Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བཅུད་ལེན་གྱི་ཕན་ཡོན་དང་གདམས་པ་མདོར་བསྡུས།།
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousབཅུད་ལེན་གྱི་ཕན་ཡོན་དང་གདམས་པ་མདོར་བསྡུས།། next

བཅུད་ལེན་གྱི་ཕན་ཡོན་དང་གདམས་པ་མདོར་བསྡུས།།

ཡང་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཡང་སྒོམ་ཆེན་པ་དུག་གིས་མི་ཚུགས་པ་དང་ཆེ་བ་ཁ་ཅིག་སོང་ཞིག ཕྱག་རྒྱ་ཆེན་པོ་བཏབ་ཀྱང་ཡི་གེ་བརྒྱ་པ་བགྲང༌། ང་ལ་སྒོམ་ཆེན་པ་བཅུད་ལེན་ཞུ་ཟེར་བ་འགའ་ཡོད་པས། ངའི་བཅུད་ལེན་འདིས་ཡོན་ཏན་མཐའ་དག་འཕེལ་བ་དང༌། སྐྱོན་མཐའ་དག་འགྲིབ་པ་དང༌། མཆོག་ཐུན་མོང་གི་དངོས་གྲུབ་མཐའ་དག་འགྲུབ་པ། སྡིག་པ་ཐམས་ཅད་འཛད་པ། དཔའ་བོ་དང་མཁའ་འགྲོས་བྱིན་གྱིས་རློབ་པ། ཚེ་རིང་བ་དང་ལོངས་སྤྱོད་འཕེལ་བ་དང༌། སངས་རྒྱས་ཀྱི་ཆོས་གཅིག་ཡིན་ཏེ།

རང་ཟ་འཐུང་བྱེད་པའི་དུས་སུ་ཁ་ཟས་ཀྱི་རྣལ་འབྱོར་བྱེད་པ་ཡིན་ཏེ། གདན་བཞི་ལས་ཟས་ཀྱི་རྣལ་འབྱོར་བྱས་ན་བུ་ལོན་དུ་མི་འགྱུར་བར་གསུངས་ན། འདི་ཡང་རྟ་ཆག་གི་ཐབས་ལམ་ཆེན་མོ་དང་འབྲེལ་ཏེ། མདོར་ན་ཆགས་སྡང་རྨོངས་གསུམ་གྱིས་ཀུན་ནས་བླང་བའི་ལུས་ངག་ཏུ་ཐོན་པའི་བྱ་བ་ཅི་དང་ཅི་བྱས་ཀྱིས། འབྲས་བུ་སྡུག་བསྔལ་འབྱིན་ཏེ་བཀྲེས་པ་དང་སྐོམ་པས་གདུངས་པའི་དུས་སུ། ཟོས་ན་ལྟོགས་པར་འོང་བར་འདུག དེས་ན་ཅུང་ཞིག་མི་ཟ་བར་མི་འཐུང་བར་བསྡད་ལ་དེ་ནས་མདུན་དུ་ཟས་སྐོམ་བྱུང་བ་དང་སེམས་བསྐྱེད། རང་ཡི་དམ་དུ་གསལ་བས་བཟླས་པ་བྱས་ཏེ་ལྷ་གསལ་འདེབས་པ་དེ་ཉེ་བའི་བསྙེན་པ་ཡིན་པས། བདུན་ནམ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་བཟླས་ལ། དེ་ནས་ཡི་གེ་གསུམ་གྱིས་ལན་གསུམ་དུ་བྱིན་གྱིས་བརླབས་ལ། ཡེ་ཤེས་ཀྱི་བདུད་རྩི་སྐྱེ་བ་མེད་པ་ཁ་དོག་དཀར་པོ་འདི་རྟེན་འབྲེལ་ཡིན་པས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བར་བསྒོམས་ཏེ། དེ་འཁོར་བའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་ནས། རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པའི་ཕྲིན་ལས་ཅན་དུ་བསྒོམ། དེ་ནས་བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་ལྷ་བཤོས་དམ་པ་མཁྲང་བ་གསུམ་དབུལ། ཆོས་སྐྱོང་བའི་སྲུང་མ་དཔལ་མགོན་བདུན་ཅུ་ལ་སོགས་པ་འཁོར་ཡིན་པས་མཐེབ་སྐྱུས་མ་གཡོག་པའི་ཕུད་ཅིག་དབུལ། འདིའི་སྐབས་སུ་ཇོ་བོ་རྗེའི་ཞལ་ནས་བོད་པྲེ་ཏ་པུ་རིར་སོང་བ་གཏོར་ཟན་ལ་མཐེབ་སྐྱུ་རྒྱབ་པས་ལན་པ་ཡིན་གསུངས་ཏེ་ཁོང་མད་པའི་བཞེད་དུ་འདུག་པས། ངས་མཁྲང་བ་དང་མཐེབ་སྐྱུ་མ་རྒྱབ་པས་ང་ཇེ་ཕྱུག་ལ་སོང༌། དེ་ནས་ཡང་ལྷ་གསལ་བཏབ་པ་ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། མཁའ་འགྲོ་ཐམས་ཅད་སྤྱན་ལན་གསུམ་དྲངས་ལ་རང་གཞུག དེ་ནས་ལུས་གནས་ཉི་ཤུ་རྩ་བཞིའི་དཀྱིལ་འཁོར་དུ་བསྐྱེད། བདག་ཉིད་ཆེན་པོའི་གསང་གནས་སུ་བླ་མ་གསལ་བཏབ་ལ། ལག་པ་ཧོམ་གཟར་དུ་བྱས་ཏེ་སྦྱིན་སྲེག་བྱས་ན་ཟས་ཀྱི་གྲིབ་དང་དུག་དང་སྡིག་པ་ཐམས་ཅད་བསྲེགས་པར་འདུག དེ་ནས་སྔར་ལོངས་སྤྱད་པ་དེ་བླ་མ་ནས་རིམ་གྱིས་དབུལ་ཏེ། ལོངས་སྤྱོད་པས་དྭངས་མ་དང་དྭངས་མ་ཆེན་པོ་རྩ་སྦུབས་སུ་སོང་ནས་ལུས་རྒྱས་པ་དེ། སྔར་ཆགས་སྡང་གིས་ཟོས་པའི་ལུས་རྒྱས་པ་དེ་དང༌། ད་རེས་ཡེ་ཤེས་ཀྱི་བདུད་རྩི་དེ་གཉིས་འདྲེས་པས། དུ་མར་རྙིང་པའི་བྱེད་བཅད་ནས་ཡང་མར་གསར་དང་བསྲེས་ནས་བཞག་ན། ཡང་སྔར་དང་ནུས་པ་མཉམ་པར་སང་ལོ་དུས་འགྲོ་བ་དང་འདྲ་སྟེ། ལུས་ཀྱི་སྒྲིབ་པ་དག་ནས་ཡེ་ཤེས་ཀྱི་ལུས་སུ་འགྲོ། དེ་ལྟར་ལོངས་སྤྱོད་དུས་སུ་ཡང་སྔགས་དང་ཟན་ཁམ་རེ་སྤེལ་ན་ཡང་ལེགས། དེ་ནས་རོལ་ཟིན་པ་དང་ལྷག་མ་དེ་ལ་དབང་བའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ལ། ཨོཾ་བཛྲ་ཨུ་ཙི་ཊ་ཧ་རེ་བྷྱ་སྭཱ་ཧཱ་ཞེས་བསྔོས་ཏེ། ཇ་བཀྲག་ཀྱང་དེ་ནས་སྣོད་གང་རུང་ཞིག་ཏུ་བསྔོས་པས་ཆོག དེ་ནས་མདོའི་དོད་ལ་སྔགས་ཡིད་ཀྱིས་གསུམ་བཞི་བདུན་བཟླས། ཡིད་ཀྱིས་བསྔོ་བ་བྱས་ཏེ་བསོད་ནམས་ཀྱི་ཚོགས། ཡེ་ཤེས་ཀྱི་ཚོགས་ལ་ཕྱག་རྒྱ་ཆེན་པོ་ བསྒོམ་ཞིང་གསལ་འདེབས་སུ་ཤེས་རབ་སྙིང་པོ་ཚར་གཅིག་བཏོན་ནས་རྒྱས་འདེབས་པ་ཡིན་ཏེ་རྟ་འཆག་མའོ། །དེ་ནས་སྦྱིན་ བདག་གི་ཞིང་སྦྱང་བའི་བསྔོ་བ་བྱ། དེ་ལྟར་བྱས་པས་དེ་ཚོགས་འཁོར་རྒྱས་བསྡུས་གང་བྱེད་ཀྱང༌། སངས་རྒྱས་ཀྱི་མཆོད་པ་དང་ལྷ་བཤོས་ལ་སོགས་ཀྱང་འདྲ། གཏོར་མ་ཡང་འདྲ་རོལ་བ་དང་ལྷག་མ་དང་བྱིན་རླབས་བྱེད་པ་ཐམས་ཅད་འདྲ་བས་ཚོགས་འཁོར་རེ་རེ་ཡིན། ཐབས་ཤེས་རབ་ཀྱི་རྫས་ཡོད་ན་ཡང་གསང་སྔགས་རིག་སྔགས་སྙིང་པོ། དུས་གསུམ་གྱི་སངས་རྒྱས་ཀྱི་སྙིང་པོ་ཡི་གེ་གསུམ་དང་ཕྱག་རྒྱ་ཡོ་བྱད་ཚོད་གཅིག་པ་ཡིན་ཏེ་འདྲ་གསུངས།།

ཡང་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། རྣལ་འབྱོར་པ་ཀུ་སཱ་ལི་པ་ཡིན་པས་ལོ་བཅུ་གཉིས་ནས་ད་ལྟ་ཕན་ཆད་དུ། བསམ་པ་འདི་ལ་སོ་ནམ་བྱས་པས་ཉམས་མྱོང་གི་འགྲོ་ལྡོག་བག་ཙམ་གོ་བས་གདམས་ངག་དང༌། དཔལ་ནཱ་རོའི་ཆོས་གཅིག་པུ་ལ་མི་འདྲ་བ་བཅུ་གསུམ་བྲིས་ཏེ་མ་གོ་བས་དམུས་པ་ཡིན་ཏེ། ཆོས་ཟབ་མོ་ཐམས་ཅད་ཚོགས་སུ་འོང་བ་ཡིན་པས་དགོས་པ་ཚོགས་སུ་འོང་བ་ཡིན། དོ་གཅིག་ཆོས་སྐད་བསྒྱུར་ན་རྟེན་འབྲེལ་བྱ་བར་མིང་བཏགས་ནས་བཤད་ན་གོ་བ་བག་ཙམ་འོང་སྙམ་པ་ཡིན། དེ་ཡང་ཆོས་མཉན་པས་ཆོས་སྐད་མ་ཤེས། ཆོས་ཞིང་བསམ་པ་དངོས་པོ་གསུམ་བྱ་བར་བཏགས་ཏེ། ཡ་གི་བྱང་ཆུབ་སེམས་དཔའ་ནས་སངས་རྒྱས་ཀྱི་བར་ནས། མཐུ་བྱེད་པ་ནས་དམྱལ་བར་འགྲོ་བ་ལ་སོགས་ཀྱི་བསམ་པ་བཟང་ངན་འབྲིང་གསུམ་གང་ཡིན་ཡང་གསུམ་ཚོགས་པའི་རྟེན་འབྲེལ་ལས་འགྲུབ་སྟེ། འདི་ཡང་དུས་གསུམ་གྱི་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྟེན་འབྲེལ་གཅིག་པུ་ཡིན་ཏེ་དྲན་པ་ཉེ་བར་བཞག་པ་ལས། ས་ལུ་ལྗང་པ་ཡང་འབྲས་ས་ལུ་གཅིག་ཕྱག་ཏུ་བསྣམས་ནས་འདི་རྒྱུ་གང་ལས་བྱུང་རྐྱེན་ཅི་ཡིན་བྱ་བ་ཞུས་པ་ལ་རྟེན་འབྲེལ་གསུངས་པ་ཡིན། འདི་སྔོན་བསྐལ་པ་དཔག་ཏུ་མེད་པ་ནས་ཀྱི་བག་ཆགས་ཀྱི་ས་བོན་ཟེར་ཡང༌། ཚེ་འདི་ལ་མཚོན་ན་གོ་བདེ་གསུངས་ཏེ། ལོ་གཅིག་གམ་ཟླ་བ་གཅིག་གི་གོང་དུ་རང་གི་ཕ་ཞིག་དགྲས་བསད་ཅིང་དེ་ལ་ཞེ་སྡང་གཅིག་སེམས། དེ་ནས་བརྗེད་ནས་ཞེ་སྡང་དེ་བག་ལ་ཉལ་དུ་ཡོད་པ་ལ། མི་དགའ་མགུར་རྩེ་ཡིན་ཡོད་ཙ་ན། ཕ་གསོད་མཁན་གྱི་མི་དེ་དང་འཕྲད་པས་སྔར་གྱི་ས་བོན་དེ་ཀུན་ནས་ལྡང་སྟེ་ཞེ་སྡང་སྐྱེ་བས། ཀླུ་སྒྲུབ་ཀྱི་ཞལ་ནས། བག་ཆགས་དག་ལས་བྱུང་བས་ན། །བག་ཆགས་ས་བོན་དག་ཏུ་བཞེད། །བག་ཆགས་རྗེས་མཐུན་གསོག་པས་ན། །སྲིད་པའི་མྱུ་གུ་དེས་བསྐྱེད་དོ། །ཞེས་པ་ཡིན་ཏེ་དངོས་པོ་ལ་མཚོན་གང་རུང་ཞིག་བསྣུན་ནས་སྲོག་འགགས་པ་ལ། ཨ་ལ་ལ་བསད་ཤིན་ཏུ་བསད། ལེགས་པར་བསད་ཅེས་དགའ་བ་སྐྱེས་པ་ཡིན་ཏེ་ཕམ་པར་སོང་སྟེ། འདི་རབ་ཏུ་བྱུང་མེད། འདུལ་བ་ལས། དང་པོར་ཞེ་སྡང་སྐྱེས་པ་དེ་ལ་ཉོན་མོངས་པ་ཟེར། ལུས་ངག་ཏུ་ཐོན་པ་ལ་ལས་ཟེར། སྲོག་འགགས་པ་ལྟུང་བ། ལྕི་བ། ཕམ་པ་ཟེར་ཏེ་འབྲས་བུ་སྲོག་བཅད་པའི་རྣམ་པར་སྨིན་པས་དམྱལ་བར་སྐྱེ་ཞེས་པའོ། །ཡང་འདམ་པ་ཡ་པོ་ལྟ་བུ་རང་གི་ནད་དང་གནོད་པས་ཉེན་ནས་བླ་མ་ལ་དད་པ་ཡོད་པ་ལ། དབང་གཞོན་གྱིས་ཐུགས་རྗེ་ཆེན་པོ་བསྟན་པས་རྒྱབ་ལ་བསྡད་ནས། གཤིན་རྗེ་བེ་སྭ་ཏ་བསྒོམས་བྱས་ན་ཟེར་བར་མུན་གསལ་བས་ཞག་གསུམ་ན་མགོ་ལྤགས་བཤུས་ནས། ཆུ་རོང་མ་གི་ན་འདུག་ཟེར་ཏེ་དེ་ཡུན་རིང་དུ་བསྒོམས་ན་འཆི་བ་ཡང་ཡིན། མཐའི་ལྕགས་རི་ཕྱི་ངོས་སུ་ཡང་འགྲོ་བ་ཡིན་ཏེ། ཇོ་བོ་ཐུགས་རྗེ་ཆེན་པོ་ཐུགས་རྗེ་ཆུང་བ་ཡང་མ་ཡིན་ཏེ་སྔོན་སྨོན་ལམ་དང་གསང་སྔགས་རིག་སྔགས་ཀྱི་རྟེན་འབྲེལ་གྱིས་དེ་ལྟར་བྱུང་བ་ཡིན། དེས་ན་དེའི་རྒྱུད་ནས་ནད་ཤུ་བ་དང་འབྲས་དང་མེ་དབལ་ལྷག་པ་སྐམ་པ་ལ་སོགས་པ་དང༌། གདོན་ལྷའི་གདོན་དང༌། ཀླུའི་གདོན་ལ་སོགས་པ་དང༌། མེ་དང་ཆུ་ལ་སོགས་པ་འཇིགས་པ་བརྒྱད་ལས་ཐར་བྱ་བ་གསུངས་པ་དེ་ཡང༌། རྟེན་འབྲེལ་གྱི་ཚོགས་པའི་ཆེ་བ་ཡིན་ཏེ་བར་སྐབས་འདིར་ཁ་ཡམ་འདས་པ་མ་ཡིན། ཡང་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་དང་བླ་མ་དེ་རང་གི་བསམ་པ་ཡིན་མོད་ཀྱི་དེ་ཙམ་གྱི་ན་ངེས་ཤེས་ཡོད་ན་རང་ཉིད་དེ་ལྟར་སོང་བ་ཡིན་ཏེ། རང་དང་བླ་མ་གཉིས་སུ་མེད་པས་བླ་མའི་དེ་བཞིན་ཉིད་དང་རང་གི་དེ་བཞིན་ཉིད་དང༌། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དབྱེ་བ་མེད་པ་གཅིག་ཏུ་སོང་ནས། ཐག་རིང་པོར་ཡང་བླ་མ་ཁྱེར་བས་ཆོག་པ་ཡིན་ཏེ། འདི་ཡང་གསུམ་ཚོགས་པའི་རྟེན་འབྲེལ་ལས་བྱུང་བ་ཡིན། དེས་ན་རྟེན་འབྲེལ་འདི་ལྟ་བུ་མ་ཤེས་པར་ཕྱི་རོལ་ཏུ་མུ་སྟེགས་ཀྱི་དཀའ་ཐུབ་ལྟར། ལོ་བཅུ་བཅུ་ཙམ་ས་གཅིག་ཏུ་བསྡད་པ་ལ་ཡོན་ཏན་མི་སྐྱེ་སྟེ། ཞིང་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེས། དངོས་པོ་ཅི་དང་ཅི་བྱས་པ་བླ་མ་ལ་ཕུལ་ནས་བསྔོ་བ་ཞིག་བྱས་ན། དེ་རིང་ཁོ་ན་ལ་ངེས་པའི་ཤེས་པ་སྐྱེ་བ་ཡང་ཡོད་དེ། དེ་འདྲ་གཅིག་གཉིས་བྱུང་བས་བསྔོ་བ་བྱས་པས་མཐོང་ཆོས་ཆོལ་རྩེར་འོང་སྟེ། དེ་ནས་དེའི་མུ་འབྲེལ་ཏེ་དེའི་མཐུས་ནོན་ནས་བར་དུ་མི་ཆོད་པར་འགྲོ་བ་ཡིན། ཡང་བླ་མ་བྱང་ཆུབ་སེམས་དཔའ་ཡིན་ཟེར་ནས་ཟས་ནོར་བླངས་པས་མགོ་ལ་དབྱུག་པ་ཞིག་རྒྱབ། ངག་ངན་དང་ཚིག་ངན་བཀའ་བཀྱོན་པས། བླ་མ་བྱང་ཆུབ་སེམས་དཔའ་ཡིན་ཟེར་ནས་འདི་འདྲ་བ་ཟེར། ཆགས་མེད་ཟེར་ནས་མི་སྟེར་བས་དད་གུས་ཅན་ཞིག་གིས་ཆགས་པ་མེད་པར། རང་གིས་མི་སྟེར་བ་ཡིན་བྱས་ཀྱང་ཁོ་རྒྱུ་མཚན་དུ་མགོའི་ཁྲག་བཏོན། ཡང་ཕྱག་རྒྱ་ཆེན་པོ་ཞུ་བྱས་ན་འཇིག་ཚོགས་ལ་ལྟ་བ་འདི་རང་ཡིན། འདོད་ཆགས་གཟུང་འཛིན་འདི་རྣམས་ཡིན་ཟེར་ན། ཨ་པ་གདམས་ངག་ཅེས་ལོག་པར་འཁྲིད་པ་ཡིན། བླ་མའི་སྐུ་གསུང་ཐུགས་ཀྱི་གསང་བ་དེ་རང་ཡིན་ཏེ། འདི་ཐམས་ཅད་རང་གི་རྒྱུད་ཚོད་ཀྱིས་དེ་ལྟར་མཐོང་བ་མ་གཏོགས་པ་གཞན་མེད། དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐོང་བ་ཡང་རང་གི་རྒྱུད་ཚོད་ཀྱིས་དེ་ལྟར་མཐོང་བ་མ་གཏོགས་པ་གཞན་མེད། དེས་ན་བླ་མ་ལ་སངས་རྒྱས། དགེ་འདུན་ལ་སངས་རྒྱས་སམ་ཆོས་ཀྱི་སྐུའམ་སྤྲོས་བྲལ་ལམ། རྟེན་འབྲེལ་ལམ་དེ་བཞིན་ཉིད་གཅིག་ཏུ་བསམ་ལ་བསྔོ་བ་བྱ་སྟེ། དེ་ཡང་མ་ཡིན་སྙམ་ན་ད་ཅི་ཡིན་དགེ་འདུན་འདི་རྣམས་རྟག་པ་ཡིན་ནམ་ཆད་པ་ཡིན་ནམ་གང་ཡིན་པ་གླང་དང་འདྲ། རྒྱ་གར་ན་མུ་སྟེགས་ཀུན་ལ་ཡང་རྒྱུ་མཚན་འདིས་རྟག་ཅེས། ཡང་ན་ཆད་ཅེས་སེམས་ཀྱི་གཏད་སོ་རེ་ཡོད་སྐད། བོད་དབུ་མ་ཆེན་པོ་རེ་ཁས་ལེན་ཏེ་སེམས་ཀྱི་གཏད་སོ་ནི་གང་ཡང་མི་གདའ། ལམ་འཚོལ་བ་ལམ་ཞུགས་པའི་དོགས་ཅན་ཡོད་དམ། ཡང་ང་ལ་མཛེ་ནད་བྱུང་བས་བླ་མ་རིན་པོ་ཆེ་ལ་སྐྱབས་འགྲོ་ཞིག་བྱས་པས་ཀྱང༌། དཀོན་མཆོག་གསུམ་པོ་གཞི་ནས་ཤེས། ཤེས་པས་མ་ཚུགས་ཕྱིས་ཞག་བཅུ་ནས་བདུན་ན་བེམ་མེ་འདུག ཕྱི་བས་སྐྱབས་གནས་ཡིན་པའི་རྒྱུ་མཚན་མི་དྲན། ཡང་མཚན་ཉིད་པ་འདི་ཀུན་བཅོས་པ་ཤས་ཆེ་ཟེར། འོ་ན་མ་བཅོས་པ་ལྷུན་གྱིས་གྲུབ་པ་འདོད་དམ་སྙམ་ན་གྲངས་མེད་གསུམ་ནས་སྡོད་ཁོམ་སྟེ་འགལ་བ་ཡོད། དེས་ན་འོ་སྐོལ་གྱིས་ལོ་མང་པོར་ཕྱོགས་ཕུལ་བྱས་པས་ལན་གཅིག་ཙམ་ན། རྟེན་འབྲེལ་འགྲིག་ནས་གྲུབ་པ་ཐོབ་སྟེ། རྟེན་འབྲེལ་སྒྲིག་མ་ཤེས་པ་ཡིན། འགྲིག་ན་ཚེགས་མེད་དེ་འདམ་པ་ཡ་པོ་དང་འདྲ་བ་ཡིན། སྔགས་པ་ཀུན་རྟེན་འབྲེལ་འགྲིག་མ་ཤེས། ཤེས་ན་ནུས་པ་བིརྺ་པ་དང་ཁྱད་མེད་པ་ད་ལྟ་རང་བྱས་པས་ཆོག་སྟེ། བིརྺ་པ་ནུས་པ་ཆེ་བ་མིན།།


previousབཅུད་ལེན་གྱི་ཕན་ཡོན་དང་གདམས་པ་མདོར་བསྡུས།། next