Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
སྡེ་སྣོད་གསུམ་དང་བསླབ་པ་གསུམ་གྱི་དོན་བསྡུས་ཏེ་བསྟན་པ།། བླ་མ་རྗེ་བཙུན་རིན་པོ་ཆེ་ལ་ཕྱག་འཚལ་ལོ།།
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousསྡེ་སྣོད་གསུམ་དང་བསླབ་པ་གསུམ་གྱི་དོན་བསྡུས་ཏེ་བསྟན་པ།། བླ་མ་རྗེ་བཙུན་རིན་པོ་ཆེ་ལ་ཕྱག་འཚལ་ལོ།། next

སྡེ་སྣོད་གསུམ་དང་བསླབ་པ་གསུམ་གྱི་དོན་བསྡུས་ཏེ་བསྟན་པ།། བླ་མ་རྗེ་བཙུན་རིན་པོ་ཆེ་ལ་ཕྱག་འཚལ་ལོ།།

རིན་པོ་ཆེ་ལ་ཐེག་པ་ཆེན་པོ་གསང་སྔགས་མཐར་ཐུག་པའི་བརྗོད་བྱ་དེ་ཉིད་བྱུང་ན། དེ་རྟོག་པ་ཡོད་མེད་ཀྱི་ཁྱད་པར་གྱིས་ལམ་ཇི་ལྟར་འགྲོ་བ་ཡིན་ཞེས་པ་ལ། རྗེ་རིན་པོ་ཆེའི་ཞལ་ནས་སྤྱིར་སངས་རྒྱས་ཀྱིས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་དང༌། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་གང་ལྟར་གསུངས་ཀྱང་གཅིག་པ་ཡིན་ཏེ། སྡེ་སྣོད་གསུམ་པོ་དེ་རེ་རེ་ལ་ཡང་གསུམ་གསུམ་དུ་འགྲོ་བ་ཡིན། བསླབ་པ་གསུམ་དུ་ཡང་འགྲོ་བ་ཡིན་ཏེ། འདུལ་བའི་དབང་དུ་བྱས་ན་སྤོང་བ་བདུན་གྱིས་བསྡམས་པའི་ཚུལ་ཁྲིམས་དེ་འདུལ་བ། དེ་ལས་སྐྱེས་པའི་ཞི་གནས་ཀྱི་ཏིང་ངེ་འཛིན་རྟོག་པ་དང་བཅས། དཔྱོད་པ་དང་བཅས་བཅས་པའི་ཏིང་ངེ་འཛིན་དང༌། རྟོག་པ་མེད་ལ་དཔྱོད་པ་ཙམ་ལ་སོགས་པ་དེ་མདོ་སྡེ་ལྷག་པ་སེམས་ཀྱི་བསླབ་པ། དེ་ལྟར་བསྒོམས་པས་བདག་མེད་གཉིས་ཀྱི་དོན་རྟོགས་པར་བཤད་ནས་འདུག་པ་དེ་མངོན་པ་ལྷག་པ་ཤེས་རབ་ཀྱི་བསླབ་པ། བྱང་ཆུབ་སེམས་དཔས། སྤོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་ཞེས་བརྗོད། །ཞེས་པས། སྤོང་སེམས་དེ་སྡོམ་པའི་ཚུལ་ཁྲིམས་དེ་འདུལ་བ། སེམས་ཅན་དོན་བྱེད་ཀྱི་ཏིང་ངེ་འཛིན་དེ་མདོ་སྡེ། དགེ་བ་ཆོས་སྡུད་དེ་མངོན་པ་ཤེས་རབ་ཀྱི་བསླབ་པ། གསང་སྔགས་ཀྱི་དབང་དུ་བྱས་ན་ཁྱད་པར་དུ་དཔལ་འཁོར་ལོ་སྡོམ་པ་དམ་པའི་ཆོས་འདུལ་བ་དང་མཐུན་ཆེ་བ་ལ་སོགས་པ་དེ། རྟེན་གྱི་གང་ཟག་གཅིག་གིས་བླ་མ་མཚན་ཉིད་དང་ལྡན་པ་གཅིག་ལ་གསེར་སྲང་བརྒྱ་སྟོང་ཕུལ་ཞིང་གསོལ་བ་བཏབ་པས། དབང་མཚན་ཉིད་དང་ལྡན་པ་དེ་བཞི་རྫོགས་པར་བསྐུར་བ་ཞིག་དགོས་ཏེ། དེ་དབང་རྫས་ལས་ཀྱི་ཕྱག་རྒྱ་ལྟ་བུ་དེ་ཡང་སྐྱེས་ཐོབ་དང་སྦྱངས་པ་གཉིས་ལས། སྐྱེས་ཐོབ་ནི་རབ་པདྨ་ཅན་བྷ་གའི་ནང་ན་གསང་བའི་རྩ་པདྨའི་རྩ་བ་ལྟ་བུ་འཁྱིལ་ནས་ཡོད་པས་ཐིག་ལེ་འཛིན་པ་ལ་བཟང་བ་ལ་དེའི་ཕྱིའི་རྟགས། འབྲིང་རི་དྭགས་ཅན་རི་དྭགས་སྐྲ་བལྟབ་ནས་ཉལ་བ་ལྟར་གསང་བའི་རྩ་ཡང་དེ་ལྟར། དེ་རྟག་པ་གླང་པོ་ཅན་གསང་བའི་རྩ་གླང་པོའི་སྣ་ལྟ་བུ་བར་གྱེན་ལ་བལྟབ་པ། དུང་ཅན་མ་གསང་རྩ་གཡས་སུ་འཁྱིལ་བ་ཅན་ཏེ་སྐྱེས་ཐོབ་མའི་བུད་མེད་དོ། །སྦྱངས་པ་ལས་བྱུང་བ་ནི་སྡེ་སྣོད་ཀྱི་དོན་མ་ལུས་པར་ཤེས་པ། ཁྱད་པར་དུ་གསང་སྔགས་ལ་མཁས་པའི་གང་ཟག་དེ་ཡང༌། རླུང་ལས་སུ་རུང་བ་འོག་རླུང་སྟེང་རླུང་དུ་འདྲོངས་པ་སྟེང་རླུང་འོག་རླུང་དུ་འདྲོངས་པ། རྩ་བའི་རླུང་ཡན་ལག་ལ་འདྲོངས་པ་དེ་ལྟ་བུའི་ཐབས་མན་ངག་གི་གནད་ཀྱིས་མཉམ་པ་རྣམ་པ་གསུམ་སྟེ། ལུས་ལྷ་ཧེ་རུ་ཀ་དང་བདག་མེད་མར་མཉམ་པ། ངག་སྔགས་སུ་ཧེ་རུ་ཀ་དང་བཻ་རོ་ཙ་ནར་མཉམ་པ། ཡིད་དགའ་བ་རྣམ་པ་བཞིའམ་ཏིང་ངེ་འཛིན་དུ་མཉམ་པ། གཉིས་ཀས་མཁའ་གསང་བྱིན་གྱིས་རློབ་པ་ཡུམ་གྱིས་ཡབ་ཀྱི་རྡོ་རྗེ་རྩེ་ལྔ་པ་གསུམ་པ་ནོར་བུའི་རྩ་བར་ཨོཾ། རྐེད་པར་ཨཱཿ རྩེ་མོར་ཧཱུྂ། ཡབ་ཀྱིས་ཡུམ་གྱི་བྷ་ག་པདྨ་འདབ་མ་གསུམ་པ་དབུས་སུ་ཨས་མཚན་པ་སྟེ། གཉིས་ཀ་བསམ་པ་རྫོགས་པའི་སངས་རྒྱས་འདོད་པ་ཆགས་པའི་བསམ་པ་སྐད་ཅིག་མ་གཅིག་ཀྱང་མེད་པ་སྟེ་འདུལ་བ། དེ་གཉིས་འོ་དང་འཁྱུད་པ་དང་དྲི་སྣོམ་པ་ལ་སོགས་པ་དེ་ལས་སྐྱེས་པའི་ཉམས་དེ་དགའ་བ། རྡོ་རྗེ་དང་པདྨ་རྩེ་སྤྲད་པ་ལས་སྐྱེས་པའི་ཉམས་དེ་མཆོག་དགའ། བསྲུབ་པ་དང་སྲུབ་པའི་སྦྱོར་བ་ལས་བྱུང་བ་དེ་དག་འབྲལ་ཏེ་མདོ་སྡེ་སྟེ་ཏིང་ངེ་འཛིན་གྱི་བསླབ་པ། གཉིས་ཤོར་གཉིས་ཉམས་ཏེ་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་ཤེས་རབ་ཀྱི་བསླབ་པ་མངོན་པ་ཡིན། དེ་ལ་གནད་ཅིག་ཡོད་དེ་བླ་མ་རིན་པོ་ཆེས་ང་ལ་ཡོད་པ་ཡིན། སྟག་ལུང་ཐང་པ་ལ་ཡོད་དམ་གཞན་ཡོད་རེ་མནའ་ཐོན། ཨ་མའི་བུས་དེ་ཞུ་དགོས་བྱས་པས་ཤ་ཁོག་ཅིག་གི་གྷ་ན་ཙཀྲ་དགོས། དབང་གཞོན་གྱིས་བྱས་པས་དེ་ནས་གསུངས་པ། གནད་དེ་སྦྱང་གཞི་དགའ་བ་གསུམ་པོ་དེ་སྦྱོང་བྱེད་ལྷན་ཅིག་སྐྱེས་པའི་དགའ་བ་ཡིན་ཏེ། དང་པོར་དགའ་བ་འགྲོ་བའི་གཟུགས། །གཉིས་པ་མཆོག་དགའ་འགྲོ་བའི་གཟུགས། །གསུམ་པ་དགའ་བྲལ་འགྲོ་བའི་གཟུགས། །བཞི་པ་སྟོང་པའི་བྱང་ཆུབ་པ། །ཞེས་པས། གསུམ་པ་ཁམས་གསུམ་གྱི་འདོད་ཆགས་དེ་གསུམ་གྱི་ཉམས་དང་བྲལ་བར་ཕྱག་རྒྱ་ཆེན་པོས་བྱས་པས། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བར་བྱ་སྟེ། ལྷན་ཅིག་སྐྱེས་པའི་དགའ་བ་དེས་གསུམ་པོ་དབང་དུ་བྱས་པའི་དུས་སུ་འདོད་ཆགས་སྤངས་ཤིང་བྲལ་བས། གཏོང་བ་དང༌། ཡོངས་སུ་གཏོང་བ་དང༌། ཆེན་པོ་གཏོང་བ་གསུམ་མ་ཆགས་པ་ལས་བྱུང་བས། ཚུལ་ཁྲིམས་ཀྱིས་བསྡམས་ཤིང་ཆགས་པ་དང་བྲལ་བས། ལྷ་དང་མིས་བུ་མོས་བདུད་རྩི་འདྲེན་པ་ཡིན་ཏེ། སྔོན་སངས་རྒྱས་བྱང་ཆུབ་ཀྱི་ཤིང་དྲུང་དུ་དེ་ལྟར་སྤངས་པས། བདུད་ཀྱི་བུ་མོ་དགའ་མོ་དང༌། དགའ་སྟོབས་མ་སོགས་ཀྱིས་མཐོ་བརྩམ་པ་དེ་ཡང་གནད་འདི་ཡིན་པས། ད་ཐུན་མོང་གི་དངོས་གྲུབ་འགྲུབ་པའི་དུས་ཀྱང་འདི་ཡིན་ཏེ། མཁའ་སྤྱོད་དུ་ཁུར་ནས་བདུད་རྩི་འདྲེན་ཞིང་ཚེ་ཉི་ཟླ་དང་མཉམ་པ་ཁོང་གིས་ཕྱག་རྒྱ་མ་བྱེད། ས་སྤྱོད་ཀྱང་ལག་ཏུ་མར་མེ་ཁྱེར་ཁ་ཕུས་འདེབས་ཀྱི་བལ་ཡུལ་གྱི་ས་འོག་ཅིག་ན་ཕར་ཕྱིན་པས། ལྷས་ལྷ་མ་ཡིན་གསང་བའི་ཆུང་མ་ཆགས་པས་གདུངས་ལོ་དང་ཕྲད། ལྷའི་བདུད་རྩིས་གསོས་པས་ཁོ་དང་མཉམ་པར་སོང་ནས་ཚེ་ཉི་ཟླ་དང་མཉམ་ཞིང་ཏིང་ངེ་འཛིན་གསོ་སྦྱོང་རལ་གྱི་བུ་སྡེ་སྤྱོད་བཟང་པོ་འདི་ཡིན་མོད། འཁོར་ལོ་དང་གདུང་ལ་སོགས་ཀྱང་དེ་དང་འདྲ་སྟེ་གྲུབ་ཆེན་བརྒྱད་གྲུབ་པའི་དུས་ཀྱང་ཕྱག་རྒྱ་ཆེན་པོས་གསུམ་པོ་དབང་དུ་འདུ་བའི་དུས་ན་ཡིན། ཞེ་སྡང་མེད་པའི་བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སུ་གྱུར་ཏེ་བྱམས་པ་ཡོད་ན་ཕྱི་ངོས་སུ་སྐེ་གཅོད་པ་དང༌། སྙིང་འབྱིན་པ་འོང༌། སངས་རྒྱས་ཀྱང་སྲོད་ལ་བདུད་དམག་བྱེ་བ་བྱུང་བས། སྙིང་རྗེ་ཡོད་ན་ཁོས་ཚུར་ལ་གཏད་པས་ཅི་ཤེས་ཟེར་ནས་དབང་དུ་འདུ། བྱང་ཆུབ་སེམས་དཔའི་བདེ་བ་ལ་འགོད་པས། དཔེ་རོམ་པོའི་དབང་ཕྱུག་རྒྱལ་སློབ་དཔོན་ལ་བྱམས་པ་ཡོད་པས་སྐེ་གཅོད་ཀྱི་མི་ཐུབ། སློབ་དཔོན་གྱིས་སྙིང་རྗེ་བསྒོམས་པས་ཁོ་འདིར་བྱུང་ན་ཅི་ཤེས་ཀྱིས་ཟེར་བ་དེ་ཡིན་མོད། གཏི་མུག་དག་པས་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་ལས་འབྱུང་བ་དང༌། ལུགས་ལས་བཟློག་པའི་འོད་གསལ་དེ་མངོན་དུ་བྱེད་པས། གཏོང་བ་དང༌། ཡོངས་སུ་གཏོང་བ་བདེ་བ་ཆེན་པོ་ལོངས་སྐུ། བྱམས་པ་དང་སྙིང་རྗེ་གསལ་བས་སྤྲུལ་སྐུ། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་རྟོགས་པས་ཆོས་སྐུ། སྐུ་གསུམ་དེ་རྣམས་ཀྱང་བརྡ་ཚིག་གསུམ་དུ་འདུས་ཏེ་དགྲ་དང་མ་འགྲོགས་གཉེན་དང་མ་བྲལ། རྟག་ཏུ་རང་ཡུལ་དུ་བསྡད་བྱ་བ་ཡིན་ཏེ། སྡེ་སྣོད་གསུམ་དང་ཡང་རིམ་པ་བཞིན་དུ་སྦྱར་དུ་བཏུབ་སྟེ། འདི་ནས་མི་བཅུ་ཡོད་པ་ལ་དོ་ནུབ་འདི་རྣམས་གཅིག་གིས་དེ་ལྟར་བྱས་ན་འོང་སྙམ་པར་གོ། །གཅིག་གིས་འོང་ན་དེ་ལྟར་མིན་ནམ་སྙམ་པས་བྱེད་པ་གོ། །གཞན་ཚོ་ལ་ལུང་འདྲ་བ་དང་སྦྱོར་ཏེ་གོ་བ་མེད། གཞིའི་ཡན་ལག་ཕག་མོ་དང་དཔལ་ཧེ་རུ་ཀཿ བསམ་པའི་ཡན་ལག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པ། སྦྱོར་བའི་ཡན་ལག་པདྨ་དང་རྡོ་རྗེ་སྦྱར་བ། མཐར་ཐུག་ལྷན་ཅིག་སྐྱེས་པ་ཡེ་ཤེས་ཡེ་ནས་ཡོད་པ་དེ་ངོ་འཕྲོད་པ་ལ་ལྟུང་བ་ཅང་ཡོད་དམ། ཡང་ཞིང་དཔལ་ཧེ་རུ་ཀ་ཡབ་ཡུམ་ལ། བསམ་པ་སངས་རྒྱས་ཐོབ་པར་འདོད་པས། དངོས་པོ་དགའ་བ་བཞིའི་ཏིང་ངེ་འཛིན་གྱིས་སངས་རྒྱས་མཉེས་པར་བྱེད་དེ་ཞིང་བསམ་པ་དངོས་པོ་གསུམ་དུ་ཡང་འདུ། ཕ་རོལ་ཏུ་ཕྱིན་པ་ལས་ཚོགས་གཉིས་ཏེ་ཐབས་དེ་རྣམས་ཕ་རོལ་ཏུ་ཕྱིན་པ་ལྔ་ལ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་སྤྲད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚོགས་གཉིས་ཐབས་ཤེས་རབ་གཉིས་སུ་ཡང་འདུ། དེས་ན་ཚོགས་གསོག་དགོས་སྡིག་པ་བཤགས་དགོས། ཉོན་མོངས་པ་མ་སྤངས་པའི་སངས་རྒྱས་ཅང་སྲིད་དམ་གྱི་དོན་ཡང་དེ་ཡིན་ཏེ། བྲལ་བའི་ཡོན་ཏན་དང་རྣམ་པར་སྨིན་པའི་ཡོན་ཏན་ཡང་དེ་ཙམ་ནས་འབྱུང་བ་ཡིན་པས། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་དེ་ལ་བསམ་གཏན་གྱི་དངོས་གཞི་ཐོབ་བྱ་བ་ཡང་དེ་ཡིན་པས། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང༌། རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ལགས་སོ། །དེ་དགེ་བཤེས་ལྡུམ་ལ་བགྲོ་གླེང་ཡང་བྱས་ཏེ་མཐོང་ལམ་གྱི་དུས་ཉོན་མོངས་པ་ནི་སྤངས། སྒོམ་ལམ་གྱིས་ཅི་སྤོང་བྱས་དེའི་གཉེར་མེད་ཟེར་ནས་ཁྲོས་ཏེ། ས་བདུན་མན་ཆད་དུ་བག་ཆགས་ཀྱིས་མཚམས་སྦྱོར། ཉོན་མོངས་པ་ཡོད་ཅེས་པའི་དོན་ཡང་གྲུབ་ཐོབ་རྣམས་ཀྱང་ཕྱག་རྒྱ་བསྟེན་པ་མ་སྤོང་སྟེ། སློབ་དཔོན་ཀླུ་སྒྲུབ་ལ་ཀླུའི་བུ་མོ་ཡོད། ཀུ་ཀུ་རི་པ་ལུས་སྲུལ་པོའི་བུ་མོ་ཡོད་དེ་དེ་ཁྱི་རང་ཡིན། དེས་ན་མཁའ་འགྲོ་ཐམས་ཅད་ཀྱི་དམ་ཚིག་ཡིན་ཏེ། མཁའ་འགྲོས་ཐིག་ལེ་འཕེལ་བར་བྱེད། བསེན་མོས་ཐིག་ལེ་རྐུས་པ་ལས་ཁམ་ཆེ་བ་ཅི་ཡོད་ན་ར་ཤོར་བ་ལ་ཡང་ཅི་ཟེར། དེས་ན་དགྲ་གཉེན་དུ་ཆོད་པའི་དཔའ་བོ་བྱ་བ་ཡང་དགྲ་ཆགས་པས་ནོར་འཕྲོག ཞེ་སྡང་གིས་སྐེ་གཅོད། གཏི་མུག་གིས་ངན་སར་འཁྲིད་པ་ལ། གཉེན་གྱིས་སྐུ་གསུམ་དུ་སོང་བ་ཡིན། ཡང་མཻ་ཏྲིས་དཔེ་ཡིན། ནཱ་རོས་དོན་ཡིན། རྗེ་མར་པས་དཔེ་དོན་གཉིས་ཀའི་གཟུ་མཛད་ཀྱང༌། བྲམ་ཟེ་གཉིས་ཀར་མིན་ཏེ་གླང་པོ་ཆེ་དང་ཕག་གཉིས་ཀྱི་དཔེ་གླང་ཟད་པོས་ཕག་པར་སོང་བ་ཡང་མེད། ཕག་ཟད་པས་གླང་དུ་སོང་བ་ཡང་མེད། ཡང་འོ་སྐོལ་རང་གི་ལམ་ཅིག་ཆར་བའི་དབང་དུ་བྱས་ན་བླ་མའི་མོས་གུས་གཅིག་པུས་དེ་རྣམས་ཐམས་ཅད་དེས་ཐུབ་པར་འདུག་ཨང་ཞུས་པས། དེ་ལྟར་ཡིན་པས་དེ་ཐམས་ཅད་ཀྱང་སྐད་ཅིག་མ་གཅིག་ལ་ཚང་དུ་བཏུབ། ཕ་རོལ་ཏུ་ཕྱིན་པ་ལས་རྟག་ཏུ་དེ་བཞིན་གཤེགས་པའི་སྒྲ་ཐོས་པ། ཚོགས་ལམ་ཆུང་ངུ༌། མཐོང་བ་འབྲིང༌། གང་དུ་བཞུད་དྲིས་པ་སྤྲུལ་སྐུ་ལ་ཆོས་ཞུས་པ་རབ། དེ་ལ་ཅུང་ཟད་གདེང་རྙེད་པ་དྲོད། དེ་ཉམས་སུ་བག་ཙམ་འདུས་པ་བཟོད་པ། དེ་ལས་སྐྱེས་པས་རྩེ་མོ། དེ་སྲིད་རྩེའམ་སེམས་ཐོབ་པ་འཇིག་རྟེན་ཆོས་མཆོག་ཡིན་ཏེ། དེ་མངོན་དུ་གྱུར་པ་དེ་གང་ནས་ཀྱང་མ་འོངས། གང་དུ་ཡང་མ་སོང་བ་དེ་མཐོང་ལམ། དེ་ནས་ལོ་བདུན་གཉིད་རྨུགས་སྤངས་ནས་ས་བདུན་བགྲོད་པ་བསྒོམ་ལམ། ཆོས་འཕགས་བཞེངས་ནས་རི་རབ་སྣ་ཚོགས་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྣ་ཚོགས་པ་ཉིད་དུའོ་ཞེས་པས། གཉིས་མེད་ཀྱི་དོན་བསྟན་པས་ས་བརྒྱད་པར་བཞེད་པར་འདུག ཞེས་བླ་མ་རིན་པོ་ཆེས། བསམ་གཏན་གྱི་དངོས་གཞི་ཐོབ་ནས་མངོན་ཤེས་དང་རྫུ་འཕྲུལ་ཐམས་ཅད་འབྱུང་བ་ཡིན་གསུངས།།


previousསྡེ་སྣོད་གསུམ་དང་བསླབ་པ་གསུམ་གྱི་དོན་བསྡུས་ཏེ་བསྟན་པ།། བླ་མ་རྗེ་བཙུན་རིན་པོ་ཆེ་ལ་ཕྱག་འཚལ་ལོ།། next