Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
རི་ཁྲོད་དུ་སྐྱི་བུང་བ་དང་ཡ་ང་བ་སོགས་བྱུང་བའི་དུས་གེགས་སེལ་གྱི་གདམས་པ།།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousརི་ཁྲོད་དུ་སྐྱི་བུང་བ་དང་ཡ་ང་བ་སོགས་བྱུང་བའི་དུས་གེགས་སེལ་གྱི་གདམས་པ།། next

རི་ཁྲོད་དུ་སྐྱི་བུང་བ་དང་ཡ་ང་བ་སོགས་བྱུང་བའི་དུས་གེགས་སེལ་གྱི་གདམས་པ།།

ཡང་སྔོན་བླ་མ་རིན་པོ་ཆེས་རྗེ་སྒམ་པོ་པའི་གདམས་པ་ཟབ་མོ་རི་ཁྲོད་ལྟ་བུར་སྐྱི་བུང་བ་དང་ཡ་ང་བ་ལ་སོགས་བྱུང་ན། འཇིགས་པ་དེ་ལས་གྲོལ་བར་བྱེད་པ་སངས་རྒྱས་རྗེས་དྲན་འདོན་པ་ཡིན་ཏེ། སློབ་དཔོན་སྒོམ་པའི་ཞལ་ནས་ཀྱང་གཉན་ས་ཞིག་ཏུ་ཤི་བ་ཞུས་པ་དང་སངས་རྒྱས་རྗེས་དྲན་ཚར་གཅིག་ཐོན་ལ་ཤོག་གསུངས་སྐད། འདི་རྒྱལ་མཚན་མཆོག་གི་མདོ་སྡེ་བྱ་བ་ཞིག་ན་དགེ་སློང་དག་འབྲོག་དགོན་པ་འཇིགས་པ་དང་ཉམ་ང་བར། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རིག་པ་དང་ཞབས་སུ་ལྡན་པ་ཞེས་སངས་རྒྱས་རྗེས་སུ་དྲན་པ་དང༌། ཆོས་རྗེས་སུ་དྲན་པ་དང༌། དགེ་འདུན་རྗེས་སུ་དྲན་པའོ། །དེ་ཡང་སྐྱབས་འགྲོའི་བསླབ་བྱ་མི་དང་མི་མ་ཡིན་གྱི་གནོད་པས་མི་ཚུགས་པ་དང་འབྲེལ་ཏེ། འདི་ལྟར་འཇིགས་པ་ཆེན་པོ་བརྒྱད་ཐེག་པ་ཆེན་པོ་ཉན་ཐོས་དང་རང་སངས་རྒྱས་སུ་ལྷུང་གིས་དོགས་པའི་འཇིགས་པ། རྒྱུད་ཚོད་མཐོན་པོ་བ་མྱ་ངན་ལས་མ་འདས་པ་དང་སེམས་ཅན་གྱི་དོན་སྨིན་པ་དང་གྲོལ་བ་མ་བྱུང་བའི་འཇིགས་པ་ཡོད་དེ། སྔོན་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་སེམས་ཅན་ཐམས་ཅད་སངས་རྒྱས་ནས་ཕྱི་ན་ཕར་འཚང་རྒྱ་བར་བྱའོ་སྙམ་པའི་སེམས་བསྐྱེད་ནས། བར་དུ་དཀའ་བ་དཔག་ཏུ་མེད་པའི་སྤྱོད་པ་སྤྱད་ནས་བལྟས་པས་སེམས་ཅན་གཅིག་ཀྱང་ཉུང་དུ་མ་སོང་བར་འདུག་པས་ཡི་མུག་ནས་རང་མྱ་ངན་ལས་འདའ་དགོས་སྙམ་པ་ལ་གསང་བདག་ཉེས་པ་དང་དྲི་མ་ཐམས་ཅད་ལས་སྐྱོབ་པ་དེ་ལུས་དང་གྲིབ་མ་ལྟར་ཡོད་པ་མགོར་རྡོ་རྗེ་རྒྱབ་ནས་ཨརྫ་ཀའི་དོག་པ་ལྟར་ཚལ་པ་དགུར་གས་པ་ལ། སེམས་བསྐྱེད་པའི་བླ་མ་འོད་དཔག་མེད་དྲན་ནས་གསོལ་བ་བཏབ་པས་སྐད་ཅིག་ལ་བྱོན་ནས། ངས་སེམས་ཅན་འཁོར་བ་མ་སྟོངས་ཀྱིི་བར་དུ་ཁྱེད་ཀྱི་གྲོགས་བྱེད་པས་མ་འཇིགས་ཞེས་ཕྱག་གིས་སྐྱོར་ནས། དབུ་དགུ་ཕྱག་རྡོར་དང་འོད་དཔག་མེད་གཉིས་ཀྱི་དབུ་དང་བཅུ་གཅིག་ཡིན་སྐད། འདི་མདོ་རྒྱུད་དུ་མ་ན་བཞུགས་པ་མཐོང་སྟེ་ཤིན་ཏུ་རིགས། རྒྱུད་ཚོད་མཐོན་པོ་ལ་ཡང་འཇིགས་པ་ཡོད། སངས་རྒྱས་བླ་མ་དེ་དྲན་པས་སྐྱབས། སློབ་དཔོན་ཙན་ཏྲ་གོ་མི་ཟངས་ཁ་སྦྱར་དུ་བཅུག་ནས་ཆུར་སྐྱུར་བ་ཡང་སླར་ཡིད་སྐྱོ་བ་མེད་པར་གསོལ་བ་བཏབ་པས་ཆེ་བའི་ཡོན་ཏན་མང་པོ་ཐོབ། འདིའི་དཔེ་དང་ལྷ་དག་ལྷ་མིན་ཐོབ་པ་ལ་ཉེན་པའི་དུས་ན་ཡང་རྒྱལ་མཚན་མཆོག་ཆགས་སྡང་རྨོངས་པ་ཅན་བརྒྱ་བྱིན་རྣམ་པར་རྒྱལ་བའི་ཁང་བཟང་དྲན་པས་མནན། ང་ཉོན་མོངས་པ་མཐའ་དག་སྤངས་པས་དྲན་པ་ལྟ་ཅི་སྨོས་ཏེ། སྟོན་པ་དེས་སྔོན་གྲངས་མེད་གསུམ་དུ་ཐུགས་བསྐྱེད་པ། བར་དུ་དཀའ་བ་སྤྱད་པའི་མཐར་འཚང་རྒྱ་བ་ཡང་ངེད་རྣམས་ཀྱི་དོན་དུ་མཛད་དེ། དགེ་བ་ཐུན་མོང་བ་ཡིན་ཏེ་ངེད་རྣམས་དང་ཉེར་ལེན་གྱི་རྒྱུ་ཡིན། རྐྱེན་སྟོན་པ་རིན་པོ་ཆེ་དེ་དྲན་ནས་དད་གུས་ཀྱིས་འོ་དོད་འབོད་པ་ཡིན་ཏེ་རང་གི་ཡི་དམ་ལྷ་ཡིན། ཆོས་ཞི་བ་ཆགས་བྲལ་ཡིན་ཏེ་རང་གི་ཕྱག་རྒྱ་ཆེན་པོ་ལ་ཁྱོད་མ་གུས་པའི་མིང་གི་རྗེས་སུ་མི་འབྲང་བར། ཕྱག་རྒྱ་ཆེན་པོའི་རིགས་མཆོག་ཅེས་པས་གུས་པའི་རིགས་རྣམས་ནི་རིགས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་ཏེ་དེ་བས་ལྷག་པ་སུའི་ལུང་ཡོད། ཆགས་པ་དང་བྲལ་བའི་གོ་བ་ཡོད་དེ་ཐོག་མ་བར་དང་ཐ་མར་དགེ་བ་ཡིན། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན་པ་འཕགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་རྗེས་སུ་དྲན་ན་དེའི་ཞིང་ཁམས་སུ་སྐྱེ་བར་བཤད་དེ། མི་འཁྲུགས་པའི་ཞིང་བཀོད་པ་ནས་མཚམས་མེད་པ་ལྔ་བྱས་པས་ཀྱང་ངའི་མིང་འཆི་ཁར་དྲན་ན། དེ་ངན་སོང་དུ་མི་ལྟུང་བར་མངོན་པར་དགའ་བའི་ཞིང་དེར་སྐྱེས་ནས་སངས་མ་རྒྱས་ན་ཡང་བདག་མནར་མེད་དུ་སྐྱེ་བར་གྱུར་ཅིག །བྱང་ཆུབ་ཏུ་འཚང་རྒྱ་བར་མ་གྱུར་ཅིག་ཞེས་གསུངས་པ་ལྟ་བུ་ཡིན། འཇིགས་པ་ཆེན་པོའི་དུས་སུ་ཕ་འབོད་པའི་དོད་ལ་དཀོན་མཆོག་གསུམ་འབོད་པ་ཡང་དཀའ་སྟེ། དགེ་བཤེས་པ་ཀུན་ཀྱང་བོན་པོའི་སྙགས་ལྷ་སྦྱར་མ་འབོད། མི་སྐྱ་ཀུན་བར་ལྷ་འབོད། འདི་རི་ཁྲོད་དུ་གཅིག་པུར་ཉམས་སུ་ལེན་པ་ལ་ད་ལྟ་ནས་སྐྱབས་དཀོན་མཆོག་གསུམ་ལ་དད་པ་ཞིག་དགོས་གསུངས།།


previousརི་ཁྲོད་དུ་སྐྱི་བུང་བ་དང་ཡ་ང་བ་སོགས་བྱུང་བའི་དུས་གེགས་སེལ་གྱི་གདམས་པ།། next