Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
ཕྱག་རྒྱ་ཆེན་པོ་ལྔ་ལྡན་རྟོགས་པའི་མགུར།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousཕྱག་རྒྱ་ཆེན་པོ་ལྔ་ལྡན་རྟོགས་པའི་མགུར། next

ཕྱག་རྒྱ་ཆེན་པོ་ལྔ་ལྡན་རྟོགས་པའི་མགུར།

དཔལ་ཕག་མོ་གྲུ་པའི་ཞབས་ལ་འདུད། །བྱམས་དང་སྙིང་རྗེ་རྟ་ཕོ་ལ། །གཞན་ཕན་གྱི་དཀྱུས་ཐོག་མ་བཅད་ན། །ཁྲོམ་ལྷ་མིའི་འོར་ཆེ་མི་འབྱུང་བས། །སེམས་སྔོན་འགྲོ་འདི་ལ་ནན་ཏན་མཛོད། །རང་ལུས་ལྷ་སྐུའི་རྒྱལ་པོ་ལ། །གཞི་འགྱུར་མེད་ཀྱི་བརྟན་ས་མ་ཟིན་ན། །མ་མཁའ་འགྲོའི་འཁོར་འབངས་མི་འདུ་བས། །ལུས་ཡི་དམ་གྱི་ལྷ་ལ་ནན་ཏན་མཛོད། །བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབྱུང་བས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །སེམས་ཉིད་ཀྱི་ནམ་མཁའ་ཡངས་པ་ལ།། རྣམ་རྟོག་གི་སྤྲིན་ཚོགས་མ་དེངས་ན། །མཁྱེན་གཉིས་ཀྱི་གཟའ་སྐར་མི་བཀྲ་བས། །སེམས་མི་རྟོག་འདི་ལ་ནན་ཏན་མཛོད།། ཚོགས་གཉིས་ཡིད་བཞིན་ནོར་བུ་ལ། །སྨོན་ལམ་གྱིས་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་འབྲས་བུ་མི་འབྱུང་བས། །རྗེས་བསྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་ཕྱག་ཆེན་ལྔ་ལྡན་གྱི་རྟོགས་མགུར་བྱ་བ་སྐྱོབ་པ་ཉིད་ཀྱིས་མཛད། ༈ དཔལ་ཕག་མོ་གྲུ་པའི་ཞབས་ལ་འདུད། །དཔལ་ཕག་མོ་གྲུ་པའི་བཀའ་དྲིན་གྱིས། །མི་བདག་ལ་བདེ་བའི་ཉམས་ཤིག་ཤར། །བྱང་ཆུབ་ཀྱི་སེམས་ལ་གདེང་ཞིག་ཐོབ། །ཆོས་ལྟ་བ་དང་སྒོམ་པ་སྤྱོད་པ་གསུམ། །གཅིག་ཏུ་རྟོགས་པའི་རྣལ་འབྱོར་ལ། །ཐུན་མཚམས་ཀྱི་དགེ་སྦྱོར་བྱ་རྒྱུ་མེད། །བདག་བྱར་མེད་ཀྱི་རྣལ་འབྱོར་བློ་རེ་བདེ། །བློ་བདེ་བའི་རྣལ་འབྱོར་ཉམས་རེ་དགའ། །ཉམས་དགའ་བ་བླ་མའི་བཀའ་དྲིན་ཡིན། །བླ་མ་དང་རང་སེམས་སངས་རྒྱས་གསུམ། །གཅིག་ཏུ་རྟོགས་པའི་རྣལ་འབྱོར་ལ། །བཅོས་མའི་མོས་གུས་བྱ་རྒྱུ་མེད། །བདག་བྱར་མེད་ཀྱི་རྣལ་འབྱོར་བློ་རེ་བདེ། །བློ་བདེ་བའི་རྣལ་འབྱོར་ཉམས་རེ་དགའ། །ཉམས་དགའ་བ་བླ་མའི་བཀའ་དྲིན་ཡིན། །ཕ་མ་དང་ཡི་དམ་འགྲོ་དྲུག་གསུམ། །གཅིག་ཏུ་རྟོགས་པའི་རྣལ་འབྱོར་ལ། །གཞན་ཕན་གྱི་འགྲོ་དོན་བྱ་རྒྱུ་མེད། །བདག་བྱར་མེད་ཀྱི་རྣལ་འབྱོར་བློ་རེ་བདེ། །བློ་བདེ་བའི་རྣལ་འབྱོར་ཉམས་རེ་དགའ། །ཉམས་དགའ་བ་བླ་མའི་བཀའ་དྲིན་ཡིན། །བཀའ་དང་རྒྱུད་སྡེ་བསྟན་བཅོས་གསུམ། །གཅིག་ཏུ་རྟོགས་པའི་རྣལ་འབྱོར་ལ། །ཡིག་ནག་གི་དཔེ་ཆ་བྱ་རྒྱུ་མེད། །བདག་བྱར་མེད་ཀྱི་རྣལ་འབྱོར་བློ་རེ་བདེ། །བློ་བདེ་བའི་རྣལ་འབྱོར་ཉམས་རེ་དགའ། །ཉམས་དགའ་བ་བླ་མའི་བཀའ་དྲིན་ཡིན། །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །གཅིག་ཏུ་རྟོགས་པའི་རྣལ་འབྱོར་ལ། །འཆི་ཁའི་མཚམས་སྦྱོར་བྱ་རྒྱུ་མེད། །བདག་བྱར་མེད་ཀྱི་རྣལ་འབྱོར་བློ་རེ་བདེ། །བློ་བདེ་བའི་རྣལ་འབྱོར་ཉམས་རེ་དགའ། །ཉམས་དགའ་བ་བླ་མའི་བཀའ་དྲིན་ཡིན། །ཉིན་མཚན་དུས་དྲུག་ཐམས་ཅད་དུ། །མོས་གུས་གདུང་ཤུགས་དྲག་པོ་ཡིས། །མཚན་ལྡན་རྗེ་དང་འབྲལ་མ་མྱོང༌། །བདག་འབྲལ་མེད་ཀྱི་རྣལ་འབྱོར་བློ་རེ་བདེ། །བློ་བདེ་བའི་རྣལ་འབྱོར་ཉམས་རེ་དགའ། །ཉམས་དགའ་བ་བླ་མའི་བཀའ་དྲིན་ཡིན། །བདེ་མོ་དྲུག་གི་དབྱངས་ཆུང་འདི། །དཔལ་སྟག་ལུང་ཐང་པའི་སྙན་དུ་འབུལ། །བླ་མ་བསྟེན་ཡུན་ཐུང་སྙམ་བདག་ལ་མེད། །གདམས་ངག་གནང་ཞེས་བྱ་བ་ཐུགས་ལ་བཏགས། །ཞེས་བདེ་མོ་དྲུག་གི་མགུར་བྱ་བ། བྱང་ནམ་རིའི་བླག་མོར་བཞུགས་དུས། དཔལ་སྟག་ལུང་ཐང་པ་ལ་གསུངས་པའོ།།

དཔལ་ཕག་མོ་གྲུ་པའི་ཞབས་ལ་འདུད། །དཔལ་ཕག་མོ་གྲུ་པའི་བཀའ་དྲིན་གྱིས། །རང་གི་སེམས་ལ་ངེས་ཤེས་སྐྱེས། །བྱང་ཆུབ་ཀྱི་སེམས་ལ་གདེང་ཞིག་ཐོབ། །བདག་རྣལ་འབྱོར་པ་རི་ཁྲོད་ཀྱི་དགོན་པར་འགྲིམ། །ང་ལ་ཉམས་རྟོགས་ཤིག་ཡོད་པ་ཆོས་སྐད་དུ་སོང༌། །སྣོད་ལྡན་གྱི་སློབ་མ་དམ་པ་ལ། །ཉམས་དང་རྟོགས་པ་དཀའ་མོར་གདའ། །བདག་རྣལ་འབྱོར་པ་རི་ཁྲོད་ཀྱི་དགོན་པར་འགྲིམ། །ང་ལ་ཡོན་ཏན་ཞིག་ཡོད་པ་ཟང་ཟིང་དུ་སོང༌། །ཀ་ཅ་འདི་ཆགས་སྡང་སྐྱེ་བའི་རྒྱུ། །བདུད་ཀྱི་ཕྱེ་གཏོར་འགམས་པས་ཕུང༌། །བདག་རྣལ་འབྱོར་པ་རི་ཁྲོད་ཀྱི་དགོན་པར་འགྲིམ། །ང་ལ་ཉེ་གནས་ཤིག་ཡོད་པ་ཡ་བོར་སོང༌།། ཕྱིར་འཁྲིད་ཀྱི་གྲོགས་ངན་དགོས་རྒྱུ་ཆུང༌། །ཆགས་སྡང་གི་སྤྱོད་པ་རྒྱུན་མི་ཆད། །བདག་རྣལ་འབྱོར་པ་རི་ཁྲོད་ཀྱི་དགོན་པར་འགྲིམ། །ང་ལ་གྲྭ་པ་ཞིག་ཡོད་པ་བེམ་པོར་སོང༌། །འདི་ཕྱིའི་དགོས་པ་བསམ་མཁན་མེད། །འཁོར་བུ་སློབ་མང་པོ་བསྐྱངས་པས་ཕུང༌། །བདག་རྣལ་འབྱོར་པ་རི་ཁྲོད་ཀྱི་དགོན་པར་འགྲིམ། །ང་ལ་སྤྱོད་ལམ་ཞིག་ཡོད་པ་ཚེ་འདིར་ཤོར། །མི་ཆོས་ཀྱི་འདུན་མ་བསྒྲུབས་བསྒྲུབས་ནས། །དད་ལྡན་གྱི་སློབ་མ་བསླུ་བསླུ་འདྲ། །བདག་རྣལ་འབྱོར་པ་རི་ཁྲོད་ཀྱི་དགོན་པར་འགྲིམ།། སྒྱུ་མའི་སྐྱེས་བུས་སྨིག་རྒྱུའི་ཆུ་ལས་བརྒལ། །ནམ་མཁའི་པདྨོ་རྨི་ལམ་བུང་བས་འཇིབས། །མོ་གཤམ་བུ་ཡིས་སྒྲ་སྙན་གླུ་དབྱངས་ལེན། །ཟང་ཟིང་སྤྲོས་པས་དོན་དམ་རྟོགས་སོ་ཞེས། །ཉམས་རྟོགས་མེད་པའི་བྱིས་པས་དེ་སྐད་ཟེར། །རང་སེམས་དྲི་མེད་དཀར་པོ་འདི། །དམ་པའི་ཆོས་དང་ཞུ་གཏུག་གྱིས། །གཉིས་སུ་མེད་པའི་རི་བོ་ལ། །བདེ་བ་ཆེན་པོའི་ནགས་ཚལ་རྒྱས། །དྲན་པ་ཡེངས་མེད་ཀྱི་རི་དྭགས་འཕྱོ། །བདེ་གསལ་མི་རྟོག་གི་རྩ་ཆུ་ཟ། །དགོན་པ་ཞིག་མཛད་ན་དེ་ན་མཛོད། །བདག་རྣལ་འབྱོར་པ་རི་ཁྲོད་ཀྱི་དགོན་པ་འགྲིམ། །ཞེས་པ་འབྲི་གུང་དུ་དགེ་འདུན་ཚོགས་པ་གཏོས་ཆེས་དྲགས་པས་ཐུགས་ཅུང་ཟད་སུན་པའི་རྣམ་པ་བྱུང་ནས་རི་ཁྲོད་མཛད་པར་བཞེད་དེ་ཚ་འུག་ཏུ་བྱོན་ནས་བཞུགས་དུས་གསུངས་པས་ཚ་འུག་རྫོང་འབྲོམ་མ་ཆེ་བར་གྲགས།།

དཔལ་ཕག་མོ་གྲུ་པའི་ཞབས་ལ་འདུད། །བྱས་ན་བྱས་ཚད་ཐབས་ཡིན་ཏེ། །མ་བྱས་བྱར་མེད་ལྷུན་གྱིས་གྲུབ། །གཉིས་སུ་མེད་ན་ཟུང་དུ་འཇུག །ལུས་ཀྱི་སྒོ་ནས་བློ་རེ་བདེ། །སྨྲས་ན་སྨྲས་ཚད་གཞན་དོན་ཚོགས། །མ་སྨྲས་སྨྲ་བརྗོད་ཡུལ་ལས་འདས། །གཉིས་སུ་མེད་ན་ཟུང་དུ་འཇུག །ངག་གི་སྒོ་ནས་བློ་རེ་བདེ། །སྐྱེས་ན་སྐྱེས་ཚད་བསོད་ནམས་ཚོགས། །མ་སྐྱེས་སྐྱེ་མེད་ཡེ་ཤེས་ཚོགས། །གཉིས་སུ་མེད་ན་ཟུང་དུ་འཇུག །ཡིད་ཀྱི་སྒོ་ནས་བློ་རེ་བདེ། །ལུས་ངག་ཡིད་གསུམ་མགུར་མ་འདི། །ཚ་འུག་དཔལ་གྱི་ནགས་ཁྲོད་དུ། །ཉམས་ལ་ཤར་ནས་བླངས་པ་ཡི། །དགེ་བས་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པ་འདི་ལ་ཆུང་བར་གྲགས་སོ།།


previousཕྱག་རྒྱ་ཆེན་པོ་ལྔ་ལྡན་རྟོགས་པའི་མགུར། next