Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
ཚོགས་གསོག་པ་ལ་ཞིང་བསམ་དངོས་གསུམ་གྱི་རྟེན་འབྲེལ་འཛོམ་དགོས་པར་གདམས་པ།།
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousཚོགས་གསོག་པ་ལ་ཞིང་བསམ་དངོས་གསུམ་གྱི་རྟེན་འབྲེལ་འཛོམ་དགོས་པར་གདམས་པ།། next

ཚོགས་གསོག་པ་ལ་ཞིང་བསམ་དངོས་གསུམ་གྱི་རྟེན་འབྲེལ་འཛོམ་དགོས་པར་གདམས་པ།།

ན་མོ་གུ་རུ། རྒྱ་ཤོད་པས་སྣག་གསེར་གྱི་རྒྱས་འབྲིང་ཚར་གཉིས་མཛོ་རྟ་བརྒྱད་ཅུ་ཕུལ་བའི་དུས་སུ། འོ་སྐོལ་ཐམས་ཅད་འཇིག་རྟེན་འདི་ཡུན་རིང་པོ་མི་སྡོད་འཆི་དགོས་པ་ཡིན་ཏེ་གསུང་རབ་ལས། སང་ཙམ་འཆིའམ་སུས་ཤེས་ཀྱིས། །དེ་རིང་ཉིད་དུ་བསྟུན་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དག་ནི། །བདག་དང་བཤེས་པ་མ་ཡིན་ནོ། །ཞེས་པས་དེ་ལ་ཅིས་ཀྱང་མི་ཕན་ཆོས་བྱེད་དགོས། །དེ་ཡང་ཚོགས་གཉིས་གསོག་དགོས་ཏེ། དེ་ལ་ཞིང་དངོས་པོ་བསམ་པ་གསུམ་འཛོམ་དགོས་པས། དེ་ཡང་དཀོན་མཆོག་གསུམ་ཞིང་དག་སྟེ། །སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །དམ་པའི་ཆོས་ཀྱང་བསམ་མི་ཁྱབ། །འཕགས་པའི་དགེ་འདུན་བསམ་མི་ཁྱབ། །ཞེས་པ་དང༌། དེ་ཡང་དགེ་འདུན་ལ་ཚང་སྟེ། སངས་རྒྱས་སྐུ་གསུམ་ལ་ཆོས་སྐུ་གང་ན་བཞུགས་སྙམ་ན། དགེ་འདུན་རྟོགས་ལྡན་རྣམས་ཀྱི་ཐུགས་སྐྱེ་འགག་ཐམས་ཅད་ཀྱི་མཐའ་དང་བྲལ་བ། སྨྲ་བསམ་བརྗོད་མེད་དེ་ཡིན་ཏེ་སེམས་སྐྱེ་བ་མེད་པ་དེ་ཡིན་ནོ། །ལོངས་སྐུ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ནས་མ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ཞིང༌། སྡུག་བསྔལ་དང་བྲལ་ནས་བྱང་ཆུབ་ཆེན་པོ་ཐོབ་པར་འདོད་པ་དེ་ཡིན་ཏེ། དེ་ཡང་སྐུ་ལ་ཞིང་ཁམས་ཐམས་ཅད་ཀྱིས་ཁྱབ་པ། ཞིང་ཁམས་ཐམས་ཅད་ལ་སྐུས་གང་བ་དེ་ལྟ་བུ་དེ་ཡིན་ཏེ་དེ་ཡང་དགེ་འདུན་གྱི་ཐུགས་ལ་བཞུགས་ཏེ། རྟོགས་ལྡན་མང་པོ་ལ་བསྙེན་བཀུར། སྤྲུལ་པའི་སྐུ་རིས་སུ་བྲིས་པ་འབུར་དུ་གཏོད་པ་ལུགས་སུ་བླུགས་པ་འདི་རྣམས་ཡིན་ཏེ། དེ་ཡང་ཁྱེད་ཀྱིས་མང་པོར་བསྙེན་བཀུར། ཆོས་ལུང་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ཀྱང་བྲིས་བཀླགས། ཆོས་ཉིད་རྒྱུ་མཐུན་གསུང་རབ་བཅུ་གཉིས་དང༌། ཞེས་པ་དང་རྟོགས་པའི་ཆོས་ལ་སྐྱེ་འགག་མེད་དེ་སྤྲོས་པ་དབེན།། དེ་ལ་དམིགས་ཏེ་ཡོན་ཏན་ཀུན་གྲུབ་པ། །ཞེས་དགེ་འདུན་གྱི་ཐུགས་ལ་བཞུགས་ཏེ། །དགེ་འདུན་གྱི་ཚོགས་རྒྱ་ཆེན་པོ་ལྟ་བུ་ལ་བསྙེན་བཀུར་བསམ་མི་ཁྱབ་པ་མཛད། དགེ་འདུན་དོན་དམ་ཀུན་རྫོབ་གཉིས་སམ། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་གཉིས་སམ། དེ་ཡང་ཕྱི་ཉན་ཐོས། བར་བྱང་ཆུབ་སེམས་དཔའ། ནང་རིག་པ་འཛིན་པའི་དམ་ཚིག་དང་ལྡན་པ་བྱ་བ་ཡིན་ཏེ། ལྔ་བརྒྱའི་དུས་ཀྱི་སྤོང་སེམས་བརྟན་པོ་ཡོད་པའི་ཉན་ཐོས་དང་བྱང་ཆུབ་སེམས་དཔའམ། དེ་ཡང་སྟོང་གསུམ་གྱི་མི་རྣམས་ཀྱི་ཤེས་རབ་ཕྱོགས་གཅིག་ཏུ་བཞག་པས། ཤཱ་རིའི་བུ་དང་མོའུ་འགལ་བུའི་ཤེས་རབ་ལ་བརྒྱ་སྟོང་གི་ཆར་ཡང་མི་ཕོད་དོ།། དེ་གཉིས་ལྟ་བུ་སྟོང་གསུམ་གྱི་སྟོང་འདམ་བུའི་ཚལ་ལམ་སྨྱིག་མའི་ཚལ་ལྟ་བུར་གང་བའི་ཤེས་རབ་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་གཅིག་གིས། མ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ཞིང༌། སྡུག་བསྔལ་དང་བྲལ་བར་འདོད་པའི་ཤེས་རབ་ལ། བརྒྱ་སྟོང་བྱ་བའི་ཆར་ཡང་མི་ཕོད་པར་གསུངས་ཏེ། འདི་རྣམས་ཐམས་ཅད་དེ་ལྟ་བུའི་བློ་གྲོས་ཅན་ཤ་སྟག ཡང་གསང་སྔགས་ལས་ཕྱི་སྣོད་ཀྱི་གཞལ་ཡས་ཁང༌། ནང་བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོ། ཕུང་པོ་ལྔ་པོ་སངས་རྒྱས་ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་ཅན་དུ་བཞེད་དེ། འདི་རྣམས་དེ་ལྟ་བུ་ཉམས་སུ་ལེན་པ་འབའ་ཞིག དེ་ལྟར་ཡང༌། བསླབ་པ་དག་ལ་རབ་ཏུ་གུས། །ཞེས་པས་བསླབ་པ་གསུམ་ལ། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན་ཏེ། འདི་རྣམས་ཀྱི་སྐྱེ་མེད་ཀྱི་དོན་མཐོང་ནས་གཞན་ལ་ཡང་གྲོལ་བར་ནུས་པ། ཞིང་གི་དམ་པ་ཡོན་ཏན་ཞིང༌། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་པའི་དོན་ཡང་ཡིན། དེ་ལྟར་དགེ་འདུན་ཡང་མ་ལུས་པར་ཚང་སྟེ་དཀོན་མཆོག་གསུམ་ཞིང་དག ཡང་ལམ་བསྒོམ་པ་རྣམས་ལས་བླ་མ་ཞིང་དག་སྟེ། དཔལ་སྡོམ་པ་འབྱུང་བ་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་མཆོག ཅེས་པ་དང༌། ཕ་རོལ་ཏུ་ཕྱིན་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བརྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཞེས་པ་དང༌། ཡོན་ཏན་གང་བྱུང་ན། གང་གི་དྲིན་གྱིས་བདེ་ཆེན་ནི། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པདྨོར་འདུད། །ཅེས་པ་དང༌། དེའི་ཕྱིར་ན་སྡོམ་འབྱུང་ལས། མཆོད་པ་ཀུན་གྱི་ཐོག་མར་ནི། །བླ་མ་མཆོད་པ་བརྩམ་པར་བྱ། །དེ་མཉེས་པ་ལ་ཀུན་མཁྱེན་གྱི། །ཡེ་ཤེས་དམ་པ་ཐོབ་པར་འགྱུར། །ཞེས་པ་དང༌། སློབ་དཔོན་འཕགས་པས། མཆོད་པ་ཐམས་ཅད་ཡོངས་སྤངས་ལ། །ཞེས་པས། དུས་གསུམ་གྱི་སངས་རྒྱས་ལ་མཆོད་པ་ཕུལ་བ་བས། བླ་མའི་བ་སྤུ་ཁུང་གཅིག་མཆོད་པ་བསོད་ནམས་ཆེ་བས། དེ་ཡང་བླ་མ་དེ་བཟང་བར་འཁོར་གྱིས་བྱེད་དེ། ཁྱེད་རྣམས་ཀྱི་ཡུལ་རྒྱ་ཤོད་དེ་ཀུན་ཏུ་མུན་ནག་གི་སྒྲོན་མ་བྱས་པས་དེ་ལ་རྗེས་དཔག་ཡོད་དེ། ང་ཚད་མ་བ་རྒད་པོ་ཡིན་པས་འདི་ཚོད་ཀྱིས་བླ་མ་དེ་སངས་རྒྱས་དངོས་ཅིག་བཞུགས་པར་འདུག་སྙམ་ནས་ཡོན་བདག་རྣམས་ཀྱང་འདིར་བྱོན་པ་ཡིན་ཏེ། སྔོན་སངས་རྒྱས་ལ་ཡང་འཇམ་དཔལ་དང་སྤྱན་རས་གཟིགས་ཀུན་གྱིས། ཤར་དང་ལྷོ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་འོད་ཟེར་གྱིས་བཀང་ནས། མེ་ཏོག་ཕལ་ཆེར་མེ་ཏོག་བླ་རེ་དང༌། །མེ་ཏོག་བཀོད་པའི་འོད་ཟེར་རབ་བཀྱེ་ བ། །འཇིག་རྟེན་ཁམས་ཀུན་རབ་ཏུ་རྒྱས་བཀང་སྟེ། །བདག་ཉིད་ཆེན་པོ་དེ་དང་སངས་རྒྱས་མཆོད། །ཞེས་པའི་དོན་ཡང་དེ་ཡིན། །དེ་ལྟར་ཞིང་རྣམ་པར་དག་པ་དཀོན་མཆོག་གསུམ་ཡང་བླ་མ་དང་དགེ་འདུན་ལ་ཚང་སྟེ་ཞིང་དག །བསམ་པ་རྣམ་པར་དག་པ་རྐྱེན་དགེ་བའི་བཤེས་གཉེན་ལ་རག་ལས། མ་དག་པ་འཇིག་རྟེན་གྱི་ཆོས་བརྒྱད་ཡིན་པས་ཁྱེད་ལ་མི་མངའ་ན་ཡང་མ་དག གཟུགས་ལ་ཡང་བླ་མ་རིན་པོ་ཆེའི་ཞལ་ནས་ལེགས་ཤོས་པགས་པ་འདི་ཡིན་ཏེ་མི་པགས་ལ་ཅི་བཏུབ། དེའི་འོག་མི་གཙང་བ་འབའ་ཞིག་ཡིན་གསུངས་གསུངས་པས། དེ་ལ་ཡང་དགོས་པ་མེད་སྡིག་པའི་ཚེ་རིང་བ་ངན་པས། གསང་སྔགས་ནས་སྡིག་ཅན་བསྒྲལ་བར་བཤད་པ་ཡང་དེ་ཡིན། ལོངས་སྤྱོད་མེ་ཆུ་རྒྱུན་པོ་དང་ཐུན་མོང༌། ནད་མེད་པ་དུར་དུ་ཁྱེར་ཙ་ན་བོན་རྒན་གཅིག་ལ་ཡང་ཟན་ཁམ་གང་མི་འཆོར་རེ་དགོས་པ་མེད། རྙེད་པ་ཁ་ལན་ཡིན་ཏེ་སང་ནས་སྒོ་བཅད་ནས་ཞལ་ཡང་མི་སྟོན། བཀུར་བའི་སྟན་ཡིན་ཏེ་གོང་མ་ཆེན་མོ་རྣམས་ཀྱིས་ཁྱེར་ནས་འདུག་པ་ཡང་མ་འཐོབ། ཁ་འཛིན་ནི་དགྲ་ཡིན་ཏེ་ཁྱེར་ཡང་འཐུད་དང་སྙགས་མི་བྱེད་པས་ཕྱི་མི་འབའ་ཞིག་ཡིན། ཕྱི་མ་ནི་མངོན་མཐོ་ལྷ་མི་ནི་བརྒྱ་བྱིན་དང་ཚངས་པ་ཡང་སླར་འཁོར་བའི་ཡང་བྲན་དུ་འགྱུར་ཅིང་ངན་སོང་དུ་འགྲོ། ངེས་ལེགས་ཉན་ཐོས་དང་རང་སངས་རྒྱས་གཉིས་ལ་ཡང་གཏན་གྱི་ཐར་པ་མེད་པས། བླ་ན་མེད་པའི་བྱང་ཆུབ་འབའ་ཞིག་དེ་ཡང་ནམ་མཁའ་དང་མཉམ་པའི་སེམས་ཅན་འདི་དག་ཐམས་ཅད་མ་ལུས་པར་བྱང་ཆུབ་ལ་དགོད་པར་འདོད་པའི་བློ་གྲོས་ཅན་བྱང་ཆུབ་རང་མ་གོ་ན་མི་འོང་བས། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །རྟོག་པ་ཐམས་ཅད་སྤངས་ཕྱིར་རོ། །ཞེས་པས་དེར་བསྔོ། །དངོས་པོ་རྣམ་པར་དག་པ་གསུམ་ཡིན་ཏེ། སྦྱིན་པ་ལས་བྱུང་བ་ཚུལ་ཁྲིམས་ལས་བྱུང་བ་བསྒོམས་པ་ལས་བྱུང་བ་གསུམ། རྗེས་སུ་ཡི་རང་བ་དང་བཞིར་ཡང་བཏུབ། དེ་ཡང་སྦྱིན་པའི་དངོས་པོ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་བདེ་བ་དང་སྐྱིད་པའི་དཔལ་ཕུན་སུམ་ཚོགས་པའི་འབྱུང་གནས་ཡུམ་རྒྱས་པ། འབྲིང་པོ་བསྡུས་པ་རིན་པོ་ཆེ་བཻ་ཌཱུརྻ་ཞུན་མ་ལ་གསེར་གྱིས་བྲིས་པ་དང༌། རིན་པོ་ཆེ་དུང་བཞུས་པ་ལ་བཻ་ཌཱུརྻས་བྲིས་པ་ཕུལ་བའི་བསོད་ནམས་མཐའ་མི་མངོན་ཏེ། སངས་རྒྱས་སྲས་དང་ཉན་ཐོས་རང་རྒྱལ་ལྷ་རྣམས་དང༌། །འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང༌། །ཞེས་པའམ། །བསྐལ་པ་བྱེ་བར་སྦྱིན་པ་བྱིན་བྱས་པས། སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་འཕགས། །ཞེས་པའམ། ཅིའི་ཕྱིར་ཞེ་ན་སྨྲ་མཆོག་དེ་དག་འདིར་བསླབས་ནས། །ཞེས་པས་རབ་ཏུ་དད་པས་རབ་ཏུ་དད་པ་ལ། ལྷག་པར་མོས་པས་ལྷག་པར་མོས་པ་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ། ཞེས་པའམ། སྨན་གྱི་བཏུང་བ་ལ་དངོས་པོ་གཞན་ནམ། ཡང་རྗེས་སུ་ཡི་རང་བའི་དངོས་པོ་ནི། ཁྱེད་རང་ཐམས་ཅད་ཀྱིས་མཉམ་པོའམ་ཆེར་ཐོབ་པ་ཡང་ཡིན་ཏེ། ཁ་ཅིག་ཕྱེད་ཐོབ་ཟེར་ཏེ་དེ་མིན་དེ་ལ་བགོ་བཤའ་བྱས་པ་སུས་ཡོད། ཆོས་རྣམས་ཀུན་གྱི་སྔོན་དུ་ཡིད་འགྲོ་ཡིད་གཙོ་ཡིན་ཞེས་པས་བསམ་པ་གཙོ་སྟེ། རྒྱལ་བྱེད་ཀྱི་ཚལ་ཀུན་དགའ་ར་བར་སངས་རྒྱས་དང་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་དགེ་སློང་སྟོང་ཉིས་བརྒྱ་དང་བཅས་པ་ལ། རྒྱལ་པོ་གསལ་རྒྱལ་གྱིས་དབྱར་ཟླ་བ་གསུམ་བཤོས་དྲངས་པ་ལས། སྤྲང་པོ་གཅིག་ཡིད་རང་སྐྱེས་པས་རྒྱལ་པོ་ལ་སངས་རྒྱས་ཀྱིས་ཁྱོད་ཀྱི་ཡོན་བསྔོའམ། དེ་བས་བསོད་ནམས་ཆེ་བ་གཅིག་གི་ཡོན་བསྔོ་ཞེས་པས། ཆེ་བ་བསྔོས་ཟེར། སྤྲང་པོར་བསྔོས་ནས་ཟླ་བ་གསུམ་ཐེམས་ཏེ་སང་དགག་དབྱེ་མཛད་ནས་བཞུད་པ་ལ་ཐུག་པས། རྒྱལ་པོ་མྱ་ངན་གྱིས་ཁང་པར་ཞུགས་ནས་བློན་པོས་དྲིས་པས་ཟླ་བ་གསུམ་དུ་ཡོན་བསྔོ་བ་མ་ཐོབ་ཟེར་བས། ཐབས་ཡོད་པས་འབྲས་ཆན་དང་ཚོད་མ་ཉིས་འགྱུར་དུ་ཚོས་ལ་ཕྱེད་ཕྱེད་ཐང་ལ་ཕོས། སྤྲང་པོས་སྡུད་པའི་ལག་པ་ལ་དབྱུག་པ་རྒྱབ་པས། རྒྱལ་པོ་སྡིག་ཆེན་སྙམ་མ་དད་ནས་ཡོན་བསྔོ་རྒྱལ་པོས་ཐོབ་བོ། །དེ་དང་འདྲ་བས་བསྔོ་བྱའི་དགེ་བ་ཁྱེད་རང་ཐམས་ཅད་ཀྱི་ཐུན་མོང་དུ་དེ་ལ་ཕུལ། དེའི་བསོད་ནམས་དགེ་འདུན་ལ་ཕུལ། སེམས་ཅན་ནམ་མཁའ་དང་མཉམ་པ་ལ་ཕུལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་ཕུལ་དང༌། དེ་རྣམས་མ་ཟད་ཀྱི་བར་དུ་དགེ་བ་མི་འཛད། །ནམ་མཁའི་མཐའ་དང་མཉམ་ཆོས་ཀྱི་དབྱིངས་དང་མཉམ་པ་ཡིན་གྱིས། ཡང་འདི་ལྟར་དུས་གསུམ་གྱི་དགེ་བའི་རྩ་བ་ཐུགས་ཀྱིས་སྡོམས་ལ་རྗེས་ཟློས་མཛོད་གསུངས།།


previousཚོགས་གསོག་པ་ལ་ཞིང་བསམ་དངོས་གསུམ་གྱི་རྟེན་འབྲེལ་འཛོམ་དགོས་པར་གདམས་པ།། next