུང་འགྱུར་གང་དབང་ཤེས་ཀྱི་ལྷན་ཅིག་འབྱུང་བའི་རྟེན་དུ་རུང་བའི་གཟུགས་དང་བ། འབྱུང་འགྱུར་གང་དབང་ཤེས་ཀྱིས་གཟུང་བྱར་རུང་བའི་གཟུགས། ཡིད་ཤེས་ཁོ་ནས་གཟུང་བྱར་རུང་བའི་འབྱུང་འགྱུར་གང་དབང་ཤེས་ལ་བྱ་བ་མི་བྱེད་པའོ། །དབང་པོ་ལ་ཡང་མིག་སོགས་ལྔ་ལས་མཚན་ཉིད་ནི་གོ་རིམ་བཞིན་དུ། མིག་ཤེས་ཀྱི་ལྷན་ཅིག་འབྱུང་བའི་རྟེན་དུ་རུང་བའི་གཟུགས་དང་བ་ཞེས་སོགས་སྦྱར་རོ། །དབང་པོ་འདི་དག་རེ་རེ་ཡང་རྟེན་བཅས་དང་དེ་མཚུངས་ཀྱི་དབང་པོ་གཉིས་གཉིས་སུ་འགྱུར་ཏེ་མཚན་ཉིད་འོག་ཏུ་འཆད་དོ། །ཡུལ་ལ་ཡང་གཟུགས་ནས་འབྱུང་འགྱུར་གྱི་རེག་བྱའི་བར་ལྔ་ལས། མཚན་ཉིད་ནི་གོ་རིམ་བཞིན་དུ། འབྱུང་འགྱུར་གང་མིག་ཤེས་ཀྱིས་གཟུང་བྱར་རུང་བ་ཞེས་སོགས་སྦྱར་རོ། །དེ་ལ་གཟུགས་ནི་ཁ་དོག་དང་དབྱིབས་གཉིས་ཡིན་པས་གོ་རིམ་བཞིན་དུ། མིག་ཤེས་ལ་རིས་སུ་མ་ཆད་པར་སྣང་བ་དང་། རིས་སུ་ཆད་པར་སྣང་བའི་གཟུགས་ཀྱི་སྐྱེ་མཆེད་དོ། ། ཁ་དོག་ལ་སྔོ་སེར་དཀར་དམར་བཞི་ཡིན་ལ། དབྱིབས་ལ་རིང་བ། ཐུང་བ། ལྷམ་པ། ཟླུམ་པ། ཕྱ་ལེ་བ། ཕྱ་ལེ་བམ་ཡིན་པ། མཐོ་བ། དམའ་བ། རྣམས་སུ་འགྱུར་རོ། ། གྲིབ་མ་དང་ཉི་མ་སོགས་ནི་དེ་གཉིས་ཀྱི་ཁྱད་པར་རོ། །སྒྲ་ལ་རྒྱུའི་སྒོ་ནས་ཟིན་པ། མ་ཟིན་པ། དེ་གཉིས་ཀའི་རྒྱུ་ལས་བྱུང་བ་དང་གསུམ་ཡིན་ལ། ཕན་གནོད་ཀྱི་སྒོ་ནས་ཡིད་དུ་འོང་བ་དང་། མི་འོང་བ་དང་། དེ་གཉིས་ཀ་མ་ཡིན་པ་གསུམ་དུ་འགྱུར་རོ། །དྲི་ལ་རྒྱུའི་སྒོ་ནས་ལྷན་སྐྱེས་དང་། སྦྱར་བྱུང་གཉིས་ཡིན་ལ། ཕན་གནོད་ཀྱི་སྒོ་ནས་དྲི་ཞིམ་པ། མི་ཞིམ་པ། དྲི་མཉམ་པ་དང་གསུམ་དུ་འགྱུར་རོ། །རོ་ལ་ངོ་བོའི་སྒོ་ནས་ཁ་བ། སྐྱུར་བ། ཚ་བ། བསྐ་བ། ལན་ཚྭ། མངར་བ་དྲུག་ཡིན་ལ། ཕན་གནོད་ཀྱི་སྒོ་ནས་ཡིད་དུ་འོང་བ། མི་འོང་བ། བར་མ་དང་གསུམ་ཡིན་ལ། རྒྱུའི་སྒོ་ནས་ལྷན་སྐྱེས་དང་། སྦྱར་བྱུང་གཉིས་སུ་འགྱུར་རོ། །འབྱུང་འགྱུར་གྱི་རེག་བྱ་རྣམས་ནི། འབྱུང་བ་ཆེན་པོ་འདུས་པའི་གནས་སྐབས་ཀྱི་ཆ་ལ་བཏགས་པས་ལོགས་སུ་རྫས་སུ་མ་གྲུབ་པས་དེའི་ཕྱིར་འབྱུང་བ་ཀུན་འདུས་པ་དང་། གསུམ་འདུས་པ་དང་། གཉིས་འདུས་པ་དང་། རེ་རེ་བའི་ཆ་ལ་བཏགས་པ་ཅི་རིགས་པར་འགྱུར་རོ། །ཡིད་ཀྱི་ཡུལ་གྱི་གཟུགས་ལ་ཡང་ལྔ་སྟེ། རྡུལ་ཕྲ་རབ་དང་། མངོན་པར་སྐབས་ཡོད་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་། ཀུན་བརྟགས་པ་དང་། དབང་འབྱོར་བའི་གཟུགས་སོ། །

མཚན་ཉིད་ནི་གོ་རིམ་བཞིན་དུ། རགས་པ་བློས་མཐར་ཕྱེ་ནས་ཆུང་བའི་མཐར་ཐུག་པར་རྣམ་པར་བཞག་པ། ཡིད་ཀྱི་ཤེས་པ་ལ་གཞན་གྱི་གོ་འགེགས་པའི་རེག་བྱ་དང་བྲལ་བའི་བར་སྣང་གི་དངོས་པོར་སྣང་བ། བྱ་བའི་རང་བཞིན་གྱི་གཟུགས་ཅན་ཡིན་ཡང་རང་ཀུན་སློང་གི་སེམས་གཞན་ལ་རིག་པར་མི་བྱེད་པ། མི་སྡུག་པ་བསྒོམས་པའི་ཏིང་ངེ་འཛིན་ལ་སྒོམ་བྱ་ཀེང་རུས་སོགས་སུ་སྣང་བ། རྣམ་ཐར་སྒོམ་པའི་ཏིང་ངེ་འཛིན་ལ་སྔོ་སེར་སོགས་ཁ་དོག་ཏུ་སྣང་བ་ཞེས་སོགས་སྦྱར་རོ། །ཚོར་བའི་ཕུང་པོའི་རྣམ་གཞག་ལ། མཚན་ཉིད་དང་། མཚན་གཞི་གཏན་ལ་དབབ་པ་གཉིས་ལས། དང་པོ་ནི་སིམ་གདུང་བར་མ་གང་རུང་ཉམས་སུ་མྱོང་བ། དེ་ལ་སིམ་པ་ནི་མྱོང་བ་གང་སྐྱེས་ན་མི་འབྲལ་བར་འདོད་ཅིང་འགགས་ན་འཕྲད་འདོད་སྐྱེ་བ། གདུང་བ་ནི་སྐྱེས་ནས་འབྲལ་བར་འདོད་ཅིང་འགགས་ན་འ ཕྲད་པར་མི་འདོད་པ། བར་མ་ནི་མྱོང་བ་གང་དེ་གཉིས་ཀ་མི་འབྱུང་བའོ། །

གཉིས་པ་ནི། མཚན་ཉིད་དེ་ལྟ་བུ་དང་ལྡན་པའི་ཚོར་བ་དེ་ཡང་ངོ་བོའི་སྒོ་ནས་དབྱེ་ན། བདེ་བ། སྡུག་བསྔལ། ཡིད་བདེ། ཡིད་མི་བདེ། བཏང་སྙོམས་བཅས་ལྔའོ། །མཚན་ཉིད་ནི་གོ་རིམ་བཞིན་དུ། དབང་པོ་དང་བཅས་པའི་ལུས་སིམ་པར་བྱེད་པ། གདུང་བར་བྱེད་པ། ཡིད་ཤེས་འཁོར་བཅས་སིམ་པར་བྱེད་པ། གདུང་བར་བྱེད་པ། ལུས་སེམས་ལ་སིམ་གདུང་གང་ཡང་མི་བྱེད་པའི་མྱོང་བ་ཞེས་སྦྱར་རོ། །རྒྱུའི་སྒོ་ནས་དབྱེ་ན། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེས་པ་ནས། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་བར་དྲུག་གོ ། མཚན་ཉིད་ནི་གོ་རིམ་བཞིན་དུ། མིག་གི་འདུས་ཏེ་རེག་པས་ཡིད་དུ་འོང་མི་འོང་བར་མའི་མཚན་མ་ཡོངས་སུ་བཅད་སྟོབས་ཀྱིས་སིམ་གདུང་བར་མའི་རྣམ་པ་གང་རུང་ཉམས་སུ་མྱོང་བ་ཞེས་སོགས་ཅི་རིགས་སུ་སྦྱར་རོ། །གནས་ཀྱི་སྒོ་ནས་དབྱེ་ན། ལུས་ཚོར་དང་། སེམས་ཚོར་གཉིས་སོ། །མཚན་ཉིད་ནི་གོ་རིམ་བཞིན་དུ། དབང་ཤེས་འཁོར་དུ་འབྱུང་བ་དང་། ཡིད་ཤེས་འཁོར་དུ་འབྱུང་བའི་ཚོར་བའོ། །སྤང་གཉེན་གྱི་སྒོ་ནས་དབྱེ་ན། ཟང་ཟིང་དང་བཅས་པ་དང་། ཟང་ཟིང་མེད་པ་དང་། ཞེན་པ་རྟེན་པ་དང་། མངོན་པར་འབྱུང་བ་རྟེན་པ་སྟེ་བཞི་ཡིན་ལ། མཚན་ཉིད་ནི་གོ་རིམ་བཞིན་དུ། ཚོར་བ་གང་ཕུང་པོ་ལ་མངོན་པར་ཞེན་པའི་སྲེད་པ་འཕེལ་བར་བྱེད་པ་དང་། དེ་འཕེལ་བར་མི་བྱེད་པ་དང་། འདོད་ཡོན་ལ་མངོན་པར་ཞེན་པའི་སྲེད་པ་འཕེལ་བར་བྱེད་པ་དང་། དེ་འཕེལ་བར་མི་བྱེད་པ་ཞེས་སྦྱར་རོ། །འདུ་ཤེས་ཀྱི་རྣམ་གཞག་ལ། མཚན་ཉིད་དང་། མཚན་གཞི་གཉིས་ལས། དང་པོ་ནི། ཆོས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཐ་སྙད་ཀྱི་མཚན་མ་ཡོངས་སུ་གཅོད་པའི་ཤེས་རིག གཉིས་པ་ནི། དེ་ལྟ་བུའི་མཚན་ཉིད་ཅན་གྱི་འདུ་ཤེས་དེ་ཡང་རྒྱུའི་སྒོ་ནས་དབྱེ་ན། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་སོགས་དྲུག་གོ ། མཚན་ཉིད་གོ་རིམ་བཞིན་དུ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་མིག་ཤེས་ཀྱི་ཡུལ་གྱི་ཐུན་མོང་མ་ཡིན་པའི་ཐ་སྙད་ཀྱི་མཚན་མ་ཡོངས་སུ་གཅོད་པ་ཞེས་སོགས་སྦྱར་རོ། །ངོ་བོའི་སྒོ་ནས་མཚན་མ་དང་བཅས་པ་དང་། མཚན་མེད་ཀྱི་འདུ་ཤེས་གཉིས་སོ། །དང་པོ་ལ་ཡང་ཐ་སྙད་ཀྱི་མཚན་མ་དང་། སྤྲོས་པའི་མཚན་མ་དང་། གསལ་བའི་མཚན་མ་དང་བཅས་པ་གསུམ་ཡིན་ལ། མཚན་ཉིད་ནི་གོ་རིམ་བཞིན་དུ། སྒྲ་དོན་གྱི་མཚན་མ་ཡོངས་སུ་གཅོད་པ་དང་གཟུང་འཛིན་གྱི་སྤྲོས་པའི་མཚན་མ་ཡོངས་སུ་གཅོད་པ་དང་། དམིགས་རྣམ་གསལ་བའི་མཚན་མ་ཡོངས་སུ་གཅོད་པའི་འདུ་ཤེས་སོ། །མཚན་བཅས་གསུམ་ལས་བཟློག་པ་ནི་མཚན་མེད་ཉིད་དུ་ཤེས་པར་བྱའོ། །དམིགས་ཡུལ་གྱི་སྒོ་ནས། ཆུང་ངུ་དང་། ཆེན་པོ་དང་། ཚད་མེད་པ་དང་། ཅི་ཡང་མེད་པའི་འདུ་ཤེས་སོ། །མཚན་ཉིད་ནི་གོ་རིམ་བཞིན་དུ། འདོད་ཁམས་ཀྱི་མཚན་མ་དང་། གཟུགས་ཁམས་ཀྱི་མཚན་མ་དང་། ནམ་མཁའ་དང་རྣམ་ཤེས་ཀྱི་མཚན་མ་དང་། ཅི་ཡང་མེད་པའི་མཚན་མ་ཡོངས་སུ་གཅོད་པའི་འདུ་ཤེས་སོ། །འདུ་བྱེད་ཀྱི་ཕུང་པོའི་རྣམ་གཞག་ལ། མཚན་ཉིད་དང་། མཚན་གཞི་གཏན་ལ་དབབ་པ་གཉིས་ལས། དང་པོ་ནི། བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་གསོག་པ་པོའི་བདག་ཏུ་འཁྲུལ་པའི་གཞིར་གྱུར་པའོ། །

གཉིས་པ་ནི་དེ་ལྟ་བུའི་མཚན་ཉིད་ཅན་གྱི་འདུ་བྱེད་དེ་ཡང་མཚུངས་པར་ལྡན་པ་དང་། ལྡན་པ་མ་ཡིན་པའི་འདུ་བྱེད་གཉིས་སོ། །མཚན་ཉིད་ནི་གོ་རིམ་བཞིན་དུ། འདུ་བྱེད་གང་སེམས་དང་མཚུངས་པར་ལྡན་པ་དང་། མཚུངས་པར་མི་ལྡན་པའོ། །དང་པོ་ནི། ཚོར་འདུ་མ་གཏོགས་པའི་སེམས་བྱུང་རྣམས་ཏེ། དེ་དག་ནི་ཀུན་འགྲོ་དང་། ཡུལ་ངེས་དང་། དགེ་བ། ཉོན་མོངས། ཉེ་བའི་ཉོན་མོངས་པ། གཞན་གྱུར་དང་དྲུག་གོ །དེ་དག་གི་མཚན་ཉིད་ནི་གོ་རིམ་བཞིན་དུ། སེམས་བྱུང་གང་རང་གི་རིགས་ཅན་སེམས་ཀྱི་རྫས་ཀུན་དང་མཚུངས་པར་ལྡན་དུ་རུང་བ། སེམས་བྱུང་གང་བརྟག་བྱའི་དངོས་པོ་སོགས་ཡུལ་བྱེ་བྲག་ཅན་ཁོ་ན་ལ་འཇུག་པ། སེམས་བྱུང་གང་ངོ་བོ་ཉིད་ཀྱིས་རྣམ་པར་དཀར་བའི་རང་བཞིན་དུ་སྐྱེ་བ། སེམས་བྱུང་གང་སྒོ་དུ་མ་ནས་སེམས་རབ་ཏུ་མ་ཞི་བར་བྱེད་པ། སེམས་བྱུང་གང་གཞན་གྱི་ཕུན་ཚོགས་ལ་སེམས་ཁོང་ནས་འཁྲུག་པ་གཅོད་པའི་ཤེས་རིག་གོ། ཀུན་འགྲོ་ནི་ལྔ་སྟེ། ཚོར་བ། འདུ་ཤེས། འདུ་བྱེད། རེག་པ། ཡིད་ལ་བྱེད་པའོ། །དང་པོ་གཉིས་ཀྱི་མཚན་ཉིད་ནི་བཤད་ཟིན་ལ། ཕྱི་མ་གསུམ་ནི་གོ་རིམ་བཞིན་དུ། སེམས་དགེ་སོགས་ཀྱི་ཡུལ་ལ་ཀུན་ཏུ་གཡོ་བར་བྱེད་པ། ཡུལ་དབང་རྣམ་ཤེས་གསུམ་འདུས་པ་ན་སྡུག་མི་སྡུག་བར་མའི་མཚན་མ་ཡོངས་སུ་གཅོད་པར་བྱེད་པ། སེམས་བྱུང་གང་སེམས་རང་གི་དམིགས་པ་ལ་སྐད་ཅིག་རེ་རེ་བཞིན་གཏོད་པར་བྱེད་པའོ། །ཡུལ་ངེས་ནི་ལྔ་སྟེ། འདུན་པ། མོས་པ། དྲན་པ། ཏིང་ངེ་འཛིན། ཤེས་རབ་བོ། །མཚན་ཉིད་ནི་གོ་རིམ་བཞིན་དུ། འདོད་བྱའི་ཡུལ་དོན་དུ་གཉེར་བའི་སེམས་བྱུང་། ངེས་ཤིང་སྒྲོ་འདོགས་ཆོད་པའི་ཡུལ་ལ་ངེས་པ་ལྟར་འཛིན་པའི་སེམས་བྱུང་། དམིགས་པ་མ་བརྗེད་པའི་སེམས་བྱུང་། དམིགས་པ་ལ་སེམས་རྩེ་གཅིག་དུ་གཏོད་པར་བྱེད་པའི་སེམས་བྱུང་། ཆོས་རབ་ཏུ་རྣམ་པར་འབྱེད་པའི་སེམས་བྱུང་ངོ་། །དགེ་བ་ནི་བཅུ་གཅིག་སྟེ། དད་པ། ངོ་ཚ་ཤེས་པ། ཁྲེལ་ཡོད་པ། མ་ཆགས་པ། ཞེ་སྡང་མེད་པ། གཏི་མུག་མེད་པ། བརྩོན་འགྲུས། ཤིན་ཏུ་སྦྱངས་པ། བག་ཡོད་པ། བཏང་སྙོམས། རྣམ་པར་མི་འཚེ་བའོ། །དང་པོ་ནི། མ་དད་པའི་དངོས་གཉེན་དུ་གྱུར་པའི་སེམས་བྱུང་། དབྱེ་ན་ཡིད་ཆེས་པ། དང་བ། འདོད་པའི་དད་པ་དང་གསུམ་སྟེ། གོ་རིམ་བཞིན་དུ་ལས་འབྲས་དང་བདེན་པ་སོགས་ལ་ཕྱིན་ཅི་མ་ལོག་པར་ཡིད་ཆེས་པ་དང་། དཀོན་མཆོག་སོགས་ཡོན་ཏན་ཅན་རྣམས་ལ་སེམས་མངོན་པར་དང་བ་དང་། རྣམ་བྱང་རྒྱུ་འབྲས་ལ་ཚུལ་བཞིན་དུ་སློབ་པར་འདོད་པའོ། །

གཉིས་པ་ནི། རང་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་འཛེམ་པའི་སེམས་བྱུང་། གསུམ་པ་ནི། གཞན་རྒྱུ་མཚན་དུ་བྱས་ནས་སྔ་མ་ལྟར་རོ། །བཞི་པ་ནི། ཆགས་པའི་དངོས་གཉེན་དུ་གྱུར་པའི་སེམས་བྱུང་། ལྔ་པ་ནི། ཞེ་སྡང་གི་དངོས་གཉེན་དུ་གྱུར་པའི་སེམས་བྱུང་། དྲུག་པ་ནི། གཏི་མུག་གི་དངོས་གཉེན་དུ་གྱུར་པའི་སེམས་བྱུང་། དབྱེ་ན་སྐྱེས་ཐོབ་དང་། སྦྱོར་བྱུང་གཉིས་ལས། དང་པོ་ནི། སྔོན་ཐོས་པ་སོགས་གོམས་པའི་སྟོབས་ཀྱིས་ཚེ་འདིར་རྐྱེན་ལ་མི་ལྟོས་པར་ཆོས་ཚུལ་བཞིན་དུ་འབྱེད་པའི་ཤེས་རབ། གཉིས་པ་ནི། ཐོས་པ་དང་། བསམ་པ་དང་། བསྒོམས་པ་ལས་བྱུང་པའི་ཤེས་རབ་སྟེ། གོ་རིམ་བཞིན་དུ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཐོས་པའི་རྐྱེན་ལས་བྱུང་བ་དང་། ཐོས་པའི་དོན་རིགས་པ་བཞིས་དཔྱད་པའི་རྐྱེན་ལས་བྱུང་བ་དང་། དཔྱད་ནས་ངེས་པ་ཐོབ་པའི་དོན་རྩེ་གཅིག་པའི་ཚུལ་གྱིས་ཉམས་སུ་བླངས་པའི་རྐྱེན་ལས་བྱུང་བའི་ཤེས་རབ་བོ། །བདུན་པ་ནི། དགེ་བ་ལ་སྤྲོ་བའི་སེམས་བྱུང་། བརྒྱད་པ་ནི། ལུས་སེམས་ལས་སུ་རུང་བར་བྱེད་པའི་སེམས་བྱུང་། དགུ་པ་ནི། བླང་དོར་ལ་གཟོབ་པ་ལྷུར་ལེན་པའི་སེམས་བྱུང་། བཅུ་པ་ནི། བྱིང་རྒོད་ཀྱི་ཆ་མི་སྙོམས་པ་མེད་པས་སེམས་མི་མཉམ་པ་མེད་པར་བྱེད་པའི་སེམས་བྱུང་། བཅུ་གཅིག་པ་ནི། སྙིང་རྗེ་བས་གཞན་ལ་ཐོ་མི་འཚམ་པའི་སེམས་བྱུང་ངོ་། །

ཉོན་མོངས་པ་ལ་དྲུག་སྟེ། འདོད་ཆགས་དང་། ཁོང་ཁྲོ། མ་རིག་པ། ང་རྒྱལ། ཐེ་ཚོམ། ལྟ་བའོ། །མཚན་ཉིད་ཀྱང་གོ་རིམ་བཞིན་དུ། སྲིད་པའི་ལུས་དང་ཡོ་བྱད་ལ་ཆགས་པའི་སེམས་བྱུང་། གནོད་པ་བྱེད་པ་ལ་ཀུན་ནས་མནར་སེམས་པའི་སེམས་བྱུང་། བདེན་པའི་གནས་ལུགས་ལ་རྨོངས་པར་བྱེད་པའི་སེམས་བྱུང་། འཇིག་ལྟ་ལ་བརྟེན་ནས་སེམས་ཁེངས་པའི་སེམས་བྱུང་། བདེན་བཞི་ལ་ཡིད་གཉིས་ཟ་བའི་སེམས་བྱུང་། ཤེས་བྱ་དང་ལྟ་བའི་དངོས་པོ་ལ་རྟོག་པའི་ཤེས་རབ་ཉོན་མོངས་ཅན་ནོ། །འདི་ལ་དབྱེ་ན་དྲུག་སྟེ། འཇིག་ཚོགས་ལ་ལྟ་བ། མཐར་འཛིན་ལ་ལྟ་བ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པར་ལྟ་བ། ལྟ་བ་མཆོག་ཏུ་འཛིན་པ། ང་རྒྱལ། ལོག་པར་ལྟ་བའོ། །དང་པོ་ནི། ཕུང་པོ་ལ་བདག་དང་། བདག་གིར་ལྟ་བའི་སེམས་བྱུང་། དབྱེ་ན་ཀུན་བཏགས་དང་། ལྷན་སྐྱེས་གཉིས་ཏེ་གོ་རིམ་བཞིན་དུ། ཚེ་འདིའི་རྐྱེན་ལས་བྱུང་བའི་བདག་ལྟ་དང་། ཐོག་མ་མེད་པ་ནས་གོམས་པའི་སྟོབས་ལས་བྱུང་བའི་བདག་ལྟའོ། །

གཉིས་པ་ནི། འཇིག་ལྟས་གཟུང་བའི་བདག་ལ་རྟག་པའམ་ཆད་པར་ལྟ་བ། འདི་ལའང་ཀུན་བཏགས་དང་། ལྷན་སྐྱེས་གཉིས་སོ། །གསུམ་པ་ནི། དག་གྲོལ་སོགས་མི་བྱེད་པའི་ཚུལ་ཞུགས་ལ་དེ་བྱེད་པར་འཛིན་པའི་སེམས་བྱུང་། བཞི་པ་ནི། ལྟ་ངན་ལ་ཡང་དག་པའི་ལྟ་བར་འཛིན་པའི་སེམས་བྱུང་། ལྔ་པ་ནི། འཇིག་ལྟ་ལ་བརྟེན་ནས་བདག་གཞན་འཇལ་བའི་སྒོ་ནས་སེམས་ཁེངས་པའི་སེམས་བྱུང་། དྲུག་པ་ནི། རྒྱུ་འབྲས་སོགས་ལ་སྐུར་པ་འདེབས་པའམ་སྒྲོ་འདོགས་པའི་སེམས་བྱུང་ལྟ་བ་སྔ་མ་བཞི་ལས་གཞན་པའོ། །ཉེ་བའི་ཉོན་མོངས་པ་ལ་ཉི་ཤུ་ལས་ཁྲོ་བ་ནི། གནོད་བྱེད་ད་ལྟར་བ་ལ་ཀུན་ནས་མནར་སེམས་པའི་སེམས་བྱུང་། འཁོན་འཛིན་ནི། སྔར་གནོད་པ་བྱས་པ་ལ་གནོད་ལན་བྱེད་འདོད་པའི་སེམས་བྱུང་། འཆབ་པ་ནི། ཉེས་པ་གསལ་པོར་སྦེད་པའི་སེམས་བྱུང་། འཚིག་པ་ནི། ཁྲོ་བ་དང་འཁོན་འཛིན་གྱི་རྒྱུ་ལས་གནོད་བྱེད་ལ་ཚིག་རྩུབ་ཀུན་ནས་སློང་བའི་སེམས་བྱུང་། ཕྲག་དོག་ནི། གཞན་གྱི་ཕུན་ཚོགས་མི་བཟོད་པའི་སེམས་བྱུང་། སེར་སྣ་ནི། ཡོ་བྱད་ལ་སེམས་འཆུམ་པའི་སེམས་བྱུང་། སྒྱུ་ནི། ཡོན་ཏན་དང་མི་ལྡན་ཡང་ལྡན་པ་ལྟར་སྟོན་པའི་སེམས་བྱུང་། གཡོ་ནི། ཉེས་པ་ཟུར་གྱིས་སྦེད་པའི་སེམས་བྱུང་། རྒྱགས་པ་ནི། བདག་གཞན་འཇལ་བ་ལ་མི་ལྟོས་པར་རང་གི་ཆོས་ལ་ཆགས་པས་སེམས་གང་པའི་སེམས་བྱུང་། རྣམ་འཚེ་ནི། སྙིང་རྗེ་མེད་པས་གཞན་ལ་དངོས་སུ་ཐོ་འཚམ་པའི་སེམས་བྱུང་། ངོ་ཚ་བ་མེད་པ་ནི། བདག་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་མི་འཛེམ་པ། ཁྲེལ་མེད་པ་ནི། གཞན་རྒྱུ་མཚན་དུ་བྱས་ནས་སྔ་མ་ལྟར་རོ། །རྒོད་པ་ནི། སྡུག་པའི་ཡུལ་ལ་སེམས་འཕྲོ་བ་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་བྱུང་། རྨུགས་པ་ནི། ལུས་སེམས་ལྡར་བར་བྱེད་པ་གཏི་མུག་གི་ཆར་གཏོགས་པའི་སེམས་བྱུང་། མ་དད་པ་ནི། དད་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་སེམས་བྱུང་། ལེ་ལོ་ནི། དགེ་བ་ལ་མི་སྦྱོར་བའི་སེམས་བྱུང་། བག་མེད་པ་ནི། བླང་དོར་ཕྱིན་ཅི་ལོག་ཏུ་བསྒྲུབ་པའི་སེམས་བྱུང་། བརྗེད་ངས་ནི། དགེ་བའི་དམིགས་པ་བརྗེད་པའི་དྲན་པ་ཉོན་མོངས་ཅན། ཤེས་བཞིན་མ་ཡིན་པ་ནི། སྒོ་གསུམ་གྱི་སྤྱོད་པ་ལ་མི་ཤེས་བཞིན་དུ་འཇུག་པའི་ཤེས་རབ་ཉོན་མོངས་ཅན། རྣམ་གཡེང་ནི། སེམས་རྣམ་པར་འཕྲོ་བར་བྱེད་པ་དུག་གསུམ་གྱི་ཆར་གཏོགས་པའོ། །

དབྱེ་ན་དྲུག་སྟེ། ངོ་བོ་ཉིད་ཀྱིས་གཡེང་བ་ནི། རང་བཞིན་གྱིས་ཕྱི་རོལ་དུ་འཕྲོ་བའི་རྣམ་ཤེས་ཏེ། ཕྱི་རོལ་དུ་གཡེང་བ་ནི། དགེ་བ་ལ་ཞུགས་པའི་ཚེ་འདོད་པའི་ཡོན་ཏན་ལ་སེམས་རྣམ་པར་འཕྲོ་བར་བྱེད་པ། ནང་དུ་གཡེང་བ་ནི། སྒོམ་པ་ལ་ཞུགས་པའི་ཚེ་བྱིང་རྒོད་རོ་མྱང་སོགས་ཀྱིས་མ་དག་པར་བྱེད་པ། མཚན་མའི་གཡེང་བ་ནི། གཞན་དག་རང་ལ་དམ་པར་ཡིད་ཆེས་པའི་ཆེད་དུ་དགེ་བ་ལ་སྦྱོར་བ། གནས་ངན་ལེན་གྱི་གཡེང་བ་ནི། ཏིང་ངེ་འཛིན་གྱི་བདེ་བ་ལ་ང་དང་ང་ཡིར་ཆགས་ཤིང་ཞེན་པ། ཡིད་ལ་བྱེད་པའི་གཡེང་བ་ནི། ཐེག་ཆེན་གྱི་རིགས་ཅན་གཞན་ལ་འདོད་པ་བསྐྱེད་པར་བྱེད་པའོ། །གཞན་འགྱུར་ལ་དབྱེ་ན་བཞི་ལས། གཉིད་ནི། གཉིད་ཀྱི་རྒྱུ་ལ་བརྟེན་ནས་འཇུག་པ་རང་དབང་མེད་པར་ནང་དུ་སྡུད་པར་བྱེད་པའི་སེམས་བྱུང་། འགྱོད་པ་ནི། རང་གིས་བྱས་པའི་ལས་ལ་ཡིད་བཅགས་པའི་སེམས་བྱུང་། རྟོག་པ་ནི། དོན་གྱི་ངོ་བོའམ་ཁྱད་པར་ཀུན་ཏུ་ཚོལ་བའི་སེམས་བྱུང་སེམས་པའམ་ཤེས་རབ་ཀྱི་ཆར་གཏོགས་པ། དཔྱོད་པ་ནི། དོན་གྱི་ངོ་བོ་དང་ཁྱད་པར་ལ་སོ་སོར་རྟོག་པའི་སེམས་བྱུང་སེམས་པའམ་ཤེས་རབ་ཀྱི་ཆར་གཏོགས་པའོ། །ལྡན་པ་མ་ཡིན་པའི་འདུ་བྱེད་ལ་ཉེར་གསུམ་ལས། ཐོབ་པ་ནི། དགེ་སོགས་འཕེལ་འགྲིབ་ཀྱི་གནས་སྐབས་ལ་བཏགས་པའི་འདུ་བྱེད། འདུ་ཤེས་མེད་པའི་སྙོམས་འཇུག་ནི། ངེས་པར་འབྱུང་བའི་འདུ་ཤེས་སྔོན་དུ་འགྲོ་བའི་བསམ་གཏན་བཞི་པའི་ཏིང་ངེ་འཛིན་གྱིས་ཚོགས་དྲུག་འཁོར་བཅས་བཀག་པའི་ཕུང་པོའི་གནས་སྐབས་ལ་བཏགས་པའི་འདུ་བྱེད། འགོག་པའི་སྙོམས་འཇུག་ནི། ཞི་བར་གནས་པའི་འདུ་ཤེས་སྔོན་དུ་འགྲོ་བའི་སྲིད་རྩེའི་ཏིང་ངེ་འཛིན་གྱིས་ཚོགས་བདུན་འཁོར་བཅས་བཀག་པའི་གནས་སྐབས་ལ་བཏགས་པའི་འདུ་བྱེད། འདུ་ཤེས་མེད་པ་པ་ནི། འདུ་ཤེས་མེད་པའི་སྙོམས་འཇུག་གི་རྣམ་སྨིན་གྱི་དབང་གིས་འཇུག་ཤེས་ངང་གིས་འགགས་པའི་ཕུང་པོའི་གནས་སྐབས་ལ་བཏགས་པའི་འདུ་བྱེད། སྲོག་གི་དབང་པོ་ནི། ལས་ཀྱི་དབང་གིས་རྣམ་སྨིན་གྱི་ཕུང་པོའི་རྒྱུན་དུས་ངེས་པར་གནས་པའི་གནས་སྐབས་ལ་བཏགས་པའི་འདུ་བྱེད། རིས་མཐུན་པ་ནི། རྣམ་སྨིན་གྱི་ཕུང་པོའི་རྒྱུན་འདྲ་བའི་གནས་སྐབས་ལ་བཏགས་པའི་འདུ་བྱེད། སྐྱེ་བ་ནི། ནང་གི་སྐྱེ་མཆེད་དྲུག་གི་རྒྱུན་སྔར་མེད་གསར་དུ་བྱུང་བའི་གནས་སྐབས་ལ་བཏགས་པའི་འདུ་བྱེད། རྒ་བ་ནི། ནང་གི་སྐྱེ་མཆེད་དྲུག་རྒྱུན་འགྱུར་བའི་གནས་སྐབས་དང་། གནས་པ་ནི། དེ་དྲུག་གི་རྒྱུན་མི་འཇིག་པའི་གནས་སྐབས་དང་། མི་རྟག་པ་ནི། དེ་དྲུག་གི་རྒྱུན་འཇིག་པའི་གནས་སྐབས་དང་། མིང་གི་ཚོགས་ནི། ཆོས་རྣམས་ཀྱི་ངོ་བོ་ཉིད་སྟོན་པའི་ངག་གི་ཐ་སྙད་ཀྱི་གནས་སྐབས་དང་། ཚིག་གི་ཚོགས་ནི། ཆོས་རྣམས་ཀྱི་ཁྱད་པར་སྟོན་པའི་ངག་གི་ཐ་སྙད་ཀྱི་གནས་སྐབས་དང་། ཡི་གེའི་ཚོགས་ནི། རྗོད་བྱེད་ཀྱི་སྒྲའི་གནས་སྐབས་ལ་མིང་ཚིག་གཉིས་ཀའི་གཞིར་བཏགས་པའི་འདུ་བྱེད། སོ་སྐྱེ་ནི། འཕགས་ལམ་མ་ཐོབ་པའི་ནང་གི་སྐྱེ་མཆེད་གནས་སྐབས་དང་། འཇུག་པ་ནི། རྒྱུ་འབྲས་རྒྱུན་མི་འཆད་པའི་གནས་སྐབས་དང་། སོ་སོར་ངེས་པ་ནི། རྒྱུ་འབྲས་ཐ་དད་པའི་གནས་སྐབས་དང་། འབྱོར་འབྲེལ་བ་ནི། རྒྱུ་འབྲས་རྗེས་སུ་མཐུན་པའི་གནས་སྐབས་དང་། མགྱོགས་པ་ནི། རྒྱུ་འབྲས་མྱུར་བར་འབྱུང་བའི་གནས་སྐབས་དང་། གོ་རིམ་ནི། རྒྱུ་འབྲས་རེ་རེ་ནས་འབྱུང་བའི་གནས་སྐབས་དང་། དུས་ནི། རྒྱུ་འབྲས་རྒྱུན་མི་འཆད་པའི་གནས་སྐབས་དང་། ཡུལ་ནི་གཟུགས་ཅན་གྱི་རྒྱུ་འབྲས་ཕྱོགས་བཅུར་ཡོད་པའི་གནས་སྐབས་དང་། ༼ཉེར་གཉིས་པ་གྲངས་ཀྱི་མཚན་ཉིད་མ་དཔེར་ཆད།༽ ཚོགས་པ་ནི། རྒྱུ་རྐྱེན་མ་ཚང་བ་མེད་པའི་གནས་སྐབས་ལ་བཏགས་པའི་འདུ་བྱེད་དོ། །

རྣམ་ཤེས་ཀྱི་ཕུང་པོའི་རྣམ་གཞག་ལ་མཚན་ཉིད་དང་། མཚན་གཞི་གཏན་ལ་དབབ་པ་གཉིས་ལས། དང་པོ་རྣམ་ཤེས་སམ་སེམས་ཀྱི་མཚན་ཉིད་ནི་དོན་གྱི་ངོ་བོ་ཙམ་ཡོངས་སུ་གཅོད་པའི་ཤེས་རིག་གོ །གཉིས་པ་མཚན་ཉིད་དེ་ལྟ་བུ་དང་ལྡན་པའི་སེམས་ལའང་གསུམ་སྟེ། སེམས་དང་། ཡིད་དང་། རྣམ་པར་ཤེས་པའོ། །

དེ་ལྟར་གསུམ་དུ་ཕྱེ་བའི་སེམས་དང་ཀུན་གཞི་དོན་གཅིག་པས་མཚན་ཉིད་ནི། རྣམ་པར་སྨིན་པའི་རྣམ་ཤེས་དང་། ཀུན་ནས་ཉོན་མོངས་པའི་ས་བོན་ཀུན་གྱི་རྟེན་དུ་གྱུར་པ། དབྱེ་ན། ས་བོན་དང་། རྣམ་སྨིན་གྱི་ཆ་གཉིས་ལས། དང་པོ་ནི། ཀུན་ནས་ཉོན་མོངས་ཀྱི་ཆོས་ཀུན་གྱི་རྒྱུའི་རྐྱེན་དུ་གྱུར་ཅིང་། རྣམ་སྨིན་གྱི་ཆ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ། གཉིས་པ་ནི། ལས་ཀྱི་བག་ཆགས་ཡོངས་སུ་སྨིན་པའི་ངོ་བོར་གྱུར་པའི་རྣམ་ཤེས་སོ། །ཡིད་ཀྱི་མཚན་ཉིད། ཡིད་ཤེས་ཀྱི་ལྷན་ཅིག་འབྱུང་བའི་གནས་སམ་དེ་མ་ཐག་པའི་གནས་གང་རུང་དུ་བྱེད་པ། དེ་ལ་ཡང་ཉོན་མོངས་པ་ཅན་གྱི་ཡིད་དང་། དྲུག་པོ་འགགས་མ་ཐག་པའི་ཡིད་གཉིས་ལས། དང་པོ་ནི། ཀུན་གཞི་ལ་དམིགས་ནས་རྟག་ཏུ་ངར་རློམ་པའི་རྣམ་ཤེས་ཉོན་མོངས་པ་བཞི་དང་མཚུངས་པར་ལྡན་པ། གཉིས་པ་ནི། ཤེས་པ་ཕྱི་མ་སྐྱེ་བའི་གོ་འབྱེད་པའི་འཇུག་ཤེས་གང་རུང་འགགས་མ་ཐག་པའོ། །གསུམ་དུ་ཕྱེ་བའི་རྣམ་ཤེས་དང་འཇུག་ཤེས་དོན་གཅིག་པས་མཚན་ཉིད་ནི། ཡུལ་དྲུག་གང་རུང་གི་ངོ་བོ་སོ་སོར་རྣམ་པར་རིག་པ། དབྱེ་ན་མིག་གི་རྣམ་ཤེས་སོགས་དྲུག་ལས། གོ་རིམ་བཞིན་དུ། མིག་ལ་བརྟེན་ནས་གཟུགས་ཀྱི་ངོ་བོ་སོ་སོར་རིག་པ་ཞེས་པ་ནས། ཡིད་ལ་བརྟེན་ནས་ཆོས་ཀྱི་ངོ་བོ་སོ་སོར་རིག་པ་ཞེས་སྦྱར་རོ། ཁམས་དང་སྐྱེ་མཆེད་ཀྱི་མཚན་ཉིད་ནི་བཤད་ཟིན་ཅིང་། མཚན་གཞི་གཏན་ལ་དབབ་པ་ནི་གཞུང་དུ་གོ་སླ་བས་མ་བཤད་དོ། །

ཕུང་པོར་མ་འདུས་ཤིང་ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་འདུས་མ་བྱས་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། ཆོས་གང་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པ། གཉིས་པ་ནི་དེ་བཞིན་ཉིད་སོགས་དྲུག་ལས། དེ་བཞིན་ཉིད་ཀྱི་མཚན་ཉིད། བདག་གཉིས་ཀྱིས་སྟོང་པའི་དབྱིངས་གང་གཞན་དུ་མི་འགྱུར་བ། དེ་ལ་ཆོས་ཅན་གྱི་སྒོ་ནས་དགེ་བའི་དེ་བཞིན་ཉིད་སོགས་གསུམ་དུ་འགྱུར་ལ། རྣམ་གྲངས་ཀྱི་སྒོ་ནས་བདག་མེད་པ། སྟོང་པ་ཉིད་ཡང་དག་པའི་མཐའ། མཚན་མ་མེད་པ། དོན་དམ་པ། ཆོས་ཀྱི་དབྱིངས་རྣམས་སོ། །ནམ་མཁའ་ནི་ཐོགས་བཅས་ཀྱི་གཟུགས་བཀག་ཙམ་གྱི་མེད་དགག སོ་སོར་བརྟགས་མིན་གྱི་འགོག་པ་ནི། གཉེན་པོས་མ་སྤངས་ཀྱང་རྒྱུ་རྐྱེན་མ་ཚང་བའི་སྟོབས་ཀྱིས་ཐོབ་པའི་འགོག་པ། སོ་སོར་བརྟགས་པའི་འགོག་པ་ནི། ཤེས་རབ་ཀྱི་སོ་སོར་བརྟགས་པའི་སྟོབས་ཀྱིས་ཐོབ་པའི་འགོག་པ། མི་གཡོ་བ་ནི། འགྱུར་བ་བསྐྱེད་པའི་ཚོར་བ་མ་ལུས་པར་འགགས་པས་རབ་ཏུ་ཕྱེ་བའི་མེད་དགག འདུ་ཤེས་དང་ཚོར་བ་འགོག་པ་ནི། ཚོར་འདུ་རགས་པ་མ་ལུས་པར་འགགས་པས་རབ་ཏུ་ཕྱེ་བའི་མེད་དགག་གོ །རྣམ་པའི་རབ་དབྱེ་ནི། རྫས་ཡོད་ཤེས་བྱ་གཟུགས་ཅན་སོགས། །ཟག་བཅས་བྱུང་ལ་སོགས་པ་དང་། །འདས་དང་རྐྱེན་ལ་སོགས་པ་རྣམས། །ཞེས་པ་ལྟར་དྲུག་ཅུའི་དང་པོ་རྫས་ཡོད་སོགས་བཞིར་དབྱེ་བ་ལ། རྫས་ཡོད་ནི། སྤྱིར་རིགས་པས་དཔྱད་བཟོད་པའི་རྫས་ཡོད། དོན་བྱེད་ནུས་པའི་རྫས་ཡོད། རང་རྐྱ་ཐུབ་པའི་རྫས་ཡོད་དང་གསུམ་ལས། འདིར་ཐ་མ་སྟེ། མཚན་ཉིད་ནི། གཞན་ལ་ལྟོས་མེད་དུ་དབང་པོའི་ཡུལ་དུ་གྱུར་པ། བཏགས་ཡོད་ལ་ཡང་དུ་མ་ཡོད་ཀྱང་འདིར་རང་རྐྱ་མི་ཐུབ་པའི་བཏགས་ཡོད་དེ། མཚན་ཉིད་ནི། དབང་པོའི་སྤྱོད་ཡུལ་དུ་འགྱུར་བ་ལ་བརྗོད་པ་སོགས་གཞན་ལ་ལྟོས་པ་དང་བཅས་པ། ཀུན་རྫོབ་ལ་ཡང་རིགས་པས་དཔྱད་མི་བཟོད་པ་དང་། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པ་གཉིས་ལས་འདིར་ཐ་མ་སྟེ་མཚན་ཉིད་ནི། གང་ལ་ཀུན་ནས་ཉོན་མོངས་པ་འཕེལ་བར་འགྱུར་བའི་དམིགས་པའོ། །དོན་དམ་པ་ལ་ཡང་རིགས་པས་དཔྱད་བཟོད་པ་དང་། ཡེ་ཤེས་དམ་པའི་སྤྱོད་ཡུལ་དུ་གྱུར་པའི་དོན་དམ་གཉིས་ལས། འདིར་ཐ་མ་སྟེ་མཚན་ཉིད་ནི། གང་བསྒོམ་ན་ཀུན་ནས་ཉོན་མོངས་པ་རྣམ་པར་དག་པར་འགྱུར་བའི་དམིགས་པའོ། །

ཤེས་བྱ་སོགས་གསུམ་དུ་དབྱེ་བ་ལ་ཤེས་པར་བྱ་བ་ནི། ཀུན་ནས་ཉོན་མོངས་སམ་རྣམ་བྱང་གི་ངོ་བོར་ཐོས་བསམ་གྱིས་ཡོངས་སུ་གཅད་པར་བྱ་བ། རྣམ་པར་ངེས་པར་བྱ་བ་ནི། རྣམ་ཤེས་བརྒྱད་གང་རུང་གིས་གཟུང་བར་བྱ་བ། མངོན་པར་ཤེས་པར་བྱ་བ་ནི། མངོན་ཤེས་དྲུག་གང་རུང་གིས་རྟོགས་པར་བྱ་བའོ། །གཟུགས་ཅན་སོགས་དྲུག་དུ་དབྱེ་བ་ལ། གཟུགས་ཅན་ལ་དངོས་བཏགས་མ་ཕྱེ་བ་ནི། གཟུགས་དེའི་བདག་ཉིད་སོགས་གཟུགས་ཅན་དུ་འདོགས་པའི་རྒྱུ་མཚན་ཅི་རིགས་པ་དང་ལྡན་པ། མཚན་ཉིད་པ་ནི། གཟུགས་རུང་ངོ་བོའམ་དོན་གཞན་གང་རུང་དུ་འབྲེལ་བ། གཟུགས་ཅན་མ་ཡིན་པ་ལ་དངོས་བཏགས་ཐུན་མོང་བ་ནི། གཟུགས་ཅན་དུ་འདོགས་པའི་རྒྱུ་མཚན་ཅི་རིགས་པ་དང་མི་ལྡན་པ། མཚན་ཉིད་པ་ནི། གཟུགས་རུང་ངོ་བོའམ་དོན་གཞན་གང་དུ་ཡང་མ་འབྲེལ་བ། བསྟན་ཡོད་ལའང་ཐུན་མོང་བ་ནི། བསྟན་ཡོད་ཀྱི་བདག་ཉིད་སོགས་བསྟན་ཡོད་དུ་འདོགས་པའི་རྒྱུ་མཚན་ཅི་རིགས་པ་དང་ལྡན་པ། མཚན་ཉིད་པ་ནི། མིག་ཤེས་ཀྱི་ཡུལ་དུ་རུང་བ། བསྟན་མེད་ནི་དེ་ལས་བཟློག་པས་གོ་སླའོ། །ཐོགས་བཅས་ལ་ཐུན་མོང་བ་ནི། རིགས་སོགས་གསུམ་གང་རུང་གིས་ཐོགས་པ་དང་བཅས་པ། མཚན་ཉིད་པ་ནི། རང་ཡོད་པར་གཟུགས་ཅན་གཞན་འབྱུང་བའི་གོ་འགེགས་པ། ཐོགས་མེད་ནི་དེ་ལས་བཟློག་པའོ། །ཟག་བཅས་སོགས་བཅུ་གཉིས་སུ་དབྱེ་བ་ལ། ཟག་བཅས་ནི། ཟག་པ་དང་སྒོ་དྲུག་གང་རུང་གིས་འབྲེལ་བ། སྒོ་དྲུག་ནི། ཟག་པའི་བདག་ཉིད། དེ་དང་འབྲེལ་བ། དེས་བཅིངས་པ། དེའི་རྗེས་སུ་འབྲེལ་བ། དེ་དང་རྗེས་སུ་མཐུན་པ། དེའི་རྒྱུ་ལས་འབྱུང་བ་སྟེ། གོ་རིམ་བཞིན་དུ། ཟག་པ་དང་ངོ་བོར་འབྲེལ་བ་དང་། དེ་དང་གྲོགས་སུ་འབྲེལ་བ། དེས་བདག་གིར་བྱས་པ། དེས་བཞག་པའི་ནུས་པ། དེ་འཕེལ་བར་བྱེད་པ། དེས་བསྐྱེད་པའོ། །ཟག་མེད་ནི། དེ་ལས་བཟློག་པའོ། །

འཐབ་བཅས་འཐབ་མེད་ནི། འཐབ་རྩོད་ཀྱི་རྒྱུར་གྱུར་པའི་དུག་གསུམ་དང་སྒོ་དྲུག་གང་རུང་གིས་འབྲེལ་བ་དང་། མ་འབྲེལ་བའོ། །ཟང་ཟིང་དང་བཅས་པ་དང་དེ་མེད་པ་ནི། ཡང་སྲིད་ཀྱི་རྒྱུར་གྱུར་པའི་དུག་གསུམ་དང་སྒོ་དྲུག་གང་རུང་གིས་འབྲེལ་བ་དང་། མ་འབྲེལ་བའོ། །ཞེན་རྟེན་དང་མངོན་བྱུང་རྟེན་པ་ནི། འདོད་པའི་ཡོན་ཏན་ལྔ་ལ་ཆགས་པའི་རྒྱུར་གྱུར་པའི་དུག་གསུམ་དང་། སྒོ་དྲུག་གང་རུང་གིས་འབྲེལ་བ་དང་། མ་འབྲེལ་བའོ། །འདུས་བྱས་དང་འདུས་མ་བྱས་ཀྱི་མཚན་ཉིད་ནི། སྐྱེ་འཇིག་བྱེད་པ་དང་། མི་བྱེད་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཚན་ཉིད་ནི་ཡང་དག་པ་མ་ཡིན་པའི་ཀུན་རྟོག་གིས་བསྡུས་པའི་ཆོས་དང་། ཁམས་གསུམ་ལས་ངེས་པར་འབྱུང་བའི་ཆོས་སོ། །བྱུང་སོགས་བརྒྱད་དུ་དབྱེ་བ་ལ། བྱུང་བ་དང་མ་བྱུང་བ་ནི། རྒྱུ་རྐྱེན་ལས་སྐྱེས་པ་དང་མ་སྐྱེས་པའོ། །འཛིན་པ་དང་གཟུང་བ་ནི། ཡུལ་ལོངས་སྤྱོད་བྱེད་དང་། ལོངས་སྤྱོད་པར་བྱ་བའོ། །ཕྱི་ལྟས་དང་ནང་ལྟས་ནི། འདོད་ཡོན་ལ་སྲེད་པ་འཕེལ་བ་དང་རྗེས་སུ་མཐུན་པ་དང་། ཏིང་ངེ་འཛིན་དང་རྗེས་སུ་མཐུན་པའི་ཆོས་སོ། །ཉོན་མོངས་ཅན་དང་ཉོན་མོངས་ཅན་མ་ཡིན་པ་ནི། ཉོན་མོངས་པ་དངོས་ཀྱི་རྒྱུའམ་མཚུངས་ལྡན་གྱི་གྲོགས་སམ་རང་གི་ངོ་བོ་གང་རུང་དུ་ལྡན་པ་དང་། དེ་གསུམ་གང་དང་ཡང་མི་ལྡན་པའོ། །འདས་སོགས་བཅུ་དྲུག་ཏུ་དབྱེ་བ་ལ། འདས་ད་ལྟར་མ་འོངས་པ་གསུམ་ནི། རྒྱུ་འབྲས་གཉིས་ཀ་སྤྱད་ཟིན་པ་དང་། རྒྱུ་སྤྱད་ལ་འབྲས་བུ་མ་སྤྱད་པ་དང་། རྒྱུ་འབྲས་གཉིས་ཀ་མ་སྤྱད་ཅིང་འབྱུང་རུང་དུ་ཡོད་པ།

དགེ་བའི་མཚན་ཉིད་ནི། མ་འོངས་པའི་འབྲས་བུ་འདོད་པ་འབྱུང་བའི་ཐབས་སུ་བསྟེན་པར་བྱ་བ། དབྱེ་ན་བཅུ་གསུམ་ལས། ངོ་བོ་ཉིད་ཀྱིས་དགེ་བ་ནི། རང་བཞིན་གྱིས་རྣམ་པར་དཀར་བའི་རང་བཞིན་དུ་སྐྱེས་པ། འབྲེལ་བའི་དགེ་བ་ནི། གྲོགས་ཀྱི་སྟོབས་ཀྱིས་རྣམ་པར་དཀར་བའི་ངོ་བོར་སྐྱེས་པ། རྗེས་སུ་འབྲེལ་བའི་དགེ་བ་ནི། རྣམ་པར་དཀར་བའི་ཆོས་རྣམས་ཀྱིས་བཞག་པའི་ནུས་པ། སློང་བའི་དགེ་བ་ནི། རྣམ་པར་དཀར་བའི་ཆོས་ཀྱི་ཀུན་ནས་བསླངས་པའི་ལུས་ངག་གི་ལེགས་སྤྱད་ཀྱི་ལས། དོན་དམ་པའི་དགེ་བ་ནི། འཕགས་པ་རྣམས་ཀྱིས་གཟིགས་ངོར་གཅིག་ཏུ་ཁ་ན་མ་ཐོ་བ་མེད་པ། སྐྱེས་ཐོབ་ཀྱི་དགེ་བ་ནི། རྐྱེན་གཞན་ལ་མི་ལྟོས་པར་རིས་མཐུན་བཟུང་བ་ཙམ་གྱིས་ཀུན་ཏུ་སྤྱོད་པའི་དཀར་ཆོས། སྦྱོར་བྱུང་གི་དགེ་བ་ནི། རྐྱེན་གྱི་སྟོབས་ཀྱིས་ཀུན་ཏུ་སྤྱོད་པའི་དཀར་ཆོས། མདུན་དུ་བྱས་པའི་དགེ་བ་ནི། ཡོན་ཏན་ཅན་ལ་མཆོད་པར་འདོད་པས་ཀུན་ཏུ་སྤྱོད་པའི་དཀར་ཆོས། ཕན་འདོགས་པའི་དགེ་བ་ནི། དམན་པ་ལ་ཕན་པར་འདོད་ནས་ཀུན་ཏུ་སྤྱོད་པའི་དཀར་ཆོས། ཡོངས་སུ་འཛིན་པའི་དགེ་བ་ནི་མངོན་མཐོ་དང་ངེས་ལེགས་ཀྱི་འབྲས་བུ་འདོད་པ་འཛིན་པའི་དཀར་ཆོས། གཉེན་པོའི་དགེ་བ་ནི་མི་མཐུན་ཕྱོགས་འཇོམས་པའི་དཀར་ཆོས། ཉེ་བར་ཞི་བའི་དགེ་བ་ནི། ཉོན་མོངས་སམ་ཉོན་མོངས་པའི་གནས་ཀྱི་ཚོར་འདུ་མ་ལུས་པ་འགགས་པའི་དཀར་ཆོས། རྒྱུ་མཐུན་པའི་དགེ་བ་ནི། དགེ་བས་བསྐྱེད་པའི་དཀར་ཆོས་སོ། །

མི་དགེ་བའི་མཚན་ཉིད་ནི། མ་འོངས་པའི་འབྲས་བུ་མི་འདོད་པ་འདོར་བའི་ཐབས་སུ་སྤང་བར་བྱ་བ་སྟེ། དབྱེ་ན་བཅུ་གཉིས་ལས། ངོ་བོ་ཉིད་ཀྱིས་མི་དགེ་བ་ནི། རང་བཞིན་གྱིས་ཉེས་སྤྱོད་ཀུན་ནས་སློང་བྱེད་དུ་སྐྱེས་པ། འབྲེལ་བའི་མི་དགེ་བ་ནི། གྲོགས་སྟོབས་ཀྱིས་ཉེས་སྤྱོད་ཀུན་ནས་སློང་བྱེད་དུ་སྐྱེས་པ། རྗེས་སུ་འབྲེལ་བའི་མི་དགེ་བ་ནི། ཉེས་སྤྱོད་ཀུན་སློང་དང་བཅས་པས་བཞག་པའི་ནུས་པ། སློང་བའི་ནི། མི་དགེ་བས་ཀུན་ནས་བསླངས་པའི་ལུས་ངག་གི་ཉེས་སྤྱོད། དོན་དམ་པའི་ནི། འཕགས་པས་གཅིག་ཏུ་ཁ་ན་མ་ཐོ་བ་དང་བཅས་པར་གཟིགས་པ། སྐྱེ་བས་ཐོབ་པའི་ནི། སྔོན་གོམས་པའི་སྟོབས་ཀྱིས་རིས་མཐུན་བཟུང་བ་ཙམ་གྱིས་ཀུན་ཏུ་སྤྱོད་པའི་ཉེས་སྤྱོད། སྦྱོར་བྱུང་གི་ནི། རྐྱེན་གྱི་སྟོབས་ཀྱིས་ཀུན་ཏུ་སྤྱོད་པའི་ཉེས་སྤྱོད། མདུན་དུ་བྱས་པའི་ནི། ལྷ་མཆོད་པའི་བསམ་པས་ཀུན་ཏུ་སྤྱོད་པའི་ཉེས་སྤྱོད། གནོད་པ་བྱེད་པའི་ནི། གཞན་ལ་ལོག་པར་སྒྲུབ་པའི་ཉེས་སྤྱོད། ཡོངས་སུ་འཛིན་པའི་ནི། བདེ་འགྲོའམ་ངན་འགྲོར་རྣམ་སྨིན་མི་འདོད་པ་འཛིན་པའི་ཉེས་སྤྱོད། མི་མཐུན་ཕྱོགས་ཀྱི་ནི། གཉེན་པོའི་བར་དུ་གཅོད་པའི་ཆོས། བར་དུ་གཅོད་པའི་མི་དགེ་བ་ནི་དགེ་བའི་བར་དུ་གཅོད་པའི་ཆོས་སོ། །

ལུང་དུ་མ་བསྟན་པའི་མཚན་ཉིད་ནི། འབྲས་བུ་འདོད་མི་འདོད་དོར་ཐོབ་ཀྱི་ཐབས་སུ་བླང་དོར་བྱ་བ་མ་ཡིན་པའི་ཆོས་སོ། །དབྱེ་ན་བཅུ་བཞི་ལས། ངོ་བོ་ཉིད་ཀྱིས་ལུང་མ་བསྟན་ནི། རང་བཞིན་གྱིས་འདོད་མི་འདོད་ཀྱི་འབྲས་བུ་འབྱིན་པའི་ནུས་མེད་དུ་སྐྱེས་པ། འབྲེལ་བའི་ནི། གྲོགས་སྟོབས་ཀྱིས་དེར་སྐྱེས་པ། རྗེས་སུ་འབྲེལ་བའི་ནི། ལུང་མ་བསྟན་གྱིས་བཞག་པའི་ནུས་པ། སློང་བའི་ནི། ལུང་མ་བསྟན་གྱི་སེམས་ཀྱིས་ཀུན་ནས་བསླངས་པའི་ལུས་ངག་གི་ལས། དོན་དམ་པའི་ནི། རྣམ་གྲངས་ཀྱིས་དགེ་བའམ་མི་དགེ་བ་གང་དུ་ཡང་བཞག་པར་མི་ནུས་པའི་ཆོས། སྐྱེས་པས་ཐོབ་པའི་ནི། དགེ་མི་དགེའི་རྣམ་སྨིན་གྱིས་བསྡུས་པ། སྦྱོར་བྱུང་གི་ནི། ལུང་མ་བསྟན་གྱི་ཀུན་ཏུ་སྤྱོད་པའི་སྤྱོད་ལམ་དང་གཟོའི་གནས། མདུན་དུ་བྱ་བའི་ནི། ལྷ་མཆོད་པའི་བསམ་པས་ཀུན་ནས་སྤྱོད་པའི་ལུང་མ་བསྟན་གྱི་ལས། ཕན་འདོགས་པའི་ནི། གཞན་ལ་ཟས་གོས་སོགས་སྦྱིན་པའི་ལུང་མ་བསྟན་གྱི་ལས། ཉེ་བར་སྤྱོད་པའི་ནི། རང་ཉིད་ཟས་གོས་སོགས་ལ་ལོངས་སྤྱོད་པའི་ལུང་མ་བསྟན་གྱི་ལས། ཡོངས་སུ་འཛིན་པའི་ནི། མ་འོངས་པའི་སྐྱེ་བ་ལ་རྒྱུ་མཐུན་གྱི་འབྲས་བུ་ཡོངས་སུ་འཛིན་ནུས་པའི་ལུང་མ་བསྟན་གྱི་ལས། གཉེན་པོའི་ནི། ལུང་མ་བསྟན་གྱི་སེམས་ཀྱིས་ནད་ཀྱི་གཉེན་པོར་སྨན་བསྟེན་པའི་ལས། ཉེ་བར་ཞི་བའི་ནི། ཏིང་ངེ་འཛིན་གྱིས་ཉེས་སྤྱོད་བསྐྱེད་པའི་ནུས་པ་ཉམས་པར་བྱས་པའི་ཉོན་མོངས་སོ། །

རྒྱུ་མཐུན་པའི་ལུང་མ་བསྟན་ནི། རྒྱུ་ལུང་མ་བསྟན་གྱིས་བསྐྱེད་པའི་འབྲས་བུ་ལུང་མ་བསྟན་ནོ། །ཉེ་བར་བསྟན་པའི་དགེ་མི་དགེ་ལུང་མ་བསྟན་གསུམ་ནི། བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་གང་གཞན་ལ་དགེ་མི་དགེ་ལུང་མ་བསྟན་ལྟར་སྣང་བའོ། །འདོད་པའི་ཁམས་ནི། འདོད་ཡོན་ལ་སྲེད་པ་འཕེལ་བ་དང་། རྗེས་སུ་མཐུན་པ། གཟུགས་ཁམས་ནི། འདོད་པ་ལ་འདོད་ཆགས་དང་བྲལ་ཞིང་གཟུགས་ལ་སྲེད་པ་འཕེལ་བ་དང་རྗེས་སུ་མཐུན་པ། གཟུགས་མེད་ཁམས་ནི། གཟུགས་ལ་འདོད་ཆགས་དང་བྲལ་ཞིང་མིང་བཞིའི་ཕུང་པོ་ལ་སྲེད་པ་འཕེལ་བ་དང་རྗེས་སུ་མཐུན་པའོ། །སློབ་པ་ནི་ཐར་པའི་དོན་དུ་བསླབ་པ་གསུམ་ལ་བསླབ་པའི་དགེ་བ། མི་སློབ་པ་ནི། བསླབ་པ་གསུམ་མཐར་ཕྱིན་པའི་དགེ་བ། སློབ་མི་སློབ་གཉིས་ཀ་མ་ཡིན་པ་ནི། ཐར་པ་རྒྱུ་འབྲས་ཀྱིས་མ་བསྡུས་པའི་ཆོས་སོ། །མཐོང་སྤང་ནི། བདེན་པའི་ཆོས་ཉིད་མཐོང་བ་ཙམ་གྱིས་གཞོམ་པར་བྱ་བ། སྒོམ་སྤང་ནི། ཆོས་ཉིད་མཐོང་ཟིན་གོམས་པས་གཞོམ་པར་བྱ་བ། སྤང་བྱ་མ་ཡིན་པ་ནི། སྐྱོན་མེད་པས་སུན་འབྱུང་བྱ་མ་ཡིན་པའོ། །རྟེན་འབྲེལ་གྱི་མཚན་ཉིད་ནི། མཐའ་བཞི་དང་བྲལ་བའི་རྒྱུ་རྐྱེན་ལས་སྐྱེས་པའོ། །དབྱེ་ན་ནང་གི་རྟེན་འབྲེལ་དང་། ཕྱིའི་རྟེན་འབྲེལ་ལོ། །དང་པོ་ལ་མཚན་ཉིད་ནི། སེམས་ཅན་གྱི་རྒྱུད་དུ་གཏོགས་པའི་རྒྱུ་འབྲས་ཀྱི་འབྲེལ་བ། དེ་ལ་ཡང་ཀུན་ནས་ཉོན་མོངས་པ་དང་། རྣམ་བྱང་གི་རྟེན་འབྲེལ་གཉིས་ལས། དང་པོ་ལ་མཚན་ཉིད་ནི། འཁོར་བར་འཇུག་ཚུལ་གྱི་རྒྱུ་འབྲས་ཀུན་ནས་ཉོན་མོངས་པ་གསུམ་གང་རུང་གིས་བསྡུས་པ། དབྱེ་ན་མ་རིག་པ་ནས་རྒ་ཤིའི་བར་བཅུ་གཉིས་དང་། བསྡུ་ན་འཕེན་པའི་ཡན་ལག འཕངས་པའི་ཡན་ལག མངོན་པར་འགྲུབ་བྱེད་ཀྱི་ཡན་ལག མངོན་པར་གྲུབ་པའི་ཡན་ལག་བཞི་སྟེ། མཚན་ཉིད་ནི་གོ་རིམ་བཞིན་དུ། མིང་གཟུགས་བསྐྱེད་ནུས་ཀྱི་ས་བོན་འདེབས་པར་བྱེད་པའི་ལས་ཉོན། འཕེན་བྱེད་ཀྱི་ལས་ཉོན་གྱི་རྣམ་སྨིན་གྱིས་བསྡུས་པའི་ཀུན་ཉོན། འཕངས་ཟིན་གྱི་མིང་གཟུགས་སོགས་བསྐྱེད་བྱེད་ཀྱི་ལས་ཉོན། མིང་གཟུགས་སོགས་གྲུབ་པའི་ཉེས་དམིགས་སུ་གྱུར་པའི་ཀུན་ཉོན་ནོ། །རྣམ་བྱང་གི་རྟེན་འབྲེལ་གྱི་མཚན་ཉིད། འཁོར་བ་ལྡོག་བྱེད་ཀྱི་རྒྱུ་འབྲས་བསླབ་པ་གསུམ་མམ་ལམ་ལྔས་བསྡུས་པའོ། །ཕྱིའི་རྟེན་འབྲེལ་གྱི་མཚན་ཉིད། སེམས་ཅན་དུ་མི་བགྲང་བའི་རྒྱུ་འབྲས་ཀྱི་འབྲེལ་བ། དབྱེ་ན་ས་བོན་ལས་མྱུ་གུ། མྱུ་གུ་ལས་སྡོང་བུ་འབྱུང་བ་ལ་སོགས་པ་མཐའ་ཡས་སོ། །རྐྱེན་སོགས་བཅུ་གཅིག་དུ་དབྱེ་བ་ལ། རྐྱེན་ལ་མཚན་ཉིད་ནི། འབྲས་བུ་འབྱུང་བའི་ཐབས་སུ་གྱུར་པ། དབྱེ་ན། རྒྱུ་དང་། དེ་མ་ཐག་པ། དམིགས་པ། བདག་པོའི་རྐྱེན་ནོ། །དང་པོ་ལ་མཚན་ཉིད་ནི། འབྲས་བུ་བསྐྱེད་པའི་ཐབས་ཀྱི་གཙོ་བོར་གྱུར་པ། དབྱེ་ན་དོན་དམ་པའི་རྒྱུ་རྐྱེན་དང་། ཐ་སྙད་པའི་རྒྱུ་རྐྱེན་གཉིས་ལས། གོ་རིམ་བཞིན་དུ། ཀུན་གཞི་ལ་ཡོད་པའི་ཀུན་ནས་ཉོན་མོངས་དང་། རྣམ་བྱང་གི་ས་བོན་དང་། ས་བོན་གྱིས་མྱུ་གུ་བསྐྱེད་པ་ལ་སོགས་འཇིག་རྟེན་ན་རྒྱུར་གྲགས་པ་རྣམས་སོ། །

ཕྱི་མ་ལ་དབྱེ་ན་དྲུག་སྟེ། བྱེད་རྒྱུ་དང་ལྷན་ཅིག་འབྱུང་བ། མཚུངས་པར་ལྡན་པ། སྐལ་པ་མཉམ་པ། ཀུན་ཏུ་འགྲོ་བ། རྣམ་སྨིན་གྱི་རྒྱུའོ། །དང་པོ་ནི་འབྲས་བུ་བསྐྱེད་པའི་བྱ་བ་བྱེད་པ་སྟེ། དབྱེ་ན་འབྱུང་བའི་བྱེད་རྒྱུ་ལ་སོགས་ཉི་ཤུའོ། །གཉིས་པ་ནི། ཚོགས་པ་གཅིག་པའི་སྟོབས་ཀྱིས་རང་དང་ལྷན་ཅིག་པའི་གྲོགས་ལ་ཕན་འདོགས་པ། གསུམ་པ་ནི་ཚོགས་པ་གཅིག་པའི་སྟོབས་ཀྱིས་རང་དང་ལྷན་ཅིག་པའི་སེམས་སེམས་བྱུང་གིས་དམིགས་པ་རྟོགས་པའི་གྲོགས་བྱེད་པ། བཞི་པ་ནི་རང་དང་རིགས་མཐུན་པའི་འབྲས་བུ་བསྐྱེད་པར་བྱེད་པ། ལྔ་པ་ནི། རང་དང་རིགས་མཐུན་པའི་འབྲས་བུས་ཉོན་མོངས་ཅན་བསྐྱེད་པར་བྱེད་པ། དྲུག་པ་ནི། འདོད་པའམ་མི་འདོད་པའི་རྣམ་སྨིན་འབྱིན་པར་བྱེད་པའོ། །དེ་མ་ཐག་པའི་རྐྱེན་ནི། རང་འགགས་སྟོབས་ཀྱིས་རང་དང་རིགས་མཐུན་པའི་ཤེས་པ་ཕྱི་མ་སྐྱེ་བའི་གོ་འབྱེད་པ། དམིགས་རྐྱེན་ནི། དམིགས་པའི་སྒོ་ནས་ཤེས་པ་བསྐྱེད་པའི་ཐབས་སུ་གྱུར་པའོ། །བདག་པོའི་རྐྱེན་ནི། དབང་བྱེད་པའི་ཚུལ་གྱིས་འབྲས་བུ་བསྐྱེད་པའི་ཐབས་སུ་གྱུར་པའོ། །རྟེན་མཚུངས་ནི། རང་ལ་བརྟེན་པའི་རྣམ་ཤེས་དང་ཡུལ་ལ་ལོངས་སྤྱོད་བྱེད་དུ་མཚུངས་པའི་དབང་པོ། དེ་མཚུངས་ནི། དངོས་སུ་ཡུལ་ལ་ལོངས་མི་སྤྱོད་ཀྱང་རྟེན་མཚུངས་དང་རིགས་འདྲ་བའི་དབང་པོའོ། །

ཟིན་པ་དང་མ་ཟིན་པ་ནི། ཚོར་བས་ཕན་གནོད་དུ་འགྱུར་པ་དང་མི་འགྱུར་བའི་གཟུགས་སོ། །དབང་པོ་ལ་མཚན་ཉིད་ནི། ཀུན་བྱང་གང་རུང་ལ་དབང་བྱེད་པའི་ཆོས་སོ། །དབྱེ་ན་ཉེར་གཉིས་དང་། བསྡུ་ན་ཀུན་ཉོན་གྱི་དབང་པོ་དང་། རྣམ་བྱང་གི་དབང་པོ་གཉིས་སོ། །དང་པོ་ནི་ཀུན་ནས་ཉོན་མོངས་ཀྱི་ཆོས་ལ་དབང་བསྒྱུར་བ་སྟེ། དེ་ཡང་ཡུལ་འཛིན་པ་དང་། རིགས་ཀྱི་རྒྱུད་དང་། རིས་མཐུན་གནས་པ་དང་། དགེ་སྡིག་གི་འབྲས་བུ་ལ་དབང་བྱེད་པ་བཞི་སྟེ། གོ་རིམ་བཞིན་དུ། མིག་སོགས་དབང་པོ་དྲུག་དང་། ཕོ་མོའི་དབང་པོ་གཉིས་དང་། སྲོག་གི་དབང་པོ་དང་། ཚོར་བའི་དབང་པོ་ལྔ་རྣམས་སོ། །གཉིས་པ་ནི། རྣམ་བྱང་གི་ཆོས་ལ་དབང་བསྒྱུར་བ་སྟེ། དེ་ཡང་འཇིག་རྟེན་པའི་རྣམ་དག་དང་། འཇིག་རྟེན་ལས་འདས་པའི་རྣམ་དག་ལ་དབང་བྱེད་པ་གཉིས་ཏེ། གོ་རིམ་བཞིན་དུ། དད་སོགས་ལྔ་དང་། མི་ཤེས་པ་ཀུན་ཤེས་པ་སོགས་གསུམ་མོ། །དེ་དག་གི་མཚན་ཉིད་ནི་བཤད་ཅིང་འཆད་པར་འགྱུར་རོ། །སྡུག་བསྔལ་གྱི་སྡུག་བསྔལ་ནི། ཚོར་བ་སྡུག་བསྔལ་གནས་དང་བཅས་པས་བསྡུས་པ། འགྱུར་བའི་སྡུག་བསྔལ་ནི། ཟག་བཅས་ཀྱི་ཚོར་བ་བདེ་བ་གནས་དང་བཅས་པས་བསྡུས་པ། འདུ་བྱེད་ཀྱི་སྡུག་བསྔལ་ནི། ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་གནས་དང་བཅས་པས་བསྡུས་པའོ། །ཟས་ལ་མཚན་ཉིད་ནི། སྲིད་པ་གནས་ཤིང་རྒྱས་པར་བྱེད་པའི་ཆོས། དབྱེ་ན་ཁམ་གྱི་ཟས་དང་། རེག་པའི་ཟས་དང་། སེམས་པའི་ཟས་དང་། རྣམ་པར་ཤེས་པའི་ཟས་སོ། །མཚན་ཉིད་ནི་གོ་རིམ་བཞིན་དུ། ཡུལ་གང་སྣ་ལྕེ་ལུས་གསུམ་གྱིས་ལོངས་སྤྱོད་ནས་འཇུ་བའི་ཚེ་དབང་པོ་རྟེན་དང་བཅས་པ་རྒྱས་པར་བྱེད་པ། ཡིད་དུ་འོང་བའི་ཡུལ་ཡོངས་སུ་གཅོད་བྱེད་ཀྱི་རེག་པ་གང་དབང་པོ་རྟེན་དང་བཅས་པ་རྒྱས་པར་བྱེད་པ། མ་འོངས་པའི་འདོད་བྱའི་དངོས་པོ་ལ་སེམས་གཡོ་བར་བྱེད་པའི་སེམས་པ་གང་དབང་པོ་རྟེན་དང་བཅས་པ་རྒྱས་པར་བྱེད་པ། སྲིད་པའི་ལུས་མ་ཐོབ་པ་ལེན་པར་བྱེད་པ་དང་ཐོབ་ཟིན་གནས་པར་བྱེད་པའི་རྣམ་ཤེས་སོ། །གོང་བཅས་གོང་མེད་ནི། བླ་ན་དང་བཅས་པ་དང་། བླ་ན་མེད་པའི་ཆོས་སོ། །དེ་ལྟར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ལྷག་མཐོང་བསྐྱེད་པའི་ཆེད་དུ་རྣམ་པའི་རབ་དབྱེ་བསྟན་ནས།

ད་ནི་རྩེ་གཅིག་པའི་ཞི་གནས་བསྐྱེད་པའི་ཆེད་དུ་བསྡུས་པ་བསྟན་པ་ལ། མཚན་ཉིད་ནི། སེམས་རྩེ་གཅིག་པ་བསྒྲུབ་པའི་ཆེད་དུ་རྣལ་འབྱོར་གྱི་དམིགས་པ་ཕྱོགས་གཅིག་ཏུ་བསྡུས་པ། དབྱེ་ན་བཅུ་གཅིག་ལས། མཚན་ཉིད་ཀྱིས་བསྡུས་པ་ནི། མཚན་ཉིད་ཀྱིས་མཚན་གཞི་ཇི་སྙེད་པ་བསྡུས་པའོ། ཁམས་ཀྱིས་བསྡུས་པ་ནི། ས་བོན་གྱིས་ས་བོན་ཅན་ཇི་སྙེད་པ་བསྡུས་པའོ། །རིགས་ཀྱིས་ནི། རིགས་ཀྱིས་རིགས་ཅན་ཇི་སྙེད་པ་དང་། གནས་སྐབས་ཀྱིས་ནི། གནས་སྐབས་ཀྱིས་གནས་སྐབས་ཅན་ཇི་སྙེད་པ་དང་། གྲོགས་ཀྱིས་ནི། གྲོགས་ཀྱིས་གྲོགས་ཅན་ཅི་སྙེད་པ་དང་། ཕྱོགས་ཀྱིས་ནི། ཕྱོགས་ཀྱིས་ཕྱོགས་ཅན་ཇི་སྙེད་པ་དང་། དུས་ཀྱིས་ནི། དུས་ཀྱིས་དུས་ཅན་ཇི་སྙེད་པ་དང་། ཕྱོགས་གཅིག་གིས་ནི། སྡུད་བྱེད་ཀྱི་ཕྱོགས་གཅིག་གིས་བསྡུ་བྱ་ཇི་སྙེད་པ་དང་། མཐའ་དག་གིས་ནི། སྡུད་བྱེད་མཐའ་དག་གིས་བསྡུད་བྱ་ཇི་སྙེད་པ་དང་། གཅིག་གིས་གཅིག་བསྡུས་པ་ནི། བསྡུད་བྱ་དང་སྡུད་བྱེད་ཕན་ཚུན་གཅིག་གིས་གཅིག་བསྡུས་པའོ། །བཅུ་གཅིག་པ་དོན་དམ་པས་བསྡུས་པའི་མཚན་ཉིད། མཚུངས་པར་ལྡན་པ་ལ་མཚན་ཉིད་ནི། ཆོས་གཉིས་ཕན་ཚུན་གྲོགས་དང་གྲོགས་ཅན་དུ་འཇུག་པ། དབྱེ་ན་དྲུག་ལས། ཐ་དད་མེད་པས་མཚུངས་ལྡན་ནི། ཚོགས་པ་གཅིག་པའི་རྫས་ཀྱི་རྡུལ་ཕྲ་རབ་རྣམས་ཡུལ་གོ་ས་ཐ་མི་དད་དུ་འཇུག་པ། འདྲེས་པས་མཚུངས་ལྡན་ནི། རགས་པ་གཉིས་ཡུལ་གོ་ས་དབྱེར་མེད་དུ་འདྲེས་པ། ཕྲད་པས་ནི། གོང་བུ་གཉིས་ཡུལ་འདབ་འབྱོར་དུ་ཕྲད་པ། ལྷན་ཅིག་གི་འབྱུང་བས་ནི། རྒྱུ་གཅིག་གིས་བསྡུས་པའི་ཆོས་གཉིས་སྐྱེ་འགག་གནས་གསུམ་ངང་གཅིག་ཏུ་འཇུག་པ། ལྔ་པ་བྱ་བ་བསྒྲུབས་པས་མཚུངས་ལྡན་གྱི་མཚན་ཉིད། མཐུན་པར་རྟོགས་པའི་ནི་ཤེས་རིག་གི་ཆོས་གཉིས་ཕན་ཚུན་གྲོགས་བྱས་ཏེ་དམིགས་པ་གཅིག་ལ་འཇུག་པའོ། །ལྡན་པ་ལ་མཚན་ཉིད་ནི་ཐོབ་པའི་སྐབས་སུ་བཤད་ཟིན་ཏོ། །དབྱེ་ན་གསུམ་ལས། ས་བོན་དུ་ལྡན་པ་ནི། སེམས་ཅན་དུ་བགྲང་བའི་མ་འོངས་པའི་ཆོས་རང་གི་ངང་གིས་འབྱུང་རུང་དུ་གནས་པའི་གནས་སྐབས་ལ་བཏགས་པའི་ཐོབ་པ། དབང་དུ་ལྡན་པ་ནི། སེམས་ཅན་དུ་བགྲང་བའི་མ་འོངས་པའི་ཆོས་གང་འབད་རྩོལ་གྱི་རྐྱེན་གྱིས་བཙལ་ན་འབྱུང་རུང་དུ་གནས་པའི་གནས་སྐབས་ལ་བཏགས་པའི་ཐོབ་པ། མངོན་གྱུར་དུ་ལྡན་པ་ནི། སེམས་ཅན་དུ་བགྲང་བའི་ཆོས་གང་རང་གི་མཚན་ཉིད་ཀྱིས་གནས་པའི་གནས་སྐབས་ལ་བཏགས་པའི་ཐོབ་པའོ། །མཚན་ཉིད་ཀུན་ལས་བཏུས་པའི་དོན་མདོར་བསྡུས་པ་བཤད་ཟིན་ཏོ།། །།

གཉིས་པ་རྟོགས་དཀའ་བ་བྱེ་བྲག་ཏུ་གཏན་ལ་དབབ་པ་ལ། དཔྱད་བྱ་མངོན་རྟོགས་ཀྱི་དམིགས་པ་ཡུལ་བདེན་པ་རྣམ་ངེས། དཔྱོད་པའི་ངོ་བོ་མངོན་རྟོགས་ཀྱི་རྒྱུ་ཚོགས་ཆོས་རྣམ་ངེས། དཔྱད་འབྲས་རང་གཞན་གྱི་དོན་ཐོབ་པ་དང་འབེལ་གཏམ་རྣམ་ངེས་སོ། །དང་པོ་ལ། བདེན་པའི་མཚན་ཉིད། དབྱེ་བ། ཕྱེ་བ་སོ་སོའི་དོན་གསུམ་ལས། དང་པོ་ནི། ཤེས་བྱ་སྤང་བྱ་བསྟེན་བྱ་མངོན་དུ་བྱ་བ་གང་རུང་དུ་འཕགས་པ་ཁོ་ནས་གཟིགས་པ། ཡང་ན་ཀུན་བྱང་རྒྱུ་འབྲས་གང་རུང་གི་ངོ་བོར་རྣལ་འབྱོར་པས་ཡོངས་སུ་བཅད་པར་བྱ་བའོ། །གཉིས་པ་ལ། གཉིས་སུ་དབྱེ་བ། བཞིར་དབྱེ་བ་གཉིས་ལས། དང་པོ་ནི། རྣམ་པར་མ་བཞག་པའི་བདེན་པ་དང་། རྣམ་པར་བཞག་པའི་བདེན་པ་གཉིས་སོ། །དང་པོ་ནི། མཉམ་གཞག་མི་རྟོག་པའི་སྤྱོད་ཡུལ་དུ་གྱུར་པའི་དེ་བཞིན་ཉིད་དོ། །གཉིས་པ་ནི། གདུལ་བྱས་བདེན་པ་མངོན་པར་རྟོགས་པའི་དོན་དུ་མིང་ཚིག་གི་སྒོ་ནས་བདེན་པའི་གནས་ལུགས་རྣམ་པར་བཞག་པའོ། །གཉིས་པ་བཞིར་དབྱེ་བ་ནི། སྡུག་བསྔལ་ལ་སོགས་པ་བཞིའོ། །གསུམ་པ་ཕྱེ་བ་སོ་སོའི་དོན་ལ་བཞི་ལས། དང་པོ་སྡུག་བསྔལ་གྱི་བདེན་པའམ། མཚན་ཉིད། མཚན་གཞི་གཏན་ལ་དབབ་པ། མཚན་ཉིད་ཀྱི་དོན་བཤད་པ་དང་གསུམ་ལས། དང་པོ་ནི། མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་ཉིད་ཀྱི་རྣམ་པར་རྣལ་འབྱོར་པས་ཡོངས་སུ་བཅད་ནས་ཤེས་པར་བྱ་བའི་བདེན་པའོ། །གཉིས་པ་ལ་བཞི་ལས། དང་པོ་ཕྱི་ནང་གི་སྒོ་ནས་དབྱེ་ན། སེམས་ཅན་གྱི་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་ནོ། །མཚན་ཉིད་ནི་གོ་རིམ་བཞིན་དུ། ཐུན་མོང་མ་ཡིན་པའི་ལས་ཀྱི་རྣམ་སྨིན་གྱིས་བསྡུས་པའི་ཕུང་པོ་དང་། ཐུན་མོང་གི་ལས་ཀྱི་བདག་འབྲས་ཀྱིས་བསྡུས་པའི་ཕུང་པོའོ། །དང་པོ་ལ་འགྲོ་བ་རིགས་ལྔ་སྟེ། དམྱལ་བ་ནི། མི་དགེ་བ་ཆེན་པོས་འཕངས་པའི་རྣམ་སྨིན་ལ་ལོངས་སྤྱོད་པའི་འགྲོ་བ། དུད་འགྲོ་ནི། མི་དགེ་བ་འབྲིང་གིས་འཕངས་པའི་རྣམ་སྨིན་ལ་ལོངས་སྤྱོད་པའི་འགྲོ་བ། ཡི་དྭགས་ནི། མི་དགེ་བ་ཆུང་ངུས་འཕངས་པའི་རྣམ་སྨིན་ལ་ལོངས་སྤྱོད་པའི་འགྲོ་བ། ཡང་ན་དེ་གཉིས་གོ་རིམ་བཟློག་གོ །མི་ནི། བསོད་ནམས་ཀྱི་ལས་ཆུང་ངུས་འཕངས་པའི་རྣམ་སྨིན་ལ་ལོངས་སྤྱོད་པའི་འགྲོ་བ། ལྷ་ལ་ཡང་འདོད་ལྷ་ནི། བསོད་ནམས་ཀྱི་ལས་ཆེན་པོས་འཕངས་པའི་རྣམ་སྨིན་ལ་ལོངས་སྤྱོད་པའི་འགྲོ་བ། གཟུགས་གཟུགས་མེད་ཀྱི་ལྷ་ནི། མི་གཡོ་བའི་ལས་ཀྱིས་འཕངས་པའི་རྣམ་སྨིན་ལ་ལོངས་སྤྱོད་པའི་འགྲོ་བའོ། །༼དེ་གཉིས་ཀྱང་། ལྷག་མཐོང་ཤས་ཆེ་བ་དང་། ཞི་གནས་ཤས་ཆེ་བའི་མི་གཡོ་བ་ཞེས་སྦྱར་རོ། །༽གཉིས་པ་ཉེས་དམིགས་ཀྱི་སྒོ་ནས་བརྒྱད་དུ་དབྱེ་བ་ནི། སྐྱེ་བ་སྡུག་བསྔལ་བ་ལ་སོགས་པ་སྟེ་གོ་སླའོ། །གསུམ་པ་ངོ་བོའི་སྒོ་ནས་གསུམ་དུ་དབྱེ་བ་ནི། སྡུག་བསྔལ་གྱི་སྡུག་བསྔལ་ལ་སོགས་པ་སྟེ་བཤད་ཟིན་ཏོ། །བཞི་པ་བདེན་པ་གཉིས་ཀྱི་སྒོ་ནས་དབྱེ་བ་ནི། ཀུན་རྫོབ་ཀྱི་བདེན་པ་སྡུག་བསྔལ་བ་དང་། དོན་དམ་པའི་བདེན་པ་སྡུག་བསྔལ་བ་གཉིས་ལས། གོ་རིམ་བཞིན་དུ་བྱིས་པས་ཀྱང་མི་འདོད་པའི་རང་བཞིན་དུ་ཤེས་པར་ནུས་པ་དང་། འཕགས་པ་ཁོ་ནས་མི་འདོད་པའི་རང་བཞིན་དུ་ཤེས་པའོ། །གསུམ་པ་མཚན་ཉིད་ཀྱི་དོན་བཤད་པ་ལ་བཞི་ལས། མི་རྟག་པ་ནི། རྟག་པར་ཕྱིན་ཅི་ལོག་པའི་གཉེན་པོར་རྣམ་པ་གྱུར་བའི་ངོ་བོར་ཡོངས་སུ་གཅད་པར་བྱ་བ། དབྱེ་ན། མེད་པའི་མཚན་ཉིད་ལ་སོགས་པ་བཅུ་གཉིས་སུ་འགྱུར་ཀྱང་། བསྡུ་ན་སྐད་ཅིག་དང་། རྒྱུན་གྱིས་འཇིག་པ་གཉིས་སུ་འགྱུར་རོ། །སྡུག་བསྔལ་གྱི་རྣམ་པ་ནི། གཙང་བ་དང་བདེ་བར་ཕྱིན་ཅི་ལོག་པའི་གཉེན་པོར་མི་འདོད་པའི་རྣམ་པར་ཡོངས་སུ་གཅད་པར་བྱ་བ། བདག་མེད་པའི་རྣམ་པ་ནི། ཕུང་པོའི་ངོ་བོ་བདག་ཏུ་ཕྱིན་ཅི་ལོག་པའི་གཉེན་པོར་རྟེན་འབྲེལ་ཙམ་ཡོངས་སུ་གཅད་པར་བྱ་བ་། སྟོང་པའི་རྣམ་པ་ནི། ཕུང་པོ་དོན་གཞན་གྱི་བདག་དང་འབྲེལ་བར་ཕྱིན་ཅི་ལོག་པའི་གཉེན་པོར་བདག་གིས་དབང་བསྒྱུར་བྱ་མ་ཡིན་པར་ཡོངས་སུ་གཅད་པར་བྱ་བའོ། །ཡང་ཆོས་ཀྱི་བདག་མེད་པའི་དབང་དུ་བྱས་པའི་སྟོང་པ་ཉིད་གསུམ་སྟེ། རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་དང་། ཡོད་པ་མ་ཡིན་པའི་སྟོང་པ་ཉིད་དང་། རང་བཞིན་གྱིས་སྟོང་པ་ཉིད་དོ། །དང་པོ་ནི། གང་གིས་སྟོང་པ་ཀུན་བཏགས་ཀྱི་ངོ་བོ་ཉིད་དོ། །གཉིས་པ་ནི། གང་སྟོང་པ་གཞན་དབང་གི་ངོ་བོ་ཉིད་དོ། །གསུམ་པ་ནི་སྟོང་པ་ཉིད་གང་ཡིན་པ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །ཀུན་བཏགས་ནི། གཞན་དབང་གི་གཟུང་བྱ་ལ་བདག་དང་ཆོས་སུ་སྒྲོ་བཏགས་པའི་ངོ་བོ་ཉིད། གཞན་དབང་ནི། ཀུན་གཞིའི་ས་བོན་ལས་གཟུང་འཛིན་གཉིས་སྣང་ཅན་དུ་སྐྱེས་པའི་ཀུན་རྟོག ཡོངས་གྲུབ་ནི། གཞན་དབང་ཉིད་ཀུན་བཏགས་ཀྱིས་སྟོང་པའི་ཆོས་ཉིད་དམ་དེ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་གང་རུང་ཡིན་པའོ། །རྒྱས་པར་ནི་ཡི་གེ་ཟུར་ན་ཡོད་པ་དེར་ཤེས་པར་བྱའོ། །

གཉིས་པ་ཀུན་འབྱུང་གི་བདེན་པ་ལ། མཚན་ཉིད། མཚན་གཞི། མཚན་ཉིད་ཀྱི་དོན་བཤད་པ་དང་གསུམ་ལས། དང་པོ་ནི། རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་གྱི་རྣམ་པར་ཡོངས་སུ་བཅད་ནས་སྤང་པར་བྱ་བའི་བདེན་པ། གཉིས་པ་ནི། ཉོན་མོངས་པ་དང་། ལས་ཀྱི་ཀུན་འབྱུང་གི་བདེན་པ་ལ། མཚན་ཉིད། མཚན་གཞི། མཚན་ཉིད་ཀྱི་དོན་བཤད་པ་དང་གསུམ་ལས། དང་པོ་ནི། རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་གྱི་རྣམ་པར་ཡོངས་སུ་བཅད་ནས་སྤང་པར་བྱ་བའི་བདེན་པ། གཉིས་པ་ནི། ཉོན་མོངས་པ་དང་། ལས་ཀྱི་ཀུན་འབྱུང་གཉིས་ལས། དང་པོ་ལ་མཚན་ཉིད། དབྱེ་བ། མིང་གི་རྣམ་གྲངས། སྤང་བྱའི་རིགས་དང་བཞི་ལས། དང་པོ་ནི། སེམས་རབ་དུ་མ་ཞི་བར་བྱེད་པ། གཉིས་པ་ནི་ལྟ་བ་དྲུག་གམ་ལྔའི་བྱེ་བྲག་གིས་བཅུ་སྟེ་བཤད་ཟིན་ཏོ། །གསུམ་པ་ལ་ཀུན་སྦྱོར་སོགས་ཉེར་བཞི་ལས། དང་པོ་ཀུན་སྦྱོར་ལ་མཚན་ཉིད་ནི། སྲིད་པའི་སྡུག་བསྔལ་སྦྱོར་བར་བྱེད་པའི་ཉོན་མོངས། དབྱེ་བ་ལ་དགུ་ལས། རྗེས་སུ་ཆགས་པའི་ཀུན་སྦྱོར་ནི། ཡིད་དུ་འོང་བའི་ཡུལ་ལ་ཆགས་པའི་དབང་གིས་སྡུག་བསྔལ་འགྲུབ་པར་བྱེད་པ། ཁོང་ཁྲོའི་ཀུན་སྦྱོར་ནི། ཡིད་དུ་མི་འོང་བའི་ཡུལ་ལ་ཀུན་ནས་མནར་སེམས་པའི་དབང་གིས་སྡུག་བསྔལ་འགྲུབ་པར་བྱེད་པ། ང་རྒྱལ་གྱི་ནི། སེམས་ཁེངས་པའི་དབང་གིས་སྡུག་བསྔལ་འགྲུབ་པར་བྱེད་པ། མ་རིག་པའི་ནི། གནས་ལུགས་ལ་རྨོངས་པའི་དབང་གིས་སྡུག་བསྔལ་འགྲུབ་པར་བྱེད་པ། ལྟ་བའི་ནི། ལོག་པས་ངེས་པར་འབྱུང་བ་ཚོལ་ཞིང་ཞེན་པའི་དབང་གིས་སྡུག་བསྔལ་འགྲུབ་པར་བྱེད་པ། མཆོག་ཏུ་འཛིན་པའི་ནི། ལོག་པས་ངེས་པར་འབྱུང་བའི་ཐབས་ལ་ཞེན་པའི་དབང་གིས་སྡུག་བསྔལ་འགྲུབ་པར་བྱེད་པ། ཐེ་ཚོམ་གྱི་ནི། དཀོན་མཆོག་སོགས་ལ་ཡིད་གཉིས་ཟ་བའི་དབང་གིས་སྡུག་བསྔལ་འགྲུབ་པར་བྱེད་པ། ཕྲག་དོག་གི་ནི། གཞན་གྱི་ཕུན་ཚོགས་ལ་སེམས་འཁྲུགས་པའི་དབང་གིས་སྡུག་བསྔལ་འགྲུབ་པར་བྱེད་པ། སེར་སྣའི་ཀུན་སྦྱོར་ནི། ཡོ་བྱད་ལ་ཀུན་ཏུ་འཛིན་པའི་དབང་གིས་སྡུག་བསྔལ་འགྲུབ་པར་བྱེད་པའོ། །འཆིང་བ་ནི། སེམས་ལོག་པའི་ཡུལ་ལ་འཆིང་བར་བྱེད་པ། དེ་ཡང་འདོད་ཆགས་ཀྱི་འཆིང་བ་སོགས་གསུམ་སྟེ་གོ་རིམ་བཞིན་དུ། ཆགས་པ་དང་། སྡང་བ་དང་། རྨོངས་པའི་དབང་གིས་སེམས་ལོག་པའི་ཡུལ་ལ་འཆིང་བར་བྱེད་པའོ། །

བག་ལ་ཉལ་ནི། ཚོར་བ་གསུམ་གྱི་རྒྱུར་གྱུར་པའི་ཉོན་མོངས་པ་རྣམས་འཕེལ་བར་འགྱུར་བའི་གནས་ངན་ལེན། ཉེ་བའི་ཉོན་མོངས་པ་ནི། སེམས་ཉེ་བར་ཉོན་མོངས་པར་བྱེད་པ། ཀུན་དཀྲིས་ནི། བསླབ་གསུམ་བསྒྲུབ་པའི་ཚེ་སེམས་ལ་ཡང་དང་ཡང་དུ་འཁྲི་ཞིང་བར་ཆད་བྱེད་པ། དབྱེ་ན་རྨུགས་པ་ལ་སོགས་པ་བརྒྱད་དེ། བཤད་ཟིན་ཏོ། །ཆུ་བོ་ནི་སྲིད་པའི་རྒྱུན་ཕྱོགས་སུ་འཁྱེར་བར་བྱེད་པའི་ཉོན་མོངས་པ། དབྱེ་ན་བཞི་ལས། འདོད་པའི་ཆུ་བོ་ནི། འདོད་པ་ཚོལ་བ་ལ་ཞུགས་པ་རྣམས་སྲིད་པའི་རྒྱུན་ཕྱོགས་སུ་འཁྱེར་བར་བྱེད་པ། སྲིད་པའི་ཆུ་བོ་ནི། སྲིད་པ་ཚོལ་བ་ལ་ཞུགས་པ་རྣམས་སྲིད་པའི་རྒྱུན་ཕྱོགས་སུ་དང་། ལྟ་བའི་ཆུ་བོ་ནི། ལོག་པས་ཚངས་སྤྱོད་ཚོལ་བ་རྣམས་སྲིད་པའི་རྒྱུན་ཕྱོགས་སུ་དང་། མ་རིག་པའི་ཆུ་བོ་ནི། ཚོལ་བ་གསུམ་ཀ་སྲིད་པའི་རྒྱུན་ཕྱོགས་སུ་འཁྱེར་བར་བྱེད་པའོ། །སྦྱོར་བ་ནི། མི་མཐུན་ཕྱོགས་དང་འབྲལ་བའི་བར་དུ་གཅོད་པའི་ཉོན་མོངས། དབྱེ་ན་འདོད་པའི་སྦྱོར་བ་སོགས་བཞིའོ། །ཉེ་བར་ལེན་པ་ནི། རབ་བྱུང་དང་ཁྱིམ་པའི་རྩོད་པའི་རྩ་བ་ལ་མངོན་པར་ཞེན་པའི་འདོད་འདུན། དབྱེ་ན་འདོད་པ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། བདག་ཏུ་སྨྲ་བའི་ཉེ་བར་ལེན་པ་དང་བཞིའོ། །གོ་རིམ་བཞིན་དུ། འདོད་ཡོན་ལ་འདུན་ཅིང་ཆགས་པ། ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ལ་འདུན་ཞིང་ཆགས་པ། ལྟ་ངན་དང་འབྲེལ་བའི་ཚུལ་ཞུགས་ལ་འདུན་ཞིང་ཆགས་པ། བདག་དང་བདག་གིར་འཛིན་པ་ལ་འདུན་ཞིང་ཆགས་པའོ། །མདུད་པ་ནི། མཉམ་པར་བཞག་པའི་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱི་བར་དུ་གཅོད་པའི་ཉོན་མོངས། སྒྲིབ་པ་ནི་བསླབ་གསུམ་བསྒྲུབ་པའི་ཚེ་དགེ་བའི་ཕྱོགས་མི་རྟོགས་པའི་རྒྱུ་བྱེད་པའི་ཉོན་མོངས་སོ། །ཐ་བ་ནི། སེམས་བྱུང་གཉེན་པོས་དབྲལ་དཀའ་བར་བྱེད་པའི་ཉོན་མོངས། དྲི་མ་ནི། འཆལ་ཚུལ་གྱི་དྲི་མ་ཀུན་ནས་སློང་བའི་ཉོན་མོངས། སྡིག་པ་ནི། ཡུན་རིང་དུ་རྣམ་པར་འཚེ་བར་བྱེད་པའི་ཉོན་མོངས། ཟུག་རྔུ་ནི། ལུས་སེམས་གདུང་བར་བྱེད་པའི་ཉོན་མོངས། ཅི་ཡང་ནི། འཇིགས་པ་དང་འཁོན་སོགས་རྣམ་གཡེང་མང་པོའི་རྒྱུར་གྱུར་པའི་ཉོན་མོངས། ཉེས་སྤྱོད་ནི། སྒོ་གསུམ་གྱི་ཉེས་སྤྱོད་ཀུན་ནས་སློང་བའི་ཉོན་མོངས། ཟག་པ་ནི། སྐྱེ་མཆེད་དྲུག་གི་སྒོ་ནས་སྲིད་པའི་ཡུལ་ལ་སེམས་འཕྲོ་བར་བྱེད་པའི་ཉོན་མོངས། ཕོངས་པ་ནི། སྲིད་པའི་རྒུད་པ་མཐའ་དག་འདྲེན་པའི་ཉོན་མོངས། འཁྲུག་པ་ནི། ལུས་སེམས་ལ་སྡུག་བསྔལ་བསྐྱེད་པར་བྱེད་པའི་ཉོན་མོངས། འཐབ་པ་ནི། འཐབ་རྩོད་ཀྱི་རྒྱུར་གྱུར་པའི་ཉོན་མོངས། ཡོངས་སུ་གདུང་བ་ནི། སྲིད་པ་དང་སྲིད་པའི་ཡོ་བྱད་ལ་མཚན་མ་སོགས་སུ་བཟུང་བས་ལུས་སེམས་གདུང་བར་བྱེད་པའི་ཉོན་མོངས། རིམས་ནད་ནི། རིམས་ལྟར་ལུས་སེམས་ལྷག་པར་གདུང་བར་བྱེད་པའི་ཉོན་མོངས། ནགས་སྦྱོར་ནི། སྲིད་པའི་ལུས་སྣ་ཚོགས་འགྲུབ་པར་བྱེད་པའི་ཉོན་མོངས། གནས་ནི། དགེ་བ་ལ་སྦྱོར་བའི་བར་དུ་གཅོད་པའི་ཉོན་མོངས་སོ། །

བཞི་པ་སྤང་བྱའི་རིགས་ནི། མཐོང་སྤང་གི་རིས་དང་། སྒོམ་སྤང་གི་རིས་སོ། །དང་པོ་ལ་མཚན་ཉིད་ནི། བདེན་པའི་མཚན་ཉིད་མཐོང་བ་ཙམ་གྱིས་གཞོམ་པར་བྱ་བའི་ཉོན་མོངས། དབྱེ་ན་བདེན་བཞིའི་བྱེ་བྲག་གིས་བཞི་ལས། སྡུག་བསྔལ་མཐོང་སྤང་ནི། སྡུག་བསྔལ་ཆོས་བཟོད་ཀྱིས་གཞོམ་པར་བྱ་བ། ཀུན་འབྱུང་མཐོང་སྤང་ནི། ཀུན་བྱུངཆོས་བཟོད། འགོག་པ་མཐོང་སྤང་ནི། འགོག་པ་ཆོས་བཟོད། ལམ་གྱི་མཐོང་སྤང་ནི། ལམ་བདེན་ཆོས་བཟོད་ཀྱིས་གཞོམ་པར་བྱའོ། །དེ་དག་རེ་རེ་ལ་ཡང་འདོད་པའི་ཁམས་ན་བཅུ་བཅུ། གཟུགས་དང་གཟུགས་མེད་པའི་ཁམས་ལ་ཁོང་ཁྲོ་བོར་བས་དགུ་དགུ་སྟེ། མདོར་ན་མཐོང་སྤང་གི་ཉོན་མོངས་པ་བརྒྱ་དང་བཅུ་གཉིས་སུ་འགྱུར་རོ། །སྒོམ་སྤང་ནི། ཆོས་ཉིད་མཐོང་ཟིན་གོམས་པས་གཞོམ་པར་བྱ་བའི་ཉོན་མོངས། དབྱེ་ན་ས་དགུ་ལ་ཆེ་འབྲིང་དགུ་དགུའི་བྱེ་བྲག་གིས་བརྒྱད་ཅུ་རྩ་གཅིག་གོ །ལས་ཀྱི་ཀུན་འབྱུང་ལ། མཚན་ཉིད་ནི། ཡང་སྲིད་འགྲུབ་བྱེད་ཀྱི་ལས། དབྱེ་ན་ངོ་བོའི་སྒོ་ནས་སེམས་པའི་ལས་དང་། བསམ་པའི་ལས་གཉིས་ལས། དང་པོ་ནི། དགེ་མི་དགེ་ལ་སེམས་གཡོ་བར་བྱེད་པའི་སེམས་པ་རྒྱུ་དུས་ཀྱི་ཀུན་སློང་གིས་བསྡུས་པའོ། །དབྱེ་ན་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལས་སོ། །དེ་དག་གི་མཚན་ཉིད་ནི་གོ་རིམ་བཞིན་དུ། འདོད་པའི་དགེ་བ་ལ་སེམས་གཡོ་བར་བྱེད་པ་དང་། མི་དགེ་བ་ལ་སེམས་གཡོ་བར་བྱེད་པ་དང་། གཟུགས་གཟུགས་མེད་ཀྱི་དགེ་བ་ལ་སེམས་གཡོ་བར་བྱེད་པའི་སེམས་པའོ། །

གཉིས་པ་ནི། སྒོ་གསུམ་གྱི་དགེ་མི་དགེའི་ལས་ལ་སེམས་པ་དེའི་དུས་ཀྱི་ཀུན་སློང་གིས་བསྡུས་པའོ། །དབྱེ་ན་ལུས། ངག ཡིད་ཀྱི་ལས་གསུམ་སྟེ། གོ་རིམ་བཞིན་དུ། ལུས་ཀྱི་རྣམ་པར་རིག་བྱེད་སྟོབས་ལྡན་དང་ལྷན་ཅིག་ཏུ་འཇུག་པ་དང་། ངག་གི་རྣམ་པར་རིག་བྱེད་དེ་དང་། ལུས་ངག་གི་བྱ་བར་མ་ཐོན་པའི་ཡིད་སྟོབས་ལྡན་དང་ལྷན་ཅིག་འཇུག་པའི་སེམས་པའོ། །ལུས་ཀྱི་ལས་ལ་མི་དགེ་བ་དང་། དགེ་བ་གཉིས་ལས། དང་པོ་ལའང་གསུམ་སྟེ། སྲོག་གཅོད་པ་ནི། བསམ་བཞིན་དུ་མ་ནོར་བར་གཞན་གྱི་སྲོག་གཅོད་པར་བྱེད་པའི་ལུས་ཀྱི་རྣམ་རིག་དང་ལྷན་ཅིག་ཏུ་འཇུག་པའི་སེམས་པ། མ་བྱིན་ལེན་ནི། མཐུའམ་འཇབ་བུས་གཞན་གྱི་ཡོ་བྱད་བདག་གིར་བྱེད་པའི་ལུས་ཀྱི་དང་། ལོག་གཡེམ་ནི། བགྲོད་བྱ་མ་ཡིན་པ་ལ་བགྲོད་པར་བྱེད་པའི་ལུས་ཀྱི་རྣམ་རིག་དང་ལྷན་ཅིག་ཏུ་འཇུག་པའི་སེམས་པའོ། །དགེ་བ་ལ་ཡང་སྲོག་གཅོད་སྤོང་བ་ལ་སོགས་གསུམ་སྟེ། གོ་རིམ་བཞིན་དུ། སྲོག་གཅོད་སྤོང་བའི་ལུས་ཀྱི་རྣམ་རིག་དང་ལྷན་ཅིག་པའི་སེམས་པ་ཞེས་སོགས་སྦྱར་རོ། །ངག་གི་ལས་ལ་མི་དགེ་བ་དང་། དགེ་བ་གཉིས་ལས། དང་པོ་ལ་བཞི་སྟེ། རྫུན་ནི། བརྗོད་བྱའི་དོན་གཞན་དུ་གནས་པ་ལ་འདུ་ཤེས་བསྒྱུར་ཏེ་གཞན་དུ་སྟོན་པའི་ངག་གི་རྣམ་པར་རིག་བྱེད་དང་ལྷན་ཅིག་པའི་སེམས་པ། ཕྲ་མ་ནི། ཕ་རོལ་པོ་དབྱེ་བའི་ཕྱིར་དུ་སྨྲས་པའི་ངག་གི་དང་། ཚིག་རྩུབ་ནི། གཞན་གྱི་ཞེ་བཟློག་པར་བྱེད་པའི་ངག་གི་དང་། རྐྱལ་པ་ནི། ཉོན་མོངས་པ་ཅན་གྱི་ཚིག་དང་ལྷན་ཅིག་པའི་སེམས་པའོ། །དགེ་བ་ལ་ཡང་བཞི་སྟེ། དེ་དག་སྤོང་བའི་སེམས་པའོ། །ཡིད་ཀྱི་ལས་ལ། མི་དགེ་བ་དང་། དགེ་བ་གཉིས་ལས། དང་པོ་ལ་གསུམ་སྟེ། བརྣབ་སེམས་ཀྱི་ལས་ནི། གཞན་གྱི་ཡོ་བྱད་མཐུའམ་འཇབ་བུས་བདག་གིར་བྱེད་འདོད་པ་དང་ལྷན་ཅིག་པའི་སེམས་པ། གནོད་སེམས་ཀྱི་ལས་ནི། གཞན་ལ་ཐོ་འཚམ་པར་འདོད་པ་དང་། ལོག་པར་ལྟ་བའི་ལས་ནི། ལས་འབྲས་སོགས་ལ་སྐུར་པ་འདེབས་པའི་ལྟ་བ་དང་ལྷན་ཅིག་པའི་སེམས་པའོ། །དགེ་བ་ལ་ཡང་གསུམ་སྟེ། དེ་དག་སྤོང་བའི་སེམས་པའོ། །

ཡང་ལས་ལ་གཉིས་ཏེ། འཕེན་བྱེད་ཀྱི་ལས་དང་། རྫོགས་བྱེད་ཀྱི་ལས་སོ། །དང་པོ་ནི། ལས་གང་རྣམ་སྨིན་གྱི་ངོ་བོ་ཙམ་འགྲུབ་པར་བྱེད་པའོ། །གཉིས་པ་ནི། ལས་གང་རྣམ་སྨིན་དེ་ཉིད་འདོད་པའམ་མི་འདོད་པའི་ཁྱད་པར་ཅན་དུ་འགྲུབ་པར་བྱེད་པའོ། །ཡང་ལས་ལ་གཉིས་ཏེ། ཐུན་མོང་བའི་ལས་དང་། ཐུན་མོང་མ་ཡིན་པའི་ལས་ཏེ། གོ་རིམ་བཞིན་དུ། སྣོད་ཀྱི་འཇིག་རྟེན་འགྲུབ་པར་བྱེད་པའི་ལས་དང་། སེམས་ཅན་གྱི་འཇིག་རྟེན་འགྲུབ་པར་བྱེད་པའི་ལས་སོ། །ཡང་ལས་ལ་གསུམ་སྟེ། སྡོམ་པ་དང་། སྡོམ་པ་མ་ཡིན་པ་དང་། བར་མའི་ལས་སོ། །དང་པོ་ལ། མཚན་ཉིད་ནི། འཆལ་ཚུལ་སྤོང་བའི་སེམས་པ། དབྱེ་ན་སོ་སོ་ཐར་པའི་སྡོམ་པ་དང་། བསམ་གཏན་གྱི་སྡོམ་པ་དང་། ཟག་མེད་ཀྱི་སྡོམ་པའོ། །དང་པོ་ལ་མཚན་ཉིད་ནི། བརྡ་བྱུང་གི་སྡོམ་པ་གང་གླིང་གསུམ་གྱི་མི་ཁོ་ན་ལ་བརྟེན་པ། དབྱེ་ན་རིགས་བརྒྱད་ལས། དགེ་སློང་གི་སྡོམ་པ་ནི། ལུས་ངག་གི་ཉེས་པ་མཐའ་དག་སྤོང་བས་རབ་ཏུ་ཕྱེ་བའི་བརྡ་བྱུང་གི་སྡོམ་པ་གང་སྐྱེས་པའི་རྒྱུད་ལ་བརྟེན་པ། དགེ་སློང་མའི་སྡོམ་པ་ནི། དེ་གང་བུད་མེད་ཀྱི་རྒྱུད་ལ་བརྟེན་པ། དགེ་ཚུལ་གྱི་སྡོམ་པ་ནི། སྤང་བྱ་བཅུ་སྤོང་བས་རབ་ཏུ་ཕྱེ་བའི་བརྡ་བྱུང་གི་སྡོམ་པ་གང་སྐྱེས་པ་ལ་བརྟེན་པ། དགེ་ཚུལ་མའི་སྡོམ་པ་ནི། དེ་གང་བུད་མེད་ལ་བརྟེན་པ། དགེ་སློབ་མའི་སྡོམ་པ་ནི། རྩ་བའི་ཆོས་དྲུག་རྗེས་མཐུན་གྱི་ཆོས་དྲུག་རྣམས་སྤོང་བས་རབ་ཏུ་ཕྱེ་བའི་བརྡ་བྱུང་གི་སྡོམ་པ་གང་བུད་མེད་ལ་བརྟེན་པ། དགེ་བསྙེན་གྱི་སྡོམ་པ་ནི། སྤང་བྱ་ལྔ་སྤོང་བས་རབ་ཏུ་ཕྱེ་བའི་བརྡ་བྱུང་གི་སྡོམ་པ་གང་སྐྱེས་པ་ལ་བརྟེན་པ། དགེ་བསྙེན་མའི་ནི། དེ་གང་བུད་མེད་ལ་བརྟེན་པ། བསྙེན་གནས་ཀྱི་སྡོམ་པ་ནི། སྤང་བྱ་བརྒྱད་སྤོང་བས་རབ་ཏུ་ཕྱེ་བའི་བརྡ་བྱུང་གི་སྡོམ་པའོ། །

གཉིས་པ་བསམ་གཏན་གྱི་སྡོམ་པའི་མཚན་ཉིད་ནི། འཇིག་རྟེན་པའི་བསམ་གཏན་གྱིས་འཆལ་ཚུལ་ཀུན་ནས་སློང་བའི་ཉོན་མོངས་པ་རྣམ་པར་གནོན་པའི་སྟོབས་ཀྱིས་ཐོབ་པའི་སྡོམ་པ། དབྱེ་ན་བསམ་གཏན་ས་དྲུག་གིས་བསྡུས་པ་དྲུག་གོ །གསུམ་པ་ཟག་མེད་ཀྱི་སྡོམ་པ་ལ་མཚན་ཉིད་ནི། འཇིག་རྟེན་ལས་འདས་པའི་བསམ་གཏན་གྱིས་འཆལ་ཚུལ་ཀུན་སློང་གི་ཉོན་མོངས་པའི་ས་བོན་དྲུངས་ནས་ཕྱུང་བའི་སྟོབས་ཀྱིས་ཐོབ་པའི་སྡོམ་པ། དབྱེ་ན་འཆལ་ཚུལ་ཀུན་སློང་གི་ཉོན་མོངས་པ་ཕྱོགས་གཅིག་སྤངས་པ་དང་། ཕལ་ཆེར་སྤངས་པ་དང་། མཐའ་དག་སྤངས་པ་དང་། རྣམ་པར་དག་པ་མཐར་ཕྱིན་པའི་སྡོམ་པ་བཞི་སྟེ། གོ་རིམ་བཞིན་དུ། རྒྱུན་ཞུགས་དང་། ཕྱིར་འོང་དང་། ཕྱིར་མི་འོང་དང་། དགྲ་བཅོམ་པའི་འབྲས་བུས་བསྡུས་པའི་སྡོམ་པ་རྣམས་སོ། །སྡོམ་པ་མིན་པ་ནི། བྱ་བ་མ་ཡིན་པ་ལ་མཐའ་གཅིག་ཏུ་ཞུགས་པའི་སེམས་པའོ། །བར་མའི་ལས་ནི། སྡོམ་ལྡན་དང་སྡོམ་མིན་ཅན་གཉིས་ཀའི་རྒྱུད་ལ་འབྱུང་བ་མི་འགལ་བའི་དགེ་བའམ་མི་དགེ་བའི་ལས་སོ། །ཡང་ལས་ལ་གཉིས་ཏེ། མྱོང་བར་ངེས་པའི་ལས་དང་། མ་ངེས་པའི་ལས་ཏེ། གོ་རིམ་བཞིན་དུ། ལས་གང་བྱས་ཤིང་བསགས་པའི་ཡན་ལག་གཉིས་དང་ལྡན་པ་དང་། བྱས་ཤིང་བསགས་པའི་ཡན་ལག་གང་རུང་དང་མི་ལྡན་པའི་ལས་སོ། །ཡང་མྱོང་ངེས་ལ་གསུམ་ལས། མཐོང་ཆོས་ལ་མྱོང་འགྱུར་ནི། ཡུལ་ཁྱད་པར་ཅན་ནམ་བསམ་པ་དྲག་པོའི་སྟོབས་ཀྱིས་ལས་གང་གི་འབྲས་བུ་ཚེ་དེ་ཉིད་ལ་མྱོང་བ། སྐྱེས་ནས་མྱོང་འགྱུར་ནི། ལས་གང་གི་རྣམ་སྨིན་ལས་བྱས་པའི་སྐྱེ་བ་ཕྱི་མ་ལ་མྱོང་བ། ལན་གྲངས་གཞན་ལ་མྱོང་འགྱུར་ནི། ལས་གང་གི་རྣམ་སྨིན་ལས་བྱས་པའི་ཚེ་དེའི་སྐྱེ་བ་གཉིས་པ་ཕན་ཆད་དུ་མྱོང་བའོ། །ཡང་ལས་ལ་གསུམ་སྟེ། གཅིག་ཏུ་དཀར་བ། གཅིག་ཏུ་གནག་པ། དཀར་ནག་འདྲེས་མའི་ལས་ཏེ། གོ་རིམ་བཞིན་དུ། བསམ་སྦྱོར་གཉིས་ཀ་དགེ་བ་དང་། བསམ་སྦྱོར་གཉིས་ཀ་མི་དགེ་བ་དང་། བསམ་སྦྱོར་གང་རུང་དགེ་མི་དགེ་བའོ། །

གསུམ་པ་མཚན་ཉིད་ཀྱི་དོན་བཤད་པ་ལ་བཞི་ལས། རྒྱུའི་མཚན་ཉིད་ནི། ཡང་སྲིད་པར་སྐྱེ་བའི་བག་ཆགས་འཇོག་པའི་བྱེད་རྒྱུ། ཀུན་འབྱུང་ནི། ལས་ཀྱི་བག་ཆགས་མཐུན་པར་བསགས་པའི་སེམས་ཅན་རྣམས་འགྲོ་བ་རིགས་མཐུན་པར་འབྱུང་བའི་བྱེད་རྒྱུ། རབ་ཏུ་སྐྱེ་བ་ནི། འགྲོ་བ་རིགས་མཐུན་པ་རྣམས་ཀྱང་རྣམ་པ་སོ་སོ་ཐ་དད་པར་འབྱུང་བའི་བྱེད་རྒྱུ། རྐྱེན་ནི། ལུས་མ་ཐོབ་པ་ཐོབ་པར་བྱེད་པ་དང་ཐོབ་པ་འདའ་བར་བྱེད་པའི་བྱེད་རྒྱུའོ། །

གསུམ་པ་འགོག་བདེན་ལ། མཚན་ཉིད། མཚན་གཞི་གཏན་ལ་དབབ་པ། མཚན་ཉིད་ཀྱི་དོན་བཤད་པའོ། །དང་པོ་ནི། འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་གི་རྣམ་པར་རྣལ་འབྱོར་བས་ཡོངས་སུ་བཅད་ནས་མངོན་དུ་བྱ་བའི་བདེན་པ། གཉིས་པ་དེ་ལྡན་གྱི་འགོག་པ་དེ་ཡང་དགུ་ལས། བརྡའི་འགོག་པ་ནི། འཇིག་རྟེན་པའི་ལས་ཀྱིས་སྤང་བྱའི་ས་བོན་ཉམས་སྨད་པའི་འགོག་པ། དོན་དམ་པའི་འགོག་པ་ནི། འཇིག་རྟེན་ལས་འདས་པའི་ལམ་གྱི་སྤང་བྱའི་ས་བོན་དྲུངས་ནས་ཕྱུང་བའི་འགོག་པ། ཡོངས་སུ་མ་རྫོགས་པའི་ནི། འཕགས་པ་སློབ་པའི་འབྲས་བུས་བསྡུས་པའི་འགོག་པ། ཡོངས་སུ་རྫོགས་པའི་ནི། མི་སློབ་པའི་འབྲས་བུས་བསྡུས་པའི་འགོག་པ། རྒྱན་དང་བཅས་པའི་ནི། གཉིས་ཀའི་ཆ་ལས་རྣམ་གྲོལ་གྱི་འབྲས་བུས་བསྡུས་པའི་འགོག་པ། རྒྱན་མེད་པའི་ནི། ཤེས་རབ་ཀྱི་རྣམ་གྲོལ་གྱི་འབྲས་བུས་བསྡུས་པའི་འགོག་པ། ལྷག་མ་དང་བཅས་པའི་ནི། ཉོན་མོངས་མ་ལུས་པ་སྤངས་ཤིང་ཟག་བཅས་ཀྱི་ཕུང་པོ་མ་འགགས་པའི་འགོག་པ། ལྷག་མ་མེད་པའི་ནི། ཟག་བཅས་མ་ལུས་པ་འགག་པའི་འགོག་པ། ཁྱད་པར་དུ་འཕགས་པའི་འགོག་པ་ནི། སྲིད་ཞིའི་མཐའ་ལ་མི་གནས་པའི་འགོག་པའོ། །གསུམ་པ་ལ་བཞི་ལས། འགོག་པའི་རྣམ་པ་ནི། རྒྱུ་ལས་དང་ཉོན་མོངས་པ་མ་ལུས་པ་དང་བྲལ་བ། ཞི་བ་ནི། འབྲས་བུ་མ་འོངས་པའི་སྡུག་བསྔལ་མཐའ་དག་དང་བྲལ་བ། གྱ་ནོམ་པ་ནི་དེ་གཉིས་ཀ་དང་བྲལ་བས་དོན་དམ་པར་གཙང་བདེའི་རང་བཞིན་ཡིན་པ། ངེས་འབྱུང་ནི། གཏན་དུ་ཕན་པའི་རང་བཞིན་ཡིན་པའོ། །

བཞི་པ་ལམ་བདེན་ལ། མཚན་ཉིད། མཚན་གཞི་གཏན་ལ་དབབ་པ། མཚན་ཉིད་ཀྱི་དོན་བཤད་པ་གསུམ་ལས། དང་པོ་ནི། ལམ་སྒྲུབ་པ་རིགས་པ་ངེས་འབྱིན་གྱི་རྣམ་པར་ཡོངས་སུ་བཅད་ནས་རྣལ་འབྱོར་པས་བསྟེན་པར་བྱ་བའི་བདེན་པ། གཉིས་པ་ལ་ལྔ་སྟེ། ཚོགས་ཀྱི་ལམ། སྦྱོར་བའི་ལམ། མཐོང་བའི་ལམ། སྒོམ་པའི་ལམ། མཐར་ཕྱིན་པའི་ལམ་མོ། །དང་པོ་ལ་མཚན་ཉིད་ནི། གང་བསྒོམས་པས་སྤང་བྱ་སྤང་རུང་དང་། གཉེན་པོ་སྐྱེ་རུང་གི་ངོ་བོར་རྒྱུད་སྨིན་པར་བྱེད་པའི་ལམ། གཉིས་པ་ལ་མཚན་ཉིད་ནི། བདེན་པའི་རྣམ་པ་ལ་དམིགས་ཏེ་བསྒོམས་པས་མཐོང་སྤང་ཉོན་མོངས་པའི་ས་བོན་ཉམས་སྨད་པར་བྱེད་པའི་ཏིང་ངེ་འཛིན་ཤེས་རབ་དང་བཅས་པ། དབྱེ་ན་བཞི་ལས། དྲོད་ནི། བདེན་བཞིའི་རྣམ་པའམ་བཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་དང་པོར་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པ། རྩེ་མོ་ནི། དེ་ལ་གསལ་སྣང་མཆེད་པའི་ཏིང་ངེ་འཛིན་སོགས་དང་། བཟོད་པ་ནི། དེ་ལ་གསལ་སྣང་ཆེར་ཐོབ་པའི་ཏིང་ངེ་འཛིན་སོགས་གང་ཞིག་འཛིན་པ་རང་བཞིན་མེད་པའི་ཕྱོགས་གཅིག་ལ་ཞུགས་པ། ཆོས་མཆོག་ནི། དེ་ལ་གསལ་སྣང་ཡོངས་སུ་རྫོགས་པའི་སོ་སྐྱེའི་ཏིང་ངེ་འཛིན་གང་ཞིག་བདེན་པ་མངོན་རྟོགས་དངོས་སུ་འདྲེན་ནུས་པའོ། །ཡང་ན་སྦྱོར་ལམ་ནི། ཚོགས་ལམ་ཙམ་དང་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི། ཡོན་ཏན་གང་གི་རིགས་ཚོགས་ལམ་ནས་ཀྱང་ཡོད་པ་ད་ལྟ་སྦྱོར་ལམ་གྱི་ངོ་བོར་གནས་པའོ། །གཉིས་པ་ནི། བདེན་པའི་རྣམ་པ་ཅན་གྱི་སོ་སྐྱེའི་སྒོམ་བྱུང་། དབྱེ་ན་དྲོད་སོགས་བཞིའོ། །གསུམ་པ་མཐོང་ལམ་ལ་མཚན་ཉིད་ནི། བདེན་བཞིའི་ཆོས་ཉིད་དང་དེ་རྟོགས་བྱེད་ཀྱི་ཡེ་ཤེས་སྔར་མ་རྟོགས་པ་གསར་དུ་རྟོགས་པའི་མངོན་རྟོགས། དབྱེ་ན་སྐད་ཅིག་མའི་དབྱེ་བས་བཅུ་དྲུག་ལས། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི། སྡུག་བསྔལ་བདེན་པའི་ཆོས་ཉིད་སྔར་མ་རྟོགས་པ་གསར་དུ་རྟོགས་པའི་ཡེ་ཤེས་གང་བར་ཆད་མེད་ལམ་གྱིས་བསྡུས་པ། སྡུག་བསྔལ་ལ་ཆོས་ཤེས་པ་ནི། དེ་ལྟ་བུའི་ཡེ་ཤེས་གང་རྣམ་གྲོལ་ལམ་གྱིས་བསྡུས་པ། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། དེ་ལྟ་བུའི་ཡེ་ཤེས་དེ་ཉིད་གཞན་རིག་གི་ཚུལ་གྱིས་སྔར་མ་རྟོགས་པ་གསར་དུ་རྟོགས་པའི་ཡེ་ཤེས། སྡུག་བསྔལ་ལ་རྗེས་སུ་ཤེས་པ་ནི། སྡུག་བསྔལ་རྗེས་བཟོད་དེ་ཉིད་གཞན་རིག་གི་ཚུལ་གྱིས་སྔར་མ་རྟོགས་པ་གསར་དུ་རྟོགས་པའི་ཡེ་ཤེས། བདེན་པ་ལྷག་མ་གསུམ་གྱི་ཆོས་བཟོད་ཆོས་ཤེས་རྗེས་བཟོད་རྗེས་ཤེས་རྣམས་ཀྱང་སྔ་མའི་རིགས་པས་ཤེས་པར་བྱའོ། །བཞི་པ་སྒོམ་ལམ་ལ་མཚན་ཉིད་ནི། སྒོམ་སྤང་སྤོང་པའི་ཆེད་དུ་བྱ་བའི་ལམ། དབྱེ་ན་འཇིག་རྟེན་པའི་སྒོམ་ལམ་དང་། འཇིག་རྟེན་ལས་འདས་པའི་སྒོམ་ལམ་དང་གཉིས་སོ། །དང་པོ་ལ་གཉིས་ལས། མཚན་ཉིད་ནི། སྒོམ་ལམ་གང་ཞིག་ཞི་རགས་ཀྱི་རྣམ་པ་ཅན་ནོ། །མཚན་གཞི་གཏན་ལ་དབབ་པ་ལ། བསམ་གཏན་དང་། གཟུགས་མེད་གཉིས་སོ། །དང་པོ་ལ་མཚན་ཉིད་ནི། ཡན་ལག་གི་སྒོ་ནས་འོག་ས་ལས་ངེས་པར་འབྱུང་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའམ་དེའི་རྣམ་སྨིན་གང་རུང་གིས་བསྡུས་པ། དབྱེ་ན། སྙོམས་འཇུག་གི་བསམ་གཏན་དང་། སྐྱེ་བའི་བསམ་གཏན་གཉིས་ལས། དང་པོ་ལ་མཚན་ཉིད་ནི། སྦྱོར་བ་ལས་བྱུང་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་གཟུགས་ཀྱི་འདུ་ཤེས་དང་མ་བྲལ་བ། དབྱེ་ན་ངོ་བོའི་སྒོ་ནས་དག་པ་བ་དང་། ཉོན་མོངས་ཅན་དང་། ཟག་མེད་གསུམ་སྟེ། གོ་རིམ་བཞིན་དུ། སྙོམས་འཇུག་གི་བསམ་གཏན་གང་འཇིག་རྟེན་པའི་དགེ་བ་རྩེ་གཅིག་པས་བསྡུས་པ། དེ་གང་རང་སའི་ཉོན་མོངས་ཀྱིས་རབ་ཏུ་མ་ཞི་བར་བྱས་པ། དེ་གང་འཇིག་རྟེན་ལས་འདས་པའི་དགེ་བས་བསྡུས་པའོ། །དག་པ་བ་ལ་བཞི་སྟེ། ཉམས་པ་ཆ་མཐུན། གནས་པ་ཆ་མཐུན། ཁྱད་པར་ཆ་མཐུན། ངེས་འབྱེད་ཆ་མཐུན་ཏེ། གོ་རིམ་བཞིན་དུ། དག་པ་པའི་བསམ་གཏན་གང་མཇུག་ཐོགས་སུ་ཉོན་མོངས་སྐྱེ་བ་དང་རྗེས་སུ་མཐུན་པ། དེ་གང་རང་སའི་དག་པ་པའི་བསམ་གཏན་གཞན་འདྲེན་པ་དང་རྗེས་སུ་མཐུན་པ། དེ་གང་གོང་སའི་ཏིང་ངེ་འཛིན་གཞན་བསྐྱེད་པ་དང་རྗེས་སུ་མཐུན་པ། དེ་གང་ཟག་མེད་བསྐྱེད་པ་དང་རྗེས་སུ་མཐུན་པའོ། །

ཉོན་མོངས་ཅན་ལ་ཡང་བཞི་སྟེ། ལྟ་བ་ཤས་ཆེ་བ། ཐེ་ཚོམ་ཤས་ཆེ་བ། ང་རྒྱལ་ཤས་ཆེ་བ། སྲེད་པ་ཤས་ཆེ་བ་སྟེ། གོ་རིམ་བཞིན་དུ། ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ལས་གང་རུང་གིས་མ་རུངས་པར་བྱས་པའི་བསམ་གཏན། འཇིག་རྟེན་པའི་བསམ་གཏན་ལ་ཐར་པར་སོམ་ཉི་ཟ་བས་མ་རུངས་པར་དང་། ང་རྒྱལ་གྱིས་མ་རུངས་པར་དང་། སྙོམས་འཇུག་གི་བདེ་བ་ལ་སྲེད་པས་མ་རུངས་པར་བྱས་པའི་བསམ་གཏན་ནོ། །སྤང་བྱའི་སྒོ་ནས་བསམ་གཏན་དང་པོ། གཉིས་པ། གསུམ་པ། བཞི་པའོ། །དང་པོ་ལ་མཚན་ཉིད་ནི། ཡིད་མི་བདེ་བ་ལས་ངེས་པར་འབྱུང་ཞིང་རྟོག་དཔྱོད་གང་རུང་གི་སས་བསྡུས་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ། དབྱེ་ན་ཉེར་བསྡོགས། དངོས་གཞི་ཙམ་པོ། དངོས་གཞི་ཁྱད་པར་ཅན་དང་གསུམ་མོ། །དང་པོ་ལ་མཚན་ཉིད་ནི། འདོད་པ་ལ་འདོད་ཆགས་དང་བྲལ་བའི་ཆེད་དུ་བརྩོན་པའི་ཐོས་བསམ་སྒོམ་པ་གང་རུང་གིས་བསྡུས་པའི་དགེ་བ། དབྱེ་ན་ཡིད་ལ་བྱེད་པ་དྲུག་སྟེ། མཚན་ཉིད་རབ་ཏུ་རིག་པ། མོས་པ་ལས་བྱུང་བ། དབེན་པ། དགའ་བ། བསྡུད་པ། དཔྱོད་པ། སྦྱོར་བ་མཐའི་ཡིད་ལ་བྱེད་པ་སྟེ། གོ་རིམ་བཞིན་དུ། འདོད་པ་ལ་རགས་པ་དང་། བསམ་གཏན་དང་པོ་ལ་ཞི་བར་ལྟ་བའི་ཐོས་བསམ་དང་། དེ་ལྟ་བུའི་རྣམ་པ་ཅན་གྱི་སྒོམ་བྱུང་མི་མཐུན་ཕྱོགས་སྤོང་བའི་མཐུ་མ་ཐོབ་པ་དང་། འདོད་པའི་ཉོན་མོངས་ཆེན་པོ་གསུམ་སྤོང་བའི་ཡིད་ལ་བྱེད་པ་དང་། དེ་འབྲིང་གསུམ་སྤོང་བའི་ཡིད་ལ་བྱེད་པ་དང་། ཕལ་ཆེར་སྤངས་པས་ཟད་པར་སྤངས་མ་སྤངས་ཞིབ་ཏུ་དཔྱོད་པའི་ཡིད་ལ་བྱེད་པ་དང་། ཆུང་ངུ་གསུམ་སྤོང་བའི་ཡིད་ལ་བྱེད་པའོ། །བསམ་གཏན་ལྷག་མ་གསུམ་དང་། གཟུགས་མེད་བཞིའི་ཉེར་བསྡོགས་ཀྱི་མཚན་ཉིད། དབྱེ་བ། ཕྱེ་བ་སོ་སོའི་དོན་རྣམས་ཀྱང་འདི་ལས་དཔགས་ཏེ་ཅི་རིགས་པར་ཤེས་པར་བྱའོ། །དངོས་གཞི་ཙམ་པོ་ནི། རྟོག་དཔྱོད་གཉེན་པོའི་ཡན་ལག་གིས་འདོད་པ་ལས་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བདེ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པ། དངོས་གཞི་ཁྱད་པར་ཅན་ནི། དཔྱོད་པ་གཉེན་པོའི་ཡན་ལག་གིས་རྟོག་པ་ལས་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །

བསམ་གཏན་གཉིས་པ་ནི། རྟོག་དཔྱོད་ལས་ངེས་པར་འབྱུང་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ། དབྱེ་ན། ཉེར་བསྡོགས་དང་། དངོས་གཞི་གཉིས་ལས། དང་པོ་སྔར་ལྟར་ཡིན་ལ། གཉིས་པ་ནི། ནང་རབ་ཏུ་སྡང་བ་གཉེན་པོའི་ཡན་ལག་གིས་རྟོག་དཔྱོད་ལས་འདོད་ཆགས་དང་བྲལ་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ། གང་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པའོ། །བསམ་གཏན་གསུམ་པ་ནི། ཡིད་བདེ་ལས་ངེས་པར་འབྱུང་བའི་སེམས་རྩེ་གཅིག་སོགས་གང་བདེ་བའི་སས་བསྡུས་པ། དབྱེ་ན་ཉེར་བསྡོགས་དང་། དངོས་གཞི་གཉིས་ལས། དང་པོ་སྔར་ལྟར་ལ། གཉིས་པ་ནི། དྲན་ཤེས་བཞིན་གཉེན་པོའི་ཡན་ལག་གིས་དགའ་བ་ལས་འདོད་ཆགས་དང་བྲལ་ཞིང་དགའ་བ་མེད་པའི་བདེ་བ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པའོ། །བསམ་གཏན་བཞི་པ་ནི། བདེ་བ་ལས་ངེས་པར་འབྱུང་བའི་སེམས་རྩེ་གཅིག་པ་སོགས་གང་གཟུགས་ཀྱི་སས་བསྡུས་པ། དབྱེ་ན་ཉེར་བསྡོགས་དང་དངོས་གཞི་གཉིས་ལས། དང་པོ་སྔར་དང་འདྲ་ཞིང་། གཉིས་པ་ནི། དྲན་པ་དང་བཏང་སྙོམས་གཉེན་པོའི་ཡན་ལག་གིས་བདེ་བ་ལས་འདོད་ཆགས་དང་བྲལ་ཞིང་ཚོར་བ་བཏང་སྙོམས་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པའོ། །གཉིས་པ་སྐྱེ་བའི་བསམ་གཏན་ནི། སྙོམས་འཇུག་གི་རྣམ་སྨིན་གྱིས་བསྡུས་པའི་སེམས་རྩེ་གཅིག་པས་རབ་ཏུ་ཕྱེ་བའི་བསམ་གཏན། དབྱེ་ན་བསམ་གཏན་བཞིའི་བྱེ་བྲག་གིས་བཞི་ཡིན་ལ། དེ་དག་ལ་ཡང་དང་པོ་གསུམ་ལ་ཚངས་རིས་ལ་སོགས་པའི་སྐྱེ་བ་གསུམ་གསུམ་ཡིན་ལ། བཞི་པ་ལ་སོ་སྐྱེའི་གནས་གསུམ་དང་འཕགས་པའི་གནས་ལྔ་སྟེ་བརྒྱད་དོ། །གཉིས་པ་གཟུགས་མེད་ལ། མཚན་ཉིད་ནི། དམིགས་རྣམ་གྱི་སྒོ་ནས་འོག་ས་ལས་ངེས་པར་འབྱུང་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའམ་དེའི་རྣམ་སྨིན་གང་རུང་གིས་བསྡུས་པ། དབྱེ་ན། སྙོམས་འཇུག་དང་། སྐྱེ་བའི་གཟུགས་མེད་གཉིས་ལས། དང་པོ་ལ་མཚན་ཉིད་ནི། སྦྱོར་བ་ལས་བྱུང་བའི་སེམས་རྩེ་གཅིག་པ་གང་གཟུགས་ཀྱི་འདུ་ཤེས་དང་བྲལ་བ། དབྱེ་ན་ངོ་བོའི་སྒོ་ནས། དང་པོ་གསུམ་ལ་དག་པ་བ། ཉོན་མོངས་ཅན། ཟག་མེད་དང་གསུམ་གསུམ་ཡོད་ལ། བཞི་པ་ལ་ཟག་མེད་བོར་བས་གཉིས་སོ། །དག་པ་བ་ལ་ཡང་དང་པོ་སྔ་མ་གསུམ་ལ་ཆ་མཐུན་བཞི་ཀ་ཡོད་ལ། བཞི་པ་ལ་ཁྱད་པར་ཆ་མཐུན་བོར་བས་གསུམ་མོ། །ཉོན་མོངས་ཅན་ལ་ཡང་ལྟ་བ་ཤས་ཆེ་བ་མེད་དེ། གཟུགས་མེད་ལ་མངོན་ཤེས་མི་བརྟེན་པས་ལྟ་བའི་རྣམ་པ་མི་བསྐྱེད་པའི་ཕྱིར་རོ། །དེས་ན་གཞན་གསུམ་ཡོད་དོ། །དེ་དག་གི་མཚན་ཉིད་ཀྱང་སྔ་མ་ལས་དཔག་སྟེ་ཅི་རིགས་པར་ཤེས་པར་བྱའོ། །

ཡང་སའི་སྒོ་ནས་བཞི་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་འཇུག་ནི། གཟུགས་ཀྱི་འདུ་ཤེས་ལས་ངེས་པར་འབྱུང་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་ནམ་མཁའི་འདུ་ཤེས་དང་མ་བྲལ་བ། དབྱེ་ན་ཉེར་བསྡོགས་དང་། དངོས་གཞི་གཉིས་ལས། དང་པོ་སླ་ཞིང་། གཉིས་པ་ནི། གཟུགས་ཀྱི་འདུ་ཤེས་དང་བྲལ་ཞིང་ནམ་མཁའི་དམིགས་པ་ལ་གསལ་སྣང་རྫོགས་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །རྣམ་ཤེས་མཐའ་ཡས་ནི། ནམ་མཁའི་འདུ་ཤེས་ལས་ངེས་པར་འབྱུང་བའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་གང་རྣམ་ཤེས་ཀྱི་འདུ་ཤེས་དང་མ་བྲལ་བ། དབྱེ་ན་ཉེར་བསྡོགས་ནི་སླ་ཞིང་། དངོས་གཞི་ནི་ནམ་མཁའི་འདུ་ཤེས་དང་བྲལ་ཞིང་རྣམ་ཤེས་ཀྱི་དམིགས་པ་ལ་གསལ་སྣང་རྫོགས་པའི་རྩེ་གཅིག་པ་སོགས་དང་། ཅི་ཡང་མེད་པ་ནི། རྣམ་ཤེས་མཐའ་ཡས་ཀྱི་འདུ་ཤེས་ལས་ངེས་པར་འབྱུང་བའི་སེམས་རྩེ་གཅིག་པ་གང་ཅི་ཡང་མེད་པའི་འདུ་ཤེས་དང་མ་བྲལ་བ། དབྱེ་ན་ཉེར་བསྡོགས་ནི་སླ་ཞིང་། དངོས་གཞི་ནི། བཟུང་བྱ་ཅི་ཡང་མེད་པའི་དམིགས་པ་ལ་གསལ་སྣང་རྫོགས་པའི་རྩེ་གཅིག་པ་སོགས་དང་། སྲིད་རྩེའི་སྙོམས་འཇུག་ནི། བཟུང་བྱ་ཅི་ཡང་མེད་པའི་འདུ་ཤེས་ལས་ཀྱང་ངེས་པར་འབྱུང་བའི་རྩེ་གཅིག་པ་སོགས་གང་འདུ་ཤེས་ཡོད་མིན་མེད་མིན་གྱི་འདུ་ཤེས་དང་མ་བྲལ་བ། དབྱེ་ན་ཉེར་བསྡོགས་ནི་སླ་ཞིང་། དངོས་གཞི་ནི། འདུ་ཤེས་ཡོད་མིན་མེད་མིན་གྱི་དམིགས་པ་ལ་གསལ་སྣང་རྫོགས་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །

སྐྱེ་བའི་གཟུགས་མེད་པ་ལ་ཡང་བཞི་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས། ཅི་ཡང་མེད། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་འཇུག་གི་རྣམ་སྨིན་གྱིས་བསྡུས་པའི་སེམས་རྩེ་གཅིག་པས་རབ་ཏུ་ཕྱེ་བའི་གཟུགས་མེད་ཀྱི་སྐྱེ་བའོ། །གཞན་གསུམ་ལ་ཡང་སྦྱར་རོ། །དབྱེ་ན་རེ་རེ་ལ་ཡང་། མཐོ་ལ་བཟང་བ། མཐོ་ལ་ངན་པ། དམའ་ལ་བཟང་བ། དམའ་ལ་ངན་པ་བཞི་བཞིར་འགྱུར་རོ། །དེ་ལ་མཐོ་བ་ནི་ཚེ་རིང་བ། དམའ་བ་ནི་ཚེ་ཐུང་བ། བཟང་པོ་ནི། ཉོན་མོངས་པ་ཤས་ཆུང་ཞིང་རོ་མྱང་མེད་པ། ངན་པ་ནི་དེ་ལས་བཟློག་པའོ། །གཉིས་པ་འཇིག་རྟེན་ལས་འདས་པའི་སྒོམ་ལམ་ལ་མཚན་ཉིད་ནི། སྒོམ་ལམ་གང་བདེན་བཞིའི་རྣམ་པ་ཅན་ནོ། །དབྱེ་ན། ལྷག་མཐོང་གི་ཕྱོགས་དང་མཐུན་པ་དང་། ཞི་གནས་ཀྱི་ཕྱོགས་དང་མཐུན་པ་དང་གཉིས་ཏེ། འཇིག་རྟེན་ལས་འདས་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དང་། དེ་དང་མཚུངས་ལྡན་གྱི་ཏིང་ངེ་འཛིན་ནོ། །དང་པོ་ལ། སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་ཤེས་པ་བཞིའོ། །དེ་དག་གིས་སྡུག་བདེན་གྱི་ཆོས་ཉིད་མཐོང་ཟིན་གོམས་པར་བྱེད་པའི་ཤེས་རབ་ཅེས་སྦྱར་རོ། །དེ་དག་རེ་རེ་ལའང་། ཆོས་ཤེས་པའི་ཕྱོགས་དང་། རྗེས་སུ་ཤེས་པའི་ཕྱོགས་གཉིས་གཉིས་ཏེ། བདེན་བཞིའི་ཆོས་ཉིད་ཡུལ་དུ་བྱེད་པའི་ཤེས་རབ་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཡུལ་དུ་བྱེད་པའི་ཤེས་རབ་བོ། །གཉིས་པ་ཞི་གནས་ཀྱི་ཕྱོགས་དང་མཐུན་པ་ལ་བསམ་གཏན་ས་དྲུག གཟུགས་མེད་དང་པོ་གསུམ་གྱིས་བསྡུས་པ་སྟེ་དགུའོ། །ཡང་ལམ་ཆེན་པོ་འབྲིང་ཆུང་ངུ་གསུམ་པོ་རེ་རེ་ལ་ཡང་གསུམ་གསུམ་དུ་ཕྱེ་བ་ནི་གཞུང་དུ་གསལ་ལོ། །ཡང་སྤང་བྱའི་རྣམ་པ་རེ་རེ་སྤོང་བ་ལ་ལམ་བཞི་བཞི་སྟེ། སྦྱོར་བ་དང་། བར་ཆད་མེད་པ། རྣམ་པར་གྲོལ་བ། ཁྱད་པར་གྱི་ལམ་སྟེ། གོ་རིམ་བཞིན་དུ། ལམ་གང་གིས་སྤང་བྱའི་ཉམས་སྨད་ཅིང་བར་ཆད་མེད་ལམ་འདྲེན་པར་བྱེད་པ། ལམ་གང་གིས་སྤང་བྱ་འཇོམས་ཤིང་རྣམ་གྲོལ་ལམ་འདྲེན་པར་བྱེད་པ། ལམ་གང་གིས་སྤང་བྱ་འགགས་པའི་རྣམ་གྲོལ་མངོན་དུ་བྱེད་ཅིང་སྤང་བྱ་གཞན་སྤོང་བའི་རྩོལ་བ་དང་བྲལ་བ། ལམ་གང་གིས་བར་ཆད་མེད་ལམ་གྱིས་སྤངས་པའི་སྤངས་པ་དེ་ཉིད་རྣམ་པར་དག་པ་ཁྱད་པར་དུ་འཕགས་པར་བྱེད་པའོ། །

ཡང་སྤང་བྱ་རེ་རེ་ལ་གཉེན་པོ་བཞི་བཞི་སྟེ། རྣམ་པར་སུན་འབྱིན་པ། སྤོང་བ། རྟེན། ཐག་བསྲིང་པ་གཉེན་པོ་སྟེ། ཐོག་མར་སྤང་བྱ་ལ་ཉེས་དམིགས་སུ་ལྟ་བ། དེའི་འོག་དུ་སྤང་བྱའི་ནུས་མཐུ་འཇོམས་པར་བྱེད་པ། དེའི་འོག་ཏུ་སྤང་བྱ་འགགས་པའི་རྣམ་གྲོལ་གྱི་ཐོབ་པ་འཛིན་པའི་བྱ་བ་ཙམ་བྱེད་པ། དེའི་འོག་ཏུ་སྔར་གྱི་སྤངས་པ་སླར་མི་ལྡོག་པར་བྱ་བའི་ཕྱིར་གཉེན་པོ་གཞན་གོམས་པར་བྱེད་པའོ། །ཡང་ལམ་གྱི་དབྱེ་བ་ནི། དངོས་པོ་ལ་ཡོངས་སུ་རྟོག་པ་ལ་སོགས་པ་བཅུ་གཅིག་སྟེ། དང་པོ་དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་ནི་དྲན་པ་ཉེ་བར་བཞག་པ་སྟེ། མཚན་ཉིད་ནི། ཕྱིན་ཅི་ལོག་གི་གཉེན་པོར་ལུས་ཚོར་སེམས་ཆོས་བཞི་ལ་རང་སྤྱིའི་མཚན་ཉིད་གཉིས་ཀྱི་སྒོ་ནས་རྣམ་པར་དཔྱོད་པའི་དྲན་པ་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དབྱེ་ན། ལུས། ཚོར་བ། སེམས། ཆོས་དྲན་པ་ཉེ་བར་བཞག་པ་བཞི་སྟེ། གོ་རིམ་བཞིན་དུ། ལུས་གཙང་བར་འཛིན་པའི་གཉེན་པོར་ཕྱི་ནང་གི་ལུས་ལ་སྤྱིའི་མཚན་ཉིད་བདག་མེད་པ། རང་གི་མཚན་ཉིད་མི་གཙང་བར་སོ་སོར་རྟོག་པའི་དྲན་པ་དང་ཤེས་རབ་སོགས་དང་། ཚོར་བ་བདེ་བར་འཛིན་པའི་གཉེན་པོར་ཕྱི་ནང་གི་ཚོར་བ་ཀུན་སྡུག་བསྔལ་དུ་སོ་སོར་རྟོག་པ་སོགས་དང་། སེམས་རྟག་པར་འཛིན་པའི་གཉེན་པོར་ཕྱི་ནང་གི་སེམས་ཀུན་སྐད་ཅིག་མར་སོ་སོར་རྟོག་པ་སོགས་དང་། ཆོས་བདག་ཏུ་འཛིན་པའི་གཉེན་པོར་ཕྱི་ནང་གི་ཆོས་ཀུན་བདག་མེད་པར་སོ་སོར་རྟོག་པ་སོགས་སོ། །གཉིས་པ་རྩོལ་བ་ལས་བྱུང་བའི་ལམ་ནི་ཡང་དག་པར་སྤོང་བ་སྟེ། མཚན་ཉིད་ནི། དྲན་པ་ཉེར་བཞག་ཐོབ་པའི་འོག་ཏུ་སྤང་གཉེན་ལ་བླང་དོར་རྩོལ་བའི་བརྩོན་འགྲུས་མཚུངས་ལྡན་དང་བཅས་པའོ། །དབྱེ་ན། མི་མཐུན་ཕྱོགས་མ་བསྐྱེད་པ་མི་བསྐྱེད་བ། སྐྱེས་པ་ཉམས་པར་བྱེད་པ། གཉེན་པོའི་ཕྱོགས་མ་སྐྱེས་པ་བསྐྱེད་པ། སྐྱེས་པ་མི་ཉམས་ཤིང་འཕེལ་བར་བྱེད་པ་དང་བཞི་སྟེ་མཚན་ཉིད་ཀྱང་སླའོ། །གསུམ་པ་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་ནི་རྫུ་འཕྲུལ་གྱི་རྐང་པ་སྟེ། མཚན་ཉིད་ནི། ཡང་དག་པར་སྤོང་བ་ཐོབ་པའི་འོག་ཏུ་སེམས་དམིགས་པ་ལ་ལས་སུ་རུང་བར་བྱེད་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །དབྱེ་ན། འདུན་པ། བརྩོན་འགྲུས། སེམས་པ། དཔྱོད་པའི་ཏིང་ངེ་འཛིན་བཞི་སྟེ། ཡང་དག་པར་སྤོང་བ་ཐོབ་པའི་འོག་ཏུ་གུས་སྦྱོར་གྱི་སྟོབས་ཀྱིས་ཐོབ་པའི་ཏིང་ངེ་འཛིན་དང་། རྟག་སྦྱོར་གྱི་སྟོབས་ཀྱིས་ཐོབ་པའི་དང་། སྐྱེ་བ་སྔ་མ་ལ་གོམས་པའི་སྟོབས་ཀྱིས་ཐོབ་པའི་དང་། ཚེ་འདིར་ཆོས་རབ་ཏུ་རྣམ་པར་འབྱེད་པའི་སྟོབས་ཀྱིས་ཐོབ་པའི་ཏིང་ངེ་འཛིན་ནོ། །སྡེ་ཚན་གསུམ་པོ་དེ་གོ་རིམ་བཞིན་དུ་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་གྱི་གནས་སྐབས་སུ་བསྒོམ་མོ། །བཞི་པ་མངོན་པར་རྟོགས་པ་ལ་སྦྱོར་བའི་ལམ་ནི། དབང་པོ་སྟེ། མཚན་ཉིད་ནི། བདེན་པ་མངོན་པར་རྟོགས་པ་ལ་དབང་བྱེད་པའི་རྣམ་བྱང་གི་དབང་པོ་གང་དྲོད་རྩེའི་སྐབས་སུ་གཙོ་བོར་བསྒོམ་པར་བྱ་བའོ། །དབྱེ་ན་དད་པ། བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན། ཤེས་རབ་སྟེ། བདེན་པའི་རྣམ་པ་ལ་ཡིད་ཆེས་པ། སྤྲོ་བ། མི་བརྗེད་པ། རྩེ་གཅིག་པ། སོ་སོར་རྣམ་པར་འབྱེད་པའི་རྣམ་པ་ཅན་ནོ། །ལྔ་པ་མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་ནི་སྟོབས་རྣམས་ཏེ། མཚན་ཉིད་ནི། མི་མཐུན་ཕྱོགས་ཀྱིས་མི་བརྫི་བའི་རྣམ་བྱང་གི་དབང་པོ་གང་བཟོད་མཆོག་གི་གནས་སྐབས་སུ་གཙོ་བོར་བསྒོམ་པར་བྱའོ། །དབྱེ་ན་དབང་པོ་ལྟར་རོ། །དྲུག་པ་མངོན་པར་རྟོགས་པའི་ལམ་ནི་བྱང་ཆུབ་ཀྱི་ཡན་ལག་སྟེ། མཚན་ཉིད་ནི། བདེན་པའི་ཆོས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་མཐོང་ལམ་གྱིས་བསྡུས་པའོ། །དབྱེ་ན་བདུན་ལས། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། བདེན་པའི་དམིགས་རྣམ་མི་བརྗེད་པའི་ཚུལ་གྱིས་བསྒོམ་པ་གང་ཡན་ལག་གཞན་གྱི་གནས་ཀྱི་ཡན་ལག་དུ་གྱུར་པ། ཆོས་རབ་ཏུ་རྣམ་འབྱེད་ནི། བདེན་པའི་ཆོས་ཉིད་རབ་ཏུ་འབྱེད་པའི་ཚུལ་གྱིས་བསྒོམ་པ་གང་མཐོང་ལམ་བྱང་ཆུབ་ཀྱི་ངོ་བོའི་ཡན་ལག བརྩོན་འགྲུས་ནི། བདེན་པའི་རྣམ་པ་ལ་སྤྲོ་བའི་ཚུལ་གྱིས། བསྒོམ་པ་གང་བགྲོད་བྱ་མཐར་ཐུག་པར་ངེས་པར་འབྱུང་བའི་ཡན་ལག དགའ་བ་ནི། བདེན་པའི་ཆོས་ཉིད་སྔར་མ་རྟོགས་པ་གསར་དུ་རྟོགས་པའི་ཟག་མེད་ཀྱི་བདེ་བས་སེམས་སིམ་པར་བྱེད་པ་གང་ཕན་ཡོན་གྱི་ཡན་ལག ཤིན་ཏུ་སྦྱང་པ་ནི། ལུས་སེམས་ལས་སུ་རུང་བར་བྱེད་པའི་ཟག་མེད་ཀྱི་ཤིན་སྦྱང་གང་གང་གིས་ཀུན་ནས་ཉོན་མོངས་པར་མི་འགྱུར་བའི་ཡན་ལག ཏིང་ངེ་འཛིན་ནི། བདེན་པའི་རྣམ་པ་ལ་རྩེ་གཅིག་པའི་ཚུལ་གྱིས་བསྒོམ་པའི་ཟག་མེད་ཀྱི་སེམས་རྩེ་གཅིག་པ་གང་གང་དུ་ཀུན་ནས་ཉོན་མོངས་པར་མི་འགྱུར་བའི་ཡན་ལག བཏང་སྙོམས་ནི། བདེན་པའི་རྣམ་པ་ལ་བྱིང་རྒོད་སོགས་ཀྱིས་མི་མཉམ་པ་མེད་པའི་ཚུལ་གྱིས་བསྒོམ་པ་གང་གང་ཀུན་ནས་ཉོན་མོངས་པར་མི་འགྱུར་བའི་ཡན་ལག་གོ །

བདུན་པ་རྣམ་པར་དག་པར་ངེས་པར་འབྱིན་པའི་ལམ་ནི་འཕགས་པའི་ལམ་གྱི་ཡན་ལག་སྟེ། མཚན་ཉིད་ནི། བདེན་པའི་ཆོས་ཉིད་ལ་དམིགས་ནས་སྒོམ་སྤང་རྣམ་པར་དག་པར་བྱེད་པའི་ལམ་མོ། །དབྱེ་ན་བརྒྱད་ལས། ཡང་དག་པའི་ལྟ་བ་ནི། མཐོང་ལམ་མཉམ་གཞག་ཏུ་རྟོགས་པའི་དོན་འདིའོ་ཞེས་ཡོངས་སུ་གཅོད་པར་བྱེད་པའི་ཡན་ལག ཡང་དག་པའི་རྟོག་པ་ནི། ལྟ་བས་ཇི་ལྟར་ཡོངས་སུ་བཅད་པ་ལྟར་གཞན་ལ་གོ་བར་བྱེད་པའི་ངག་ཀུན་ནས་སློང་བའི་ཡན་ལག ངག་ནི། རང་སྨྲ་བ་པོ་ལྟ་བ་རྣམ་དག་དང་ལྡན་པར་གཞན་ཡིད་ཆེས་པར་བྱེད་པའི་ངག་གི་རྣམ་པར་རིག་བྱེད། ལས་ཀྱི་མཐའ་ནི། རང་རྒྱུད་ལྡན་གྱི་གང་ཟག་ཚུལ་ཁྲིམས་རྣམ་དག་ཏུ་གཞན་ཡིད་ཆེས་པར་བྱེད་པའི་ལུས་ངག་གི་རྣམ་པར་རིག་བྱེད། འཚོ་བ་ནི། མ་དག་པའི་འཚོ་བ་སྤོང་བར་བྱེད་པའི་ལུས་ངག་གི་རིག་བྱེད་འཚོ་བ་རྣམ་དག་ཏུ་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག རྩོལ་བ་ནི། སྒོམ་སྤང་གི་ཉོན་མོངས་པ་སྤོང་བ་ལ་སྤྲོ་བའི་བརྩོན་འགྲུས། དྲན་པ་ནི། བྱིང་རྒོད་ཀྱི་ཉོན་མོངས་པ་རྣམ་པར་སྦྱོང་བའི་ཡན་ལག ཡང་དག་པའི་ཏིང་ངེ་འཛིན་ནི། མངོན་ཤེས་སོགས་ཡོན་ཏན་ཁྱད་པར་ཅན་ལ་སྒྲིབ་པ་རྣམ་པར་སྦྱོང་བའི་ཡན་ལག་གོ །བརྒྱད་པ་གནས་དང་དབང་པོ་ཐ་དད་པའི་ལམ་དང་། དགུ་པ་བསླབ་པ་གསུམ་སྦྱོང་བའི་ལམ་ནི་གཞུང་དུ་གོ་སླའོ། །བཅུ་པ་ཡོན་ཏན་ཐམས་ཅད་སྒྲུབ་པའི་ལམ་ནི། ཞི་གནས་དང་། ལྷག་མཐོང་སྟེ། དང་པོའི་མཚན་ཉིད་ནི། སེམས་དམིགས་པ་གཅིག་ལ་རྒྱུན་དུ་ཡང་དག་པར་འཇོག་པའོ། །དབྱེ་ན། ནང་ཉིད་དུ་སེམས་འཇོག་པ་སོགས་དགུའོ། །གཉིས་པའི་མཚན་ཉིད། ཇི་ལྟ་བའམ་ཇི་སྙེད་པའི་དངོས་པོ་ཐོས་བསམ་སྒོམ་པ་གང་རུང་ལ་བརྟེན་ནས་སོ་སོར་རྣམ་པར་འབྱེད་པའོ། །དབྱེ་ན། ཇི་སྙེད་པ་རྣམ་པར་འབྱེད་པ་དང་། ཇི་ལྟ་བ་རྣམ་པར་འབྱེད་པ་གཉིས་ཏེ། རེ་རེ་ལ་ཡང་ཚོལ་བའི་རྣམ་པ་ཅན་ཡོངས་སུ་རྟོག་པ་དང་། ངེས་པའི་རྣམ་པ་ཅན་ཡོངས་སུ་དཔྱོད་པར་བྱེད་པ་གཉིས་གཉིས་སོ། །

བཅུ་གཅིག་པ་ལམ་བསྡུད་པའི་ལམ་ལ་གསུམ་ལས། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ནི། ངེས་འབྱེད་ཆ་མཐུན་ནས་བཟུང་སྟེ་མཐོང་ལམ་སྐད་ཅིག་བཅོ་ལྔའི་བར་གྱི་མི་མཐུན་ཕྱོགས་སྤོང་བ་དང་གཉེན་པོ་བསྐྱེད་པ་ལ་དབང་བྱེད་པའི་རྣམ་བྱང་གི་དབང་པའོ། །དབྱེ་ན་དད་སོགས་ལྔ། ཡིད་བདེ་བ། ཡིད། བདེ། བཏང་སྙོམས། ཡིད་མི་བདེ་བ་བཅུའོ། །ཀུན་ཤེས་པའི་དབང་པོ་ནི། མཐོང་ལམ་སྐད་ཅིག་བཅུ་དྲུག་པ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་གྱི་མི་མཐུན་ཕྱོགས་སྤོང་བ་དང་། གཉེན་པོ་སྐྱེད་པ་ལ་དབང་བྱེད་པའི་རྣམ་བྱང་གི་དབང་པོའོ། །དབྱེ་བ་སྔ་མ་དང་འདྲའོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི། མི་སློབ་པའི་གནས་སྐབས་ཀྱི་སྤང་རྟོགས་དང་མཐོང་ཆོས་ལ་བདེ་བར་གནས་པར་དབང་བྱེད་པའི་རྣམ་བྱང་གི་དབང་པོའོ། །དབྱེ་ན་ཡིད་མི་བདེ་བོར་བའི་སྔར་གྱི་དགུའོ། །ལྔ་པ་མཐར་ཕྱིན་པའི་ལམ་ལ་མཚན་ཉིད་ནི། བསླབ་པ་གསུམ་མཐར་ཕྱིན་པའི་གནས་སྐབས་ཀྱི་ལམ་མོ། །དབྱེ་ན། ཟད་པ་ཤེས་པ། མི་སྐྱེ་བ་ཤེས་པ། མི་སློབ་པའི་ཆོས་བཅུའོ། །དང་པོ་ནི། རྒྱུ་ཀུན་འབྱུང་མ་ལུས་པ་ཟད་ནས་བདེན་བཞིའི་གནས་ལུགས་ཤེས་པའམ་ཀུན་འབྱུང་ཟད་པའི་འགོག་པ་ལ་དམིགས་པའི་ཡེ་ཤེས་སོ། །གཉིས་པ་ནི། འབྲས་བུ་སྡུག་བསྔལ་མ་ལུས་པ་སྤངས་ནས་བདེན་བཞིའི་གནས་ལུགས་ཤེས་པའམ་དེ་སྤངས་པའི་འགོག་པ་ལ་དམིགས་པའི་ཡེ་ཤེས་སོ། །གཉིས་ཀ་ལ་དབྱེ་ན། མཉམ་གཞག་དོན་དམ་ཤེས་པ་དང་། རྗེས་ཐོབ་ཀུན་རྫོབ་ཤེས་པ་གཉིས་གཉིས་ཡོད་དོ། །གསུམ་པ་ནི། མི་སློབ་པའི་འཕགས་ལམ་ཡན་ལག་བརྒྱད། ཡང་དག་པའི་རྣམ་གྲོལ། ཡང་དག་པའི་ཡེ་ཤེས་སོ། །བཅུ་པོ་དེ་མདོར་བསྡུས་ན། མི་སློབ་པའི་ཟག་མེད་ཀྱི་ཕུང་པོ་ལྔར་འགྱུར་ཏེ། འདི་ལྟར། ཡང་དག་པའི་ངག་དང་ལས་ཀྱི་མཐའ་འཚོ་བ་གསུམ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། དྲན་པ་དང་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་གྱི་ཕུང་པོ། ཡང་དག་པའི་ལྟ་བ་རྟོག་པ་རྩོལ་བ་གསུམ་ནི་ཤེས་རབ་ཀྱི་ཕུང་པོ། ཕྱི་མ་གཉིས་ནི་རིམ་པ་བཞིན། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། །

གསུམ་པ་མཚན་ཉིད་ཀྱི་དོན་བཤད་པ་ལ་བཞི་ལས། ལམ་གྱི་མཚན་ཉིད་ནི། དེ་ཁོ་ནའི་དོན་ཡོངས་སུ་ཚོལ་བར་བྱེད་པའི་ཡེ་ཤེས། རིགས་པའི་མཚན་ཉིད་ནི། ཉོན་མོངས་པའི་གཉེན་པོ་བྱེད་པའི་ཡེ་ཤེས། སྒྲུབ་པའི་མཚན་ཉིད། སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པར་བྱེད་པའི་ཡེ་ཤེས། ངེས་འབྱིན་གྱི་མཚན་ཉིད། ཕྱིར་མི་ལྡོག་པར་རྟག་པའི་གནས་སུ་འགྲོ་བར་བྱེད་པའི་ཡེ་ཤེས་སོ། །

གཉིས་པ་མངོནརྟོགས་ཀྱི་རྒྱུ་ཚོགས་ཆོས་རྣམ་ངེས་ལ་གསུམ། དམིགས་བྱ་གསུང་རབ་ཀྱི་ཆོས། དེ་ལ་དམིགས་བྱེད་མངོན་རྟོགས་ཀྱི་སྐྱེ་ཚུལ། ཤིན་ཏུ་རྒྱས་པ་ཁྱད་པར་དུ་བཤད་པའོ། །དང་པོ་ལ་གསུམ་ལས། མཚན་ཉིད་ནི། མངོན་མཐོ་དང་ངེས་ལེགས་ཀྱི་ཐབས་ཕྱིན་ཅི་མ་ལོག་པར་སྟོན་པའི་གསུང་གང་ཞིག་ཆོས་སྐུའི་བདག་རྐྱེན་ལས་བྱུང་བའོ། །དབྱེ་བ་ནི། གསུང་རབ་ཡན་ལག་བཅུ་གཉིས་ཏེ་གཞུང་དུ་གསལ་ལོ། །བསྡུ་བ་ནི། སྡེ་སྣོད་རིན་པོ་ཆེ་གསུམ་སྟེ། འདུལ་བའི་སྡེ་སྣོད་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བསྒྲུབ་པའི་ཐབས་གཙོ་བོར་སྟོན་པའི་སྡེ་སྣོད། མངོན་པའི་སྡེ་སྣོད་ནི། ལྷག་པ་ཤེས་རབ་ཀྱི་བསླབ་པ་བསྒྲུབ་པའི་ཐབས་གཙོ་བོར་སྟོན་པའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད་ནི། ལྷག་པ་སེམས་ཀྱི་བསླབ་པ་བསྒྲུབ་པའི་ཐབས་གཙོ་བོར་སྟོན་པའི་སྡེ་སྣོད་དོ། །གཉིས་པ་དམིགས་བྱེད་མངོན་རྟོགས་ཀྱི་སྐྱེ་ཚུལ་ལ་ལྔ་སྟེ། དམིགས་བྱེད་དངོས། དམིགས་པའི་རབ་དབྱེ། བསམ་བྱུང་སྐྱེད་བྱེད་ཀྱི་རིགས་པ། སྒོམ་བྱུང་སྐྱེད་བྱེད་ཀུན་ཏུ་ཚོལ་བ། བཙལ་བའི་འབྲས་བུ་ཡོངས་ཤེས་རྣམས་སོ། །དང་པོ་ལ་ཐོས་པ་བསམ་པ་སྒོམ་པ་ལས་བྱུང་བའི་ཤེས་རབ་མཚུངས་ལྡན་དང་བཅས་པ་སྟེ། དེ་དག་གི་མཚན་ཉིད་ནི་སྔར་བཤད་ཟིན་ཏོ། །གཉིས་པ་ལ་བཞི་སྟེ། ཁྱབ་པའི་དམིགས་པ། སྤྱོད་པ་རྣམ་སྦྱོང་གི་དམིགས་པ། མཁས་པའི་དམིགས་པ། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པའོ། །དང་པོ་ལ་མཚན་ཉིད་ནི། སྒོམ་བྱུང་སྤྱིའི་ས་ཡོངས་སུ་བཅད་པར་བྱ་བའོ། །དབྱེ་ན་བཞི་ལས། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ནི། མོས་པ་ཡིད་བྱེད་ཀྱི་ཞི་ལྷག་གིས་ཡོངས་སུ་བཅད་པར་བྱ་བ། རྣམ་པར་མི་རྟོག་པའི་གཟུགས་བརྙན་ནི། དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་ཞི་ལྷག་གིས་ཡོངས་སུ་བཅད་པར་བྱ་བ། དངོས་པོའི་མཐའ་ནི། ཇི་ལྟ་ཇི་སྙེད་ཀྱི་ཤེས་རབ་ཀྱིས་ཡོངས་སུ་བཅད་པར་བྱ་བ། དགོངས་པ་ཡོངས་སུ་གྲུབ་པ་ནི། གནས་མ་ལུས་པ་ཡོངས་སུ་གྱུར་པའོ། །གཉིས་པ་ལ་མཚན་ཉིད་ནི། ཉོན་མོངས་པ་དང་རྣམ་རྟོག་ཤས་ཆེ་བའི་གཉེན་པོར་ཐོག་མར་རྣལ་འབྱོར་པས་བསྒོམ་པར་བྱ་བའོ། །དབྱེ་ན་ལྔ་ལས། མི་སྡུག་པ་ནི། འདོད་ཆགས་ཀྱི་གཉེན་པོར་མི་གཙང་བའི་རྣམ་པར་ཡོངས་སུ་བཅད་པར་བྱ་བ། བྱམས་པ་ནི། ཞེ་སྡང་གི་གཉེན་པོར་སྡུག་ཅིང་ཡིད་དུ་འོང་བའི་རྣམ་པར་ཡོངས་སུ་བཅད་པར་བྱ་བ། རྟེན་འབྲེལ་ནི་བཤད་ཟིན་ལ། ཁམས་ཀྱི་རབ་དབྱེ་ནི། ང་རྒྱལ་གྱི་གཉེན་པོར་ནང་གི་ཕུང་པོ་འབྱུང་བ་བཞི་དང་ནམ་མཁའི་ཁམས་དང་རྣམ་ཤེས་ཀྱི་ངོ་བོར་ཡོངས་སུ་བཅད་པར་བྱ་བ། དབུགས་འབྱུང་རྔུབ་རྗེས་སུ་དྲན་པ་ནི། རྣམ་རྟོག་ལ་སྤྱོད་པའི་གཉེན་པོར་འབྱུང་འཇུག་གནས་གསུམ་དུ་བགྲང་བར་བྱ་བའོ། །དེ་དག་ནི་ཡུལ་གྱི་དབང་དུ་བྱས་པ་ཡིན་ལ། ཡུལ་ཅན་གྱི་དབང་དུ་བྱས་པ་ནི། ལྔ་པོ་གོ་རིམ་བཞིན་དུ། འདོད་ཆགས་ཀྱི་གཉེན་པོར་ཆགས་ཡུལ་མི་གཙང་བའི་རྣམ་པར་བསྒོམ་པའི་ཏིང་ངེ་འཛིན་དང་། ཤེས་རབ་མཚུངས་ལྡན་དང་བཅས་པ། ཞེ་སྡང་གི་གཉེན་པོར་གནོད་བྱེད་སྡུག་ཅིང་ཡིད་དུ་འོང་བའི་རྣམ་པར་བསྒོམ་པའི་ཏིང་ངེ་འཛིན་སོགས་དང་། གཏི་མུག་གི་གཉེན་པོར་འཁོར་བ་འཇུག་ལྡོག་གི་གོ་རིམ་ཇི་ལྟ་བ་བཞིན་དུ་བསྒོམ་པའི་ཏིང་ངེ་འཛིན་སོགས་དང་། ང་རྒྱལ་གྱི་གཉེན་པོར་ནང་གི་ཕུང་པོ་ཁམས་དྲུག་གི་རང་བཞིན་དུ་སོ་སོར་འབྱེད་པའི་ཤེས་རབ་མཚུངས་ལྡན་དང་བཅས་པ། རྣམ་རྟོག་གི་གཉེན་པོར་དབུགས་འབྱུང་འཇུག་ཇི་ལྟ་བར་བགྲང་པའི་དྲན་པ་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །

གསུམ་པ་ལ་མཚན་ཉིད་ནི། གང་ཞིག་ཤེས་པས་མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བའི་ཤེས་བྱ། དབྱེ་ན། ཕུང་པོ། ཁམས། སྐྱེ་མཆེད། རྟེན་འབྲེལ། གནས་དང་གནས་མ་ཡིན་པ་ལ་མཁས་པའོ། །དང་པོ་བཞི་བཤད་ཟིན་ལ། ལྔ་པ་ནི་མཐུན་པའི་རྒྱུ་ལས། མཐུན་པའི་འབྲས་བུ་འབྱུང་བ་དང་མི་འབྱུང་བའོ། །བཞི་པ་ལ་མཚན་ཉིད་ནི། འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའི་བསམ་གཏན་གྱིས་ཡོངས་སུ་བཅད་པར་བྱའོ། །གསུམ་པ། བསམ་བྱུང་སྐྱེད་བྱེད་ཀྱི་རིགས་པ་ལ། མཚན་ཉིད་ནི། གནས་ལུགས་ལ་དཔྱོད་པའི་ཐབས་སུ་གྱུར་པའི་འཐད་པའོ། །དབྱེ་ན་བཞི་ལས། ལྟོས་པའི་རིགས་པ་ནི། འདུ་བྱེད་རྣམས་ཀྱི་རྒྱུའི་ཆ་ལ་རྨོངས་པ་སེལ་བའི་འཐད་པ། བྱ་བ་བྱེད་པའི་རིགས་པ་ནི། འདུ་བྱེད་རྣམས་ཀྱི་འབྲས་བུའི་ཆ་ལ་རྨོངས་པ་སེལ་བའི་འཐད་པ། ཆོས་ཉིད་ཀྱི་རིགས་པ་ནི། འདུ་བྱེད་རྣམས་ཀྱི་རང་བཞིན་ལ་རྨོངས་པ་སེལ་བའི་འཐད་པ། གཏན་ཚིགས་བསྒྲུབ་པའི་རིགས་པ་ནི། ལྐོག་གྱུར་གྱི་དོན་ལ་རྨོངས་པ་སེལ་བའི་འཐད་པའོ། །བཞི་པ་སྒོམ་བྱུང་གི་རྒྱུ་ཀུན་ཏུ་ཚོལ་བ་ལ། མཚན་ཉིད་ནི། མིང་དོན་འབྲེལ་བ་དང་བཅས་པ་ཡོངས་སུ་མ་གྲུབ་པར་དཔྱོད་པའི་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །

དབྱེ་ན་བཞི་ལས། མིང་ཀུན་ཏུ་ཚོལ་བ་ནི། རྗོད་བྱེད་མིང་ཚིག་སོགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་དཔྱོད་པའི་ཤེས་རབ་སོགས་དང་། དངོས་པོ་ཀུན་ཏུ་འཚོལ་བ་ནི། སྒྲ་རྟོག་གིས་ཇི་ལྟར་ཐ་སྙད་བཏགས་པ་ལྟར་དོན་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་དཔྱོད་པའི་ཤེས་རབ་སོགས་དང་། ངོ་བོ་ཉིད་དུ་འདོགས་པའི་འཚོལ་བ་ནི། བརྗོད་བྱ་རྗོད་བྱེད་ལ་ངོ་བོ་ཉིད་ཀྱི་དོན་རང་གི་མཚན་ཉིད་ཀྱིས་ཡོངས་སུ་མ་གྲུབ་པར་དཔྱོད་པའི་ཤེས་རབ་སོགས་དང་། ཁྱད་པར་དུ་འདོགས་པ་འཚོལ་བ་ནི། བརྗོད་བྱ་རྗོད་བྱེད་ལ་ཁྱད་པར་གྱི་དོན་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་དཔྱོད་པའི་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ལྔ་པ་བཙལ་བའི་འབྲས་བུ་ཡོངས་ཤེས་ནི། མིང་དང་དངོས་པོ་དང་ངོ་བོ་ཉིད་དུ་དང་ཁྱད་པར་དུ་འདོགས་པ་རྣམས་རང་བཞིན་མེད་པར་ཤེས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དབྱེ་ན་བཞི་སྟེ། མཚན་ཉིད་ནི་གོ་སླའོ། །གསུམ་པ་ཤིན་ཏུ་རྒྱས་པ་ཁྱད་པར་དུ་བཤད་པ་ལ། མཚན་ཉིད་ནི། ཕར་ཕྱིན་དྲུག་ལས་བརྩམས་ཏེ་བསྟན་པའི་གསུང་རབ་བོ། །དབྱེ་ན་བརྗོད་བྱ་དོན་གྱི་སྒོ་ནས་དགོངས་པ་བཞི་དང་། རྗོད་བྱེད་ཚིག་གི་སྒོ་ནས་ལྡེམ་པོར་དགོངས་པ་བཞིའོ། །དགོངས་པ་ལ་མཚན་ཉིད་ནི། དགོངས་གཞིའི་བརྗོད་བྱ་དོན་ལ་གནས་པའི་གསུང་རབ་བོ། །དབྱེ་ན་མཉམ་པ་ཉིད་དང་། དོན་གཞན་དང་། དུས་གཞན་དང་། གང་ཟག་གི་བསམ་པ་ལ་དགོངས་པ་དང་བཞིའོ། །ལྡེམ་དགོངས་ལ་མཚན་ཉིད་ནི། དགོས་པའི་དབང་གིས་ཟབ་མོའི་དོན་ལྡེམ་པོའི་ངག་གིས་སྟོན་པའི་གསུང་རབ་བོ། །དབྱེ་ན་གཞུག་པ་དང་། མཚན་ཉིད་དང་། གཉེན་པོ་དང་། བསྒྱུར་བ་ལ་ལྡེམ་པོར་དགོངས་པ་སྟེ། གོ་རིམ་བཞིན་དུ། གཉིས་མེད་ཀྱིས་སྐྲག་པ་རྣམས་ལ་གཟུང་འཛིན་གྱི་རྣམ་གཞག་སྟོན་པའི་གསུང་རབ། ཟབ་མོ་ལ་མོས་པ་རྣམས་ལ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་པའི་གསུང་རབ། སངས་རྒྱས་ལ་བརྙས་པ་སོགས་སྒྲིབ་པའི་བྱེ་བྲག་གི་གཉེན་པོར་བསྟན་པའི་གསུང་རབ། དགོངས་གཞིའི་བརྗོད་བྱ་ཟབ་མོ་འཇིག་རྟེན་ན་སྨད་པའི་ཚིག་གིས་སྟོན་པའི་གསུང་རབ་བོ། །

གསུམ་པ་དཔྱད་པའི་འབྲས་བུ་རང་དོན་ཐོབ་པ་རྣམ་ངེས་ལ་གཉིས་ཏེ། ཐོབ་བྱེད་གང་ཟག ཐོབ་བྱ་མངོན་རྟོགས་སོ། །དང་པོ་ལ་མཚན་ཉིད་ནི། མ་དཔྱད་པའི་ངོ་བོར་ཕུང་པོ་ལ་དབང་བསྒྱུར་བ་པོ་དང་ཡུལ་ལ་ལོངས་སྤྱོད་པ་པོར་སྣང་ཞིང་དཔྱད་ན་ཕུང་པོ་ལས་དེ་ཉིད་དང་གཞན་དུ་མ་གྲུབ་པའོ། །དབྱེ་ན། བདུན་ཏེ། སྤྱོད་པས་དབྱེ་བ། ངེས་འབྱུང་གིས་དབྱེ་བ། ཉེ་བར་བསྟན་པས་དབྱེ་བ། སྦྱོར་བས་དབྱེ་བ། འབྲས་བུས་དབྱེ་བ། ཁམས་ཀྱིས་དབྱེ་བ། དཔྱད་པས་དབྱེ་བའོ། །དང་པོ་ལ། འདོད་ཆགས། ཞེ་སྡང་། གཏི་མུག ང་རྒྱལ། རྣམ་རྟོག་ལ་སྤྱོད་པ་ལྔ་དང་། ཆ་མཉམ་པ། ཉོན་མོངས་པ་ཆུང་ངུའི་གང་ཟག་དང་བདུན་ནོ། །དང་པོ་ལྔ་ནི་འདོད་ཆགས་ལ་སོགས་པ་དེ་དང་དེ་ཤས་ཆེ་ཞིང་རྒྱུན་རིང་བའི་གང་ཟག་གོ ། དྲུག་པ་ནི། ཡུལ་དང་རྗེས་སུ་མཐུན་པར་ཉོན་མོངས་པ་འབྱུང་བའི་གང་ཟག་གོ ། བདུན་པ་ནི། ཉོན་མོངས་སྐྱེ་བ་དང་རྗེས་སུ་མཐུན་པའི་ཡུལ་ཤས་ཆེ་བ་ལ་ཡང་ཉོན་མོངས་གཏན་མི་སྐྱེ་བའམ་ཤས་ཆུང་ངུ་ཙམ་སྐྱེ་བའི་གང་ཟག་གོ །གཉིས་པ་ངེས་འབྱུང་གིས་དབྱེ་བ་ལ་གསུམ་ལས། དང་པོ་ཉན་ཐོས་ཀྱི་ཐེག་པ་པའི་མཚན་ཉིད་ནི། གཞན་གྱི་སྒྲ་ལ་བརྟེན་ནས་རང་དོན་རྣམ་གྲོལ་དོན་དུ་གཉེར་བའི་གང་ཟག་གོ །དབྱེ་ན། ཞི་བ་བགྲོད་པ་གཅིག་པུ་བ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྒྱུར་བ་པ་དང་གཉིས་ཏེ། རིམ་པ་བཞིན་དུ། གདོན་མི་ཟ་བར་གཞན་གྱི་སྒྲ་ལ་བརྟེན་ནས་ལྷག་མེད་ཀྱི་རྣམ་གྲོལ་མངོན་དུ་བྱེད་པ། དགེ་བའི་བཤེས་གཉེན་གྱིས་ཟིན་ན་བྱང་ཆུབ་ཆེན་པོར་བཀྲིར་རུང་བའི་ཉན་ཐོས་སོ། །

གཉིས་པ་རང་སངས་རྒྱས་ཀྱི་ཐེག་པ་པའི་མཚན་ཉིད་ནི། རང་དོན་དུ་གཞན་གྱི་སྒྲ་ལ་མ་བརྟེན་པར་རྣམ་གྲོལ་མངོན་དུ་བྱེད་པར་འདོད་པའི་རིགས་ཅན་ནོ། །དབྱེ་ན་བསེ་རུ་ལྟ་བུའི་གང་ཟག་དང་། ཚོགས་ན་སྤྱོད་པའི་རིགས་ཅན་དང་གཉིས་ཏེ། གོ་རིམ་བཞིན་དུ། རང་དོན་དུ་འགྲན་ཟླ་མེད་པར་རྣམ་གྲོལ་མངོན་དུ་བྱེད་འདོད་པའི་གང་ཟག་དང་། སྲིད་པ་ཐ་མ་པའི་ཚེ་རང་དང་སྤངས་རྟོགས་མཚུངས་པའི་གྲོགས་གཞན་དང་ལྷན་ཅིག་གནས་ཤིང་རྒྱུ་བར་འདོད་པའི་རང་རྒྱལ་གྱི་གང་ཟག་གོ ། དང་པོ་ནི། ཞི་བ་བགྲོད་པ་གཅིག་པུ་བ་ཡིན་ལ། གཉིས་པ་ལ་ནི་ཇི་སྲིད་སྲིད་པ་ཐ་མ་པར་མ་གྱུར་པ་དེ་སྲིད་དུ་ཞི་བ་བགྲོད་པ་གཅིག་པུ་བ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྒྱུར་བ་པ་དང་གཉིས་ཡོད་ལ། གང་གི་ཚེ་སྲིད་པ་ཐ་མ་པར་གྱུར་པ་དེའི་ཚེ་ནི་ཀུན་ཀྱང་ཞི་བ་བགྲོད་པ་གཅིག་པུ་བ་ཡིན་ནོ། །གསུམ་པ་ཐེག་པ་ཆེན་པོ་པའི་མཚན་ཉིད་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་མི་གནས་པའི་མྱང་འདས་དོན་དུ་གཉེར་བའི་གང་ཟག་གོ །དབྱེ་ན། ངེས་པ་དང་མ་ངེས་པའི་གང་ཟག་གཉིས་སོ། །དང་པོ་ལ་མཚན་ཉིད་ནི། གཞན་དོན་དུ་བྱང་ཆུབ་ཆེན་པོ་དོན་དུ་གཉེར་བའི་ལྷག་བསམ་རྐྱེན་གྱིས་མི་འཕྲོག་པའི་སེམས་དཔའོ། །དབྱེ་ན་རིགས་ཀྱི་སྟོབས་ཀྱིས་ངེས་པ་དང་། རྟོགས་པའི་སྟོབས་ཀྱིས་ངེས་པ་གཉིས་ཏེ། གོ་རིམ་བཞིན་དུ། སེམས་དང་པོ་བསྐྱེད་ཕྱིན་ཆད་དེ་ལྟ་བུའི་ལྷག་བསམ་ལས་མི་ཉམས་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་སྟོབས་ཀྱིས་དེ་ལྟ་བུའི་ལྷག་བསམ་ལས་མི་ཉམས་པའོ། །ཐ་མ་འདི་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཆུང་ངུ་འབྲིང་ཆེན་པོ་གསུམ་གྱི་བྱེ་བྲག་གིས། ཕྱིར་མི་ལྡོག་པ་ཆུང་ངུ་འབྲིང་ཆེན་པོ་གསུམ་སྟེ་གོ་རིམ་བཞིན་དུ། ངེས་འབྱེད་ཆ་མཐུན་དང་། མ་དག་ས་བདུན་དང་། དག་པ་ས་གསུམ་ལ་གནས་པ་རྣམས་སོ། །གཉིས་པ་མ་ངེས་པ་ནི། གཞན་དོན་དུ་བྱང་ཆུབ་ཆེན་པོ་དོན་དུ་གཉེར་བའི་ལྷག་བསམ་རྐྱེན་གྱིས་འཕྲོག་པར་ནུས་པའི་སེམས་དཔའོ། །དབྱེ་ན་ཐེག་དམན་གྱི་འབྲས་བུ་མངོན་དུ་བྱེད་སྲིད་པ་དང་། བསམ་པ་མངོན་དུ་བྱེད་སྲིད་པ་གཉིས་ཏེ། གོ་རིམ་བཞིན་དུ། དབང་པོ་རྟུལ་འབྲིང་གཉིས་ཚོགས་ལམ་ན་གནས་པའི་གནས་སྐབས་དང་། དབང་པོ་རྟུལ་འབྲིང་གཉིས་ངེས་འབྱེད་ཆ་མཐུན་ནས་ས་བདུན་པའི་བར་ལ་གནས་པའི་གནས་སྐབས་སོ། །གསུམ་པ་ཉེ་བར་བསྟན་པས་རབ་ཏུ་དབྱེ་བ་ནི་གཞུང་དུ་གོ་སླའོ། །

བཞི་པ་སྦྱོར་བས་དབྱེ་བ་ལ། དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་གཉིས་ཏེ། གོ་རིམ་བཞིན་དུ། ཚོགས་ལམ་རྫོགས་པའི་གང་ཟག་དབང་རྟུལ་གང་ཞིག་གཞན་གྱིས་བསྟན་པ་ཙམ་གྱིས་རྗེས་སུ་འབྲངས་ནས་བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་བརྩོན་པ་དང་། ཚོགས་ལམ་རྫོགས་པའི་གང་ཟག་དབང་རྣོན་གང་ཞིག་རང་གི་བློ་གྲོས་ཀྱི་སྟོབས་ཀྱིས་བདེན་པའི་དབང་དུ་བྱས་པའི་ཆོས་ལ་རྣམ་པར་དཔྱད་ནས་བདེན་པ་མངོན་པར་རྟོགས་པར་བྱ་བའི་ཕྱིར་བརྩོན་པའོ། །ས་མཚམས་ནི་སྦྱོར་ལམ་ནས་མཐོང་ལམ་སྐད་ཅིག་བཅོ་ལྔའི་བར་རོ། །དབྱེ་ན་འབྲས་བུ་དང་པོ་གསུམ་ལ་ཞུགས་པ་གསུམ་གསུམ་མོ། །མཛོད་དུ། དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །དབང་པོ་རྣོ་རྟུལ་དེ་དག་ཏུ། །དད་དང་ཆོས་ཀྱི་རྗེས་འབྲང་བ། །ཞེས་མཐོང་ལམ་སྐད་ཅིག་བཅོ་ལྔ་ལ་གནས་པར་བཤད་དོ། །ལྔ་པ་འབྲས་བུས་རབ་ཏུ་དབྱེ་བ་ལ། དབང་པོས་ཕྱེ་བ། སྙོམས་འཇུག་གིས་ཕྱེ་བ། ཞུགས་གནས་ཀྱིས་ཕྱེ་བའོ། །དང་པོ་ལ་དད་པས་མོས་པ་དང་། མཐོང་བས་ཐོབ་པ་གཉིས་ཏེ། སློབ་པའི་འབྲས་བུ་ལ་གནས་པའི་ཉན་ཐོས་གང་དད་པ་ལྷག་པས་རབ་ཏུ་ཕྱེ་བ། དེ་གང་ཤེས་རབ་ལྷག་པས་རབ་ཏུ་ཕྱེ་བའོ། །ས་མཚམས་ནི། མཐོང་ལམ་སྐད་ཅིག་བཅུ་དྲུག་པ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་རོ། །དབྱེ་ན་རེ་རེ་ལ་ཡང་འབྲས་བུ་དང་པོ་གསུམ་ལ་གནས་པ་གསུམ་གསུམ་མོ། །

གཉིས་པ་ལ་གསུམ་སྟེ། ལུས་ཀྱིས་མངོན་སུམ་བྱེད་པ་དང་། ཤེས་རབ་ཀྱི་རྣམ་པར་གྲོལ་བ་དང་། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའོ། །དང་པོ་ནི། ཕྱིར་མི་འོང་གང་རྣམ་ཐར་བརྒྱད་ལ་སྙོམས་པར་འཇུག་ནུས་པའོ། །བྱེ་བྲག་སྨྲ་བ་རྣམས་འགོག་པ་སེམས་མེད་པའི་ལུས་ཀྱིས་མངོན་སུམ་དུ་བྱས་པའི་ཕྱིར་ལུས་མངོན་བྱེད་ཅེས་ཟེར་རོ། །ཁ་ཅིག་འགོག་པ་ལས་ལངས་པའི་འོག་ཏུ་སྙོམས་འཇུག་གི་སྟོབས་ཀྱིས་བསྒྲུབ་པའི་དབང་པོ་དང་བཅས་པའི་ལུས་ཤིན་ཏུ་ཞི་བ་སེམས་ཀྱིས་མངོན་སུམ་བྱས་པའི་ཕྱིར་དེ་ཞེས་ཟེར་རོ། །གཉིས་པ་ནི། ཤེས་རབ་ཀྱི་སྟོབས་ཀྱིས་ཉོན་སྒྲིབ་ཙམ་ལས་རྣམ་པར་གྲོལ་བའི་མི་སློབ་པ། གསུམ་པ་ནི། ཉོན་སྒྲིབ་དང་སྙོམས་འཇུག་གི་སྒྲིབ་པ་གཉིས་ཀ་ལས་རྣམ་པར་གྲོལ་བའི་མི་སློབ་པ། གསུམ་པ་ཞུགས་གནས་ཀྱིས་ཕྱེ་བ་ལ། དངོས་དང་། འབྲས་གནས་བཞིའི་ཁྱད་པར་བཤད་པ་ལ་གཉིས་ལས། དང་པོ་ལ་བཞིའི་དང་པོ་རྒྱུན་ཞུགས་ལ། ཞུགས་འབྲས་གཉིས་ཀྱི་ཞུགས་པ་ནི། རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པའི་མི་མཐུན་ཕྱོགས་སྤོང་བའི་སྤོང་ལམ་ལ་གནས་པའོ། །ས་མཚམས་ནི། ངེས་འབྱེད་ཆ་མཐུན་སྟན་གཅིག་པ་ནས་མཐོང་ལམ་སྐད་ཅིག་བཅོ་ལྔའི་བར་རོ། །མཛོད་དུ། སྐད་ཅིག་བཅོ་ལྔ་ཁོ་ན་ལ་གནས་པར་བཤད་དོ། །དབྱེ་ན་དབང་པོའི་སྒོ་ནས་དད་པ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་གཉིས། སྤངས་པའི་སྒོ་ནས་སྒོམ་སྤང་གཏན་མ་སྤངས་པ་དང་། འདོད་པའི་སྒོམ་སྤང་གཅིག་ནས་ལྔའི་བར་སྤངས་པ་གཉིས། འབྲས་བུའི་སྒོ་ནས་རིམ་གྱིས་པ་དང་། ཅིག་ཆར་བ་ལ་ཞུགས་པ་གཉིས་སོ། །གཉིས་པ་འབྲས་གནས་ནི། ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་གནས་པའོ། །ཀུན་སྦྱོར་གསུམ་ནི། འཇིག་ཚོགས་ལ་ལྟ་བ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན། ཐེ་ཚོམ་སྟེ། དེ་དག་ནི་རྒྱུན་ཞུགས་ཀྱི་སྤང་བྱའི་གཙོ་བོ་ཡིན་པའི་ཕྱིར་རོ། །དབྱེ་ན་སྤང་བྱ་སྤོང་ཚུལ་གྱི་སྒོ་ནས་ཅིག་ཆར་ངེས་པར་འབྱིན་པ་དང་། རིམ་གྱིས་ངེས་པར་འབྱིན་པ་གཉིས་ཏེ། རྒྱུན་ཞུགས་གང་མི་ལྕོགས་པ་མེད་པ་ལ་བརྟེན་ནས་ཁམས་གསུམ་གྱི་སྒོམ་སྤང་རྣམས་རྣམ་པའི་སྒོ་ནས་ཅིག་ཆར་སྤོང་བ་དང་། དེ་གང་ཁམས་གསུམ་གྱི་སྒོམ་སྤང་རྣམས་རྣམ་པའི་སྒོ་ནས་རིམ་གྱིས་སྤོང་བར་འགྱུར་བའོ། །དེ་གཉིས་རེ་རེ་ལ་ཡང་འབྲས་བུ་ཕྱི་མ་ཐོབ་པའི་ཕྱིར་དུ་བརྩོན་པ་འབྲས་བུ་ཁྱད་པར་ཅན་གྱི་ལམ་ལ་གནས་པ་དང་། མི་བརྩོན་པ་འབྲས་བུ་ཙམ་པོ་བ་གཉིས་གཉིས་སོ། །འབྲས་བུ་ཕྱི་མ་གཉིས་ལ་ཡང་ཙམ་ཁྱད་ཀྱི་བྱེ་བྲག་དེ་ལྟར་ཤེས་པར་བྱའོ། །དབང་པོའི་སྒོ་ནས་དད་མོས། མཐོང་ཐོབ་གཉིས་སོ། །གཉིས་པ་ཕྱིར་འོང་ལ། ཞུགས་གནས་གཉིས་ལས། དང་པོ་ཞུགས་པ་ནི། ཕྱིར་འོང་གི་འབྲས་བུ་ཐོབ་པའི་མི་མཐུན་ཕྱོགས་སྤོང་བའི་སྤོང་ལམ་གནས་པའོ། །

དབྱེ་ན། འབྲས་བུ་ཐོད་རྒལ་བའི་ཕྱིར་འོང་ཞུགས་པ་དང་། འབྲས་བུ་རིམ་གྱིས་པའི་ཕྱིར་འོང་ཞུགས་པ་གཉིས་སོ། །དང་པོ་ནི། ཕྱིར་འོང་ཞུགས་པ་གང་མཐོང་ལམ་སྐད་ཅིག་བཅུ་དྲུག་པ་མངོན་དུ་བྱས་ཙམ་གྱིས་ཕྱིར་འོང་གི་འབྲས་བུ་ཐོབ་པ། དབྱེ་ན་དབང་པོའི་སྒོ་ནས་དད་པ་དང་ཆོས་ཀྱི་རྗེས་འབྲང་གཉིས། སྤངས་པའི་སྒོ་ནས་འདོད་པའི་སྒོམ་སྤང་དྲུག་པ་སྤངས་པ་ནས་བརྒྱད་པ་སྤངས་པའི་བར་གསུམ་མོ། །གཉིས་པ་ནི། ཕྱིར་འོང་ཞུགས་པ་གང་འདོད་པའི་སྒོམ་སྤང་དྲུག་པ་སྤངས་ཙམ་གྱིས་ཕྱིར་འོང་གི་འབྲས་བུ་མངོན་དུ་བྱེད་པའོ། །དེ་ལ་ཡང་དབྱེ་ན། དབང་པོའི་སྒོ་ནས་དད་མོས་མཐོང་ཐོབ་གཉིས། སྤངས་པའི་སྒོ་ནས་སྒོམ་སྤང་གཅིག་ནས་ལྔའི་བར་སྤངས་པ་ལྔའོ། །ས་མཚམས་ནི། དང་པོ་རྒྱུན་ཞུགས་དང་འདྲ་ཞིང་། གཉིས་པ་ནི་མཐོང་ལམ་གྱི་སྔར་སྒོམ་སྤང་མ་སྤངས་པ་ཞིག་ཡིན་ན་རྣམ་པ་གཅིག་པ་སྤོང་བའི་སྦྱོར་ལམ་ནས་དྲུག་པ་སྤོང་བའི་བར་ཆད་མེད་ལམ་གྱི་བར་རོ། །གཞན་རྣམས་ཀྱང་ཅི་རིགས་པར་ཤེས་པར་བྱའོ། །

གཉིས་པ་འབྲས་གནས་ནི། ཕལ་ཆེར་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་གནས་པའོ། །ཕར་ཆེར་ལ་འདོད་ཆགས་དང་བྲལ་བ་ནི། འདོད་པའི་སྒོམ་སྤང་དྲུག་པ་སྤངས་པ་ལ་བྱ་སྟེ། རྣམ་པ་བདུན་པ་དང་བརྒྱད་པ་སྤངས་སམ་མ་སྤངས་ཀྱང་རུང་སྟེ། རྒྱུན་ཞུགས་གང་གིས་རྣམ་པ་དྲུག་པ་སྤངས་པས་ཕྱིར་འོང་དུ་འགྱུར་བའི་ཕྱིར་རོ། །འདི་ལ་ཡང་འབྲས་བུ་ཐོབ་ཚུལ་གྱི་སྒོ་ནས་མཐོང་ལམ་གྱིས་ཐོབ་པ་ཐོད་རྒལ་བའི་ཕྱིར་འོང་དང་། སྒོམ་ལམ་གྱིས་ཐོབ་པ་མཐར་གྱིས་པའི་ཕྱིར་འོང་གཉིས། དབང་པོའི་སྒོ་ནས་དད་མོས། མཐོང་ཐོབ་གཉིས་སོ། །ས་མཚམས་ནི། ཐོད་རྒལ་བ་མཐོང་ལམ་སྐད་ཅིག་བཅུ་དྲུག་པ་དང་། མཐར་གྱིས་པ་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ནས་དགུ་པ་སྤོང་བའི་བར་ཆད་མེད་ལམ་གྱི་བར་རོ། །གསུམ་པ་ཕྱིར་འོང་ལ་ཞུགས་གནས་གཉིས་ལས། དང་པོ་ཞུགས་པ་ནི། ཕྱིར་མི་འོང་གི་འབྲས་བུ་ཐོབ་པའི་མི་མཐུན་ཕྱོགས་སྤོང་བའི་སྤོང་ལམ་ལ་གནས་པའོ། །དབྱེ་ན་ཕྱིར་འོང་ཞུགས་པ་ལྟར་རོ། །གཉིས་པ་འབྲས་གནས་ནི། ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་གནས་པའོ། །ཐ་མའི་ཆ་མཐུན་ལྔ་ནི། སྔར་གྱི་ཀུན་སྦྱོར་གསུམ་དང་། འདོད་པ་ལ་འདུན་པ་དང་། གནོད་སེམས་ཏེ། དེ་དག་ནི་ཕྱིར་མི་འོང་གི་སྤང་བྱའི་གཙོ་བོ་ཡིན་པའི་ཕྱིར་རོ། །དབྱེ་བ་ནི་ཕྱིར་འོང་ལྟར་རོ། །ས་མཚམས་ནི། ཐོད་རྒལ་བ་སྐད་ཅིག་བཅུ་དྲུག་པ་ནས་འཛིན་ལ། མཐར་གྱིས་པ་འདོད་པའི་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་རོ། །

བཞི་པ་དགྲ་བཅོམ་པ་ལ་ཞུགས་གནས་གཉིས་ལས། དང་པོ་ནི། དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་མི་མཐུན་ཕྱོགས་སྤོང་བའི་སྤོང་ལམ་ལ་གནས་པའོ། །དབྱེ་ན། དབང་པོའི་སྒོ་ནས་དད་མོས་མཐོང་ཐོབ་གཉིས། འབྲས་བུའི་སྒོ་ནས་ཅིག་ཆར་བ་ལ་ཞུགས་པ་དང་། རིམ་གྱིས་པ་ལ་ཞུགས་པ་གཉིས་སོ། །ས་མཚམས་ལ། ཅིག་ཆར་བ་ནི་རྒྱུན་ཞུགས་ཅིག་ཆར་བསྒོམ་སྤང་སྤོང་བ་ལ་བརྩོན་པ་ནས་འཛིན་ལ། རིམ་གྱིས་པ་ནི་ཕྱིར་མི་འོང་གོང་མའི་ཉོན་མོངས་སྤོང་བའི་སྦྱོར་བ་ལ་བརྩོན་པ་ནས་འཛིན་ཏོ། །

གཉིས་པ་འབྲས་གནས་ནི། གོང་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་གནས་པའོ། །གོང་མའི་ཆ་མཐུན་ལྔ་ནི། ཁམས་གོང་མ་གཉིས་ཀྱི་འདོད་ཆགས། རྒོད་པ། ང་རྒྱལ། མ་རིག་པ་རྣམས་ཏེ། དེ་དག་ནི་དགྲ་བཅོམ་པའི་སྤང་བྱའི་གཙོ་བོ་ཡིན་པའི་ཕྱིར་རོ། །དབྱེ་ན། སྤང་བྱ་སྤོང་ཚུལ་གྱི་སྒོ་ནས་ཅིག་ཆར་བ་དང་། རིམ་གྱིས་པ་གཉིས་ཏེ། སློབ་ལམ་གྱི་ཚེ་ན་ས་དགུའི་སྒོམ་སྤང་རྣམས་ཅིག་ཆར་སྤངས་པས་ཐོབ་པ་དང་རིམ་གྱིས་སྤངས་པས་ཐོབ་པའོ། །དབང་པོའི་སྒོ་ནས་རྣམ་གྲོལ་དུས་དང་སྦྱོར་བ་དང་། མི་སྦྱོར་བ་གཉིས་ཏེ། རྣམ་གྲོལ་མངོན་དུ་བྱེད་པའི་རྐྱེན་ཁྱད་པར་བ་ལ་ལྟོས་པ་དང་། རྐྱེན་ལ་མི་ལྟོས་པར་འདོད་རྒུར་མངོན་དུ་འགྱུར་བའོ། །ཡོན་ཏན་གྱི་སྒོ་ནས་རྒྱན་དང་བཅས་པ་དང་། རྒྱན་མེད་པ་སྟེ། མངོན་ཤེས་དང་རྣམ་ཐར་སོགས་ཀྱི་ཡོན་ཏན་དང་ལྡན་པ་དང་། མི་ལྡན་པའོ། །སྙོམས་འཇུག་གི་སྒོ་ནས་ཤེས་རབ་ཀྱི་རྣམ་གྲོལ་དང་། གཉིས་ཀའི་ཆ་ལས་རྣམ་གྲོལ་གཉིས་ཏེ་བཤད་ཟིན་ཏོ། །

གཉིས་པ་འབྲས་གནས་ཀྱི་ཁྱད་པར་བཤད་པ་ལ་བཞི་ལས། དང་པོ་རྒྱུན་ཞུགས་ཀྱི་ཁྱད་པར་ལ་གཉིས་ཏེ། རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་དང་། རིགས་ནས་རིགས་སུ་སྐྱེ་བ་གཉིས་སོ། །རྒྱུན་ཞུགས་གང་འདོད་པའི་ལྷ་མིར་སྐྱེ་བ་ལན་བདུན་བླངས་ནས་མྱ་ངན་ལས་འདའ་བ། འདོད་པའི་སྒོམ་སྤངས་གསུམ་མམ་བཞི་སྤངས་ཤིང་ལྔ་པ་མ་སྤངས་པའི་རྒྱུན་ཞུགས་གང་འདོད་པའི་ལྷ་མིར་སྐྱེ་བ་རིས་མཐུན་གཉིས་བླངས་ནས་གཉིས་པའམ། གསུམ་པ་ལ་མྱ་ངན་ལས་འདའ་བ། འདི་ལ། འདོད་པའི་ལྷར་སྐྱེ་བ་རིགས་མཐུན་གཉིས་སམ་གསུམ་བླངས་ནས་མྱ་ངན་ལས་འདའ་བ་ལྷའི་རིགས་ནས་རིགས་སྐྱེ་དང་། མིར་སྐྱེ་བ་རིས་མཐུན་གཉིས་སམ་གསུམ་བླངས་ནས་མྱ་ངན་ལས་འདའ་བ་མིའི་རིགས་ནས་རིགས་སྐྱེ་གཉིས་སོ། །གཉིས་པ་ཕྱིར་འོང་གི་ཁྱད་པར་ནི། ཚེ་གཅིག་བར་ཆད་གཅིག་པ་སྟེ། འདོད་པའི་སྒོམ་སྤང་བདུན་པའམ་བརྒྱད་པ་སྤངས་དགུ་པ་མ་སྤངས་པའི་ཕྱིར་འོང་གང་འདོད་པར་སྐྱེ་བ་གཅིག་བླངས་ནས་ཕྱི་མ་ལ་མྱ་ངན་ལས་འདའ་བའོ། །འདི་ནི་ཚེ་དེ་ལ་ཕྱིར་མི་འོང་ཐོབ་པ་ལ་ཉོན་མོངས་པ་གཅིག་གིས་བར་དུ་ཆོད་ཅིང་དགྲ་བཅོམ་པ་ཐོབ་པ་ལ་སྐྱེ་བ་གཅིག་གིས་ཆོད་པའི་ཕྱིར་བར་ཆད་གཅིག་པའོ། །འདོད་པའི་ཉོན་མོངས་པ་བརྒྱད་པ་ནི་མ་སྤངས་སུ་ཟིན་ཀྱང་དེའི་ཚེ་དེ་ལ་ཕྱིར་མི་འོང་ཐོབ་པའི་གེགས་བྱེད་པ་མ་ཡིན་ཏེ། དེ་ནི་ཚེ་འདི་ལ་སྤོང་ནུས་པའི་ཕྱིར་རོ། །རྣམ་པ་དགུ་པས་ནི་དེ་ལྟ་བུའི་གང་ཟག་དེས་ཚེ་དེ་ལ་ཕྱིར་མི་འོང་ཐོབ་པ་ལ་དགེག་བྱེད་པ་ཡིན་ཏེ། དེ་སྤངས་ན་འདོད་པའི་ཁམས་ལས་འདའ་བར་འགྱུར་ཞིང་འདོད་ཁམས་ལས་འདའ་བ་ཡང་ཤིན་ཏུ་དཀའ་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟ་བུའི་གང་ཟག་གིས་རྣམ་པ་བརྒྱད་པ་མ་སྤངས་སུ་ཟིན་ཀྱང་ཕྱིར་མི་འོང་ཐོབ་པ་ལ་ངེས་པའི་རྣམ་པ་གཅིག་གིས་བར་དུ་ཆོད་པ་ཞེས་བྱའོ། །གསུམ་པ་ཕྱིར་མི་འོང་གི་ཁྱད་པ་ལ་དངོས་དང་ཞར་བྱུང་གཉིས་ལས། དང་པོ་ལ་གསུམ་སྟེ། གཟུགས་སུ་ཉེར་འགྲོ། གཟུགས་མེད་ཉེར་འགྲོ མཐོང་ཆོས་ཞིའོ། །དང་པོ་ལ་མཚན་ཉིད་ནི། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་གཟུགས་སམ་གཟུགས་ཀྱི་བར་དོར་སྐྱེ་བ་ལེན་པའོ། །དབྱེ་ན་ལྔ་ལས། དང་པོ་བར་དོར་མྱ་ངན་ལས་འདའ་བ་ནི། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གང་གཟུགས་ཀྱི་སྐྱེ་སྲིད་འགྲུབ་པའི་ཀུན་སྦྱོར་སྤངས་ལ། བར་སྲིད་འགྲུབ་པའི་ཀུན་སྦྱོར་མ་སྤངས་པས་བར་སྲིད་དུ་མྱ་ངན་ལས་འདའ་བའོ། །དེ་ཡང་དབང་པོ་རྣོ་འབྲིང་རྟུལ་གསུམ་གྱི་བྱེ་བྲག་གིས་བར་སྲིད་ཀྱི་ཚེ་སྟོད་དང་། ཚེ་དཀྱིལ་དང་། ཚེ་སྨད་དུ་མྱ་ངན་ལས་འདའ་བ་གསུམ་མོ། །

གཉིས་པ་སྐྱེ་ནས་མྱ་ངན་ལས་འདའ་བ་ནི། གཟུགས་སུ་སྐྱེ་སྲིད་འགྲུབ་པའི་ཀུན་སྦྱོར་མ་སྤངས་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་གཟུགས་ཀྱི་གནས་གང་རུང་དུ་སྐྱེས་ཙམ་གྱིས་མྱ་ངན་ལས་འདའ་བའོ། །གསུམ་པ་མངོན་པར་འདུ་བྱེད་མེད་པར་མྱ་ངན་ལས་འདའ་བ་ནི། དེ་གང་གཟུགས་ཀྱི་གནས་གང་རུང་དུ་སྐྱེས་ནས་འབད་རྩོལ་མེད་པར་ལམ་མངོན་དུ་བྱས་ནས་མྱ་ངན་ལས་འདའ་བའོ། །

བཞི་པ་མངོན་པར་འདུ་བྱེད་པ་དང་བཅས་པའི་མྱ་ངན་ལས་འདའ་བ་ནི། དེ་གང་གཟུགས་ཀྱི་གནས་གང་རུང་དུ་སྐྱེས་ནས་འབད་རྩོལ་གྱིས་ལམ་མངོན་དུ་བྱས་ཏེ་མྱ་ངན་ལས་འདའ་བའོ། །ལྔ་པ་གོང་དུ་འཕོ་བ་ནི། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཅན་གྱི་གཟུགས་སུ་ཉེར་འགྲོ་གང་འོག་མིན་ནམ་སྲིད་རྩེ་གང་རུང་དུ་མྱང་འདས་མངོན་དུ་བྱེད་པའོ། །དབྱེ་ན་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་དང་། སྲིད་རྩེའི་མཐར་ཐུག་འགྲོ་གཉིས་སོ། །དང་པོ་ནི། བསམ་གཏན་བཞི་པ་སྤེལ་མར་བསྒོམས་པའི་གོང་འཕོ་གང་འོག་མིན་དུ་མྱང་འདས་མངོན་དུ་བྱེད་པའོ། །དབྱེ་ན། དབང་པོ་རྣོ་འབྲིང་རྟུལ་གསུམ་གྱི་བྱེ་བྲག་གིས་འཕར་བ། ཕྱེད་དུ་འཕར་བ། གནས་ཐམས་ཅད་དུ་འཆི་འཕོ་བ་དང་གསུམ་སྟེ། འོག་མིན་འགྲོ་གང་ཕྱི་མ་ལ་ཚངས་རིས་སུ་སྐྱེས་ནས་སྐྱེ་བ་གཉིས་པ་ལ་འོག་མིན་དུ་མྱང་འདས་མངོན་དུ་བྱེད་པ། དེ་གང་ཕྱི་མར་ཚངས་རིས་དང་སྐྱེ་བ་གཉིས་པ་ལ་གནས་གཙང་གི་འོག་མ་གང་རུང་དང་གསུམ་པ་ལ་འོག་མིན་དུ་སྐྱེས་ནས་མྱང་འདས་མངོན་དུ་བྱེད་པའོ། །དེ་གང་ཚངས་ཆེན་མ་གཏོགས་པའི་གཟུགས་ཀྱི་གནས་གཞན་ཐམས་ཅད་དུ་རིམ་གྱིས་བརྒྱུད་ནས་མཐར་འོག་མིན་དུ་མྱང་འདས་མངོན་དུ་བྱེད་པའོ། །

གཉིས་པ་སྲིད་རྩེའི་མཐར་ཐུག་འགྲོ་ནི། ཚངས་ཆེན་དང་གནས་གཙང་མ་གཏོགས་པའི་གཟུགས་དང་གཟུགས་མེད་ཀྱི་གནས་གཞན་ཀུན་རིམ་གྱིས་བརྒྱུད་ནས་མཐར་སྲིད་རྩེར་མྱང་འདས་མངོན་དུ་བྱེད་པའོ། །གཉིས་པ་གཟུགས་མེད་དུ་ཉེར་འགྲོ་ནི། གཟུགས་ལ་ཆགས་པ་དང་བྲལ་བའི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་གཟུགས་མེད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའོ། །དབྱེ་ན། གོང་འཕོ་དང་། སྐྱེས་ནས་དང་། མངོན་པར་འདུ་བྱེད་པ་དང་བཅས་པ། མངོན་པར་འདུ་བྱེད་པ་མེད་པ་དང་བཞིའོ། །གཟུགས་མེད་དུ་སྐྱེ་བ་ལ་བར་སྲིད་མེད་པའི་ཕྱིར་བར་དོར་མྱ་ངན་ལས་འདའ་བ་མེད་དོ། །དང་པོ་ནི། གཟུགས་མེད་དུ་ཉེར་འགྲོ་གང་གཟུགས་མེད་བཞི་རིམ་གྱིས་བརྒྱུད་ནས་སྲིད་རྩེའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའོ། །འདི་ཞི་གནས་ལ་ལྷག་པར་སྤྱོད་པ་ཡིན་པས། འཕར་ཕྱེད་འཕར་རྣམས་ཀྱི་དབྱེ་བ་ནི་མེད་དོ། །གཉིས་པ་ནི། དེ་གང་གཟུགས་མེད་བཞི་གང་རུང་དུ་སྐྱེས་ཙམ་གྱིས་མྱང་འདས་མངོན་དུ་བྱེད་པའོ། །གསུམ་པ་ནི། དེ་གང་གཟུགས་མེད་བཞི་གང་རུང་དུ་སྐྱེས་ནས་འབད་རྩོལ་གྱིས་ལམ་བསྒོམས་ཏེ་མྱང་འདས་མངོན་དུ་བྱེད་པའོ། །བཞི་པ་ནི། དེ་གང་གཟུགས་མེད་བཞི་གང་རུང་དུ་སྐྱེས་ནས་འབད་རྩོལ་མེད་པར་ལམ་བསྒོམས་ཏེ་མྱང་འདས་མངོན་དུ་བྱེད་པའོ། །གསུམ་པ་མཐོང་ཆོས་ཞི་ནི། ཕྱིར་མི་འོང་གང་འཕགས་ལམ་ཐོབ་པའི་ཚེ་དེ་ཉིད་ལ་མྱང་འདས་མངོན་དུ་བྱེད་པའོ། །གཞུང་འདིར་གཟུགས་མེད་ཉེར་འགྲོ་དང་མཐོང་ཆོས་ཞི་མ་གསུངས་ཤིང་། གོང་འཕོ་ལ་ཡང་འོག་མིན་དང་སྲིད་རྩེའི་མཐར་ཐུག་འགྲོ་གཉིས་སུ་ཕྱེ་བ་མ་གཏོགས་འཕར་གསུམ་གྱི་དབྱེ་བ་མ་མཛད་དོ། །དེ་དག་ནི་མཛོད་ལས་འབྱུང་བ་བཞིན་བཤད་དོ། །གཉིས་པ་ཞར་ལ་སྤེལ་སྒོམ་གྱི་མཚན་ཉིད། དབྱེ་བ། རྟེན་གྱི་གང་ཟག བསྒོམ་པའི་དགོས་པ་སྟེ་བཞི་ལས། དང་པོ་ནི། བསམ་གཏན་བཞི་པ་ཞི་རགས་ཀྱི་རྣམ་པ་ཅན་དང་བདེན་བཞིའི་རྣམ་པ་ཅན་གཉིས་རྣལ་འབྱོར་ཐུན་གཅིག་ལ་སྲེས་ནས་བསྒོམ་པའོ། །དེ་ལ་སྦྱོར་བ། དངོས་གཞི་གཉིས་ཏེ། སྤེལ་མ་རྩོལ་བཅས་སུ་བསྒོམ་པའི་རྣལ་འབྱོར་དང་སྤེལ་མ་རྩོལ་མེད་དུ་བསྒོམ་པའི་རྣལ་འབྱོར་རོ། །གྲུབ་པའི་མཚན་ཉིད་ནི། བྱེ་བྲག་སྨྲ་བ་དག་ཟག་བཅས་སྐད་ཅིག་མ་གཉིས་ཀྱི་བར་དུ་ཟག་མེད་སྐད་ཅིག་མ་གཅིག་བསྲེ་ནུས་པ་ལ་འདོད་ཀྱང་། འདིར་རྒྱུན་ལྡན་སྤེལ་བ་ལ་འདོད་རྒུར་སྙོམས་པར་འཇུག་པའི་ཚེ་གྲུབ་པ་ཡིན་ནོ། །དབྱེ་བ་ནི། ཆུང་ངུ་། འབྲིང་། ཆེན་པོ། ཆེས་ཆེན་པོ། ཆེས་ཤིན་ཏུ་ཆེན་པོའོ། །དང་པོ་ནི། བདེན་པའི་རྣམ་པ་ཅན་གཉིས་ཀྱི་བར་དུ་ཞི་རགས་ཀྱི་རྣམ་པ་ཅན་གཅིག་བསྲེས་ཏེ་གསུམ་སྤེལ་ལོ། །གཉིས་པ་ནི་དེ་ལྟ་བུ་གཉིས་མཐུད་པ་དྲུག་སྤེལ་བའོ། །གསུམ་པ་ནི་དེ་ལྟ་བུ་གསུམ་མཐུད་པ་དགུ་སྤེལ་ལོ། །བཞི་པ་ནི་བཞི་མཐུད་པ་བཅུ་གཉིས་སྤེལ་ལོ། །ལྔ་པ་ནི་ལྔ་མཐུད་པ་བཅོ་ལྔ་སྤེལ་ལོ། །རྟེན་གྱི་གང་ཟག་ནི། ཕྱིར་མི་འོང་། དགྲ་བཅོམ་པ་བསམ་གཏན་བཞི་པ་ཐོབ་པ་རྣམས་དང་། བྱང་སེམས་འཕགས་པ་རྣམས་སོ། །བསྒོམ་པའི་དགོས་པ་ནི། ཕྱིར་མི་འོང་དང་དགྲ་བཅོམ་པ་དབང་རྣོན་དག་མཐོང་ཆོས་ལ་བདེ་བར་གནས་པ་དང་རོ་མྱང་ལས་གྲོལ་བར་བྱ་བའི་ཕྱིར་བསྒོམ་ལ། ཕྱིར་མི་འོང་གང་ཞིག་གནས་གཙང་མ་རྣམས་སུ་སྐྱེ་བར་བྱ་བའི་ཕྱིར་བསྒོམ་མོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཏིང་ངེ་འཛིན་གྱི་རྩལ་སྦྱང་བའི་ཕྱིར་བསྒོམ་མོ། །

བཞི་པ་དགྲ་བཅོམ་པའི་འབྲས་བུའི་ཁྱད་པར་ལ་དྲུག་སྟེ། ཡོངས་སུ་ཉམས་པའི་ཆོས་ཅན། བདག་གསད་པའི། རྗེས་སུ་བསྲུང་བའི། གནས་པ་ལས་མི་བསྐྱོད་པའི། རབ་ཏུ་རྟོགས་པའི་འོས་སུ་གྱུར་པའི། མི་གཡོ་བའི་ཆོས་ཅན་ནོ། །དང་པོ་ནི། དགྲ་བཅོམ་པ་དབང་རྟུལ་གང་གདོན་མི་ཟ་བར་མཐོང་ཆོས་ལ་བདེ་བར་གནས་ཀྱི་བསམ་གཏན་ལས་ཉམས་པར་འགྱུར་བ། གཉིས་པ་ནི། དེ་གང་རང་གིས་རང་མི་གསོད་ན་ཉམས་པར་འགྱུར་ཞིང་གསོད་ན་མི་འགྱུར་བ། གསུམ་པ་ནི། དེ་གང་འདོད་ཡོན་ལ་སེམས་བསྲུང་ན་ཉམས་པར་མི་འགྱུར་བ། བཞི་པ་ནི། དེ་གང་འདོད་ཡོན་ལ་སེམས་བསྲུངས་སམ་མ་བསྲུངས་ཀྱང་ཉམས་པར་མི་འགྱུར་ཞིང་དབང་པོ་སྦྱོང་བའི་སྐལ་བ་དང་མི་ལྡན་པ། ལྔ་པ་ནི། དེ་གང་དེ་བསྲུངས་སམ་མ་བསྲུངས་ཀྱང་ཉམས་པར་མི་འགྱུར་ཞིང་དབང་པོ་སྦྱོང་བའི་སྐལ་བ་དང་ལྡན་པ། དྲུག་པ་ནི། དགྲ་བཅོམ་པ་དབང་རྣོན་གང་མཐོང་ཆོས་ལ་བདེར་གནས་ཀྱི་བསམ་གཏན་ལས་གཏན་མི་ཉམས་ཤིང་དབང་པོའང་སྦྱོང་མི་དགོས་པའོ། །དྲུག་པ་ཁམས་ཀྱི་རབ་ཏུ་དབྱེ་བ་ལ། ཁམས་གསུམ་པོ་རེ་རེ་ལ་སོ་སྐྱེ་དང་སློབ་པ་དང་མི་སློབ་པ་གསུམ་གསུམ་ཕྱེ་བ་དགུ་དང་། འདོད་གཟུགས་ཀྱི་བྱང་སེམས། རང་སངས་རྒྱས། དེ་བཞིན་གཤེགས་པ་རྣམས་ལས་དང་པོ་རྣམས་གཞུང་དུ་གོ་སླ་ཞིང་། གཉིས་པ་ནི་དབང་ཐོབ་པའི་སེམས་དཔའི་གང་ཟག་གིས་གཟུགས་མེད་དུ་སྐྱེ་བ་སྤངས་ནས་འདོད་གཟུགས་སུ་སྐྱེ་བ་འཛིན་པའོ། །གསུམ་པ་ནི་འདོད་པའི་རྟེན་ལ་གཞན་ལ་ལྟོས་མེད་དུ་རང་ཉིད་གཅིག་པུའི་ཕྱིར་རྣམ་གྲོལ་མངོན་དུ་བྱེད་པའོ། །དབྱེ་ན་བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པ་གཉིས་སོ། །བཞི་པ་ནི་དོན་གཉིས་མཐར་ཕྱིན་པའི་རྣམ་གྲོལ་ལོ། །དབྱེ་ན་ངོ་བོ་ཉིད་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་དང་གསུམ་སྟེ། གོ་རིམ་བཞིན་དུ་ཡེ་ཤེས་ཀྱི་ཚོགས་ཀྱི་བྲལ་འབྲས་ཀྱི་སྐུ་གང་བྲལ་འབྲས་ཀྱི་ཡོན་ཏན་དང་ལྡན་པ། བསོད་ནམས་ཀྱི་ཚོགས་ཀྱི་རྣམ་སྨིན་གྱི་འབྲས་བུར་གྱུར་པའི་སྐུ་གང་རྣམ་སྨིན་གྱི་ཡོན་ཏན་དང་ལྡན་པ། བསོད་ནམས་ཀྱི་ཚོགས་ཀྱི་བདག་འབྲས་སུ་གྱུར་པའི་སྐུ་གང་ལོངས་སྐུའི་བདག་རྐྱེན་ལས་བྱུང་བའོ། །བདུན་པ་སྤྱད་པས་རབ་ཏུ་ཕྱེ་བ་ལ་ལྔ་སྟེ། མོས་པས་སྤྱོད་པ། ལྷག་པའི་བསམ་པས་སྤྱོད་པ། མཚན་མ་དང་བཅས་པས་སྤྱོད་པ། མཚན་མ་མེད་པས་སྤྱོད་པ། མངོན་པར་འདུ་བྱེད་པ་མེད་པས་སྤྱོད་པ་སྟེ། གོ་རིམ་བཞིན་དུ། ཆོས་ཉིད་ལ་མོས་པ་ཡིད་བྱེད་ཀྱི་ཚུལ་གྱིས་སྤྱོད་པའི་སེམས་དཔའ། ཆོས་ཉིད་མངོན་སུམ་དུ་རྟོགས་པས་བདག་གཞན་མཉམ་པའི་ལྷག་བསམ་མི་འགྱུར་བའི་སེམས་དཔའ། རྗེས་ཐོབ་ཏུ་མཚན་མ་ཤས་ཆེར་སྤྱོད་པའི་བྱང་འཕགས། བསྒྲིམས་ན་ཇི་ལྟར་འདོད་ཀྱི་བར་དུ་མཚན་མ་མི་འབྱུང་བའི་བྱང་འཕགས། མཚན་མ་མེད་པས་ངང་གིས་འབྱུང་བའི་བྱང་འཕགས་སོ། །གཉིས་པ་ཐོབ་བྱ་མངོན་རྟོགས་ལ། དངོས་དང་། དེ་ལ་བརྟེན་པའི་ཡོན་ཏན་གྱི་དབྱེ་བ་གཉིས་ལས། དང་པོ་ལ་མཚན་ཉིད་ནི། སངས་རྒྱས་ཀྱི་བསྟན་པ་ལུང་རྟོགས་གང་རུང་ལ་མི་འཕྲོགས་པའི་ངེས་པ་རྙེད་པའི་རྟོགས་པ། དབྱེ་ན་བཅུ་ལས་དང་པོ་ཆོས་མངོན་རྟོགས་ནི། བདེན་པའི་དབང་དུ་བྱས་པའི་ལུང་གི་ཆོས་ཀྱི་རྗོད་བྱེད་ལ་ཐོས་བསམ་གྱི་སྒོ་ནས་མི་འཕྲོགས་པའི་ངེས་པ་རྙེད་པའི་རྟོགས་པ། དེ་ནི་ཚོགས་ལམ་ནས་ཡོད་དོ། །དོན་མངོན་རྟོགས་ནི། བདེན་པའི་དབང་དུ་བྱས་པའི་བརྗོད་བྱའི་དོན་ལ་འཇིག་རྟེན་པའི་སྒོམ་བྱུང་གིས་མི་འཕྲོགས་པའི་ངེས་པ་རྙེད་པའི་ཏིང་ངེ་འཛིན་ནོ། །དེ་ནི་སྦྱོར་ལམ་ནས་ཡོད་དོ། །དེ་ཁོ་ན་ཉིད་མངོན་རྟོགས་ནི། བདེན་པའི་གནས་ལུགས་ལ་འཇིག་རྟེན་ལས་འདས་པའི་སྒོམ་བྱུང་གིས་ཐོག་མར་ངེས་པ་རྙེད་པའི་རྟོགས་པ། དེ་ནི་མཐོང་ལམ་ཡིན་ནོ། །རྗེས་ལ་མངོན་རྟོགས་ནི། བདེན་པའི་གནས་ལུགས་མཐོང་ཟིན་གོམས་པར་བྱེད་པའི་རྟོགས་པའོ། །དེ་དག་ནི་སྒོམ་ལམ་ཡིན་ནོ། །དཀོན་མཆོག་མངོན་རྟོགས་ནི། ཆོས་མཐོང་བའི་སྟོབས་ཀྱིས་དཀོན་མཆོག་གི་ཡོན་ཏན་ལ་མི་འཕྲོགས་པའི་དད་མོས་རྙེད་པའི་རྟོགས་པའོ། །ཀུན་ཏུ་མི་འབྱུང་བའི་མངོན་རྟོགས་ནི། ཆོས་མཐོང་བའི་སྟོབས་ཀྱིས་རྣལ་འབྱོར་པ་རང་རྒྱུད་ཀྱི་ངན་སོང་རྒྱུ་དང་བཅས་པ་ཟད་པ་ལ། མི་འཕྲོགས་པའི་དད་མོས་རྙེད་པའི་རྟོགས་པའོ། །འདི་གཉིས་ནི་མཐོང་ལམ་མཉམ་གཞག་དུ་ཐོབ་ཅིང་། རྗེས་ཐོབ་དུ་མངོན་དུ་བྱེད་དོ། །མཐར་ཐུག་པའི་མངོན་རྟོགས་ནི། བསླབ་པ་མཐར་ཕྱིན་པའི་སྟོབས་ཀྱིས་སྡུག་ཀུན་ཟད་པ་དང་མི་སྐྱེ་བ་ལ་མི་འཕྲོགས་པའི་ངེས་པ་རྙེད་པའི་རྟོགས་པའོ། །དེ་ནི་མི་སློབ་ལམ་མོ། །ཉན་ཐོས་ཀྱི་མངོན་རྟོགས་ནི། གཞན་གྱི་སྒྲ་ལ་བརྟེན་པའི་མངོན་རྟོགས་གང་ཞིག་རང་བཞིན་གྱིས་དབང་པོ་རྟུལ་པོའི་གང་ཟག་གི་བཞེད་དོན་བསྒྲུབ་པར་བྱེད་པའོ། །རང་སངས་རྒྱས་ཀྱི་མངོན་རྟོགས་ནི། གཞན་གྱི་སྒྲ་ལ་མ་བརྟེན་པའི་མངོན་རྟོགས་གང་ཞིག་རང་བཞིན་གྱིས་དབང་པོ་འབྲིང་པོའི་བཞེད་དོན་བསྒྲུབ་པར་བྱེད་པའོ། །

བྱང་སེམས་ཀྱི་མངོན་རྟོགས་ནི་གཉིས་ཏེ། ཤེས་པར་བྱ་བ་དང་། མངོན་དུ་བྱ་བའི་མངོན་རྟོགས་ཏེ། མྱ་ངན་ལས་འདའ་བར་འདོད་པ་རྣམས་རྗེས་སུ་བཟུང་བའི་དོན་དུ་རེ་ཞིག་རྒྱུད་ལ་བསྐྱེད་པའི་བྱ་བའི་མངོན་རྟོགས་དང་། མི་གནས་པའི་མྱ་ངན་ལས་འདའ་བའི་དོན་དུ་གཏན་དུ་བསྟེན་པར་བྱ་བའི་མངོན་རྟོགས་སོ། །

གཉིས་པ་དེ་ལ་བརྟེན་པའི་ཡོན་ཏན་གྱི་དབྱེ་བ་ལ་གཉིས། དབྱེ་བ་དངོས་དང་། ཕྱེ་བ་སོ་སོའི་དོན་ནོ། །དང་པོ་ནི། ཚད་མེད་རྣམ་ཐར་ཟད་པར་ཟིལ་གནོན་དང་། །ཉོན་མོངས་མེད་དང་བསམ་ཤེས་སོ་སོར་རིག། མངོན་ཤེས་མཚན་དཔེ་ཡོངས་དག་སྟོབས་མི་འཇིགས། །ཉེར་བཞག་བསྲུང་མེད་བསྙེལ་མེད་བག་ཆགས་བཅོམ། །ཐུགས་རྗེ་ཆེན་པོ་མ་འདྲེས་ཐམས་ཅད་མཁྱེན། །ཞེས་པས་བསྡུ་བའི་ཚིགས་སུ་བཅད་པའོ། །གཉིས་པ་སོ་སོའི་དོན་ལ་སྡེ་ཚན་བཅུ་དགུ་ལས། དང་པོ་ཚད་མེད་པ་ལ་མཚན་ཉིད་ནི། བསམ་གཏན་ལ་བརྟེན་ནས་སེམས་ཅན་མཐའ་ཡས་པ་སྡུག་བསྔལ་རྒྱུ་འབྲས་དང་བྲལ་ཞིང་བདེ་བ་རྒྱུ་འབྲས་དང་ཕྲད་པར་འདོད་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དབྱེ་ན་གཉིས་ལས། དམིགས་པའི་སྒོ་ནས་སེམས་ཅན་ལ་དམིགས་པ། ཆོས་ལ་དམིགས་པ། དམིགས་པ་མེད་པ་གསུམ་སྟེ། གོ་རིམ་བཞིན་དུ། དམིགས་ཡུལ་སེམས་ཅན་རྫས་ཡོད་སྡུག་བསྔལ་རྒྱུ་འབྲས་དང་བྲལ་ཞིང་བདེ་བ་རྒྱུ་འབྲས་དང་ཕྲད་པར་འདོད་པའི་ཏིང་ངེ་འཛིན་དང་ཤེས་རབ་སོགས་དང་། དམིགས་ཡུལ་ཕུང་པོ་ཆོས་ཙམ་ལ་སེམས་ཅན་དུ་བཏགས་པ་སོགས་དང་། དམིགས་ཡུལ་སྒྱུ་མ་ལྟ་བུའི་སེམས་ཅན་སོགས་སྦྱར་རོ། །རྣམ་པའི་སྒོ་ནས་བྱམས་པ། སྙིང་རྗེ། དགའ་བ། བཏང་སྙོམས་ཏེ་བསམ་གཏན་ལ་བརྟེན་ནས་སེམས་ཅན་ཚད་མེད་པ་ཕན་པ་དང་ཕྲད་པར་ཤོག་ཅིག་པ་དང་། སྡུག་བསྔལ་དང་བྲལ་བར་ཤོག་ཅིག་པ་དང་། བདེ་བ་དང་མི་འབྲལ་བར་ཤོག་ཅིག་པ་དང་། སྡུག་བསྔལ་གྱི་རྒྱུ་ཉོན་མོངས་པ་དང་བྲལ་བར་ཤོག་ཅིག་པའི་ཏིང་ངེ་འཛིན་སོགས་སོ། །གཉིས་པ་རྣམ་ཐར་ལ་མཚན་ཉིད་ནི། སྒྲིབ་པ་གསུམ་གང་རུང་ལས་གྲོལ་བའི་ཆེད་དུ་བསྒོམ་པའི་ཏིང་ངེ་འཛིན་དང་ཤེས་རབ་བམ་སྙོམས་འཇུག་གོ །དབྱེ་ན་གཟུགས་ཅན་དང་། གཟུགས་ཅན་མ་ཡིན་པའི་རྣམ་ཐར་གཉིས་སོ། །དང་པོ་ལ་གསུམ་ལས། གཟུགས་ཅན་གྱིས་གཟུགས་ལ་ལྟ་བའི་རྣམ་ཐར་ནི། རྣལ་འབྱོར་པ་རང་ལ་གཟུགས་ཀྱི་འདུ་ཤེས་མ་བཤིག་པར་སྤྲུལ་པའི་སྒྲིབ་པ་ལས་གྲོལ་བའི་ཆེད་དུ་ཕྱིའི་གཟུགས་རྣམས་ལ་སྣ་ཚོགས་ཀྱི་རྣམ་པར་མོས་པར་བྱེད་པའི་ཏིང་ངེ་འཛིན་སོགས་སོ། །གཟུགས་ཅན་མ་ཡིན་པས་གཟུགས་ལ་ལྟ་བའི་རྣམ་ཐར་ནི། རྣལ་འབྱོར་པ་རང་ལ་གཟུགས་ཀྱི་འདུ་ཤེས་བཤིག་ནས་སྔ་མ་ལྟར་རོ། །སྡུག་པའི་རྣམ་ཐར་ནི། རྣམ་ཐར་དང་པོ་གཉིས་ཀྱི་སྐྱོན་ལས་གྲོལ་བའི་ཕྱིར་ཕྱིའི་གཟུགས་རྣམས་ལ་སྡུག་པར་རོ་གཅིག་ཏུ་མོས་པར་བྱེད་པའི་ཏིང་ངེ་འཛིན་སོགས་སོ། །གཉིས་པ་ལ་ལྔ་ལས། གཟུགས་མེད་བཞིའི་རྣམ་ཐར་ནི། གཟུགས་མེད་བཞིའི་རོ་མྱང་ལས་གྲོལ་བའི་ཕྱིར་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་སོགས་བསྒོམ་པའི་ཏིང་ངེ་འཛིན་སོགས་སོ། །འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་ཐར་ནི། ཚོར་འདུ་འགོག་པའི་སྒྲིབ་པ་ལས་གྲོལ་བའི་ཆེད་དུ་བསྒོམ་པའི་འགོག་སྙོམས་རྣམས་སོ། །གསུམ་པ་ཟིལ་གནོན་ལ་མཚན་ཉིད་ནི། རྣམ་ཐར་གྱི་མོས་པར་བྱས་པའི་དམིགས་པ་ལ་གསལ་སྣང་ཐོབ་པའི་སྟོབས་ཀྱིས་རང་བཞིན་གྱིས་དམིགས་པ་མི་སྣང་བར་བྱེད་པའི་ཏིང་ངེ་འཛིན་སོགས་སོ། །དབྱེ་ན་བརྒྱད་དེ། ནང་གཟུགས་སུ་འདུ་ཤེས་པས་ཕྱིའི་གཟུགས་ཆེན་པོ་དང་བཟང་པོ་ངན་པ་རྣམས་ལ་དམིགས་པ་དང་། ཕྱིའི་གཟུགས་ཆུང་ངུ་དང་བཟང་པོ་ངན་པ་རྣམས་ལ་དམིགས་པ་གཉིས་དང་། ནང་གཟུགས་མེད་པར་འདུ་ཤེས་པས་དེ་ལྟར་དམིགས་པ་གཉིས་དང་། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱིའི་གཟུགས་དཀར་པོ་ཁ་དོག་དཀར་པོ་དཀར་པོ་ལྟ་བུར་སྟོན་པ་འོད་དཀར་པོ་འབྱུང་བ་ལ་དམིགས་པ་དང་། དེ་བཞིན་དུ་སེར་པོ་དང་། དམར་པོ་དང་། སྔོན་པོ་ལ་དམིགས་པ་བཞིའོ། །ཟིལ་གནོན་དང་པོ་གཉིས་ནི། རྣམ་ཐར་དང་པོ་གཉིས་ལས་བྱུང་ངོ་། །གསུམ་པ་དང་བཞི་པ་ཡང་རྣམ་ཐར་དང་པོ་གཉིས་ལས་བྱུང་ངོ་། །ཕྱི་མ་བཞི་ནི། སྡུག་པའི་རྣམ་ཐར་ལས་བྱུང་ངོ་། །བཞི་པ་ཟད་པར་གྱི་སྐྱེ་མཆེད་ལ་མཚན་ཉིད་ནི། རྣམ་ཐར་གྱིས་མོས་ཤིང་ཟིལ་གནོན་གྱིས་དབང་བྱས་པའི་དམིགས་པ་འདོད་རྒུར་སྤྲོ་བར་བྱེད་པའི་ཏིང་ངེ་འཛིན་སོགས་སོ། །དབྱེ་ན་བཅུ་སྟེ། ཟད་པར་ས། ཆུ། མེ། རླུང་། དཀར་པོ། དམར་པོ། སེར་པོ། སྔོན་པོ། ནམ་མཁའ། རྣམ་ཤེས་སོ། །དེ་ལ་དང་པོ་བརྒྱད་ཀྱིས་ནི་གཟུགས་ཅན་གྱི་དངོས་པོ་སྔར་མེད་གསར་དུ་སྤྲུལ་པ་དང་། ཡོད་པའི་རྒྱུན་གཞན་དུ་བསྒྱུར་བ་ལ་སོགས་པའི་རྫུ་འཕྲུལ་བསྒྲུབ་པར་བྱེད་དོ། །ནམ་མཁའི་ཟད་པར་གྱིས་ནི་མཁའ་ལ་འགྲོ་བ་དང་ཐམས་ཅད་ལ་ཐོགས་པ་མེད་པ་ལ་སོགས་པའི་རྫུ་འཕྲུལ་བསྒྲུབ་པར་བྱེད་དོ། །རྣམ་ཤེས་ཀྱིས་ནི་ཉོན་མོངས་པ་མེད་པ་ལ་སོགས་པའི་ཡོན་ཏན་རྣམས་བསྒྲུབ་པར་བྱེད་དོ། །

ལྔ་པ་ཉོན་མོངས་པ་མེད་པ་ལ་མཚན་ཉིད་ནི། བདག་ལ་བརྟེན་ནས་གཞན་རྒྱུད་ལ་ཉོན་མོངས་པ་སྐྱེ་བར་འགྱུར་བ་རྗེས་སུ་བསྲུང་བའི་ཏིང་ངེ་འཛིན་སོགས་སོ། །དབྱེ་ན་ཉན་ཐོས་དང་། སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་གཉིས་སོ། །དྲུག་པ་བསམས་ནས་ཤེས་པ་ལ་མཚན་ཉིད་ནི། དུས་གསུམ་གྱི་ཤེས་བྱ་ཇི་ལྟར་བསམས་པར་ཤེས་པའི་ཏིང་ངེ་འཛིན་སོགས་སོ། །དབྱེ་ན་ཉན་ཐོས་དང་སངས་རྒྱས་ཀྱིས་ཏེ་གཉིས་སོ། །བདུན་པ་སོ་སོ་ཡང་དག་པར་རིག་པ་ལ་མཚན་ཉིད་ནི། མིང་དོན་གྱི་མཚན་ཉིད་རབ་དབྱེ་དང་བཅས་པ་ལ་ཐོགས་མེད་དུ་འཇུག་པའི་ཏིང་ངེ་འཛིན་སོགས་སོ། །དབྱེ་ན་ཆོས་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་དང་བཞི་སྟེ། ཀུན་བྱང་གི་ཆོས་རྣམས་ཀྱི་མིང་གི་རྣམ་གྲངས་དང་། ཆོས་རྣམས་ཀྱི་མཚན་ཉིད་དང་། དགོངས་པའི་དོན་དང་། འཇིག་རྟེན་དང་། བསྟན་བཅོས་ཀྱི་ངེས་ཚིག་དང་། ཆོས་རྣམས་ཀྱི་རབ་དབྱེ་ཐོགས་མེད་དུ་འཇུག་པའི་ཏིང་ངེ་འཛིན་སོགས་སོ། །བརྒྱད་པ་མངོན་ཤེས་ལ་མཚན་ཉིད་ནི། བསམ་གཏན་ལ་བརྟེན་ནས་ལྐོག་གྱུར་གྱི་ཆོས་ཅན་མངོན་སུམ་དུ་ཤེས་པའི་ཏིང་ངེ་འཛིན་སོགས་སོ། །

དབྱེ་ན་དྲུག་ལས། ཀུན་བཏུས་རྩ་བའི་ནང་། རྫུ་འཕྲུལ་གྱི་མངོན་ཤེས། ལྷའི་རྣ་བའི་མངོན་ཤེས། སེམས་ཀྱི་རྣམ་གྲངས་མངོན་ཤེས། སྔོན་གནས་རྗེས་དྲན་གྱི་མངོན་ཤེས། འཆི་འཕོ་དང་སྐྱེ་བ་མངོན་ཤེས། ཟག་ཟད་མངོན་ཤེས་དང་བཅས་དྲུག་དངོས་བསྟན་ལ་གསུངས། འདིར་ལྷའི་མིག་གི་མངོན་ཤེས་གསུངས། འོན་ཀྱང་དེ་ནི་འཆི་འཕོ་བ་དང་སྐྱེ་བ་མངོན་ཤེས་ཀྱི་དོད་སྙམ། རྫུ་འཕྲུལ་གྱི་མངོན་ཤེས་ནི། བསམ་གཏན་ལ་བརྟེན་ནས་རྫུ་འཕྲུལ་གྱི་བྱ་བ་དུ་མ་མངོན་པར་ཤེས་པའི་ཏིང་ངེ་འཛིན་སོགས་སོ། །ལྷའི་རྣ་བའི་མངོན་ཤེས་ནི། དེ་ལ་བརྟེན་ནས་ལྐོག་གྱུར་གྱི་སྒྲ་ཕྲ་རགས་དུ་མ་ཐོས་པའི་སྒོམ་བྱུང་གི་ཡོན་ཏན། ལྷའི་མིག་གི་ནི། དེ་ལ་བརྟེན་ནས་རང་གཞན་གྱི་འཆི་འཕོ་བ་དང་སྐྱེ་བའམ་ལྐོག་གྱུར་གྱི་གཟུགས་ཕྲ་རགས་དུ་མ་མཐོང་བའི་སྒོམ་བྱུང་གི་ཡོན་ཏན། གཞན་སེམས་ཤེས་པ་ནི། དེ་ལ་བརྟེན་ནས་གཞན་སེམས་ཀྱི་རྒྱུ་བ་དུ་མ་ཤེས་པའི་ཏིང་ངེ་འཛིན་སོགས་སོ། །

སྔོན་གྱི་གནས་རྗེས་སུ་དྲན་པའི་ནི། དེ་ལ་བརྟེན་ནས་རང་གཞན་གྱི་སྔོན་གྱི་ཚེ་རབས་རྒྱུད་པ་དུ་མ་ཤེས་པའི་ཏིང་ངེ་འཛིན་སོགས་སོ། །༼ད་དུང་ཟག་ཟད་མངོན་ཤེས་ཀྱི་མཚན་ཉིད་ཆད།༽དགུ་པ་མཚན་དང་དཔེ་བྱད་ནི། གདུལ་བྱས་ལྟ་བས་ཆོག་མི་ཤེས་པའི་སྐུ་སྟོན་པའི་ཏིང་ངེ་འཛིན་སོགས་སོ། །དབྱེ་ན་མཚན་སོ་གཉིས་དང་། དཔེ་བྱད་བརྒྱད་ཅུ་སྟེ་གཞན་དུ་ཤེས་སོ། །བཅུ་པ་ཡོངས་སུ་དག་པ་ལ་མཚན་ཉིད། གནས་དང་དམིགས་པ་སོགས་འདོད་རྒུར་དབང་བསྒྱུར་བའི་ཏིང་ངེ་འཛིན་སོགས་སོ། །དབྱེ་ན་བཞི་ལས། གནས་ཡོངས་སུ་དག་པ་ནི། སྐྱེ་འཆི་གནས་གསུམ་ལ་དབང་བྱེད་པའི་ཏིང་ངེ་འཛིན་སོགས་སོ། །དམིགས་པ་ཡོངས་སུ་དག་པ་ནི། སྤྲུལ་བསྒྱུར་ལ་དབང་འབྱོར་བའི་ཏིང་ངེ་འཛིན་སོགས་སོ། །ཐུགས་ཡོངས་སུ་དག་པ་ནི། ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་དབང་བསྒྱུར་པའི་ཏིང་ངེ་འཛིན་སོགས་སོ། །མཁྱེན་པ་ཡོངས་སུ་དག་པ་ནི། གཟུངས་ཀྱི་སྒོ་དུ་མ་ལ་དབང་བསྒྱུར་བའི་ཏིང་ངེ་འཛིན་སོགས་སོ། །

བཅུ་གཅིག་པ་སྟོབས་ལ་མཚན་ཉིད་ནི། གདུལ་བྱ་ལ་མངོན་མཐོ་ངེས་ལེགས་ཀྱི་ལམ་སྟོན་པ་ལ་ཆགས་ཐོགས་མེད་པའི་ཏིང་ངེ་འཛིན་སོགས་སོ། །དབྱེ་ན་བཅུ་ལས། ཀུན་བཏུས་རྩ་བའི་ནང་དངོས་བསྟན་ལ་སྟོབས་གཉིས་གསུངས། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ནི། རྒྱུ་འབྲས་ཀྱི་འབྲེལ་བ་ལ་ཆགས་ཐོགས་མེད་པར་འཇུག་པའི་ཏིང་ངེ་འཛིན་སོགས་སོ། །ལས་བདག་གིར་བྱ་བ་མཁྱེན་པ་ནི། ལས་འབྲས་ཀྱི་འབྲེལ་བ་ལ་ཆགས་ཐོགས་མེད་པར་འཇུག་པ་སོགས་སོ། །བསམ་གཏན་དང་རྣམ་ཐར་སོགས་མཁྱེན་པ་ནི། བསམ་གཏན་དང་རྣམ་ཐར་སོགས་ཀྱི་རོ་མྱང་ངེས་འབྱུང་སོགས། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་ནི། གདུལ་བྱའི་དད་སོགས་དབང་པོ་མཆོག་དམན་ལ། མོས་པ་སྣ་ཚོགས་པ་མཁྱེན་པ་ནི། གདུལ་བྱའི་བསམ་སྦྱོར་གྱིས་མོས་པ་མཐའ་ཡས་པ་ལ། ཀུན་ཏུ་འགྲོ་བ་མཁྱེན་པ་ནི། འཁོར་འདས་ཀྱི་ལམ་ཀུན་ལ་མངོན་གནས་རྗེས་སུ་དྲན་པ་དང་། འཆི་འཕོ་དང་སྐྱེ་བ་མཁྱེན་པ་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་ནི་མངོན་ཤེས་ལྟར་རོ། །རྣམ་པ་ཆགས་ཐོགས་མེད་པར་འཇུག་པ་ནི་བྱེ་བྲག་གོ །བཅུ་གཉིས་པ་མི་འཇིགས་པ་ལ་མཚན་ཉིད་ནི། དོན་གཉིས་མཐར་ཕྱིན་པར་ཞལ་གྱིས་བཞེས་པ་ལ་བསྙེངས་པ་མི་མངའ་བའི་ཏིང་ངེ་འཛིན་དང་ཤེས་རབ་སོགས་སོ། །

དབྱེ་ན་བཞི་ལས། མངོན་པར་བྱང་ཆུབ་པ་ལ་མི་འཇིགས་པ་ནི། རང་དོན་རྟོགས་པ་མཐར་ཕྱིན་པར་ཞལ་གྱིས་འཆེས་པ་ལ་བསྙེངས་པ་མི་མངའ་བ་སོགས་སོ། །

ཟག་པ་ཟད་པ་ལ་མི་འཇིགས་པ་ནི། རང་དོན་སྤངས་པ་མཐར་ཕྱིན་པར་ཞལ་གྱིས་འཆེས་པ་ལ། བར་ཆད་ཀྱི་ཆོས་ལ་མི་འཇིགས་པ་ནི། གཞན་དོན་སྤང་བྱའི་རྣམ་པ་ཐམས་ཅད་སྟོན་པར་ཞལ་གྱིས་འཆེས་པ་ལ། ངེས་འབྱིན་གྱི་ལམ་ལ་མི་འཇིགས་པ་ནི། གཞན་དོན་ལམ་གྱི་རྣམ་པ་ཐམས་ཅད་སྟོན་པར་ཞལ་གྱིས་འཆེས་པ་ལ་བསྙེངས་པ་མི་མངའ་བ་སོགས་སོ། །བཅུ་གསུམ་པ་དྲན་པ་ཉེར་བཞག་ལ་མཚན་ཉིད་ནི། མཆོག་དམན་གྱི་འཁོར་ལ་ཆགས་སྡང་མེད་པར་ཚོགས་ཡོངས་སུ་བསྡུས་པའི་ཏིང་ངེ་འཛིན་སོགས་སོ། །

དབྱེ་ན་གསུམ་མོ། །བཅུ་བཞི་པ་སྲུང་བ་མེད་པ་ལ་མཚན་ཉིད་ནི། རང་གི་སྒོ་གསུམ་ཡོངས་སུ་དག་པས་འཁོར་གྱི་ནང་དུ་བག་ཚ་བ་མེད་པར་གདམས་པ་དང་རྗེས་སུ་བསྟན་པ་ལ་འཇུག་པའི་ཏིང་ངེ་འཛིན་སོགས་སོ། །དབྱེ་ན་གསུམ་མོ། །བ ཅོ་ལྔ་པ་བསྙེལ་བ་མི་མངའ་བ་ནི། གདུལ་བྱའི་དོན་དུས་ལས་མི་ཡོལ་བའི་ཏིང་ངེ་འཛིན་སོགས་སོ། །བཅུ་དྲུག་པ་བག་ཆགས་ལེགས་པར་བཅོམ་པ་ནི། སྒོ་གསུམ་གྱི་གནས་ངན་ལེན་གྱི་གཡོ་བ་ཅུང་ཟད་ཀྱང་མི་འབྱུང་བའི་ཏིང་ངེ་འཛིན་སོགས་སོ། །བཅུ་བདུན་པ་ཐུགས་རྗེ་ཆེན་པོ་ནི། སྡུག་བསྔལ་གསུམ་གྱིས་གདུངས་པའི་སེམས་ཅན་རྣམས་ལ་རྒྱུན་མི་འཆད་དུ་གཟིགས་པའི་ཏིང་ངེ་འཛིན་སོགས་སོ། །

བཅོ་བརྒྱད་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི། ཉན་རང་སོགས་ལས་ཁྱད་པར་དུ་འཕགས་པར་མཚོན་པར་བྱེད་པའི་ཏིང་ངེ་འཛིན་ཐུབ་པའི་ཐུན་མོང་མ་ཡིན་པའི་ཡོན་ཏན་ནོ། །དབྱེ་ན་སྤྱོད་པས་བསྡུས་པ་དྲུག རྟོགས་པས་བསྡུས་པ་དྲུག ཕྲིན་ལས་ཀྱིས་བསྡུས་པ་གསུམ། ཡེ་ཤེས་ཀྱིས་བསྡུས་པ་གསུམ་སྟེ་བཅོ་བརྒྱད་དོ། །བཅུ་དགུ་པ་རྣམ་པ་ཐམས་ཅད་མཁྱེན་པ་ནི། གདུལ་བྱའི་བསམ་པ་ཇི་ལྟ་བར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ཡོན་ཏན་འདི་དག་ནི་བསྡུ་ན་སྔོན་རང་གི་བྱ་བ་ལ་ཉེ་བར་གནས་པ་དང་། གནས་པ་ལས་གྱུར་པ་གཉིས་ཡིན་ནོ། །དང་པོ་རྗེས་ཐོབ་ཀུན་རྫོབ་ཤེས་པའི་རང་བཞིན། གཉིས་པ་ནི་མཉམ་གཞག་དོན་དམ་ཤེས་པའི་རང་བཞིན་ནོ། །

བཞི་པ་གཞན་དོན་འབེལ་བའི་གཏམ་རྣམ་པར་ངེས་པ་ལ་བདུན་ལས། དང་པོ་དོན་རྣམ་པར་ངེས་པ་ནི། ཤེས་བྱའི་དངོས་པོ་མཐར་ཐུག་པར་གཏན་ལ་འབེབས་པའི་ཐབས་སོ། །དབྱེ་ན་ངོ་བོ། རྒྱུ། འབྲས་བུ། ལས། ལྡན་པ། འཇུག་པ་དང་དྲུག་གོ །གཉིས་པ་རྣམ་པར་བཤད་པ་རྣམ་པར་ངེས་པ་ནི། གང་གིས་མདོ་སྡེ་རྣམས་ཡང་དག་པར་འཆད་པ་བྱེད་པའི་ཐབས། དབྱེ་ན་དོན་གྱི་སྒོ་ནས་ཡོངས་སུ་ཤེས་བྱའི་དངོས་པོ་ལ་སོགས་པ་དྲུག་གོ །ཚིག་གི་སྒོ་ནས་རྣམ་པར་བཤད་པའི་སྒོ་བཅུ་བཞི་རྣམས་སོ། །

གསུམ་པ་རབ་ཏུ་ཕྱེ་ནས་ཀུན་ཏུ་བསྟན་པ་རྣམ་པར་ངེས་པ་ནི། ཤེས་བྱའི་དངོས་པོ་རྣམས་མུ་བཞི་ལ་སོགས་པར་ཕྱེ་ནས་གཏན་ལ་འབེབས་པའོ། །བཞི་པ་འདྲི་བ་རྣམ་པར་ངེས་པ་ནི། རྣམ་དབྱེ་བདུན་གྱི་སྒོ་ནས་དྲི་བ་བཀོད་དེ་ཤེས་བྱའི་དངོས་པོ་གཏན་ལ་འབེབས་པའོ། །

ལྔ་པ་བསྡུ་བ་རྣམ་པར་ངེས་པ་ནི། བྱ་བ་བསྒྲུབ་པ་ལ་སོགས་པའི་གནས་བཅུ་གཏན་ལ་འབེབས་པའོ། །དྲུག་པ་སྨྲ་བ་རྣམ་པར་ངེས་པ་ནི། རྒོལ་ཕྱིར་རྒོལ་གྱི་རྩོད་ཚུལ་གཏན་ལ་འབེབས་པའོ། །

བདུན་པ་ལྡེམ་པོར་དགོངས་པ་རྣམ་པར་ངེས་པ་ནི། བརྗོད་པ་ཟབ་མོའི་མདོ་སྡེའི་དགོངས་པ་གཏན་ལ་འབེབས་པའོ། །དེ་ལྟར་ན་ཚུལ་འདིས་ཐར་པ་འདོད་པ་རྣམས་ཀྱིས་ཤེས་པར་བྱ་བའི་དངོས་པོ་མ་ལུས་པའི་མཚན་ཉིད་དང་། རབ་དབྱེ་མདོར་བསྡུས་པ་བསྟན་པ་ཡིན་ནོ། །འདི་ན་ཐོས་ལ་མི་འདུན་བསམ་ལ་གཡེལ། །སྒྲུབ་ལ་མི་བརྩོན་ཚེ་འདི་ཁོ་ནའི་ཕྱིར། །སྒྲོས་ངན་ཚིག་ལ་ལྷུར་ལེན་མང་ན་ཡང་། །མཁས་པའི་མདུན་སར་ཕྱིན་པ་འགའ་མ་མཐོང་། །གང་དག་ཚིག་རྗེས་མི་འབྲང་དོན་ལྷུར་ལེན། །རིགས་པའི་རྗེས་འཇུག་ཀུན་ཤེས་བསམ་པ་ཅན། །ལེགས་བཤད་བསྟན་པའི་སྣོད་གྱུར་ཉན་པོ་ནི། །ཨུ་དུམ་ཝ་རའི་མེ་ཏོག་བཞིན་དུ་དཀོན། །དེ་ཕྱིར་ཁོ་བོའི་ལེགས་བཤད་ནོར་བུའི་ཕྲེང་། །གཞན་ཕྱིར་སྤེལ་ཡང་གཞན་ལ་ཕན་པར་དཀའ། །དེ་ལྟ་ན་ཡང་ལྷག་བསམ་དག་པའི་མཐུས། །གཞན་ལ་ཕན་པའི་བསམ་པས་ངས་འདི་བྱས། །དེ་ལས་བྱུང་བའི་དགེ་བ་སྟོན་ཀ་ཡི། །ཟླ་བའི་འོད་ལྟར་རབ་དཀར་དྲི་མེད་དེས། །འགྲོ་བ་ཀུན་གྱི་ཉོན་མོངས་གདུང་བསལ་ནས། །ཐུབ་བསྟན་ཀུན་དའི་ཚལ་རབ་རྒྱས་བྱེད་ཤོག །

དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་སྙིང་པོ་ལེགས་བཤད་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི་ནི། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པ་དཔལ་ལྡན་བླ་མ་དམ་པ་མཁན་ཆེན་གྲགས་པ་རྒྱལ་མཚན་པའི་གསུང་གིས་བསྐུལ་ཞིང་། སློབ་དཔོན་དབོན་པོ་བྱང་ཆུབ་རྒྱལ་པོ་ལ་སོགས་པ་བློ་གསལ་ཞིང་དོན་དུ་གཉེར་བའི་བཤེས་གཉེན་འགས་ཀྱང་གསོལ་བ་བཏབ་པའི་ངོར། མཚུངས་པ་མེད་པ་ཆོས་ཀྱི་རྗེ་སྐད་གཉིས་སྨྲ་བའི་དབང་པོ་དཔལ་ལྡན་བྱང་ཆུབ་རྩེ་མོ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་བཀའ་དྲིན་ལས་ཐེག་པ་ཆེ་ཆུང་གི་མངོན་པའི་སྡེ་སྣོད་རྣམས་ལ་བློའི་སྣང་བ་ཆེར་ཐོབ་པ་ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས། མཁས་གྲུབ་བར་མ་ཆད་པར་བྱོན་པའི་གནས་དཔལ་ཨེའི་གཙུག་ལག་ཁང་དུ་སྦྱར་བའོ། །འདིས་བསྟན་པ་དང་འགྲོ་བ་དུ་མ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །།

༼བརྒྱུད་པ་ནི།༽ ཐོགས་མེད་དབྱིག་གཉེན་བློ་བརྟན་གང་པ་སྤེལ། །ཛི་ན་མི་ཏྲ་ཀ་ཅོག་ཞང་གསུམ་དང་། །ལྷ་དཔལ་རྡོ་རྗེ་རྒྱལ་བའི་ཡེ་ཤེས་ཏེ། །ཀུན་བཏུས་བརྒྱུད་པའི་བླ་མ་ལ་ཕྱག་འཚལ། །གྲུ་མཆོག་ཡེ་ཤེས་གཞོན་ནུ་དབང་ཕྱུག་དང་། །ཡོན་ཏན་གཡུང་དྲུང་བརྩོན་འགྲུས་གཡུང་དྲུང་དང་། །རྭ་རྒྱལ་ལི་གསུམ་དར་མ་སྙིང་པོ་སྟེ། །ཀུན་བཏུས་བརྒྱུད་པའི་བླ་མ་ལ་ཕྱག་འཚལ། །ཡེ་འབྱུང་འབན་དང་ཐོ་དང་སྟོན་སྐྱབས་དང་། །འཇད་པ་གཞོན་བྱང་འབྲིང་མཚམས་ཞང་དང་ནི། །བོ་དོང་རིན་རྩེ་སྟག་སྡེ་སེང་རྒྱལ་ཏེ། །ཀུན་བཏུས་བརྒྱུད་པའི་བླ་མ་ལ་ཕྱག་འཚལ ། །སྒྲ་བསྒྱུར་པཎ་ཆེན་བློ་གྲོས་བརྟན་པ་དང་། །སྐད་གཉིས་སྨྲ་བ་བྱང་ཆུབ་རྩེ་མོ་དང་། །མཉམ་མེད་སེམས་པ་གཞོན་ནུ་བློ་གྲོས་ཏེ། །ཀུན་བཏུས་བརྒྱུད་པའི་བླ་མ་ལ་ཕྱག་འཚལ། །འདི་བྲིས་དགེ་བས་ཚེ་རིང་ནད་མེད་དཔལ་འབྱོར་ཆོས་འཕེལ་ཤོག །


previousདམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་སྙིང་པོ་ལེགས་བཤད་ནོར་བུའི་ཕྲེང་བ།no next