Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
ལྷ་ཆོས་དང་མི་ཆོས་ཀྱི་བྱ་གཞག་ལེགས་པར་དགོས་པར་གདམས་པ།།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousལྷ་ཆོས་དང་མི་ཆོས་ཀྱི་བྱ་གཞག་ལེགས་པར་དགོས་པར་གདམས་པ།། next

ལྷ་ཆོས་དང་མི་ཆོས་ཀྱི་བྱ་གཞག་ལེགས་པར་དགོས་པར་གདམས་པ།།

ན་མོ་རཏྣ་གུ་རུ། ཡང་རི་བོ་ག་ཏའི་རི་ཁྲོད་པ་ཕྱི་མའི་རི་ཆོས་ལ་ཡོན་བདག་ཅིག་ན་རེ་གཞི་གཟུང་ཉེས་གཅིག་གིས་རྟག་ཏུ་འཁྲུག་པ་བྱེད་དགོས་པར་འདུག་ཟེར། ལྷ་ཆོས་དང་མི་ཆོས་གཉིས་ཀའི་གཞི་མ་ལེགས་པ་ཞིག་དགོས་ཏེ། དང་པོ་གྲོགས་དང་བླ་མ་དང་ཁ་ཟས་ངན་པའི་ཉེས་པས་རྟག་ཏུ་ཉོན་མོངས་པའི་དབང་དུ་དང༌། ལམ་ལོག་པ་དང་དུག་དང་འདྲེས་པས་གཅོང་ཅན་དུ་འགྲོ་བ་ལ་སོགས་སོ། །དང་པོ་གཞི་མ་ལེགས་པ་རབ་ཏུ་བྱུང་བ་ཡིན། ཆགས་སྡང་རྨོངས་གསུམ་སྤོང་ལ། ཁྱིམ་པ་རྣམས་ཀྱིས་ནང་སེམས་ཅན་ལ་ཆགས་པའི་སོ་ནམ་མི་ནོར་སྤེལ་དགོས་པ་ཡིན་ཏེ་མི་དགོས་པ་མིན་ཏེ་ཀུན་གྱིས་དེ་ཀུན་གྱིས་མི་ཆོས་མ་བྱུང་བ་ཡིན་ཞེས་སོ། །དགྲ་འདུལ་བ་ལ་རང་སྲོག་ཆད་པས་དགྲ་ལ་རྨ་ཞིག་དོད་ན་དགའ་བ་ཞེ་སྡང་གི་སོ་ནམ། གཏི་མུག་མི་ཆོས་གྲུ་བཞི་ལོགས་བརྒྱད་ཅིག་དགོས་པ་ཡིན་ཏེ། དེ་ལ་ཆོས་བྱེད་པ་སྐད་ཀྱི་སྲ་བསྲེ་མི་འོང་ཟེར། ཕྲག་དོག་ཉེ་བ་རང་བས་མཐོ་བ་ཤིང་གི་ཡལ་ག་ཡང་གཅོག་པ་རང་ བས་དགྲ་མཐོ་ན་གཉིས་མི་འོང་བ། ང་རྒྱལ་ཐམས་ཅད་ངས་བྱས། ང་གཅིག་པུའི་སྟེང་ང་རྒྱལ་བར་འདོད་པའི་སོ་ནམ་ཡིན། རབ་ཏུ་བྱུང་ནས་ཆགས་སྡང་རྨོངས་གསུམ་སྤངས་ནས་སྒྲུབ་པ་ཞིག་བྱས་ན་ཉན་ཐོས་གཅིག་པུའི་ལམ་ཞུགས་འབྲས་བུ་བཞི་ཐོབ་སྟེ། འདི་ནས་ཤི་འཕོས་ནས་མི་ཆེ་མི་གདུང་འོག་མིན་ནམ་གྱ་ནོམ་སྣང་བར་སྐྱེ་སྟེ། དེ་ནས་དགྲ་བཅོམ་པ་ཐོབ་ནས་ཕྱིར་འདོད་ཁམས་སུ་མི་འོང་བ་དང༌། ཡང་དེ་ནས་ལན་གཅིག་ཕྱིར་འོང་སྟེ་ལྷའམ་མིར་སྐྱེས་ནས་དགྲ་བཅོམ་པ་ཐོབ་པ་འབྲིང༌། མཐའ་མ་ཡང་རྒྱུན་ཞུགས་ཐོབ་ནས་སམ། ཐ་ན་ཡང་སྲིད་པ་ལན་བདུན་ལེན་ཏེ་དེ་ནས་དགྲ་བཅོམ་པ་ཐོབ་པ་ཡིན། ཡང་སྒོམ་ཆེན་པ་ལ་གཞི་མ་རི་ཁྲོད་དུ་འགྲོ་བ་འདི་ལེགས་པ་ཡིན་ཏེ། དེར་འགྲོ་བ་ལ་རང་ལ་དགེ་སྦྱོར་ཞིག་དགོས་པ་དང་པོ་དེ་བསྒྲུབ། དེ་ནས་དེ་སྐྱོང་བ་ལ་དགོན་པ་བ་བསོད་ནམས་ཆེ་བ་ཡིན། ཏིང་འཛིན་རྒྱལ་པོ་ལས་སྟོང་གསུམ་གྱི་སྟོང་ཆེན་པོ་རིན་པོ་ཆེས་བྱུར་བུར་བཀང་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕུལ་བ་བས། དགེ་སྦྱོར་བྱ་སྙམ་དགོན་པའི་ཕྱོགས་སུ་གོམ་པ་བདུན་བོར་བ་བསོད་ནམས་ཆེ་བར་གསུངས། རྗེ་རིན་པོ་ཆེའི་ཞལ་ནས། གྲོང་ཁྲོད་དགོན་པར་རི་ཁྲོད་གང་དུ་ལོ་བདུན་བདུན་པས་ལོ་རེ་བོགས་ཕྱི་མ་ཆེ་ལ། དེ་བས་དུར་ཁྲོད་དུ་ཟླ་བ་ཞིག་བོགས་ཆེ་གསུངས་ཏེ་དེ་ཁོ་ན་ལྟར་འོང་སྟེ། དེར་མི་དང་མི་མ་ཡིན་གྱི་བར་ཆད་འོང་དོགས་པས་མཚན་མོ་གཉིད་ཀྱང་མ་ནུས་ཏེ། དེའི་དུས་ན་བླ་མ་དང་སངས་རྒྱས་ཀྱི་བྱིན་གྱིས་རློབ་སྟེ་དེའི་གོ་བ་ཡང་རང་འཇིགས་པ། སྐྱབས་དཀོན་མཆོག་གསུམ་དྲན་པ་དེའི་ངང་ལ་སྒུར་བ་དེ་ཁོ་ན་ཡིན་གསུངས། འདིའི་དུས་སུ་སྔར་བསགས་ཀྱི་བག་ལ་ཉལ་བཟང་ངན་ཐམས་ཅད་ཀྱིས་འབྲས་བུ་རི་ཁྲོད་དུ་འབྱིན་ཏེ། འདིའི་དུས་སུ་མི་མཐུན་ཕྱོགས་ཀྱི་བྲོ་གཅོང་ཆེན་པོ་ཞིག་བྱུང་བའི་དུས་སུ་བླ་མའི་གདམ་ངག་དགོས་ཏེ། ང་བླ་མ་བཟང་གདམས་ངག་ཆེ་བ་ཡིན་ཏེ་རྟ་མགྱོགས་བཅུ་ཙམ་ཁ་གཤིབ་དགོས་པ་ཡིན། དེ་ཡང་རྣམ་པར་ཤེས་པའི་ས་བོན་སེམས་ཤིག་ཡོད་དེ་ངའི་ཕྱོགས་སུ་དད་གུས་ཞིག་ཡོད་ན་བྱ་བྱེད་ཐོས་བསམ་ལ་སོགས་ཐམས་ཅད་ཀྱིས་ཀྱང་སེམས་དེ་བསྒྲུབས་ནས་ལན་ཞིག་དྲུང་དུ་ཐོན་པ་དང༌། ཡང་ན་དད་པ་མེད་པས་གཞན་དུ་འགྲོ་སྙིང་འདོད་ན་ཡང༌། ནད་དང་ཤིག་ནད་དང་རྩ་བ་བཞི་ལ་སོགས་ཀྱི་གཏམ་ངན་ཞིག་འོང་སྟེ་ཉེ་གནས་ཚུན་ཆད་དགེ་འདུན་ཁ་མཐུན་བྱས་ནས་འོང་སྟེ། འདིའི་དུས་སུ་བླ་མས་ཀྱང་ཟས་ནོར་གྱིས་བྲིད་ནས་གཤོལ་འདེབས་པ་གལ་ཆེ་སྟེ། བླ་མ་རིན་པོ་ཆེའི་ཞལ་ནས་ཀྱང་ཕྱེ་དང་མར་ཧྲིལ་ཀྱང་སྟེར་དགོས། འདིའི་དུས་སུ་བླ་མས་མི་ཁ་ལ་ཉན་ནས་མི་ཆགས་སྡང་ཅན་དེ་སྤྱི་གསེབ་ཏུ་བླ་མ་སོང་ནས་སྟོན་ན། མི་རྣམས་འདུས་ནས་མི་གཅིག་པོ་དེ་སྟོན་སླ་བ་ཡིན་ཏེ། དེ་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུའི་སློབ་མ་ཡིན། དེ་ནས་ཟླ་བ་ཕྱེད་ཚུན་ཆད་ཅི་རིགས་ནས་མི་དེ་གེགས་སེལ་ནས་དངོས་གྲུབ་ཆེན་པོ་ཞིག་འབྱུང་སྟེ་དེ་ནས་གཞན་དུ་སོང་ཡང་ཆོག་པ་ཡིན། དེ་གདམས་ངག་གི་མཐོང་ཆོས་འབྲས་བུ་ཅན་གྱི་ལས་དང༌། སྐྱེས་ནས་མྱོང་གྱུར་དང༌། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་གསུམ་ཡིན་ཏེ། དང་པོ་རང་ལ་སྐྱོན་གང་བྱུང་དེ་ལ་སྐྱོན་ཡིན་པ་དང་མ་ལེགས་པ་བསྒོམ་པ་གལ་ཆེ་སྟེ། མཁན་པོ་པའི་ཞལ་ནས་ཁྱོད་ཀྱིས་ལེགས་པ་དང་མ་ལེགས་པ་བསྒོམ་པ་ལ་དགོས་པ་ཅི་ཡོད་ན་གསུང་བ་ལ། འདིས་སྐྱོན་དང་བག་ལ་ཉལ་རྩ་བ་ནས་འདག་པ་ཡིན་ཞེས་པས་འཐད་ཀྱང་གསུངས། དེ་ནས་ལམ་དུ་ལན་བརྒྱ་རྩ་བརྒྱད་ཚུན་ཆོད་བློ་འགྱུར་ངེས་ཀྱིས་ཤེས་པ་བེམ་ཙེར་གཏང་ལ། དེ་ནས་བྱང་སེམས་ཀྱང་འབྲི་གུང་པའི་སེམས་བསྐྱེད་དུ་མི་བཏང་བར་སྙིང་ཐག་པ་ནས་བསྒོམས་ཏེ་དེ་ནས་དཔག་ཏུ་བསྟན་པའི་གདམས་ངག་གི་ངང་ལ་འཇོག་པ་ཡིན། དེ་ལྟར་ཐབས་གཞན་གང་ཡང་མི་བསྟེན་པར་དགེ་སྦྱོར་གྱི་ཐོག་ཏུ་འཇོག་པ་ཡིན་ཏེ། གེགས་སེལ་བ་དང་བོགས་ཐོན་པ་ཚེ་དེ་ཉིད་ལ་བྱུང་བ་རྒྱལ་པོ་མ་སྐྱེས་དགྲ་ལྟ་བུ་ཡིན། ཡང་སྐྱེས་ནས་མྱོང་གྱུར་གྱི་ལས་ནད་དང་གནོད་པ་ལ་དགེ་སྦྱོར་ཡང་བྱེད། གཞན་རིམ་གྲོ་ལ་སོགས་ཀུན་རྫོབ་ཀྱི་བདེན་པ་ཡང་བྱེད་ན། རྒྱལ་པོ་གཟུགས་ཅན་སྙིང་པོས་སངས་རྒྱས་ལ་ཞལ་ཟས་ཀྱི་བསྙེན་བཀུར་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་ཏེ་ཕྱིས་བུས་དོང་དུ་བཅུག་པ་ཡིན་ཏེ། ཁ་ཟས་བཅད་པ་ལ་དཔག་ཏུ་བཙུན་མོ་ཞིག་གིས་བག་རེ་བསྐྱལ་བས་ཞག་བདུན་མ་ཤི་ཡང༌། སངས་རྒྱས་འཁོར་བཅས་བྱ་རྒོད་ཕུང་པོའི་རི་ལ་བཞུགས་པ་ཐོས་པའི་དགའ་བའི་ཟས་ཀྱིས་ཞག་བདུན་ཐུབ། དེ་ནས་སྐུ་འཁོར་དང་བཅས་པ་ཡང་ཅུང་རེ་བ་ཆེ་བ་དང་ཤཱ་རིའི་བུས་ཆོས་གསུངས་ཏེ་ཚེའི་དུས་བྱས་པ་ན། རྒྱལ་པོ་རྣམ་ཐོས་སྲས་ཀྱི་པང་དུ་སྐྱེས་ནས་ཀུན་ཏུ་རྒྱལ་བ་རྒྱལ་པོའི་བུ་བྱ་བ། བདེ་བ་དང་སྐྱིད་པའི་དཔལ་ཕུན་སུམ་ཚོགས་པ་ཐོབ་སྟེ་སྐྱེས་ནས་མྱོང་འགྱུར། ཡང་ཀུན་རྫོབ་ཀྱི་མོ་བོན་མཁན་ལ་བློ་གཏོད་ཆེ་བར་བྱེད། དགེ་སྦྱོར་ཡང་བག་རེ་བྱེད་ན། ལན་གྲངས་གཞན་ལས་མི་འགྱུར་ཏེ་འདི་ལན་གཅིག་མྱོང་དུས་ན་ཡང་གྲུ་བཞི་ལམ་མེ་བ་དཀའ། ལྷ་བ་མུར་མུར་བའི་རུས་པ་བོར་བ་ལྟ་བུ་ཡིན་གསུངས། །ཡུལ་ཝ་ར་ཎ་སཱི་ཁྱིམ་བདག་རྣམ་ཐོས་ཀྱི་བུ་དང་འབྱོར་བ་མཉམ་པ་ཞིག་ལ་ཆུང་མ་མཛེས་མ་ཞིག་ཡོད་པ་ལ། ཁྱོད་ཀྱིས་དགེ་སྦྱོང་དང་བྲམ་ཟེ་ཞི་ཞིང་དུལ་བ་བྱུང་ན་བསོད་སྙོམས་ཕུལ་ཅིག་བྱས་ནས་ཕྱིན་པ་ན། རང་རྒྱལ་བ་མི་གཟུགས་མི་སྡུག་པ་ཞིག་ཁྱིམ་དུ་ཕྱིན་ཏེ་བསླངས་པས་མ་སྟེར། ཁྱོད་མི་སྡུག་པར་འདུག་ཞེས་པས་གཡོག་མོས་སྒོ་ཁར་གཤོལ་བཏབ་ནས་ངའི་དོ་ནུབ་ཀྱི་ཟས་སྐལ་བྱིན་ཅིག་ཞེས། འཕགས་པ་ལ་ཕུལ་བས་དེ་གསོལ་ནས་ནམ་མཁའ་ལ་རྫུ་འཕྲུལ་གཅིག་ཏུ་འགྱུར་ཞིང་མང་པོར་གྱུར་པ་དང༌། སྟོད་སྨད་ཀྱི་མེ་ཆུ་ལ་སོགས་བསྟན་པའི་གྲིབ་མ་ཝ་ར་ཎ་སཱིར་རྒྱལ་པོ་ཚངས་སྦྱིན་གྱི་ཁང་ཐོག་ཏུ་བྱུང་བ་མཐོང་བ་དང༌། འཕགས་པ་འདི་ལ་སུས་བསྙེན་བཀུར་བ་ཡིན་ཏེ་སྐྱེས་པ་ཡིན་ན་ངའི་རྒྱལ་སྲིད་ཕྱེད་སྟེར། བུད་མེད་ཡིན་ན་བདག་པོ་མེད་ན་བཙུན་མོ་བྱེད། ཡོད་ན་སྲིང་མོ་བྱེད་ཞེས་པ་དང༌། ཁྱིམ་བདག་ཡིད་ལ་ཆུང་མས་བྱིན་སྙམ་ན་མ་བྱིན། མོས་གཡོག་མོ་ལ་ཟན་ཟོ་ཞེས་པ་དང༌། ཁྱོད་ངའི་བསོད་ནམས་ཀྱི་ལས་ཀ་ལ་མི་དབང༌། ངའི་སྲོག་ལ་དབང་བ་ཡིན་ཞེས་སྐེ་གཅོད་ཀྱང་ཞེས་ཟན་ཟར་མ་བཏུབ་པ་དང༌། གཡོག་མོ་ཇོ་མོའི་སར་བཏང༌། ཇོ་མོ་གཡོག་མོ་བྱས་རྒྱལ་པོའི་སྲིང་མོ་བྱས་ཏེ། མ་འོངས་པའི་དུས་ན་སངས་རྒྱས་ཀྱི་དགེ་སློང་མ་འདི་སྐད་བྱ་བར་འགྱུར་གསུངས་ཏེ། ཟན་དེ་ཟོས་ན་བསོད་ནམས་དེ་དང་རྗེས་པ་ཡིན་ཏེ། ཁྱེད་ཡོན་བདག་ཀུན་ཀྱང་དབུལ་ཟན་པ་ཧམ་པ་ཆེ་སྙམ་སྟེ་ད་རེས་དེའི་སྦྱིན་པ་ཟ་མི་དགོས། ཡང་གསོལ་བ་འདེབས་པའི་དུས་སུ་ཤེས་པ་སྨྱོ་ལ་ཁད་པ་རྣམ་པར་རྟོག་པ་མི་འཕྲོ་དགུ་འཕྲོ། དགེ་འདུན་ཡང་མི་རིགས་པ་ཤ་སྟག་བྱེད་པར་གོ་བ་ཞིག་བྱུང་བ་ལ། འཕྲོ་བཅད་ན་ཅི་བྱུང་སྙམ་ནས་དགེ་འདུན་གྱི་དགེ་བའི་བར་ཆད་དང༌། འདས་མཆོད་ཀྱི་གསོལ་འདེབས་ཡིན་པས་འཕྲོ་མ་བཅད་པར་བྱམས་སྙིང་རྗེ་ཡི་དམ་གྱི་ལྷ་ཕྱག་རྒྱ་ཆེན་པོ་ཀུན་བྱ་ཡར་ལ་སོང་བ་ཞིག་བྱུང་སྟེ་མ་ཕན། གསོལ་འདེབས་ཀྱི་ཚིག་དེ་རང་ལ་སེམས་གཏད་ནས་ལན་གསུམ་བཏབ་པ་དང༌། བདེ་འབོལ་གྱིས་བྱུང་བས། འདི་ཁྱེད་རང་ཀུན་རི་ཁྲོད་དུ་སྙིང་རླུང་དང་སྨྱོ་འབོག་འོང་ཀླན་ཀ་ཚོལ་བ་རྣམས་རྣམ་པར་རྟོག་པ་ཁོ་ན་སྐྱོན་ཡིན་པས་མི་རྟོག་པར་ཞོག འདི་དམིགས་པ་སྐོར་གསུམ་དུ་ཡང་དམིགས་པ་མ་ཟིན་ཡང༌། ཡི་གེ་དྲུག་པའི་སྔགས་དེ་ལ་བཏོད་ལ་གྲོངས་དང་ཕན་ནས་འོང༌། ད་ལྟ་ཡང་ཡི་གེ་དྲུག་པ་བརྒྱ་ཙམ་ཞིག་དེ་ལྟར་བྱའོ་ཞེས་ང་ལ་ནི་རྟོག་པ་ཡེ་མི་འདུག་ཁྱེད་རང་ཀུན་ཀྱང་ད་ལྟ་མྱོང་བར་གྱིས། བླ་མ་རྒ་ལོ་ཡང་བླ་མ་རྩ་མིས་ང་ལ་གེགས་མང་པོ་ཡོད་ཉོན་ཞེས་པས། ང་ལ་ཅི་བྱུང་ཡང་བྱ་རྒྱུ་ཡོད་གཞན་གྱི་མི་བྱེད་དབེན་པར་སྡོད་པ་ཡིན་ཞེས་པ་དང༌། ཕྱིས་ས་ལྡེག་ལྡེག་པོར་གྱུར་རྩང་ཝ་བརྒྱ་བཅུར་མདོ་སྨད་པ་བརྒྱ་སྟོན་བྱ་བས་སྒོ་ཉལ་ནས་རླུང་གི་གདམས་པ་ཞིག་བཏབ་པས་ལུས་མགོ་ཞབས་མེད་པར་བསྐྲངས་ནས་བྱ་རྒྱུ་མ་རྙེད། ཕྱིན་གསེར་བཀུར་ནས་སྔར་གྱི་གདམས་པ་ཞུ་ཅེས་པས་ང་ལ་ཆ་མེད་ཞེས་མ་གནང་ནས་ས་སྐྱ་བ་དང་ཕར་སློབ་ཚུར་སློབ་ཏུ་བྱས། ཁྱེད་རང་ཀུན་ཀྱང་ཚོགས་པ་འདུས་དུས་སུ་དགོས་པ་ཡིན། འདིའི་སྐབས་དམར་སྒོམ་ན་རེ་རྗེ་ཕག་མོ་གྲུ་པ་ཨི་དྷི་ཤུད་དྷིའི་མན་ངག་སྒྲ་ལ་སེམས་གཏོད་པ་དེ་ཡིན། །ཁྱེད་ཐམས་ཅད་སློབ་མ་ཡིན་པས་ཉམས་མྱོང་ཚོགས་སུ་བཤད་པ་ཡིན་གསུངས།།


previousལྷ་ཆོས་དང་མི་ཆོས་ཀྱི་བྱ་གཞག་ལེགས་པར་དགོས་པར་གདམས་པ།། next