Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
རྒྱུད་སྡེ་ཐམས་ཅད་ཀྱི་དོན་རྟེན་འབྲེལ་ལ་འཕྲིག་ཚུད་དགོས་པར་གདམས་པ།།
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousརྒྱུད་སྡེ་ཐམས་ཅད་ཀྱི་དོན་རྟེན་འབྲེལ་ལ་འཕྲིག་ཚུད་དགོས་པར་གདམས་པ།། next

རྒྱུད་སྡེ་ཐམས་ཅད་ཀྱི་དོན་རྟེན་འབྲེལ་ལ་འཕྲིག་ཚུད་དགོས་པར་གདམས་པ།།

ཡང་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རྗེ་རིན་པོ་ཆེའི་ཞལ་ནས་སློབ་དཔོན་འོད་འཛེ་བའི་ཞལ་ནས། སྤྲེའུ་ཏིང་ཏིང་གི་ཆུ་འཐུང་བ་དང་འདྲ་སྟེ་སྲན་རྡོ་གཅིག་གི་ཆེད་དུ་ཆུ་འཐུང་བ་བཞིན་དུ། གཅིག་གཉིས་ཀྱི་ཆེད་དུ་ཚོགས་ཆོས་བཤད་པ་ཡིན། ང་ཡང་དེ་དང་འདྲ། དེ་ལ་སངས་རྒྱས་ཀྱི་ཆོས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་མ་ལུས་པ་ཐམས་ཅད་རྟེན་འབྲེལ་ཟུང་དུ་འདུས་པ་ཡིན་པས། འདི་ལ་འཕྲིག་འཇུག་དགོས། དེ་ཡང་ཞིང་བསམ་པ་དངོས་པོ་གསུམ་གྱི་མཐོང་ཆོས་བསྒྲུབ་དགོས་ཏེ། བླ་མ་སངས་རྒྱས་ཀྱི་ཞིང་ཡན་ལག་བདུན་པ་ལ་སོགས་ཀྱི་ཏིང་ངེ་འཛིན་དང་དངོས་སུ་མཆོད་པ། སེམས་ཅན་གྱི་ཞིང་གསུང་རབ་ལ་སོགས་ནས། སྦྱིན་པས་དོན་བྱེད་པ་དང༌། ཚུལ་ཁྲིམས་མདོ་སྡེ་དྲིན་ལན་གསབ་པ། ཉིན་མོ་མི་བསྲུང་མཚན་མོ་བསྲུང་བ་ལ་སོགས་པ་གསུངས་ཏེ། དེའི་ལུང་དགེ་སློང་གྲྭ་བྱི་ལའི་སྤྲིན་སྨད་འཚོང་མར་སྐྱེས་པ་ལ། འཕགས་པ་པི་ལིང་ཏས་འདོད་ལོག་ཉིན་པར་མི་བརྟེན་པའི་སྡོམ་པ་ཕོག་པས། ཉིན་མོ་བདེ་བ་ལ་ལོངས་སྤྱོད་ཅིང་མཚན་མོ་སྲིན་ཤིན་ཏུ་འཇིགས་པས་ལུས་དཀྲིས་ཏེ་ཀླད་པ་འཐུང་བའི་སྡུག་བསྔལ། ཡང་ཤན་པ་ལ་མཚན་མོའི་སྲོག་སྡོམ་ཕོག་པས། ཉིན་པར་དམྱལ་བའི་སྡུག་བསྔལ་མི་བཟད་པ་ལ། མཚན་མོ་སུམ་ཅུ་རྩ་གསུམ་གྱི་ལྷའི་བདེ་བ་དང་ལྡན་པར་བཤད་པས། དེས་ན་ཆགས་སྡང་རྨོངས་གསུམ་གྱི་རྗེས་སུ་ལས་ཐམས་ཅད་འབྲེང་བས། ཞེ་སྡང་ཆེན་པོས་སངས་རྒྱས་ལ་གསོལ་བ་བཏབ་ན་སྡུག་བསྔལ་ཆེན་པོ་མྱུར་དུ་འབྱིན་ཏེ། ཡང་སྐྱེས་རབས་ནས་རྒྱལ་པོའི་ཆུང་མ་དགེ་སློང་པ་ར་ཙས་ཕྲོགས་པ་ལ། ཉོན་མོངས་པ་རྡུལ་བཞིན་འགོ་བ་ཡིན། སྐྱེ་ནི་སྐྱེ། ཇི་ལྟར་གསོལ་བ་བཏབ་པ་བཞིན་ནོ། །ཡང་གཞན་ལ་འདོད་པའི་བསམ་པས་འགྲུབ་པར་འདོད་ན་ཡང་དཀོན་མཆོག་ལ་ཚོགས་གསོག་དགོས་ཏེ། ཡུལ་མ་ག་དྷའི་སེར་སྲུང་གིས་རིག་སྔགས་ཀྱི་ཁུངས་བྱས་པ་ལ་སེར་བ་མ་བབ་པས། ཡུལ་པ་ན་རེ་ཁྱོད་ཀྱིས་བསྲུངས་པ་མིན་མི་འབབ་པ་ཡིན་ཟེར་བ་ལ། ཞེ་སྡང་སྐྱེས་པས་མ་ག་དྷ་པ་འདི་སེར་བས་སོག་མ་ཙམ་ཡང་མེད་པར་བྱེད་པ་ལ་ཅི་བྱས་ན་འགྲུབ་ཞེས། ཚེ་གཅིག་ཏུ་རབ་ཏུ་བྱུང་ནས་ཚངས་པར་སྤྱོད་ན་སྨོན་ལམ་གྱིས་འགྲུབ་ཟེར་བ་མ་རེད་ནས། ཡང་སངས་རྒྱས་ཀྱི་འཁོར་བུམ་པ་བཟང་པོ་ལྟ་བུ་ལ་བསོད་སྙོམས་ཕུལ་ནས་སྨོན་ལམ་བཏབ་ན་འགྲུབ་ཞེས་པ་ལ། ཤཱ་རིའི་བུ་དང་མོ་འགལ་བུ་གཉིས་ལ་བསྙེན་བཀུར་ནས་སྨོན་ལམ་བཏབ་པས། བུ་དང་ཆུང་མ་དང་ཀུན་གྱིས་ཀྱང་སྨོན་ལམ་བཏབ་པས་མ་འོངས་པ་ན། ཀླུ་མཐུ་བོ་ཆེར་སྐྱེས་ནས་སེར་བས་སོག་མ་ཡང་མི་ལུས་པར་བྱས་པས་ཀླུ་རྒྱལ་སོག་མ་མེད་དུ་སྐྱེས་པའམ། ཡང་མ་ག་དྷར་དུ་རུ་ཀའི་དམག་འོང་བ་ལ་མགོན་པོ་སྟག་བཞོན་འདར་བས་ཅི་ཡིན་དྲིས་པས། ཁོའི་དམག་དཔོན་དེ་གཤིན་རྗེ་གཤེད་ལ་བསྙེན་པ་བྱེ་བ་དུང་ཕྱུར་བསྐྱལ་བས་ངས་ཁོའི་གཟི་བརྗིད་མ་བཟོད་པ་ཡིན་ཟེར་སྐད། དེ་ལ་བོད་ཕུང་བར་འདོད་པའི་བསམ་པས་བསྙེན་པ་བསྐྱལ་ལམ། དེས་ན་བསམ་པ་ཆགས་སྡང་རྨོངས་གསུམ་སྐྱེས་པའི་དུས་སུ་བསོད་ནམས་ཀྱི་ལས་མི་བྱ་སྟེ། འདི་མན་ངག་ཡིན་པས་སྔགས་ན་རྡོ་རྗེའི་དཀྱིལ་ཀྲུང་དང་རྣལ་འབྱོར་གྱི་རོལ་པ་ཡོད་པ་ལ། རོལ་པ་ཁྲོ་བོའི་རྒྱལ་པོའི་འདུག་སྟངས་བྱས། ངག་ཏུ་ཡི་གེ་བཅུ་པ་བཟླས། སེམས་ཏིང་ངེ་འཛིན་དང་མ་བྲལ་བའི་འཁྲུལ་འཁོར་གསུམ་པོས་ཉོན་མོངས་པ་ཚར་གཅོད་པ་གལ་ཆེ། རྟོག་གཉིས་ཅིག་ཅར་མི་འབྱུང་བའི་གནད་ཀ་དེ་ཡིན་པས། དམ་པ་རྒྱ་གར་ལ་སློབ་དཔོན་པདྨ་བཛྲ་གཅོད་ཕུར་གསུམ་གྱི་གདམས་པ་གནང་སྟེ། ཉོན་མོངས་པ་བྱུང་ན་ཕཊ་ཟེར་བ་དེ་ཡིན་ཏེ་ཟབ། དེ་ལྟར་སྲུང་བའི་རྗེས་ལ་ཡང་བྱམས་སྙིང་རྗེ་རྒྱུད་ལ་ཅི་སྐྱེ་བསྒོམས་ལ། དེ་ནས་ཀྱང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་དགེ་བ་བྱ། དེས་ན་བསམ་པ་དེ་ལྟ་བུའི་རྗེས་སུ་འབྲངས་པའི་ལུས་ངག་ཡིད་གསུམ་གྱི་མཐར་ཐུག་གྲུབ་ན། ལས་དེ་ལྟ་བུ་གྲུབ་པ་ཤིན་ཏུ་ཁམ་ཆེ། ཡང་རྟེན་འབྲེལ་གྱི་ངོ་སྤྲོད་ཅིག་བྱ་ན་རྟོག་པ་གློ་བུར་བ་ཞེ་སྡང་ལྟ་བུ་ཞིག་སྐྱེས་ན་དེ་དམྱལ་བའི་ལུས། དེ་དུས་ཀྱི་རྣམ་པར་ཤེས་པ་དེ་མ་རིག་པ། གཉིས་དང་བཅུ་པ་ལས་ཡིན་ཞེས་པ་འདུ་བྱེད། དེའི་རྗེས་སུ་འབྲངས་པའི་ཡུལ་སྙིང་རྗེ་མེད་པར་གསོད་པ་ཞིག་ལ་དངོས་པོ་ཡུལ་ལམ་ཁང་ཁྱིམ་ལ་སོགས་པ་བྱིན་ནས་གསོད་དུ་བཅུག་པ་ལས། དེས་དམྱལ་བའི་ཁང་ཁྱིམ་དང་མེ་ཏོག་ལ་སོགས་པ་མཛེས་པའི་སྣང་བ་བྱུང་ནས་དེར་ཕྱིན་པ་དང༌། ལྕགས་སྲེག་གི་ས་གཞིའི་ལྕགས་ཁང་མེ་འབར་བར་སོང་སྟེ། དེ་ལྟ་བུའི་རྣམ་པ་མྱོང་བ་དེ་ལས་འདུ་བྱེད་ཡིན་པར་གསུང་རབ་ནས་བཤད། དེས་འདྲེས་ནས་རྟོག་པ་ཡུལ་དཀོན་མཆོག་དང་བླ་མ་ལ་དད་ཅིང་བྱམས་པ་དང༌། དགེ་བ་བཅུའི་འདུ་བྱེད་ཀྱིས་འདོད་ཁམས་ཀྱི་མི། སྙིང་རྗེས་འདོད་ཁམས་ཀྱི་ལྷ། དེའི་སྟེང་དུ་ཏིང་ངེ་འཛིན་གྱིས་གཟུགས་ཁམས་ཀྱི་ལྷ། མི་གཡོ་བའི་ཏིང་ངེ་འཛིན་གྱིས་གཟུགས་མེད་ཀྱི་ལྷ་སྟེ། ཆོས་དེ་ཡིན་སངས་རྒྱས་དང་དགེ་འདུན་ལ་དད་པ་ཡོད་ན་བླ་ན་མེད་པའི་རྒྱུར་ཡང་འགྲོ་སྟེ། དེས་ན་སྐྱབས་འགྲོ་ཟབ་པ་ཡང་དེ་ཡིན། ད་དེ་ལ་འཕགས་པ་ཞེས་པ་སྐྱེ་བ་མེད་པའི་དོན་མཐོང་བ་དེ་ཡིན་ཏེ། ཉན་ཐོས་སམ་རང་སངས་རྒྱས་སམ་བྱང་ཆུབ་སེམས་དཔའ་དེ་ཡང་ལྟ་བ་སོ་སོའི་འཛིན་པ་བཏང་བ་ཡིན་ལ། འདུ་བྱེད་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སངས་རྒྱས་ཀྱི་ཞིང་ཁམས་སྦྱོང་ཞིང་སེམས་ཅན་གྱི་དོན་བྱེད་པ། ལ་ལ་སྦྱིན་པའི་སྒོ་ནས། ལ་ལ་ཚུལ་ཁྲིམས་ཀྱི་སྒོ་ནས། ལ་ལ་ཐོས་པ་འབའ་ཞིག་གི་སྒོ་ནས་བྱེད་དེ་གསུམ་གྱི་རིམ་པའམ། སྤྱན་རས་གཟིགས་སྙིང་རྗེ་ཆེ་བ་དང༌། འཇམ་དཔལ་ཤེས་རབ་ཆེ་བ་དང༌། མི་འཁྲུགས་པ་ངན་སོང་སྦྱོང་བ་ལ་སོགས་པ་འདུ་བྱེད་པ། རྒྱུའི་དུས་ན་མི་འདྲ་བས་དེ་ལྟར་འབྱུང་ལ། རང་བཞིན་ལ་སངས་རྒྱས་དང་དམྱལ་བ་ཡང་ཆོས་ཉིད་ཀྱི་ངོས་ནས་ཁྱད་མེད། ཡང་སངས་རྒྱས་ལ་ཆེ་ཆུང་ཡོད་པ་མིན་ཡང་གསུངས། །


previousརྒྱུད་སྡེ་ཐམས་ཅད་ཀྱི་དོན་རྟེན་འབྲེལ་ལ་འཕྲིག་ཚུད་དགོས་པར་གདམས་པ།། next