Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
འཁོར་འདས་ཀྱི་བདེ་ལེགས་ཐམས་ཅད་ཤེས་རབ་ཕར་ཕྱིན་ལས་འབྱུང་བར་བསྟན་པ།།
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousའཁོར་འདས་ཀྱི་བདེ་ལེགས་ཐམས་ཅད་ཤེས་རབ་ཕར་ཕྱིན་ལས་འབྱུང་བར་བསྟན་པ།། next

འཁོར་འདས་ཀྱི་བདེ་ལེགས་ཐམས་ཅད་ཤེས་རབ་ཕར་ཕྱིན་ལས་འབྱུང་བར་བསྟན་པ།།

ཡང་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ཐོག་མར་དགེ་བ་ཚེ་འདི་དང༌། བདེ་འགྲོ་ལྷ་དང་མིའི་འཁོར་ལོས་བསྒྱུར་བ་མན་ཆད། བར་དུ་དགེ་བ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཐ་མར་དགེ་བ་བླ་ན་མེད་པའི་བྱང་ཆུབ་ཐམས་ཅད་ཀྱང་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་སྟེ། སངས་རྒྱས་སྲས་དང་ཉན་ཐོས་རང་རྒྱལ་ལྷ་རྣམས་དང༌། ཞེས་པས། ཡང་ཕ་རོལ་ཏུ་ཕྱིན་པ་ནས་ཉན་ཐོས་ཤཱ་རིའི་བུ་དང་མོའུ་འགལ་བུ་དང༌། སྟོང་གསུམ་གྱི་སྟོང་ལྡོམ་བུའི་ཚལ་ལམ་བུ་རམ་གྱི་ཚལ་ལྟ་བུར་གང་བའི་ཤེས་རབ་ཀྱིས། བྱང་ཆུབ་སེམས་དཔས་སེམས་དང་པོར་བསྐྱེད་པའི་ཤེས་རབ་ཀྱི་བརྒྱའི་ཆ་དང་སྟོང་ནས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་མི་ཕོད་ཞེས་པ་དང༌། རབ་ཏུ་དད་པས་རབ་ཏུ་དད་པ་ལ། ལྷག་པར་མོས་པས་ལྷག་པར་མོས་པ་ལ། སེམས་བསྐྱེད་པས་སེམས་བསྐྱེད་པ་ལ། ཞེས་པས་བྱང་ཆུབ་སེམས་ཞིང་དག་དེ་བས་ཀྱང་གསང་སྔགས་ཀྱི་རྣལ་འབྱོར་པ་བསྐྱེད་རྫོགས་ཟུང་དུ་འཇུག་པ་སྒོམ་པ་ཞིང་དག་སྟེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བ་ལ་རྣལ་འབྱོར་པ་ཞེས་རིན་པོ་ཆེས་གསུངས་གསུང་བས། ཁྱི་ཐུལ་དང་བུད་མེད་ཅན་ལ་མི་ཟེར། ཚོགས་འཁོར་ཡང་ཤ་ཆང་དང་བུད་མེད་ཀྱི་ཁ་ན་མེད། གཉིས་སུ་མེད་པའི་དོན་བསྒོམ་པའི་རྣལ་འབྱོར་པས་ཅི་ལོངས་སྤྱོད་པ། ཞི་གནས་དང་ལྷག་མཐོང་དེ་བསྒྲུབ་པའི་རྒྱུའི་ཚོགས་པར་སོང་བས་ཚོགས་ཡིན་ལ། དེ་རྒྱུན་མི་ཆད་དུ་འཁོར་བས་འཁོར་ལོ་བྱ་བ་ཡིན་ཏེ། བསོད་ནམས་མཐར་ཐུག་ཚོགས་འཁོར་ལོ། །ཞེས་སོ། །སངས་རྒྱས་པས་ཀྱང་བླ་མ་ཞིང་དག་པས་སློབ་དཔོན་སྐྱེས་བུ་བ་བྱ་བའི་ཞལ་ནས། སམ་བྷུ་ཊ་ནས། དུས་གསུམ་སངས་རྒྱས་ཀུན་མཆོད་པས། །བླ་མའི་བ་སྤུ་ཁུང་ཞིག་མཆོག །ཅེས་པས། བསོད་ནམས་བརྒྱའི་ཆར་ཡང་མི་ཕོད་དོ་ཞེས་པའམ། བླ་མ་ལ་དཀོན་མཆོག་གསུམ་ཚང་བའམ། ཡང་གང་ཟག་རབ་ལ་སྣང་གྲགས་ཐམས་ཅད་ཆོས་ཀྱི་སྐུར་མཐོང་བ། ལོངས་སྐུ་སྒྱུ་མ་ལྟ་བུ་སྐུ་ལ་ཞིང་ཁམས་བསམ་གྱིས་མི་ཁྱབ་ཅིང་ཞིང་ཁམས་ཐམས་ཅད་ལ་སྐུས་ཁྱབ་པ། སྤྲུལ་སྐུ་སྟོན་པ་འདིས་ཐམས་ཅད་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། གྲངས་མེད་གསུམ་ན་སྲོད་ལ་བདུད་བཏུལ། ཐོ་རངས་ཡེ་ཤེས་ཆེན་པོའི་མེས་ཤེས་བྱའི་སྒྲིབ་པ་བསྲེགས་ཏེ། རྡོ་རྗེའི་ཏིང་ངེ་འཛིན་གྱིས་སངས་རྒྱས་ནས་ཝ་ར་ཎ་སཱི་ལ་སོགས་པར། བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ཆོས་ཀྱི་སྐུ་སྐྱེ་བ་མེད་པའི་གཤིས་དེ་ལ་གང་ཟག་གི་སྣང་ལུགས་གསུམ་དུ་བྱུང་བ་ཡིན། དེ་ཡང་མཐོང་ཆོས་བསྒྲུབ་པ་ལ་ཞིང་བསམ་པ་དངོས་པོ་གསུམ་གཅིག་ཏུ་འགྲོ་དགོས་པས། གསང་སྔགས་པ་ཝ་ར་ཎ་སཱི་ནས་གཞི་མལ་མལ་དོག་ཆམ་ཆམ་དུ་སངས་རྒྱས་པ་རང་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་ལས་ཕུང་པོ་ཁམས་དང་སྐྱེ་མཆེད་འབྱུང་བ་ས་ཆུ་མེ་རླུང་དུ་བསམ་པ་ཡང༌། སྲ་བ་ས། བརླན་པ་ཆུ། དྲོ་བ་མེ། བུ་ག་ནམ་མཁའ་དཀར་བར་བཤད་པ་འདིར། སངས་རྒྱས་ལྔ་བྱང་ཆུབ་སེམས་དཔའ་དྲུག་དང་ཡུལ་ལྔ་ཡིན་ཏེ། དེས་ན་སྣང་གྲགས་ཀྱི་དངོས་པོ་ཐམས་ཅད་ནི་དེ་རྣམས་སུ་འདུས། དེ་རྣམས་སུ་སངས་རྒྱས་པ་ཡིན་ཏེ་གཅིག་ཏུ་སོང་བས་སོ།།


previousའཁོར་འདས་ཀྱི་བདེ་ལེགས་ཐམས་ཅད་ཤེས་རབ་ཕར་ཕྱིན་ལས་འབྱུང་བར་བསྟན་པ།། next