Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
ཚད་མ་གསུམ་གྱི་སྒོ་ནས་སྡོམ་པ་རྟེན་ཅན་དུ་བཞེད་པའི་དགོངས་པ་གསལ་བར་བསྟན་པ།།
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousཚད་མ་གསུམ་གྱི་སྒོ་ནས་སྡོམ་པ་རྟེན་ཅན་དུ་བཞེད་པའི་དགོངས་པ་གསལ་བར་བསྟན་པ།། next

ཚད་མ་གསུམ་གྱི་སྒོ་ནས་སྡོམ་པ་རྟེན་ཅན་དུ་བཞེད་པའི་དགོངས་པ་གསལ་བར་བསྟན་པ།།

ཡང་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཡང་འོ་སྐོལ་གྱི་རྒྱུད་པ་འདི་སྡོམ་པ་རྟེན་ཅན་དུ་འདོད་པས་ཇོ་བོ་རྗེ་ལྷ་གཅིག་དང༌། བླ་མ་རིན་པོ་ཆེའི་ལུང་གི་ཚད་མ་དང༌། བདེ་བར་གཤེགས་པའི་བཀའི་ཚད་མ་དང༌། རྣལ་འབྱོར་པའི་ཉམས་མྱོང་གི་ཚད་མ་དང་གསུམ་གར་ཡོད་དེ། ཉང་བྲན་ལ་སོགས་པ་རྟེན་མེད་ཟེར་བ་དེའི་རབ་བྱུང་གི་བར་ཆད། དེ་རྣམས་གཞན་ལ་སྦྱར་བར་ཟད་དེ། རིགས་བདུན་གྱི་སོ་སོར་ཐར་པ་གཞན་ལ་བཀག་པ་འདུལ་བ་ན་ཡང་མི་གདའ། སོ་སོར་ཐར་པའི་སྡོམ་པ་ཁོ་སྤོང་སེམས་ལ་འདོད་པས་ཉོན་མོངས་པ་ཆེ་འབྲིང་གསུམ་གྱི་གཉེན་པོར། ཕམ་ལྷག་དང་སྤང་ལྟུང་དང༌། ཉེས་བྱས་དང་བསླབ་བྱའོ། །དེ་ཡང་འདུལ་བ་ནས་ཉོན་མོངས་པ་མངོན་འགྱུར་རགས་པའི་གཉེན་པོར་གསུངས། འདོད་ཆགས་འདོད་ཆགས་དང་བྲལ་བ་དང༌། སེམས་རྣམ་པར་གྲོལ་བ་དང༌། ཤེས་རབ་རྣམ་པར་གྲོལ་བའི་ཆོས་སྟོན་ཞེས་གསུངས་པས། དེ་ཡང་ཉོན་མོངས་པ་འཁྲིག་པ་འདི་སྔར་མེད་པ་ཀ་ལན་དྷ་ཀའི་བུ་བཟང་བྱིན་གྱིས་སེམས་ཅན་སུན་སྟོན་པས་དེ་ལས་བཅས་ཏེ། དེ་ཡང་ཆད་ལྟར་ཡོད་པ་ལ་དེ་ནས་མིར་སོང་བ་འདྲ་ཡང༌། དེས་ན་གསུང་རབ་ནས་དུད་འགྲོ་དང་ཡི་དྭགས་དང་མ་ནིང་ཀུན་ལ་སོ་སོར་ཐར་པ་སྐྱེ་བར་བཤད་པ་ནས་འདུག་པས། སྤོང་སེམས་འདི་བྱང་ཆུབ་སེམས་དཔའི་སྡོམ་པ། གསང་སྔགས་ཀྱི་དམ་ཚིག་ཐམས་ཅད་ནས་ཉོན་མོངས་པ་གསུམ་པོ་སྤོང་བའི་གཉེན་པོར་གསུངས་པ་དེ་རྩ་བར་འགྲོ་སྟེ། སོ་སོར་ཐར་པའི་སྤོང་སེམས་ཀྱིས་ལུས་ངག་བསྡམས་པས་ཏིང་ངེ་འཛིན་སྐྱེ་བས་ཉན་ཐོས། དེ་ཡང་གསང་སྔགས་འདི་སྤྱིར་སྡེ་སྣོད་གསུམ་གར་འདུ་བའི་ལུང་ཡོད། ཁྱད་པར་མདོ་སྡེ་མང་ཡང་ཙཀྲ་སམ་ཝ་ར་འདི་འདུལ་བ་དང་མཐུན་ཆེ་སྟེ། ལས་ཀྱི་ཕྱག་རྒྱ་བསྟེན་ལུགས་ལ་སོགས་པ་ཞིབ་པས་དེས་ན་ཁམས་བྱང་ཆུབ་ཀྱི་སེམས་འདི་སྔགས་ན་འདུལ་བ་བས་དོག དེ་ལ་ཐེག་པ་ཆེན་པོ་གསང་སྔགས་ནི་ཉོན་མོངས་པ་ལ་གནད་དུ་བསྣུན་པ། ཕ་རོལ་ཏུ་ཕྱིན་པ་ནི་སེམས་གནད་དུ་བསྣུན་པས་ཕྱག་རྒྱ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དང་ཐུན་མོང་ཡིན་ཞེས་པའི་དོན་ཡང་དེ་ཡིན། དེ་ལ་གསང་སྔགས་ཉོན་མོངས་པ་དུག་གསུམ་རང་ལ་གནད་དུ་བསྣུན་པས་ཟབ་སྟེ། དཔེ་སྨན་པས་བཙན་དུག་ལ་ནུས་པ་ཡོད་པས་སྨན་དུ་འགྲོ་བ་དང་འདྲ་བར། ཉོན་མོངས་པ་འདོད་ཆགས་སྐྱེ་བའི་རྫས་ཤ་ཆང་དང་བུད་མེད་དང་ཐོད་པ་སྲུབས་མེད་ལ་སོགས་པ་ཉོན་མོངས་པ་རང་དབང་མེད་པར་སྐྱེ་བ་ཡིན་ཏེ། གཏུམ་མོ་ལྟ་བུ་བསྒོམས་པས་ཀྱང་དེ་སྐྱེ་སྟེ་དེ་ལ་སྤོང་སེམས་ཀྱིས་གདམས་ན་ཆགས་སྡང་རྨོངས་གསུམ། བདེ་གསལ་མི་རྟོག་པ་གསུམ་གྱི་ཏིང་ངེ་འཛིན་གསུམ་དུ་འོང་བ་དེ་ལ་ཡང་མ་ཞེན་པར་བསྒོམ་ན། འདོད་པའི་འདོད་ཆགས་དང་གཟུགས་ཀྱི་འདོད་ཆགས་དང༌། གཟུགས་མེད་པའི་འདོད་ཆགས་དང་བྲལ་ནས། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བའི་སྐུ་གསུམ་དུ་འབྱུང་བ་ཡིན་ཏེ། དེ་ཡང་གཏུམ་མོ་ལྟ་བུ་ཞིག་བསྒོམས་པས་ཉོན་མོངས་པ་ཆགས་པ་ཚུགས་པ་མེད་པ་ཞིག་སྐྱེས་ན། དེ་ལ་གདམས་པ་ཡི་དམ་གྱི་བསྐྱེད་རིམ་ཤིན་ཏུ་དྲག་པར་བསྒོམ། གསལ་བ་རུས་སུ་ཐོན་ནས་དེར་འགྱུར་ཏེ་དགྲ་གཉེན་དུ་ཆོད་པའི་དཔའ་བོ་བྱ་བ་ཡང་དེ་ལ་ཟེར་ཏེ། གྲུབ་ཐོབ་ཀྱི་ཡོན་ཏན་དཔག་ཏུ་མེད་པ་དེ་ལས་འབྱུང༌། དེའི་ཤེས་རབ་ཀྱི་ཆ་དབང་གི་དུས་ན་ཕུང་པོ་ཁམས་ལྟར་ངོས་སྤྲོད་པ་དེ་ལ་ངེས་ཤེས་སྐྱེས་ན་དེ་རང་ཡིན། དེ་བཞིན་དུ་ཞེ་སྡང་དྲག་པོ་སྐྱེས་ན་ཇོ་བོ་ཐུགས་རྗེ་ཆེན་པོ་དྲག་ཏུ་བསྒོམས་པས། སྤྲིན་ཆད་པ་བཞིན་དུ་ཞེ་སྡང་རལ་རུལ་དུ་འགྲོ་ནས་སྙིང་རྗེ་སྐྱེ། གཏི་མུག་གཉིད་ཐུབ་ཐབས་མེད་པ་ཡང་གཉེན་པོ་བསྟེན་ནས་བསྒོམས་པས་འོད་གསལ་དུ་འགྲོ་སྟེ་མི་རྟོག་པ། ཞེ་སྡང་གིས་གསལ་བ་བདེ་གསལ་མི་རྟོག་པ་གསུམ་པོ་དེ་ཡང༌། བདེ་བ་ཁོལ་བུ་ལྟ་བུ་མ་ཡིན་ཏེ། ཟག་བཅས་དང་ཟག་པ་མེད་པ་ཐམས་ཅད་ཀྱི་བདེ་བ། གསལ་བ་ཡང་ཁ་བ་བབ་པ་ལྟ་བུ་མ་ཡིན་ཏེ། ཟླ་བ་ཤར་བ་ལྟ་བུའང་མ་ཡིན། གཟུང་བ་དང་འཛིན་པ་སྙིང་རྗེ་སྐྱེ་བའི་ཡུལ། སྣོད་བཅུད་ཀྱིས་བསྡུས་པ་ཐམས་ཅད་གསལ་བ་དེ་ལ། འཕགས་པ་ཡབ་སྲས་ཀྱིས་གསལ་བའི་ཏིང་ངེ་འཛིན་ཡང་དེ་ཡིན་ཏེ། མི་རྟོག་པ་ལ་ཡང་སྐྱེ་བ་མེད་དང་སྐྱེ་བ་གཉིས་ཀར་མི་རྟོག་པའི་བདེ་གསལ་མི་རྟོག་པ་གསུམ་དུ་ཐམས་ཅད་འདུས་ཏེ། དེ་སྐུ་གསུམ་ཀྱང་དེ་ཡིན། ཉོན་མོངས་པ་སྤངས་པའི་ལག་རྗེས་གསུམ་ཀྱང་འབྱུང་བ་ཡིན་ནོ། །དེས་ན་དེ་རྣམས་ཐམས་ཅད་འབྱུང་བའི་རྒྱུ་ཅི་ཡིན་ན། སློབ་དཔོན་བིརྺ་པས་རླུང་དབུ་མར་འཇུག་པའི་དུས་བཞིར་བཞེད་ཀྱང༌། དཔལ་ལྡན་ནཱ་རོ་པས་དབུ་མར་འཇུག་པའི་དུས་བཅུ་དྲུག་དུ་བཞེད་དེ། ཆང་གིས་ར་རོ་བ་དང༌། སྨྱོ་བ་དང༌། བརྒྱལ་བ་དང༌། གཡང་དུ་ལྷུང་བ་དང༌། ཉོན་མོངས་པ་དྲག་པོ་སྐྱེས་པ་ལ་སོགས་བཤད་པས་ངེད་སྙིང་རྗེའི་རྗེས་སུ་འབྲང་བ་ཡིན། བདེ་གསལ་མི་རྟོག་པ་སྐྱེ་བ་ཡང་གཏུམ་མོ་བསྒོམ། རླུང་ནང་དུ་ལོག་ནས་དེ་ལྟ་བུ་འབྱུང་ལ་རྫས་གཞན་གྱིས་ཀྱང་དེ་འོ། །ཡང་གཉིད་མ་ཐུབ་པའི་དུས་སུ་གཉེན་པོ་བརྟེན་ནས་གཏུམ་མོའམ་སྐྱེད་རིམ་ལྟ་བུ་བསྒོམས་པས། ཚ་བའི་རིམ་གྱིས་བཏབ་པ་བཞིན་དུ་སྣང་བ་འདི་བུན་ལོང་ལོང་སོང་ནས་འོད་གསལ་དུ་འགྲོ་བ་ལ་ཚེགས་མེད། དུས་ཐམས་ཅད་དུ་འཁོར་བར་འཁྱམས་པ་ནི་གཉིད་ཀྱིས་ལེན་པས་འདི་ཡང་སྤངས་དགོས་གསུངས། ང་ལྷ་སའི་ཐང་ལ་ཚད་པས་ངལ་བ་ལ་དེ་ལྟར་བསྒོམས་པས་འོད་གསལ་དུ་སོང་ནས་གཉིད་གར་སོང་ཆ་མེད། སྐད་ཅིག་མ་སྔ་མ་ལ་འདོད་ཆགས་ཡིན་ཏེ་སྐད་ཅིག་མ་གཉིས་པ་ལ་བདེ་བར་འགྲོ་བ་ཡིན་པས། འདོད་ཆགས་བདེ་བར་བསྒྱུར་མཛད་གསོལ། །ཞེས་པའི་དོན་ཡང་དེ་ཡིན། བདེ་གསལ་མི་རྟོག་སྐྱེས་ཙམ་ལ་བཞག་པས་གྲུབ་ཐོབ་མི་འོང༌། དེས་ན་སོ་སོ་ཐར་པ། བྱང་ཆུབ་སེམས་དཔའི་བསླབ་པ། གསང་སྔགས་ཀྱི་དམ་ཚིག་གསུམ་ཡང་གཅིག་ཡིན་ཏེ། ན་འཕར་ལ་མེད་དེ་ལྟར་བཏགས། ཡུལ་བུད་མེད་ལྟ་བུ་ལ་བསམ་པ་ཐ་མལ་གྱི་ཆགས་སེམས་ཀྱིས་ལུས་ངག་རྒྱན་རོ་དང་བཅས་པ་ལྟ་བུས་མཐར་ཐུག་གྲུབ་ན་ཉན་ཐོས་ཀྱི་རྩ་བ་ཆད་དེ། དགེ་སྦྱོང་གི་འབྲས་བུ་བཞི་མི་འགྲུབ། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་ཡང་རྩ་ལྟུང་དུ་འགྱུར་ལ། དེ་མ་ཡིན་པ་ལུས་ཧེ་རུ་ཀ་དང་བདག་མེད་པར་མཉམ། གསང་སྔགས་སུ་མཁའ་གསང་བྱིན་གྱིས་བརླབས་ནས་ཕྱག་རྒྱ་བསྟེན་པས། སྡོམ་པ་མི་ཉམས་པ་གསང་སྔགས་ཀྱི་གྲུབ་མཐའ་རང་ཡིན་ཏེ་རྡོ་རྗེ་པདྨའི་ཁར་བཞག་པ་ལ་ཉེས་པ་ཅི་ཡོད། བསམ་པ་སྦྱོར་བ་མཐར་ཐུག་གསུམ་མ་ཚོགས་པའི་ཁ་ཡར་བ་ལ་ཕམ་ལྷག་ཅང་འདོད་དམ། དེས་ཤན་འགྲོ་སྟེ་གྷ་ན་ཙཀྲ་ཡང་དེ་དང་མཚུངས་མཉམ། གསང་སྔགས་ཐབས་ལམ་གྱིས་ཉོན་མོངས་པ་བག་ལ་ཉལ་བྱ་བ་ཡན་ཆད་བསླང་ནས་སོང་བ་དེ་རིན་པོ་ཆེའི་བཞེད་པ་ཡིན། སྤོང་སེམས་བར་དོར་དགོས་པ་བསྒྲུབ་པ་དང༌། ཕྱི་མར་བྱེད་པ་རྒྱུ་མཐུན་ཏེ་ཇི་སྲིད་འཚོ་བར་མི་འགྲོ་བ་འདི་གསང་རྒྱུ་ཡིན་ཏེ་དེར་བཟླས། མདོར་ན་སྡེ་སྣོད་གསུམ་རྒྱུད་སྡེ་བཞིར་ཉོན་མོངས་པ་དུག་གསུམ་སྤོང་བར་མཐུན་ཏེ། ཆོས་ཐམས་ཅད་གཅིག་ཡིན། རྒྱ་འབག་གི་མིག་བཞིན་ཞེས་པའི་དོན་ཡང་དེ་ཡིན་གསུངས།།


previousཚད་མ་གསུམ་གྱི་སྒོ་ནས་སྡོམ་པ་རྟེན་ཅན་དུ་བཞེད་པའི་དགོངས་པ་གསལ་བར་བསྟན་པ།། next