Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
རྣལ་འབྱོར་པ་ལ་ཚོགས་ཀྱི་འཁོར་ལོ་བྱས་ན་བསོད་ནམས་ཆེ་བར་གདམས་པ།།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousརྣལ་འབྱོར་པ་ལ་ཚོགས་ཀྱི་འཁོར་ལོ་བྱས་ན་བསོད་ནམས་ཆེ་བར་གདམས་པ།། next

རྣལ་འབྱོར་པ་ལ་ཚོགས་ཀྱི་འཁོར་ལོ་བྱས་ན་བསོད་ནམས་ཆེ་བར་གདམས་པ།།

ཡང་རྗེ་རིན་པོ་ཆེའི་ཞལ་ནས་བླ་མ་རིན་པོ་ཆེའི་ཞལ་ནས་རྣལ་འབྱོར་པ་ལ་ཚོགས་ཀྱི་འཁོར་ལོ་བྱས་ན་བསོད་ནམས་ཆེ་བྱ་བ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བ་ལ་རྣལ་འབྱོར་པ་ཟེར་བས་ཞི་གནས་ནི་སེམས་རྩེ་གཅིག་ཏུ་གནས་པ་མཐའ་དག་ཡིན་ཏེ་མདོར་ན་དབང་པོ་ལྔ་ཡུལ་ལྔ་ལ་རྩེ་གཅིག་ཏུ་གནས་པ་མཐའ་དག་ཡིན། གཟུགས་སྡུག་པ་བླ་མ་དང་ཡི་དམ་གྱི་ལྷ་ནས་མི་སྡུག་པ་རྣམ་པར་རུལ་བའམ་རུལ་ནས་སེར་པོར་སོང་བའི་བར་ཐམས་ཅད་དེ་ཟད་པར་སྐྱེ་མཆེད་ས་དང་ཆུ་དང་མེ་དང་ནམ་མཁའ་ལ་སོགས་དང༌། སྒྲ་སྙན་མི་སྙན་རོ་ཞིམ་མི་ཞིམ་རེག་བྱ་འཇམ་རྩུབ་གང་ལ་སེམས་ཟིན་ཡང་ཞི་གནས་ཡིན་ཏེ། འདི་ལ་རིམ་གྱིས་པ་དང་ཅིག་ཅར་བ་གཉིས་ལས་རིམ་གྱིས་པ་ནི་ཅི་ཡང་རུང་བ་ཞིག་ལ་སེམས་ཟིན་ནས་རྩེ་གཅིག་ཏུ་གྱུར་པ་དེ་ལ་རྟོག་པ་དྲི་མ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཞེས་པ་དང༌། དགའ་བ་དང་བཅས་པ་དེ་ཉེ་བར་ཞི་བ་དང་བཏང་སྙོམས་ཡོངས་སུ་དག་པའི་དྲན་པ་ཞེས་ལུས་སེམས་ཐམས་ཅད་མཉེན་པ་ལྟབ་ཏུ་བཏུབ་པ་ཇི་ལྟར་སྤང་བཏུབ་པ་ཞིག་འོང་སྟེ་དེ་ལས་མངོན་པར་ཤེས་པ་ལྔ་བསྐྱེད། ཡང་རྩེ་གཅིག་གི་ཞི་གནས་དེ་གང་ཡང་རུང་བ་དེ་ལ་བདེ་གསལ་མི་རྟོག་པ་གསུམ་གྱི་ཁྱད་པར་བྱ་བ་ཞིག་འོང་སྟེ། མི་རྟོག་པ་དེའི་སྟེང་ནས་མངོན་ཤེས་ལྔ་ལ་དང་པོ་རྫུ་འཕྲུལ། མཐར་འཆི་འཕོ་བ་སྐྱེ་བ་ཤེས་པའི་མངོན་པར་ཤེས་པ་སྐྱེ་བར་བྱེད་པའི་རྒྱུ། གནས་པར་བྱེད་པའི་གཞི། འཇིག་པར་བྱེད་པའི་རྐྱེན་ཤེས་ཀྱང་མི་སྐྱེ་བ་མི་ཤེས་པས། སྐྱེ་བའི་རྒྱུ་ལ་བལྟས་པས་རྟོག་པར་འདུག དེའི་རྩ་བ་སེམས་སུ་འདུག་སྟེ། སེམས་ནི་གསང་སྙམ་སྟེ་མེད་པ་ཡིན། མེད་པ་སྟོང་པ་དེ་མ་རིག་པས་རྟོག་པ་འདུ་བྱེད་གསུམ་འབྱུང་སྟེ་དགེ་མི་དགེ་ལུང་མ་བསྟན་བགྱིའོ། །དེས་ང་བདག་ཏུ་རྣམ་པར་ཤེས་པ་དེ་ལ་མིང་དང་གཟུགས་སྐྱེ་མཆེད་དྲུག་ལ་སོགས་རྒ་ཤིའི་བར་དུ་འབྱུང་སྟེ་ལུགས་འབྱུང༌། དེའི་རྩ་བ་མི་རྟོག་པ་སྟོང་པ་འདུས་མ་བྱས་པ་དེ་ཤེས་ཤིང་རིག་པས། ཁོས་རྟོག་པ་རྩ་མེད་དུ་ཤེས་པས་སྟོང་པ་ཉིད་དེའི་ངང་དུ་གནས་ཤིང་གོམས་པས། རྣམ་པར་མི་རྟོག་པ་འདི་དབྱིངས་འབའ་ཞིག་ཏུ་གྱུར་ཏེ་འཁོར་བ་ལུགས་ལས་ལྡོག དེ་ནས་ཅི་ཞིག་ལྟར་རྟོག་པ་རང་ཡང་གདོད་ནས་ཞི་ཞིང་མ་སྐྱེས་པར་རང་བཞིན་མེད་པར་ཤེས་པར་འགྱུར་ཏེ་ཆོས་ཐམས་ཅད་ཀྱི་རང་བཞིན་རྟོགས་པར་འགྱུར་རོ། །ཅིག་ཅར་བ་སེམས་རྩེ་གཅིག་པའི་གནས་པ་བག་ཙམ་ཞིག་ལ་བརྟེན་ནས་ལྷག་མཐོང་རྩ་མེད་དེ་རྟོགས་པར་འགྱུར་རོ། །དེ་ལ་ཞི་གནས་ཀྱི་ཏིང་ངེ་འཛིན་འདི་ཅི་ལ་ཟེར་ན་ཁམས་ཟླ་ཤོད་ན་གཅིག་གི་གཡག་བྲོས་པ་ལ་ལག་པ་རྒྱང་ངེ་བྱས་ནས། ཡ་ཡ་ཞེས་པས་གཡག་ཕྱི་འབུར་ལིང་ལིང་བ་ལ་ཁོ་སེམས་ཟིན་ནས། དེ་ནས་དཀྱིལ་ཀྲུང་བཅས་ནས་བསྒོམས་པས། ཨ་པ་འདི་ལྟ་བུ་ཞིག་འདུག་པ་ལ་མི་རྣམས་འཁྲུལ་སྙམ་པ་བྱུང་ནས། གནས་ཀྱི་བཙུན་པ་ལ་དྲིས་པས་དེ་བསྒོམ་ཡིན་ཟེར་ནས་བསྐྱངས་པས་རོ་མཛོ་གཡག་ཞོན་ཟེར་བ་སྒོམ་ཆེན་བཟང་པོ་ཞིག་བྱུང༌། ཡང་ཨ་མི་གུར་མཆོད་ཀྱི་དུས་ན་འཕགས་པ་ཀ་སྒོམ་བྱ་བ་ཀ་གཅིག་ལས་མི་ཤེས། དེ་ལ་སེམས་ཟིན་པ་བསྐྱངས་པས་མངོན་ཤེས་ཀྱང་ཡོད་དེ། མདའ་སྟངས་གཞུ་སྟངས་བྱེད་པ་ལ་ཅི་ཡིན་བྱས་པས་ཨ་མི་གུར་མཆོད་དགྲས་ཁྱེར་གསུང་སྐད་ན། དེ་ཡང་སེམས་ཟིན་པའི་ཞི་གནས་འདི་ལུང་དུ་མ་བསྟན་པ་ཡིན་ཏེ་ངན་སོང་གསུམ་དང་ལྷ་སོགས་མ་ངེས། ཡི་དྭགས་ཀྱང་ཟས་ཡིད་ལ་བཏགས་པས་སེམས་ཟིན་ཏེ་འདོད་པ་ལ་སེམས་འཇུམས་པས་ཡི་དྭགས་སེམས་རྩེ་གཅིག་ཏུ་གྱུར་པས་མངོན་ཤེས་འབྱུང༌། སེམས་གཅིག་ཏུ་གྱུར་རྟོག་པས་མ་བསླད་པས་སོ། །དེ་ལྟར་ཞི་གནས་དེའི་རྒྱུ་མཐུན་པ་གནས་གོས་ཁ་ཟས་ལ་སོགས་ཕུན་སུམ་ཚོགས་པ་ལྔས་བསྡུས་པའོ།། དེ་ལ་ཆགས་པ་ཅན་མི་སྡུག་པ་ལ་སེམས་འཛིན་པའི་མདུན་དུ་ཀེང་རུས་སམ་ཐོད་པ་བཞག་ན་བསོད་ནམས་ཆེ། ང་ལ་རི་ཁྲོད་ན་བཟའ་རྒྱུ་མེད་པས་ཇོ་བོ་ཐུགས་རྗེ་ཆེན་པོ་མི་གསལ་བ་ལ་ཐབས་ཤེས་རབ་གཉིས་ཀྱི་རྫས་གཅིག་བསྐྱལ་ནས་ལོངས་སྤྱད་པས། ཐུགས་རྗེ་ཆེན་པོ་གསོན་མར་སད་དེ་རྒྱུ་མཐུན་པ་ལས་སྐྱེས་ཏེ་སངས་རྒྱས་སྤྱན་འབའ་ཞིག་ཡིན། ཡང་སྒྱུ་ལུས་ཀྱི་སྐབས་སུ་རྡོ་རྗེ་ལྟ་ བུའི་ཏིང་ངེ་འཛིན་ཀྱང་འདི་ཡིན་ཏེ། ཤེས་བྱའི་སྒྲིབ་པ་ཡང་འདིས་འདག མངོན་ཤེས་ཀྱང་འོང་སྣང་བ་འདི་ལོག་རྩེར་ལྡོག་གསུང་བ་དེ་ཡང་འདིར་གོ་སྟེ་སེམས་གཅིག་ཏུ་གྱུར་པས་སོ་སྙམ། སེམས་འཛིན་པ་ཡིས་ཡོན་ཏན་མཐའ་དག་སྐྱེ། སྐྱོན་འདག་སྟེ་གྲུབ་ཐོབ་ཞིག་གིས་སྨྱོན་པ་ཞིག་ལ་གླིང་བུ་ཞིག་བྱིན་པས་སྨྱོ་སངས་ཟེར་ཏེ་འདི་སེམས་ཟིན་པ་ཡིན་སྙམ། སེམས་རྣམ་པར་གཡེང་བ་ཁོ་ན་སྐྱོན་ཆེ་སྟེ་སྙིང་རླུང་དང་སྨྱོན་པ་ལ་སོགས་སུ་འགྱུར་བས། སེམས་འཛིན་པ་རྣམ་རྟོག་གར་འཕྲོས་ཀྱིས་དེར་འཛིན་པ་ཡིན་ཏེ་བྱ་རོག་གཟིངས་འཕུར་གྱི་གདམས་ངག་ཡིན་ནོ། །གདམས་ངག་ཟབ་མོ་ཇོ་བོ་ཐུགས་རྗེ་ཆེན་པོའི་གདན་པདྨ་ནས་ཟླ་བའི་དཀྱིལ་ཀྲུང་གཡས་གཡོན་ལྟེ་བ་ཐུགས་ཀ་ཕྱག་གཡས་གཡོན་ཕྱག་མཚན་ཞལ་སྤྱན་ལ་སོགས་པ་རྣམ་རྟོག་གཅིག་རྟིང་ལ་གཅིག་སྤོ་བ་ལ་ཡང་ཡར་མར་སྤོས་ནས་རིམ་གྱིས་དེ་ལྟར་བྱ། ཡང་ན་རྣམ་རྟོག་ཅིག་གདན་པད་ཟླ་གསལ། སེ་གོལ་ཞིག་གཏོགས་ཡང་གཅིག་བྱུང་ན་གདན་གསལ་གདབ་ཅིང་སེལ་གོལ་བརྡབ་སྟེ་འདི་ལ་རྒྱུ་མཚན་ཟབ་མོ་དང་འབྲེལ་བ་ཡིན་ནོ། །ཡང་བསྐྱེད་རྫོགས་ཐམས་ཅད་ཀྱང་དབང་གི་དུས་སུ་བླ་མས་ངོ་སྤྲད་རང་ཉིད་ལྷར་གོ་བ་ཞིག་དགོས་པ་ཡིན་ཏེ། དེ་ལྟར་གོ་བ་མ་སྐྱེས་པར་ཇོ་བོ་རྗེས་ལྷ་ཞལ་བསྟན་ནས་བུམ་དབང་བསྐུར་ཟེར་ཏེ་རྒྱུས་མེད་ཡིན་ལྷ་མཐོང་བས་དབང་མི་ཐོབ་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ལྷར་གོ་བ་ཞིག་དགོས། དེ་ཡང་བུམ་པས་གཙོ་བོ་བྱས་པའི་དབང་བཞི་དང་གསང་བ་དང་དབང་བཞི་པས་སོ་གསུངས།།


previousརྣལ་འབྱོར་པ་ལ་ཚོགས་ཀྱི་འཁོར་ལོ་བྱས་ན་བསོད་ནམས་ཆེ་བར་གདམས་པ།། next