Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
རྗེ་ཕག་མོ་གྲུ་པའི་ཐུགས་དམ་གྱི་ལྷ་འགའ་ཞིག་གི་མངོན་རྟོགས་དང་ལོ་རྒྱུས།།
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousརྗེ་ཕག་མོ་གྲུ་པའི་ཐུགས་དམ་གྱི་ལྷ་འགའ་ཞིག་གི་མངོན་རྟོགས་དང་ལོ་རྒྱུས།། next

རྗེ་ཕག་མོ་གྲུ་པའི་ཐུགས་དམ་གྱི་ལྷ་འགའ་ཞིག་གི་མངོན་རྟོགས་དང་ལོ་རྒྱུས།།

ཡང་རྗེ་བཙུན་ཁྲོ་བོའི་རྒྱལ་པོ་འདི་བླ་མ་རིན་པོ་ཆེའི་ཐུགས་དམ་ཡིན་ཏེ། དགུང་ལོ་བཅོ་བརྒྱད་པར་སླན་ནེ་བྱ་ཐུར་དུ་བྱོན་ཙ་ན་སྦྲུལ་ནག་རི་རྒྱུད་ཙམ་ཞིག་ནམ་མཁའ་ལ་བྱུང་ནས་དབུས་ཁམས་གཉིས་ཀྱི་བར་བཅད། ད་དབུས་སུ་མི་ཐོན་སྙམ་པ་དང་ཁྲོ་རྒྱལ་ཚོན་གང་བ་ཞིག་ནམ་མཁའ་ལ་བྱོན་ནས་སྦྲུལ་གར་སོང་ཆ་མེད། དེ་ནས་དུས་རྒྱུན་ཆད་མེད་པར་གསོལ་བ་བཏབ་སྟེ་དཀར་གཏོར་རེ་ཡང་མི་གཅོད་པ་ཡིན། ཉང་ར་ཐང་དུ་བྱི་བོ་འགའ་ཞིག་གིས་བདས་པ་ལ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་པས་རླུང་ཚུབ་ཅིག་བྱུང་ནས་མ་མཐོང༌། དེ་ནས་དུས་རྒྱུན་ཆད་མེད་པར་ཐུགས་རྗེ་ཆེན་པོ་བསྒོམ་པ་ཡིན་གསུངས་པ་ལ། ཁ་ཅིག་སྙམ་ན་བླ་མ་རིན་པོ་ཆེའི་ཐུགས་དམ་འཇིགས་བྱེད་ཞལ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན་ཞིག་ཡོད་སྙམ། དེ་སྔོན་གྱི་སྨོན་ལམ་གྱི་དབང་གང་ཡིན་པ་དེ་ཡིན་ཏེ་ངན་པ་མིན། ཁྱོད་ནི་དུས་གསུམ་སངས་རྒྱས་ཐམས་ཅད་པས། །ཁྲོ་རྒྱལ་ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་སོ། །སློབ་དཔོན་འཕགས་པའི་ཡི་དམ་ཀྱང་སྒྲོལ་མ་ཡིན། འདི་ང་ལ་སློབ་དཔོན་ཅིག་གིས་ལོ་འགའ་བསྟེན་པ་ལ་དམིགས་པ་དང་པོ་ལས་མ་སྟེར་སྟོན་པ་བཛྲ་ལ་གཉིས་བྱིན་འདུག་སྟེ། ངས་རིན་པོ་ཆེ་སྣེ་ཟུར་བའི་སློབ་མ་ཞིག་ལ་ཞུས། དེ་ལ་དམིགས་པ་དང་པོ་སེམས་བསྐྱེད་པའི་རྗེས་སུ་སྤྱི་བོར་རཾ་དམར་སེར་ལས་ཉི་མའི་དཀྱིལ་འཁོར་སོར་བཞི་པ་དེའི་སྟེང་དུ་ཧཾ་མཐིང་ནག་ལས་མེ་ཁྲུ་གང་བ་འབར་བར་བསྒོམ་པ་དང་པོའོ། །གཉིས་པ་མེ་དེ་ཉིད་རང་ལུས་ལ་མཆེད་ནས་ལུས་ཐུལ་གྱིས་ཚིག་ནས་སེམས་ཁྲོ་རྒྱལ་དུ་བསྒོམ། གསུམ་པ་སྐད་ཅིག་གིས་ཁྲོ་རྒྱལ་དུ་བསྒོམས་ནས་སྙིང་གར་རཾ་ལས་ཉི་མ། ཧཱུྂ་བཅུ་པས་བསྐོར་བ་ལས་འོད་ཟེར་བ་སྤུའི་ཁུང་ནས་འཕྲོས་ནས་ཁྲོ་ཆུང་རི་རབ་ཙམ་པ། མཚོན་ཆ་སྣ་ཚོགས་པ་ཐོགས་པས་གང༌། འོད་ཟེར་ཚུར་ལོག་པས་སྐུ་ལ་མེ་འབར་བར་བསྒོམས་ཏེ། འདི་ཡང་དམིགས་པ་གསུམ་པོ་འདི་ལ་དུས་ཚོད་རེ་རེའི་འགྲོ་ལུགས་རེ་ཡོད་པར་འདུག་སྟེ། དོན་ལ་འདི་གསུམ་གྱིས་དམིགས་པ་ཐམས་ཅད་ཆོག་པ་ཞིག་འདྲ། དེའི་གདམས་པ་ཞིག་བྱ་ན་ང་ལ་མྱོང་བ་ཡོད་པས་ངེད་ལ་བར་ཆད་གང་ཆེ་ན་སྤོབས་པ་མྱུར་བ་ཁོ་ན་བྱུང་བས། འདི་བརྒྱད་སྟོང་པའི་ལེའུ་བཅུ་གཅིག་ན་ཧ་ཅང་སྤོབས་པ་མྱུར་ན་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་པས། དེ་གང་ཡིན་ན་ང་སྟོང་པ་ཉིད་ལ་དགའ་བས་སེམས་སྐྱེ་ལོང་མེད་པར་བསྒོམ་པ་ཡིན། འདིར་ཡང་སེམས་བསྐྱེད་ཀྱང་རོ་མྱོང་བ་དམིགས་པ་ཡང་དང་པོའི་རེ་གསལ་བ་ལ་ཡུན་ཅི་ཐུབ། དེ་མི་གསལ་བ་དང་ཉི་མའི་དཀྱིལ་འཁོར་དེ་ནས་ཧཾ། དེ་ནས་མི་དེ་རྣམས་རང་རིམ་པས་གསལ་ན་མཛེ་མི་སོས་ཀ་མེད། བཟླས་པ་མི་དགོས་འདི་རྣམས་མེད་པར་བཟླས་པ་བྱས་པས་ཕན་པ་སྐད་ཅིག་ཙམ་ཞིག་ཀྱང་མི་འོང་བ་ཏིག་ཏིག་ཡོད། དམིགས་པ་འདི་རྣམས་གསལ་ན་དེ་གཅིག་པུས་ཆོག ཡང་ངས་སྒྲུབ་ཐབས་བསྡུས་པ་ཞིག་བཤད་དམ་གསུང་ནས་སྒྲུབ་ཐབས་ཐམས་ཅད་ཀྱང་དེ་ལྟར་གོ་བར་བྱ། ཡང་སྐབས་འགའ་ཞིག་ཏུ་བསྐྱེད་རིམ་དང་པོ་པཾ་ལྗང་ཁུ་པདྨའི་ས་བོན་དེ་གསལ་བ་ཁོ་ན་གལ་ཆེ་གསུང་བ་དང་གསུམ། ཆོས་ཀྱང་གནད་ཀྱིས་སྤྱི་བོར་མེ་བསྒོམས་པས་ཉོན་མོངས་པ་གཏི་མུག་སེལ་བར་གོ་བ་དང༌། གང་དང་གང་ཡིན་ཡང་དམིགས་པ་ལ་སེམས་ཟིན་པ་གཅིག་པུའི་ཡོན་ཏན་དང༌། འགྲོ་བའི་བདེ་སྐྱིད་ཕ་རོལ་ཏུ་ཕྱིན་པ་མཆོག་ལས་བྱུང་ཞེས་པས་འདིར་དམིགས་པ་མཐའ་དག་གོ་བ་ཞིག་འབྱུང་སྙམ། བཙུན་ཆུང་ཆོས་སྐུའི་མཎྜལ་འབུལ་མ་ཤེས། གཉིས་པོ་ཤེས་པ་ལ་ཟེར་བས་ང་སྡུག་ཏུ་བཅུག་ཁོང་ཤེས་རབ་ཆེ་བས། དེ་ཡང་བླ་མ་རིན་པོ་ཆེའི་ལུགས་ཀྱིས་ཆོས་ཀྱི་སྐུ་རྟོགས་དུས་གསུམ་ཡིན་ཏེ། སྤྲུལ་སྐུ་ལོངས་སྐུ་ཆོས་སྐུར་མཐོང་བ་གསུམ་ཡིན། ཆོས་སྐུ་ལ་སངས་རྒྱས་ཟེར་བར་སྔགས་མཚན་ཉིད་ཐེག་པ་ཆེ་ཆུང་ཀུན་མཐུན་པས་དེ་བླ་མ་རིན་པོ་ཆེའི་སྙིང་ནས་རྩ་བ་ཆོད་པ་ན། སྒོམ་རོ་གཅིག་གི་ངང་ལ་འབྱམས་གྱུར་ན། །རྒྱུ་འབྲས་མངོན་དུ་འགྱུར་བ་ཡིན། །ཞེས་པས། ཞིང་བསམ་པ་དངོས་པོ་གསུམ་གཅིག་ཏུ་གྱུར་བའི་གང་ཟག་ལ། ཆོས་ཀྱི་སྐུའི་ཞིང་ཁམས་རེ་རེ་མེ་ཏོག་རེ་རེ་ལ་ཡང་འབྱུང་སྟེ། གཞན་ཅི་ཟེར་ཡང་ང་རང་གི་གཅིག་འཇོག་སྟེ་འདི་གསང་སྔགས་ལ་ཡོད་པ་ཡིན་ཏེ་འདི་ལ་ཕྱག་རྒྱ་ཆེན་པོ་ཟེར། གསང་སྔགས་དབུ་མ་ཡིན་སེམས་ཙམ་ཡིན་ཟེར་ཏེ་དབུ་མ་མཐའ་གཉིས་དང་བྲལ་བ་ཡིན། གསང་སྔགས་མཐའ་རང་ཡིན་ཏེ་ཨོཾ་བཛྲ་པུཥྤེ་ཞེས་པ། བཛྲ་སྟོང་པ་ཉིད་ཡིན་ཏེ་མ་སྐྱེས་པ་དེ་དང་པུཥྤེ་སྐྱེས་པ་གཉིས་པོ་གཅིག་སྟེ། ཐམས་ཅད་རང་བཞིན་དག་པ་གདོད་ནས་ཞི་བ་ཡིན་པས་དེ་ལྟར་མེ་ཏོག་རེ་རེ་ལ་ཡང་ཞིང་ཁམས་རེ་རེ་འོང་བ་ཡིན་ཏེ་འདི་རྣལ་འབྱོར་པས་གསུངས་ཏེ། འདིར་ངོ་བོ་ཉིད་ཀྱི་སྐུ་གོ་བ་ཡིན་ང་རང་གིས་སོ།།


previousརྗེ་ཕག་མོ་གྲུ་པའི་ཐུགས་དམ་གྱི་ལྷ་འགའ་ཞིག་གི་མངོན་རྟོགས་དང་ལོ་རྒྱུས།། next