Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དམ་པའི་ཆོས་འདུལ་བ་བདེན་པ་བཞིའམ་བདག་མེད་གཉིས་ལ་བརྟེན་ཚུལ།།
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousདམ་པའི་ཆོས་འདུལ་བ་བདེན་པ་བཞིའམ་བདག་མེད་གཉིས་ལ་བརྟེན་ཚུལ།། next

དམ་པའི་ཆོས་འདུལ་བ་བདེན་པ་བཞིའམ་བདག་མེད་གཉིས་ལ་བརྟེན་ཚུལ།།

ཡང་འདུལ་བར་ལུས་ཀྱི་རྫུན་ཚོད་མས་འབྲས་ཆན་འགེབས་པ་དང་ཞེས་ལུས་རྫུན་བཤད་ཅེས་པས་དེ་ལྟ་བུ་བཤད་དམ། དེ་ཚོད་མ་རང་གི་རྫུན་དུ་འདུག་པ་གསུངས་ནས་གཏོར་མ་གྱིས་དང་ངས་འདུལ་བ་བཤད་གྱི། སྤྱིར་འདུལ་བ་འདི་བདེན་པ་བཞིའམ་བདག་མེད་གཉིས་ལ་ལམ་བཅའ་དགོས་པ་ཡིན་ཏེ། འཁོར་བའི་རྒྱུ་ཀུན་འབྱུང༌། འབྲས་བུ་སྡུག་བསྔལ། མྱ་ངན་ལས་འདས་པའི་རྒྱུ་འཕགས་པའི་ལམ་ཡན་ལག་བརྒྱད། འབྲས་བུ་འགོག་པ་ཡིན་ཏེ། བྱང་ཆུབ་རྣམ་པ་གསུམ་སྟེ། སློབ་དཔོན་འཕགས་པ་གཉིས་པོ་གནས་སྐབས་ཀྱི་མཐར་གཅིག་ཏུ་བཞེད། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་པ་དེ་ལྟར་འདུལ་བར་མ་ཟད་ཆོས་ཐམས་ཅད་བདེན་པ་བཞིར་འདུ་བ་ཡིན་པས། གཞི་མ་བཅོས་པ་ཆོས་ཉིད་དྲི་མ་མེད་པ་ཡིན་པ་ལ་དེ་མ་རིག་པས་བཅོས་པས་རྐྱེན་གྱིས་འདུ་བྱེད་དེ། སྤྲོས་པ་མཐར་སོང་བས་རྫུན་བཅོས་མར་སོང་སྟེ་མ་བཅོས་པ་གཉུག་མ་དེ་དྲང་པོ་བྱ་བ་ཡིན་པས། འདུ་བྱེད་ནས་རྒ་ཤིའི་བར་དུ་འཁོར་བས་སྡུག་བསྔལ་ཏེ། འཕགས་པ་གྱད་ནོར་བུའི་གླེང་གཞི་ལས་རྒྱལ་པོའི་ བུ་བདེན་སྨྲ་བྱ་བ་ཡིན་པ་ལ། མ་ཆུན་མ་ཞིག་དང་གཉིས་ཡོད་པ་ལ་བུད་མེད་ཀྱི་ཆོས་ཕྲག་དོག་དང་སེར་སྣ་ཡིན་པ་ལ། མས་བུ་ལ་ཆུན་མ་འདིས་སྐྱེས་པ་གཞན་ངང་གི་སྐུར་བ་བཏབ་སྟེ། ཁྱོད་ལ་འདྲིར་འོང་བདེན་ཞེས་པ་དང༌། བདེན་སྒྲ་ཡིན་པས་དེ་མ་བཏུབ་ཞེས། འོ་ན་ངས་དེ་སྐད་བྱ། ཁྱོད་མགོ་ཅོག་གྱིས་ཞེས་པས་མ་དྲིས་པར་དེ་ལྟར་བྱས་པ་དང༌། རྫུན་དུ་སྨྲ་བར་སོང༌། ཁ་ནས་ཨུཏྤ་ལའི་དྲི་བྲོ་བ་ཡང་ངན་པར་སོང་པས། ཆུན་མའི་མིང་སྲིང་གཉིས་ནགས་ན་དགྲ་བཅོམ་པ་ལ་བསྙེན་བཀུར་ལ། འདི་གར་སྐྱེས་སུ་གནོད་པར་སྨོན་ལམ་བཏབ་པས། དེའི་རྣམ་སྨིན་གྱིས་ངན་སོང་གསུམ་དུ་བརྒྱུད་ནས། མཐར་སངས་རྒྱས་ཀྱི་དྲུང་དུ་དགྲ་བཅོམ་པར་གྱུར་ནས་ཀྱང༌། མཛའ་མོ་དང་ས་ལ་སྐྱེས་གཉིས་ཀྱིས་བཀུར་ཏེ་དགེ་སློང་མ་མཛའ་མོས་ཁས་བླངས་ཏེ་གྱད་བུ་ནོར་དེ་ལྟར་བྱས་སམ། སངས་རྒྱས་ཡང་ཞེས་དགེ་སློང་སྙིལ་ཏེ་ཁྱིམ་པར་སོང་ནས་བུ་དང་བུ་མོ་ཡོད་པར་གྱུར་འདུག་སྟེ། རྫུན་ཆེན་པོ་མི་ཆོས་བླ་མ་གཅིག་པུ་རྐྱང་པས་ཆོག་སྟེ། དེས་མི་ཆོག་པས་རང་བཞིན་དང་བཅས་པ་གཉིས་ཀར་སྡིག་ལྟུང་ངོ་བོ་གཅིག་པར་བྱས་ནས་འདུག་སྟེ། གཉིས་ཀ་མ་བཅོས་པ་དེ་ལས་བཅོས་ཏེ་འབྲས་བུ་དེ་ལྟར་འབྱིན་པས་གང་མ་བཅོས་པ་ནི་ཆོས་སྐུ་སྟེ། ཡུམ་ལས་གཟུགས་འདུ་མི་བྱེད་མངོན་པར་མི་བྱེད་མཚན་མར་མི་འཛིན་ཉེ་བར་མི་ལེན་ཏོ། །དྲན་པ་དང་བཅས་པ་ནི་ཁམས་གསུམ་དུ་འཁོར། དྲན་པ་མེད་པ་ནི་ཁམས་གསུམ་དང་བྲལ་བའོ་ཞེས་པའོ། །དེས་ན་རབ་བྱུང་གི་བསྙེན་པར་རྫོགས་པ་ཅིག་ཆར་བ་ཡང་དེ་ལྟར་ཡིན། འདི་ཐམས་ཅད་ཀྱི་རྩ་བའམ། ཕྱི་ནང་གི་ཁྱད་པར་རྩ་བ་ཤེས་རབ་ཀྱི། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །སྐྱེ་བ་མེད་པ་འགག་མེད་པ། །ཞེས་པས་སྤྲོས་པའི་མཐའ་དེས་ཆོད་འདིས་འདིར་འགྲོ་བྱ་བ་ཡིན་ཏེ། ཕྱི་ནས་བརྟག་ན་སྤྲོས་བྲལ། ནང་མི་བཅོས་པ་དེ་ཡིན་ཏེ། ཕྱི་རོལ་པ་ལ་གསང་ནས་འདི་ལྟར་བྱས་ན་འདིར་འགྲོ་ཞེས་སུན་འདོན་པ་ཡིན། ལར་ད་ལྟ་སྙམ་ཙམ་ལ་བྱས་ནས་ཉམས་བདེ་གསལ་མི་རྟོག་པ་གསུམ་དང་འགྲིག་སྟེ། དཀའ་མོར་འོང༌། གྲུ་ནག་པོའི་སློབ་མ་གཅིག་དགེ་སྦྱོར་སྐྱེ་འགག་མེད་ཅེས་པའི་རྟོག་པ་འགྲང༌། ངས་བཤད་སྐྱེ་བ་མེད་ལུགས་བཤད་པས། ང་འབུ་ཉི་མ་གསུམ་ལ་སུན་སྟོན་པས། ཕྱི་མ་མཁན་པོ་ལ་ཞུས་ཏེ་མ་རེད་པ་འདྲ། ཕྱག་རྒྱ་ཆེན་པོ་དེ་གཤིས་ཕན་གནོད་མེད་པ་ཡིན། ཡང་སྙམ་ཙམ་གྱི་ལྟ་བ་ལ་བླ་མ་རིན་པོ་ཆེ་རྟོག་པ་གཉིད་བྲུན་ཡིན་གསུངས། དེས་ན་མ་བཅོས་པ་དེ་དྲང་བ་ཡིན་པས་སངས་རྒྱས་ཀྱང་དྲང་བ་ཁོ་ན་ལ་རྩིས་མཛད། ཡང་རྗེ་རིན་པོ་ཆེས་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཉོན་མོངས་པ་ཕྲ་བ་མ་སྤངས་པར་བཞེད་དེ་སྤངས་ན། དགྲ་བཅོམ་པ་སངས་རྒྱས་པར་ཐལ། དེ་འདོད་ན་ཐེག་པ་གསུམ་དུ་སྨོས་པ་ལ་དགོས་པ་མེད། སྤོང་བ་དེ་ས་བཅུ་པའི་བར་དུ་ཡོད་དེ་དགྲ་བཅོམ་པ་ལ་བཅས་པ་གདའ་བ། ཉོན་མོངས་པ་གཏི་མུག་ཡོད་པ་མ་རིག་པ་ཡིན་མོད། འོ་ན་སངས་རྒྱས་ལ་ཚུལ་ཁྲིམས་ཀྱི་ལག་རྗེས་ཡོད་དམ་ཟེར་ན། ཚུལ་ཁྲིམས་ཀྱིས་ནི་ཞི་བ་འདོད་རྣམས་འཕགས་པར་འགྱུར། །སྟོབས་བཅུའི་སྤྱོད་ཡུལ་གནས་ཤིང་ཚུལ་ཁྲིམས་ཉམས་པ་མེད། །ཅེས་པ་དང༌། སྡོམ་པ་གསུམ་བསྟན་པའི་མདོ་ལས། གཤང་ལྕི་ལ་སྨོད་པ་ནི་སྟོབས་བཅུ་ལ་སྨོད། ང་སངས་རྒྱས་ལ་སྨོད་ལ་སོགས་གསུངས། ཡང་ཇོ་སྲས་རྒྱལ་བ་ཐེག་པ་ཆུང་ངུ་བ།། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཞེས་ཏེ་ལས་མ་མྱོང་བར་བཤགས་པས་མི་འཛད་པར་བཞེད་པ་ལ། ངེད་དེ་གཉིས་འདྲ་ཆེན་པོ་བས་བླ་མ་སྐྱེལ་བསུས་ཞབས་ལ་འཁོར་ལོ་གྲུབ་པ་དང༌། གསང་སྔགས་པས་ཕྲིན་ལས་བཞི་འགྲུབ་པ་དང༌། གནད་གཅིག་པ་ཡིན་ཏེ་ལས་འགྲུབ། དེ་ཟད་པར་ནུས་ཏེ་རྟོག་གཉིས་ཅིག་ཅར་མི་འཇུག་པས། སྡིག་པའི་རྟོག་པ་དེ་བཤགས་པའི་དུས་ན་མེད་དེ་དངོས་འགལ། དེས་ན་སྣང་བ་ཐམས་ཅད་རང་སེམས་ཡིན་པས་ཞི་བ་ལྷས། ལྕགས་སྲེགས་ས་གཞི་སུ་ཡིས་བྱས། །ལ་སོགས་དང་དེར་ཏུང་ཏུང་བོ་འདི་རང་ཡིན། བླ་མ་རིན་པོ་ཆེའི་ཞལ་ནས་ཀྱང་མོས་གུས་རྐྱང་པ་འདི་རང་ཡིན་གསུངས། སྐུ་གསུམ་གྱི་ཞིང་ཁམས་ཆོས་སྐུས་འཁོར་འདས་བཟང་ངན་ཐམས་ཅད་ལ་ཁྱབ་པར། ལོངས་སྐུ་ཕལ་ཆེན་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད། ཞིང་ཁམས་ཐམས་ཅད་ལ་སྐུས་ཁྱབ་པ། སྐུ་ལ་ཞིང་ཁམས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཏེ། རིན་པོ་ཆེའི་ཞལ་ནས་ཀྱང༌། རྣམ་པར་སྣང་མཛད་ཡེ་ཤེས་གང༌། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །ཞེས་པས། སྤྲུལ་སྐུ་ནི་སྐུའི་སྒོ་ནས་ཕན་བདེ་རྒྱུན་ཆད་པ་མེད་པ། སེམས་ཅན་གྱི་ངོས་ནས་ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་ཐམས་ཅད་སངས་རྒྱས་མ་ཐོབ་ཀྱི་བར་དུ་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་ནས། རྫོགས་པའི་བྱང་ཆུབ་ལ་འགོད་པ་ཆོས་དེ་ལྟར་རྟོགས་པ། ལུང་གི་ཆོས་དཔལ་གསང་བ་འདུས་པ་ལ་སོགས་ཀྱི་བརྗོད་བྱ་ཐམས་ཅད་ཀྱང་བླ་མ། དགེ་འདུན་དེ་ལྟར་ཉམས་སུ་ལེན་པ་ཡིན་ཏེ། དཀོན་མཆོག་རིན་པོ་ཆེ་གསུམ་བླ་མར་གོ་བས། རང་གཞན་ཐམས་ཅད་དེ་ལྟར་གོ་བ་ཆོས་ཉིད་ཡིན་གསུངས་པས། བླ་མའི་མོས་གུས་རྟོགས་པ་མཐོན་པོ་ཡོད་པ་རྣམས་ཀྱིས་ཀྱང་གལ་ཆེ། ཁྱད་པར་ཡང་ཡོད་པ་ཡིན་པས་སངས་མ་རྒྱས་བར་དུ། ང་ཁྱེད་ཀྱི་བླ་མར་འོང་བ་ལས་ཁྱེད་ངའི་བླ་མར་མི་འོང༌། ཡང་བོགས་འདོན་དང་གེགས་སེལ་ཚན་ཞིག་བྱ་ན། ཕྱག་རྒྱ་ཆེན་པོའམ་ཐབས་ལམ་གང་བསྒོམས་ཀྱང༌། ལུས་ཀྱི་འཁྲུལ་འཁོར་སེམས་ཀྱི་དམིགས་པ། གཞག་ཐབས་སམ་རླུང་གི་བཅོས་ལུགས་གསུམ་ཡིན་ཏེ། དེ་ཐམས་ཅད་ཀྱང་བླ་མ་ལ་འདི་ལྟར་བྱས་པས་དེ་ལྟར་འོང་བྱ་བའི་འདོད་པ་ཡོད་པས། ཁོང་རང་གང་གིས་ཟེར་བའི་དེ་ལྟར་བྱས་ཏེ། རྐང་པ་ལག་པ་མིག་ལ་སོགས་པ་ལ། འཁྲུལ་འཁོར་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་ཡིན། ཡང་སེམས་ཀྱི་དམིགས་པ་ཡང་སེམས་གསུམ། ཡི་དམ་བླ་མ་བསྒོམ་པ་ཡང༌། སློབ་དཔོན་དུས་གནད་རྒྱུ་གཙོ་བོར་སྨྲ་བ་ཡིན་པས། གང་དུ་སྒོམ་ཟེར་བ་དེར་བསྒོམ། མུ་སྟེགས་སུ་ཐལ་ཟེར་ན་ཁོས་ཀྱང་ བདེན་པ་ཕྱོགས་གཅིག་ཁོང་དུ་ཆུད་པ་ཡིན་ཏེ། དབྱར་དྲོ་དགུན་གྲང་འདོད་ཐོག སེམས་ཀྱི་གཞག་ཐབས་ལ་བླ་མའི་མན་ངག་བཞིན་དུ་བླ་མ་བསྒོམས་པས། གསལ་ལྷག་པ་ཡུན་ཟན་ཁམ་གཅིག་འདོད་པར་རམ་ཟན་ཞིག་ཟ་བར་བྱུང་ན་དེ་ལ་ལྷན་གྱིས་བཞག ཡང་འགགས་ནས་མེད་པར་སོང་སྟེ་རང་མི་རྟོག་པ་ཕྱག་རྒྱ་ཆེན་པོ་ཡིན་པས། དེ་རང་ལ་བཞག་པས་བློ་གསལ་ཡེར་གྱིས་འབྱུང་སྟེ་དེ་བསྐྱང༌། དེ་ལྟར་བསྒོམས་པས་བླ་མ་གསལ་པོ་བྱུང་ན་དཔེ་དཀར་དུ་མ་བཟུང་ཕན་བདེ་བྱུང་ན་དཔེ་དཀར་ཡང་བླ་མ་ཡིན། ཡང་སྒོམ་ཆེན་རབ་ཀྱིས་རྟོག་པ་ཡུལ་དུ་སོང་ནས། སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། ཞེས་པས་གསེར་འབུམ་དང་ཆུང་མའི་རྟོག་པ་བྱུང་ན། གསེར་འབུམ་དང་ཆུང་མ་ངང་གི་ཐོག་ཏུ་ཙེན་ནེ་བཞག་སྟེ། ཚུར་མི་དགག་དེ་ཁུགས་ཀྱང་གཞན་དུ་འཆོར། བླ་མ་རིན་པོ་ཆེའི་ཞལ་ནས་ཡིད་དེ་ཕ་གིར་སོང་བ་མིན། ཡུལ་དེ་ཚུར་ལ་འོངས་པ་མིན། ཡིད་དེ་རང་དུ་སོང་བ་མིན། འདིར་ངོ་སྤྲོད་ཅིག་བྱེད་ན་ཁྱོད་ཐམས་ཅད་ཀྱིས་ཡར་ལུང་སོག་ཁ་བསྒོམས་དང་དེ་རང་ལ་ཙེན་ནེར་བཞག ང་ཡང་བྱང་ནམ་ར་དང་ཁ་རག་སྙིང་ཁུང་སྒོམས་དང༌། བླ་མ་མ་འདུས་པ་མེད། གནད་གཅིག་མ་འདི་ཤིན་ཏུ་ཟབ་པར་ཐལ་ཏེ། ཁྱེད་ཀྱིས་ངའི་ཆོས་ཟབ་མོ་མང་པོ་དྲིས་ང་ལ་སློབ་དཔོན་དུ་བཟུང་ཞིག འདུལ་བ་ཅིག་ཆར་བ། ལྷ་རྗེ་སྨན་ནག་པ། སྟོང་ཉིད་རིམ་གྱིས་པ་དཔག་ན་མོའི་གྲུབ་མཐའ་ཞིག་ཡོད་གསུངས།།


previousདམ་པའི་ཆོས་འདུལ་བ་བདེན་པ་བཞིའམ་བདག་མེད་གཉིས་ལ་བརྟེན་ཚུལ།། next