Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
ཐོས་བསམ་བྱས་པར་ཡོན་ཏན་མ་སྐྱེས་པ་ངེས་ཤེས་མེད་པའི་སྐྱོན་ཡིན་པར་གདམས་པ།།
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousཐོས་བསམ་བྱས་པར་ཡོན་ཏན་མ་སྐྱེས་པ་ངེས་ཤེས་མེད་པའི་སྐྱོན་ཡིན་པར་གདམས་པ།། next

ཐོས་བསམ་བྱས་པར་ཡོན་ཏན་མ་སྐྱེས་པ་ངེས་ཤེས་མེད་པའི་སྐྱོན་ཡིན་པར་གདམས་པ།།

ཡང་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། སྐྱེས་བུ་ཀུན་བླ་མ་རིན་པོ་ཆེའི་ཞལ་ནས་ཀུ་རེ་ཀུ་རེ་ལ་ཨ་མ་བག་མར་འགྲོ་གསུངས་ཏེ། དེ་རིང་ཡིན་སང་ཡིན་སྙམ་སྟེ་མི་ཚེ་ཟད་པ་ཡིན། ཆོས་ཐོས་བསམ་སྒོམ་གསུམ་བྱེད་པ་ཐམས་ཅད་ལ་ཡོན་ཏན་ཡེ་མེད་པ་འདི་ཅིས་ལན་སྐྱེས་བུ་སོམས་དང༌། བག་ཅིག་ངེས་ཤེས་མ་སྐྱེས་ན་འདི་ཡིན་ཏེ། ཆོས་ཐམས་ཅད་དོན་དུ་མ་སོང་བ་ཚིག་ཏུ་སོང་བས་ལན་པས། དེ་འཆི་བ་མི་རྟག་པ་བསྒོམ་པ་ཡང་རྒྱུ་མཚན་མང་པོས་བཤད་ཀྱི་དོན་ཉམས་སུ་མྱོང་བ་མེད་པས། ལྔ་རིག་པའི་པཎྜི་ཏ་ཆེན་པོ་རྣམས་ལ་ཤམ་ཐབས་བཅུ་བཅུ་གསེར་སྲང་བྱེ་བ་ལ་སོགས་མཁོ་བའི་ཡོ་བྱད་དང་འཚོ་བ་དང་ལྷག་པ་གསུམ་སོགས་རེ་མཁས། སངས་རྒྱས་ཀྱི་གནང་བ་ཡིན་ཟེར་ཏེ། སྔོན་འཕགས་པ་ཉེར་དགའ་ཡང་མཁས་པ་འདུལ་བའི་བཅས་པ་དང་ཉེས་ལྟུང་གིས་མ་གོས་པར་གསེར་སྲང་བྱེ་བ་གཅིག་བསགས་པས། དམྱལ་བར་ལྟུང་བ་ལུང་བསྟན་ཏེ་གདའ་བས་ཆགས་པ་ལགས་སམ། དེས་ན་མྱོང་བ་ཡོད་པའི་རྟེན་གྱི་གང་ཟག་རྗེ་བཙུན་མི་ལ་ལྟ་བུ་ཕོར་ཅིག་དང་དབྱུག་པ་གཅིག་བཟུང་བས། རེས་རི་ཁྲོད་རེས་ནགས་ཁྲོད་རེས་ལུང་ཁྲོད་དུ་གཅིག་པུ་རྒྱུ་ཞིང་ཉམས་སུ་ལེན་ཏེ། གཅིག་པུ་རྒྱུ་བའི་སྙིང་སྟོབས་ཅན། །རྣལ་འབྱོར་དབང་ཕྱུག་མ་ལགས་སམ། །ཞེས་པ་ལྟ་བུ་ཡིན་ཏེ་འདི་ཡང་མྱོང་བ་ཡོད་པའི་ཀུ་སཱ་ལི་དེ་སྙམ་ནས་མཁས་པ་འདི་སྙིང་རེ་རྗེ་ན་སྙམ་པ། དེ་སྙམ་ན་ཀུ་སཱ་ལི་པ་འདི་སྙིང་རེ་རྗེ་ན་སྙམ་སྟེ། དཔེ་གྲོག་མའི་རྐེད་པ་དང་ཁྲུང་ཁྲུང་གི་བཞིན་དུ། དེས་ན་བླ་མ་མྱོང་བ་མེད་པས་བྱིན་རླབས་མེད་དེ་བཤད་ཀྱང་སྒྲའམ་མུ་སྟེགས་ཀྱི་བསྟན་བཅོས་ལྟར་སོང་བ་ཡིན་པས་མི་རྟོག་པ་རྒྱུད་ལ་སྐྱེས་པ་དེ་ཡིན་ཚིག་དེ་མིན། བྱམས་པ་ཡང་དྲིན་ཆེ་བར་བཤད་པའི་ཚིག་དེ་མིན་རྒྱུད་ལ་སྐྱེས་པ་ཡིན་ཏེ། རི་དྭགས་རྒྱལ་པོ་རུ་རུའམ་ཁྲི་སྙན་ས་ལེས་ཚིག་མི་ཤེས་ཏེ་བྱམས་པ་ཤེས་ཀྱང་ཡོན་ཏན་བྱང་ཆུབ་སེམས་དཔའི་རྒྱལ་པོ་ཤིང་རྟ་བཅུ་པར་སྐྱེས་པའི་དུས་སུ། སྟག་མོར་ལུས་སྦྱིན་པས་ཟ་མ་ནུས་པར་ལྡག་ཅིང་མོ་རང་གི་བུ་ལྔ་པོ་བས་གཅེས་པར་བྱས་སྐད། དེ་ནས་ཤིང་ལས་ལྷུང་སྟེ་ལྕེབས་ནས་ཟོས་པ་ལྟ་བུ་དེས་ཀྱང་ཚིག་མི་ཤེས། བྱམས་པ་ཆེན་པོ་རྒྱུ་དང་ལམ་དང་འབྲས་བུ་གསུམ་དགོས་ཏེ། སངས་རྒྱས་ཀྱིས་བདུད་དམག་བྱེ་བ་ཕྲག་དུང་ཕྱུར་བྱམས་པ་ཆེན་པོས་བཏུལ་བ་ཡིན་ཏེ། ལམ་གྱི་དུས་སུ་ཡང་བྱམས་པའི་ཏིང་ངེ་འཛིན་གྱིས་འདུལ་བ་ཡིན་ཏེ། འགྲོ་བ་མཐའ་དག་གཉུག་མ་བྱམས་པ་ཆེན་པོའི་ཏིང་ངེ་འཛིན་གྱིས། ཞེས་པ་ལྟ་བུ། །སྙིང་རྗེ་ཡང་དེ་དང་འདྲ། དེས་ན་བླ་མ་དམ་པ་མཁས་པ་ཞིག་ལ་བསྟེན་དགོས། རྗེ་བཙུན་ཐུགས་རྗེ་ཆེན་པོ་ལྟ་བུ་དེ་ཨ་མོ་གྷ་པ་ཤ་དང༌། བཅུ་གཅིག་པའི་གཟུངས་དང་དཔལ་ལྷ་མོའི་བསྟན་བཅོས་ནས། སྐུ་མདོག་དཀར་བ་ཞལ་ཕྱག་ལ་སོགས་པ་བཤད་པ་དེ་རྣམས་ཚིག་ཡིན། ཡང་ཕ་རོལ་ཏུ་ཕྱིན་པ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བཤད་པ་དང༌། དབུ་མ་དང་རྙིང་མས་རྫོགས་ཆེན་དང༌། གསར་མས་ཕྱག་རྒྱ་ཆེན་པོ་བཤད་པ་དེ་རྣམས་ཚིག་ཡིན། དེའི་དོན་གཅིག་ཡོད་དེ་ཚིག་དང་དོན་དེ་ལ་འབྲེལ་པ་སྤུའི་རྩེ་མོ་ཙམ་ཡང་མེད། དེས་ན་བླ་མ་མཁས་པ་ཞིག་བཙལ་ནས་དེས་ཀྱང་ཐུགས་རྗེ་ཆེན་པོ་ལྟ་བུ་བསྒོམས་པ་ལ། ལུས་ཀྱི་འཁྲུལ་འཁོར་སེམས་ཀྱི་དམིགས་པ་རླུང་གི་གདམས་པ་ལྟ་བུས་ད་ལྟ་རང་འདིར་འོང་ཞེས་པ་སྐྱེ་རྒྱུ་ཞིག་ཡོད། དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་ལ་ཡང་ཡོད་དེ་ཐོག་མར་བླ་མས་བསྟན་པས་གོ་བ་དེའི་རྒྱུའི་དབང་བྱ་བ་ཡིན། ཉམས་སུ་བླངས་པས་སྐྱེས་པ། ལམ་དེ་མངོན་དུ་གྱུར་པ་འབྲས་བུ་ཡིན་ཏེ། ད་ལྟའི་དབང་བསྐུར་མཁན་ཀུན་རུང་ཆུ་འདེབས་བྱ་བ་ཡིན། དབང་ཅི་ལ་ཟེར་ཁོང་རང་ལ་ཡང་རྒྱུས་མེད་དེ་མོ་འདེབས་པ་ལ་སོགས་པ། མཁས་པ་ཆེན་པོ་ཀུན་བེའུ་བུམ་འདི་ཟབ་བམ་ཟབ་བམ་ཞེས་པའི་མོ་འདེབས་རྗེ་འོལ་ཁ་བས་གསུངས། ཡང་མཁས་པ་ཆ་པ་ལྟ་བུའི་རིགས་པ་བདུན་ཅུ་རྩ་གཉིས་ལ་བརྐྱང་དུ་བཏུབ་པ་ཕྱེད་དང་གསུམ་ཞེས་གཙང་དག་གིས་ཕྱེ་བ་དང་འདྲ། དེས་ན་ཆོས་ཐམས་ཅད་ཀྱི་རྩ་བ་ཉོན་མོངས་པ་སྤོང་བ་འདུལ་བ་འཛིན་ཡང་མ་གོ་བས། དེ་ལ་ཚིག་དང་དོན་གཉིས་ལས་དོན་དེ་ཆོས་ཡིན་ཚིག་དེ་རྣམས་ཆོས་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་པས། ལུང་བསྟན་ཐོབ་པ་སློབ་དཔོན་ཀླུ་སྒྲུབ་དང༌། འཛམ་བུ་གླིང་པའི་ཤེས་རབ་ཕྱོགས་གཅིག་པས་ཆེ་བའི་དཔལ་ལྡན་ནཱ་རོ་པ་སྒོ་བ་བཞིའི་འགྲན་ཟླ་དང་བྲལ་བ་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་ཤེས་རབ་ཆེ་བ་ཤ་རིའི་བུ་ལ་སོགས་ཀྱང་བྲམ་ཟེ་དང་ཏིལླི་པའི་ཀུ་སཱ་ལིའི་རྗེས་སུ་འབྲངས་ཏེ་ཟེར། སངས་རྒྱས་ཀྱི་རྗེས་སུ་འབྲངས་དོན་ཉམས་སུ་མྱོང་བ་བྱམས་པ་སྐད་ཅིག་མ་ཙམ་མམ། སྙིང་རྗེ་མར་མེའི་འོབས་ན་འདུག་པའི་སྡུག་བསྔལ་ལ་སྐད་ཅིག་ཙམ་སྐྱེས་པའམ། དབང་བསྐུར་ནས་བསྐྱེད་རྫོགས་བསྒོམ་པ་ལ་ལྷའི་སྤྱན་དང་སྟག་ཤམ་ལ་སོགས་པ་གསལ་བ་དེ་དོན་ཡིན་པས། དེ་ལྟ་བུ་ལ་མ་ཡེངས་པར་བསྒོམས་པས་དེ་ལྟར་འགྱུར་ཏེ། རྒྱས་པའི་མངོན་རྟོགས་བསྒོམ་པ་རྣམས་ཀྱིས་ཡན་ལག་བདུན་པ་རྒྱས་པ་རེ་ནངས་པར་བྱེད་པའི་དུས་སུ། ཡུལ་སྤྱན་འདྲེན་པ་ལ་སོགས་ཀྱི་དུས་སུ་རྣམ་རྟོག་རྫས་དང་ཡོ་བྱད་བླ་མའི་བསྙེན་བཀུར་ལ་སོགས་ཀྱི་རྟོག་པ་ལང་ལོང་བྱུང༌། དེའི་དབང་དུ་བཏང་ན་དོན་མི་འགྲུབ་སྟེ། འཁོར་བ་རེས་སུ་འདྲེ་བྱེད་ན། ས་ཐོབ་པ་ལ་ཡུན་རིང་ཐོགས། །ཞེས་པའི་དོན་ཡིན་ཏེ། སྔར་གྱི་དོན་ལས་མ་ཡེངས་པར་ཚོགས་བསགས་པའི་རྗེས་དེ་ལ་ཆགས་སྡང་རྨོངས་གསུམ་གྱི་རྟོག་པས་བར་མ་ཆད་པར་ལྷ་བསྒོམ། བསྡུས་པ་སེམས་གསུམ་སྐྱེས་པར་བསྒོམས་པའི་རྗེས་ལ་བར་མ་ཆད་པར་ལྷ་བསྒོམ། དེ་ཡང་སྐྱེ་བར་བྱེད་པའི་རྒྱུ་གནས་པར་བྱེད་པའི་གཞི་འཇིག་པར་བྱེད་པའི་རྐྱེན་ལ། འདི་དཔེར་ན་བར་དོའི་སྲིད་པ་འགྲུབ་པ་ལ་ཕ་མ་རྣམ་ཤེས་གསུམ་སྐྱོན་མེད་པ་ལས་སྲིད་པ་འགྲུབ་པ་བཞིན་དུ། ང་སེམས་ཉིད་སྐྱེ་མེད་ཕྱག་རྒྱ་ཆེན་པོར་དང་པོ་འདི་ནས་སྐྱེས་བྱ་བའམ། ཐ་མ་འདིར་འགག་བྱ་བ་མེད་དེ་གདོད་མ་ནས་རྣམ་པར་དག་པར་གནས་པ་དེ་ལ། སྐྱོན་གྱིས་ཆུའི་ཆུ་བུར་བཞིན་དུ་གློ་བུར་བའི་རྣམ་པར་རྟོག་པ་དེས་ང་དང་བདག་ཏུ་བཟུང་སྟེ། གང་ཟག་དང་སྲོག་གསོ་བ་ལ་སོགས་བཅུ་གཉིས་སུ་འཛིན་པ་དེ། ཚུལ་བཞིན་མ་ཡིན་རྟོག་པ་སྟེ། འཁོར་བ་དེའི་རྩ་བ་སྐྱེ་བ་མེད་པར་ཆོད་ནས་རྟོག་པ་སྒྲོག་རང་བརྡལ་དུ་སོང་བའི་རྟེན་གྱི་གང་ཟག་ལ་ཚུལ་བཞིན་དུ་སེམས་པ་སྟེ། ཡེ་ནས་ཆོས་ཐམས་ཅད་བབས་སམ་ཚུལ་ཡིན་པ་སྟེ། ཀུན་རྫོབ་སྨོན་འཇུག་གཉིས་ཏེ་སྨོན་པ་བརྟན་པ་དེ་རང་འཇུག་པ་ལ་འདུས་ཏེ་དེ་གཉིས་སྐྱེ་མེད་ཕྱག་རྒྱ་ཆེན་པོ་ཡིན་ཏེ། ཆོས་ཅན་དང་ཆོས་ཉིད་དམ་གཤིས་ཡིན་པས་བྱང་སེམས་བརྟན་པོ་བསྒོམ་པའི་རྗེས་ལ། ཞིང་བླ་མ་ལ་དྲུག་པ་རྡོ་རྗེ་འཛིན་པ་ཆེན་པོར་མཐོང་བ་ཞིག་དགོས་ཏེ། སྐྱེད་བྱེད་ཀྱི་རྒྱུ་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མ་ལ་བརྙས་པ། རྡོ་རྗེ་འཛིན་པ་ང་ལ་མ་བྱས་པ་ཙམ་གྱིས་བརྙས་པར་འགྲོ། ཕ་གི་ནས་སངས་རྒྱས་བཤད་ཀྱང་སྲོག་དང་བདེ་བ་དང་འཚོ་བ་སོགས་པ། བྱང་ཆུབ་ཀྱི་སེམས་མཐོང་ན་ཡང་ཐད་སོར་འབྱུང༌། བསམ་པ་བྱང་ཆུབ་ཀྱི་སེམས་གཉིས་དང་དེ་ལས་བྱུང་བའི་དངོས་པོ་དྲུག་པ་རྡོ་རྗེ་འཛིན་པ་སྟེ། དེ་གསུམ་གཅིག་ཏུ་གྱུར་པས་ཐ་མལ་གྱི་ལུས་ངག་ཡིད་གསུམ་དག་ནས། ཇོ་བོ་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་སུ་འགྱུར་ཏེ། འདི་ལ་དུས་དང་རྣམ་པ་ཐམས་ཅད་དུ་མ་ཡེངས་ན་ད་ལྟ་ཉིད་དུ་དེ་ལྟར་འགྱུར་ཏེ། ཕྱི་རོལ་གྱི་ཀླུའི་རྒྱལ་པོ་ཨ་ལེའི་འདབ་མ་ལ་སོགས་ཀུན་ཀྱང་ཁོང་གི་ཇོ་བོར་མཐོང་སྟེ་ཞབས་ཏོག་དང་བསྙེན་བཀུར་བྱེད་ཧེ་རུ་ཀར་བསྒོམས་ན་མཁའ་འགྲོ་ཐམས་ཅད་ཀྱི་བསྙེན་བཀུར་བྱེད། དེ་བཞིན་དུ་གྲུབ་ཆེན་བརྒྱད་ཀྱང་རལ་གྲི་ལྟ་བུ་ཕྱག་མཚན་གྱི་བསྒྲུབ་པ་དང༌། གནོད་སྦྱིན་མོས་ཁུར་བ་དང༌། དེ་བཞིན་དུ་གཉིས་མེད་ཀྱི་ཕྱག་རྒྱ་ཆེན་པོ་དེ་ལྷ་ཞལ་ཕྱག་མང་པོ་དང༌། ཟད་པར་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་གང་བསྒོམས་པ་དེས། ལས་ཐམས་ཅད་གང་དང་གང་གིས་བྱ་བ་ཐམས་ཅད་འགྲུབ་སྟེ། ཕྱི་ནང་གཉིས་མེད་རང་སྣང་དེས་གཞན་དོན་ཐམས་ཅད་ཀྱང་དེ་ལྟར་འབྱུང་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ། སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་ཞིང་ཁམས་ཐམས་ཅད་ལ་སྐུས་ཁྱབ་པ། རང་གི་བསམ་པ་རྡུལ་ཕྲ་རབ་ཀྱི་བསམ་པར་སོང་དུས་སུ་རྡུལ་གཅིག་སྟེང་ན་རྡུལ་རྙེད་སངས་རྒྱས་རྣམས་ཞེས་ཏེ། སྟོང་གསུམ་རྡུལ་ནང་དུ་ཤོང་ལ་སྟོང་གསུམ་ཆུང་དུ་མ་སོང་རྡུལ་ཆེར་མ་སོང༌། ཆོས་ཀྱི་དབྱིངས་དང་མཉམ་པ་ནམ་མཁའི་མཐའ་དང་མཉམ་པ་ཐམས་ཅད་བསམ་པ་གཅིག་པོ་དེ་ཡིན། གདུལ་བྱ་རེ་རེའི་དྲུང་དུ་སྐུ་རེ་རེ་འབྱུང་བ་ཡང་དེ་ཡིན་པས། འདི་ལྟ་བུའི་བསྐྱེད་རིམ་བརྟན་ན་ནད་མཛེ་ནད་ཀུན་དར་ཅིག་ལ་འབུད་པར་འདུག་སྟེ་འུར་དེད་འདི་ཡིན། དེ་ལྟར་མ་ཡིན་པ་རྣམ་ཤེས་སྐྱོན་ཅན་ཆགས་སྡང་རྨོངས་གསུམ་གྱི་རྟོག་པས་བར་བཅད་ན། བྱང་ཆུབ་ཀྱི་སེམས་ནི་ད་ཅི་སོང་ཟིན་དེས་བསྐྱེད་པའི་ལྷ་དེ་ཆགས་པས། བསེན་མོ་སྡང་བས་དཔེ་དཀར། རྨོངས་པ་ཀླུ་གདོན་དུ་འོང་སྟེ། ཉེས་པ་ཐམས་ཅད་འདི་ལས་འབྱུང་བས་ལྷ་མ་ཡིན་འདྲེ་ཡིན་གསུངས། ཡང་བསྐྱར་ལ་བྱང་སེམས་སྐྱེ་ངེས་བྱ་སྟེ་ལྟ་སྒོམ་དེའི་དབང་དུ་མ་སོང་ན། དགྲ་གཉེན་དུ་ཆོད་པ་ཡང་འདི་ཡིན། སྒོམ་པ་རང་ལ་ཡང་ཆེ་ཡང་རུང་ཆུང་ཡང་རུང་ཕྱག་རྒྱ་ཆེན་པོ་མེར་སོང་བ་ཡིན་ང་དེ་རང་ལ་ཡང༌། དམྱལ་བའི་མེ་དང་ཡི་དྭགས་ཀྱི་མེ་དང་ཡེ་ཤེས་ཀྱི་མེ་ཡང་ཡོད་དེ་དེས་ཐམས་ཅད་ལ་འགྲེའོ། །དེས་ན་རྣམ་པར་རྟོག་པ་དེ་ཉོན་མོངས་པ། ལུས་ངག་ཏུ་ཐོན་པ་དེ་ལས་དེའི་འབྲས་བུ་མི་མཐུན་པ་ཞིག་འབྱིན་པ་དེ་འབྲས་བུ་སྟེ། ཞིང་དངོས་པོ་བསམ་པ་གསུམ་གཅིག་ཏུ་འཛོམ་པ་དེའི་ལུས་རྩ་ཡིན་ཏེ་འཁྲུལ་འཁོར་ངག་རླུང་ཡིན་སྔགས་དེ་ལས་དེ་འགྲུབ་སྟེ། འདི་ངའི་གཡོག་བྱེད་པ་འདིས་གོ་བ་ཡིན་གསུངས། ཡང་ས་བདུན་པའི་སྐབས་ན་ཕྱི་ནང་གི་སྣང་བ་ཐམས་ཅད་སེམས་ཙམ་དུ་མཐོང༌། ས་བརྒྱད་པར་ལུས་དག་སྟེ་སྣང་བ་དང་སེམས་གཉིས་མེད་དེ་སྤང་གཉེན་གཅིག་ཏུ་སོང་བས། རྩོལ་བ་ཆུང་བ་ལ་སངས་རྒྱས་ཀྱིས་བསྐུལ་ཏེ་རགས་པ་ཡིན། དགུ་པ་ངག་དག་སྟེ་སོ་སོར་ཡང་དག་རིག་པ་བཞི། བཅུ་པར་ཡིད་དག་སྟེ་གདུལ་བྱ་ཐམས་ཅད་དང་མཐུན་པའི་ཏིང་ངེ་འཛིན་གྱི་འཁོར་གྱི་དཀྱིལ་འཁོར་རངས་པར་བྱེད་གསུངས། སེམས་ཙམ་པ་ནི་བདུན་པ་ཡིན། སྣང་བ་མེད་པ་ས་བརྒྱད་པ་ཞེས་པ་ལང་གཤེགས་ནས་སོ།།


previousཐོས་བསམ་བྱས་པར་ཡོན་ཏན་མ་སྐྱེས་པ་ངེས་ཤེས་མེད་པའི་སྐྱོན་ཡིན་པར་གདམས་པ།། next