Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
དམ་པའི་ཆོས་འདུལ་བའི་ལྟ་སྒོམ་སྤྱོད་གསུམ་གྱི་སྙིང་པོ་བསྟན་པ།།
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousདམ་པའི་ཆོས་འདུལ་བའི་ལྟ་སྒོམ་སྤྱོད་གསུམ་གྱི་སྙིང་པོ་བསྟན་པ།། next

དམ་པའི་ཆོས་འདུལ་བའི་ལྟ་སྒོམ་སྤྱོད་གསུམ་གྱི་སྙིང་པོ་བསྟན་པ།།

བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། རྗེ་རིན་པོ་ཆེའི་ཞལ་ནས་སྒོམ་ཆེན་པ་ཞིག་འོང་བར་འདུག་གིས་ངས་གཅེས་པར་བྱས་པ་ཡིན་ནོ། །ཐུགས་བཏགས་པ་ལགས་མོད་བགྱིས་པས། ཐུགས་ལ་ད་ཡོ་ལ་འདོགས་ཏེ། སྡོམ་པ་རྟེན་ཅན་དེ་བདེ་བར་འདུག་གམ། དེ་ཤིན་ཏུ་བདེ་བྱས་པས་དེ་ལ་དམ་པའི་ཆོས་འདུལ་བའི་ཚངས་ཐིག་ཅིག་ཡོད་ཀྱི་ཁྱོད་ལ་ཤོད་དོ། སྤྱིར་དམ་པའི་ཆོས་འདུལ་བ་ནས་ལྟ་བ་སྒོམ་པ་སྤྱོད་པ་གསུམ་སྟོན་པ་ལས། ལྟ་བ་དབུ་མ་མཐའ་གཉིས་དང་བྲལ་བ་ཞིག་སྟོན། སྤྱོད་པ་མཐའ་གཉིས་སུ་མ་ལྟུང་བར་སྤྱོད། སྒོམ་པ་དེའི་ངང་ལ་གནས་པ་ཞིག་ཡོད་དེ། དབུ་མ་རང་རྒྱུད་ཀྱི་ཡེ་ཤེས་ཆེན་པོ་འདུས་མ་བྱས་པ་ཡེ་ཤེས་ཀྱི་ངོ་བོ་དེ་ཡིན། གཞན་ཐམས་ཅད་འདུ་བྱེད་ཀྱི་སྤྲོས་པ་ཡིན་པས། འདུལ་བ་ཅིག་ཆར་བ་ཡིན་ཏེ་རྩ་བ་མེད། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་མཁན་སློབ་མེད་དེ་རང་བྱུང་གི་བསྙེན་པར་རྫོགས། ལྔ་སྡེ་བཟང་པོ་ཡེ་ཤེས་ཆེན་པོ་ཁོང་དུ་ཆུད་དེ་བསྙེན་པར་རྫོགས། ཉེ་བའི་འཁོར་ཡིན་ནམ་མིན་དཔྱད། འཕགས་པ་འོད་སྲུང་སྟོན་པ་ཁྱོད་ཀྱི་སྐུ་གསུང་ཐུགས་རྗེས་སུ་འཇུག་གོ་ཞེས་སྟོན་པར་ཁས་བླངས་པས་ བསྙེན་པར་རྫོགས་ཏེ་སྟོན་པ་གཉིས་པ་ཡིན་ཞེས། སངས་རྒྱས་ཀྱིས་ཀྱང་བསྟན་ཕྱེད་བཤུགས་སོ། སྲུ་སྐྱེ་དགུའི་བདག་མོས་ལྕི་བའི་ཆོས་བརྒྱད་སྡོམ་པར་ཁས་བླངས་ཏེ་བསྙེན་པ་རྫོགས་ཏེ། ཉོན་མོངས་པ་དུག་གསུམ་པོ་སྤངས་པ་ཡིན་མོད། ད་རིམ་གྱིས་པ་ལ་མཁན་སློབ་ཚང་བས་ཉོན་མོངས་པ་གསུམ་པོ་རགས་པ་དང་ཕྲ་བ་ནས་སྤོང་བ་ལ། དགེ་སློང་ལ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སྤང་བར་ཁས་བླངས་པས་བསྙེན་པར་རྫོགས་ཏེ། དེ་ལ་སྤྲོས་པའི་མཐའ་མང་པོ་ཞིག་བཅད་དུ་བྱུང་བ་ཡིན་ཏེ། མདོར་ན་གསུམ་པོའི་ཕྲ་རགས་མིན་པས་གཅད་རྒྱུ་མེད། ཉན་ཐོས་ཀྱི་བདེན་པ་བཞིའི་དབང་དུ་བྱས་ན་ཡང༌། རྒྱུ་ཀུན་འབྱུང་གི་བདེན་པ་ལ་ལས་དང་ཉོན་མོངས་པ་སྤོང་བ་དེ། ལམ་འབྲས་བུ་རིགས་དྲུག་གིས་སྡུག་བསྔལ་འགོག་པ་དེ་ལ་འབྲས་བུ་ཟེར་ཏེ། དེ་ལྟར་ཚུལ་ཁྲིམས་ལ་བརྟེན་ནས་བདེ་གསལ་གྱི་ཞི་གནས་སྐྱེ། མི་རྟོག་པ་དེ་གཟུགས་མེད་ཀྱི་དེ་དང་མི་མཐུན་ཏེ། བསམ་གཏན་བཞི་པའི་ཏིང་ངེ་འཛིན་སྐྱེས་ནས། ཟག་པ་ཟད་པའི་ཏིང་ངེ་འཛིན་བྱ་བ་ཐོབ། རྫུ་འཕྲུལ་དང་མངོན་པར་ཤེས་པ་མང་པོ་ བཤད་འདུག་སྟེ། དགྲ་བཅོམ་པའི་འབྲས་བུ་ཐོབ། དེ་ཡང་སངས་རྒྱས་ཀྱིས་དགྲ་བཅོམ་པ་བྱ་བ་བྱས་པ་བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ་སྲིད་པ་ཀུན་ཏུ་སྦྱོར་བ་ལ་སོགས་པ་གསུངས་པ་ཡང༌། ལས་དང་ཉོན་མོངས་པའི་སྲིད་པ་རྒྱུད་པ་འདི་མི་ལེན་ཏེ། ཉོན་མོངས་པ་ཕྲ་བ་ནས་མ་སྤངས་པ་ལགས་སྐད། སངས་རྒྱས་ཀྱིས་འདྲི་བར་འདུག་སྟེ། མྱ་ངན་ལས་འདའ་ཁར་མ་སྤངས་ཞེས་ལུང་བསྟན་ནས་འདུག དེ་ནས་ཤེས་བྱའི་སྒྲིབ་པ་སྐད་ཟེར་ཡང་ཉོན་མོངས་པ་ཕྲ་མོ་མ་སྤངས་པ་ཡིན་ཏེ། ས་བཅུ་པའི་བྱང་ཆུབ་སེམས་དཔའ་ལ་ཡང་ཡོད་པར་བཤད་པའི་ལུང་ཡོད། དཀོན་མཆོག་སྤྲིན་ལས། བྱང་ཆུབ་སྙིང་པོར་ཞུགས་པ་ན། །འདོད་ཆགས་ཞེ་སྡང་གཏི་མུག་དང༌། །དྲི་མ་གཞན་ཡང་རྣམ་མང་བ། །ཁྱོད་ཀྱི་ཡེ་ཤེས་མེ་ཡིས་སྲེགས། །ཞེས་པས། སངས་རྒྱས་ན་ཇི་ལྟ་བ་དང་ཇི་སྙེད་པར་མཁྱེན་པའི་ཡེ་ཤེས་མ་ལུས་པ་ལ་མངའ་བརྙེས་པ་ཡིན་ཏེ། ས་བཅུ་པའི་ཤེས་བྱའི་སྒྲིབ་པ་ཟེར་ཡང་མ་ཤེས་པ་ཡིན་ཏེ་གཏི་མུག་བག་ལ་ཉལ་བ་ཡིན། དེས་ན་དགྲ་བཅོམ་པ་ལ་ཡང་ བཅས་པ་གསུངས་ནས་གདའ། དེས་ན་བཅས་དང་རང་བཞིན་གྱི་ཁྱད་པར་ཡང་རྐྱེན་ལ་བཏགས་ནས་གནང་བ་ཡོད་མེེད་ལ་མི་ བཏུབ་སྟེ། བསམ་གཏན་པ་དགའ་བྱེད་ལ། ཕམ་པ་བྱུང་ནས་ཕྱིར་གསོས་ནས་འདུག་པ། འོ་སྐོལ་སློབ་དཔོན་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་པས་སྐྱོན་མ་གླེན་མ་ལ་ཡང་ཕམ་པ་བྱུང་བར་འདོད་དེ། མི་ཤེས་པས་ལྟུང་བ་བྱུང་ནས་འདུག་པ་ཡང༌། སྦོམ་དགའ་མོ་ཆགས་པ་སྐྱེས་པ་ལ་བྲམ་ཟེའི་བུ་དབེན་པར་དུས་བཏབ་ནས་སྤྱོད་པར་འདོད་པ་ལ། མོས་ང་ཡོང་བ་སྡེ་སྣོད་འཛིན་པ་ལ་སངས་རྒྱས་ཀྱི་དགེ་སློང་མ་དེ་འདྲ་བ་བྱེད་པ་ག་ལ་འོང་ཞེས་འགྱོད་པའི་སྐབས་སུ་ཁྱེའུས་སྤྱད་པ་ལ་རྡོག་པ་རྒྱབ་པ་རྩིབ་མ་བཅག་སྟེ་དགྲ་བཅོམ་མོ་ཟེར། རྒྱུན་ཞུགས་ཐོབ་པ་མི་འོང་ཐོབ་བམ་ཞེས་ཞུས་པས། མ་ཡིན་རྩིབ་མ་བཅག་ཞེས་པ་ལ། སངས་རྒྱས་ཀྱིས་བསླབ་པ་ལ་ཕམ་པ་བྱུང་ནས་ བཅས་ནས་འདུག་པ། ཡང་སེར་སྐྱའི་བུ་མོ་བཟང་མོ་ལ་ཆགས་པ་སྤྱད་པས་ཡན་ལག་གི་སྤྲད་སྤྲུད་དང་ངག་ངུ་རྒོད་ཀྱིས་བདེ་ བ་ཉམས་སུ་མ་བླངས་པས་ཕམ་པ་མ་བསྐྱེད་པར་འདུག དེ་བཞིན་དུ་ཡངས་པ་ཟོལ་ཟོལ་བོར་སོང་བས་བདེ་བ་མ་སྐྱེས་པ་ལ་སོགས་དང༌། ཡང་དགག་གནང་བསྒྲུབ་པ་ཞུས་པས། སྔོན་དགེ་སློང་མ་དང་ལམ་དུ་འགྲོགས་པར་མ་གནང་བ་དགག་པ། ཕྱི་ནས་ཁུར་བར་གནང་བ་དེ་གནང་བ་སྟེ། བསྒྲུབ་པ་ནི་སྔར་བཀག་པ་བསྲུང་བ་དང༌། ཕྱིས་གནང་བ་བསྲུང་བ་གཉིས་ཀ་བསྒྲུབ་བཅས་སུ་འོང༌། ཡང་དུས་དྲན་ནི་སངས་རྒྱས་རྫུན་སློབ་པ་ཡིན་ཏེ་གྲོང་ཁྱེར་དུ་ཕྱི་དྲོ་འགྲོ་བར་མི་འདོད་ན། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མ་གནང་བ་ཡིན་གྱི་མི་འགྲོ་སྟེ་ཉེས་པ་མེད། འགྲོ་བར་འདོད་ན་དབང་པོའི་སྒོ་བསྡམས་ནས་གནང་བ་ཡིན་གྱི་སྙམ་ན་ཉེས་པ་མེད། ཡང་ཁྱིམ་པ་མོ་ལ་ཆོས་སྟོན་པ་ལ་དེའི་མཚན་མོ་དགྲ་བཅོམ་པ་ཐོབ་པར་འདུག་ན་གནང་བ་ཡིན་པས་ཉེས་པ་བཞིན་དུ། བུད་མེད་སང་འགྲོ་བར་འདུག་དོ་ནུབ་སྐྱབས་འགྲོ་སེམས་བསྐྱེད་བྱས་ན་ཐོབ་པར་འདུག་ན་ཡང་དེ་དང་འདྲ་སྟེ། དོ་ནུབ་དུས་དྲན་བྱས་ལ་སྐྱབས་འགྲོ་བྱས། དེས་ན་དེ་ཐམས་ཅད་སློབ་དཔོན་འཕགས་པས་དེས་བསྐྱེད་མི་དགེ་བ་དང་དགེ་བའི་རྗེས་སུ་འབྲང་གསུང་སྟེ་ལེགས་སོ། །ཡང་སྤོང་བ་བདུན་ལུས་ངག་ལ་བཞག་ནས་ཡིད་ཀྱི་གསུམ་པོ་ལ་མ་བཅས་ན་འདུ་ཤེས་གཙོ་བོ་ཐམས་ཅད་འཇིག་སྟེ། ཡིད་གཅིག་པུས་མཐོང་ཆོས་གྲུབ་པ་ལ། སངས་རྒྱས་དང་དགེ་འདུན་གྱིས་ཕམ་ བབས་དང་པོ་བྱིན་པས་མ་ལེགས་ཏེ། ཕྱི་ནས་སྦྱིན་པར་བཅས་པ་ལ་བྲམ་ཟེའི་ཁྱེ་འུས་སྔོན་ནས་བླངས་པས་མ་སྟེར་ཏེ། འདི་རྣམས་ཐམས་ཅད་ཀྱི་སྐེ་ཉལ་གྱིས་བཅད་ལ་སྙམ་དུ་ཞེ་སྡང་སྐྱེས་པས་དུས་དེ་ཉིད་དུ་ལྕགས་ཀྱི་འཁོར་ལོ་སྐེ་ལ་ཕོག་ནས། བཅད་ནས་ཆོས་རྣམས་ཀུན་གྱི་སྔོན་དུ་ཡིད་འགྲོ་ཡིད་གཙོ་ཡིན་བྱ་བའི་ཚིག་བཤད་དང༌། ཡང་རྒྱལ་བུས་ཕྱི་ནས་སྡུས་པས་བྱིན་པས་སངས་རྒྱས་འཁོར་དང་བཅས་པ་འདི་རྣམས་ལ། བདག་གིས་སྟོན་མོ་རྒྱ་ཆེན་པོ་ཞིག་བྱས་ན་འདྲོངས་ན་སྙམ་པ་ལ་དད་པས། ཡུལ་གཅིག་ན་རྒྱལ་པོ་ཤི་བའི་སར་བསོད་ནམས་ཅན་གཅིག་ལ་རྒྱལ་པོ་འཆོལ་བས་ཕྱིན་པས། ཁོང་གི་ཤིང་གྲིབ་ལ་སྔ་དྲོ་ཉལ་བས་ཕྱི་དྲོ་ཡང་གྲིབ་མས་མ་གཏང་བ་མཐོང་ནས་ཁོ་ལ་བཅོལ་བས། སངས་རྒྱས་འཁོར་བཅས་ལ་ཆོས་སྟོན་ཡོན་དང་བཅས་པ་འདྲོངས་པས། ཆོས་རྣམས་ཀུན་གྱི་སྔོན་དུ་ཡིད་འགྲོ་ཡིད་གཙོ་ཡིན། །ཞེས་པས་བསམ་པ་གཅིག་པུས་མཐོང་ཆོས་གྲུབ་པ་དང་འགལ། ཡང་རི་རབ་ཀྱི་བང་རིམ་ལ་དགེ་སློང་རྣམས་བཞུགས་པ་ལ་རྩ་བ་ན་ཀླུ་ཡོད་པ་ངང་པ་སྐྱེས་པ་ལ་མཁའ་ལྡིང་གིས་སྐེ་བཅད་པས་ཁོང་ལྷ་གནས་སུ་སྐྱེས་ཏེ། དགྲ་བཅོམ་པ་ཐོབ་པས་སྔར་གྱི་ལས་གང་ནས་སྐྱེས་བལྟས་པས་ཀླུ་ཡུལ་ནས་དགྲ་བཅོམ་པ་ལ་དད་པ་སྐྱེས་པས་དགྲ་བཅོམ་པ་མཐོང་ནས་སྔར་གྱི་ཀླུ་ཕ་མ་ལ་བསོད་སྙོམས་ལ་ཕྱིན་ནས་རྙེད་དགོས་སྙམ་པ་ལ། ཚ་བོ་ཆུང་ལ་ཞང་པོའི་ཟླ་ལ་སོང་བྱས་པས་ངས་མི་སླེབས་ནས་ན་བཟའ་ལ་འཇུས་ཞེས་པས་འཇུས་ནས་ཀླུ་ཡུལ་དུ་ཕྱིན་ཙ་ན། གདན་གཉིས་བཏིང་བ་འདི་ཅི་བྱེད་སྙམ་ན་བཙུན་ཆུང་ཡང་འདུག་འོངས་སམ། མཁན་པོ་འོངས་ཞེས། ཀླུ་སྙམ་ན་འདི་བཙུན་ཆུང་ལ་ཡོན་ཏན་མེད་པས་བདུད་རྩི་མི་འཇུ་བས། མིའི་ཟས་སྦྱིན་སྙམ་ནས་བྱིན། མཁན་པོའི་ལྷུང་བཟེད་ལ་འབྲས་ཀྱི་ཟེགས་མ་ཁར་བཅུག་པས་ བདུད་རྩིར་སོང་སྟེ། རོ་ཞིམ་པས་མི་གཉིས་ལ་ཁྱད་འདི་ཙམ་བྱས་སྙམ་ནས་ཞེ་སྡང་སྐྱེས་ནས། ཀླུ་འདི་རྣམས་བརླག་པར་བྱེད་པར་གྱུར་ཅིག་ཞེས་སྨོན་པས། སྐད་ཅིག་གིས་ཡན་ལག་བཞི་ལས་ཆུ་བོ་བྲུབ་ནས། ཀླུ་གཉིས་པོས་ནུ་བོ་བསམ་པ་དེ་ལྟ་བུ་ལས་བཟློག་ཅིག་ཞེས་པས། སེམས་ནི་ཐག་རིང་གྱུར་པ་ན། །བདག་གིས་ཟློག་པས་མི་འགྱུར་རོ། །ཞེས་པ་ཀླུ་གཉིས་པོ་ཤི་ནས་འདུག སངས་རྒྱས་ཐབས་མཁས་པ་དེ་གཉིས་འདིར་སྐྱེས་སྐབས་འདིར་མི་གསུང་བར་ཡང་གཞན་ཅིག་ཏུ་ཉུག་རྩེར་འོང་བར་འདུག དེས་ན་དེ་ཀུན་གྱིས་ཀྱང་ཡིད་ཀྱི་གསུམ་པོ་ལ་གནོད་གསུངས།།


previousདམ་པའི་ཆོས་འདུལ་བའི་ལྟ་སྒོམ་སྤྱོད་གསུམ་གྱི་སྙིང་པོ་བསྟན་པ།། next