Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
ཚུལ་ཁྲིམས་གསུམ་གྱི་དོན་འགྲེལ་བསྡུས་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousཚུལ་ཁྲིམས་གསུམ་གྱི་དོན་འགྲེལ་བསྡུས་པ།next

ཚུལ་ཁྲིམས་གསུམ་གྱི་དོན་འགྲེལ་བསྡུས་པ།

༄། །ཚུལ་ཁྲིམས་གསུམ་གྱི་དོན་འགྲེལ་བསྡུས་པ་ཤེས་རབ་སེང་གེ་ལ་གནང་བ།། ཡང་ཤེས་རབ་སེང་གེས་ཚིག་ཉུང་ལ་དོན་དུ་འདྲིལ་བ་ཞུས་པ་ལ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད། སྡོམ་པའི་ཚུལ་ཁྲིམས་གསུམ་ཡིན།

དགེ་བ་ལ་མ་ཆགས་པ། ཞེ་སྡང་མེད་པ། གཏི་མུག་མེད་པ་གསུམ་ཡིན་ཏེ། མ་ཆགས་པ་དེ་གང་ཡིན་ན། ནོར་གཏོང་བ། ཡོངས་སུ་གཏོང་བ། གཏོང་བ་ཆེན་པོ། ཚད་མེད་པའི་གཏོང་བ་ཆོས་ཀྱི་སྦྱིན་པའོ། །

ཞེ་སྡང་མེད་པ་ལ་མ་ནམ་མཁའ་དང་མཉམ་པ་རྣམས་བདེ་བ་དང་ལྡན་པ་བྱམས་པ། སྡུག་བསྔལ་དང་བྲལ་བ་སྙིང་རྗེ། བྱང་ཆུབ་ཀྱི་སེམས་ནི་མ་གྲོལ་བ་རྣམས་གྲོལ་བ་ཞེས་སེམས་བསྐྱེད་ནས་སེམས་ཅན་གྱི་དོན་བྱེད་པ་ལ་ཚེ་འདིར་སངས་རྒྱས་དགོས་པས་གསང་སྔགས་སུ་དབང་བསྐུར་ནས་བླ་མ་མཚན་ལྡན་ལས་རྟོགས་པ་སྐྱེ་དགོས་ཏེ། དེའི་སྔགས་ནི་ཞེ་སྡང་མེད་པ་ཡིན།

གཏི་མུག་མེད་པ་ཡང་ཐོས་པས་ཉོན་མོངས་པ་ངོ་ཤེས། བསམས་པས་མགོ་གནོན། བསྒོམས་པས་རྩད་ནས་སྤོང་བ་ཡིན་ནོ། དེ་ཡང་གཏི་མུག་ནི་དེ་ཁོ་ན་ཉིད་ལ་རྨོངས་པ་དང་ལས་རྒྱུ་འབྲས་ལ་རྨོངས་པ་གཉིས་ཡིན་ཏེ། བདེན་པ་མ་མཐོང་བའི་བྱ་བ་འདི་ཅི་བྱས་ཐམས་ཅད་ལོག་པའི་ལྟ་བའི་ཐབས་སུ་འགྲོ་བར་འདུག ཐོས་བསམ་པ་ལ་ཡང་དག་གི་ལྟ་བ་བདེན་པ་མ་མཐོང་བར་དུ་ཅི་ཡང་མི་ཤེས་ཏེ་བདེན་པ་མཐོང་བའི་རྒྱུ་ཁོ་ནར་འདོད་པ་ཞིག་འདུག་སྟེ་བཟང༌། དེ་ཁོ་ན་མཐོང་ཡང་ལས་རྒྱུ་འབྲས་ལ་རྨོངས།

སེམས་ཅན་དོན་བྱེད་དགེ་བསྙེན་མ་ཕུལ་དུ་བྱུང་བའི་ཕྲུ་བ་ལྟ་བུ་ཡིན་ཏེ་བྱང་སེམས་ཀྱི་རྗེས་སུ་འབྲངས་པའི་དངོས་པོ་རྒྱུ་ཆུང་ངུ་རེས་ཀྱང་རྒྱ་སེམས་ཅན་ཀྱི་ཁམས་དང་མཉམ་པ། དུས་སེམས་ཅན་འཁོར་བ་མ་སྟོངས་བར་དུ་མི་ཟད་པ་ལས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། བླ་ན་མེད་པའི་བྱང་ཆུབ་ཐོབ་པ་འབའ་ཞིག་བྱེད་དེ། ཇོ་སྲས་ཀྱང་གཡོག་བྱེད་དགོས་ཏེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་འཁོར་བཅས་དུས་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་སྙམ་པ་ལ། སེམས་ཅན་བསོད་ནམས་ཆུང་བ་དབུལ་བ་རྣམས་ཀྱི་ཚོགས་མ་རྫོགས་པས། ངས་སེམས་ཅན་ཐམས་ཅད་བླངས་ལ་བསྙེན་བཀུར་སྙམ་ནས་གླང་པོ་ལ་བཞོན། གློ་རྔ་བརྡུང་བ་དང་བུ་མོ་བྲན་མོས་རས་ཤིག་བཏིང་ནས་བོར་བ་ལ་ཁོ་དབང་པོ་རྣོ་བས། གཅེར་མོར་ཤེས་ནས་རས་བཟང་པོ་ཞིག་བསྐུར་ནས་གཉིས་པོས་སངས་རྒྱས་ལ་གསོལ་བ་དང༌། ཕྱག་བྱས་པས་སངས་རྒྱས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་བྱོན་ནས་ཞལ་ནས་འོད་སྣ་ལྔ་བཀྱེ་འཛུམ་པ་མཛད། ངན་སོང་གསུམ་དང་མི་ལས་འཕོངས་པ་ལྷ་ལས་དབུལ་བ་ཐམས་ཅད་རྒྱུན་ཆད། བྱང་ཆུབ་ཀྱི་སེམས་ཀྱང་ས་ནས་སར་འཕར་བ་དང་འཛུམ་པ་མཛད་པའི་རྒྱུ་དྲིས་པས། བུ་མོ་འཚང་རྒྱ་བར་ལུང་བསྟན་ཏེ་ས་བརྒྱད་ཐོབ་པ་ལྟ་བུ།

ཡང་དང་པོ་སེམས་ཅན་མ་གྲོལ་བ་གྲོལ་ཞེས་སྡོམ་པ་བླངས་པས་འདུལ་བ་ནས་རང་གཅིག་པུའི་ཆེད་དུ་གནང་བ་འདྲ་བ་ཡོད་ཀྱང༌། ཡུལ་ཕྱོགས་ཤ་ལ་རྟོག་པ་ཆེ་ལ་སེམས་ཅན་ལ་གནོད་པར་འདུག་ན་དེར་ཤ་ལ་མིག་ལྟར་ཡང་མི་བཏུབ་སྟེ་སེམས་ཅན་སྨིན་གྲོལ་དུ་མི་བཏུབ་པས། ཡང་ཆང་ཁོལ་མ་ལྟ་བུ་གནང་བ་ལྟར་འདུག་ཀྱང་ཆང་གི་རྫ་ཤུལ་རང་ལ་ཡང་རྟོག་པ་བྱེད་པའི་སར་ཡང་དེ་དང་འདྲ་སྟེ། མིག་ལྟར་མི་རུང་ཤག་བརྩོན་གྱི་བུད་མེད་ཀྱི་ཟན་མི་ཟ་བ་ལ་སོགས་ཀྱང་གསུངས།།


previousཚུལ་ཁྲིམས་གསུམ་གྱི་དོན་འགྲེལ་བསྡུས་པ།next