Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
ཚོགས་བསགས་ཀྱི་དགེ་རྩ་སེམས་བསྐྱེད་ཆེ་ཆུང་གིས་འབྲས་བུ་འབྱིན་ཚུལ།།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousཚོགས་བསགས་ཀྱི་དགེ་རྩ་སེམས་བསྐྱེད་ཆེ་ཆུང་གིས་འབྲས་བུ་འབྱིན་ཚུལ།། next

ཚོགས་བསགས་ཀྱི་དགེ་རྩ་སེམས་བསྐྱེད་ཆེ་ཆུང་གིས་འབྲས་བུ་འབྱིན་ཚུལ།།

ན་མོ་རཏྣ་གུ་རུ། ཐེག་པ་ཆེན་པོ་སྙིང་རྗེས་རབ་ཏུ་ཕྱེ་བ་ཡིན་ཏེ། མེ་ཏོག་རུང་བ་བྱེད་པའི་དུས་ན་ཡང་སེམས་ཅན་ལ་བརྟགས་ལ། དེ་ནས་རུང་བ་བྱས་པ་དེ་རང་དུ་ཅུང་ཞིག་བཏིང་ལ་སེམས་ཅན་དེ་རང་དུ་དྭངས་སུ་བཅུག་ནས་འབུལ་བ་ཡིན་ཏེ། སྤྱིར་མེ་ཏོག་མཐོང་བ་དང་བླ་མ་དང་དཀོན་མཆོག་ལ་ཡིད་ཀྱིས་ཕུལ་བ་ལེགས། ཡང་རང་གིས་མེ་ཏོག་ལ་སོགས་ཀྱི་བྱ་བ་བྱས་པས་སེམས་ཅན་དང་འབྲེལ་ན་དེའི་དགེ་བ་བྱེད་དགོས་པ་ཡིན་ཏེ། དེ་ཡང་ཐེག་པ་ཆེན་པོ་གསང་སྔགས་བྱ་བ་ཚོགས་ཆེན་པོ་རྫོགས་པར་བྱེད་པ་དང་སྡིག་པ་དག་པར་བྱེད་པ་ཁོ་ན་ཡིན་ཏེ། ཚོགས་ཆེ་བ་ཡང་སྒྲུབ་ཐབས་རེ་ན་ཡང་ཡན་ལག་བདུན་པ་རེ་བཞུགས་ཏེ། ཕྱག་གཅིག་པུ་ལ་ཡང་སངས་རྒྱས་རིགས་ལྔ་ཚང་བ་དང༌། དེ་བཞིན་དུ་སྤོས་དང་མར་མེ་ལ་སོགས་ཐམས་ཅད་ལ་ཡང་དེ་ལྟར་བཤད་པས་ཚོགས་ཆེན་པོ་རྫོགས་ཏེ། དེ་ཡང་མི་ཐ་མལ་གྱི་བསམ་པས་བྱས་ན་མིའི་ཁྱད་པར་གྱི་ཆོས་སུ་འོང་ལ། འཁོར་བ་ནས་སྐྱུག་ལོག་ནས་ངེས་འབྱུང་རང་དགེ་སློང་གི་བསམ་པས་བྱས་ན་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཁྱད་ཆོས་སོ། །སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པའི་བསམ་པས་བྱས་ན་ཡང་སེམས་ཅན་ཐམས་ཅད་ཀྱི་སྨིན་གྲོལ་གྱི་རྒྱུ་འབའ་ཞིག་ཏུ་འགྲོ་ལ། དེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རེ་རེ་ཡང་དྲུག་ཏུ་ཕྱེ་བས་གོ་ཆ་སུམ་ཅུ་རྩ་དྲུག་ཏུ་འགྲོ་སྟེ། བསྔོ་བ་འཁོར་གསུམ་ཡོངས་དག་གིས་ཐེག་པ་ཆེན་པོར་འགྲོ། རང་ཉིད་ཐུགས་རྗེ་ཆེན་པོར་བྱས་ན་ཡང་དེའི་ཁྱད་པར་གྱི་ཆོས་སུ་འགྲོ་སྟེ། དེས་ན་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དེ་བསྒྲུབ་པ་ལ་གསང་སྔགས་མེད་ཀ་མེད། དེ་གཞན་གྱིས་དེ་གསུམ་མི་ཚང༌། ཡང་སྐྱེ་མེད་སྟོང་པ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་དེས་ཚོགས་བསགས་ན་ཡང་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་རྩ་བ་ཡིན་ཏེ། སེམས་ཅན་གྱི་ཁམས་དང་མཉམ་པ་ཆོས་ཀྱི་དབྱིངས་དང་མཉམ་པ་ཡིན་ཏེ། རང་ཇི་ལྟ་བ་གཞན་ཡང་དེ་བཞིན་ཏེ། བདག་ཅི་འདྲ་བ་དེ་འདྲར་ཆོས་ཀུན་ཐམས་ཅད་ཤེས། །ཞེས་པའོ། །དེ་ལྟར་རྟེན་གྱི་གང་ཟག་དེའི་འཛིན་སྟངས་ཤིག་ལ་སེམས་ཟེར་བ་ཡིན། དེས་ཁྱད་པར་དུ་བྱས་པའི་ཆོས་དེ་རྣམས་ཡིན། ཡང་སྡིག་པ་སྦྱོང་བ་ལ་གསང་སྔགས་ཁྱད་པར་དུ་འཕགས་ཏེ་སྡིག་པོ་ཆེ་ལ་འཕོ་བ་ལྟ་བུ་ཡིན་ཏེ། བསྐྱེད་རིམ་གྱི་འཕོ་བ་དང༌། རྫོགས་རིམ་འོད་གསལ་དུ་འཕོ་བ་ལྟ་བུ་ཡིན་ཏེ། རང་ཉིད་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོར་གྱུར་ནས་རང་གཞན་ཐམས་ཅད་དེ་ག་ནས་ངན་སོང་སྦྱོང་བའི་སྙིང་པོ་བརྗོད་པས་ཀྱང་བར་དོ་ན་གནས་པ་དེ་ཡང་དེ་ལྟར་འགྱུར་པ་དང༌། ཡང་རྫོགས་རིམ་ཕྱག་རྒྱ་ཆེན་པོ་དེ་བཞིན་ཉིད་དབྱེ་བ་མེད་པ་གཅིག་ཏུ་བྱས་ནས་བསྒོམས་པས་གཅིག་ཏུ་གྱུར་ནས་བར་དོར་འཚང་རྒྱ་བར་བཤད་པས། སྔགས་པ་མཐུ་བྱེད་ཀུན་གྱི་སྡིག་འདི་མི་འོང་འདི་ཀུན་ལ་བཤད་པ་མཁས་དྲགས་ན་སྤྱིར་གསང་སྔགས། སྒོས་རྣལ་འབྱོར་པ། ཡང་སྒོས་ཕྱག་རྒྱ་ཆེན་པོ་མི་ཁ་ཆེ་བས་བཞག རྒྱ་ནག་གི་མི་ཞིག་ལ་ཡིད་ལ་གནག་པ་བྲུབས་ན་འཆི་བར་འདུག་པ་དེ་བཞིན་དུ་གནས་སྤར་ན་ཡང་དེ་དང་འདྲ་མོད། དེ་ཡང་རྩ་བ་མི་རྟག་པས་དེ་ལྟར་བཏུབ་སྟེ་སྔར་དགེ་བ་དཔག་ཏུ་མེད་པ་བྱས་ཀྱང་ཁོང་ཁྲོ་བ་གཅིག་གིས་འཇོམས་ཏེ་བསྐལ་པ་སྟོང་དུ་བསགས་པ་ཞེས་སོ། །དེ་ཡང་ད་ལྟར་བསམ་པ་ལ་བལྟས་པས་དགེ་སེམས་རྒྱུན་པར་ཡོད་པ་དེ། ཞེ་སྡང་གིས་རྒྱུད་དཀྲུགས་པའི་དུས་ན་དུས་གཅིག་ལ་བཅོམ་ནས་ཕྱོགས་ན་མེད་པར་འགྲོ་བར་འདུག་པ་དེ་རང་ཡིན། ཡང་སྡིག་པ་མཚམས་མེད་ལྔ་བྱས་ཀྱང་དགེ་བས་འཇོམས་ཏེ། མཚམས་མེད་ལྔ་དང་ཉེས་པ་མང་པོ་ཡང༌། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་བགྲོད་གྱུར་པ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བསྟེན། །ཞེས་གསུངས་པས་འཇོམས། །ཡང་རྣལ་འབྱོར་བཞི་དང་ཚིགས་བཅད་མ་གསུངས་པའི་དུས་སུ་དང་པོར་རང་ལ་སྤྲོས་པ་ཐམས་ཅད་ཀྱི་མཐའ་དང་བྲལ་བ་ཞིག་ཡོད་པ་དེས་གཞན་ཐམས་ཅད་ཀྱི་སྤྲོས་པ་གཅོད་པ་ཡིན། འདི་ན་ཡོད་ཅེས་འདི་ལ་མར་སྟོན་པ་མིན། དུས་གསུམ་གྱི་སངས་རྒྱས་ཀྱི་ཆོས་སྐྱེ་མེད་སྟོང་པ་ཉིད་ཡིན་ཏེ། དེ་ལ་མཚན་ཉིད་པ་དང༌། བཀའ་གདམས་པ། ཞི་བྱེད་གསང་སྔགས་ཕྱག་རྒྱ་ཆེན་པོ་ཐམས་ཅད་ཀྱིས་ཀྱང་དེ་ཚོལ་བ་ཡིན་ཏེ། བླ་མ་རིན་པོ་ཆེའི་ཞལ་ནས་ཀྱང་ཡུལ་རྒྱ་གར་ན་གྲུབ་ཐོབ་བརྒྱད་ཅུ་ལ་སོགས་ཡོད་ཀྱང༌། སེམས་ཉིད་ཀྱི་གཤིས་སྐྱེ་མེད་སྟོང་པ་ཉིད་མཛུབ་ཚུགས་སུ་སྟོན་པ་སློབ་དཔོན་ཆེན་པོ་ཏོག་ཙེ་པ་ལས་མ་བྱུང་བ་ཡིན། བོད་ལ་གྲུབ་ཐོབ་མང་པོ་ཞིག་བྱུང་ཡང་རིན་པོ་ཆེ་སྒམ་པོ་བ་མིན་པ་མ་བྱུང་གསུང་གསུང་བར་འདུག དེ་ལ་སློབ་དཔོན་འཕགས་པས་ཁོང་གིས་བདེན་པའི་དོན་ཁོང་དུ་ཆུད་པས་རྫུན་པ་སྤྲོས་པ་ཐམས་ཅད་ཀྱི་མཐའ་བཅད་པ་སླ་བ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པའི་དོན་འགྲེལ་རྩ་བ་ཤེས་རབ་མཛད་དེ། ཕྱི་སྒྲོ་འདོགས་གཅོད་པ་ཤས་ཆེ། ནང་དོན་དུ་ཁོང་རང་གིས་སྐུ་ཉམས་སུ་བསྟར་བ་གསང་འདུས་ཀྱི་དོན་རིམ་ལྔ་ཡིན་ཏེ། སྒོམ་ཆེན་པ་ངོ་བོ་མཐོང་བ་ཞིག་གིས་བལྟས་པས་ཐམས་ཅད་སེམས་ཐོག་ཏུ་འབབ་པར་ཡོད་དེ་གོ། སློབ་དཔོན་འཕགས་པའི་འདི་ལ་སློབ་དཔོན་ཡེ་ཤེས་སྙིང་པོ་ལ་སོགས་ཀྱིས་དབུ་མ་རང་རྒྱུད་དུ་བཀྲལ། ཟླ་བ་གྲགས་པ་ལ་སོགས་ཀྱིས་ཐལ་འགྱུར་དུ་བཀྲལ། དེ་ལ་རིག་པས་སེམས་པའི་ཤེས་རབ་ཀྱིས་ཕྱི་སྣོད་ཀྱི་འཇིག་རྟེན་གཅིག་དང་དུ་བྲལ་གྱིས་འཇིག་སྟེ། ཉི་ཟེར་གྱི་རྡུལ་གཅིག་ལ་རྡུལ་ལྡན་གཅིག་དེ་བཞི་བཅུ་རྩ་དགུ་ལ་རྡུལ་ཕྲན་གཅིག་སྟེ་དེ་ཕྱོགས་ཀྱི་དབྱེ་བ་ཕྱེ་བས་དྲུག་ཏུ་འགྱུར་རོ། །ཡི་གེ་བརྒྱ་པ་ལན་བདུན་བདུན་བརྗོད་དང་ཏིང་ངེ་འཛིན་གྱི་སྒོ་མང་པོ་སྐྱེ་བ་དང༌། མྱོང་བའི་འགྲོ་ལྡོག་མང་པོ་ཞིག་ཤེས་པས་བླ་མ་ལ་དྲི་རྒྱུ་མང་པོ་བྱུང་བའི་ཆོས་ཤིག་ཡོད་དེ་དེ་གང་ཡིན་ན། རང་གི་དགེ་སྦྱོར་དེའི་སྦྱོར་བ་ནས་བཟུང་སྟེ་མ་ཡེངས་པར་རྒྱུན་ཆད་པ་མེད་པར་ཉིན་ལས་མཚན་དུ་ཞོག་དང༌། དེ་ཙམ་ན་འགྲོ་ལྡོག་མང་པོ་ཞིག་གོ་ནས་འོང་བས། དེ་མ་གོ་ན་ཚོགས་སུ་མི་མང་པོ་བླ་བོ་བྱེད་པའི་སྒྲ་ཡོད་དུས་སུ་རང་གིས་ཤི་མེད་ཀོ་མེད་དུ་བསྒོམས་ཏེ་ད་ལྟ་རང་འགྲོ་ལྡོག་ཞིག་གོ་ནས་འོང༌། ཡང་ཇ་འདྲེན་པ་དང་རང་གི་སྐྱན་ཅོག་པ་ཡང་གོ་ནས་འོང་སྟེ། བོགས་ཐོན་པ་དང་གེགས་སེལ་བ་ཐམས་ཅད་འོང༌། ནད་དང་སྡུག་བསྔལ་ཅི་བྱུང་ཡང་དེའི་ཐོག་ཏུ་མ་ཡེངས་པར་བསྒོམས་པས་འགྲོ་ལྡོག་གོ་ནས་རང་གི་དེ་མི་ལ་བྱས་པས་ཕན་པ་མང་པོ་ཞིག་འོང༌། དཔེར་ན་སྔོན་ང་ལ་ནད་མཛེ་བྱུང་བའི་དུས་སུ་བླ་མའི་བྱིན་རླབས་ཀྱིས་སྨན་པ་མ་རྙེད་དེ། ནད་ཐོག་ཏུ་སྐུར་ནས་ནད་ཐམས་ཅད་ལས་གྲོལ་ཏེ་ད་ལྟ་ཉམས་མྱོང་ཡོད་པས་མཁས། སློབ་དཔོན་བིརྺ་པ་ལ་སོགས་ཀྱིས་ཉམས་མྱོང་བྲིས་པ་ལ་བཀའ་བརྒྱུད་རིང་དུ་སོང་བས་བར་དུ་བྱིན་རླབས་མེད་པའི་ཚིག་མང་པོ་ཞིག་ཞུགས་པས་ཐོག་ཏུ་མ་ཕེབས་པ་ཡིན་ཏེ། དཔེར་ན་འགལ་རྐྱེན་གཉིས་བཞག་པ་དང་བབ་བཞག་པ་གཉིས་ཀྱིས་མི་འདྲ་བར་འགྲོ་བ་ལྟ་བུ་ཡིན། སངས་རྒྱས་ཀྱི་བཀའ་ཐམས་ཅད་ཀྱང་ཉམས་མྱོང་བྲིས་པ་ཡིན་ནོ། །དེ་རིང་རྒྱུ་འཁོར་བ་ཐོག་མ་མེད་པ་ནས་འཁྱམས་པ་ཉེ་རྒྱུ་དམྱལ་བའི་ཤིང་རྟ་འདྲེན་པར་སྐྱེས་པའི་དུས་ན་རོགས་ལ་སྙིང་རྗེ་སྐྱེས་པས་ལྷར་སྐྱེས་དེ་ནས་མིར་སྐྱེས་ཏེ། དང་པོ་སེམས་སྐྱེད་པ་ཡང་ཉམས་མྱོང་བར་དུ་གྲངས་མེད་པ་གསུམ་དུ་ཚོགས་བསགས་པ་ཡང་ཉམས་མྱོང༌། མཐའ་མ་བྱང་ཆུབ་ཀྱི་ཤིང་དྲུང་དུ་འཚང་རྒྱ་བ་ཡང་ཉམས་མྱོང་ཡིན་གསུངས།།


previousཚོགས་བསགས་ཀྱི་དགེ་རྩ་སེམས་བསྐྱེད་ཆེ་ཆུང་གིས་འབྲས་བུ་འབྱིན་ཚུལ།། next