Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
ཆགས་སྡང་རྨོངས་གསུམ་སྤོང་བ་བརྟུལ་ཞུགས་ཐམས་ཅད་ཀྱི་མཆོག་ཏུ་བསྔགས་པ།།
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousཆགས་སྡང་རྨོངས་གསུམ་སྤོང་བ་བརྟུལ་ཞུགས་ཐམས་ཅད་ཀྱི་མཆོག་ཏུ་བསྔགས་པ།། next

ཆགས་སྡང་རྨོངས་གསུམ་སྤོང་བ་བརྟུལ་ཞུགས་ཐམས་ཅད་ཀྱི་མཆོག་ཏུ་བསྔགས་པ།།

ཡང་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། སྐྱེས་བུ་ཀུན་མི་ཚེ་ཕ་རེ་ཚུ་རེ་ལ་ཟད་པས་མི་འོང༌། ཁྱེད་ཐམས་ཅད་ཀྱང་མི་སྒོམ་སྲན་ཅན་ཡིན་ཟེར་བ་དེ་རྣམས་ལ་མགུ་དཀའ། དགོས་པ་ཡིན་ཏེ། བསྒོམས་པ་ལ་ཡོན་ཏན་མེད་པར་སྲན་ཆེ་བ་དེ་དཔག་ཏུ་གྲ་བའི་གཡོག་བྱས་ཡིན་པས་དེས་ན་མཚམས་དང༌། སྨྲ་བཅད་དང་འདག་སྦྱར་ཐམས་ཅད་བརྟུལ་ཞུགས་མིན་ཏེ། གང་ཡིན་ན་ཉོན་མོངས་པ་ཆགས་སྡང་རྨོངས་གསུམ་པོ་འདི་སྤོང་བའི་བརྟུལ་ཞུགས་འཛིན་དགོས། དེ་ལ་སྡོམ་པ་རྟེན་ཅན་དུ་འདོད་པ་ཡང་སྤོང་སེམས་ཁོ་ན་གཞིར་དགོས་པས་དེ་བཅོམ་ལྡན་འདས་ཀྱི་ལུང་ལས། སྡིག་པ་ཅི་ཡང་མི་བྱ་སྟེ། །ཞེས་པས་སོ་སོ་ཐར་པ། དགེ་བ་ཕུན་སུམ་ཚོགས་པར་སྤྱད། །ཞེས་པས་བྱང་ཆུབ་སེམས་པའི་སྡོམ་པ། རང་གི་སེམས་འདི་ཡོངས་སུ་གདུལ། །ཞེས་པས་གསང་སྔགས་ཀྱི་དམ་ཚིག་སྟེ། འདི་ནི་སངས་རྒྱས་བསྟན་པ་ཡིན། ཞེས་པས་དེ་ལྟར་ཚིག་གསུམ་དུ་འདུས་པ་ཡིན། དེ་ཡང་སྤོང་སེམས་ཀྱིས་ཚུལ་ཁྲིམས་བསྲུངས་པས་འབྲས་བུ་ཞི་གནས་ཀྱི་ཏིང་ངེ་འཛིན་སྐྱེ་བ་དེ་ཡིན། དེ་མ་ཡིན་པའི་བསྲུང་བ་ལ་དགོས་པ་མེད། ཏིང་ངེ་འཛིན་ལ་གསུམ་པོ་དེ་ལས་མི་འདའ། དེ་གསུམ་ལ་མ་ཆགས་པས་ཁམས་གསུམ་ལས་གྲོལ་བ་ཡིན་ཏེ། དེའི་ཕྱིར་ན་འདོད་ཆགས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང༌། ཤེས་རབ་རྣམ་པར་གྲོལ་བའི་ཆོས་སྟོན། ཞེ་སྡང་འདོད་ཆགས་དང་བྲལ་བ་དང་གཏི་མུག་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང༌། ཤེས་རབ་རྣམ་པར་གྲོལ་བའི་ཆོས་སྟོན་ཞེས་པ་ཡང༌། འདོད་ཆགས་སྤངས་ཙམ་དེ་རང་འདོད་ཆགས་ཀྱི་འཆིང་བ་ལས་གྲོལ་བ་ཡིན། དེ་བཞིན་དུ་ཞེ་སྡང་དང་གཏི་མུག་གཉིས་ཀྱང་དེ་དང་འདྲ་སྟེ་སྤངས་པ་ཙམ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཞེས་གསུངས། དེའི་ཕྱིར་ན་འདི་གསུམ་སྤོང་བའི་ཐབས་གང་ཡིན་ན་ལྟ་སྒོམ་སྤྱོད་གསུམ་གྱིས་སྤང་དགོས་ཏེ། ལྟ་བ་སློབ་དཔོན་འཕགས་པའི་རྗེས་སུ་འབྲངས་ལ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་པས་མི་དགེ་བ་སྤོང་བ་དེ་ལྟ་བ། བསྒོམ་པ་ལ་གང་ཟག་ཆགས་པ་ཆེ་འབྲིང་ཆུང་གསུམ་ལས་ཆུང་ངུས་རང་གི་ལུས་འདི་མི་གཙང་བའི་རྫས་སུ་བསྒོམ་པ་དང༌། འབྲིང་གིས་བུད་མེད་བཟང་མོ་ལྟ་བུ་ལ་དེ་ལྟར་བསྒོམ་པ་དང༌། ཆེན་པོས་དུར་ཁྲོད་དུ་སོང་ནས་བཟང་མོའི་རོ་ལ་རྣམ་པར་བསྔོ་བ་དང༌། བམ་པ་ལ་སོགས་སུ་བལྟ་བས་སྤངས་ཏེ། སྔོན་དྲང་སྲོང་ལས་ཚེ་འཕོས་པ་གནས་བརྟན་གྲགས་པ་ཞེས་པ་དགེ་སྦྱོང་ཞིག་བསོད་སྙོམས་ཀྱི་ལམ་ན། མཛེས་པའི་རོ་ཞིག་འདུག་པ་ལ་ཆགས་པས་ཟས་ཐོབ་ནས་ཕྱིར་དེར་ཕྱིན་ནས། རོའི་དྲུང་དུ་བསྒོམས་པས་རོ་དེ་རྣམ་པར་བསྔོ་བ་དང༌། སྦོས་པ་དེ་གཟིགས་ནས་སེམས་ཅན་དང་མི་གཙང་བ་མང་པོ་ཕྱིར་ལུད་པས་ཆགས་པ་དང་བྲལ་བའི་སེམས་སྐྱེས། དེ་ནས་རི་བྲག་ཏུ་བསྒོམས་པས་འདོད་ཆགས་དང་བྲལ་བའི་སེམས་ཐོབ་སྟེ་དེ་ལྟ་བུ་དགོས་པ་ཡིན། སྤྱོད་པ་ནི་གཉའ་ཤིང་གང་ཙམ་བལྟ་བ་དང༌། བསམ་གཏན་གྱི་ཡན་ལག་ལྔ་དང༌། སེང་གེའི་ཉལ་སྟབས་གསུམ་གྱིས་དུག་གསུམ་གྱི་གཉེན་པོར་འགྲོ་གསུངས་ཏེ། སངས་རྒྱས་ཀྱང་ཞབས་དཀྱིལ་མོ་ཀྲུང་བཅས་སྐུ་དྲང་པོར་སྲང་སྟེ། དགོངས་པ་སྔོན་དུ་བཞག་པའི་དོན་ཡིན་པས། འདུལ་བའི་ཅག་ཅག་དང་ཙུག་ཙུག་ལ་སོགས་ཐམས་ཅད་ཀྱང་འདིས་གྲོལ། དེའི་ཕྱིར་ན་སྤྱོད་པ་སོ་སོ་ཐར་པ་རིགས་བདུན་དང་ལྡན་པའི་བརྟུལ་ཞུགས་ཏེ། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་བསྒོམ་པ་ཡིན། ཡང་ཞེ་སྡང་གི་གཉེན་པོར་བྱམས་པ་བསྒོམ་པ་ལ་ཡང་རབ་འབྲིང་ཐ་གསུམ་སྟེ། མར་བསྒོམས་པས་ཆུང་དུ་འགྲོ། འབྲིང་གིས་ཡི་དམ། ཆེན་པོས་བླ་མ་བསྒོམ་མོ། །དེ་ཡང་དང་པོ་བདག་གིས་ལེགས་པར་བྱས་ཀྱང་ལན་དུ་ཉེས་པ་བྱེད་པ་ཆེ་གེ་མོ་འདི་མ་ཡིན་པ་དང༌། འདི་ལས་ངན་པའི་དབང་གིས་འདི་ལྟར་བྱེད་པ་དང༌། ངན་སོང་གསུམ་མིན་པ་འགྲོ་ས་མེད་པ་དང༌། ངན་སོང་གསུམ་གྱི་སྡུག་བསྔལ་རྣག་མི་བཟོད་ལ་ཡུན་རིང་བ་དང༌། འདི་ལས་སྐྱབས་བྱེད་མཁན་བདག་མིན་པ་གཞན་མེད། དེ་སྙིང་རྗེ་སྙམ་དུ་རྒྱུ་མཚན་ལྔ་བསམ་ཞིང་སྙིང་རྗེ་བགྲང༌། དང་པོ་སྙིང་རེ་རྗེ་ན། དེ་སྙིང་རྗེ་ནར་འོང་བ་བརྒྱའམ་ཉིས་བརྒྱ་ཙམ་གྱི་བེམ་གྱིས་འགྲོ་སྟེ། དེ་ནས་མང་དུ་བགྲངས་པས་སྐྱེ། ཡང་ཇི་ལྟར་བྱས་ཀྱང་ཞེ་སྡང་སྐྱེ་ན་ལུས་དཀྱིལ་ཀྲུང་བྱ། མིག་གཡོན་པས་གཡས་ནམ་མཁའ་ལ་བལྟ་སྟེ་ལུས་སེམས་བསྒྲིམས་ནས། བརླ་གཡོན་པའི་སྟེང་དུ་ཐལ་མོ་གཡོན་བཞག་སྟེ། གཡས་ཀྱི་མཛུབ་མོས་རྒྱ་གར་གྱི་ཡི་གེ་སློབ་པ་བཞིན་དུ་སྒྲེང་སྟེ། མྱུར་དུ་ཞེ་སྡང་ཞི་ནས་སྙིང་རྗེ་སྐྱེ་བ་ཡིན། འདི་བསྟན་པའི་སྒོར་ཞུགས་ཙམ་ལ་སྐྱེ་སླ་བར་འདུག དཀའ་ཤོས་ཤིག་ལ་ཞག་ཉི་ཤུ་རྩ་གསུམ་བགྲང་དགོས་པ་ཞིག་བྱུང༌། དེ་བཞིན་དུ་ཉལ་བ་ཡང་ཁ་སྦུབ་ཏུ་ཉལ་ན་གཏི་མུག་སྐྱེ། གན་རྐྱལ་དུ་འདོད་ཆགས་སྐྱེ། གཡོན་དུ་ཞེ་སྡང་སྐྱེ། སེང་གེའི་ཉལ་སྟབས་གཡས་འོག་ཏུ་འོང༌། སྟབས་ཉེས་ཀྱིས་གཡོན་འོག་ཏུ་ཚུད་ནས་སང་ཉིན་དོན་མེད་པར་ཁྲོ་སྙིང་འདོད་པ་འོང་བར་འདུག དེ་རྣམས་ཞེ་སྡང་སྤོང་བའི་ལྟ་སྒོམ་སྤྱོད་གསུམ། ཡང་གཏི་མུག་གི་གཉེན་པོར་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམ་པ་ཡང༌། ལྟ་བ་ཐམས་ཅད་ཀྱི་ནང་ནས་ངན་ཤོས་རྟག་ཆད་གཉིས་ཡིན་ཏེ། རྟག་པར་ལྟ་བ་ནི་བདག་གིས་ཚོགས་བསགས་ཏེ། བདག་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་དགོས་སྙམ་པ་དེ་རྟག་ལྟ་ཡིན། བདག་ཡོད་མ་མྱོང་བ་ལ་བདག་ཏུ་རྟོག་པའི་གློ་བུར་བ་དེ་འདུས་ནས་བདག་འཚང་རྒྱ་བར་གང་འདོད་པ་དེ་རྟག་ལྟ་ཡིན་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བདག་དང་གང་ཟག་དང་སྲོག་དང་སེམས་ཅན་དང་བྱེད་པ་པོ་ལ་སོགས་པ། ཡེ་ནས་རྡུལ་ཙམ་ཡང་ཡོད་མ་མྱོང་བ་ལ་དེར་ཤེས་པ་དེ་ལུགས་ལས་ཟློག་པའི་རྟེན་འབྲེལ། སྤྲོས་པ་དང་བྲལ་བའི་ནམ་མཁའ་ལ། ནམ་མཁའ་ལྟ་བུའི་རྒྱུ་འབྲས་སྐད་ཅིག་མ་སྒྱུ་མ་ལྟ་བུ། མ་རིག་པའི་རྐྱེན་གྱིས་རྒ་ཤིའི་བར་དུ་ཚང་བར་བྱུང་བ་དེ་ལ་ལུགས་འབྱུང་སྟེ། དེ་ལྟར་ཡང་བླ་མ་རིན་པོ་ཆེའི་ཞལ་ནས། ནམ་མཁའ་རང་བཞིན་གྱིས་དྭངས་པ་ལ། སྣང་གྲགས་ཀྱི་གཟུགས་བརྙན་གསལ་བ་བཞིན་དུ། སེམས་ཉིད་ཆོས་སྐུའི་རང་བཞིན་གྱིས་གསལ་བ་ལ། འཁོར་འདས་ཀྱི་ཆོས་ཐམས་ཅད་དངུལ་དཀར་གྱི་མེ་ལོང་ཕྱིས་པ་བཞིན་དུ་གསལ་བ་དེ་རྟེན་འབྲེལ་དུ་འདོད་པར་འདུག་སྟེ། རྟེན་འབྲེལ་འདོན་འདོད་ནས་ཏིང་ངེ་འཛིན་མ་བསྐྱལ་ཅིག དེའི་ལུས་ཀྱང་བཀྲ་ཤིས་གཅིག་ཏུ་འདྲེན་པར་འདུག དེའི་ཕྱིར་ན་གཉིས་པོ་ཀུན་ཀྱང་དོ་ནུབ་རང་ནས་སྤོང་དགོས་ཏེ་གཏུམ་མོ་བསྒོམ་པ་དང༌། ལུས་དྲང་པོར་བསྲང་པུས་མོ་གཡས་འཛུགས་པ་གཡོན་འཛུགས་པ། ཡང་སྔོན་གྱི་ཞི་བྱེད་པ་ལ་ཕཊ་ཞེས་པ་ངག་བཅུད་ལ་བོར་བའི་གནད་ཟབ་མོ་ཡོད། འོ་སྐོལ་ཡང་ངག་བཅུད་ལ་བོར་བ་གཏུམ་མོ་ཡིན་ཏེ། དེ་ཡང་དང་པོ་བྱམས་པ་སྙིང་རྗེ་ཅི་སྐྱེ་ཞིག་སྒོམ། དེ་ནས་བྱང་ཆུབ་ཀྱི་སེམས་ཀྱིས་ལམ་དུ་གཏང་ལ། ཐམས་ཅད་བླ་མའི་མན་ངག་བཞིན་དུ་བསྒོམས་ཏེ་བསྔོ་བ་བྱ། དེས་ན་ད་ལྟ་གཏུམ་མོ་གནད་དུ་བསྣུན་ཅིང་སྒོམས་དང༌། ནང་དུ་ཉོན་མོངས་པ་གསུམ་པོ་རགས་པར་སྐྱེ་ཡི། དེ་ལངས་ན་གདམས་ངག་བྱ་ཡི། གཏུམ་མོ་ལྟ་བུ་བསྒོམས་པས་བདེ་བ་སྐྱེ་ལ་གསལ་བ་དང་མི་རྟོག་པ་སྐྱེས་ཙ་ན། འདོད་པའི་ཁམས་དང་གཟུགས་ཀྱི་ལྷ་བརྒྱ་བྱིན་ལྟ་བུའི་འཁོར་ན། རྒྱལ་ཕྲན་རྒྱལ་པོ་ཆེན་པོ་བཞི་ཡོད། དེའི་འཁོར་འདོད་ཁམས་ཀྱི་ལྷ་མ་སྲིན་བསམ་གྱིས་མི་ཁྱབ་པ་ཡོད། ལྷ་གནས་དེ་ཐམས་ཅད་ཀྱང་བདེ་བའི་ཏིང་ངེ་འཛིན་ལས་གྲུབ་པ་ཡིན་ཏེ། དེ་གཏོར་མ་མ་བཏང་ཡང་རྣལ་འབྱོར་པའི་དྲུང་དུ་ཡོང༌། དེ་བཞིན་དུ་བདེ་གསལ་གྱི་ཏིང་ངེ་འཛིན་ལ་བརྒྱ་བྱིན་སྟོང་པས་ཆེ་བའི་ཚངས་པ་ཡང་བྱོན། འཕྲོག་མ་ཡང་བུ་ལྔ་བརྒྱ་དང་བཅས་ཏེ་འབྱོར་པས། བླ་མ་རིན་པོ་ཆེའི་ལུང་ཡང༌། ཁྲུང་ཁྲུང་དང་ནི་བྱ་གག་དང༌། །ངང་པ་དང་ནི་ཆུ་སྐྱར་གཟུགས། །གནོད་སྦྱིན་རྣམས་ནི་མི་ཡིས་མཐོང༌། །ཞེས་པ་དང༌། འདོད་ཁམས་ཀྱི་མི་ལ་ཡང་བདེ་གསལ་གྱི་ཏིང་ངེ་འཛིན་ལས་སྐྱེས་པ་ཉུང་སྟེ། རྒྱ་ལམ་གཅིག་ཡོད་ན་ཡང་རང་གི་དབང་དུ་རིལ་གྱིས་འདུ་བ་ཡིན། ཁམས་གསུམ་པོ་ཐམས་ཅད་ཏིང་ངེ་འཛིན་གསུམ་གྱིས་བསྡུས་པའི་གནད་ཀས་ངས་གར་ཡང་མ་ཕྱིན་ཏེ་རྒོད་རྐང་ཡང་ང་ལ་ཡོད། ཁྱེད་རྣམས་ཀྱིས་མ་ཕྱིན་དགུར་ཕྱིན་ཀྱང་ཅང་མི་རྙེད། དེ་རྣམས་ཐམས་ཅད་ཀྱི་རྩ་བ་སྤོང་སེམས་ཡིན་པས་ཆགས་པ་སྤངས་པས་མཁའ་འགྲོས་བྱང་ཆུབ་ཀྱི་སེམས་སྤེལ་ཞིང་དངོས་གྲུབ་སྟེར། འདོད་ཆགས་སུ་སོང་བས་བསེན་མོས་རྐུ་བ་སྟེ་འདི་ལས་ཁམ་ཆེ་བ་ཅང་ཡོད་དམ། དེས་ན་དཔའ་བོ་དང་མཁའ་འགྲོ་འདུ་བྱ་བ་ཡང་ཁམས་གསུམ་གྱི་ཏིང་ངེ་འཛིན་ལས་སྐྱེས་པའི་མི་དང་མི་མ་ཡིན་འདི་རྣམས་ཐམས་ཅད། ཕོ་ཐམས་ཅད་དཔའ་བོ་ཡིན། མོ་ཐམས་ཅད་དཔའ་མོ་ཡིན་གསུངས་པར་འདུག དེས་ན་བདེ་གསལ་མི་རྟོག་པ་དེ་དཔའ་བོ་དང་མཁའ་འགྲོ་ཐམས་ཅད་ཀྱི་སྲོག་སྙིང་ཡིན། རྩ་རླུང་ཟབ་པའི་གནད་ཀྱང་འདིར་གོ་སྙམ། ཡང་ཕྱག་རྒྱ་ཆེན་པོ་ཡོད་པས་ཤི་མེད་དུ་དེ་རང་བསྒོམ་པའམ། ཙཎྜ་ལི་བསྒོམས་པས་རླུང་ནང་དུ་ལོག་སྟེ། ཆགས་པ་ལས་བདེ་བ་སྐྱེ་བ་ཆོས་ཉིད་ཡིན་པས། བླ་མ་རིན་པོ་ཆེའི་ཞལ་ནས་ཀྱང༌། ཕྱག་རྒྱ་ཆེན་པོའི་རྟོགས་པ་མཆོག ། བདེ་གསལ་མི་རྟོག་རྟོགས་པ་ཡིན། །གསུང་བ་ཡང་དེ་ཡིན། རྙེད་དང་གྲགས་པ་གཞན་པས་བསྟོད་འདོད་ན་གཏུམ་མོ་བསྒོམ་བྱ་བ་ཡང་དེ་ཡིན། བླ་མ་རིན་པོ་ཆེ་ལ་ཆགས་ཅན་གྱི་དབང་བཞི་ཡོངས་རྫོགས་ཀྱང་ཐོབ་པ་ཡིན་སྙམ་ཞུས་པས། དེས་ན་བདེ་བ་དེ་རྐྱེན་གང་གིས་སྐྱེ་ན་ཡང་ངོས་འཕྲོད་པ་ལས་ཕ་ཀི་ན་ཡོད་པ་མིན་རང་གི་ལུས་ལ་ཡོད་པ་ཡིན། ཧེ་བཛྲ་ལུས་གནས་ལུགས་ལས་མ་སྐྱེས་ཀྱང་འདིར་གོ་སྙམ། སྤོང་སེམས་གཞིར་བྱས་པས་ཞི་གནས་ཀྱི་བདེ་གསལ་གྱི་མི་རྟོག་པ་སྐྱེ། དེ་ལ་མ་ཆགས་པར་བསྒོམས་པས་ལྷག་མཐོང་གི་བདེ་གསལ་གསུམ་སྐྱེ་སྟེ། རྒྱུ་དུག་གསུམ་སྤངས་པས་ཏིང་ངེ་འཛིན་གསུམ་སྐྱེ་སྟེ། བསྒོམས་པས་སྤངས་པས་འབྲས་བུ་སྐུ་གསུམ་གྲུབ། བརྗོད་བྱ་འདུལ་བ་མདོ་སྡེ་མངོན་པ་གསུམ། རྗོད་བྱེད་བསླབ་པ་གསུམ། ཏིང་ངེ་འཛིན་གྱི་ཉམས་གསུམ། འབྲས་བུ་སྐུ་གསུམ་གྲུབ་པའི་ཆོས་འདི་བདག་གི་བླ་མ་སྐུ་དྲིན་ཅན་གྱིས་གསུངས་སོ།།


previousཆགས་སྡང་རྨོངས་གསུམ་སྤོང་བ་བརྟུལ་ཞུགས་ཐམས་ཅད་ཀྱི་མཆོག་ཏུ་བསྔགས་པ།། next