Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
བཀའ་བརྒྱུད་གོང་མར་གསོལ་བ་འདེབས་པ་སྦྲང་ཆར་ཟིམ་བུ་མ།།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
no previousབཀའ་བརྒྱུད་གོང་མར་གསོལ་བ་འདེབས་པ་སྦྲང་ཆར་ཟིམ་བུ་མ།། next

བཀའ་བརྒྱུད་གོང་མར་གསོལ་བ་འདེབས་པ་སྦྲང་ཆར་ཟིམ་བུ་མ།།

དཔལ་ཕག་མོ་གྲུ་པའི་ཞབས་ལ་འདུད། །དེང་སང་དུས་ཀྱི་རྡོ་རྗེ་གདན། །འབྲི་སེ་བ་བྱང་ཆུབ་ཀྱི་གླིང་གོང་ན། །ཡབ་འཇིག་རྟེན་མགོན་པོའི་ཞལ་སྔ་ནས། །ངེད་བུ་སློབ་རྣམས་ལ་འདི་སྐད་གསུངས། །ཇི་ལྟར་བུང་བ་མཁས་པ་ཡིས། །མེ་ཏོག་པདྨའི་རིགས་ཤེས་ནས། །ཕྱི་མེ་ཏོག་གི་མདངས་ལ་མ་གནོད་པར། །ནང་སྦྲང་རྩི་བླངས་ནས་མཁའ་ལ་འཕུར། །དེ་བཞིན་ཐུབ་པའི་སྲས་རྣམས་ཀྱིས། །འགྲོ་བའི་ལུས་ངག་ཡིད་གསུམ་ལ། །ཉེས་པའི་སྐྱོན་རྣམས་མ་གཟིགས་པར། །ཡོན་ཏན་མཐོང་ནས་རྣམ་པར་གྲོལ། །རི་ཁྲོད་དང་གངས་ཁྲོད་འགྲིམ་པ་ཚོ། །བདག་རྐྱེན་དང་གཞན་རྐྱེན་གང་གིས་ཀྱང༌། །ཐུགས་སྐྱོ་བ་བྱུང་ན་གླུ་འདི་ལོངས། །དཔལ་ཆོས་དབྱིངས་ཀྱི་ནམ་མཁའ་ཡངས་པ་ལ། །ཆོས་མཐའ་དབུས་མེད་པར་ཀུན་ལ་ཁྱབ། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ཡང་ཡང་དྲན། །སེམས་རྩེ་གཅིག་གདུངས་བས་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཤར་ཟ་ཧོར་ཡུལ་དུ་ལྷོ་སྤྲིན་འཐིབས། །བྱིན་རླབས་བན་མ་བུན་མ་བྱུང༌། །ཏིལླི་ཤེས་རབ་བཟང་པོ་ཡང་ཡང་དྲན། །སེམས་རྩེ་གཅིག་གདུངས་པས་གསོལ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །བྱང་པུཥྤ་ཧ་རིར་གློག་དམར་འཁྱུག །ཆོས་ཕྱིར་དཀའ་བ་བཅུ་གཉིས་སྤྱད། །མཁས་པ་ནཱ་རོ་པཎ་ཆེན་ཡང་ཡང་དྲན། །སེམས་རྩེ་གཅིག་གདུངས་པས་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ལྷོ་གྲོ་བོ་ལུང་དུ་གཡུ་འབྲུག་ལྡིར། །སྙན་བརྒྱུད་ཀྱི་གདམས་པ་བོད་ལ་བསྒྱུར། །སྒྲ་བསྒྱུར་མར་པ་ལོ་ཙཱ་ཡང་ཡང་དྲན། །སེམས་རྩེ་གཅིག་གདུངས་པས་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །འབྲོག་ལ་ཕྱི་གངས་ལ་སྦྲང་ཆར་བབས། །སྙན་བརྒྱུད་ཀྱི་གདམས་ངག་མཚོ་ལྟར་འཁྱིལ། །དཔལ་བཞད་པ་རྡོ་རྗེ་ཡང་ཡང་དྲན། །སེམས་རྩེ་གཅིག་གདུངས་པས་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཤར་དྭགས་ལྷ་སྒམ་པོར་དོག་ས་བརླན། །འོད་གསལ་གྱི་ཆབ་ལ་རྒྱུན་ཆད་མེད། །རྗེ་སྨན་པའི་རྒྱལ་པོ་ཡང་ཡང་དྲན། །སེམས་རྩེ་གཅིག་གདུངས་པས་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །དཔལ་ཕག་མོ་གྲུ་རུ་མྱུ་གུ་འཁྲུངས།། ཟབ་མོ་གསང་སྔགས་ཀྱི་གཏེར་ཁ་བྱེ། །རྗེ་རང་བྱུང་སངས་རྒྱས་ཡང་ཡང་དྲན། །སེམས་རྩེ་གཅིག་གདུངས་པས་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །བྱང་འབྲི་གུང་གི་ཕྱོགས་སུ་འབྲས་དྲུག་སྨིན། །འབྲས་དྲུག་གིས་འགྲོ་དྲུག་ཡོངས་ལ་ཁྱབ། །དྲིན་ཅན་ཆོས་རྗེ་ཁུ་དབོན་ཡང་ཡང་དྲན། །སེམས་རྩེ་གཅིག་གདུངས་པས་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཞེས་ཆར་འབེབས་དུས་ཞུས། རྟེན་འབྲེལ་གྱི་ལོ་ཏོག་ཕུན་སུམ་ཚོགས་པ་སྨིན་པའི་རྒྱུ་རྐྱེན་གང་དགོས་ཀྱི་དཔེར་སྦྱར་ནས་བཀའ་བརྒྱུད་གོང་མར་གསོལ་བ་འདེབས་པ་སྦྲང་ཆར་ཟིམ་བུ་མར་གྲགས་པ། བདུད་རྩི་ཞིག་པོར་གནང་ནས་དབྱངས་སུ་གྱེར་བཅུག་པར་བཤད།།


no previousབཀའ་བརྒྱུད་གོང་མར་གསོལ་བ་འདེབས་པ་སྦྲང་ཆར་ཟིམ་བུ་མ།། next