Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
ཚོགས་ཆོས་ཆེན་མོ་རིན་ཆེན་འབྲུག་སྒྲ།།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousཚོགས་ཆོས་ཆེན་མོ་རིན་ཆེན་འབྲུག་སྒྲ།། next

ཚོགས་ཆོས་ཆེན་མོ་རིན་ཆེན་འབྲུག་སྒྲ།།

ཨོཾ་སྭ་སྟི། རྗེ་རིན་པོ་ཆེའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་བསམ་གྱིས་མི་ཁྱབ་པས་བརྒྱན་པ་ལ་ཕྱག་འཚལ་ལོ། །དགེ་བའི་སྨན་ལྗོངས་བརྩེ་བས་རབ་བརླན་དྲི་མེད་ཏིང་འཛིན་རྩ་བ་ཅན།། ཚུལ་ཁྲིམས་འདབ་མཛེས་རྟོགས་པའི་འོད་འབར་ལེགས་སྤྱད་ཆར་གྱིས་མངོན་རྒྱས་ཤིང༌། །འཇིག་ཚོགས་ནད་སེལ་སྐྱེ་དགུའི་ཡིད་འདྲེན་ཕྱོགས་བཅུར་སྙན་པའི་སྒྲ་དེ་གསུང༌། །སྲིད་ན་རབ་དཀོན་བསྟན་པའི་མངའ་བདག་ཨུ་དུམ་ཝ་ར་རྒྱལ་གྱུར་ཅིག །ཕྱོགས་བཅུའི་རྒྱལ་སྲས་ཐུབ་མགོན་སྤྱན་སྔ་དང༌། །དེ་གསུང་མན་ངག་བུམ་པ་བཟང་ལྟ་བུ། །ཉིད་ཀྱི་རྗེས་འཇུག་ཚོགས་མཆོག་དཔག་མེད་བཅས། །སྐྱབས་མཆོག་ཁྱད་པར་གསུམ་ལ་ཕྱག་འཚལ་ལོ། །

འདི་ལྟར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པ་བླ་མ་རིན་པོ་ཆེའི་ཞལ་ནས། ཐེག་པ་ཆེན་པོ་གསང་སྔགས་ཀྱི་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པའི་ཡོན་ཏན་རྣམས་མངོན་དུ་བྱེད་པ་ལ། སེམས་ནང་དུ་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས་དགོས། དེ་ལ་མཐུན་པའི་རྐྱེན་གནས་ཕུན་སུམ་ཚོགས་པ་ལ་བརྟེན་པས་ཕྱིའི་རྐྱེན་གྱིས་མི་གཡེང་ བས་ནང་དུ་ཏིང་ངེ་འཛིན་ལ་རྩེེ་གཅིག་ཏུ་གནས་པ་ཡིན། དེས་ན་རྣལ་འབྱོར་པ་དགོན་པ་དབེན་པ་ཆུ་ཤིང་དང་འཚོ་བ་མོད་པ། ཉིན་མོ་སྐྱེ་བོའི་རྒྱུ་འགྲུལ་མེད་པ། མཚན་མོ་དགྲས་གླགས་འཚོལ་དང་འཇིགས་པ་མེད་པར། རྩེ་གཅིག་ཏུ་བསྒོམ་པ་ཡིན་ཏེ། རྣལ་འབྱོར་པ་ཐ་མའི་གནས་ཡིན།

དེ་ལྟ་བུར་ཞག་བརྒྱ་བསྒོམ་པ་བས། རི་ཁྲོད་དབེན་པ་གྲོང་དང་ཐག་རིང་བའམ། རིའི་རྩེ་འམ་ཆུའི་མདོ་འམ། ཕུག་གམ་ལུང་སྟོང་ལ་སོགས་པར་ཞག་གཅིག་བསྒོམ་པ་སྟོབས་ཆེ། ཡང་དེར་ཞག་བརྒྱ་བསྒོམས་པ་བས་ནགས་ཁྲོད་དུ་ཞག་གཅིག་བསྒོམ་པ་སྟོབས་ཆེ་སྟེ། སློབ་དཔོན་ཞི་བ་ལྷའི་ཞལ་ནས་ཀྱང༌། ནགས་ན་རི་དྭགས་བྱ་དང་ཤིང་རྣམས་མི་སྙན་བརྗོད་མི་བྱེད། ཅེས་གསུངས། རྗེའི་ཞལ་ནས་ཀྱང༌། ནགས་ཁྲོད་དབེན་པ་སྟེས་དབང་གིས། །འཕྲད་ཅིང་རང་དབང་བརྟེན་མཛད་གསོལ། །ཞེས་གསུངས་པས། རྣལ་འབྱོར་པ་འབྲིང་གི་གནས་ཡིན་མོད།

ཡང་དེ་ཉིད་དུ་ཞག་བརྒྱ་བསྒོམས་པ་བས་རྗེ་བཙུན་ཆེན་པོ་མི་ལ་ལྟར། གངས་ཁྲོད་ཅི་ཡང་མེད་པར་ཞག་གཅིག་བསྒོམ་པ་ཁྱད་པར་དུ་འཕགས། དེ་ལྟ་བུར་ཞག་བརྒྱ་བསྒོམས་པ་བས་ཨུ་རྒྱན་ལ་སོགས་པའི་གནས་ཉི་ཤུ་རྩ་བཞི་པོ་རྣམས་སམ་གཞན་ཡང་དུར་ཁྲོད་ལ་སོགས་པ་འཇིགས་སུ་རུང་བ་མི་མ་ཡིན་པ་ཅེ་སྤྱང་དང་རོ་གསར་རྙིང་ལ་སོགས་པ་མང་པོ་ཡོད་པའི་གནས་རྣམས་སུ། དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་བརློབ་པ་མི་རྟོག་པ་སྐྱེ་བའི་གནས་ཡིན་པས་ཞག་གཅིག་བསྒོམས་པ་སྟོབས་སམ་ཡོན་ཏན་ཤིན་ཏུ་ཆེ་སྟེ། རྣལ་འབྱོར་པ་རབ་ཀྱི་གནས་ཡིན།

མདོར་ན་གནས་ཕུན་སུམ་ཚོགས་པ་དེ་རྣམས་སུ། དབང་པོ་ལྔ་ཡུལ་ལྔ་ལ་མ་འཕྲོས་པར་ནང་དུ་ཏིང་ངེ་འཛིན་ལ་མ་ཡེངས་པར་ བསྒོམ་དགོས་པ་ཡིན། དེ་ཡང་འདི་ལྟར་དུ་བསྐྱེད་པའི་རིམ་པ་ཡི་དམ་གྱི་ལྷའམ། རྫོགས་པའི་རིམ་པ་མཚན་མ་དང་བཅས་པའམ། མཚན་མ་མེད་པའི་བྱེ་བྲག་མང་པོ་འཕྲུག་ཤར་གྱི་སོང་ན་མཉམ་ཧྲུག་གེ་བ་ལ་རེས་འགའ་གང་ལ་མཉམ་པར་བཞག རེས་གང་ལ་མཉམ་པར་མ་གཞག་པས་ཏིང་ངེ་འཛིན་གྱི་ཡོན་ཏན་མི་འབྱུང༌།

འོ་ན་གང་བསྒོམ་སྙམ་ན། རིན་པོ་ཆེའི་ཐུགས་ཀྱི་གདམས་ངག་ཆོས་ཀྱི་རྗེའི་ཐུགས་དགོངས་ཕྱིན་ཅི་མ་ལོག་པ་ལྔ་ལྡན་རིན་པོ་ཆེ་བསྒོམ་པ་ལགས་ཏེ། གཞན་ཉམས་སུ་བླང་བྱ་རྣམས་ལྟོ་འགྲངས་བའི་བྱ་ན་དང་འདྲ་སྟེ། རྟག་ཏུ་ཉམས་སུ་བླང་བྱ་མ་ལགས་པས། ཆོས་ལྔ་པོ་ལ་རྒྱུན་དུ་མཉམ་པར་གཞག དེས་དབང་པོ་ཡུལ་ལ་མི་འཕྲོ་མི་འཛིན་ཅིང་ཉོན་མོངས་པ་དུག་གསུམ་རྒྱུན་བཅད་ནས་ཡོན་ཏན་སྐྱེ་བ་ལགས་མོད།

དེ་ལྟར་མ་གྱུར་པར་ཡུལ་ལ་ཕྱིར་དབང་པོ་འཕྲོས་པས་ཉེས་པ་མཐའ་དག་འབྱུང་སྟེ་མིག་གི་དབང་པོས་གཟུགས་ལ་ཕྱིར་བལྟས་པས། སྡུག་པ་ལ་ཆགས་པའི་སེམས་སྐྱེ། སེམས་དེའི་ལས་ཀྱི་འབྲས་བུས་ཡི་དྭགས་སུ་སྐྱེས་ཤིང་བཀྲེས་སྐོམ་ལ་སོགས་པའི་སྡུག་ བསྔལ་དཔག་ཏུ་མེད་པ་ཉམས་སུ་མྱོང་བར་འགྱུར། མི་སྡུག་པ་ལ་ཞེ་སྡང་གི་སེམས་སྐྱེ། སེམས་དེའི་ལས་ཀྱི་འབྲས་བུས་དམྱལ་བར་སྐྱེ་ཞིང་བཙོ་བསྲེག་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཉམས་སུ་མྱོང་བར་འགྱུར། བར་པ་ལ་ཉོན་མོངས་པ་གཏི་མུག་གི་སེམས་སྐྱེ། སེམས་དེའི་ལས་ཀྱི་འབྲས་བུས་དུད་འགྲོ་བཀོལ་སྤྱོད་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཉམས་སུ་མྱོང་བ་མ་གཏོགས་པ་ཕྱིར་བལྟས་པས་ཆེན་པོ་ཞིག་མཐོང་རྒྱུ་ག་ལ་ཡོད། དེ་བཞིན་དུ་རྣ་བའི་དབང་པོ་སྒྲ་ལ་འཕྲོས་པས། བསྟོད་པ་ལ་ཆགས། སྨོད་པ་ལ་སྡང༌། བར་པ་ལ་ནི་གཏི་མུག་པའི་སེམས་སྐྱེ་ཞིང༌། ཉོན་མོངས་པ་དུག་གསུམ་གྱི་ལས་གསོག སྣའི་དབང་པོས་དྲི་དང༌། ལྕེའི་དབང་པོ་རོ་དང༌། ལུས་ཀྱི་དབང་པོ་རེག་བྱ་དང༌། ཡིད་ཀྱི་དབང་པོའི་ཡུལ་དུ་ཆོས་ལ་སོགས་པ་ཐམས་ཅད་ཚུལ་དེ་ཁོ་ན་ལྟར་མཆི། དེ་ལྟར་ཡང༌། འདོད་ཆགས་ཞེ་སྡང་གཏི་མུག་བཅས། །དེས་བསྐྱེད་ལས་ནི་མི་དགེ་བ། །མི་དགེ་བ་ལས་སྡུག་བསྔལ་འབྱུང༌། །

དེའི་ཕྱིར་དབང་པོ་ལྔ་ནང་དུ་ལྡོག་ནས་བྱང་ཆུབ་ཀྱི་སེམས་གཉིས་དབྱེ་བ་མེད་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ན། རླུང་རང་ཤུགས་སུ་ལྡོག་ཅིང་བྱང་ཆུབ་ཀྱི་སེམས་སྟོབས་སུ་ཅག་གིས་འགྱུར་ཞིང༌། དེ་དབང་པོ་ལྔ་དག་པས། མངོན་ཤེས་ལྔ་ཆུ་དྭངས་པའི་གཟུགས་བརྙན་ལྟར་འཆར་ཏེ། དེ་ཡང་ལྷའི་མིག་རྣམ་པར་དག་པས་འདི་ནས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ལ་སོགས་པའི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་དང༌། སངས་རྒྱས་ཉིད་འཁོར་དང་བཅས་པ་མཐོང་བར་འགྱུར། དེ་བཞིན་དུ་ལྷའི་རྣ་བ་རྣམ་པར་དག་པས་བདེ་བ་ཅན་ལེགས་པའི་ཞིང་གང་དག་པ་རྣམས་སུ་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་སོགས་པས་ཆོས་གསུངས་པ་རྣམས་མངོན་གསུམ་ལྟར་མཐོང་བར་འགྱུར། དེ་བཞིན་དུ་ལྷའི་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱིས་འཇིག་རྟེན་ན་དྲི་ཞིམ་པ་དང༌། རོ་མངར་བ་དང༌། རེག་བྱ་འཇམ་པ་ཡིད་ཀྱི་བདེ་བ་ལ་སོགས་པ་ཐམས་ཅད་ལ་དབང་བྱེད་པར་འགྱུར། མདོར་ན་ཡོན་ཏན་གྱི་ཚོགས་ཇི་སྙེད་ཡོད་པ་དེ་རྣམས་ནང་དུ་ཉོན་མོངས་པ་དུག་གསུམ་དང་བྲལ་བའི་ཏིང་ངེ་འཛིན་ལ་རྟག་ཏུ་མཉམ་པར་བཞག་པ་ལས་འབྱུང་བ་ལགས་མོད། དེ་ལྟར་ཡང༌། མ་ཆགས་མ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་ བའོ། །ཞེས་གསུངས་པས།

དེའི་ཕྱིར་ན་རླུང་སེམས་ནང་དུ་གནས་པ་གཅེས་ཏེ། ཕྱིར་འཕྲོས་ན་ནད་མང་བ་དང་ཚེ་ཐུང་བ་དང༌། ཁ་མི་ཕྱེད་པ་ལ་སོགས་པའི་ཉེས་སྐྱོན་ཐམས་ཅད་མུན་རུབ་པ་བཞིན་དུ་འབྱུང་བས་ན་བྷུ་སུ་ཀུའི་རྣམ་པར་ཐར་པས་གཞན་གྱི་ངོ་སྲུང་བ་ལ་སོགས་པའི་རྣམ་པར་གཡེང་བ་ཐམས་ཅད་རྦད་ཀྱིས་བཅད་ནས། རང་སེམས་སྲུང་དགོས། དེ་ལྟར་ཡང༌། སློབ་དཔོན་ཞི་བ་ལྷའི་ཞལ་ནས། སེམས་སྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་གསུངས། ཁོང་གི་སྐུ་འབག་འབྲི་བ་ཡང་ཞལ་ཕར་ལ་བསྟན་པ་འབྲི་བར་འདུག་གསུང་ཡང་འགའ་ཞིག་གི་རྣམ་པར་རྟོག་པ་ལ། ཁ་བསག་དང་ངོ་དགའ་ལ་སོགས་པས་གཞན་གྱི་སེམས་མ་བསྲུངས་ན་རྙེད་པ་དང་བཀུར་སྟི་ལ་སོགས་པ་བསྒྲུབ་པའི་མཐུན་རྐྱེན་མི་འབྱུང་སྙམ་ན་ནང་དུ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་མ་ཡེངས་པར་བྱ་ཞིང་འཕགས་པ་ཀ་ཏ་ཡ་ན་བཞིན་ཏིང་ངེ་འཛིན་ལས་མ་གཡོས་ན། ཕུན་སུམ་ཚོགས་པ་ཐམས་ཅད་དཔེར་ན་འབྲས་དཀར་མོ་ལོ་ལེགས་ན་ཕུབ་སོག་ཞོར་ལ་འབྱུང་བ་ལྟར་འོངས་ཏེ། དེ་མ་ཡིན་པའི་སེམས་ཀྱིས་འདོད་ཀྱང་མི་འབྱུང་སྟེ། དེ་ལྟར་ཡང༌། ཆོས་རྗེའི་ཞལ་ནས། རྒྱུ་འབྲས་བསླུ་བ་མེད་པས་བརྣབས་སེམས་ཡིད་ལ་རེ་བ་འཇོམས། ཞེས་གསུངས། དེ་ཡང་སྔོན་ཡུལ་འཕགས་རྒྱལ་ཞེས་བྱའི་མཐའ་འཁོབ་ཅིག་ན། སྡིག་སྤྱོད་ཀྱི་རྒྱལ་པོ་གཏུམ་པོ་རབ་སྣང་ཞེས་བྱ་བ་འཁོར་མང་པོ་དང་བཅས་པ་ཞིག་ཡོད་པ་འདུལ་བའི་དུས་ལ་བབ་པར་མཁྱེན་ནས། སངས་རྒྱས་ཀྱི་ཞལ་ནས་འཕགས་པ་ཀ་ཏ་ཡ་ན་ལ། མཐའ་འཁོབ་ཀྱི་རྒྱལ་པོ་གཏུམ་པོ་རབ་སྣང་ལ་སེམས་སྲུང་སྟེ། དེར་འཕགས་པས་བྱོན་པ་དང་རྒྱལ་པོ་དང་འཕགས་པ་གཉིས་ཀྱི་ཁྲི་བཤམས་ནས་སྐྱེ་བོའི་ཚོགས་མང་པོ་འདུས་ཏེ། གླུ་གར་དང་རོལ་མོ་མང་པོ་བྱས་ཏེ་རྒྱལ་པོ་དགྱེས་པར་བྱས་ཏེ་དགྱེས་པ་དང༌། རྒྱལ་པོས་འཕགས་པ་ལ་གླུ་སྙན་ནམ་གར་ལེགས་སམ་ཞུས་པས། འཕགས་པས་ངས་མ་མཐོང་གང་མཐོང་བ་དང་ཐོས་པ་དེ་ལའོ་གསུངས་པས། འོ་ན་ཁྱོད་ལ་མིག་དང་རྣ་བ་མེད་དམ་ཟེར་བ་ལ། རྒྱལ་པོ་ཡིད་ཆེས་པར་བྱ་བའི་ཕྱིར། འཕགས་པས་རྒྱལ་པོ་ལ་ཁྱོད་ཀྱི་ཡུལ་ན་ཆད་པ་ཕོག་པའི་མི་དག་ཡོད་དམ་དྲིས་པས་ཡོད་ཟེར་ཏེ་ཁྲིད་ནས་བྱུང་བས། ལག་ཏུ་ཏིལ་མར་སྐྱོགས་གང་བསྐུར། གཤེད་མ་རལ་གྲི་ཐོགས་པས་བསྐོར་ནས་འདི་གྲོང་ཁྱེར་ལ་སྐོར་བའི་ཚེ་ཐིགས་པ་གཅིག་བོ་ན་གཤེད་མས་སྐེ་བག་ནས་མགོ་ཐང་ལ་ལྷུང་བར་འགྱུར་ཞེས་བསྒོ་ནས་ལམ་དུ་གླུ་གར་ལ་སོགས་པ་གྱིས་ཤིག་གསུངས། དེ་ལྟར་བྱས་ཏེ་ཁྱོད་ཀྱིས་མཐོང་ངམ་བྱས་པས་ངས་མ་མཐོང་གང་མཐོང་བའམ་ཐོས་པ་དེ་ལ་འོ་ཟེར་བས། འཕགས་པས་རྒྱལ་པོ་ལ། མི་འདི་ཉིད་ཚེ་འདིའི་སྲོག་སྲུང་བའི་ཆེད་དུ་ཡང་མ་མཐོང་ན། བདག་ཀྱང་བྱང་ཆུབ་ཀྱི་སྲོག་སྲུང་བའི་ཆེད་དུ་གླུ་གར་ག་ལ་མཐོང་གསུངས་པས། རྒྱལ་པོ་དད་ནས་དཀོན་མཆོག་གསུམ་གྱི་བསྟན་པ་དར་བར་གྱུར་པ་ལྟ་བུ་ལགས། དེས་ན་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ཅིང་ལྷ་མོ་བརྒྱས་གར་བྱས། སྲིན་མོ་བརྒྱས་བྲོ་བརྡུངས་ཀྱང་མཚར་བ་དང་འཇིགས་པ་མེད་པར་གླང་པོ་སྨྱོན་པ་བྱུང་ཡང་ལམ་མི་འཛུར། རྒྱལ་པོ་བྱུང་ཡང་བསྙུན་མི་འདྲི་བར་ཉམས་སུ་བླང་ཞིང་ལོང་བ་གླང་གཞུག་ལྟ་བུ་འདི་མ་ཤོར་བར་བྱ། སྐྱེས་བུ་རྣམས་ཡུན་རིང་མོ་ཞིག་མི་འགོར་བར་སངས་རྒྱས་དང་འདྲ་བའི་གྲུབ་ཐོབ་ཏུ་འགྱུར་ཏེ། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟར་འགྱུར་གསུངས། དེ་ལྟར་ཡང་རྗེ་ཕག་མོ་གྲུ་པའི་ཞལ་ནས། སྙིང་ནས་རྩ་བ་ཆོད་གྱུར་ཅིང༌། །རོ་གཅིག་ངང་ལ་འབྱམས་གྱུར་ན། །དཔལ་གྱི་རི་ལ་དར་ཆེན་འཕྱར། །དགོས་དགུ་མི་འདོད་བཞིན་དུ་འབྱུང༌། །དེ་དབང་མེད་ཀྱི་རྒྱུ་འབྲས་མ་ལགས་སམ། །ཞེས་གསུངས་སོ། །མདོར་ན་འཇིག་རྟེན་འདིས་ཀུན་ནས་བླང་བའི་བྱ་བ་ཐམས་ཅད་སློག་རུལ་བཞིན་ཁེངས་ཀྱིས་བོར་ནས། ནང་དུ་ཏིང་ངེ་འཛིན་འབའ་ཞིག་གིས་དུས་འདའ་བར་བྱེད་ན། སེམས་ཀྱིས་ལུས་བྱིན་གྱིས་བརླབས་ཏེ་ལུས་ཀྱི་མཛེ་ནད་དང་ཤ་བཀྲ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་དག་ནས་དག་པའི་ལུས་ཐོབ། ལུས་ཀྱིས་སྣང་བ་བྱིན་གྱིས་བརླབས་ཏེ། སེམས་ཅན་ཐམས་ཅད་སྨིན་པར་བྱེད་ཅིང༌། ལྷ་དང་བཅས་པའི་འཇིག་རྟེན་གྱི་སྐྱབས་གནས་སུ་འགྱུར། དེ་ལྟར་ཡང་རྗེ་ཕག་མོ་གྲུ་པའི་ཞལ་ནས། ནང་གཏུམ་མོ་ཡེ་ཤེས་མེ་འབར་བས། །ཕྱི་ལུས་ངག་སྤྱོད་པའི་དུ་བ་ཐོན། །ཅེས་གསུངས་པ་ལགས་པས། ཁྱེད་རྣམས་ཀྱིས་དེ་ལྟར་ཐུགས་ལ་བཞག་པར་ཞུ་གསུངས།།

ཡང་རྗེ་རིན་པོ་ཆེའི་ཞལ་ནས་ཚེ་གཅིག་གིས་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་བྱེད་པ་ལ། མཚན་ཉིད་དང་ལྡན་པའི་བླ་མ་དམ་པ་བསྟེན་དགོས་པ་ཡིན། དེ་ཡང་འཇིག་རྟེན་འདིའི་བཟོའི་རིག་བྱེད་ལ་སོགས་པ་ལ་ཡང་སློབ་དཔོན་མཁས་པ་འཚོལ་དགོས་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་དོན་དུ་གཉེར་བ་ལ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་སྡུད་པ་ལས། སློབ་མ་བཟང་པོ་བླ་མ་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང༌། །བགྱི་བ་ལ་སོགས་པ་གསུངས། དེ་མ་ཡིན་པ་གང་རུང་རུང་ལ་བསྟེན་ཀྱང་ཡོན་ཏན་སྐྱེད་མི་ནུས་ཏེ། དཔེར་ན་སྐོས་ཕོར་ལ་རི་མོ་མེད་ན། ཚ་ཚ་ལ་རི་མོ་མི་འབྱུང་བ་དང་འདྲ། ཆོས་རྗེའི་ཞལ་ནས། གཉུག་མའི་དྲོད་ཚོད་མི་ཤེས་པར།། སྐལ་ལྡན་གྱི་མགོ་སྐོར་མ་བྱེད་ཅིག །གསུངས་པས་བླ་མ་ཚུལ་ཁྲིམས་དང་ལྡན་པ་ལ་བསྟེན་འཚལ། མཚན་ཉིད་ཀྱང་བདེ་བར་གཤེགས་པའི་གསུང་རབ་ནས་དཔག་ཏུ་མེད་པ་ཞིག་གསུངས་ཀྱང༌། མགོན་པོ་ཕག་མོ་གྲུ་པའི་ཞལ་ནས་ཤེས་རབ་ཆེན་པོའི་སྒོ་ནས་གཞན་གྱི་ལམ་སྣ་འཁྲིད་ནུས་པ་དང༌། སྙིང་རྗེ་ཆེན་པོའི་སྒོ་ནས་སྡུག་བསྔལ་གྱི་ཁུར་ཁུར་བར་ནུས་པ་དང༌། རང་ཚེ་འདི་ལ་ལྟོས་པ་སྤུའི་རྩེ་མོ་ཙམ་ཡང་མེད་པ་དང་གསུམ་པོ་འདིར་འདུས་གསུངས།

དེ་ལ་ཤེས་རབ་ཆེན་པོའི་སྒོ་ནས་གཞན་གྱི་ལམ་སྣ་འཁྲིད་པ་ལ་བླ་མ་དེས་ཀྱང་སློབ་མའི་སེམས་མི་གནས་པ་གནས་པ་དང༌། གནས་པ་བརྟན་པ་དང༌། བརྟན་པ་གོང་ནས་གོང་དུ་བོགས་འདོན་ཅིང་བདུད་མི་འཇུག་པར་བྱེད་པ་དང༌། ཞུགས་ནས་བཟློག་པའི་ཐབས་ལ་མཁས་པ་དང༌། བློ་སྣ་བསྒྱུར་ཞིང་རྒྱུད་བྱིན་གྱིས་རློབས་པ་དགོས་གསུངས། དེ་ལ་དང་པོ་སེམས་མི་གནས་པ་གནས་པར་བྱེད་པ་ལ། སློབ་མའི་ཁམས་དང་བག་ལ་ཉལ་ཤེས་པ། སོ་སོའི་ལས་འཕྲོ་དང་མཐུན་པའི་གདམས་ངག་དང་རྗེས་སུ་མཐུན་པ་ཤེས་དགོས།

དེ་ལ་ཡང་བླ་མ་རབ་འབྲིང་རྣམ་པ་གསུམ་དུ་ཤེས་དགོས། རབ་མཉམ་པར་མ་བཞག་ཀྱང་གཞན་གྱི་རྒྱུད་ཇི་ལྟ་བ་བཞིན་མཁྱེན་པ་སངས་རྒྱས་ལྟ་བུ་ཡོན་ཏན། དེ་ཡང་སྔོན་དེད་དཔོན་སྟོབས་ལྡན་གྱི་བུ་ལེགས་འོངས་ཞེས་བྱ་བ་བསོད་ནམས་ཤིན་ཏུ་ཆུང་བ་ཞིག་དེ་བཞིན་གཤེགས་པའི་སྤྱན་སྔར་རབ་ཏུ་བྱུང་བ་ལ། སྐྱེ་བ་སྔ་མ་ལ་ཟད་པར་སྔོན་པོ་ལ་གོམས་པར་མཁྱེན་ནས། རྒྱལ་པོ་མ་སྐྱེས་དགྲའི་ལྡུམ་ར་ནས་ཨུཏྤ་ལ་སྔོན་པོ་ལོངས་ལ་དགེ་འདུན་གྱི་གྲལ་དུ་བྲིམས་ཤིག་གསུངས་ཏེ་བྲིམས་པ་དང༌། ཨུཏྤལ་མིག་ལ་ཕན་པས་བསྣམ་པར་བྱའོ་གསུངས། ཐམས་ཅད་ཀྱིས་སྔོ་ཟིང་ཀྱིས་བསྣམས་པས། ལེགས་འོངས་ཀྱིས་སྔོན་གྱི་ཚེ་སྔ་མ་སྔོན་པོ་ལ་གོམས་པའི་རྒྱུ་དེས་ལྷན་ཅིག་བྱེད་པའི་རྐྱེན་སྔོན་པོ་དེས་སད་ནས་ཏིང་ངེ་འཛིན་ཐོབ་ནས་དགྲ་བཅོམ་ཐོབ་སྐད། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱོད་ལ་ཆུ་སྲིན་བྱིན་པ་གསོད་ཀྱི་ཀླུ་ཨ་འབྲས་ཆུ་ངོས་ཐུལ་ཅིག་གསུངས་ནས་འཕགས་པས་གྲོང་ཁྱེར་དུ་བསོད་སྙོམས་ལ་བྱོན་ནས་མཐར་གནས་པའི་ཆུ་མིག་སྟེང་དུ་གྲོ་སྟབས་པ་དང༌། དེ་ཀླུ་ཁྲོས་ནས་ནམ་མཁའ་ནས་མཚོན་ཆའི་ཆར་ཕབ་པས། ཡང་འཕགས་པས་མེའི་ཏིང་ངེ་འཛིན་ལ་གནས་པས་ཁོང་ཀུན་ནས་མེའི་ཕུང་པོ་རབ་ཏུ་འབར་བར་མཐོང་ནས་བྲེད་དེ་འཕགས་པ་ཉིད་ལ་སྐྱབས་སུ་སོང་བ་དང༌། འཕགས་པས་ཀླུ་རྣམས་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གཞི་རྣམས་ཕོག་ནས། ཁོང་སྲོག་ཆགས་ཆུ་དུར་མཛད་ནས་ལྷུང་བཟེད་དུ་བཅུག་སྟེ་དེ་བཞིན་གཤེགས་པ་ལ་ཕུལ་བ་དང༌། དགེ་སློང་རྣམས་ཟད་པར་མེའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་རྣམས་ཀྱི་མཆོག འཕགས་པ་ལེགས་འོངས་ཡིན་གསུངས་པ་ལྟ་བུ་དང༌། གཞན་ཡང་བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་པའི་ཚེ། དགེ་སློང་སེང་གེ་ཞེས་བྱ་བས་བསྒོམས་ཀྱང་སེམས་གནས་སུ་མ་བཏུབ་པས། དེའི་བག་ཆགས་སད་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཁོ་བསོད་སྙོམས་ལ་སོང་བའི་དུས་སུ་ཀུན་དགའ་བོ་ལ་མངགས་ནས། ཁོང་གི་བྲང་ཁང་ལ་གད་དར་གྱིས་སྤོས་ཆུས་ཆག་ཆག་ཐོབ། མེ་ཏོག་སིལ་མ་ཁྲོམ། དར་གྱི་ལྡ་ལྡི་བྲིས། སེངྒེའི་ཁྲི་ཤོམས་ཤིག་གསུངས་ནས། དེ་ལྟར་བྱས་པ་དང༌། དེ་ནས་ཁོ་ལོག་བྱུང་བ་དང༌། ངའི་ཁང་པར་སུ་ཕྱིན་པ་ཡིན་ཟེར། ཀུན་དགའ་བོ་ཕྱིན་བྱས་པས། འདིས་མི་བསླུ་སྙམ་ནས་དགེ་སློང་སེངྒེའི་ཁྲི་ལ་བསྡད་པས་སྔར་གྱི་བག་ཆགས་སད་ནས་སེམས་གནས་པ་བྱུང་སྟེ་དེ་ལ་བརྟེན་ནས་བསྒོམས་པས། དགྲ་བཅོམ་པ་ཐོབ་པ་ལྟ་བུ་དང༌། གཞན་ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་ལ་དག་ལ། ཚེ་སྔ་མ་ལ་དཀར་པོ་དང་སྔོན་པོ་དང་དམར་པོ་ལ་སོགས་པ་གང་ལ་གོམས་པ་གནས་ཀྱིས་ལྷུང་བཟེད་ཀྱི་ཁ་སྐོར་བ་དཀར་པོ་དང་དམར་པོ་ལ་སོགས་པ་བྱུགས་ནས་དེ་ལ་དམིགས་པས་སྐད་ཅིག་གིས་སེམས་གནས་པ་གྲུབ་པ་ཡིན། དེའི་ཐོག་ནས་ཁྲིད་པས་འབྲས་བུ་མྱུར་དུ་ཐོབ་པའི་གཏམ་རྒྱུད་མཐའ་མེད་པ་ཞིག་གསུངས་ཏེ་སྐྱེས་བུ་རྣམས་དེ་ཅི་ལ་གླེང་བླངས་ན། སློབ་མའི་རྒྱུད་ལ་ཡོན་ཏན་ཕུན་སུམ་ཚོགས་པ་མཐའ་མེད་དུ་བསྐྱེད་པ་ལ་མཉམ་པར་མ་བཞག་ཀྱང་ས་ལེར་མཁྱེན་པ་སངས་རྒྱས་ལྟ་བུ་ཡིན་གསུངས།

བླ་མ་འབྲིང་གིས་མཉམ་པར་བཞག་ན་སློབ་མ་ལ་སོགས་པའི་ཁམས་རྒྱུད་ལ་སོགས་པ་མཁྱེན་ཅིང༌། མ་བཞག་ན་མི་ཤེས་པས་མཉམ་གཞག་གི་ངང་ནས་ཚེ་སྔ་མའི་ལས་འཕྲོ་དང༌། ཚེ་འདི་གོམས་པའི་ཐོག་ནས་ཁྲིད་ཤེས་དགོས་ཏེ། དེ་གང་ལྟ་བུ་སྙམ་ན། སློབ་དཔོན་ཀླུའི་བྱང་ཆུབ་དེ་སྔོན་ཤིང་འཐུ་མཁན་ཡིན་པས་དེའི་གོམས་པའི་བག་ཆགས་ལ་བརྟེན་ནས་འཁྲིད་པའི་ཕྱིར། སློབ་དཔོན་འཕགས་པས་མགོ་ལ་ཤིང་སྐྱེ་བ་བསྒོམ་དུ་བཅུག་པས། རྩེ་གཅིག་པའི་སེམས་ཐོབ་སྟེ། ཕུག་ནས་ཕྱིར་འོང་མ་ཤེས་པ་ལ། ད་ཁྱེད་རང་གིས་ཤིང་དེ་སོག་ལེས་བཅད་པར་སོམས་ལ་ཕྱིར་ཤོག་གསུངས་པས། ཕྱིར་ཐོན་ཤེས་ཤིང༌། དེ་ཉིད་ལ་བརྟེན་ནས་བསྒོམས་པས་གྲུབ་པ་ཐོབ་པ་ལྟ་བུ་ཡིན། དེ་ཡང་ཤིང་ལ་རྩེ་གཅིག་པ་ཐོབ་པ་དེ་རྟོག་པ་གཞན་གྱིས་སྟོང་པས་ཞི་གནས། དེའི་རང་བཞིན་སྟོང་པ་ཉིད་དུ་ཤེས་པ་དང་ལྷག་མཐོང༌། དེ་ལྟར་ཡང་སེམས་ཞི་བ་དེ་ཞི་གནས་ཏེ། ཆོས་ཤེས་པ་དེ་ལྷག་མཐོང་ངོ༌།། བགྱི་བ་གསུངས། དེ་ཡང་འཛམ་བུ་གླིང་པ་ཐམས་ཅད་ཀྱི་མདུན་དུ་ཉིན་མཚན་དུས་དྲུག་ཏུ་བྱོན་ནས་འོ་དོད་འབོད་ཅིང་བྱིན་གྱིས་རློབས་ཀྱང་ལས་ངན་གྱིས་མ་མཐོང་བ་ཡིན། སྔོན་ར་སྒྲེང་ཕ་ཝོང་ཐང་དུ་དགེ་བའི་བཤེས་སྤྱན་སྔ་བ་དང་ཞལ་མཇལ་གསུངས། གཞན་ཡང་འཕགས་པ་མོའུ་འགལ་གྱི་བུ་ལ་བྲམ་ཟེའི་ཁྱེའུ་གཉིས་ཀྱིས་རབ་ཏུ་བྱུང་སྟེ། གཅིག་རུས་པ་དཀར་པོ་ལ་སེམས་འཛིན་དུ་བཅུག གཅིག་གིས་རླུང་འགྲམ་དུ་བཅུག་པས་དབྱར་ཟླ་བ་གསུམ་དུ་སེམས་མ་གནས་པ་ལ། བཅོམ་ལྡན་འདས་ཀྱིས་ཤཱ་རིའི་བུ་ལ་གཏད་དེ། ཁོང་གིས་མཉམ་པར་བཞག་ནས་བལྟས་པས། མཁྱེན་ནས་གོ་ལྡོག་སྟེ་བསྒོམ་དུ་བཅུག་པས་དགྲ་བཅོམ་པ་ཐོབ་པ་ལྟ་བུ་དང༌། ཡང་སྒ་རྒྱལ་བའི་སྐྱེ་བ་སྔ་མའི་ཡི་དམ་ལྷ་མོ་སྐུལ་བྱེད་མ་ཡིན་པས། བྱིས་པའི་དུས་སུ་གཟུངས་མ་ བསླབས་པར་བློ་ལ་བྱུང༌། ནུས་པ་ཡང་ཆེ་བ་ལ་དེའི་དུས་ན་ར་འཚོ་ཞིང༌། གཟུངས་ཀློག་པའི་ཚེ་སྔ་དྲོ་གདུགས་ཆུང་ཞིག་སྤྱི་བོ་ནས་ཐོན་ནས་ཆེར་འཕེལ་ཕྱི་དྲོ་ཆུང་དུ་སོང་ནས་སྤྱི་བོར་ཐིམ་པ་ཞིག་བྱུང་སྐད། སློབ་དཔོན་ཞིག་ལ་ཞུས་པས་འདྲེ་ཡིན་ཟེར་ནས་འཕྲོ་བཅད། དེ་ནས་དབུས་སུ་བྱོན་ཏེ། གཙང་ན་གུ་རུ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བྱ་བ་བཞུགས་ཟེར་བ་ཐོས་ནས་བྱོན་པ་ལ། ལོ་ཙཱ་བའི་ཞལ་ནས་ཀྱང་སང་འདིར་ལས་ཅན་ཞིག་འོང་བར་འདུག་པས་དེ་ངའི་རྩར་ཐོངས་ཤིག་གསུངས་ཏེ། དེར་ཁོ་དང་མཇལ་བས་སྐུལ་བྱེད་མའི་སྐུ་ལ་མཛུབ་མོ་བཙུགས་ནས་འདི་ཁྱོད་ཀྱི་སྐྱེ་བ་སྔ་མའི་ཡི་དམ་ཡིན། ཁྱོད་སྡིག་པའི་གྲོགས་པོས་བསླུས་པ་ཡིན། གསུངས་པས་སྐུ་ལ་འཁྱུད་ནས་ཤུམས་སྐད། དེར་ཁོང་གིས་ངོ་སྤྲད་ནས་བསྒོམས་པས་གྲུབ་ཐོབ་ཆེན་པོ་ཞིག་བྱུང་སྐད། སྐྱེས་བུ་རྣམས་ཁོང་གི་ཚེ་སྔ་མའི་ཡི་དམ་སྐུལ་བྱེད་མ་ཡིན་པ་ལ། ལོ་ཙཱ་བས་འཇམ་དཔལ་ལྟ་བུ་ཞིག་སྒོམ་དུ་བཅུག་ན་གྲུབ་ཐོབ་མི་འབྱུང་སྟེ། ལར་ན་སོ་སོའི་རིགས་ཤེས་དགོས། རིགས་གང་ལ་དད་པ་དེའི་ལས་འཕྲོ་ཅན་ཡིན། རྗེ་རིན་པོ་ཆེའི་ཞལ་ནས། སོ་སོའི་རིགས་རྣམས་དུས་སུ་ངོ་སྤྲོད་མཛད། །ཅེས་པ་དང༌། གཞན་དུ་འདུན་པ་བསྒྱུར་ན་ཕྲག་དོག་ཅན་དེ་ཕུང་དུ་བཅུག །གསུངས་པས། ཁྱེད་རྣམས་ཀྱང་གཞན་གྱི་འདུན་པ་མ་བསྒྱུར་བར་སོ་སོ་གང་ལ་དད་པའི་བླ་མའམ་ཡི་དམ་དེ་སྐྱེ་བ་སྔ་མའི་འབྲེལ་པ་ཅན་ཡིན། དེ་ལྟར་ཡང་དགྱེས་རྡོར་ལས། རྣལ་འབྱོར་པ་གང་ནག་པོ་ཆེ། །དེ་ཡི་ལྷ་ནི་མི་བསྐྱོད་པ། །ཞེས་པ་ལ་སོགས་པ་གསུངས་པས་ན།

བླ་མ་ཐ་མས་ཀྱང་བླ་མ་གོང་མའི་བྱིན་རླབས་ཞུགས་ཤིང༌། རང་གི་ཉམས་མྱོང་ལ་ཕྲིགས་ཚུད་པའི་སྒོ་ནས་ཁྲིད་དགོས་པ་ཡིན། དེ་མ་ལགས་པའི་ར་ཟམ་རྩ་ལ་འགྲོ་བའི་ལུགས་ཀྱི་ཁྲིད་བྲེང་བྲེང་དེས་ཡོན་ཏན་སྐྱེད་མི་ནུས་ཏེ། ཤར་དུ་འགྲོ་བ་ལ་བྱང་དུ་ལམ་བསྟན་པ་འདྲ། དེ་ལྟར་ཡང་དཔལ་ཕག་མོ་གྲུ་པའི་ཞལ་ནས། ཉམས་མྱོང་མེད་པའི་སྒོམ་ཁྲིད་དེ། །རྒྱུས་མེད་ལམ་མཁན་བྱེད་པ་ཡིན། །ཞེས་པ་ལ་སོགས་པ་གསུངས། ཁོང་ལ་ཞང་པོ་རྒྱས་ཞུས་པ་ལ། སྒོམ་ཆེན་པའི་བསྟན་པ་དམའ་བའི་དུས་ནམ་ཡིན་ཞུས་པས། སློབ་དཔོན་མྱོང་བ་མེད་པས་སློབ་མ་མོས་གུས་མེད་པ་ལ་ཁྲིད་བྱེད་པའི་དུས་འབྱུང༌། དེ་ཙ་ན་ཉམས་དམས་པ་ཡིན་གསུང་སྐད། མདོར་ན་སྒོམ་རོ་གཅིག་གི་རྟོགས་པ་མེད་པར་སློབ་མ་ལ་ཁྲིད་བྱེད་པ་བས། མདའ་གཞུ་ཐོགས་ནས་ལིངས་བྱེད་པ་དྲག་གསུངས། དེས་ན་སྐྱེས་བུ་རྣམས་ཁྱེད་རང་རྣམས་ཀྱང་སློབ་དཔོན་མ་སྔ། དུད་འགྲོ་ཀུན་ཀྱང་སྐྱེ་མ་རན་ཡར་སྐྱེས་ན་སྣ་བ་འབྱར་བ་དང༌། སྒྱིད་པ་བྱོལ་བ་ལ་སོགས་པ་འབྱུང་བར་གདའ། དེ་རྣམས་ཀྱིས་སེམས་གནས་པར་བྱེད་པའི་ཐབས་བགྱི་བ་ལགས།

འོ་ན་བླ་མ་གོང་མ་གཉིས་མ་གཏོགས་པ་ལ་མངོན་པར་ཤེས་པ་ནི་མེད། སློབ་མའི་ཁམས་དང་བག་ལ་ཉལ་ཇི་ལྟར་ཤེས་སྙམ་ན། མཁྱེན་པའི་ཡེ་ཤེས་ཀྱི་རྗེས་སུ་འབྲངས་པ་ཡིན། དེ་གང་ཡིན་གང་ལ་ཟེར་སྙམ་ན། བདེ་བར་གཤེགས་པའི་གསུང་རབ་རྣམས་ལགས་མོད། དེའི་རྗེས་སུ་འབྲངས་པས་ཕྱིན་ཅི་མ་ལོག་པར་ཤེས་ནས་འོང་གསུངས།

གཉིས་པ་གནས་པ་བརྟན་པར་བྱེད་པ་ནི། རི་ཁྲོད་ལ་སོགས་པ་དབེན་པའི་གནས་སུ་སྤྱོད་ལམ་རྣམ་པ་བཞིས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་གྱི་ཚུལ་དུ་ཉམས་སུ་བླང་འཚལ་ལགས།

གསུམ་པ་བརྟན་པ་བོགས་འདོན་པར་བྱེད་པ་ནི། མི་མཐུན་པའི་ཕྱོགས་ཡུལ་རྐྱེན་སྣ་ཚོགས་དང་བསྲེས་ནས་རོ་སྙོམ་ཞིང་བསྒོམ་པ་ཡིན། དེ་ཡང་བདུད་མི་འཇུག་པར་བྱེད་པ་ནི། སྤྱིར་ན་བདུད་བགྱི་བ་དེ་ནང་དུ་རང་ལ་དུག་ལྔ་སྐྱེས་ན་ཉོན་མོངས་པའི་བདུད་ཡིན། དེ་ཡོད་པས་པདྨའི་མཚོ་ལ་ངང་པ་འདུ་བ་ལྟར་གདོན་གསུམ་པོ་བོས་པ་ལྟར་འདུ་བ་དེ་ལྷའི་བུའི་བདུད་ཡིན། དེ་རྣམས་ཀྱང་འབྱུང་བ་བཞི་འདུས་པའི་ཕུང་པོ་ལ་ཞུགས་ནས། རླུང་འཁྲིས་བད་ཀན་གསུམ་གྱི་ནད་བསྐྱེད་པ་དེ་ཕུང་པོའི་བདུད་ཡིན། དེས་སྲོག་ཆད་པར་བྱེད་པ་དེ་འཆི་བདག་གི་བདུད་ཡིན་ཏེ། དེ་རྣམས་མི་འཇུག་པར་བྱེད་པ་ལ། ནང་དུ་ཉོན་མོངས་པ་དུག་གསུམ་མེད་པའི་ཏིང་ངེ་འཛིན་ལ་སེམས་གནད་དུ་བསྣུན་ནས། བདུད་འཇུག་པ་མེད་ན། དཔེར་ན་ཐབ་ཀྱི་མེ་བསད་ན། སྐར་ཁུང་གི་དུ་བ་མི་འབྱུང་དང་འདྲ་གསུངས།

བདུད་ཞོམ་པ་བཟློག་པ་ནི། སྤྱིར་ན་བར་ཆད་ཀྱི་དངོས་པོ་གང་ཡིན་ཡང༌། ནང་དུ་རང་གི་བསམ་པ་འཁྲུལ་བ་མ་གཏོགས་པ་ཕྱི་རོལ་ན་བདུད་བྱ་བ་དངོས་པོར་གྲུབ་པ་ཡོད་མ་མྱོང་པས་ན། རྣམ་རྟོག་མ་ཟད་ཀྱི་བར་དུ་བདུད་མི་ཟད། རླུང་ཕུག་ནས་ལངས་ནས་ཕྱི་སྒོ་སྒོ་གཏན་གྱིས་མི་ཚོགས། མཚོ་ལ་མེ་ཤོར་ན་བསོད་པའི་ཆུ་མི་རྙེད་པས་བདུད་ཀྱི་རྒྱུ་ཅི་ཟད། མདོར་ན་རང་ལ་རང་གིས་བར་ཆད་མ་བྱས་ན་ཕྱིའི་བར་ཆོད་ཀྱིས་མི་ཚུགས་ཏེ། རྗེ་བཙུན་མི་ལའི་ཞལ་ནས། རང་སེམས་བདུད་དུ་མ་ཤེས་ན། །ཕྱི་རོལ་གྱི་བདུད་དེ་རྣམ་རྟོག་ཡིན། །རྣམ་རྟོག་ཆོས་སྐུར་ཤེས་ལགས་ན། །བདུད་ཆོ་འཕྲུལ་རྣལ་འབྱོར་རྒྱན་དུ་ཆེ། །གསུངས།། དེ་ལྟར་ཡང་འཕགས་པ་སྡུད་པ་ལས། གོ་ཆ་ཆེན་པོ་བགོས་ཤིང་བདུད་ཀྱི་རྒྱུ་འདུལ་བ། །དེ་ཡི་ཕྱིར་ན་སེམས་དཔའ་ཆེ་ཞེས་རབ་ཏུ་བརྗོད། །བགྱི་བ་གསུངས། གཞན་དག་ཁ་ཅིག་ལམ་ཉམས་སུ་ལེན་པ་ལ་བར་ཆད་བྱུང་ན་སྤང་བྱར་བྱེད། དེ་མ་གོ་བ་ཡིན། སྐྱོན་ལམ་གྱི་གྲོགས་ཡིན། སྐྱོན་དེ་ཉིད་ཀྱི་ཐོག་ཏུ་གནད་དུ་བསྣུན་པས་སྐྱོན་ཐམས་ཅད་དག་ཅིང་རྣམ་པར་སྨིན་པའི་འབྲས་བུ་ཡོན་ཏན་ཐམས་ཅད་དཔེ་མེད་ཅིང་འགྲན་ཟླ་དང་བྲལ་བར་རྫོགས་ནས་མཆི།

གཉིས་པ་སྙིང་རྗེ་ཆེན་པོའི་སྒོ་ནས་གཞན་གྱི་སྡུག་བསྔལ་གྱི་ཁུར་འཁུར་བ་ནི། སྙིང་རྗེ་གསུམ་དང་ལྡན་པ་ཡིན་ཏེ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། ཆོས་ལ་དམིགས་པའི་སྙིང་རྗེ། དམིགས་པ་མེད་པའི་སྙིང་རྗེ་དང་གསུམ་མོ། །སྙིང་རྗེ་དེའི་སྒོ་ནས། སྡུག་བསྔལ་གྱི་ཁུར་འཁུར་བ་ལ། ཁུར་མཁན་དགོས། དེ་ཡང་བདག་བས་གཞན་གཅེས་ཀྱི་བསམ་པ་བྱང་ཆུབ་སེམས་ཡིན་ཏེ། དེ་མེད་ན་རེ་ལྟོས་ཅན་དུ་འགྲོ་བས། ཕན་བཏགས་པ་ལ་དྲིན་བརྩི། བཟང་པོ་ལ་ཁ་བསྐོན་ངན་པ་ལ་ལྷམ་འཕྲོག་པའི་ཚུལ་དེ་ལྟ་བུས་ག་ལ་མཆི། སྙིང་རྗེ་ཕལ་ཆེར་དེར་འགྲོ་དོགས་ཡོད། རང་འདོད་ཕུགས་སུ་བཅུག་པའི་སྙིང་རྗེར་འགྲོ། གནོད་པ་སྐྱེལ་བ་ཡིན་གསུངས། ཆོས་རྗེའི་ཞལ་ནས་རྗེ་ཕག་མོ་གྲུ་པ་བཞུགས་པའི་དུས་སུ་སློང་བ་བྱུང་བ་ལ་སོགས་པ་ལ་ཡང་ཞིག་པོ་མི་མཛད་པར། ཡུལ་དེའི་ཉོན་མོངས་པའི་རྒྱུར་འགྲོའམ་མི་འགྲོ་ཕན་ཐོགས་སམ་མི་ཐོགས་བརྟགས་ནས་འཚམས་པོ་ལ་འཚམས་པོ། རྒྱལ་པོ་ལ་དཀར་ཡོལ། སྤྲང་པོ་ལ་ཕ་ཕབས་ཀྱི་ཚུལ་དུ་སྦྱོར་བར་འདུག་གསུངས། དེ་ལ་འབྲོངས་པས་ཨ་ཙ་ར་ལ་གསེར་བྱིན་པའམ་དགེ་བའི་བཤེས་གཉེན་སྣང་བ་བས་སྤྲང་པོ་ལ་བ་མེན་གཉིས་བྱིན་པའི་གཏམ་རྒྱུད་ལྟ་བུར་འགྲོ་བ་ལགས། ཡང་མདོ་སྡེ་སྐྱེས་རབས་ནས་ཀྱང༌། སྙིང་རྗེ་ལྟོས་པ་དང་བཅས་པས་སྦྱིན་པ་གཏང་ན་བུ་ལོན་ཆགས་སུ་བཅུག་ནས་འདུག་གསུངས། སྐྱེས་བུ་རྣམས་སྦྱིན་པ་གཏོང་བ་ལ་དུས་ཤེས་དགོས་གསུངས། དེ་ལྟར་ཡང་སྡོམ་པ་ཉི་ཤུ་པ་ལས། ཕན་དང་བདེ་བ་རྣམས་བྱས་ཏེ། །བདེ་ཡང་མི་ཕན་མི་བྱའོ། །སྡུག་བསྔལ་ཡིན་ཡང་གང་ཕན་བྱ། །གསུངས།

གསུམ་པ་ཚེ་འདི་ལ་ལྟོས་པ་སྤུའི་རྩེ་མོ་ཙམ་ཡང་མེད་པ་ནི། འཇིག་རྟེན་འདིའི་བསམ་པ་དང་རྙེད་པ་དང༌། བཀུར་སྟི་ཆེ་ཐབས་དང་བཟང་ཐབས་འདོད་ན། བླ་མར་མི་འགྲོ་ཞིང་འཇིག་རྟེན་འདི་པ་རང་ཡིན་མོད། ཆོས་རྗེའི་ཞལ་ནས་དགེ་བཤེས་ཨ་གཤེད་ཁ་ཅིག་རང་ཆོས་བརྒྱད་བསྒྲུབ་པའི་སྙད་ཆོས་ལ་བཀལ་ནས། སློབ་མ་སྡུག་པ་རྣམས་ལོག་པའི་ལམ་ལ་འགོད་པར་འདུག སློབ་མ་བློ་སྣ་བསྟུངས་པས་ཚེ་ཕྱི་མ་དང་དུ་ལེན། ཆོས་དང་བསྟུན་པ་ལ་སྒོ་ཞན་པས་ཁེ་གྲགས་ཆུང་ཟེར་ནས་སྨྲ། ཆགས་སྡང་ཅན་ཆོས་བརྒྱད་ཅན་ཁེ་གྲགས་ཅན་རྣམས་ལ་འདི་གོ་ཆོད་ཅིང་སྒོ་དྲག་ཟེར་ནས་བྱམས། མཐོ་ཐག་དང་བརྔན་ཆེན་རི་བོ་བས་ཀྱང་ཆེ་བ། ཕན་སེམས་ཏིལ་འབྲུ་བས་ཀྱང་ཆུང་བ་དེ་ལྟ་བུའི་བླ་མ་དེ་ལ་བླ་མ་གར་བཏུགས། དེ་ལྟ་བུ་དེ་བདུད་ཡིན་ཟེར་ཏེ་ཤིན་ཏུ་མད། སྔོན་དཔལ་ཕག་མོ་གྲུ་པའི་སྤྱན་སྔར་གླང་སེང་གེ་རྒྱལ་མཚན་གྱིས་ཁམས་སུ་འགྲོ་བའི་ཚེ་ན་བླ་མ་རིན་པོ་ཆེའི་རྣམ་པར་ཐར་པ་ཞིག་ཞུ་ཞུས་པས། ཁོ་བོ་ལ་རྣམ་པར་ཐར་པའི་ཡོན་ཏན་བྱ་རྒྱུ་ཡོན་ཏན་སྣ་གཅིག་ཀྱང་མི་བདོག འོན་ཀྱང་ཚེ་འདིའི་རྟོག་པ་སྐད་གཅིག་ཀྱང་སྐྱེ་མ་མྱོང་བ་ཡིན་གསུང་སྐད། ལར་སྐྱེས་བུ་རྣམས་མཚན་ཉིད་གསུམ་དང་ལྡན་པའི་བླ་མ་དེ་ལྟ་བུ་རྙེད་ན་དོན་འགྲུབ་པ་ཡིན་པས་གློ་སྙིང་བྲང་གསུམ་བླ་མ་ལ་ལིངས་ཀྱིས་ཆོལ་ལ་ང་ཅི་ཤེས་ཁྱེད་ཀྱིས་དེ་ཤེས་ཀྱི་ཚུལ་དུ་མོས་གུས་བྱས་པས་དོན་འགྲུབ་ནས་འོངས་ཏེ། དེ་ལྟ་བུའི་བླ་མ་དང་མཇལ་ན། རྗེ་སྒམ་པོ་པའི་ཞལ་ནས་སློབ་མའི་མཚན་ཉིད་མོས་གུས་ཡོད་པ་གཅིག་པུས་ཆོག་གསུངས་པས་བུ་རྣམས་ཀྱིས་དེ་ལྟར་ཐུགས་ལ་གཞག་པར་ཞུ། ཡང་བསྔོ་བ་ཞིག་བྱ་གསུངས།

ཡང་བླ་མ་རིན་པོ་ཆེའི་ཞལ་ནས། འོ་སྐོལ་ཚེ་འཁོར་བ་ཐོག་མ་མེད་པ་ནས་འཁོར་བར་འཁྱམས་པ་འདི་ཅིས་ལན་སྙམ་ན་གདམས་པ་ཉམས་སུ་བླངས་ཀྱང་དུས་ཀྱི་གནད་མ་ཤེས་པས་ལན། བཅོམ་ལྡན་འདས་ཀྱིས་གསུངས་པའི་རྒྱུད་སྡེ་ཆེན་པོ་བཞི་ཉམས་སུ་བླང་བྱར་གསུངས་ཀྱང་རྒྱུད་དཀྲུགས། ལུང་བཅུས། མན་ངག་གབ་པས་ཤེས་པའམ་རྟོགས་པར་དཀའ་ལ། གནད་འདི་རྡོ་རྗེ་འཆང་ཆེན་པོས་མངོན་དུ་གྱུར་པ་ཡིན། དེས་ན་སྔགས་ཀྱི་དངོས་གྲུབ་ཐོབ་པར་བྱེད་པ་ལ་མཉམ་པར་འཇོག་པའི་དུས་ཤེས་དགོས། དེ་ལ་ལོ་གཅིག་ལ་དུས་གནད་དུ་འགྲོ་བ་བཞི་ཡོད། དེ་གང་ཡིན་སྙམ་ན། སངས་རྒྱས་ཉིད་སངས་རྒྱས་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། དཔལ་ལྷ་ལས་བབས་པ་དང༌། མུ་སྟེགས་ཀྱི་སྟོན་པ་དྲུག་འདུལ་བའི་དུས་དང་བཞི་ཡིན་པས་དུས་དེ་རྣམས་དང་བསྟུན་པའི་དགོས་པ་ཡང་སྤང་བྱ་ཐམས་ཅད་སྤོང་ཞིང༌། ཡོན་ཏན་ཐམས་ཅད་མངོན་དུ་འགྱུར་བའི་དུས་ཡིན་པས་དེ་བཞིན་གཤེགས་པའི་རྗེས་སུ་འབྲངས་པ་ཡིན། སྔར་འདས་པའི་སངས་རྒྱས་རྣམས་ཀྱི་ཚུལ་དེ་བཞིན་མཛད་པས་སངས་རྒྱས་པ་ལགས་ཏེ། མདོར་ན་དེ་བཞིན་གཤེགས་པ་ཆོས་ཀྱི་རྗེས་སུ་འབྲངས་པ་ལགས། དེས་ན་འོ་སྐོལ་མ་འོངས་པའི་རྗེས་སུ་འཇུག་པའི་གང་ཟག་རྣམས་ཀྱིས་ཀྱང༌། དེ་ལྟར་བྱས་ཏེ། དེ་ཡང་ས་ག་ས་རིའི་ཟླ་བའི་ཚེས་བརྒྱད་སྐར་མ་རྒྱལ་དང་འཛོམས་པའི་དུས་སུ་སྟོན་པ་སྐུ་བལྟམས་པའི་དུས་དང་རབ་ཏུ་བྱུང་བ་དང༌། དེའི་ཉ་ལ་མངོན་པར་བྱང་ཆུབ་པ་ལགས་པས། དུས་དེར་ཏིང་ངེ་འཛིན་ལ་མཉམ་པར་བཞག་ན་ལོ་རིལ་པོར་བཅད་པ་བས་ཟླ་བ་གཅིག་པོ་དེ་སྟོབས་ཆེའོ། །དེ་ནས་ཞག་གྲངས་བཞི་ཅུ་རྩ་དགུ་ལོན་པའི་དུས་སུ་ཝ་ར་ནཱ་སིར་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཡིན་པས་སྔར་དང་འདྲ་ལ། དེ་ནས་སངས་རྒྱས་ཀྱི་ཡུམ་སྒྱུ་མ་ཆེན་མོ་བྱ་བ་བདེན་པ་ལ་བཀོད་པའི་དུས་སུ་ལྷའི་གནས་སུ་བྱོན། དབྱར་ཟླ་བ་གསུམ་དུ་བཞུགས་པའི་ཚེ་ན། འཕགས་པ་མོའུ་འགལ་གྱི་བུས་སྤྱན་འདྲེན་དུ་བྱོན་པ་ལ། སངས་རྒྱས་ཀྱི་དགོངས་པས་ཞག་བདུན་ན་ལྷ་ལས་བབས་པར་མཁྱེན་ནས་ཉི་ཤུ་གཉིས་ན་གྲོང་ཁྱེར་གསལ་ལྡན་དུ་བྱོན། རྩ་རྒྱུད་ནས་མེ་ཐེབས་ཅན་ཟེར་ཏེ་དོན་གཅིག དེའི་དུས་སུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་ན་གོང་ལྟར་དུ་འབྱུང་ཞིང༌། དཔལ་ཕག་མོ་གྲུ་པའི་དུས་མཆོད་དང་ཡང་གཅིག་གསུངས། ཆོ་འཕྲུལ་གྱི་ཟླ་བ་ནི་སྐར་མ་ཆུའི་ཉ་བ་ཡིན་ཏེ། ཆུ་ནི་མི་བཟད་འཇོམས་པར་བྱེད་གསུངས་པས། དུས་དེར་མུ་སྟེགས་ཀྱི་སྟོན་པ་དྲུག་བཏུལ་བའོ།། དེ་ལ་སྔོན་རྡོར་གདན་དུ། དུ་རུ་ཀའི་དམག་བྱུང་དུས་སུ་མཆོད་པ་ཟླ་བ་གཅིག་གི་ནང་དུ་མ་ཆད་པས། དུ་རུ་ཀའི་དམག་ཕྱིར་ལོག་ཏེ་བཀྲ་ཤིས་པར་བྱུང་བས་ཟླ་བ་སྔ་མ་ལ་ཕལ་ཆེར་བྱེད། དེ་ཡིན་ཕྱི་མ་མ་ཡིན། དེ་ཙུག་ཏུ་འོང་བ་ལ་ཆོས་ཀྱི་རྗེ་མི་མཉེས་པ་མི་མཛད་དེ། སྟོན་པ་དེའི་སྲས་སུ་འདུག དེས་ན་སྐྱེས་བུ་རྣམས་སྡོམ་ཆོལ་བྱས་པས་མི་འོང་བས་དུས་འདི་རྣམས་སུ་འབར་དགོས་པ་ཡིན་མོད། བསོད་ནམས་ཀྱི་ཚོགས་གསོག་པ་ཡང་དེ་དང་འདྲ་སྟེ། དུས་ཕལ་པ་བས་བྱེ་བ་ཕྲག་སུམ་ཅུ་སོ་གཉིས་ཀྱིས་འགྱུར་ཆེ། ཡང་ཟླ་བ་གཅིག་ལ་དུས་གནད་དུ་འགྲོ་བ་བཞི་ཡོད་དེ། ཉ་དང༌། སྟོང༌། ཚེས་བརྒྱད། ཉི་ཤུ་ལྔ་རྣམས་ཡིན། དེ་ལ་འདུལ་བའམ་ཕར་ཕྱིན་ལས་ཚེས་བརྒྱད་དང་བཅུ་བཞི་ལ་ལྷའི་ཚོགས་ཆེན་པོ་འདུ་བར་འགྱུར་རོ། །ཞེས་གསུངས་པས་རྩིས་ཆེ་བ་ཡིན། སྔགས་ནས་ཡར་དང་མར་གྱི་བཅུ་བཞི་དེའི་དུས་སུ་དངོས་གྲུབ་ཐོབ་པའི་དུས་ཡིན་ཏེ། དེ་ཡང་རྡོ་རྗེའི་གུར་ལས། ཕྱི་རོལ་ཇི་བཞིན་ནང་དེ་བཞིན། །ཞེས་གསུངས་པས། ནང་རྡོ་རྗེའི་ལུས་ལ་ཅི་གནས་པ་དེ་ཕྱི་རོལ་སྣོད་བཅུད་དུ་གསལ་བ་ཡིན་ཏེ། དཔེར་ན་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་འབྱུང་བ་ལགས། དེ་ཡང་ནང་དུ་འཁོར་ལོ་བཞི་ཡོད་པའི་གནད་ཀྱིས་ཕྱི་རོལ་དུ་སྐུ་བཞི། དེའི་ཆོས་བདེན་པ་བཞི། དགེ་འདུན་སྡེ་བཞི། གདུལ་བྱ་མི་རིགས་བཞི། འབྱུང་བ་ས་ཆུ་མེ་རླུང་བཞི་ལ་སོགས་པ་བཞིར་བཞིར་སྣང༌། ནང་ན་ཡུལ་ཉི་ཤུ་རྩ་བཞི་ཡོད་པས་ཕྱི་རོལ་ན་ཡང་སྣང་ལ། ནང་གི་ཡུལ་དེ་རྣམས་ན་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཐིག་ལེའི་ཚུལ་དུ་ཡུལ་ཉི་ཤུ་རྩ་བཞི་པོ་རྣམས་ན་ཡང་ཡོད་ལ། ནང་གི་གསང་བ་རྟེན་འབྲེལ་བྱང་སེམས་དཀར་དམར་གྱིས་ཕྱི་རོལ་དུ་ཉི་ཟླ་གཉིས་སྣང་སྟེ། དེ་ཡང་བཅོ་ལྔའི་ཟླ་བ་རྒྱས་པའི་དུས་སུ། ཕྱི་རོལ་གྱི་ཡུལ་རྣམས་སུ་དཔའ་བོ་དང་མཁའ་འགྲོ་མ་རྣམས་འདུ་བ་ལྟར། ནང་དུ་ཁམས་ཐིག་ལེ་འདུས་ཤིང༌། སྟོབས་རྒྱས་པའི་དུས་ཡིན་པས། དུས་གཞན་པས་གཉན་པ་ཡིན། དེའི་ཚེ་ན་ཏིང་ངེ་འཛིན་བསྒོམས་ན་གཞན་དུ་ཟླ་བ་རིལ་པོར་བསྒོམས་པ་བས་དགའ་ལ། ཡང་གནམ་སྟོང་གི་དུས་སུ་ཟླ་བ་འགྲིབས་པས་ཕྱིར་ཟླ་བ་ཟད་ཅིང་ཡུལ་རྣམས་སུ་མཁའ་འགྲོ་མ་རྣམས་འདུས་པ་དུས་གནད་གཅིག་པ་ཡིན། ཚེས་བརྒྱད་དང་ཉི་ཤུ་ལྔ་ཡང་ཚུལ་དེ་ལྟར་ཕྱེ་ཞིང༌། བསོད་ནམས་གསོག་པ་ཡང་གོང་དང་འདྲ་སྟེ་གཅིག དེ་ལ་དགོངས་ནས་སངས་རྒྱས་ཀྱིས་བསྙེན་གནས་བསྟན་པ་དང༌། བླ་མ་གོང་མ་རྣམས་ཀྱང་མྱ་ངན་ལས་འདའ་བ་ཡང་དུས་བཟང་བ་ལ་འདས་པ་ཡང་མ་འོངས་པའི་བསོད་ནམས་ལ་དགོངས་པ་ཡིན། དེ་བས་ཀྱང་ཞིབ་ཏུ་བརྩིས་ན་ཞག་གཅིག་ལ་དུས་གནད་དུ་འགྲོ་བ་བཞི་ཡོད། རྡོ་རྗེ་འཆང་ཆེན་པོས་ཀྱང་རྒྱུད་རྣམས་སུ་ཐུན་བཞིའི་ཚུལ་དུ་ཉམས་སུ་བླང་བར་གསུངས་པ་ལགས། དེ་ཡང་སྔ་ཐུན་དང་པོ་སྔགས་པ་རྔ་བརྡུང་བའི་ཚེ་གཉིད་ཀྱི་བདེ་བ་ལའང་མ་ཆགས་པར། མལ་ནས་ལངས་ཏེ་གདོང་ལ་སེར་བུ་ཕོག་པར་བྱས་པས་པད་མ་གསར་པ་ལ་ཆུ་བཏབ་པ་ལྟར་ལུས་སེམས་ཐམས་ཅད་སིངས་ཀྱིས་འབྱུང༌། དུས་དེར་རྩ་སྟོང་པར་རླུང་སོ་མ་ཞུགས་པས་བྱང་ཆུབ་ཀྱི་སེམས་ལན་དྲུག་གི་བར་དུ་བསྐྱེད་པས་ཉིས་ལྡབ་ཀྱིས་རྒྱུད་ལ་སྐྱེ། བདུན་པ་ལ་བྱིན་གྱིས་བརླབ། དེ་ནས་རྟོག་པ་གཞན་གྱིས་བར་མ་ཆོད་པར་བསྐྱེད་རིམ་ལ་རྩེ་གཅིག་པར་བསྒོམ། མདོར་ན་སྔ་ཐུན་དང་པོ་ལ་འཆི་བ་དང་མི་རྟག་པ་རྗེས་སུ་དྲན་པའི་སྒོ་ནས་ལས་རྒྱུ་འབྲས་ལ་ཡིད་ཆེས་པར་བྱ་སྟེ། ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ཡིན། དེ་ཡང་སངས་རྒྱས་ཐམས་ཅད་ཐོ་རངས་སངས་རྒྱས་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཐོ་རངས་ས་ནས་སར་འཕར་བ་དང༌། རྣལ་འབྱོར་པ་རྣམས་ཀྱང་གྲུབ་པ་ཐོབ་པའི་དུས་ཐོ་རངས་ཡིན། འདི་དུས་གནད་དུ་ཆེ་བ་ལགས་གསུངས། དེ་ཡང་རྩ་ཟུག་དང་རླུང་ཟུག་ཐམས་ཅད་ཞི་ནས་གནད་དུ་འགྲོ་བའི་དུས་ཡིན་པས་འབད། ཉིན་གུང་སའི་རླངས་ཀྱིས་ཁམས་ཉོབ་ནས་མི་འཕེལ་བའི་དུས་ཡིན་པས་གུང་བོར་ཏེ་བསིལ་སར་སྐྱོ་བསངས་བྱ། ཡང་ན་བསྐོར་བ་བྱ་བ་ལ་སོགས་དགེ་སྦྱོར་དང་མ་བྲལ་བར་བྱ། སྐྱོ་བསངས་བྱེད་ཟེར་ནས་དགེ་སྦྱོར་བཞག་ནས་བྲེ་མོའི་གཏམ་མང་པོ་མི་བྱ། དེ་ལྟར་བྱས་ན་གུང་བོར་བ་རང་དུ་མཆི། ཡང་ཕྱི་འབྲེད་པའི་ཁམས་དང་ཚད་པའི་སྟོབས་ནི་ཞི། ཁམས་དང་དབང་པོ་ནི་དྭངས། གྲིབ་ཆུང་སི་ལེ་གྲིབ་ཆེན་འུབས་སེ་འདུས་པའི་དུས་དེར་གནད་དུ་འགྲོ་བས་བསྒོམ། དམར་ཐག་ཆད་ནས་སྐར་མ་ཁྲ་ཧྲུག་གིས་མ་བྱུང་གི་བར་དེར་གཏོར་མ་ལ་སོགས་པ་བྱ་བའི་རིམ་པ་རྣམས་མཛད་ནས་དོད་བསྒོམ་པ་ཡིན། ཆོས་རྗེ་ནི་སྐབས་འདིར་སྤྱི་བཤགས་མཛད་ནས་དེ་ནས་ཡེ་མི་མཇལ་ བར་གདའ། རྒྱུ་མཚན་ཡང་རྐྱེན་དབང་གིས་རྒྱུད་མ་དག་པར་འགྱུར་ཞིང་ཉེས་ལྟུང་དེས་དགེ་སྦྱོར་མི་འཕེལ། རྨི་ལམ་དང་འོད་གསལ་མི་ཟིན་པ་དེ་ལ་སོགས་པས་བྱིན་གྱིས་མི་རློབ་པ་ཡིན་གསུངས། གུང་ལ་གཏི་མུག་གི་དུས་ཡིན་པས་བོར་ལ། ཐོ་རངས་སྔ་མ་ལྟར་བྱས་པའི་རྗེས་ལ་མལ་མི་བདེ་ཙམ་བྱས་ལ་གོས་སྲབ་པར་བྱས་ནས་ཡུད་ཙམ་ཉལ་བས། དགེ་སྦྱོར་རྨི་ལམ་དུ་འགྲོངས། འོད་གསལ་ཟིན་པའི་དུས་ཡིན་པས། འབད་ལ་བསྒོམ། རོ་ཉལ་ཆེན་པོ་བྱས་པས་སྒོམ་ཡོང་དུ་རེ་ན་འདག་སྦྱར་ག་ལ་འོང༌། དེ་ལ་སྤྱིར་དུས་བཞི་པོ་དེ་ལ་ལུས་ཀྱི་འཁྲུལ་འཁོར་བཞི་བྱས་པས་སེམས་ཀྱི་ཏིང་ངེ་འཛིན་སྐྱེ་ལུགས་བཞི་འབྱུང་སྟེ། ཐོ་རངས་འོད་གསལ་གྱི་དུས་སུ་སེངྒེའི་ཉལ་སྟབས་གནད་དུ་འགྲོ། སྔ་དྲོ་མི་རྟོག་པ་སྐྱེ་བའི་དུས་ཡིན་པས་རྡོ་རྗེའི་དཀྱིལ་ཀྲུང་གནད་དུ་འགྲོ། ཕྱི་འབྲེད་ཆ་མཉམ་པའི་དུས་སུ་ཙོག་པུ་བྱས་ལ་ལག་པ་སྤུས་མོ་ལ་འཁྱུད་པའི་འཁྲུལ་འཁོར་གནད་དུ་འགྲོ། སྲོད་ལ་བདེ་བ་སྐྱེ་བའི་(དུས་ཡིན་པས་ཐབས་ལམ་གྱི་)འཁྲུལ་འཁོར་བཅས་ནས་གཏུམ་མོ་ལ་གནད་དུ་འགྲོ་གསུངས། དེ་ལ་དཔེར་ན་ཐབ་བཅས་པ་རྩ་ཤིང་རྩེ་ནས་སྦུད་པ་བུས་ན། མེ་མི་འབར་ཁ་མེད། དེ་བཞིན་དུ་ལུས་ཀྱི་འཁྲུལ་འཁོར། སེམས་ཀྱི་དམིགས་པ་རླུང་གི་མན་ངག་དང་གསུམ་འཛོམས་ན་ཡོན་ཏན་མི་སྐྱེ་དབང་མེད་པ་ལགས། གསང་སྔགས་གནད་ཀྱིས་འཚང་རྒྱ་བ་ལགས། དགེ་སྦྱོར་ལ་བོགས་མེད་པར་ཡུན་རིང་པོ་ལ་རེ་ན་འོ་བརྒྱལ་བར་མཆིས་ཏེ། སྔོན་གྱི་དུས་ན་རྒྱལ་བུ་ཐམས་ཅད་སྒྲོལ་བྱ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་བྱེད་པས། རང་ལ་བདོག་པའི་དངོས་པོ་ཅི་ཡོད་པ་ཐམས་ཅད་སྦྱིན་པར་བཏང༌། མཐར་ཡབ་ཀྱི་བལ་གྱི་གླང་པོ་ཆེ་པདྨའི་སྟེང་ནས་འགྲོ་བ་དང་རིན་པོ་ཆེའི་རིགས་ལ་སོགས་པ་ཐམས་ཅད་སྦྱིན་པར་བཏང་ནས། ཡབ་དང་བློན་པོ་རྣམས་ཁྲོས་ནས་རྒྱལ་བུ་ཡབ་ཡུམ་སྲས་དང་བཅས་པ་རི་བོ་དོན་ཏི་ལ་སྤྱུག་ནས་གནས་དེར་བྱོན་པ་དང༌། དེ་ན་དྲང་སྲོང་ཞིག་འདུག་པ་ལ་ཁྱོད་སུ་ཡིན་དྲིས་པ་ལས། བདག་ནི་དྲང་སྲོང་ཨ་ཆུ་ཐ་བྱ་བ་ཡིན་ཟེར་སྐད། འོ་ན་འདིར་ཅི་བྱེད་པ་ཡིན་བྱས་པས་བསྒོམ་པ་ཡིན་ཟེར། འོ་ན་སྔར་ལོ་དུ་བསྒོམས་བྱས་པས། ལྔ་བརྒྱ་བསྒོམས་ཟེར། འོ་ན་ཁྱེད་ལ་ཏིང་ངེ་འཛིན་ཅི་ཡོད་དྲིས་པས། ད་རུང་སེམས་གནས་པ་མེད་ཟེར། དེ་ལྟ་བུ་བསྒོམ་པའམ། ཡང་རྗེ་རིན་པོ་ཆེ་ཚོགས་པ་ལྔ་བརྒྱ་ཙམ་སྐྱོང་བའི་དུས་ན། བསྒོམ་པ་ཨ་རོ་ཁྱ་བྱ་བས་ལོ་ཉི་ཤུ་རྩ་བཞི་བསྟེན་ཀྱང་སེམས་ངོ་མ་ཤེས་པར་གདའ་སྟེ་ཕྱིས་རིན་པོ་ཆེའི་ཞལ་ནས། ལྔ་བརྒྱ་བསྒོམས་ཀྱང་ཨ་ཆུ་ཐ། །རྩ་བཞི་བསྟེན་ཀྱང་ཨ་རོག་ཁྱ། །བྱ་བ་གསུངས་ཏེ། དེ་ཅི་ལ་གླེང་སླངས་ན། སྐྱེས་བུ་རྣམས་ཅི་ཙམ་བསྒོམ་ཡང་ན་ནིང་གི་ས་ན་དོ་གཅིག་ཀྱང་ཙོག་གེ་དེས་ཀྱང་མི་འོང་བར་འདུག་པས་དུས་གནད་ཤེས་པར་བྱས་ནས་བསྒོམས་པས་བོགས་ཟླ་བ་ཡར་གྱི་ངོ་བཞིན་དུ་འབྱུང་བ་དང༌། སྐྱོན་ཐམས་ཅད་འདག་པ་ལགས་པས་བུ་རྣམས་ཀྱིས་དེ་ལྟར་ཐུགས་ལ་བཞག་པར་ཞུ་འཚལ།

ཡང་རྗེ་རིན་པོ་ཆེའི་ཞལ་ནས། སྤྱིར་ཐེག་པ་ཆེན་པོ་གསང་སྔགས་ལུས་གཙོ་བོར་སྟོན་པ་ཡིན། དེ་ལ་ཡོན་ཏན་སྐྱེད་པ་དང༌། སྐྱོན་འདག་པར་བྱེད་པ་ཐམས་ཅད་འཁྲུལ་འཁོར་ལགས། འཁྲུལ་འཁོར་གྱི་བྱེ་བྲག་ཐ་དད་པས་ཏིང་ངེ་འཛིན་ཐ་དད་པ་འབྱུང་བ་ཡིན། ང་འབུས་རྗེ་རིན་པོ་ཆེ་ལ་དེ་བཞིན་གཤེགས་པ་འཁྲུལ་འཁོར་གྱི་རྗེས་སུ་འབྲངས་སམ། འཁྲུལ་འཁོར་དེ་བཞིན་གཤེགས་པའི་རྗེས་སུ་འབྲང་ཞུས་པས། བུ་སངས་རྒྱས་ཆོས་ཀྱི་རྗེས་སུ་འབྲང༌། ཆོས་འཁྲུལ་འཁོར་ལ་བརྟེན་ནས་རྟོགས་པར་བྱེད་པས་འཁྲུལ་འཁོར་གྱི་རྗེས་སུ་འབྲངས་གསུངས། དེ་ཡང་རྒྱ་གར་ན་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི། བོད་ན་གྲུབ་ཐོབ་ནམ་མཁའ་ལ་འཕུར་ཤེས་པ་བཞི་ཅུ་རྩ་དགུ་ཡང་འཁྲུལ་འཁོར་རེ་རེ་ལས་ཏིང་ངེ་འཛིན་རེ་རེ་སྐྱེས་པའི་གྲུབ་ཐོབ་ཡིན། མདོར་ན་འཁྲུལ་འཁོར་རྒྱལ་པོ་དང་འདྲ་ལ་ཏིང་ངེ་འཛིན་བྲན་དང་འདྲ་བ་ཡིན། དེའི་ནང་ནས་རྩ་བའི་འཁྲུལ་འཁོར་གསུམ་པོ་འདི་གལ་ཆེ་སྟེ།

དེ་ལ་འདུག་ན་འདུག་པའི་འཁྲུལ་འཁོར་ནི། གང་དུ་སྡོད་པའི་ས་དེར། རྡོ་རྗེ་དཀྱིལ་ཀྲུང་མན་ངག་བཞིན་དུ་བཅས་པ་དང་སྐད་ཅིག་ཀྱང་མ་འབྲལ་བ་བྱ། འདི་ལ་ཕན་ཡོན་དཔག་ཏུ་མེད་པ་ཡོད་དེ། སྔོན་ཐུབ་པ་ཆེན་པོ་ལ་སོགས་པའི་སངས་རྒྱས་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་ཤིང་དྲུང་དུ་རྡོ་རྗེའི་དཀྱིལ་ཀྲུང་གིས་བཞུགས་ནས་ཤེས་བྱའི་བུད་ཤིང་ཐམས་ཅད་ཡེ་ཤེས་ཀྱི་མེས་བསྲེགས་ཏེ་སངས་རྒྱས་པ་ལགས་མོད། དེ་ལྟར་མཚན་བརྗོད་ལས། རྡོ་རྗེ་དཀྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །ཅེས་གསུངས། དཔེར་ན་སྔོན་རྒྱ་གར་ནུབ་ཕྱོགས་ཀྱི་རི་ཞིག་གི་ལོགས་བཞི་ལ། ཤར་ན་སྤྲེའུ་ལྔ་བརྒྱ། བྱང་ན་ཕག་རྒོད་ལྔ་བརྒྱ། ལྷོ་ན་དྲང་སྲོང་ལྔ་བརྒྱ། ནུབ་ན་རང་སངས་རྒྱས་ལྔ་བརྒྱ་ཡོད་པ་ལས། སྤྲེའུ་རྣམས་ལ་ཕོ་གཅིག་ལས་མེད། ཕོ་གཞན་བྱུང་ན་དེས་བསོད་པ་ལ། དུས་རེ་ཤིག་ན་སྤྲེའུ་མོ་ཞིག་ལ་ཕོ་ཞིག་སྐྱེས་པ་ལ་མ་དེས་ཡང་བསད་ཀྱིས་དོགས་ནས་རང་སངས་རྒྱས་ལྔ་བརྒྱ་ཡོད་པའི་སར་བསྐྱལ་བས། དེར་དགྲ་བཅོམ་པ་རྣམས་གྲོངས་ནས་ཁོ་ལྟོགས་ནས། སྤུར་སློང་ཞིང་གནོད་པ་བྱས་པས་འཚོ་བ་སྦྱོར་བའི་གནོད་སྦྱིན་ཁྲོས་ཏེ། གདུག་པ་ཅན་འདིས་འཕགས་པ་རྣམས་ཀྱི་སྤུར་ལ་གནོད་པ་བྱེད་ཟེར་ནས། སྤུར་རྣམས་བྲག་ཕུག་ཏུ་བཅུག་ནས། སྒོ་བརྩིགས་པས། དེར་ཁོ་དྲང་སྲོང་ལྔ་བརྒྱའི་སར་ཕྱིན་པ་དང༌། དྲང་སྲོང་ཐམས་ཅད་བསྒོམ་པའི་འཁྲུལ་འཁོར་ལ་ལ་ལག་པ་གནམ་ལ་སྒྲེང་བའམ། ལ་ལ་ལངས་པའམ། འདུག་པའམ། ལུས་ཤེད་ཐམས་ཅད་རྐང་པ་གཅིག་གི་མཐེ་བོང་ལ་བསྐོར་བའམ། མིག་ཉི་མ་ལ་ལྟ་བའི་ཚུལ་དུ་འདུག་པ་ལ། སྤྲེའུས་སྔོན་རང་སངས་རྒྱས་རྣམས་ཀྱི་འཁྲུལ་འཁོར་(དཀྱིལ་ཀྲུང་)དེ་དྲང་སྲོང་རྣམས་ལ་བྱས་པས། ཁོང་རང་རྣམས་ཀྱིས་མཁན་པོ་ལ་སྤྲེའུ་མ་རུངས་པ་འདིས་བདག་ཅག་རྣམས་ཀྱི་བསམ་གཏན་གྱི་འདུག་སྟངས་ཐམས་ཅད་དཀྲུགས་ཞུས་པས། དེས་གང་ཟག་དམ་པ་དག་མཐོང་སྲིད་པས་ཞག་ཤས་སྤྲེའུའི་ལུགས་སུ་ཐོངས་དང་ཟེར། དེ་ནས་སྤྲེའུའི་ལུགས་སུ་བྱས་པས་ཐམས་ཅད་ལ་ཏིང་ངེ་འཛིན་སྐྱེས་ནས་དགྲ་བཅོམ་པ་ཐོབ་སྐད། དེར་སྤྲེའུ་ལ་དྲིན་དུ་གཟོ་བའི་ཕྱིར་དགྲ་བཅོམ་པ་རྣམས་ཀྱིས་ལྷའི་གནས་ནས་ཞལ་ཟས་རོ་བརྒྱ་དང་ལྡན་པ་བླངས་ཤིང་ཕུད་འདྲེན་པར་བྱས་ཤིང་དྲངས་ནས་མཐར་སྤྲེའུ་ཤི་བའི་ཚེ་ཡང་ལྷའི་ཙན་དན་བླངས་ནས་བསྲེགས་ཏེ་རུས་པ་ལ་མཆོད་རྟེན་བྱས་པ་དེ་ཡང༌། ཕྱིས་ཀྱི་དུས་སུ་འཕགས་པ་ཉེར་སྦས་ཡིན་པ་ལེགས་པའི་གཏམ་རྒྱུད་གསུངས་ཏེ། དེས་ན་འདི་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པ་ལགས་མོད།

གཉིས་པ་འགྲོ་ནས་འགྲོ་བའི་འཁྲུལ་འཁོར་ནི། གཡས་སུ་མི་བལྟ་གཡོན་དུ་མི་བལྟ་ཞིང༌། སྐུའི་རྣམ་པར་འགྱུར་བ་གསུམ་དང་མ་བྲལ་བར་མིག་གཉའ་ཤིང་གང་ཙམ་དུ་བལྟ་ཞིང་གོམ་པ་ཧ་ཆང་ཆེ་བ་མ་ཡིན། ཧ་ཆང་ཆུང་བ་མ་ཡིན་པར་མཐའ་གཉིས་དང་བྲལ་བའི་ཏིང་ངེ་འཛིན་ལ་མི་ཡེངས་པར་འགྲོ། དེ་ལྟར་ཡང་སྡུད་པ་ལས། གཉའ་ཤིང་གང་ཙམ་ལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད། །ཅེས་གསུངས། ཡང་མདོ་ལས། བཅོམ་ལྡན་གཉའ་ཤིང་གང་ཙམ་བལྟ་ཞིང་གཤེགས། །ས་དང་རི་དང་ངམ་པ་གཡོ་བར་མཛད། །ཅེས་གསུངས་པས། འགྲོ་བའི་ལས་ལ་དབང་གྱུར་ན་ཉལ་བ་ལ་སོགས་པ་ཡང་སྤངས་ཏེ། འདུག་པའི་འཁྲུལ་འཁོར་དེ་བྱས་པས། རྟོག་པ་ཐམས་ཅད་རླུང་ཞི་བ་ལྟར་འགྱུར་ཞིང་ལུས་སེམས་ཐམས་ཅད་པད་མ་ལ་ཆུ་བཏབ་པ་བཞིན་དུ་སིང་གིས་འབྱུང༌། དགེ་སྦྱོར་ངོ་འཕྲོད་པའི་དུས་གནད་ཀྱང་ཡོད་གསུངས།

གསུམ་པ་ཉལ་བའི་འཁྲུལ་འཁོར་ནི། ཞོགས་གཡས་པ་འོག་ཏུ་ཕབ། མགོ་བྱང་དུ་བསྟན་པ་ལ་སོགས་པ་གལ་ཆེ།

དེ་ལྟར་མ་བྱས་པར་ཁ་ནུབ་ཏུ་བྱས་ན་གཏི་མུག་འཕེལ་ཞིང་རྨི་ལམ་དུ་ཡང་ས་བདག་གི་ཆོ་འཕྲུལ་འབྱུང་ཞིང་བར་དུ་གཅོད། གཡོན་འོག་ཏུ་བཅུག་ནས་ཉལ་ན་ཞེ་སྡང་འཕེལ་ཞིང་ཕོ་གདོན་གྱི་རྨི་ལམ་འབྱུང་ཞིང་བར་ཆོད་འབྱུང༌། གན་རྐྱལ་དུ་ཉལ་ན་འདོད་ཆགས་འཕེལ་ཞིང་མོ་གདོན་གྱི་ཆོ་འཕྲུལ་དང་ཐིག་ལེ་ཉམས་པ་ལ་སོགས་པའི་བར་ཆད་འབྱུང་བ་ལགས་མོད།

དེས་ན་སེང་གེའི་ཉལ་སྟབས་བྱས་ཏེ། སྔར་གྱི་ཉེས་པ་རྣམས་སྤོང་ཞིང་གཉེན་པོ་ཏིང་ངེ་འཛིན་སྐྱེ་བ་ཡིན། དེ་ཡང་སྔོན་སངས་རྒྱས་མྱ་ངན་ལས་འདས་པའི་དུས་སུ། གྱད་ཀྱི་ཡུལ་དུ་ཀུན་དགའ་བོ་ལ་དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་བའི་གཟིམས་ཁྲི་ཤོམས་ཤིག་གསུངས་ནས། ཀུན་དགའ་བོས་ཀྱང་བཤམས་པ་དེ་ལ་ཕྱག་གིས་འཇུས་ནས་བཤུམས་ཏེ། ཐུབ་ཆེན་སེང་གེའི་གཟིམ་ཁྲི་ནི། །བཤམས་པའི་ཐ་མ་འདི་ལགས་པས། །ཕྱིན་ཆད་བཤམ་དུ་མ་མཆིས་སོ། །གསུངས་ཏེ། དེའི་སྟེང་དུ་སངས་རྒྱས་ཉིད་གོང་ལྟར་སེང་གེའི་གཟིམ་སྟབས་སུ་མཛད་དེ། ཚེས་བརྒྱད་ཀྱི་ནུབ་མོ་འཛམ་བུ་གླིང་པའི་ཟླ་བ་ནུབ་པའི་ཚེ། ཐུབ་པ་ཞི་བར་གཤེགས་པ་ཡང་འཁྲུལ་འཁོར་དེ་ཉིད་ཀྱི་ངང་ནས་གཤེགས་ཤིང༌། སངས་རྒྱས་གཞན་རྣམས་ཀྱང་དེ་ལྟར་དུ་མཆི་བས་འདི་ཤིན་ཏུ་ཟབ་པའི་གནད་ཡིན་གསུངས། དེ་དག་གི་དུས་སུ་ཉམས་སུ་བླང་བྱ་དེ་གང་ཡིན་སྙམ་ན། བྱང་ཆུབ་ཀྱི་སེམས་གཉིས་དབྱེ་བ་མེད་པའི་ཏིང་ངེ་འཛིན་འདི་ཁོ་ན་ལགས་ཏེ། དེ་ཡང་ཏིང་ངེ་འཛིན་རྒྱལ་པོའི་གླེང་གཞི་ལས། ཆོས་ཐམས་ཅད་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་བྱ་བ་བཞུགས། དེ་ལ་ཆོས་ཐམས་ཅད་མཉམ་པ་ཉིད་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཕྱག་རྒྱ་ཆེན་པོ་ཡིན། དེ་རྣམ་པར་སྤྲོས་པ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལགས་ཏེ། དེ་གང་དུ་སྤྲོས། ཚུལ་ལམ་ཐབས་ཇི་ལྟར་སྤྲོས་ན། སེམས་ཉིད་གདོད་མ་ནས་མ་སྐྱེས་པ་དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདེ་བ་དང་ལྡན་པར་སྤྲོས། སྡུག་བསྔལ་དང་བྲལ་བར་སྤྲོས། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་སྤྲོས་པ་ལགས། དེ་ལྟ་བུའི་མདོ་འདི་ཡང་སྔོན་དཔལ་ལྡན་སྒམ་པོ་བ་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུར་གྱུར་པའི་ཚེ་ན་བཅོམ་ལྡན་འདས་ཀྱིས་གཏད་པ་ལགས་ཏེ། མདོ་སྡེ་འདིའི་ཚིག་ཙམ་བཟུང་བ་ཡང་ཕན་ཡོན་དཔག་ཏུ་མེད་ཅིང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་མྱུར་དུ་སྒྲོལ་བ་ལགས་ན། འདི་ཉིད་བརྒྱུད་པ་རིན་པོ་ཆེ་འདི་པའི་ཆོས་ཡིན་ཞིང༌། དྭགས་པོ་བཀའ་བརྒྱུད་ཅེས་འཛམ་བུའི་གླིང་དུ་གྲགས་པ་འདི་ཁོང་གི་དྲིན་ཡིན་མོད། དེ་ལྟ་བུའི་ཆོས་འདི་ཉམས་སུ་བླངས་པས་སེམས་ཀྱིས་ལུས་བྱིན་གྱིས་རློབས་ཏེ། ལུས་ཀྱི་ནད་དང་གནོད་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་ནས་འགྲོ། ལུས་ཀྱིས་སྣང་བ་བྱིན་གྱིས་རློབས་ཏེ། གང་སྣང་གང་གིས་མཐོང་བ་ཐམས་ཅད་ལ་ཕན་བདེ་དཔག་ཏུ་མེད་པ་འབྱུང་བ་ལགས་པས། བུ་རྣམས་ཀྱིས་དེ་ལྟར་དུ་ཐུགས་ལ་བཞག་པར་ཞུ་གསུངས། ཡང་བསྔོ་བ་ཞིག་བྱ།།

ཡང་རིན་པོ་ཆེའི་ཞལ་སྔ་ནས། སྤྱིར་སངས་རྒྱས་ཐོབ་པར་བྱེད་པ་ལ་ལམ་བགྲོད་ཚུལ་རྣམ་པ་གཉིས་ཡིན། དེ་ཡང་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་བས་ནི། སྨོན་འཇུག་གཉིས་བསྐྱེད་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱིས། ལམ་བགྲོད་པར་བྱེད་པ་ལ། གསང་སྔགས་རྡོ་རྗེའི་ཐེག་པ་བས་ནི། མ་སྨིན་པ་སྨིན་པར་བྱེད་པའི་ལམ་དབང༌། སྨིན་པ་གྲོལ་བར་བྱེད་པའི་ལམ་བསྐྱེད་རྫོགས་གཉིས་ཀྱིས་ལམ་བགྲོད་པར་བྱེད་པ་བས། སྔོན་དུ་རྟོགས་པ་དབང་བསྐུར་དགོས་པ་ཡིན།

དེས་ན་བཅོམ་ལྡན་འདས་ཀྱིས་རྒྱུད་ཐམས་ཅད་དུ། ཕུང་པོ་དང་ཁམས་ཐམས་ཅད་གདོད་མ་ནས་སངས་རྒྱས་སུ་གསུངས་པ་དེ་རྟོགས་པར་བྱེད་པ་ཡིན། དེ་ལྟར་ཡང་དགྱེས་རྡོར་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །དབང་ལས་ཡང་དག་ཤེས་པར་འགྱུར། །ཞེས་གསུངས་པས། དབང་བསྐུར་མཁན་པོ་རྡོ་རྗེ་འཆང་ལྟ་བུའི་བླ་མ་ཞིག་དགོས། སུ་ཐོད་ཐོད་ཀྱིས་སྤྱོད་པ་མ་ཡིན་གསུངས།

དེ་ལ་དབང་བཞིའི་གོ་བ་ནི། བུམ་དབང་ལུས་ལ་བསྐུར་བས་ལུས་ཀྱི་དྲི་མ་འདག གསང་དབང་ངག་ལ་བསྐུར་བས་ངག་གི་དྲི་མ་འདག གསུམ་པ་ཡིད་ལ་བསྐུར་བས་ཡིད་ཀྱི་དྲི་མ་འདག བཞི་པ་གསུམ་ག་ལ་བསྐུར་བས་ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་དྲི་མ་འདག་ཅིང་ནུས་པ་འཇོག་ཚུལ་བཞི་འབྱུང་བ་ལགས།

ཉམས་བདེ་གསལ་མི་རྟོག་པ་གསུམ་འབྱུང་སྟེ་ཞི་གནས་ཡིན། བཞི་པ་ལྷག་མཐོང་གི་ཉམས་དེ་དག་པར་བྱེད་དགོས། འདིར་ནི་དབང་གི་གོ་བ་ངོ་འཕྲོད་པར་བྱེད་པའམ་རྟོགས་པར་བྱེད་པ་ཟེར་ཏེ། དེ་ཡང་བུམ་པའི་དབང་གིས་ལུས་འདི་ཉིད་གདོད་མ་ནས་སངས་རྒྱས་ཡིན་པས། དེ་ཡིན་པ་ལ་ཡིན་པར་ཤེས་པ་ཡིན། ཁ་ཅིག་གི་འདོད་པ་ལ་ཀུན་བརྟགས་ཡིན་པས་དངོས་མ་ཡིན་པ་ཞིག་ལ་དབང་གིས་བསྒྱུར་ནས་དེར་བརྟགས་པར་འདོད་དེ། དེ་ལྟར་སོང་ན་སོལ་བ་བརྡར་བ་ལས་ཀྱང་དུང་འགྱུར་དགོས་ཏེ་མི་འབྱུང་གསུངས། དེས་ན་གདོད་མ་ནས་ལྷ་ཡིན་པ་ལ་ཡིན་པར་ཤེས་འཚལ། དེའི་གོ་བ་མ་བྱུང་ན་གསེར་དང་དངུལ་གྱི་བུམ་པ་མགོ་ཐོག་ཏུ་བཞག་ཀྱང་མི་ཕན། ཆུ་བོ་གང་གཱས་ལུས་བཀྲུས་ཀྱང་མི་ཕན། དབང་མ་ཐོབ་པ་བྱ་བ་ཡིན། འོན་ཀྱང་བསྐྱེད་རིམ་སྒོམ་རུང་ཙམ་བྱས་པའི་རུང་ཆུ་གཏོར་བ་ཙམ་ཡིན། དེ་ལྟར་ངོ་འཕྲོད་ནས་སྐད་ཅིག་ཙམ་ཡང་མི་འབྲལ་བར་བསྒོམ་དགོས་པ་ཡིན་ནོ། །ཐ་མལ་པ་དག་དགེ་སློང་ངམ་དགེ་ཚུལ་ཡིན་སྙམ་པའི་འདུན་པ་བྱུང་ན་ལྟུང་བར་འགྱུར། དེ་ལྟར་ཡི་དམ་ལྷར་ བསྒོམ་པ་ལ་རིན་པོ་ཆེའི་ཞལ་ནས་ལྷ་དེ་བྱང་ཆུབ་སེམས་ལས་བྱུང་ལ། ཀུན་བརྟགས་སྤྲོས་པས་སྟོང་པ་དང༌། རྣམ་པར་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པ་དང་ལྔ་དགོས་གསུངས། དང་པོ་ནི་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་ཞིག་མ་གཏོགས་པ་ཉོན་མོངས་པ་དུག་གསུམ་ལ་སོགས་པ་སྐྱེས་ན་ལྷར་མི་མཆི་བས། དེ་ལ་དགོངས་ནས་རྗེ་རིན་པོ་ཆེའི་ཞལ་ནས། ལྷ་འདོད་ཆགས་སྐྱེས་ན་ཡི་དྭགས་ཡིན། །ལྷ་ཞེ་སྡང་སྐྱེས་ན་དམྱལ་བ་ཡིན། །ལྷ་གཏི་མུག་སྐྱེས་ན་དུད་འགྲོ་ཡིན། །ལྷ་དུག་ཏུ་སོང་ན་མི་དགེ་བས། །དེས་ན་ལྷ་ལ་བྱ་ར་གཅེས། །ཞེས་གསུངས།

གཉིས་པ་ཀུན་བརྟགས་སྤྲོས་པས་སྟོང་པ་ཞིག་དགོས་ཏེ། དེ་ལ་སྤྱིར་བསྐྱེད་པའི་རིམ་པ་འདི་ལ་ཀུན་བརྟགས། གཞན་དབང༌། ཡོངས་གྲུབ་གསུམ་ལས། ཀུན་བརྟགས་ལ་གཉིས་ལས། མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བརྟགས་ནི། རི་བོང་གི་རྭའམ། ནམ་མཁའི་མེ་ཏོག་ཏུ་བརྟགས་པ་ལྟ་བུ་ཡིན། རྣམ་གྲངས་ཀྱི་ཀུན་བརྟགས་ནི་རྭའི་གཉེར་མ་བརྩི་བའམ་མེ་ཏོག་གི་དབྱིབས་ལ་སོགས་པ་བརྟག་པ་ལྟ་བུ་ཡིན་ཏེ། མདོར་ན་མིན་པ་ལ་ཡིན་པར་བྱས་པ་ཐག་པ་ལ་སྦྲུལ་དུ་འཛིན་པའམ་ཆུའི་ཐོག་ཏུ་མེ་སྒྲུབ་པ་ལྟ་བུ་ཞིག་ཡིན་སྐད། འོན་ཀྱང་ཀུན་ཏུ་བརྟགས་པ་ནི་ལས་དང་པོ་པ་རྣམས་ལ་ནི། ཡི་དམ་ལྷའི་ཞལ་ཕྱག་ལ་སོགས་པ་མི་གསལ་བ་དེ་ཤེས་པ་སྔ་ཕྱིའི་རྒྱུན་གྱིས་ལྷ་དེའི་རྣམ་པ་ལ་བརྟགས་ནས། བསྒོམ་དགོས་པའི་ཆ་ནས་རྣམ་པ་ལ་ཀུན་ཏུ་བརྟགས་པ་བྱ་བ་འོང་ཡང༌། རིན་པོ་ཆེའི་ཞལ་ནས། སྔགས་ལ་ཀུན་བརྟགས་ཀྱི་སྒྲ་མི་འཇུག་གསུངས།

གཉིས་པ་གཞན་དབང་ལ་གཉིས། དག་པའི་གཞན་དབང་ནི་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བྱས་པའི་རྒྱུ་འབྲས་ཡིན་ལ། མ་དག་པའི་གཞན་དབང་ནི། ཉོན་མོངས་པས་དབང་བྱས་པའི་རྒྱུ་འབྲས་ཡིན་གསུངས།

གསུམ་པ་ཡོངས་གྲུབ་ལ་གཉིས་ལས། འགྱུར་བ་མེད་པའི་ཡོངས་གྲུབ་ནི། ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་གདོད་མ་ནས་ལྷའི་སྐུ་རང་ཆས་སུ་གྲུབ་པ་ཡིན་ཏེ། དེ་ལྟར་ཡང་དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་མཁའ་འགྲོ་ཉིད་དང་ནི། །རྡོ་རྗེ་འཛིན་པ་རང་ཉིད་ཡིན། །ཞེས་པའམ། ཡང་གསང་འདུས་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །ཞེས་པའམ། འཁོར་ལོ་སྡོམ་པ་ལས་ཀྱང༌། གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དོ། །ཞེས་པ་ལ་སོགས་པ་གསུངས། ཧེ་བཛྲ་ལས་ཀྱང༌། སྦྱིན་ལ་ཁ་དོག་གནས་པ་ནི། །སྐྱེས་པ་ཙམ་གྱིས་རྣམ་པར་གནས། །ཞེས་པ་དང༌། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་པ་ལ་སོགས་པ་གསུངས་པ་ལགས། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ནི་ལྷ་དེ་ཉིད་བྱང་ཆུབ་པ་ལྔའམ། ཆོ་ག་གསུམ་མམ། སྐད་ཅིག་དྲན་རྫོགས་ལ་སོགས་པ་ཡིན་ལུགས་ལྟར་དུ་བསྒོམས་པས། མངོན་དུ་གྱུར་པ་དེ་ཡིན་ཞིང༌། ལྷ་ལ་བརྟན་པ་ཐོབ་པ་ལ་ཟེར་བ་ལགས། འདི་ལ་སློབ་དཔོན་འཕགས་པའི་ཞལ་ནས། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །ཞེས་གསུངས་པ་ལ། ལ་ལ་དག་འདི་ལ་ཧ་ལས་པ་འདོད་པ་ཡོད། དེ་གཉིས་སུ་མཆི་གསུངས། གཞན་གྱི་དགོངས་པ་ལེན་ལུགས་ཀྱིས་བསྐྱེད་རིམ་ཞལ་ཕྱག་གསལ་ཙམ་པ་དེ་ཨ་འཐས་སུ་བསྒོམས་པས་ས་བརྒྱད་མི་འཐོབ་པ་ལ་བློ་རྩེ་གཏད་ནས་སྐྱོན་བརྗོད་པ་ཡིན་ཏེ། དེས་ས་བརྒྱད་ཐོབ་ཏུ་རེ་ན་ཁོ་ཐག་ཆོད་ག་ལ་ཐོབ། འདི་རྒྱུ་བྱང་ཆུབ་ཀྱི་སེམས་ལས་བྱུང་ཞིང་རྐྱེན་ཀུན་བརྟགས་ཀྱི་སྤྲོས་པས་སྟོང་པའི་ལྷ་ལ་བརྟན་པ་ཐོབ་པ་དེ་སངས་རྒྱས་དངོས་རང་ཡིན། ཧ་ལས་རྒྱུ་མེད། དེ་ལྟར་ཡང་བྱང་ཆུབ་སེམས་ལས་བྱུང་གྱུར་ཞིང༌། །ཀུན་བརྟགས་སྤྲོས་པས་རྣམ་སྟོང་པ། །སྒྲིབ་གསུམ་སྤངས་པའི་སངས་རྒྱས་དང༌། །དབྱེར་མེད་གཅིག་ཏུ་གྱུར་པས་ན། །ས་ བརྒྱད་ཐོབ་པ་མཚར་ཅི་ཆེ། །ཞེས་གསུངས་པ་ལགས་མོད།

ཡང་གསུམ་པ་ནི་ལྷ་དེ་ཤིན་ཏུ་རྣམ་པ་གསལ་བ་ཞིག་དགོས། དེ་འབྱུང་བར་བྱེད་པ་ལ་རྒྱུ་དང་རྐྱེན་ཚང་བ་ཞིག་དགོས་པ་ལགས་ཏེ། རྒྱུ་ནི་སངས་རྒྱས་ཀྱི་མཚན་དང་དཔེ་བྱད་ཐམས་ཅད་གསང་བ་རྟེན་འབྲེལ་ལས་འབྱུང་བར་གསུངས་ཏེ། དེ་ལྟར་ཡང༌། ཀྱཻ་རྡོ་རྗེ་ལས། སྟོན་པའི་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུ་ལྡན། ཁུ་བ་ཞེས་བྱ་རྣམ་པར་གནས། །ཞེས་པ་དང༌། ཡང་དེ་ཉིད་ལས། ག་བུར་ཉིད་ནི་བདག་མེད་མ། །བགྱི་བ་ལ་སོགས་པ་གསུངས་སོ། །རྐྱེན་ལ་གཉིས་ལས་མཐུན་པའི་རྐྱེན་ཁམས་འཕེལ་བར་བྱེད་པའི་ཟས་ལ་སོགས་པ་བརྟེན་དགོས། དེ་ལྟར་ཡང༌། ཧེ་བཛྲ་ལས། དེ་ལ་ག་བུར་རྒྱུ་ཡི་ཕྱིར། །ཤ་དང་ས་ལུ་སྐྱེས་པ་གཟའ། །ཞེས་གསུངས་སོ། །གནོད་པའི་རྐྱེན་ནི་རུལ་སུངས་དང་སྔོ་ལ་སོགས་པ་དང་ལུས་འཇིག་པར་བྱེད་པའི་སྤྱོད་ལམ་དྲག་ཤུལ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་སྤངས་ནས། རྒྱས་པ་དེ་མི་ཉམས་པར་བསྲུངས་པས། འདིའི་ཡོན་ཏན་ལྷའི་སྐུ་མདོག་དང་ཕྱག་མཚན་རྒྱན་དང་ཆ་ལུགས་བ་སྤུའི་འཁྱིལ་སྟངས་ཚུན་ཆད་གསལ་བར་འབྱུང་བ་ལགས་པས། འདི་ལ་གཅེས་སྤྲས་ཤིན་ཏུ་ཆེ་བར་བྱ།

ཡང་བཞི་པ་རྣམ་དག་དྲན་པ་ལ་གཉིས་ལས། ཀུན་རྫོབ་ལྷ་སོ་སོའི་རྣམ་དག་ནི། གོང་ལྟར་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷར་གསལ་ཞིང་ཐ་མལ་དུ་འཛིན་པ་དག་པ་དེ་ཡིན། ལྷ་ལ་ཞེན་ཡང་གསེར་གྱི་སྒྲོག་དང་འདྲ་སྟེ་འཆིང་བས། ལྷར་འཛིན་གྱི་ཞེན་པ་སྤང་བའི་ཕྱིར།

དོན་དམ་དེ་བཞིན་ཉིད་ཀྱི་རྣམ་པར་དག་པ་ནི། བསྐྱེད་རིམ་གྱི་ལྷ་དང་རྫོགས་རིམ་ཕྱག་རྒྱ་ཆེན་པོ་གཉིས་དབྱེ་བ་མེད་པར་བསྒོམ་པ་ཡིན་ཏེ། དེ་ལ་ཟུང་འཇུག་ཟེར་བ་ལགས། གང་དུ་ཟུང་དུ་འཇུག་སྙམ་ན། ལྷ་སྟོང་པ་དང་སྟོང་པ་ལྷ། དེ་གཉིས་དབྱེ་བ་མེད་པར་གདོད་མ་ནས་གནས་པ་ཡིན་པས། དེ་ལ་སྒྱུ་མ་ལྟ་བུའི་ལྷ་སྐུ་ཟེར། དོན་དམ་དེ་བཞིན་ཉིད་ཀྱི་རྣམ་དག་ཟེར་བ་ཡིན།

སྤྱིར་བསྐྱེད་རིམ་ཟུང་འཇུག་ཏུ་གནས་པ་དེ་གཤིས་ཡིན། དེ་བབས་ཡིན་ཏེ། གློ་བུར་དུ་གཉིས་གཅིག་ཏུ་སངས་རྒྱས་པ་ལྟ་བུ་མ་ཡིན་པས། དེའི་བརྡར་ལྷ་ཡབ་ཡུམ་དུ་བྱུང་བ་ཡིན། དེས་ན་དཔལ་ཧེ་རུ་ཀས་ཡུམ་རྡོ་རྗེ་རྣལ་འབྱོར་མ་འདི། ལོགས་ཤིག་ནས་ཁབ་ཏུ་བཞེས་པ་དང༌། ཟུང་དུ་བཅུག་པ་མེད། ཡབ་ཡུམ་གཉིས་གདོད་མ་ནས་གཉིས་སུ་མེད་པའི་ཟུང་འཇུག་བདེ་བ་ཆེན་པོའི་རང་བཞིན་ཡིན་ཏེ། ཡབ་སྐྱེ་བའི་ཆ་ཐབས་ཡིན། ཡུམ་སྟོང་པའི་ཆ་ཤེས་རབ་ཡིན། དེ་གཉིས་སུ་མེད་པ་དེ་ཟུང་འཇུག་ཟེར་བ་ལགས། ལྷ་ཕོ་རེང་དང་མོ་རེང་རྣམས་ལ་ཡང་ཕྱག་མཚན་ལ་སོགས་པ་སོ་སོའི་ཡབ་ཡུམ་གྱི་བརྡ་མཚོན་པ་རེ་རེ་ཡོད་པ་ཡིན། སྤྱིར་ལྷའི་རྒྱན་ཆ་ལ་སོགས་པ་འདི་རྣམས་ཐམས་ཅད་ལ་སྐྱོན་དག་པ་དང་ཡོན་ཏན་རྫོགས་པའི་མཚོན་བྱེད་རེ་རེ་ཡོད་པ་ཡིན་ལགས།

མདོར་ན་ཡི་དམ་ལྷ་ཞལ་སྦྱོར་རེ་ལ་བྱེད་དགོས་པ་ཡིན། དེ་ལ་རྒྱུ་མཚན་ཞིག་ཡོད་གསུངས། དེ་ལྟ་བུ་དེ་ལ་བརྟན་པ་ཐོབ་པར་བྱེད་པ་ལ་ལྷ་དང་སྔགས་གཅིག་ཏུ་བྱེད་དགོས་ཏེ། ལྷ་བསྒོམ་ནས་མ་གསལ་བའི་དུས་སུ་རྡོ་རྗེའི་བཟླས་པ་བྱེད་པ་ཡིན། དེ་ཡང་འཇིགས་སམ་འདྲེ་སྐྲོད་པའི་ཆེད་ལྟ་བུ་མ་ཡིན་ཏེ། སྔགས་དེ་ལྷའི་མིང་ཡིན། དེ་ལྟར་ཡང༌། རང་མིང་བརྗོད་པའི་སྔགས་ལ་ནི། མཐར་ནི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྦྱར། ཞེས་པའམ། ཡང་ན་ཐུགས་སྐུལ་བའི་ཕྱིར་སྔགས་ཡིན་ཏེ། སཾ་བྷུ་ཊ་ལས། སྔགས་རྣམས་ཀུན་གྱི་མཚན་ཉིད་ནི། །བདེ་བར་གཤེགས་པའི་ཐུགས་ཡིན་ཏེ། །ཞེས་པའམ། ཡང་ན་སྤྱན་འདྲེན་པར་བྱེད་པའི་ཕྱིར་ན་སྔགས་ཡིན། གུར་ལས། གལ་ཏེ་སྐྱེས་ཆེན་འགའ་ཞིག་ལ། །ཆེ་ལ་མྱུར་བའི་དགྲ་བོས་ན། །ཐོས་པ་ཙམ་གྱིས་འོང་བ་ལྟར། །སངས་རྒྱས་སྐད་ཅིག་འབྱོན་པར་འགྱུར། །ཞེས་གསུངས་པས། དཔེར་ན་བུ་གཅིག་པུ་ཤི་བའི་མ་དེས་བུ་བུ་བྱས་པས་བུ་གསལ་ལམ་ལམ་འབྱུང༌། དེ་བཞིན་སྔགས་དེས་ཀྱང་ལྷ་གསལ་བར་བྱེད་པ་ཡིན། བཟླས་ཐབས་ལ་འཕྲེང་བའི་བཟླས་ཐབས་དང༌། རྡོ་རྗེའི་བཟླས་པ་གཉིས་ལས། ཕྲེང་བའི་བཟླས་པ་ནི། བ་ལང་གི་རྨིག་རྗེས་དང་འདྲ། ནོར་ བུའི་མཆིང་བུ་དང་འདྲ་སྟེ་ངག་ཏུ་བརྗོད་པས་ཆུད་པ་ཡིན། རྡོ་རྗེའི་བཟླས་པ་ནི་རྒྱ་མཚོ་ཆེན་པོ་དང་འདྲ། ནོར་བུ་རིན་པོ་ཆེ་རྩེ་དུང་རྒྱ་དང་འདྲ་བ་ཡིན། དེ་ཡང་ངག་ཏུ་བརྗོད་པ་སྤངས་ནས་སོ་ལ་འཆར་ཙམ་དུ་ཡིད་ཀྱིས་ལྷ་གསལ་ལམ་ལམ་བྱས་ནས་འདྲེན་པ་ཡིན། སློབ་དཔོན་གཞོན་ནུ་སེང་གེའི་དཔེ་ཡང་གསུང༌། དེ་ལྟར་མ་སོང་བའི་རྣམ་རྟོག་ཐང་ཡན་ལ་བཏང་བའི་བཟླས་པ་འཕྲེང་བ་འདོམ་གྱིས་གཞལ་ཡང་མི་ཕན་པ་ལགས།

གསང་སྔགས་དང་རིག་སྔགས་དང་སྙིང་པོ་དང་ཕྱག་རྒྱ་བཞི་ཡང་ལྷ་གསལ་བར་བྱེད་པ་དོན་གཅིག་པ་གསང་སྔགས་བཟླས་པ་ཡིན། དེ་སྔར་ལྟར་དུ་ལྷ་དེ་ཉིད་གསལ་བར་བྱེད། རིག་སྔགས་ནི་ལྷའི་སྐུ་མདོག་དང་ཕྱག་མཚན་དང་རྒྱན་དང་ཆ་ལུགས་སྐྱེ་མཆེད་དང༌། རྣམ་དག་ཐམས་ཅད་རིག་པ་ཡིན། སྙིང་པོ་ནི་དེ་ལྟར་བརྟན་ཞིང་ངོ་བོ་ཤེས་པ་ལ་བྱ། ཕྱག་རྒྱ་ནི་བརྟན་པ་དེ་ལས་མི་ལྡོག་ཅིང་མི་འགྱུར་བར་བྱེད་པ་ཡིན། དཔེར་ན་མི་ཉག་ཆོས་ཀྱི་རྒྱལ་པོའི་བཀར་བརྟགས་ཀྱི་ཕྱག་རྒྱ་བསྐུར་བ་དེ་ལ་གང་གིས་ཀྱང་འདའ་མི་ནུས་པ་དང་འདྲ་གསུངས།

དེ་ལྟར་མཉམ་པར་བཞག་པའི་དུས་སུ། བྱིང་རྒོད་བྱུང་ན། འོག་སྒོ་སྙོམས་འཇུག་གི་བདེ་བ་ལ་སེམས་གཏད་པས་སེལ། རྒོད་ན་སྤྱན་གསུམ་དབུ་མ་བསྒྲད། སྡང་མིག་ཏུ་བྱས་ལ། དབུ་མདུན་དུ་ཅུང་ཞིག་དགུག་ཚེམས་སྒྲ་ཁྲིག་ཁྲིག་བྱས་པས་སེལ་ཏེ། (དེ་ཡང་རྗེ་རིན་པོ་ཆེས། དབྱེ་ཆུང་སྒོམ་ཕུག་ཏུ་ཐུགས་ལ་འཁྲུངས་པས་བརྗེད་དོགས་ནས་བྲག་ལ་བྲིས་ཏེ། བྱིང་ན་དགའ་བཞི་རིམ་གྱིས་བསྒོམ།། རྒོད་ན་དཔའ་བོ་ཚེམས་སྒྲ་སྒྲིགས་བྱ། །ཞེས་གསུངས་པས་དེས་སེལ་བར་བྱེད་དོ། །)

ལྔ་པ་ང་རྒྱལ་བརྟན་པ་ནི། གོང་དུ་སྙན་དུ་གསོལ་བའི་ཟུང་འཇུག་བདེ་བ་ཆེན་པོའི་སྐུའི་མཉམ་གཞག་ཆེན་པོ་དེ་ལས་གཡོ་བ་མེད་པའི་དུས་སུ། གནས་སྐབས་ཀྱི་འབྲས་བུ་འཕྲིན་ལས་བཞི་དང་གྲུབ་ཆེན་བརྒྱད་ལ་སོགས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ བསམ་པའི་གནད་ཡིན་གྱི་སྒྱུར་ཀ་རེས་ཀྱང་ལྷུན་གྱིས་གྲུབ་པ་འབྱུང་ཞིང༌། སྣང་སྲིད་ཐམས་ཅད་ལ་དབང་སྒྱུར་བ་འབྱུང་ཞིང༌། དཔེར་ན་དཔལ་རྒ་ལོའམ། གཤེན་རེ་ཐུལ་ལ། ཞོགས་པ་རྡོ་རྗེ་དབང་ཕྱུག་ལྟ་བུའམ། དེ་ཡང་དཔལ་རྒ་ལོས་རྒྱ་གར་དུ་བྱོན་གསེར་སྲང་དགུ་བཅུ་ཡོད་པ་ལ། བླ་མ་ཨ་བྷྱ་ལ་ཕུལ་ནས་གདམས་ངག་རྣམས་ཞུས་ཏེ། ཁྱད་པར་དུ་བཅོམ་ལྡན་འདས་དཔལ་བདེ་མཆོག་གི་སྐུ་ལ་བརྟན་པ་ཐོབ་ནས་བླ་མས་གཤོལ་ཡང་མ་ཉན་པར་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་བསྒོམ་དུ་བྱོན་ཏེ། ལོ་གསུམ་དུ་སྒྲུབ་པ་མཛད་པས། མཆོག་དང་ཐུན་མོང་གི་དངོས་གྲུབ་གཉིས་ཀ་ཐོབ་ནས་བྱོན་པའི་ནུབ་མོ་ཆང་ཐོད་པ་གང་དབུ་སྔས་ན་འདུག་པ་ཡང་གསོལ་ནས་མཐར་ཚུར་ལ་བྱོན་པ་ལ། སློབ་དཔོན་གཉིས་ཀྱིས་བསུ་བ་བྱས་ཏེ། ཕྱག་གཡས་གཡོན་གཉིས་པོ་བླ་མ་གཉིས་ཀྱི་གཉའ་གོང་དུ་བཀལ་ནས་སྤྱན་དྲངས། གྲུབ་ཐོབ་ཏུ་གྲགས་པས་ཟངས་གླིང་ཚུན་ཆད་འདུས་པས་སྒྲུབ་པ་བྱེད་དུ་མ་སྟེར་ནས་བོད་དུ་བྱོན་པ་ལ་སྨྱོན་པ་ལ་དེ་སི་བྱ་བས་སྤྱན་གསུམ་དུ་མཐོང༌། བྱང་གནམ་མཚོ་སེ་མོ་དོ་ལ་བཞུགས་པའི་ཚེ་ན། ཞང་ཤ་ར་བ་བྱ་བའི་བཀའ་གདམས་པའི་དགེ་བཤེས་དེའི་སློབ་མ་གཉིས་ཀྱིས་དབང་བསྐུར་ཞུས་ནས། ཤ་ར་བའི་སྤྱན་སྔར་ཕྱིན་པས་ཁྱེད་གཉིས་དེ་འདྲ་བ་བྱེད་པ་ད་བཤགས་པ་གྱིས་གསུངས་པ་དང༌། གཅིག་གིས་བཤགས་པ་བྱས་པར་གདའ། གཅིག་གིས་དཔལ་ཆེན་པོའི་དྲུང་དུ་ཕྱིན་ཏེ་ལོ་རྒྱུས་དེ་བཤད་པས། བླ་མ་དཔལ་ཆེན་པོ་ཐུགས་ལོག་ནས་སྐུ་ལུས་ཟིང་ཟིང་ཕྲུག་ཕྲུག་བྱས་ལ། དེའི་དུས་སུ་ལྷ་གསལ་གདབ་པ་ཡིན་གསུངས། དེ་ནས་དཔལ་ཆེན་པོའི་ཞལ་ནས་ངའི་ཆོས་འདི་ལོག་པ་ཞིག་ཡིན་ན་ནག་པོ་ཆེན་པོས་རྒ་ལོ་ཙཱ་བའི་ལྷ་ཞིག་ཡོད་པ་དེ་ཡར་ཐོན་ལ་འདྲེ་ཞིག་མེད་པ་དེ་མར་ཆུག་ཅིག ངའི་ཆོས་འདི་ཆོས་ཡིན་ན་ཤང་རོམ་ཆུང་བའི་ལྷ་ཞིག་ཡོད་པ་དེ་ཡར་ཐོན་ལ་འདྲེ་ཞིག་ཡོད་པ་དེ་མར་ཆུག་ཅིག ངའི་ཆོས་འདི་ཆོས་ཡིན་དེའི་ཉིན་མོ་རང་ནས་ཞང་ཤ་ར་བ་ཤེས་པ་འཁྲུལ་ནས་མཚོན་ཐོགས་པ་མང་པོས་དེད་པ་དང༌། མལ་གྱི་འགོ་ནས་ཀྱང་མདུང་ཐོགས་པ་བྱུང་ཟེར་ནས་ཁྲབ་འདིངས་པ་ལ་སོགས་པའི་རིམ་གྲོ་ཆེན་པོ་བྱས་ཀྱང་གྲོངས་པར་གདའ། དཔལ་ཕག་མོ་གྲུ་པའི་ཞལ་ནས་ཀྱང༌། ཁོ་བོའི་བླ་མ་དཔལ་ཆེན་པོ་དེ་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་རྡོ་རྗེ་འཆང་དང་འདྲ་བའི་གྲུབ་ཐོབ་ཡིན་གསུང་བ་དེ་ལྟ་བུ་དང༌། འོ་ན་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངའ་འམ་བྱ་བ་ཞུས་པས། ཤིན་ཏུ་ཡང་མངའ་གསུངས། ཡང་ཞོགས་པ་རྡོ་རྗེ་དབང་ཕྱུག་བྱ་བ་ཞོགས་སུ་བྱུང་བས། ཁོ་བཅོམ་ལྡན་འདས་འཇིགས་བྱེད་ལ་བརྟན་པ་ཐོབ་པས། ཡབ་ཀྱི་ལ་ལ་འོངས་ཏེ་ལུང་ན་མར་བྱོན་པས་གཞི་བདག་དྲག་པོ་ཡོད་པ་བྲོས་ནས་བྱུང་བའི་ཕྱི་ན་མར་ཁོང་ཚེ་བེར་ཞིག་གསོལ། གྲུ་མོ་རྒྱངས་ནས་མ་ཧེའི་ཞལ་གྱིས་རའི་འདུག་སྟངས་དང་ངུར་སྐེད་བྱེད་ཀྱིན་བྱོན་པ་ལྟ་བུ་དང༌། ཡང་གཤིན་རེ་ཐུལ་ཡང་བཅོམ་ལྡན་འདས་མ་ཧེའི་ཞལ་ལ་བརྟན་པ་ཐོབ་པ་ལགས་པར་གདའ། ཁོང་གིས་རིགས་གསུམ་མགོན་པོའི་ཞལ་ཡང་ཡང་མཐོང་བ་ལ། ཐུགས་ཤེས་རབ་ཆུང་བའི་བཀའ་གདམས་པའི་སློབ་དཔོན་ཞིག་ལ་དྲིས་པས་འདྲེ་ཡིན་ཟེར་བ་ལ། ཡང་དུས་གཅིག་གི་ཚེ་ཞལ་མཐོང་བ་ལ་ལྷར་གསལ་བཏབ་ནས། མ་ཧེའི་ཞལ་དུ་རྔུབས་ནས་ལྟོ་བར་ཡུན་རིང་ཞིག་བསྡམས་ནས་མཐར་འོག་སྒོ་ན་མར་བཏོན་པས་འདྲེར་སོང་ནས། ཤད་དུ་བསེ་རགས་སེར་སོབ་དང༌། སྐྱ་རབ་རིབ་དང༌། སྔོ་རིད་དང་གསུམ་བྱུང་སྐད་དེ། སྣང་བ་རང་སེམས་ཡིན་པས་ལྷར་བཟུང་ན་ལྷར་འོང་ན། འདྲེར་བཟུང་ན་འདྲེར་འགྱུར་བ་དེ་ལྟ་བུ་ཡིན་གསུངས། དེ་ལྟར་བསྐྱེད་རིམ་ལ་བརྟན་པ་ཐོབ་པའི་དུས་སུ། བདེ་གཤེགས་སྐུ་ཡང་ཆེམ་ཆེམ་གསོལ། །སྲོག་ཆགས་གཞན་ལྟ་སྨོས་ཅི་དགོས། །བྱ་བ་ཡིན་གསུངས། སྐྱེས་བུ་རྣམས་དེ་ཅི་ལ་གླེང་སླངས་ན། བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ་པའི་དུས་སུ། འཕྲིན་ལས་ཐོགས་པ་མེད་པ་ལ་དེ་ལྟ་བུ་འབྱུང་བ་ལགས། མཐར་ཐུག་གི་འབྲས་བུ་ནི་གདམས་པ་དེ་རྣམས་དང་ལྡན་པའི་བསྐྱེད་རིམ་བསྒོམས་པས། མཐར་ཕྱིན་པའི་ཟུང་འཇུག་སྒྲིབ་པ་གསུམ་པ་འདས་པའི་སངས་རྒྱས་དང་དབྱེ་བ་མེད་པར་འགྱུར། དེ་རྒྱུ་མཚན་བཅོམ་ལྡན་འདས་རྡོ་རྗེ་འཆང་དེ་སྒྲིབ་པ་གསུམ་སྤངས་པའི་སངས་རྒྱས་ཡིན་ལ། དེ་ལ་བརྟན་པ་ཐོབ་པ་ལགས་མོད། དེའི་བྱེད་ལས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ལ་འགོད་པའི་ཕྲིན་ལས་འབྱུང་བ་དང་ཕྲིན་ལས་ཚད་མེད་པ་སྟོང་པ་ཉིད་དང༌། གཉིས་ཟུང་དུ་འཇུག་ཅིང༌། དབྱེ་བ་མེད་པའི་ངང་ལས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱེད་པ་འབྱུང་བ་ལགས་པས་ན་སྐྱེས་བུ་རྣམས་ཡི་དམ་ལྷའི་བསྐྱེད་རིམ་བསྒོམ་པའི་བརྟུལ་ཞུགས་ཆེན་པོ་ཟུང་དང༌། གནད་དུ་སོང་ན་ཡུན་རིང་བའི་ཁ་ན་མེད་སྐད་ཅིག་གིས་ཆོག་པ་ཡིན། དེས་ན་ལོག་གདུག་འཁྱམས་གསུམ་དུ་མ་སོང་བ་གལ་ཆེ་བས། ཁྱེད་རྣམས་ཐམས་ཅད་ཀྱིས་དེ་ལྟར་དུ་ཐུགས་ལ་བཞག་པར་ཞུ་གསུངས།།

ཡང་རྗེ་རིན་པོ་ཆེའི་ཞལ་ནས། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱང༌། ཐེག་པ་ཆེ་ཆུང་གཉིས་སུ་འདུས་ལ། ཐེག་པ་ཆེན་པོ་ལ་ཡང་སྔགས་དང་ཕ་རོལ་དུ་ཕྱིན་པ་གཉིས་ལས་སྔགས་ཀྱི་ཐེག་པ་གསང་སྔགས་རྒྱུད་སྡེ་ཆེན་པོ་བཞི་ཡིན་ཏེ། དེ་ལྟར་ཡང༌། བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད། །རྣལ་འབྱོར་རྒྱུད་དང་བླ་མེད་རྒྱུད། །དང་པོས་ལུས་སྤྱོད་གཙོ་བོར་སྟོན། །གཉིས་པས་ངག་སྤྱོད་གཙོ་བོར་སྟོན། །གསུམ་པས་སེམས་སྤྱོད་གཙོ་བོར་སྟོན།།བཞི་པས་ལྷན་སྐྱེས་འབའ་ཞིག་གོ། །ཅེས་གསུངས་པས། བླ་ན་མེད་པའི་བརྗོད་བྱ་ཐམས་ཅད་ལྷན་ཅིག་སྐྱེས་པ་འབའ་ཞིག་ཏུ་སྟོན་པ་ལགས། གང་ལྷན་ཅིག་སྐྱེས་ན། སྣང་བ་དང་སྟོང་པ། ཐབས་དང་ཤེས་རབ། དབྱིངས་དང་ཡེ་ཤེས་ལ་སོགས་པ་ཐམས་ཅད་གཉིས་སུ་མེད་པར་ཟུང་འཇུག་འབའ་ཞིག་ཏུ་གནས་པ་ལགས། དེས་ན་རྒྱུད་ཀྱི་མི་རྟོག་པའི་རྒྱལ་པོ་འདི་བྱ་བ་གསུངས་ཏེ། དེ་གང་ཡིན་ན་ཞེ་སྡང་ཐོལ་གྱིས་སྐྱེས་པའི་དུས་སུ། ཞེ་སྡང་སྐྱེ་བ་མེད་པ་དང༌། བྲལ་བ་མེད་པར་གདོད་མ་ནས་ཟུང་འཇུག་ཏུ་གནས་པ་དེའི་ངོ་བོར་སངས་རྒྱས་པ་དེ་བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེ་ཡིན། དེ་ལྟར་སངས་རྒྱས་ནས་ཞེ་སྡང་རྣམ་པར་དག་པའི་ཆོས་གཞན་ལ་སྟོན་པ་དེ་ལ་རྒྱུད་ཅེས་བྱ། དེ་བཞིན་དུ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དུ་མའི་རྟོག་པ་གང་ཐོལ་གྱིས་སྐྱེས་པ་ཙམ་ཉིད་ན་འདོད་ཆགས་ལ་སོགས་པའི་དུག་ལྔ་སྟོང་པ་ཉིད་དང་འབྲལ་བ་མེད་པར་གདོད་མ་ནས་ཟུང་འཇུག་ཏུ་གནས་པ་དེའི་ངོ་བོར་སངས་རྒྱས་པ་དེ་ཉིད། བཅོམ་ལྡན་འདས་འདོད་ཆགས་རྡོ་རྗེའམ་ཕྲག་དོག་རྡོ་རྗེ་ལ་སོགས་པ་འབྱུང༌། ཚུལ་དེ་ཁོ་ན་ལྟར་གཞན་མང་ཡང་ཆོས་སྟོན་པར་བྱེད་པ་ལ་འདོད་ཆགས་ཆེན་པོའི་རྒྱུད་ཅེས་པ་ལ་སོགས་པ་གསུངས་པས། དེའི་ཕྱིར་ན་ཞེ་སྡང་དང་འདོད་ཆགས་ལ་སོགས་པ་དེ་བཞིན་གཤེགས་པའི་གདུང་དུ་འོང་གསུང༌། དེ་ལྟར་རྡོ་རྗེའི་ལུས་ཀྱི་གནས་ལུགས་གོ་ན་སེམས་ཀྱི་གནས་ལུགས་གོ་ནས་འོང་བས། རྡོ་རྗེའི་ལུས་སམ་རྟོག་པའི་རྒྱལ་པོའི་ལུས་འདི། འབྱུང་བ་བཞིས་བསྡུས་ཏེ། དེ་ཐམས་ཅད་ཀྱང་གདོད་མ་ནས་ཡུམ་བཞིའི་ངོ་བོར་གནས་པ་ཡིན། དེ་ལ་ལུས་འདི་ལ་སྲ་བ་དང་སྲ་བར་བྱེད་པ་ཐམས་ཅད་ནི་འབྱུང་བ་སའི་ཁམས་ཡིན། དེ་ཐམས་ཅད་སངས་རྒྱས་སྤྱན་མར་སངས་རྒྱས་པ་ཡིན། དེ་ལ་ས་ཆེན་པོ་དེའི་བདག་ཉིད་དུ་གྱུར་པའི་སངས་རྒྱས་སྤྱན་མ་སྐུ་མདོག་དང་ཞལ་ཕྱག་གིས་ཁྱད་པར་དུ་བྱས་པ་ཞིག་ཡོད་སྙམ་ན། དེ་མ་ཡིན་སྐྱེས་བུ་རྣམས་དེ་ཉིད་བསལ་གཞག་མེད་པར་གདོད་མ་ནས་སངས་རྒྱས་སྤྱན་མར་གནས་པ་ལགས་མོད། དེ་བཞིན་དུ་དྲོ་དང་དྲོ་བར་བྱེད་པ་མེ་དང༌། བརླན་པ་དང་བརླན་པར་བྱེད་པ་ཆུའི་རང་བཞིན་དང༌། གཡོ་བ་དང་གཡོ་བར་བྱེད་པ་རླུང་གི་ཁམས་ཐམས་ཅད་ལྷ་མོ་གོས་དཀར་མོ་དང༌། མ་མ་ཀི་དང་སྒྲོལ་མའི་ངོ་བོར་གདོད་མ་ནས་གནས་པ་ཡིན། ནང་ལྟར་ན་བདེ་ཆེན་གྱི་མཁའ་འགྲོ་མ་བཞི་ཡིན། དེས་ན་རྟོགས་པའི་རྒྱལ་པོའི་ལུས་འདི་ཉིད་གདོད་མ་ནས་སངས་རྒྱས་པ་ཡིན་པས། ལུས་འདིའི་སྐྱེ་མཆེད་རྣམས་ཀྱང་བྱང་ཆུབ་སེམས་དཔའི་ངོ་བོ་ཡིན་ཏེ། མིག་གི་ཡུལ་དུ་གཟུགས་མཐོང་བ་ནི་གཟུགས་རྡོ་རྗེ་གདོད་མ་ནས་བསལ་གཞག་མེད་པར་གནས་པ་ཡིན། དེ་བཞིན་དུ་རྣ་བ་དང་སྣ་དང༌། ལྕེ་དང༌། ལུས་ལ་རེག་བྱ་རྡོ་རྗེ་ལ་སོགས་པར་གནས། མདོར་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་གདོད་མ་ནས་ལྷ་དང་ལྷ་མོ། སྒོ་མ་དང་སྒོ་མཚམས་མ་ལ་སོགས་པ་ལུས་དཀྱིལ་འཁོར་གྱི་འཁོར་ལོ། རྟེན་གཞལ་ཡས་ཁང་བརྟེན་པ་ལྷ་དང་བཅས་པའི་འཁོར་ལོར་གནས་ལ་དེའི་དབུས་དེ་ན་གནས་པའི་བཅོམ་ལྡན་འདས་ཧེ་རུ་ཀ་ནི་རྟོག་པའི་ངོ་བོ་ཡིན་ཏེ། ཞེ་སྡང་ངམ་འདོད་ཆགས་ལ་སོགས་པའི་རྟོག་པའི་གོ་མ་འགགས་པར་ཐོལ་ཐོལ་སྐྱེ་བ་དེ་སྣང་བ་ཐབས་ཀྱི་ཆ་ཡབ་ཡིན། རྟོག་པ་དེ་རྟོག་མེད་དང་དབྱེ་བ་མེད་པར་གནས་པ་དེ་ཤེས་རབ་སྟོང་པ་ཡུམ་རེག་བྱ་རྡོ་རྗེ་མ་ཡིན། དེ་ལྟར་ཟུང་འཇུག་ཏུ་གནས་པ་དེ་ལ་དཔལ་ལྷན་ཅིག་སྐྱེས་པ་ཟེར་བ་ལགས་ཏེ། དཀྱིལ་འཁོར་གྱི་གཙོ་བོ་ཡིན། རྟོག་པ་ཕྲ་མོ་ཐམས་ཅད་འཁོར་དུ་འོང་སྟེ། དེ་ཐམས་ཅད་ཀྱང་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ཏུ་བསྒོམ་ཞིང་དེར་འདུས་པས་ན་འཁོར་ལོ་སྡོམ་པ་ཞེས་བྱ། གསང་བ་འདུས་པ་ཞེས་བྱ། ཅིས་ཀྱང་ཞལ་ཕྱག་ལ་སོགས་པ་ཡོད་པ་དེ་ལྟར་ཡིན་རྒྱུ་མེད་དེ། དེ་མཚོན་བྱེད་བརྡའི་ལྷ་ཡིན། ལྷ་མཚན་ཉིད་པ་དེ་གཤིས་རྟོགས་པ་དེ་ཡིན། དེར་མ་ཟད་དེ་མིག་གི་དབང་པོ་ལ་སོགས་ཡུལ་ལ་འཇུག་པ་ཡབ་ལྔ། ཡུམ་གྱི་ངོ་བོ་སྟོང་པར་གནས་པ་ཡུམ་ལྔ་སྟེ། དེ་ལྟར་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཡབ་ཡུམ་ཟུང་འཇུག་འབའ་ཞིག་ཏུ་གནས་ཏེ། རྗེ་བཙུན་ཆེན་པོའི་ཞལ་ནས་ཀྱང༌། ཡོད་པ་དངོས་པོར་སྣང་བ་དང༌། །མེད་པ་སྟོང་པའི་ཆོས་ཉིད་གཉིས། །ངོ་བོ་དབྱེར་མེད་རོ་གཅིག་པས། །ཐམས་ཅད་ཟུང་འཇུག་ཡངས་པ་ཡིན། །ཞེས་གསུངས་ཏེ། དེ་ཐམས་ཅད་སངས་རྒྱས་སྒམ་པོས་བྱས་པའམ། སེམས་ཅན་སྒྲིན་པོས་བཅོས་པ་མ་ཡིན་ཏེ། གདོད་མ་ནས་གཤིས་སམ་བབས་ཀྱིས་དེ་ལྟར་གནས་པ་ལགས། དེ་རྟོགས་པ་ལ་འདུག་ལུགས་ཤེས་པའི་ཤེས་རབ་ཞེས་བྱ་སྟེ། དེ་ལྟར་ཤེས་པ་ལ་དབང་མཚན་ཉིད་པ་ཞིག་ཐོབ་དགོས། དེ་ཐོབ་པའི་དུས་སུ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་དེ་བཞིན་གཤེགས་པའི་གདུང་དུ་འོང་བ་དེ་བབས་ལགས། བབས་ཤེས་པ་དེ་ཉམས་སུ་ལེན་པར་བྱེད་པ་དེ་ལ་གསང་སྔགས་ཟེར་བ་ཡིན་མོད། ཉམས་སུ་བླངས་པའི་སེམས་ཉིད་གདོད་མ་ནས་མ་སྐྱེས་པའི་ངོ་བོ་འབའ་ཞིག་ཏུ་འཆར་བ་ཡིན། ངོ་བོ་གང་ཡིན་ན། ངོ་བོ་གཟུགས་མེད་མཐོང་བ་པོ་ཡང་མེད། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣོམ་པ་པོ་ཡང་མེད། །རོ་མེད་རེག་པ་པོ་ཡང་མེད། །སེམས་མེད་སེམས་ལས་བྱུང་བའང་མེད། །ཡིད་མེད་ཆོས་ཀྱང་ཡོད་མ་ཡིན། །ཞེས་གསུངས་པས་ཐམས་ཅད་སྤྲོས་པ་མེད་པའི་ངང་དུ་འཇུག་པ་དེ་ལ་དེ་བཞིན་གཤེགས་པ་ཞེས་ཀྱང་ཟེར་ཏེ། ལར་ཚེ་གཅིག་གིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ཡིན། འདི་ལ་དགོངས་ནས་སངས་རྒྱས་ཀྱིས་ཀྱང་གསང་འདུས་ལས། དེ་བཞིན་གཤེགས་པ་ལྔ་བསད་ནས། །དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར། །ཞེས་གསུངས་པ་ཡིན། མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས། གཤིས་དེ་ལས་ལོག་ནས་བསྐལ་པ་གྲངས་མེད་པ་གསུམ་གྱིས་གཞན་དུ་འཚོལ་ན་ཤིན་ཏུ་དཀའ་གསུངས། དེ་བས་ན་སྔགས་ཀྱི་ལམ་ལ་མི་འཇུག་ཁ་མེད། ཞུགས་ནས་རྒྱུ་བྱང་ཆུབ་ཀྱི་སེམས་ལས་བྱུང་ཞིང༌། རྐྱེན་ཀུན་བརྟགས་ཀྱི་སྤྲོས་པས་སྟོང་པའི་ཟུང་དུ་འཇུག་པའམ་ལྷ་དང༌། བླ་མའི་རྣལ་འབྱོར་ཕྱག་རྒྱ་ཆེན་པོ། རྗེས་བསྔོ་བ་དང་བཅས་པ་འདི་རྣམས་དང༌། སྐད་ཅིག་ཀྱང་འབྲལ་བ་མེད་པར་ཉམས་སུ་ལེན་པར་ཞུ་གསུངས།།

ཡང་རིན་པོ་ཆེའི་ཞལ་ནས། ཐེག་པ་ཆེན་པོ་གསང་སྔགས་སུ་རྟོགས་ལམ་དབང་བསྐུར་ནས། དངོས་གྲུབ་ཐོབ་པར་བྱེད་པ་ལ་རྩ་བའི་དམ་ཚིག་མ་ཉམས་པ་ཞིག་དགོས། འདི་ཉམས་ན་དངོས་གྲུབ་མི་འཐོབ་ཅིང་ཕ་རོལ་ཏུ་བྲོ་གཅོང་དུ་འགྱུར་གསུངས། འོ་ན་དམ་ཚིག་གང་ཡིན་སྙམ་ན། དམ་ཚིག་གསང་སྔགས་རིག་པ་འཛིན་པའི་སྡོམ་པ་ཡིན། དེ་ལ་རིག་པ་ནི་ལྷའི་སྐུ་ཡིན་ལ། དེ་ལ་སེམས་མ་ཡེངས་པར་འཛིན་པ་ལ་རིག་པ་འཛིན་པ་ཟེར་བ་ལགས། དེ་ཡང་བསྐྱེད་རིམ་ལ་རྩེ་གཅིག་པར་རིག་པ་མ་ཟིན་པར་ཡུལ་ལྔའི་རྗེས་སུ་རྟོག་པ་ཕྱིར་འབྲངས་པས་ཉེས་པ་མཐའ་དག་འབྱུང་སྟེ། མིག་གི་དབང་པོ་གཟུགས་ལ་ཕྱིར་བལྟས་པས། གཟུགས་ལ་ཆགས་སྡང་རྨོངས་གསུམ་སྐྱེས་ནས་ངན་སོང་གསུམ་དུ་སྐྱེ་བའི་ལས་བསགས་ནས། རླུང་ནང་དུ་མི་གནས་པའི་སྐྱོན་གྱིས་ཚེ་ཐུང་བ་དང༌། ནད་མང་བ་དང༌། སྐྱེ་བ་སྔ་མའི་ཕུན་སུམ་ཚོགས་པ་བག་ཙམ་ཡོད་པ་ཡང༌། ཤེས་པ་ཕྱིར་ཡན་པའི་མེས་སྲེགས་ནས། ལུང་སྐམ་གྱི་ཆུ་ལྟར་རྦད་ཀྱིས་ཆད་དེ། ཁ་མི་ཕྱིད་པར་ཡི་དྭགས་ཆེན་པོ་དང་འདྲ་བར་གྱུར་ནས་མི་མཐུན་པའི་ཕྱོགས་ཐམས་ཅད་ཆུ་སྣ་ལ་སྦུར་མ་འདུས་པ་ལྟར་འབྱུང༌། དེ་བཞིན་དུ་རྣ་བ་དང༌། སྣ་དང༌། ལྕེ་དང་ལུས་དང༌། ཡིད་ཁྱབ་བྱེད་ཀྱི་རླུང་དང་བཅས་པ་ཡུལ་ཕྱིར་འཕྲོས་པས། གོང་ལྟར་ཆགས་སྡང་རྨོངས་གསུམ་གྱི་ལས་གསོག་ཅིང་ཉེས་སྐྱོན་མཐའ་དག་འོང་ལ། དེས་ན་མིག་གི་དབང་པོ་ཡུལ་གྱི་རྗེས་སུ་མི་འབྲང༌། ཡུལ་ལ་མི་རྟོག་པར་ཁ་ནང་དུ་བཟློག་ནས་ལྷ་ལ་རིག་པ་འཛིན་པ་ཡིན། དེས་ན་མིག་གི་དབང་པོའི་རླུང་ནང་དུ་ལོག་པའི་སྟོབས་ཀྱིས་སྐྱུ་རུ་ར་ལྟར་གསལ་བར་འབྱུང་སྟེ། དབུའི་གཙུག་ཏོར་ནས་ཞབས་ཀྱི་པད་མའི་བར་དུ་སྐུ་མདོག་དང་ཕྱག་མཚན། རྒྱན་དང་ཆ་ལུགས་བཞུགས་སྟངས་དང་སྐུའི་རྣམ་པར་འགྱུར་བ་བ་སྤུའི་འཁྱིལ་སྟངས་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བསྒོམས་པས། སངས་རྒྱས་ཀྱི་སྐུ་གསུང་ཐུགས་སུ་འགྱུར་ཞིང༌། ཏིང་ངེ་འཛིན་གྱི་སྟོབས་རྒྱས་པས། ལྷའི་མིག་གི་མངོན་ཤེས་འཆར་ཏེ། བདེ་བ་ཅན་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གི་བཀོད་པ་དང༌། ཡོན་ཏན་དང༌། སངས་རྒྱས་འོད་དཔག་མེད་དང༌། མི་འཁྲུགས་པ་ལ་སོགས་པའི་དགེ་སློང་གི་དགེ་འདུན་དང་བཅས་པ་མཐོང་སྟེ། དཔེར་ན་སྐྱེས་བུ་མིག་དང་ལྡན་པའི་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་མཐོང་བར་འགྱུར་གསུངས། དེ་བཞིན་དུ་རྣ་བས་སངས་རྒྱས་རྣམས་ཆོས་གསུང་བ་ཐོས་པ་དང༌། སེམས་ཅན་རྣམས་ཀྱི་སྐད་ཤེས་པ་དང༌། སྣ་ཡིས་འཇིག་རྟེན་རྣམས་ཀྱི་དྲི་ཚོར་བ་དང༌། ལྕེས་རོ་མྱོང་བ་དང༌། ལུས་ཀྱིས་རེག་བྱ་ཤེས་པ་དང༌། ཡིད་ཀྱིས་གཞན་གྱི་སེམས་ཤེས་པ་ལ་སོགས་པ་འབྱུང༌། དེ་ཐམས་ཅད་ཀྱང་དབང་པོ་ལྔ་ཡུལ་གྱི་རྗེས་སུ་མ་འབྲངས་པར་རླུང་ནང་དུ་ལོག་པས་ཏིང་ངེ་འཛིན་གྱི་སྟོབས་རྒྱས་པ་ལགས་མོད། ཏིང་འཛིན་བསྒོམ་པ་ལ་རླུང་གི་སྟོབས་མེད་ན། བརླན་མེད་པའི་ས་གཞི་ལ་མེ་ཏོག་ལ་སོགས་པ་མི་སྐྱེ་བ་དང་འདྲ་གསུངས། ནང་དུ་རླུང་སྟོབས་སུ་ཕྱུ་རུ་རུ་རྒྱས་པས་རླུང་སེམས་འདྲ། གནད་གཅིག་པའི་སྟོབས་ཀྱིས་མངོན་པར་ཤེས་པ་ལྔ་ཐོབ་ཅིང༌། བསྐྱེད་རིམ་ལ་བརྟན་པ་ཐོབ་པ་ཡིན། རྫོགས་རིམ་ལོགས་སུ་བསྒོམ་མི་དགོས་ཏེ། བསྐྱེད་རིམ་དེ་ཉིད་བསལ་གཞག་མེད་པར་ཕྱག་རྒྱ་ཆེན་པོར་རྟོགས་པ་དེ་ལ་དུས་ཀྱི་སྣ་རྩེ་ཟེར། བསྐྱེད་རིམ་ལྷ། ལྷ་དེ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་ལྷ། སྟོང་པ་དེ་ལ་བརྟན་པ་ཐོབ་པ་དང་སངས་རྒྱས་ཀྱི་སྐུ་ལ་བརྟན་པ་ཐོབ། གསུང་དང་ཐུགས་ལ་བརྟན་པ་ཐོབ་པས་སྒྲིབ་པ་གསུམ་སྤངས་པའི་སངས་རྒྱས་སུ་འོང་བ་ལགས་མོད། དེ་ལྟར་མ་ཤེས་པས་ཨ་འཐས་ཀྱི་ལྷ་བསྒོམས་པས་འཁོར་བ་ནས་རྔ་འདྲེས་གང་ཡང་མི་འཕགས། དཔེར་ན་ཡི་དྭགས་རྡོ་རྗེ་འཇིགས་བྱེད་དང་འདྲ་གསུངས། དེ་ཡང་སྔོན་ཇོ་བོ་རྗེ་གཉེ་ཐང་བོར་ན་བཞུགས་པའི་དུས་ན་ཉེ་གནས་ཤིག་དང་གཉིས་སྐྱོ་སངས་ལ་བྱོན་པའི་དུས་ན། སྤྱན་ནམ་མཁའ་ལ་གཟིགས་ནས་སཾསྐྲྀ་ཏའི་སྐད་མང་པོ་གསུང་ཞིང་ཁྱོད་མ་འཇིགས་ཤིག ཨ་ཛི་ཛི། ཨ་ཛི་ཛི། དམར་གཏོར་ཞིག་ཁྱེར་ལ་ཤོག་དང་གསུངས། དེ་ཅི་ལགས་ཞུས་པས། དེ་དཔལ་ནཱ་ལེན་དྲའི་ཞལ་ཏ་བའི་རྣལ་འབྱོར་པ་བཅོམ་ལྡན་འདས་མ་ཧེའི་ཞལ་ལ་བརྟན་པ་ཐོབ་པ་ཞིག་གིས་དགེ་འདུན་ལ་མ་ཞུས་པར་ཏིལ་གྱི་ཕུབ་མ་སླེ་བ་གང་སྤྱད་པས། དེའི་རྣམ་སྨིན་གྱིས། ཡི་དྭགས་ཆེན་པོ་རྡོ་རྗེ་འཇིགས་བྱེད་དུ་སྐྱེས་འདུག ཁོང་ལ་གཏོར་མ་འདོད་དུ་བྱུང༌། འདིས་བོད་ཕུངས་སུ་འགྲོ་བས། ཕར་ལ་བསྐྲད་བཏང་ཡིན་གསུང་བ་ལྟ་བུ་ཡིན། དེས་ན་དབང་པོ་ཡུལ་ལ་མི་འཇུག་པར་རླུང་སེམས་ནང་དུ་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས་པ་གལ་ཆེ། དེ་བས་ན་གསང་སྔགས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་གཞི་བསྐྱེད་རིམ་ཡིན་ཞིང༌། གྲུབ་ཆེན་བརྒྱད་དང་འཕྲིན་ལས་བཞི་ཡང་ཐོགས་པ་མེད་པར་འབྱུང་སྟེ། དེ་ཡང་ཉེས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་གྱུར་ཅིག་བྱས་པ་ཙམ་གྱིས་ཞི་བ་དང༌། ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པར་གྱུར་ཅིག་བྱས་པ་ཙམ་གྱིས་རྒྱས་པ་དང༌། ལྷ་དང་མི་ལ་སོགས་པ་ཐམས་ཅད་དབང་དུ་འདུ་བར་གྱུར་ཅིག་བྱས་པ་ཙམ་གྱིས་དབང་དུ་འདུས་ཏེ། དཔེར་ན་དཔལ་བསམ་ཡས་བཞེངས་པའི་དུས་སུ་ལྷ་འདྲེས་རྩིག་ཏུ་མ་སྟེར་ནས་སློབ་དཔོན་པདྨ་གདན་དྲངས་ནས་སློབ་དཔོན་གྱིས་ལྷ་འདྲེ་རྣམས་བྲན་དུ་བཀོལ་བས། ཉིན་མོ་མིས་རྩིགས་པ་བས་ནུབ་མོ་མི་མ་ཡིན་གྱིས་རྩིགས་པ་མཐོ་བར་གྱུར་ནས། མངའ་བདག་གིས་ལན་གཅིག་གཟིགས་པས་ནུབ་མོ་གནོད་སྦྱིན་འཇིགས་སུ་རུང་བ་མང་པོ་ཚོགས་ནས་བུ་ཆུང་གི་མཚོག་མའི་སྟེང་དུ། ཤིང་གི་གདན་བྱས་ནས་ཤིང་བཟོ་བྱེད་པ་མཐོང་སྐད། མི་མ་ཡིན་པ་དབང་དུ་འདུས་ན་མི་ཐམས་ཅད་དབང་དུ་འདུས་པ་ལྟ་ཅི་སྨོས། ཡང་དྲག་པོའི་འཕྲིན་ལས་ལ་ཤི་བར་གྱུར་ཅིག་བྱས་པ་ཙམ་གྱིས་འཆི་བ་ལ་སོགས་པའི་ལས་ཐམས་ཅད་བསམ་པ་ཙམ་གྱིས་འགྲུབ་ཅིང་ལྷ་དང་བཅས་པའི་འཇིག་རྟེན་ཟིལ་གྱིས་གནོན་ཏོ། །དེ་ཡང་སེམས་ནང་དུ་གནས་པ་ལས་བྱུང༌། དཔེར་ན་སྨྱོན་པ་དཔག་ཏུ་མེད་པ་ཡང་མ་སྨྱོ་བ་ཞིག་གིས་ཟིལ་གྱིས་གནོན། སེམས་ནང་དུ་མི་གནས་པ་ནི་སྨྱོན་པ་དང་འདྲ། དེ་ལྟར་ཡང་སློབ་དཔོན་ཤན་ཏ་དེ་བའི་ཞལ་ནས། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །འོག་མ་འོག་མ་རྣམས་ལ་གནོད། །ཅེས་པའི་དོན་ཡིན་པས། ཏིང་ངེ་འཛིན་འདི་མི་སྒྲུབ་ནོར་སྒྲུབ། གཏམ་སྒྲུབ་ཡིན་པས། བརྩོན་འགྲུས་ཆེན་པོ་བརྩམ་ལ་བསྒོམ། གཞན་ཡང་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་བསྒོམ། ཐམས་ཅད་ཀྱི་ཚུལ་དེ་ལྟར་དུ་མཆི། གཉིས་པ་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ཡང༌། སེམས་ནང་དུ་གནས་པར་མ་གྱུར་ན། ཡོན་ཏན་མི་འབྱུང༌། ནང་དུ་བྱང་ཆུབ་ཀྱི་སེམས་ལ་གནས་པས། རྩ་བྱང་ཆུབ་སེམས་ཀྱི་རྩ། རླུང་བྱང་ཆུབ་སེམས་ཀྱི་རླུང༌། ལུས་བྱང་ཆུབ་སེམས་ཀྱི་ལུས། སྣང་བ་བྱང་ཆུབ་སེམས་ཀྱི་སྣང་བར་འགྱུར། ས་དང་ལམ་ལ་གནས་པའི་ཡོན་ཏན་ཐམས་ཅད་འདི་ལས་འབྱུང་སྟེ། ཐུབ་པ་ཆེན་པོ་འདི་ཡང༌། ཐ་མ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་ཚེ། བདུད་ཀྱི་དམག་བྱེ་བ་ཕྲག་སུམ་ཅུ་སོ་དྲུག་བྱུང་བའི་དུས་སུ་ཡང་ནང་དུ་རྩེ་གཅིག་ཏུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག བདུད་ཀྱི་བུ་མོ་དགའ་མོ་ལ་སོགས་པ་བུད་མེད་ཀྱི་གཡོ་སྒྱུ་མ་ལུས་པ་བསྟན་པའི་ཚེ་ཡང་སེམས་ཕྱིར་སྐད་ཅིག་ཀྱང་མི་དམིགས་ཏེ། སྐད་ཅིག་མ་གཅིག་ཕྱིར་དམིགས་ཀྱང༌། བར་ཆད་དེས་སངས་རྒྱས་མི་ཐོབ་པ་ལགས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་མ་ཡེངས་པར་གནས་པས་བྱང་ཆུབ་བརྙེེས་པ་ཡིན། དེས་ན་གནད་འདི་གོ་བར་བྱས་ལ་སྣ་ཐག་མི་ལ་མ་ཤོར་བར་བྱས་ལ་བྷུ་སུ་ཀུའི་སྤྱོད་པ་བྱེད་ཅིང་ཉམས་སུ་ལེན་དགོས་པ་ཡིན། ཉན་ཐོས་རང་རྒྱལ་གྱི་བྱང་ཆུབ་ཀྱང་སེམས་ནང་དུ་གནས་ཤིང་ཡུལ་ལྔའི་རྗེས་སུ་མ་འབྲང་པར་བསྒོམས་པས་ཐོབ་པ་ལགས་མོད། དཔེར་ན་ཡུལ་འཕགས་རྒྱལ་གྱི་རྒྱལ་པོ་གཏུམ་པོ་རབ་སྣང་འཕགས་པ་ཀ་ཏ་ཡ་ནས་བཏུལ་བ་ལྟ་བུ་ཡིན། དེས་ན་སྔགས་མཚན་ཉིད་ཐེག་པ་ཆེ་ཆུང་གཉིས་ཀ་ཡང་གནད་གཅིག་པར་གདའ། གནད་འདི་ལྟ་བུ་ཡོད་ཀྱང་ཉམས་སུ་མི་ལེན་པ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡོད་ཀྱང་གསོལ་བ་མི་འདེབས་པ་དང་འདྲ་གསུངས། དེས་ན་སྐྱེས་བུ་རྣམས་དུས་ད་ལྟ་སྐྱེ་བ་གཏན་གྱི་སོ་ནམ་སྒྲུབ་པའི་དུས་ཡིན་པས་འབད་དགོས་ཏེ། ཤེས་བྱ་མང་པོ་སྐྱོང་བའི་ལོང་མེད། རྗེ་བཙུན་ཆེན་པོ་མི་ལའི་ཞལ་ནས་ཀྱང༌། ཤཱཀྱ་ཐུབ་བསྟན་པའི་སྙིགས་མ་ལ། །མི་རྣམས་ཚེ་ཐུང་ལོངས་སྤྱོད་དབུལ། །བདུད་རིགས་བར་ཆོད་མང་བའི་ཕྱིར། །རྒྱུད་སྡེའི་མཁྱེན་རྒྱ་མི་འཚལ་བས། །བུ་སྒྲུབ་པ་སྙིང་པོར་ལོངས་ཤིག་གསུངས། །ཞེས་གསུངས་པས། ལ་ལའི་རྟོག་པ་ལ་ད་ལྟ་དཔེ་ཆ་དང་ལྷ་རྟེན་མང་པོ་བསྒྲུབས་ནས། ཡུལ་ལམ་དགོན་པ་ཆེན་མོ་ཞིག་ཏུ་ཕྱིན་པ་དང༌། ལྷ་རྣམས་དགྲམ་དཔེ་ཆ་ལ་ལྟ་རྟོག་བྱའོ་སྙམ་སྟེ། དེའི་ལོང་མེད་པར་ཤི་ནས་དགྲ་གཉེན་རྣམས་ཀྱི་ལག་ཏུ་འགྲོ་བ་ལ་ཚེགས་མེད། སྔོན་དཔོན་འཚམ་ཕུ་བ་བྱ་བ་ཞིག་གྲོངས་ཁར་དཔེ་ཆ་དང་ནོར་ལ་སོགས་པ་ལ་ཆགས་པ་སྐྱེས་པས། རྗེ་རིན་པོ་ཆེ་བྱོན་ནས་བཀའ་བཀྱོན་ཏེ། དཔོན་ལ་ད་འདིས་ཁྱོད་ལ་སྙིང་ཚིམ་མམ་མ་ཚིམ། ཡང་ན་ང་ལ་འབུལ་བ་ཡིན། ཡང་ན་རང་རེ་ཟོས་ནས་བསྒོམ་པ་ཡིན། ད་ཁྱོད་ཀྱི་འདི་རྣམས་དགྲ་སྙིང་ན་བ་རྣམས་ཀྱིས་དགོས་པ་དེ་གལ་མེད་གསུང་ནས་ཐལ་མོ་བརྡབ་གསུངས། དེས་ན་སྐྱེས་བུ་རྣམས་ཚེ་འདིའི་འདོད་པ་དང་བྱ་བ་ཐམས་ཅད་ལིངས་ཀྱིས་བོར་ནས། ཤིན་ཏུ་སྒྲིམས་ནས་ཉིན་མཚན་ཁ་སྦྱར་ནས་བསྒོམ་པ་གལ་ཆེ་བ་ལགས་པས་བུ་རྣམས་ཀྱིས་དེ་ལྟར་དུ་ཐུགས་ལ་བཞག་པར་ཞུ་གསུངས།།

ཡང་བླ་མ་རིན་པོ་ཆེའི་ཞལ་ནས། རྒྱུ་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་བས། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ཟབ། དེ་ལ་རྒྱང་ཡེལ་ཡོད་པ་ལས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཟབ། དེའི་བརྗོད་བྱ་བསྐྱེད་རྫོགས་རྣམ་པ་གཉིས་ཡིན་པ་ལ། བསྐྱེད་རིམ་ནི་ལུས་ཡི་དམ་གྱི་ལྷ་གང་ཡིན་དུ་བསྒོམས་པས་ལུས་ཐ་མལ་གྱི་ཞེན་པ་བཟློག་པ་ལགས། རྫོགས་པའི་རིམ་པ་ལ་མཚན་ བཅས་དང་མཚན་མེད་གཉིས་ལས་མཚན་བཅས་པ་རིམ་པ་མང་ཡང་ཡོན་ཏན་སྐྱེད་པར་བྱེད་པའི་གཞི་འདི་ཡིན་པས་གཏུམ་མོ་བསྒོམ་པ་འདི་གནད་ཆེ་གསུངས།

དེ་ལ་གཏུམ་མོའི་གོ་བ་ནི། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་དང་ལས་དང་ཉོན་མོངས་པ་དང་རྣམ་པར་རྟོག་པ་ལ་སོགས་པ་ཐམས་ཅད་འགོ་གཏུམས་པས་ན་གཏུམ་མོ་སྟེ། དེ་ལ་ཡང་རྩ་གཏུམ་མོ། རླུང་གཏུམ་མོ། ཐིག་ལེ་གཏུམ་མོ་ལ་སོགས་པ་གསུམ་ལས།

དང་པོ་རྩ་གཏུམ་མོ་ནི། སྤྱིར་རྡོ་རྗེའི་ལུས་འདི་ལ་སྤྱི་བོ་ཚངས་པའི་བུ་ག་ནས། རྐང་པའི་མཐིལ་གྱི་བར་དུ་ཁྱབ་པར་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་གནས་པ་ལ། དེ་ལས་བསྡུས་པས་རྩ་དྲུག་ཅུ་རྩ་བཞི་དང༌། སུམ་ཅུ་རྩ་གཉིས། དེ་ལས་བསྡུས་ན་རྩ་གསུམ་འཁོར་ལོ་བཞིའི་ངོ་བོ་ཡིན་ཏེ། དེ་ཡང་རྩ་རོ་མ། རྐྱང་མ། ཀུན་འདར་མ་གསུམ་དུ་འདུས་པའི་འདུས་མདོ་དེར་རྩ་ཡི་གེའི་ཚུལ་དུ་གནས་པ་དེ་རྩ་གཏུམ་མོ་ཡིན།

རླུང་གཏུམ་མོ་ནི་སྤྱིར་ལུས་དར་མ་སྐྱོན་མེད་པ་ལ། ཉིན་ཞག་ཕྲུགས་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགྱུ། དེ་ལས་ བསྡུས་པས་དྲུག་ཅུ་རྩ་བཞི་དང་སུམ་ཅུ་རྩ་གཉིས། དེ་ཡང་རྩ་བའི་རླུང་ལྔ་ལས། ཐུར་སེལ། གྱེན་དུ་རྒྱུ། སྲོག་འཛིན། མེ་མཉམ། ཁྱབ་བྱེད། ཡན་ལག་གི་རླུང་ལ་རྟག་པར་རྒྱུ་བ། ངེས་པར་རུ་རྒྱུ་བ། རྣམ་པར་རྒྱུ་བ། ཤིན་ཏུ་རྒྱུ་བ། རབ་ཏུ་རྒྱུ་བ་དང་ལྔ་སྟེ། དེ་དག་ཀྱང་གནས་ཐ་དད་དུ་འདོད་ཀྱང་རྩ་གསུམ་འདུས་པའི་འདུས་མདོ་དེར། རླུང་གི་ངོ་བོ་རོ་གཅིག་ཏུ་གནས་པ་རླུང་གཏུམ་མོ་ཡིན་གསུངས།

ཐིག་ལེ་གཏུམ་མོ་ནི་རྩ་གསུམ་གྱི་འདུས་མདོ་དེར་གཏུམ་མོ་སུམ་ཁྲིད་ལ་སོགས་པའི་དམིགས་པ་གང་རུང་ཞིག་བསྒོམས་པས་ཡེ་ཤེས་ཀྱི་མེ་འབར་ཏེ། སྤྱི་བོའི་ཧཾ་ལ་བྱང་ཆུབ་ཀྱི་སེམས་བབས་ཏེ། ཐམས་ཅད་གནས་དེར་ཞུ་ནས་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་འབྱུང་སྟེ། དེ་ལྟར་ཡང་ཧེ་བཛྲ་ལས། ལྟེ་བར་གཏུམ་མོ་སྤར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ནས། །སྤྱན་ལ་སོགས་པ་ཡང་བསྲེགས་པས། །སྲེག་པ་རི་བོང་ཅན་ཧཾ་འཛག །ཅེས་གསུངས་པས། དེ་ཡང་རྡོ་རྗེའི་ལུས་འདི་ལ་ཕྱིའི་ཡུལ་ཉི་ཤུ་རྩ་བཞི་ན་བཞུགས་པའི་དཔའ་བོ་དང་མཁའ་འགྲོ་མའི་ཚོགས་ཐམས་ཅད་བཞུགས་ཤིང༌། ལུས་འདི་ཉིད་དཀྱིལ་འཁོར་གྱི་འཁོར་ལོར་གདོད་མ་ནས་རང་ཆས་སུ་གྲུབ་པ་ལ། བདེ་སྟོང་གི་ཏིང་ངེ་འཛིན་གྱི་མཆོད་པས་ཚོགས་གཉིས་རྫོགས་པར་འགྱུར་ཏེ། དེ་ལས་གཞན་པའི་མཆོད་བྱ་ཞིག་ལོགས་ན་གྲུབ་པ་མེད་གསུངས། དེ་ལ་དགོངས་ནས། རྗེ་སྒམ་པོ་པའི་ཞལ་ནས་ཀྱང༌། འདུས་བྱས་ཀྱི་དགེ་བའི་རྩ་བ་ལ་གཏུམ་མོ་སྒོམ་པ་བས་བསོད་ནམས་ཆེ་བ་མེད་གསུངས། དེ་ལྟ་བུའི་རྟེན་འབྲེལ་དེ་ཡང་སྤྱིར་ལུས་ལ་རྩས་གར་ཁྱབ་པ་ན་རླུང་གིས་ཁྱབ། རླུང་གིས་གར་ཁྱབ་པ་ན་ཐིག་ལེས་ཁྱབ། ཐིག་ལེས་གར་ཁྱབ་པ་ན་བདེ་བ་དེས་ཁྱབ་སྟེ། དེ་ཡང་ཧེ་བཛྲ་ལས། བདེ་བ་དཀར་པོ་བདེ་བ་དམར། །བདེ་བས་རྒྱུ་དང་མི་རྒྱུ་ཁྱབ། །ཅེས་གསུངས་པས། དེ་ཡང་བདེ་བ་སྐྱེ་བར་བྱེད་པའི་གནས་ནི་འདུས་མདོ་དེ་ཉིད་ཡིན་ཏེ། དཔེར་ན་ར་ལུག་རྣམས་རི་ལ་རྩྭ་འགྲམ་ཡང་ར་རྫིས་འུབས་ཀྱིས་བསྡུས་ནས་ཚང་དུ་འཛུད་ཅིང་ར་ལུག་གི་གནས་ཀྱང་ཚང་དེ་ཉིད་ཡིན་པ་ལྟར། ཐིག་ལེའི་གནས་ཀྱང་དེ་ཉིད་ཡིན་གསུངས། དེ་ལྟར་ཡང༌། ཧེ་བཛྲ་ལས། ལྟེ་བའི་དཀྱིལ་འཁོར་ཉིད་དུ་གནས། །ཅེས་གསུངས།

དེ་ལྟར་ན་གནས་དེར་རྩ་རླུང་ཐིག་ལེ་གསུམ་དབྱེ་བ་མེད་པར་གནས་པ་དེ་ལ་རྣལ་འབྱོར་མ་ཞེས་བྱ། ཡུམ་ཆེན་མོ་ཞེས་བྱ་སྟེ། ཡང་དགྱེས་པ་རྡོ་རྗེ་ལས། དེ་ཉིད་བཅོམ་ལྡན་ཤེས་རབ་མ། །དེ་དང་ལྷན་ཅིག་ཕྱག་རྒྱ་ཆེ། །བསྒོམས་ན་བདེ་སྦྱིན་དངོས་གྲུབ་ཐོབ།། གསུངས་སོ། །དེ་ཡང་གཏུམ་མོ་རྣམ་པ་གསུམ་པོ་དེ་བསྒོམས་པས་ཁམས་དགུ་དྭངས་སྙིགས་བྱེ་ནས་དྭངས་མས་ལུས་ཁྱབ་པས་རྟོགས་པ་སྐྱེད་ཅིང༌། སྙིགས་མ་བུ་ག་དགུ་ནས་ཕྱིར་འདོན་པ་ཡིན། དེ་ལ་ལུས་ཀྱི་འཁྲུལ་འཁོར་སེམས་ཀྱི་དམིགས་པ། རླུང་གི་མན་ངག་གསུམ་མ་འཛོམ་ན་ཡོན་ཏན་མི་སྐྱེ་བས།

འཁྲུལ་འཁོར་ནི་ཐབས་འགའ་བྱས་ཏེ་དམིགས་པ་གསུམ་གང་གསལ་བ་བསྒོམས་ལ་རླུང་ཕྱིར་ལན་གསུམ་བུད་ནས། དེ་ནས་ནང་དུ་འབྲོག་སྐུད་ཙམ་ཞིག་རྔུབས་ཏེ་མཆུ་མི་བཙུམ། དེ་ཡང་མགྲིན་པར་མནན་ན་མིད་འཆུས། སྙིང་གར་མནན་ན་སྙིང་རླུང༌། ཕོ་བར་མནན་ན་སྐྲན་དུ་འགྲོ་བས། དེས་ན་ཡུལ་དེར་མནན་ན་ཕར་འཁོར་ཏེ། དཔེར་ན་སྦུད་པ་བུས་པ་དང་འདྲ་གསུངས། དེའི་དུས་སུ་མེ་མགྲིན་པ་ན་ཡར་འོང་སྟེ། འབྱུང་དྲགས་པ་ཡིན་པས་གློད། རླུང་ཕྱིར་གཏོང་དུས་སུ་སྒྲ་དང་བཅས་ཁ་ནས་བཏང་ན་ཁྲག་དང་ཆུ་སེར་མགྲིན་པར་འཚངས་ནས་ནད་དུ་འགྱུར་བས་དལ་བུས་སྣ་ན་ཕར་བཏང༌། བཏང་མ་ཐག་ཏུ་མི་བསྡུ་བར་སྐབས་སུ་དཀྲུག་འཁོར་གསུམ་གསུམ་ཙམ་བྱ་གསུངས།

དེ་ལྟར་ཡུན་རིང་དུ་བསྒོམས་ནས་བོགས་འདོན་པ་ནི། དཀྱིལ་ཀྲུང་བཅས་རྩ་དྷུ་ཏཱི་ནོན་པར་བྱས་ནས་ཁུ་ཚུར་བཅང་པ་བརླ་ཁུག་ཏུ་བསྣོལ་ནས་གོང་ལྟར་དུ་བསྒོམས་པས་རླུང་མ་ཐུབ་པའི་དུས་སུ། འཁྲུལ་འཁོར་བྱས་པས་རླུང་ཇེ་རིང་ཇེ་རིང་ལ་ཉིན་ཞག་གསུམ་གསུམ་བཞི་བཞི་བདུན་ལ་སོགས་པ་ཟིན་གསུངས། ཡང་འཁྲུལ་འཁོར་དེ་ལྟར་བྱས་པས་རླུང་སེམས་ལྟེ་བའི་འོག་ཏུ་ཚུད། ལྟེ་བ་ཡན་ཆད་གཙང་སིང་གིས་འབྱུང་སྟེ། བདེ་བ་སྐྱེ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་འདི་ལས་འབྱུང་གསུངས། ཡང་དེ་བྱས་ན་སྙིང་གི་དབུས་སུ་གནས་ཏེ་མི་རྟོག་པ་སྐྱེ་གསུངས། དེ་ཡང་སྔོན་ང་འབུ་ཕག་མོ་གྲུ་ན་ཡོད་དུས་ན། ཆོས་རྗེས་བཀའ་ཤོག་ལ་ཆས་དྲིལ་བ་ཞིག་དགེ་སློང་རྡོ་རྗེ་དཔལ་ལ་བསྐུར་བ་ལས་ཀྱང༌། བདེ་སྦྱིན་ཏིང་འཛིན་མི་གནས་པ། །ལུས་ངག་ཡིད་གསུམ་རྣམ་པར་གཡེངས། །གཞན་རྒྱུད་བྱིན་གྱིས་མི་རློབ་པས། །བསྒོམ་བསལ་ཆབ་ལ་མི་གསོལ་ཞུ། །ཞེས་པ་གནང་སྟེ། དེའི་དོན་ཡང་ལྟེ་འོག་ཏིང་ངེ་འཛིན་ཡིན། འདི་ལ་གནས་ན་བདེ་བའི་ཏིང་ངེ་འཛིན་གྱི་མཐུ་ཆེན་པོ་དེས། ཆོས་ལ་ཡང་སྐད་སྐད་ཀྲིག་ཀྲིག་མེད་ཀྱང་གཞན་རྒྱུད་བྱིན་གྱིས་རློབ་ནུས་ཤིང༌། ཡོན་ཏན་སྐྱེ་བར་བྱེད་ནུས་ཏེ། དཔེར་ན་ཞུ་བྱས་དངོས་གྲུབ་ལ་སྒོམ་ཞུ་བྱས་པས་ད་དེ་ཙུག་བྱ་ཟེར་བས་སློབ་མ་ལ་སྒོམ་སྐྱེས་སྐད་དེ། དེའི་བྱིན་རླབས་ལགས་མོད། དེ་མིན་ན་ད་དེ་ཙུག་བྱ་བྱ་བའི་ཆོས་འོང་བ་མེད། དཔལ་ཕག་མོ་གྲུ་པའི་ཞལ་ནས་ཀྱང༌། གནས་ཐེར་ཟུག་མེད་པའི་ཞུ་བྱས་ལ། །བདེ་སྟོང་ལ་རྒྱུན་ཆད་མེད་དོ་སྐད། །དགོན་པ་ཡོད་སྐད་ཀྱང་མ་ཐོས་སོ། །གསུངས་ཏེ། དེ་ཡང་ཞུ་བྱས་ཏེ་སྒོ་ཞིག་ལ་བསོད་སྙོམས་བླངས་ཏེ་དེས་མ་བྱིན་པའམ་མ་འགྲངས་ཀྱང་གཞན་དུ་མི་སློང་བར་གྲོག་པོར་ཉལ་ཞིང་སྨྱུང་བར་གནས་པ་ལ་བཞུགས་ཏེ། ཁོང་གིས་ལྟེ་འོག་གི་ཏིང་ངེ་འཛིན་ལ་མངའ་བརྙེས་པ་ཡིན་གསུངས། ཡང་བདེ་བར་གཤེགས་པའི་ཞལ་སྔ་ནས། ཟ་ཚྭ་མེད་གསོལ་བའི་མི་ལ་ལ།། མཁའ་འགྲོའི་སྤྲིན་ཚོགས་འདུ་འོ་སྐད། །གཏོར་མ་ཡོད་སྐད་མ་ཐོས་སོ། །གསུངས་ཏེ། ཁྲག་ཟོར་དང་ཟན་བྲ་བའི་རྣ་ཅོག་ཙམ་གྱི་གཏོར་མ་ལ་འདུ་བ་མ་ལགས། བདེ་སྦྱིན་གྱི་ཏིང་ངེ་འཛིན་ལ་གནད་དུ་སོང་བ་ལས་བྱུང་བ་ཡིན་གསུངས།

མདོར་ན་ཏིང་ངེ་འཛིན་འདི་ལ་གནད་དུ་སོང་བའི་དུས་ན་ཕྱི་ནང་གཉིས་ཤེས་ཏེ། ཕྱི་གདུལ་བྱའི་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་ཤེས། ནང་རྡོ་རྗེ་ལུས་འདིའི་སྤྱི་བོ་ནས་རྐང་པའི་མཐིལ་གྱི་བར་དུ་གནས་ལུགས་ཤེས་ཤིང་ཕྱིའི་སྣང་བ་ཐམས་ཅད་དབང་དུ་འདུས་ཏེ། འབྲུག་སྒྲ་ལྟར་གྲགས་པས་ས་སྟེང་ཁྱབ་པ་སྟེ། སྐུའི་བཀོད་པ་ཆུ་ལ་མི་བྱིང་བ་དང༌། ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་སྙན་པས་ས་སྟེང་ཁྱབ་པར་འབྱུང༌། ཐུན་གཅིག་བསྒོམས་པས་ཀྱང་གཞན་གྱི་སྣང་བ་འགྱུར། འདོད་ཡོན་ཕུན་སུམ་ཚོགས་པ་ཐམས་ཅད་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟར་འོང༌། དེས་ན་རྩ་རླུང་ཐིག་ལེ་དབྱེ་བ་མེད་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་བླ་ན་མེད་པའི་བྱང་ཆུབ་ཚེ་གཅིག་གིས་བདེ་བླག་ཏུ་ཐོབ་ཅིང་འཕྲིན་ལས་ཕུན་སུམ་ཚོགས་པས་འགྲོ་དོན་ཕུན་སུམ་ཚོགས་པ་ལྷུན་གྱིས་འགྲུབ་པ་འབྱུང་བ་ལགས་པས་བུ་རྣམས་ཀྱིས་དེ་ལྟར་ཐུགས་ལ་གཞག་པར་ཞུ་གསུངས།།

ཡང་བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་ཐེག་པ་ཆེན་པོ་གསང་སྔགས་ལུས་གཙོ་བོར་སྟོན་པ་ཡིན། དེ་ཡང་ལྷ་གཅིག་ཏུ་བསྒོམ་པ་ལ་ཟེར་བ་མ་ལགས། ལུས་ཀྱི་འཁྲུལ་འཁོར་རྩ་རླུང་ཐིག་ལེ་ལ་སོགས་པ་ལ་བརྟེན་ནས་ཡོན་ཏན་མངོན་སུམ་དུ་སྐྱེ་བ་ལ་ཟེར་བ་ལགས། དེའི་ཉམས་ལེན་ཐོ་རངས་གནད་ཆེ། དགེ་སྦྱོར་མ་སྐྱེས་པ་ཡང་ཐོ་རངས་སྐྱེ། བོགས་མ་ཐོན་པ་ཡང་ཐོ་རངས་ཐོན། གྲུབ་ཆེན་བརྒྱད་དང་སངས་རྒྱས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཀྱང་ཐོ་རངས་ཐོབ་སྟེ། དེའི་རྒྱུ་མཚན་རྡོ་རྗེའི་ལུས་འདི་ལ་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས་མི་གཙང་བའི་རྫས་ཀྱིས་གང་བར་འདོད་ཀྱང༌། སྔགས་ཀྱི་ལུགས་ཀྱི་དག་པའི་ལུས་སུ་གྲུབ་པར་འདོད་པ་ལ་མི་གཙང་བ་ཞིག་སྤངས་ནས་གཙང་བ་ཞིག་སྒྲུབ་རྒྱུ་མེད། དཔེར་ན་གསེར་རྡོ་དང་དངུལ་རྡོ་ལ་གསེར་དངུལ་གནས་པ་དང་འདྲ། དེ་ཡང་ཉིན་པར་གྱི་སེམས་ཅན་ཐམས་ཅད་ཀྱིས་བཟའ་བཏུང་བྱས་པ་རྣམས། མེ་རླུང་གིས་དྭངས་སྙིགས་ཕྱེ་ནས། སྙིགས་མ་དྲི་ཆེན་དང་དྲི་ཆུ་ཕྱིར་འདོར། དྭངས་མས་རྩ་དམིགས་རྣམས་ལ་ཁྱབ་ཅིང་ཤེས་པ་གསལ་བ་དང༌། ཏིང་ངེ་འཛིན་ལས་སུ་རུང་བ་ལ་སོགས་པའི་སྔགས་ཀྱི་ཡོན་ཏན་ཐམས་ཅད་དེས་སྐྱེད་པ་ལགས་མོད། དེ་ཡང་ལ་ལ་དག་ཤེས་པ་ཐོམ་པ་དག་ཟས་དང་ཁར་མི་ལེན་པ་བྱུང་ན་བད་ཀན་དུ་འདོད་དེ། དེ་ཡང་ཡིན་མོད་ཀྱིས་གཙོ་ཆེར་མེ་རླུང་གྱིས་དྭངས་སྙིགས་མ་ཕྱེད་པ་ལགས་མོད། དེ་ཕྱེད་ན་ཆུ་དྭངས་པ་ལ་གཟུགས་བརྙན་གསལ་བ་ལྟར་ཏིང་ངེ་འཛིན་གསལ་གསུངས། དེ་ཡང་རྗེ་མི་ལའི་ཞལ་ནས་ཀྱང༌། སྡོང་པོ་དགུ་འདུས་ཀྱི་རྩ་བ་ན། །ནད་དུག་ལྔ་སེལ་བའི་སྨན་ཅིག་ཡོད། །དེ་ལེན་ནམ་མི་ལེན་ཁྱེད་རང་ཤེས། གསུངས། དེ་གང་ཡིན་ན་འབྱུང་བ་བཞི་འདུས་པ་འདིར་དབང་པོ་ལྔའི་ཡུལ་ལྔ་བསྡམས་ནས་བསྒོམས་པས་ཐབས་ཐིག་ལེ་བྱང་ཆུབ་ཀྱི་སེམས་འཕེལ་བ་ལ་དགོངས་པ་ཡིན། དེ་ཡང་ཇོ་མོ་ལྷ་རྗེ་མ་གཟུགས་མཛེས་པ་ཞིག་ཡོད་དེ། བླ་མ་རྩ་མི་ལོ་ཙཱ་བའི་ཞབས་ཏོག་ཕྱག་རྒྱ་མ་མཛད་དེ། བླ་མའི་ཞལ་ནས་ཆ་ལུགས་བུད་མེད་རང་གིས་ཆོག་གསུང་ནས་དེ་ལྟར་ཡོད་སྐད། དེར་ལོ་དགུ་ཞབས་ཏོག་བྱས་ནས་མཐར་བླ་མ་ཉིད་གྲོངས་ནས་ཇོ་མོས་གདམས་ངག་ཉམས་སུ་ལེན་ཅིང་བཞུགས་པས། ཡོན་ཏན་ཆེན་པོ་སྐྱེས་པ་ལ་སྐབས་ཤིག་དྭངས་མ་ཉམས་ནས། ཡོན་ཏན་སྐྱེ་འཕྲོ་ཆད། དེ་ཡང་ཇོ་མོ་དེ་ཉིད་མ་ལ་ལས་སྒྲོལ་མར་འདོད་པ་ཡོད། ལ་ལས་རྡོ་རྗེ་རྣལ་འབྱོར་མར་འདོད་པ་ཡོད་ཀྱང་སྐྱོན་བྱུང་དུས་སུ་གྲོངས་པ་ལ་ཐུག་གསུངས། དེའི་དུས་སུ་ལ་སྟོད་དིང་རི་དམ་པ་རྒྱ་གར་གྱི་སྤྱན་སྔར་བྱོན་ནས་ཀ་ར་སླ་ང་ཙམ་ཞིག་ཕུལ་ཏེ། ངའི་རྩ་བའི་བླ་མ་ནི་སྨར་ལོ་ཙཱ་བ་ཡིན། ལོ་དགུའི་བར་དུ་བསྟེན་ཅིང་ཞབས་ཏོག་བྱས་པ་ལ། བླ་མ་མི་བཞུགས་ནས་རང་གཅིག་པུ་དགེ་སྦྱོར་བསྐྱངས་པས་སྐྱོན་འདི་ལྟ་བུ་ཞིག་བྱུང་སེལ་བར་ཞུ་ཞུས་པས། འོངས་དག་ཀ་ར་ལ་དྲི་བོ་གསུང་ནས། ཀ་ར་ལ་མོ་ན་རེ་འདི་སྐད་ཟེར་ཅེས་གསུངས་ནས་སྔར་གྱི་ལོ་རྒྱུས་རྣམས་ཀ་ར་ལ་དྲིས་པས། ཀ་ར་མི་སྨྲ་བར་འདུག་གསུངས་ནས་བོར་ནས་བཏང༌། དེ་ནས་བུ་རམ་ལྟང་ཁྲས་ལུག་གཟུགས་ཙམ་ཞིག་ཕུལ་ནས་ཞུས་པས་ཀྱང་སྔར་སྐད་གསུང་ནས་སྐྱུར་ནས་བཏང༌། དེ་ནས་ཡང་གུ་གུལ་དེ་ཙམ་ཞིག་ཕུལ་ནས་ཞུས་པས་ཀྱང་དེ་སྙན་ལ་བསླན་ནས་དྲི་བྱུང་འདུག་སྐད། དེར་གུ་གུལ་གྱིས་སྨྲ་བར་འདུག་སྟེ། དམ་ཉམས་མ་ཁྱོད་ངའི་རྩར་མ་སྡོད་པར་ཕྱིར་ཕྱིན་གསུངས། དེར་ཐལ་མོ་སྦྱར་ནས་ངས་དམ་ཚིག་ཉམས་པའི་ལས་མ་བགྱིས་ན་གང་ཙུག་ལགས་ཞུས་པས། དེ་ཁྱོད་ཀྱིས་དབང་ཞུས་ནས་དབང་ཡོན་མ་ཕུལ་བར་འདུག་པ་གསུང་སྐད། ང་རང་ཕུལ་བ་ལགས་ཞུས་པས། ད་ཁྱོད་ཀྱི་མིང་པོ་ཞ་མ་དཀོན་མཆོག་གིས་རྟ་ནག་པོ་གཅིག་རིན་དུ་ཟོས་ནས་འདུག་པ་གསུངས། དེ་རིན་དུ་བྱིན་པ་མིན་ཡང་མིང་པོ་ལ་བྱིན་པས་རིན་དུ་སོང་འདུག་གསུང་སྐད། འོ་ན་ད་བཤགས་པའི་ཐབས་ཞུ་ཞུས་པས། འོ་ན་ད་བཤགས་པའི་ཐབས་ཚོགས་འཁོར་ཆེན་པོ་བྱེད་དགོས་གསུངས། དེང་རི་ན་བཞུགས་པའི་རྣལ་འབྱོར་ཕོ་མོ་རྣམས་ལ་འཚལ་ལམ་ཞུས་པས། དེས་མི་འོང་གསུངས། འོ་ན་ཅི་ཙམ་འཚལ་ཞུས་པས། ཟན་གྲོན་ཕོར་གང་དང་བྱ་མོའི་སྒོ་ང་གཅིག་དགོས་གསུངས། དེ་ཁྱེར་ནས་བྱོན་པ་དང༌། ཕྱེད་དམ་པས་གསོལ། ཕྱེད་བཙུན་མོ་ལ་གནང་ནས་འདིས་ལོ་གསུམ་སྐྱོན་ཁེག་ནས་འོང་དེ་ནས་ཡང་འོང་བར་འདུག་སྟེ། མདོ་རྒྱུད་ལ་ལྟོས་དང་སྐྱོན་ལས་གྲོལ་ནས་འོང་གསུངས་པས། དེས་གསུངས་པ་ཁོ་ན་ལྟར་འབྱུང་སྟེ། རྩང་རོང་དུ་གནས་ཆུང་ཞིག་ཏུ་མདོ་གཟིགས་པས་འཇམ་དཔལ་རྩ་བའི་རྒྱུད་ནས། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནའང་སྐྱེ་བ་མེད།། ཅེས་པ་གཟིགས་པས། རྒྱལ་ཏེ་སྐྱོན་ལས་གྲོལ་ཞིང་ཡོན་ཏན་ཆེན་པོ་སྐྱེས་ཏེ། གྲུབ་པ་ཐོབ་པའི་རྣལ་འབྱོར་མ་ཆེན་མོར་གྱུར་པ་ལགས་པར་གདའ། རྡོ་རྗེ་གདན་དུ་མཆོད་པ་བྱེད་པའི་དུས་སུ་ནམ་མཁའ་ལ་འདོ་ལིའི་སྟེང་ན་མར་སྐོར་བ་བྱེད་པ་ན་རྩ་མི་ལོ་ཙཱ་བས་གཟིགས་ཏེ། ཨ་བི་བོད་ལ་གྲུབ་ཐོབ་མེད་སྙམ་ཙ་ན། ཡོད་པར་འདུག་བུད་མེད་ཤམ་བུ་ཁྲ་ཤིག་གེ་བ་ཞིག་ནམ་མཁའ་ལ་བྱོན་པ་མཐོང་གསུང་སྐད། དེ་ཡང་གྲུབ་ཐོབ་མར་བཞུགས་པས་ཐམས་ཅད་ཀྱིས་ཞལ་བལྟར་འོང་བས། ཡུལ་པ་ལ་གཟན་པར་བྱུང་པས། གཙོ་བོ་རྣམས་ཀྱིས་གཞན་དུ་བཞུད་པར་ཞུ་ཟེར་ཕྱིན་པས་མི་སྣང༌། ཉེ་གནས་མ་ལ་ཨ་ནེ་གར་སོང་དྲིས་པས་ཡ་གི་ཡིན་ཟེར་བས་གདུང་སྣ་ལ་ཕུག་རོན་ཞིག་ཏུ་སྣང་སྐད། ཆོས་ཞུས་པའི་ཚེ་ན་ངས་བསྒོམ་ཉམས་སུ་བླངས་པ་ཞིག་ཡིན་ཨ་བུས་བསྒོམ་རྡོག་ཏུ་སྒྲིལ་བ་ཞིག་ཡིན་གསུང་སྐད། དེས་ན་སྐྱེས་བུ་ཀུན་ཡོན་ཏན་ཐམས་ཅད་བསྐྱེད་པར་བྱེད་པའི་རྩ་བ་དྭངས་མ་ཁོ་ན་ཡིན། རྩ་བ་མེད་ན་ཡལ་ག་དང་ལོ་འདབ་མེ་ཏོག་དང་འབྲས་བུ་མི་འབྱུང་བ་ལྟར། རྩ་བ་དྭངས་མ་འདི་མེད་ན། རྟགས་དང་ཡོན་ཏན་མི་འབྱུང་བས་རྩ་བའི་སྲུང་བྲན་གལ་ཆེ། གསང་སྔགས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་འཕྲིན་ལས་སྒྲུབ་པའི་ཁྲོ་བོ་བདུད་རྩི་འཁྱིལ་བ་ཡང་འདི་ཡིན་ཏེ། བདུད་རྩི་འཁྱིལ་པ་མེད་ན་མཛེ་ནད་དང་ཤ་ཀྲ་དང་དམུ་ཆུ་མིད་འཆུས་ལ་སོགས་པའི་ནད་དང་བར་ཆད་ལ་སོགས་ཐམས་ཅད་འབྱུང་སྟེ། བདུད་རྩི་འཁྱིལ་བ་ཡོད་ན་སྐྱོན་དེ་ཐམས་ཅད་མི་འབྱུང་ཞིང་ཡོན་ཏན་ཕུན་སུམ་ཚོགས་པ་འབྱུང་གསུངས། དེས་ན་སྐྱེས་བུ་རྣམས་བདུད་རྩི་འཁྱིལ་པ་བྱ་བའི་ཁྲོ་བོ། སྐུ་མདོག་དང་ཕྱག་མཚན་གྱིས་ཁྱད་པར་དུ་བྱས་པ་ཞིག་ཕྱི་རོལ་ན་ཡོད་པ་མ་ལགས། དེ་ལྟར་མི་བསམ། བདུད་རྩི་འཁྱིལ་པ་རང་ལ་གནས་པ་ཡིན། འདི་མ་ཉམས་ན་དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་ཀྱི་སྲོག་སྙིང་ཟིན་པ་ཡིན་པས། འཕྲིན་ལས་ཐམས་ཅད་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་སྒྲུབ་པ་ཡིན། དེ་ཡང་རྗེ་བཙུན་ཆེན་པོས་ལོ་དྲུག་ཏུ་ཐབས་ལམ་བསྒོམས་ཀྱང་དྲོད་མ་སྐྱེས་པས། དེ་ལ་མཁའ་འགྲོ་མས་ལུང་བསྟན་ཏེ། ཐབས་འགལ་འཁྲུལ་འཁོར་ཞེས་ཀྱང་བྱ། ཙོག་པུའི་འཁྲུལ་འཁོར་ཞེས་ཀྱང་བྱ། ལ་ཕྱི་གངས་ཀྱི་འཁྲུལ་འཁོར་ཞེས་པ་དེ་བྱས་པས་དྲོད་དང་ཡོན་ཏན་ཐམས་ཅད་སྐྱེས་སྐད། རེ་ཞིག་ན་གནས་ཆུང་ཞིག་ཏུ་བྱོན་པས་བསྙེན་བཀུར་བྱས། དད་པར་གྱུར་ནས་རྗེ་བཙུན་དབུ་རྩེའི་ནང་དུ་བཅུག་ནས་བསྙེན་བཀུར་བྱས་སྒོ་ལ་ལྕགས་བཅུག་སྟེ་འདི་ནས་གར་ཡང་མི་བཞུད་པ་ཞུ། ངེད་ཀྱི་བཤོས་གསོལ་གྱིན་བླ་མཆོད་མི་མཛད་རེ་དབུ་བསྙུང་བཞེས་པར་ཞུས་པས། ཞལ་ཀྱོས་བཞེས་ནས་ཁྱེད་གསུང་བ་ལྟར་མི་བྱེད་ན་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་མགོ་ཚལ་པར་ཁོས་ཞེས། དབུ་སྙུང་བཞེས་སྐད། དེ་ནས་ཕྱིར་བྱོན་ན་བཟའ་རྗེས་ནས་ཤད་ཀྱིས་བྲོས་པ་དང༌། ཉེ་གནས་ཀྱིས་དེ་ལྟར་མཛད་ན་དབུ་སྙུང་དེ་མི་བཞེས་པ་ཡིན་ཏེ་ཞུས་པས། ངས་མཁའ་འགྲོ་མའི་མགོ་ཕར་ལ་མ་ཁོས་ན་མཁའ་འགྲོ་མས་ཚུར་ལ་མི་འགས་གསུངས། འོན་ཀྱང་ཅུང་ཟད་ལོན་པ་དང་དབུ་འགས་པ་ཙམ་དུ་སྙུང་པའི་ཚེ། བུད་མེད་འཆི་མ་ཙ་རེ་བ་འགའ་བྱུང་སྟེ། ད་ཞིག་ཤོས་སུ་དམིགས་པ་སྨོད་ཟེར་བ་དང་དབུའི་སྙུང་བ་དེ་སྐད་ཅིག་གིས་སོས་སྐད། མདོར་ན་དེ་རྣམས་ཐམས་ཅད་བདུད་རྩི་འཁྱིལ་བའི་གནད་ཡིན་པས། གནད་དེ་གོ་བར་བྱས་ནས་ཉམས་སུ་ལེན་པར་ཞུ། ཡང་བསྔོ་བ་ཞིག་བྱ།།

ཡང་བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་སྒོམ་ཆེན་པ་བྱ་བས། ལུས་ཉམས། སེམས་ཉམས། རྨི་ལམ་ཉམས་གསུམ་ཤེས་དགོས་གསུངས། དེ་ཡང་ལུས་ཉམས་ལུས་ཀྱིས་ཅི་བྱེད་པ་དང༌། སེམས་ཉམས་སེམས་ཀྱིས་ཅི་བསམས་པ་དང་ལགས་ཏེ། དེའི་དུས་སུ་བཅུ་ཆོས་དང་སུམ་ཆོས་གནད་དུ་བསྣུན་གསུང༌། རྨི་ལམ་ཉམས་ལ། རྗེ་བཙུན་གྱི་ཞལ་ནས། ང་རྨི་ལམ་ལ་མཁས་པ་ཡིན་གསུང་བ་ནི། རྨི་ལམ་འོད་གསལ་དུ་འཛིན་པ་ལ་གསུང་བ་ཡིན། ང་རྨི་ལམ་བསྒྱུར་བ་ལ་མཁས་གསུང་བ་ནི། བཟང་པོ་ངན་པར་མི་བསྒྱུར་བ་དང༌། ངན་པ་ཐམས་ཅད་བཟང་པོར་བསྒྱུར་བ་དེ་ཤེས་དགོས་པ་ལགས། དེ་ལ་རྨི་ལམ་རྨི་བ་ཐམས་ཅད་འདས་མ་འོངས་ད་ལྟ་གསུམ་ལས་སྐྱེ་བ་སྔ་མ་ཕན་ཆད་དང༌། ད་ལྟར་ཅི་བྱེད་བཞིན་པ་དང༌། ཕྱི་མ་ཅི་བྱེད་དགོས་པ་དང༌། ཚེ་སྟོད་ལ་སོགས་པའི་བག་ཆགས་འབའ་ཞིག་རྨི་བ་ཡིན་ལ། རང་རེ་སྒོམ་ཆེན་པ་ཀུན་གྱིས་རྨི་ལམ་དུ་འོད་གསལ་ཟིན་པ་ཡང་བག་ཆགས་ཡིན། སྤྱིར་ཡང་བག་ཆགས་བསྒྲུབ་པ་དང༌། འདག་པར་བྱེད་པ་གཉིས་ལས། ཆོས་དྲུག་གིས་ བག་ཆགས་བསྒྲུབ་པ་ལགས་པས་ཉིན་པར་གཏུམ་མོ་དང་སྒྱུ་ལུས་བསྒོམ། ནུབ་མོ་རྨི་ལམ་དང་འོད་གསལ་འཛིན་པ་གལ་ཆེ། གཉིས་པ་ཕྱག་རྒྱ་ཆེན་པོས་བག་ཆགས་འདག་པར་བྱེད་པ་ཡིན་གསུངས། སྤྱིར་རྨི་ལམ་འཛིན་པ་ཡང་རུང་མི་འཛིན་པ་ཡང་རུང་སྟེ་རྨི་ལམ་གྱིས་ལེགས་ཉེས་བསྒྲུབ་པ་འདི་ཤིན་ཏུ་མྱུར་བ་ཡིན་གསུངས། དེ་རྨི་ལམ་ཟིན་པའི་གང་ཟག་ཅིག་གིས་རྨི་ལམ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འམ། བླ་མ་དམ་པ་དང་ཡི་དམ་གྱི་ལྷ་ལ་སོགས་པ་ཞལ་མཐོང་ནས་དེ་ཉིད་རང་དུ་ཡན་ལག་བདུན་པ་ཞིག་བྱས་ནས། རང་ལ་བསྟིམ་དེ་ནས་ལྔ་ལྡན་ལ་གནད་དུ་བསྣུན་པས། ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་བོགས་ཐོན་ཅིང༌། ཞལ་ཡང་ཡང་མཐོང་བར་འགྱུར་ཏེ། དེ་ལ་རྨི་ལམ་འབྱོངས་པ་དང་ཟིན་པ་ཟེར་བ་ལགས། ལོ་དང་ཟླ་བར་ཡང་རྨི་ལམ་ཕོགས་རེ་མི་ཟིན་པ་ལ་བསྒོམ་ཆེན་པའི་མིང་མེད། ཟིན་ན་ཡོན་ཏན་ཐམས་ཅད་འབྱུང་སྟེ། རྨི་ལམ་ཐུན་གཅིག་ཟིན་ན་སྒོམ་ཆེན་ཞག་བདུན་འཚོ་བྱ་བ་གསུངས། རྨི་ལམ་མ་ཟིན་པས་གཉིད་སད་མ་ཐག་ཏུ་འཁྲུལ་འཁོར་མ་ཞིག་པ་ལ། ལམ་གཏོང་ལ་སོགས་པ་ལྔ་ལྡན་ལ་གནད་དུ་བསྣུན། དེ་ཡིས་ཡོན་ཏན་གོང་ནས་གོང་དུ་འཕེལ་བར་འགྱུར། འཁྲུལ་འཁོར་འགྱུར་ནས་བཅོས་ཤིན་ཏུ་དཀའ་གསུང༌། ཡང་ངན་པ་མི་མ་ཡིན་ནམ། ཁའི་དབུགས་འཕྲོག ཁོང་པའི་སྲོག་གཅོད་པ་རྨིས་ཀྱང༌། རྨི་ལམ་འབྱོངས་པ་དེས་རྨི་ལམ་དུ་ཤེས་ཤིང་བདག་གི་རྨི་ལམ་ངན་པ་འདིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྨི་ལམ་ངན་པ་དང༌། ལས་དང་ཉོན་མོངས་པ་ཤེས་བྱའི་སྒྲིབ་པ་ཐམས་ཅད་དག་པར་གྱུར་ཅིག་སྙམ་དུ་ལམ་དུ་བཏང༌། དེ་ནས་སེམས་བསྐྱེད། ཡི་དམ་གྱི་ལྷ་བསྒོམ་ལ་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་བཞག །བར་ཆད་དངོས་གྲུབ་ཏུ་འགྱུར། སྐྱོན་ཡོན་ཏན་དུ་འཆར་གསུངས། ཡང་རི་ཁྲོད་ལ་སོགས་པར་འདུག་པའི་དུས་སུ། དངོས་སམ་ཉམས་ཀྱི་སྣང་བ་ལ་མི་མ་ཡིན་པ་ལ་སོགས་པའི་གཟུགས་ཀྱིས་བར་དུ་གཅོད་པའི་གཟུགས་སམ་ལྟས་འཇིགས་སུ་རུང་བ་རྣམས་སྟོན་དུ་བྱུང་ན་རང་ཉིད་སྐད་ཅིག་གིས་ཡི་དམ་ལྷར་གསལ་ལམ་གྱིས་བསྒོམ་པ་ཡིན། དེ་ལ་གསལ་བས་ལྷའི་ང་རྒྱལ་བསྐྱེད་པས་སྐྱོན་མི་འབྱུང༌། ཡོན་ཏན་དུ་འགྱུར་བ་ལ་ཁོང་རང་ཡི་དམ་དུ་འགྱུར་བསྒོམ་ལ་སྤྱི་བོ་ནས་རང་ལ་བསྟིམ་ལ། ཅིག་ཤོས་སུ་དམིགས་ནས་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་བཞག་པས་རང་གི་དབང་དུ་འདུས་ནས་རྟག་ཏུ་སྡོང་གྲོགས་བྱེད་པར་འགྱུར་ཏེ། འདི་ལ་བདུད་ཆོས་སྐྱོང་དུ་བསྒྱུར་བའི་གདམས་ངག་ཞེས་ཀྱང་བྱ། བར་ཆད་དངོས་གྲུབ་ཏུ་ལེན་པའི་མན་ངག་ཟེར་བ་ལགས། དེ་ལ་སྤྱིར་ཕྱི་རོལ་ཏུ་འདྲེའི་གཟུགས་ལ་སོགས་པ་མཐོང་བ་ཐམས་ཅད། ནང་དུ་རང་གི་བསམ་པ་ངན་པ་སྟོབས་སུ་གྱུར་པ་ལས་བྱུང་བ་ཡིན་ཏེ། ཕྱི་རོལ་ན་མཐོང་རྒྱུ་དང་བཅས་པའི་བགེགས་དངོས་པོར་གྲུབ་པ་ཞིག་མི་བདོག དེས་ཅིག་ཤོས་བསམ་པ་བཟང་པོ་ཟབ་པ་ཡིན་བགྱི་བ་གསུངས། ཡང་བླ་མ་དང་ཡི་དམ་ལ་སོགས་པ་དངོས་སུ་ཞལ་མཐོང་ན། དེར་རང་གི་བསམ་པ་དང་མོས་གུས་སྟོབས་སུ་གྱུར་པ་ལས་བྱུང་བ་ལགས་པས། ཡུན་རིང་པོར་ཁ་པོག་གེ་སྡོད་པ་མིན། བསམ་པ་བཟང་པོ་དེ་མ་འགྱུར་པ་ལ་ཡན་ལག་བདུན་པ་བསྡུས་པ་ཚར་གཅིག་ཕུལ་ནས། རང་གི་སྤྱི་བོ་ནས་བསྟིམ་ལ། བདེ་སྦྱིན་དུ་བཞུགས་སུ་བཅུག་ནས། རང་ཉིད་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་འཇོག་པ་ཡིན། དེ་ལྟར་བྱས་ན་རྟག་ཏུ་ཞལ་མཐོང་ཞིང་བྱིན་གྱིས་རློབ་པ་ཡིན། དེ་ལྟར་མ་བྱས་ན་བར་ཆོད་དུ་འགྲོ་བ་ཡིན་ཏེ། དེ་ཡང་སྔོན་ཡེ་ཕུག་པས་རྟ་རྣ་རུ་དཔལ་ཕག་མོ་གྲུ་པ་ཞལ་མཐོང་བ་ལ་ཡུན་རིང་པོར་མོས་གུས་བྱས་པ་ལ། ཅི་ཙམ་ཞིག་ན་སྤྲེའུ་ཞིག་ཏུ་གྱུར་ནས་མདུན་དུ་ཕར་རྒྱུག་ཚུར་རྒྱུག་བྱས་ནས་མེད་སྐད། དེ་སྐྱེས་བུ་རྣམས་བླ་མ་སྤྲེའུར་འགྱུར་བ་ག་ལ་སྲིད། ནང་དུ་རང་གི་བསམ་པ་འགྱུར་བས་བླ་མ་སྤྲེའུར་གྱུར་པ་ལགས་མོད། དེ་ལ་བར་ཆད་བྱུང་ཟེར་བ་ཡིན། དེ་བས་ན་བར་ཆད་འབྱུང་མི་འབྱུང་གི་གནད་ཅིག་ནང་ནས་སྒྲིག་མ་ཤེས་པར། ཕྱིའི་ཧཱུྂ་ཧཱུྂ་ཕཊ་ཕཊ་ལ་སོགས་པ་ལ་རེ་ན་དེས་མི་འོང་གསུངས། སྤྱིར་གར་འདུག་པའི་སར་ཡང་ས་གཉན་བརྐོ་བ་དང་ཤིང་གཉན་གཅོད་པ་ལ་སོགས་པ་མི་བྱ། གཅིག་ཏུ་བར་ཆད་ཀྱི་རྒྱུ་ཡིན། གཉིས་སུ་མི་ཆོག་པ་ཡིན་པས་འདུལ་བ་ལས་ཀྱང་བཀག་པ་ལགས་མོད། དེ་ཡང་སྔོན་འཕན་ཡུལ་གྱི་རྒྱམ་པ་ཇོ་སྲས་བྱ་བ་དེ་བོད་ཕྲུག་ཅིག་ལས་ཤེས་རབ་ཆེ་ཞིང་ཆོས་ཀྱང་སྔགས་དང་མཚན་ཉིད་གཉིས་ཀ་མཁྱེན། རྗེ་རིན་པོ་ཆེའི་ཡང་ཐུགས་ཀྱི་སྲས་ཡིན་པ་ལ། ཁོང་གིས་མང་ཁུང་དུ་དགོན་པ་ཞིག་ཏུ་བཞུགས་པའི་སྒོ་ཁ་ན། ཤིང་ཕུང་ཞིག་ཡོད་པ་དེའི་ཟིལ་ཆུས་གནོད་པར་བྱུང་ནས། ཉེ་གནས་རྡོ་རྗེ་དབང་ཕྱུག་ལ་སྟྭ་རེ་རེངས་པར་ཁྱེར་ལ་ཤོག་གསུངས་ནས་ཁོང་རང་གིས་བཅད་པ་དང༌། ཤིང་དེ་ཆོད་གྲབ་ལ་རྒྱལ་བའི་དཀོར་བདག་མོ་དེ་ད་འཛུག་བྱེད་ཟེར་ནས་བྲང་རྡུང་གིན་བྱུང་སྐད། མོས་མ་བཟོད་པར་སྦྲོན་དུ་འོངས་པར་འདུག དེའི་གྲོགས་ལ་བཅོས་མ་བྱས་པས། ལྟས་ངན་ཆེན་པོ་བོན་གྱིས་མི་ཟློག་པ་བྱུང་གསུང་སྐད། དེ་ནས་གྲོངས་པ་ལགས་པར་གདའ། དེ་ལ་རྗེ་རིན་པོ་ཆེའི་ཞལ་ནས། ཁོང་གིས་གོ་མ་བཅད་བོན་གྱིས་མ་ལོག་ཡང་རྗེའི་གདམས་ངག་གིས་ལོག་ནས་འོང་བ་ཡིན་ཏེ། ངེད་འབྲི་གུང་པ་གཏམ་དེའི་འོག་ནས་མི་ལོངས་གསུངས། དེའི་དུས་སུ་སྣང་བ་དང་མི་སྣང་བ་དང་ཨ་ཅང་ཡང་ཆེ་སྟེ། མདོར་ན་རང་གི་ལུས་དེ་མིན་པ་གང་དུ་བསྒོམས་ཀྱང་ཆོག་སྟེ། དེ་ཡང་རྟ་དང་གླང་པོ་ལ་སོགས་པའམ། ཡང་ན་ས་རྡོ་ཤིང་གསུམ་བསྒོམས་ཀྱང་གནོད་པ་ལས་གྲོལ་བ་ཡིན་གསུངས། རྗེའི་ཞལ་ནས་ཀྱང༌། སྣང་བ་སེམས་སུ་ཤེས་པ་ཡི། །ཏིང་ངེ་འཛིན་ལ་བསམ་མི་ཁྱབ། །ཞེས་གསུངས་པས། དེའི་རྗེས་ལ་ཁྱད་ཡོད་པ་མ་གཏོགས་པ། རྡོ་ལེབ་ཅིག་ཏུ་བསྒོམས་ཀྱང་གནས་སྐབས་དེའི་སྐྱོན་ལས་གྲོལ་གསུངས། ཁོང་གིས་ཡང་དེའི་དུས་སུ་གཞན་མ་བྱུང་ཡང་རྡོ་རྗེ་དབང་ཕྱུག་ཏུ་བསྒོམས་ཀྱང༌། གནོད་པའི་ཡུལ་དེས་མི་མཐོང་བས་བར་ཆད་འཇུག་པ་མེད་པ་ལགས། ཡང་སྔོན་རྗེ་ཡེ་ཕུག་པ་བྱ་བ་དེས་ལྷོང་རྫོང་དུ་དགོན་པ་གསར་པ་ཞིག་བཏབ་ནས། ཕྱིས་ཁོང་རང་དཔོན་གཡོག་ཁ་ཡར་གྱིས་བྱོན་པའི་ལ་རྩར་ཕྱིན་པ་དང༌། ལྷོང་རྫོང་གི་བྲག་གསེབ་ནས་སྦྲུལ་ཆེན་པོ་ཞིག་དོན་ནས་མགོ་ཁོང་གི་ཐུགས་ཀར་གཏད་པ་ཞིག་བྱུང་བ་ལ་འཁོར་རྣམས་ཀྱིས་འཇའ་ཚོན་དུ་མཐོང་སྐད། དེའི་ལོ་ལ་ཁོང་གྲོངས་པར་གདའ། ཆོས་རྗེའི་ཞལ་སྔ་ནས། ཁོང་གྲུབ་ཐོབ་ཡིན་ཡང་དེ་ཀུན་ལ་བཅོས་ཡེ་མི་བྱེད་པ་གླེན་པར་བྱུང༌། ལྷོང་རྫོང་པས་བླ་མའི་ཞབས་འདྲེན་དུ་སོང་གསུངས། དེས་ན་སྐྱེས་བུ་རྣམས་རྐྱེན་བྱུང་དུས་སུ་བླ་མའི་གདམས་ངག་དྲན་པར་བྱས་ནས་ཕག་སྣའི་གཏུན་བུ་ལྟར་གནད་དུ་བསྣུན་དགོས་པ་ཡིན། སྣང་བ་རང་གི་སེམས་ཀྱི་གནད་ཀྱང་འདི་ཡིན། བྱོལ་ཟོར་བསྒྱུར་གསུམ་འདི་ཤེས་ན། རྣལ་འབྱོར་པ་ཉེས་སྐྱོན་བར་ཆད་དང་བྲལ་བ་ལགས་པས། དེ་ལྟར་དུ་ཐུགས་ལ་བཞག་པར་ཞུ་གསུངས་སོ།།

ཡང་བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་སྒོམ་ཆེན་པ་ཀུན་གྱི་གྲུབ་མཐའ་ལ་ལུས་རྒྱ་སྣང་རྒྱ་རྟོག་རྒྱ་གསུམ་དང་བྲལ་ནས་སངས་རྒྱས་པར་འདོད་པ་འདི་ཤས་ཆེ་སྟེ། འོ་སྐོལ་རང་གི་བརྒྱུད་པ་འདི་ཡང་རྗེ་སྒམ་པོ་པའི་བུ་སློབ་རྣམས་ཀྱང་འདི་ལྟར་བཞེད་སྐད་དེ། དེ་ཡང་གོང་གི་ཆོས་ཐམས་ཅད་གདུལ་བྱའི་རིམ་པ་དང་སྦྱར་ནས་རིམ་པས་གསུངས་པ་ལགས་པར་གདའ། དང་པོའི་དུས་སུ་ངའི་འཁོར་སེམས་ངོ་ཤེས་པ་རྣམས་དང༌། ང་ནི་ས་དང་པོའི་བདེན་པ་མཐོང་བ་ཡིན་བྱ་བ་གསུངས། ཕྱིས་དཔལ་ཕག་མོ་གྲུ་པ་དང༌། ལྷ་སྟེངས་ཀ་བ་ལ་སོགས་པ་བྱོན་པ་དང༌། ཁོ་བོ་རྡོ་རྗེ་འཆང་དངོས་ཡིན། ངའི་འཁོར་རྣམས་ཕལ་ཆེར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་འབའ་ཞིག་ཡིན་བྱ་བ་གསུང་སྐད། དེ་ཡང་དང་པོ་ནས་དེ་སྐད་གསུངས་ན་བཀའ་གདམས་ལ་སོགས་པ་མང་པོ་དོགས་པས་སྨྲ་མ་ནུས་པའི་རིགས་སུ་འདུག་གསུངས། སྟག་གི་ལོ་ལ་ཕག་མོ་གྲུར་བྱོན་ནས་ཀྱང་སྟག་གི་ལོ་ལ་མྱ་ངན་ལས་འདས་པ་ལགས་ཏེ། དེ་ཡང་དང་པོ་ཚོགས་པའི་སྟོད་ལ་ནུབ་གླིང་དུ་ལོ་དྲུག་བཞུགས་ཀྱི་བར་ལ་རྟོགས་ལྡན་སྐྱེ་བ་མི་ལེན། ཐོད་པ་མགོ་ལ་མི་འཇོག་པ་ལ་སོགས་པའི་གྲུབ་མཐའ་དེ་རང་གསུངས་པས། བུ་སློབ་རྣམས་ཀྱང་དེ་ལྟར་བཞེད་པ་ལགས་པར་གདའ། ཉིན་གཅིག་སྤྱན་སྔ་ནས་ཉེ་གནས་ཁ་ཡར་དང་བཅས་པ་ཤར་གླིང་གི་སྟོད་དུ་སྐྱོ་བསངས་ལ་བྱོན་པས། མདོ་སྨད་པའི་གྲྭ་པ་ཞིག་གིས་སྤྱན་དྲངས་ནས་བུ་རམ་དང་ཇ་ལ་སོགས་པའི་བསྙེན་བཀུར་མཛད་པ་ལ། རྗེ་རིན་པོ་ཆེའི་ཞལ་སྔ་ནས། ཁྱོད་བསོད་ནམས་བསགས་པ་དེ་ལྟ་བུའི་དགོན་པ་ཡོད་པ་གསུངས་པས། དེར་ཁོ་ན་རེ་འདི་ལ་ཐུགས་སྤྱོད་ན་དབུལ་ཟེར་བས། ཞལ་སྔ་ནས་ད་ཐུགས་ལ་བཏགས། ངའི་མལ་སྟན་རྣམས་ད་ལྟ་རང་ཁྱེར་ལ་ཤོག་གསུངས་ནས་དེ་ནུབ་རང་ནས་གཟིམས། དེའི་ནང་ནས་ཉེ་གནས་མེ་ཉག་རིང་མོ་ཐུགས་སྟོབས་ཆེ་བས་ཐམས་ཅད་སྦྱག་མ་དང་ལྦུག་མ་ལེན་དུ་བཏང༌། ལ་ལས་འཇིམ་པ་གཡོས་ཏེ། དེ་ཉིན་རང་ལ་སྒོ་དང་ཞ་ལ་ལ་སོགས་པ་ཚར་བའི་གཟིམས་སྤྱིལ་ཞིག་བྱས་པས། རིན་པོ་ཆེའི་ཞལ་ནས། འོ་ཤིན་ཏུ་ལེགས། ཁྱེད་རྣམས་ཀྱིས་བསམས་པ་ཙམ་གྱིས་འགྲུབ་པར་འདུག་པས། མིང་བསམ་གྲུབ་མི་ཉག་རིང་མོ་བྱ་བར་ཐོགས་ཤིག་གསུང་སྐད། དེ་རྣམས་ཅི་ལ་གླེང་སླངས་ནས། ཤར་གླིང་ན་བཞུགས་པའི་དུས་ན་གྲུབ་མཐའ་ཨེན་རེ་འགྱུར་སྐད། ཆོས་རྗེ་བྱོན་པ་དང་གྲུབ་མཐའ་ཐམས་ཅད་ལོག་གིས་འགྱུར་ཏེ། གྲྭ་པ་ཀུན་ཀྱང་གྲུབ་མཐའ་འགྱུར་ཏ་རེ་གསུངས། དགེ་བཤེས་དམར་པ་དང༌། ལྷ་དགྲ་རྩ་རི་བའི་ལོ་རྒྱུས་ཀྱང་གསུངས། དང་པོའི་གྲུབ་མཐའ་ནི། དེ་ལྟར་སེམས་སྐྱེ་མེད་ཆོས་སྐུ་རྟོགས་ཀྱང༌། རྒྱ་གསུམ་དང་མ་བྲལ་བས་སངས་རྒྱས་པ་མ་ཡིན་ཏེ། དེ་ལ་ཆོས་སྐུ་རྟོགས་པས་རྣམ་པར་སྨིན་པའི་ལུས་འདི་ལ་ད་ལྟ་ན་ཚ་ལ་སོགས་པ་བྱུང་ཡང་ཤི་བའི་དུས་སུ། ལུས་དང་བྲལ་ནས་བསྒོམས་པའི་འོད་གསལ་དང་རྟོགས་པའི་འོད་གསལ་གཉིས་དབྱེར་མེད་དུ་འདྲེས་ནས་འཚང་རྒྱ། ཡང་ད་ལྟ་སེམས་རྟོག་ཀྱང་རྗེས་ལ་དཀར་དམར་སྣ་ཚོགས་སུ་སྣང་བ་འདི་འཆི་བའི་དུས་སུ་ཡུལ་ལྔ་གཅིག་ལ་གཅིག་ཐིམ་ནས་སྣང་རྒྱ་དང་བྲལ་ནས་འཚང་རྒྱ། ཡང་རྟོག་རྒྱ་ཡང་ཆོས་སྐུ་འབའ་ཞིག་ཡིན། ཡང་ཉོན་མོངས་པ་དང་རྣམ་རྟོག་སྣ་ཚོགས་སུ་སྐྱེ་བ་འདི། འཆི་བའི་དུས་སུ་སྣང་བ་དང༌། མཆེད་པ་དང༌། ཐོབ་པ་དང༌། ཉེ་བར་ཐོབ་པ་ལ་སོགས་པའི་རང་བཞིན་བརྒྱད་ཅུའི་རྟོག་པ་རིམ་པ་ལྟར་ཐིམ་ནས་འོད་གསལ་ཤར་ནས་འཚང་རྒྱ་སྟེ། དོན་ལ་དེའི་དུས་སུ་ཁྱད་པར་གྱི་གཞི་ལུས་མེད་པས། དེའི་ཁྱད་པར་གྱི་ཆོས་སེམས་དང་སྣང་བ་ཡང་མེད་ཅིང༌། བར་དོ་འོད་གསལ་གཉིས་པོ་འདྲེས་ཏེ། དཔེར་ན་བུམ་པ་ཆག་པའི་ནམ་མཁའ་དང་གཉིས་འདྲེས་པ་ལྟར། ཆོས་སྐུ་ཟང་ཐལ་ལ་འཁྱིལ་གྱིས་སོང་ནས་གཟུགས་སྐུ་རྣམ་པ་གཉིས་པོ་འཕྲིན་ལས་དང་བཅས་པ་མི་འདོད་དེ། མདོར་ན་ནམ་ཤི་སངས་རྒྱས། ཐོད་པ་མགོ་ལ་མི་འཇོག རྟོགས་ལྡན་སྐྱེ་བ་མི་ལེན་པར་འདོད་སྐད། ཕྱིས་ཆོས་རྗེ་རིན་པོ་ཆེ་བྱོན་ནས་དུས་གཅིག་ན་ཚོགས་ཆོས་ལ་སྔར་སྐྱེ་མེད་རྟོགས་ནས་རྒྱུ་འབྲས་མི་འདོད་པ་ལ། དེའི་ཉིན་པར་ཨ་འཐས་སུ་ཉམས་སུ་བླངས་པ་དང༌། མཉམ་རྗེས་དང་ཟུང་འཇུག་མཐར་ཕྱིན་པའི་དུས་དང༌། ཉམས་སུ་ལེན་ཚུལ་རྣམ་པ་བཞིར་གསུངས་ཤིང༌། རྒྱ་གསུམ་དང་ཡང་ད་ལྟ་མ་བྲལ་བར་བར་མ་དོར་འབྲལ་བ་ལ་དེས་ན་ཁོ་ཐག་ཆོད། ཅེས་པ་ལ་སོགས་པའི་གྲུབ་མཐའ་བྱོན་པས། རྗེ་རིན་པོ་ཆེའི་ཐུགས་དགོངས་ལ་ཆོས་འདི་ལ་འཕྲོ་ཡོད་པ་ལ་སྙམ་ཡང་ཞུ་མ་ནུས་གསུངས། དེ་ལ་དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་ཡང་ཐ་མ་ཟབ་པ་ལྟར། དཔལ་ཕག་མོ་གྲུ་པའི་ཆོས་ཀྱང་མྱ་ངན་ལས་འདའ་ཁར་གསུངས་པ་འདི་ཟབ་གསུངས། དེ་ཡང་རྗེ་རིན་པོ་ཆེའི་བཞེད་ནི་ད་ལྟ་སྐྱེ་ཤི་བར་དོ་འདི་ཉིད་རང་ལ་ལུས་ལུས་མེད་ཕྱག་རྒྱ་ཆེན་པོར་མ་རྟོགས་ན། རྣམ་སྨིན་གྱི་ལུས་དང་བྲལ་ཡང་བར་དོ་ཡིད་ཀྱི་ལུས་བྱ་བ་འདི་བས་དམ་པ་ཡོད་པ་ཡིན་ལ། སྣང་རྒྱ་ཡང་ད་ལྟ་སྣང་བ་སྣང་མེད་དུ་རྟོགས། སྣང་རྒྱ་དང་བྲལ་ལ། དེ་མིན་ན་སྣང་བ་ཡང་བར་དོ་འདི་བས་རགས་པ་ཡོད་ལ། རྟོག་རྒྱ་ཡང་ད་ལྟ་རྟོག་པ་རྟོག་མེད་དུ་ཤེས་ན་རྟོག་རྒྱ་ལས་གྲོལ་ལ། དེ་ལྟར་མིན་ན་བར་དོར་འདི་བས་རགས་པའི་རྟོག་པ་ལྡང་གསུངས། དེས་ན་སྐྱེས་བུ་རྣམས་རྒྱ་གསུམ་ད་ལྟ་རང་ནས་འབྲལ་དགོས་པ་ལགས་ཏེ། དེ་དང་བྲལ་བའི་དུས་སུ་རྟོགས་པའི་འོད་གསལ་དང༌། བར་དོའི་འོད་གསལ་དང༌། རང་བཞིན་གྱི་འོད་གསལ་དང་གསུམ་དབྱེར་མེད་དུ་གྱུར་ནས་འཚང་རྒྱ། དེ་ལྟར་ཡང༌། འོད་གསལ་བ་ནི་རྒྱུན་པར་གནས། བར་དོའི་གྲོང་ཁྱེར་དེས་མི་མཐོང༌། །གཞན་དོན་གཟུགས་སྐུའི་སྣང་བ་འབྱུང༌། །ཞེས་གསུངས་ཏེ། མདོར་ན་སྨོན་ལམ་དང་ཐུགས་རྗེའི་དབང་གིས། འཁོར་བ་མ་སྟོངས་ཀྱི་བར་དུ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་སེམས་ཅན་གྱི་དོན་དུ་གང་ལ་གང་འདུལ་གྱི་ཚུལ་དུ་འཁོར་བ་དཔག་ཏུ་མེད་པར་སྐྱེ་བ་ལེན་པ་འབྱུང་བ་ལགས་པས་དེ་ལྟར་ཐུགས་ལ་བཞག་པར་ཞུ་གསུངས།།

ཡང་རྗེ་རིན་པོ་ཆེའི་ཞལ་ནས། སྤྱིར་དམ་པའི་ཆོས་ཉམས་སུ་ལེན་པའི་ཚུལ་རྣམ་པ་གཉིས་ཡིན་གསུངས། དེ་ཡང་ཁོང་ཐོས་བསམ་པ་རྣམས་སྒྲོ་འདོགས་ཕྱི་ནས་གཅོད་པའི་ལུགས་ཡིན་ཞིང༌། བཀའ་དང་བསྟན་བཅོས་ལ་སོགས་པའི་ཚིག་དང་ཐ་སྙད་ཀྱི་ཉན་བཤད་མང་པོ་དང༌། དཔེ་ཆ་མང་པོའི་ལུང་རྟོག་དང༌། བསམ་མནོ་ལ་སོགས་པའི་དཀའ་བ་དུ་མ་སྤྱད་ནས་མཁས་པ་པཎྜི་ཏ་ལྟ་བུར་གྱུར་ཀྱང་ནང་གི་སེམས་ལ་མ་བལྟས་པར་ཤེས་པ་ཕྱིར་ཡན་པས། དེས་རྩ་བ་འཆུགས་པའི་གནད་ཀས་ཚེ་ཐུང་བ་དང༌། ནད་མང་བ་དང༌། ལོངས་སྤྱོད་ཆུང་བར་འགྱུར། ནད་ཀྱང་མཛེ་དང་སྐྲན་དང་དམུ་ཆུ་དང་སྙིང་རླུང་ལ་སོགས་རྣམས་འབྱུང་ལ། དེ་ལྟར་སྐྱོན་མ་བྱུང་ཡང་ཕུན་སུམ་ཚོགས་པ་རྣམ་པ་ལྔ་དང༌། གནས་དུས་ཀྱིས་བསྐལ་ནས། ལོངས་སྤྱོད་དང་འབྱོར་པ་ཆུང་ཞིང་རྟག་ཏུ་བཀྲེན་པར་འགྱུར་རོ། །མདོར་ན་ཚིག་དང་ཐ་སྙད་ལ་མཁས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་ཕན་པ་ཙམ་མ་གཏོགས་པ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་མི་ཐར་གསུངས།

འོ་སྐོལ་རྣལ་འབྱོར་པ་ཀུ་སུ་ལུ་པ་རྣམས་ཀྱི་ལུགས་ཀྱིས། སྒྲོ་འདོགས་རྩེ་གཅིག་ཏུ་སེམས་ཀྱི་ནང་ནས་གཅོད་པ་ལགས་ཏེ། དེ་ལ་རྩ་བ་སེམས་ལས་མེད་པའི་གནད་ཀས། སེམས་ནང་དུ་གནས་པ་ལ་ཚེ་རིང་བ་དང་ནད་མེད་པ་ལ་སོགས་པ་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བས་ན། བསྐྱེད་རིམ་ལྷའམ་རྫོགས་རིམ་ཕྱག་རྒྱ་ཆེན་པོའམ། གཏུམ་མོ་ལ་སོགས་པ་གང་ལ་མོས་པ་དེ་བསྒོམ་པ་ཡིན།

དེ་ཡང་རྗེ་རིན་པོ་ཆེའི་ཕྱག་ལེན་རྡོ་རྗེ་འཆང་ནས་བརྒྱུད་པ་འདིའི་ཉམས་ལེན་ནི། བྱང་ཆུབ་ཀྱི་སེམས་གཉིས་དབྱེ་བ་མེད་པའི་ཏིང་ངེ་འཛིན་ཡིན་ཏེ། དེ་ལ་དང་པོ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་མཉམ་པར་འཇོག་པ་ནི། བརྟུལ་ཞུགས་ཆེན་པོས་དེ་ཉིད་ལ་རྩེ་གཅིག་ཏུ་མ་ཡེངས་པར་བསྒོམ། དེའི་ཚེ་བྱམས་པ་དང་སྙིང་རྗེ་ལ་སོགས་པའི་སེམས་སྐྱེས་ཀྱང་བར་ཆད་ཡིན་ལ། ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་དུག་ལྔའི་སེམས་སྐྱེ་བ་ལྟ་སྨོས་ཀྱང་ཅི་དགོས། དེས་ན་བྱང་ཆུབ་ཀྱི་སེམས་ལ་རྩེ་གཅིག་པ་དེ་བརྟན་པ་རི་བོའམ་ཟབ་པ་རྒྱ་མཚོ་ལྟར་བསྒོམས་པས། དང་པོ་ནས་མཉམ་པར་འཇོག་པ་དཀའ་ཡང༌། ཐུན་དཀྱིལ་ཙམ་དུ་སླེབ་པ་དང་རླུང་ནང་དུ་བཟློག དེ་ཡང་རླུང་ལྔའི་དྭངས་མ་དང་ཤེས་པ་འདྲེས་ནས། དབང་པོ་ལྔ་ལམ་བྱུང་སྟེ། ཡུལ་ལྔ་ལ་འཇུག་ཅིང་གཟུང་འཛིན་དང་ཆགས་སྡང་རྨོངས་གསུམ་སྐྱེ་བ་དེ་ནང་དུ་ལོག་པས། རླུང་དེས་བྱང་ཆུབ་ཀྱི་སེམས་སྟོབས་རྒྱས་ནས་ཟླ་བ་ཡར་གྱི་ངོ་བཞིན་དུ་འགྱུར། དེ་ལྟར་གྱུར་པའི་དུས་སུ་བྱང་ཆུབ་ཀྱི་སེམས་དེ་ཉིད་ལྷར་བསྐྱེད་དེ། དེས་ན་བདག་ཉིད་ཆེན་པོའི་གསང་གནས་སུ་དབང་གི་རྒྱལ་པོའི་བླ་མ་བསྒོམ། །ཞེས་གསུངས་པས། གསང་གནས་ནི་སྙིང་གི་དབུས་ཡིན་ལ། དབང་གི་རྒྱལ་པོ་ནི་ཆོས་རྗེ་བསྒོམ་དགོས་པ་ལགས་མོད། དེ་ལྟར་ཡང་ཞལ་སྔ་ནས། རང་རྡོ་རྗེ་འཆང་དུ་མ་གྱུར་ཚེ། །བརྒྱུད་པ་གོང་མ་མ་གཏོགས་པ། །རང་འཁོར་ལ་བསྒོམ་དུ་མ་འཇུག་ཅིག །འཁྲུལ་པ་ལ་ཉིང་འཁྲུལ་ནོན་ཉེན་གདའ། །གསུངས་པས། ཞལ་མཐོང་མ་མཐོང་མེད། གསུང་ཐོས་མ་ཐོས་མེད། དྲི་མེད་ཆོས་སྐུ་ཕྱག་རྒྱ་ཆེན་པོ་རྟོགས་པར་བྱེད་པའི་ལྷ། འགྲོ་བའི་བླ་མ་གཅིག་པུ་ཡིན་པས་བསྒོམ་པ་ལགས། དེ་ནས་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་འཇོག་པ་ཡིན། དེ་ལ་བྱང་ཆུབ་ཀྱི་སེམས་དབྱེ་བ་མེད་པའི་ཏིང་ངེ་འཛིན་ཟེར་བ་ལགས། །དེ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས། ནང་དུ་ཏིང་ངེ་འཛིན་གྱི་སྟོབས་རྒྱས་ནས་ཉི་མ་ནུབ་ཕྱོགས་སུ་འགྲོ་བ་འམ། ཆུ་བོ་གཞོལ་ཕྱོགས་སུ་འབབ་པ་ལྟར། དགེ་སྦྱོར་གྱི་ངང་ལ་ཤུགས་ཀྱིས་འགྲོ་བར་འགྱུར། དེ་ལྟར་བྱུང་བའི་དུས་སུ་ཨ་རེ་དགའ། ཐོ་ལེ་རྒྱལ་བྱས་ལ་ཟས་བཟང་པོ་བཟའ། གོས་འཇམ་པ་གོན། གྲོགས་མཐུན་པ་རྣམས་བོས་པས་མི་འོང༌། ཏིང་ངེ་འཛིན་སྐྱེ་དུས་སྐྱོང་དགོས་པ་ཡིན། སྐོང་བུ་དྲོས་དུས་ཕྱི་དགོས་པ་ཡིན། འདོད་ཡོན་ལ་མ་འབྱམ་པར་སྒྲུབ་པ་བྱོས་དང༌། སྐྱེས་བུ་རྣམས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་ནས། རང་གཞན་གྱི་དགོས་འདོད་ཐམས་ཅད་འགྲུབ་ཅིང༌། བླ་མའི་ཐུགས་ཀྱི་དགོངས་པ་ཡང་དེས་རྫོགས་པ་ཡིན། དེ་རྣམས་ཐམས་ཅད་ནང་དུ་སེམས་རྩེ་གཅིག་ཏུ་གནས་པའི་བྱིན་རླབས་ལགས་པས་ཁྱེད་རྣམས་ཀྱིས་དེ་ལྟར་ཐུགས་ལ་གཞག་པར་ཞུ་གསུངས།།

ཡང་བླ་མ་རིན་པོ་ཆེའི་ཞལ་སྔ་ནས། འཇིག་རྟེན་མགོན་པོས་དམ་པའི་ཆོས་བགྱི་བའི་དོན་མཐར་ཐུག་པ་དེ་གསང་སྔགས་རྡོ་རྗེ་ཐེག་པ་འདི་ལགས།

དེ་ཡང་རྡོ་རྗེའི་གོ་བ་ཇི་ལྟ་བུ་ཞིག་ཡིན་སྙམ་ན། རྡོ་རྗེ་བགྱི་བ་དེ་ནི་མི་འགྱུར་ཞིང་དངོས་པོ་གཞན་གྱིས་གཞིག་ཅིང་གཞོམ་པར་མི་ནུས་པ་ཞིག་ལ་ཟེར་བ་ཡིན་ཏེ། དེ་ལྟར་ཡང༌། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །སྲེག་ཅིང་བཅད་དུ་མེད་པ་དང༌། །གཞིག་ཅིང་གཞོམ་དུ་མེད་པས་ཏེ། །སྟོང་པ་ཉིད་ནི་རྡོ་རྗེར་བཤད། །ཅེས་གསུངས་པ་དེ་གཤིས་ཡིན། དེ་ལྟ་བུའི་གཤིས་དེ་རྟོགས་པར་བྱེད་པ་ལ། ངེད་ཀུ་སཱ་ལི་པའི་རྣལ་འབྱོར་པའི་ལུགས་ཀྱིས། ཉམས་སུ་ལེན་པའི་དབང་དུ་བྱས་ན། ཐབས་མཁས་པ་དང་ཤེས་རབ་ཟབ་མོ་གཉིས་སུ་བྱས་ན་འདུ་ལ། དེ་ཡང་བཅོམ་ལྡན་འདས་ཀྱིས་ཐབས་ཀྱི་རྒྱལ་པོ་ཕ་རྒྱུད་གསང་བ་འདུས་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་དང༌། ཤེས་རབ་ཀྱི་རྒྱལ་མོ་མ་རྒྱུད་སྒྱུ་མ་བདེ་མཆོག་ལ་སོགས་པ་དཔག་ཏུ་མེད་པ་ཞིག་གསུངས་ཏེ། མདོར་ན་སྔགས་རྒྱུད་སྡེ་བཞི། ཐེག་པ་རིམ་པ་དགུ་ལ་སོགས་པ་བསྟན་པ་ཐམས་ཅད་ཀྱང་ཐབས་ཤེས་རབ་གཉིས་སུ་འདུས་ལ། དེ་རྣམས་ཐམས་ཅད་ཀྱི་དོན།

དེ་ཉིད་རྒྱུད་ལ་སྐྱེ་བར་བྱེད་པ་ལ་ཐེག་པ་ཆེན་པོ་གསང་སྔགས་སུ་དབང་མཚན་ཉིད་དང་ལྡན་པ་ཞིག་ཐོབ་དགོས་པ་ལགས། དེ་ལ་བྱ་བའི་རྒྱུད་ཀྱི་དབང་བསྐུར་བས་འབྲས་བུ་ལྷ་མིའི་གོ་འཕང་ཐོབ། སྤྱོད་པའི་རྒྱུད་ཀྱི་དབང་བསྐུར་བས་རིག་པ་འཛིན་པ་ཐོབ། རྣལ་འབྱོར་རྒྱུད་ཀྱི་དབང་བསྐུར་བས་འཁོར་ལོས་བསྒྱུར་བ་ཐོབ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དབང་བསྐུར་བས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་སྟེ། བློ་གྲོས་འཇུག་པ་ལས། དང་པོ་ལྷ་མིའི་གོ་འཕང་ཐོབ། །གཉིས་པ་རིག་པ་འཛིན་པ་སྟེ། །གསུམ་པ་འཁོར་ལོས་བསྒྱུར་བ་ཐོབ། །བཞི་པ་དངོས་གྲུབ་ཀུན་གྱི་གཏེར། །ཞེས་གསུངས་པས་ཏེ།

དེ་ལྟ་བུའི་དབང་དེ་ཡང་རབ་བླ་མའི་སྐུའི་དཀྱིལ་འཁོར་ལས་ཐོབ་དགོས་པ་ལགས་མོད། དེ་ལྟར་ཡང་ཆོས་རྗེའི་ཞལ་ནས། རྗེ་བཙུན་སྐུའི་དཀྱིལ་འཁོར་ལས། །དབང་ཡོངས་སུ་རྫོགས་པ་མང་དུ་ཞུས། །གསུང་པ་དང༌། སློབ་དཔོན་རྡོ་རྗེ་དྲིལ་བུ་པས་ཀྱང་ལུས་ཀྱི་དཀྱིལ་འཁོར་མཆོག་ཏུ་གསུངས་པ་ལགས་མོད། འབྲིང་བགྱི་བ་དེ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལས་ཐོབ་པ་དགོས་པ་ལགས། དབང་བསྐུར་ཐ་མ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་པར་གསུངས། དེ་ཡང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པ་ནི་ཕྱོགས་གཅིག་ནས་ངོ་མཚར་ཆེ་ཡང༌། གོང་མ་རྣམས་ལ་ལྟས་ན་སྔགས་ཀྱི་སྣོད་དུ་རུང་བ་ཙམ་ཡིན་གསུངས། དེ་ལ་འདིའི་སྐབས་སུ་གཏམ་རྒྱུད་འདི་གསུངས་པར་གདའ་སྟེ། སྔོན་བསམ་ཡས་བཞེངས་པའི་དུས་སུ། སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་རྩིག་དབང་མ་བྱུང་པ་ལ། སློབ་དཔོན་པད་མ་སམྦྷ་བ་རྒྱ་གར་ནས་བྱོན་ནས་སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་རྣམས་བཏུལ་ནས་དཔལ་ནཱ་ལེན་དྲ་ལ་དཔེ་བྱས་ནས་བསམ་ཡས་བཞེངས་པར་གདའ། དེ་ལ་བོད་ཁམས་ཀྱི་རྟེན་འབྲེལ་ཡང་ བཞུགས་ཤིང༌། ཀ་བ་སྟོང་རྩ་གཉིས་ཡོད་པ་དེ་ཡང་བསྟན་པ་འདི་ལ་སངས་རྒྱས་སྟོང་རྩ་གཉིས་འབྱོན་པའི་རྟེན་འབྲེལ་ཡིན་གསུངས། དེས་ན་བསྟན་པའི་བྱ་བ་སློབ་དཔོན་གྱིས་དཔག་ཏུ་མེད་པ་མཛད་ནས། སླར་རྒྱ་གར་དུ་ཕར་བཞུད་པའི་དུས་སུ། རྒྱལ་པོ་དང་བཙུན་མོ་འཁོར་དང་བཅས་པ་སྐྱེལ་ཆུང་བྱས་པ་ལ། བཙུན་མོ་གཉིས་ཀྱིས་བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་བསྐྱལ། སང་ནས་སློབ་དཔོན་རྒྱ་གར་དུ་བཞུད་པའི་ཚེ། སློབ་དཔོན་གྱི་ཞལ་ནས། ངས་དོ་ནུབ་ཁྱེད་གཉིས་ལ་དབང་ཞིག་བསྐུར་བས་སྲོད་ལ་དྲིལ་བུ་སིལ་ཟེར་ཙ་ན་ཇོ་མོ་ཅོག་རོ་བཟའ་རང་ཚུར་ཤོག །ཐོ་རངས་སིལ་ཟེར་ཙ་ན་ཇོ་མོ་མཁར་ཆེ་བཟའ་མཚོ་རྒྱལ་རང་ཚུར་ཤོག་གསུང་སྐད། དེར་སྲོད་ལ་དྲིལ་བུ་བྱུང་བ་དང་ཅོག་རོ་བཟའ་སྤྱན་སྔར་ཕྱིན་པ་དང༌། བདག་ཉིད་རྩ་བའི་དཀྱིལ་འཁོར། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར། ཕུར་པ་རྫས་ཀྱི་དཀྱིལ་འཁོར་རྣམ་པ་གསུམ་ནམ་མཁའ་ལ་ལམ་མེ་སྤྲུལ་ནས་གདའ་སྐད། དེར་སློབ་དཔོན་གྱིས་ཁྱོད་ང་ལས་དབང་ལེན་ནམ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལས་དབང་ལེན་གསུངས་པས། ཇོ་མོའི་ཞལ་ནས་སློབ་དཔོན་ལས་དེ་སྔ་ཡང་བླངས། ཕྱིས་ཀྱང་བླངས་པས་ཆོག་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལས་དབང་ལེན་ཟེར་བ་དང༌། སློབ་དཔོན་གྱི་ཞལ་ནས་ཁྱོད་ང་ལས་མི་ལེན་པར། ངའི་སེམས་ཀྱི་ཆོ་འཕྲུལ་ལས་དབང་ལེན་གསུང་ནས། ཞལ་ནག་ཏིང་གིས་སོང་སྐད། དེར་དབང་བསྐུར་གདམས་ངག་བཅས་པ་བསྟན་ནས་བསྟོད་པ་དང་སྐུལ་བ་ལ་སོགས་པ་ནི་འཇིགས་འཇིགས་ནི་ཆེ་ཞིང་བྱིན་བརླབས་ནི་ཆུང་བ་ལགས་པར་གདའ། ཡང་ཐོ་རངས་དྲིལ་བུ་སིལ་ཟེར་བ་དང་ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་བྱོན་པ་དང་དཀྱིལ་འཁོར་རྣམ་པ་གསུམ་སྔར་ལྟར་སྤྲུལ་ནས་གདའ་སྐད། དེར་སློབ་དཔོན་གྱིས་སྔར་ལྟར་ཁྱོད་དབང་གང་ལས་ལེན་གསུངས་པ་དང༌། ཇོ་མོའི་ཞལ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལས་སྔར་ཡང་བླངས་པ་ཡིན། ད་ཕྱིས་ཀྱང་བླངས་པས་ཆོག་པ་ཡིན། ང་འབུ་སློབ་དཔོན་གྱི་སྐུའི་དཀྱིལ་འཁོར་ཉིད་ལས་དབང་ལེན་ཞུས་པས། དེར་སློབ་དཔོན་ཡང་མཉེས་གདམས་ངག་ཀྱང་ཟབ་ལ་བྱིན་རླབས་ཀྱི་བརྒྱུད་པ་ཡིན། དེའི་ཚེ་སློབ་དཔོན་གྱི་ཉུངས་དཀར་འབྲུ་བདུན་གནང་ནས་འདི་ཚོ་གཏུག་གིས་ཐུག་པའི་དུས་གཅིག་བྱུང་ན་ངའི་ཕྱོགས་སུ་གཏོར་ལ་ཐོང་ཞིག ཡར་ལུང་ཤེལ་གྱི་བྲག་ཕུག་ཏུ་སྒྲུབ་པ་གྱིས་ཤིག ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་ཐོབ་ནས་ང་དང་མཇལ་ནས་འོང་གིས་གསུངས། དེ་ནས་ཇོ་མོས་དེ་ཁོ་ན་ལྟར་སྒྲུབ་པ་བྱེད་བཞིན་བཞུགས་པའི་དུས་སུ་ཕ་མིང་གིས་བག་མར་བཏང་བས་ཁུག་པོ་བྱུང་བ་ལ་ཐབས་གཞན་མེད་ནས། དེའི་དུས་སུ་སྔར་ཡུངས་དཀར་གནང་ནས་སྡུག་བསྔལ་བྱུང་དུས་སུ་གཏོར་ལ་ཐོང་གསུངས་པ་དེ་དྲན་ནས། དེ་འདི་ལ་དགོངས་པ་ཡིན་སྙམ་ནས་སློབ་དཔོན་གྱི་ཕྱོགས་སུ་གཏོར་བས་སྐུའི་སྟེང་དུ་བབས་ནས། དེར་སློབ་དཔོན་གྱིས་ཕུང་བྱེད་སྦས་མ་བཞི་དང༌། ཁྲོ་བོ་ཨརྻ་ཨ་ཙ་ལ་བཏང་བས། ཁྲོ་བོས་ཕོ་ལྷའི་འགྲམ་པ་བཅག མ་བཞིས་རྟའི་སུག་པ་བཞི་ནས་བཏེགས་ནས་ལྷོ་བྲག་མཁར་ཆུར་བསྐྱལ་ནས། དེར་སྒྲུབ་པ་མཛད་པས་མཆོག་གི་དངོས་གྲུབ་ཐོབ་ནས། སློབ་དཔོན་གྱི་སྤྱན་སྔར་ཕྱིན་ཏེ་ད་ལྟ་ཡང་བཞུགས་པ་ལགས་པར་གདའ། ཇོ་མོ་ཅོག་རོ་བཟའ་ནི་ཕྱིས་གྲིར་ཤི། ཆོས་ཀྱང་བྱིན་བརླབས་ཀྱི་བརྒྱུད་པ་མིན། ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱི་བརྒྱུད་པ་ནི་ཨ་ཅེ་སྣ་ནམ་བཟའ་དབང་ཕྱུག་སྒྲོན་མ་ཡིན་ལ། དེ་ནས་བརྒྱུད་པའི་ཕུར་པ་ནི་ཆོས་རྗེའི་ཡབ་ཡེ་ཤེས་ཀྱི་ཐུགས་དམ་ཡིན། ཆོས་ཀྱི་རྗེ་ཉིད་ཀྱང་ཐུགས་དམ་མཛད་པ་ལགས་ཏེ། དེ་རྣམས་ཅི་ལ་གླེང་བསླང་བགྱིས་པར་གྱུར་ན།

དབང་བསྐུར་བགྱི་བ་དེ་བླ་མའི་སྐུའི་དཀྱིལ་འཁོར་ལས་ཐོབ་དགོས་པ་ཡིན་པས། དབང་གི་གོ་བ་ནི་རང་སེམས་ལ་དབང་ཐོབ་པའི་དོན་གྱིས་ན་དབང་བྱ་བ་ཡིན། སེམས་ཆོས་ཀྱི་སྐུར་མ་རྟོགས་ཤིང་དེ་ལ་དབང་མ་ཐོབ་ན། ལྷ་རིགས་མི་གཅིག་པ་སྟོང་གི་དཀྱིལ་འཁོར་དུ་བཞུགས། མགོ་ཐོག་ཏུ་རིན་པོ་ཆེ་གསེར་དངུལ་གྱི་བུམ་པ་བརྒྱ་བཞག ཆུ་བོ་གངྒཱས་ལུས་བཀྲུས་ཀྱང་དབང་མ་ཐོབ་པ་ཡིན་གསུངས། འོན་ཀྱང་སྔགས་ཀྱི་སྣོད་དུ་རུང་བར་བྱས་པ་ཙམ་ཡིན། དེ་ནས་དབང་རྣམ་པར་དག་པ་ལས་རྟོགས་པའི་དོན་རང་སེམས་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་སྐུ་དེ་ལམ་ཐབས་ཤེས་རབ་དབྱེར་མེད་དུ་ཉམས་སུ་ལེན་པ་ཡིན་ཏེ། དེ་ལ་བཅོམ་ལྡན་འདས་ཀྱིས་གཞི་གནས་པ་སེམས་ཅན་གྱི་དུས། ལམ་སྒོམ་པ་རྣལ་འབྱོར་གྱི་དུས། སྒྲིབ་པ་གསུམ་སྤངས་པ་སངས་རྒྱས་ཀྱི་དུས། མདོར་ན་ཐམས་ཅད་ཐབས་དང་ཤེས་རབ་ཀྱི་འཁོར་ལོ་འབའ་ཞིག་ཏུ་གསུངས་པ་ལགས། དེས་ན་སྐྱེས་བུ་རྣམས་ཐབས་བགྱི་བ་དེ་སྟོན་པ་རྡོ་རྗེ་འཆང་གིས་གསུངས་པའི་ཕ་རྒྱུད་མ་རྒྱུད་རྣམས་དང༌། དེའི་ཉམས་ལེན་གྱི་གནད་བསྡུས་པ་གདམས་ངག་རིན་པོ་ཆེ་རྣམས་ན་ཡོད་པ་ཡིན་སྙམ་དུ་མི་དགོངས། ཐབས་བགྱི་བ་དེ་རང་རེ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐྱེ་བ་དང་འགག་པ་དང་གནས་པའི་ཆ། མདོར་ན་རྣམ་པར་རྟོག་པའི་བྱེ་བྲག་ཇི་སྙེད་ཅིག་ཡོད་པ་དེ་ཐབས་ཡིན། ཤེས་རབ་ནི་དེའི་རང་བཞིན་སྐྱེ་འགག་ལ་སོགས་པ་དང་བྲལ་བ་ནམ་མཁའ་ལྟ་བུ་ལགས་ཏེ། དཔེར་ན་ནམ་མཁའ་ལ་ཕན་འདོགས་པ་དང་གནོད་པ་སྐྱེལ་བའི་ཡུལ་ལས་འདས་པ་ལགས། མཚོན་དཀར་ནག་གང་གིས་ཀྱང་གོས་པ་མེད་པ་ཡིན། སྤྲིན་དང་ཁུག་སྣ་ལ་སོགས་པ་གང་གིས་ཀྱང་སྒྲིབ་པར་མི་ནུས་པ་ལྟར་སེམས་ཉིད་གདོད་མ་ནས་མ་སྐྱེས་པ་ལ་ཕན་གནོད་དེ་ལས་དང་ལས་ཀྱི་འབྲས་བུ་ལ་སོགས་པ་གང་གིས་ཀྱང་སྒྲིབ་པས་མི་གོས་པས་ན་ཤེས་རབ་ཟབ་མོ་ཟེར་བ་ལགས། དེ་ལྟར་ཡང་རྒྱུད་བླ་མ་ལས། ཇི་ལྟར་ནམ་མཁའ་ཀུན་སྟོང་པ། །ཕྲ་ཕྱིར་ཉེས་པས་གོས་པ་མེད། །དེ་བཞིན་སེམས་ཅན་ཐམས་ཅད་ལ། །གནས་འདིར་ཉེས་པས་གོས་པ་མེད། །བགྱི་བ་གསུངས། དེར་མ་ཟད་རྒྱ་ཆེ་བར་བསྟན་ན་སྟོང་གསུམ་གྱི་སྟོང་ཆེན་པོ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱའམ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་མཉམ་པ་རབ་འབྱམས་ཆོས་ཀྱི་དབྱིངས་ཀྱི་བཀླས་པ། མདོར་ན་དུས་གསུམ་ཤེས་བྱའི་དཀྱིལ་འཁོར་དུ་སྣང་བ་ཐམས་ཅད་ཐབས་ཡིན། དེའི་རང་བཞིན་ཕྱག་རྒྱ་ཆེན་པོ་གཅིག་ཏུ་ཤེས་པ་དེ་ཤེས་རབ་ཡིན་ལ། དེ་ཚུར་ལ་འུབས་ཀྱིས་བསྡུས་ནས་ཉམས་སུ་ལེན་པའི་དབང་དུ་བྱས་ན། བསྐྱེད་རྫོགས་གཉིས་སུ་འདུས་པ་ཡིན་ཏེ། བསྐྱེད་རིམ་ཐབས། རྫོགས་རིམ་ཤེས་རབ། བསྐྱེད་རིམ་ཉིད་རྫོགས་རིམ། རྫོགས་རིམ་ཉིད་བསྐྱེད་རིམ་ལ་སོགས་ཏེ་དེ་ལྟར་ཡང༌། ཆོས་རྗེའི་ཞལ་ནས་སྒྱུ་མ་ལྟ་བུའི་ལྷ་སྐུ་སྒོམ་གསུངས་པས། དེ་ལྟར་ཟུང་འཇུག་དབྱེར་མེད་དུ་རྟོགས་པར་བྱེད་པ་ལ་ཕོ་ཉའི་ལམ་པ་དང་མོས་གུས་ཀྱི་ལམ་པ་གཉིས་ཡིན་གསུངས། ཕོ་ཉའི་ལམ་པ་དེ་རྗེ་བཙུན་ཆེན་པོ་ཡན་ཆད་ལ་མངའ་ཡང་རྗེ་བཙུན་ཆེན་པོ་མན་ཆད་ནས་བཀའ་རྒྱ་མཛད་ནས་ཚུལ་ཁྲིམས་དང་ཡོན་ཏན་བསྐྱེད་པའི་ལམ་ཡིན་གསུངས། དེ་ལ་མོས་གུས་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུ་ཡིན་སྙམ་དུ་མོས་གུས་དང་འདུན་པ་བཏུང་བཏུང་པོའི་སྟོབས་སུ་གཏོང་བ་ཡིན་ཏེ། ད་ཕྲུག་ཕ་མས་གདུངས་པའམ། བཀྲེས་པ་ཟས་ཀྱིས་གདུངས་པའམ། བསྐོོམ་པ་ཆུས་གདུངས་པ་ལྟ་བུར་བླ་མ་དང་སྐད་ཅིག་ཙམ་ཡང་མ་འབྲལ་བར་བྱ། ཐབས་བྱ་བ་དེར་འདུས་སོ། །དེ་ལྟར་མོས་གུས་ལ་སྟོབས་བཏང་བའི་དུས་སུ་ཤེས་རབ་བྱ་བ་དེའི་ངང་ནས་ཆེད་དུ་སྒྲུབ་མི་དགོས་ཏེ་ལྷུན་གྲུབ་ཏུ་འབྱུང༌། དེ་ལ་དུས་ཀྱི་སྣ་རྩེ་ཞེས་བྱ། སེམས་ཀྱི་གསང་ཞེས་བྱ། དེའི་ཚེ་བླ་མ་རྟོགས་ལྡན་ཞིག་གིས་ངོ་སྤྲད་ན། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལ་ཕྱི་ཕྱག་བྱས་ནས། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་ཏུ་རྟོགས་ནས་མཆི། ལར་སྐྱེས་བུ་རྣམས་གང་ལ་ཡང་ཉམ་ང་བྱ་མི་དགོས། ཡང་ཁྲོལ་གྱིས་བཏང་བས་ཆོག ལེགས་ཉེས་དང་བདེ་སྡུག་མཐོ་དམན་ཐམས་ཅད་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོའི་ཆོ་འཕྲུལ་འབའ་ཞིག་ཡིན། དེ་ལ་བདག་གཞན་དང་བྲལ་བའི་ཚུལ་གྱིས་མཉམ་བཞག་ཆེན་པོའི་ངང་ལ་ཕྱམ་གྱིས་ཞོག་མཛོད་ཅིག དེའི་ངང་སྒྱུ་མའམ་རྨི་ལམ་གྱི་ཚོད་ཙམ་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྒོ་དུ་མ་ནས་བསགས་འཚལ་གསུངས། སེམས་བསྐྱེད། བསྔོ་བ་དང་སྨོན་ལམ་ལ་སོགས་པ་ཡངས་ཤིང་མུ་མེད་པར་བསྒྲུབ་པར་བྱ། དེ་ཉིད་ནི་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ་བགྱི་བར་མཆི་བ་ལགས། ལར་མང་པོའི་ཆོས་མི་ཟིན་པས། འོ་སྐོལ་སྒོམ་ཆེན་པ་ནི་ཚིག་ཏུ་ཉུང་ལ་དོན་དུ་འདྲིལ་བ་ཞིག་གལ་ཆེ་བ་ཡིན། དཔལ་ཕག་མོ་གྲུ་པའི་ཞལ་སྔ་ནས། ལར་ན་སྒོམ་ཆེན་པའི་ཆོས་ལ་ས་བཅད་གདབ་རྒྱུ་དང༌། སྐད་སྐད་ཀྲིག་ཀྲིག་མང་པོ་མི་འཚལ། སེམས་ལ་གང་ཕན་ཕན་སྟོན་པ་ཡིན། སེམས་ལ་མ་ཕན་ན་པོ་ཏི་བྱུང་ཤད་ཤེས་ཀྱང་མི་ཕན་གསུངས། ལར་དགེ་འདུན་རྣམས། རང་ལ་ཡོན་ཏན་མེད་ན་བརྒྱུད་པ་བཟང་ཡང་མི་ཕན། ཆོས་ཉམས་སུ་མ་བླངས་ན་གདམས་ངག་ཟབ་ཀྱང་མི་ཕན་པས། འདི་ལྟ་བུའི་ཆོས་འདི་དང་པོར་གོ་དགོས་པ་ལགས། གོ་ནས་ཐུགས་ཉམས་སུ་བཞེས་འཚལ་བས། བུ་རྣམས་ཐུགས་ལ་དེ་ལྟར་བཞག་པར་ཞུ་གསུངས།།

ཡང་བླ་མ་རིན་པོ་ཆེའི་ཞལ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་ཐུགས་ཀྱི་དཀྱིལ་འཁོར་དུ་བཅུག་ནས་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་པ་གསུམ་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ཡང་སེམས་ཅན་གྱི་དོན་དུ་བསགས། ཐ་མ་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ནས་ བཀའ་འཁོར་ལོ་རིམ་པ་གསུམ་བསྐོར་བ་ཡང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རིམ་པར་བསྐོར་བ་སྟེ། དེ་ཡང་སེམས་ཅན་གྱི་རྒྱུད་ལ་ཉོན་མོངས་པ་འདོད་ཆགས་ལས་གྱུར་པ་ཉི་ཁྲི་ཆིག་སྟོང༌། ཞེ་སྡང་ལས་གྱུར་པ་ཉི་ཁྲི་ཆིག་སྟོང༌། གཏི་མུག་ལས་གྱུར་པ་ཉི་ཁྲི་ཆིག་སྟོང༌། དུག་གསུམ་ཆ་མཉམ་པ་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་སྟེ། མདོར་ན་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར། ཆོས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ལགས་ཏེ། དེ་ལ་ཏིང་ངེ་འཛིན་གྱི་སྒོ་བརྒྱད་ཁྲི་བཞི་སྟོང་དང༌། གཟུངས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་འདུའོ། །དེ་ལས་བསྡུས་པར་གྱུར་ན་ཉོན་མོངས་པ་དེ་རྣམས་ཐམས་ཅད་ཀྱང་རྩ་བ་དུག་གསུམ་དུ་འདུས་པས་ན། ཆོས་ཀྱི་སྒོ་དེ་རྣམས་ཀྱང་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་དུ་འདུས་ལ། རྗོད་བྱེད་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་དུ་འདུས་སོ། །དེ་ཡང་རྗོད་བྱེད་འདུལ་བའི་སྡེ་སྣོད་ཀྱི་བརྗོད་བྱ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བསྟན་པ་དེ་ཉམས་སུ་བླངས་པས་ཉོན་མོངས་པ་རགས་པ་འདུལ་བར་བྱེད་པ་ཡིན་ལ། དེ་བཞིན་དུ་མདོ་སྡེ་ཏིང་ངེ་འཛིན་གྱི་བསླབ་པ་ཉམས་སུ་བླངས་པས་ཉོན་མོངས་པ་ཕྲ་བ་འདུལ་བར་བྱེད་པ་ཡིན། མངོན་པ་ལ་ཕྱི་ནང་གཉིས་ལས། ནང་མངོན་པ་ནི། གསང་སྔགས་རྡོ་རྗེའི་ཐེག་པ་ཡིན་པས། དེས་ན་རྗོད་བྱེད་མངོན་པའི་སྡེ་སྣོད་ཀྱི་བརྗོད་བྱ་ལྷག་པ་ཤེས་རབ་ཀྱི་བསླབ་པ་བསྟན་པ་དེ་ཉམས་སུ་བླངས་པས། ཉོན་མོངས་པ་ཕྲ་བ་དང་བག་ལ་ཉལ་དང་བཅས་པ་ཐམས་ཅད་རྩ་བ་ནས་འདག་ཅིང་འདུལ་བར་བྱེད་པ་ཡིན། དེས་སྐྱེས་བུ་རྣམས་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ཉོན་མོངས་པ་སྤོང་བའམ་འདུལ་བའི་གཉེན་པོ་འབའ་ཞིག་ཏུ་གསུངས་པ་ལགས་མོད། དེ་གང་ཟག་གི་རྒྱུད་ལ་སྡོམ་པ་གསུམ་ལྟར་ཉམས་སུ་ལེན་པ་ཡིན། དེ་ཡང་ལ་ལའི་བཞེད་པ་ཉན་ཐོས་ཀྱི་འདུལ་ཁྲིམས། བྱང་ཆུབ་སེམས་དཔའི་བསླབ་པ། སྔགས་ཀྱི་དམ་ཚིག་གསུམ། གཞི་ལམ་འབྲས་བུ་གསུམ་ག་མི་གཅིག ཉན་ཐོས་ཀྱི་སོ་སོ་ཐར་པ་བླངས་ནས་དེ་མ་ཉམས་པར་བསྲུངས་པས་འབྲས་བུ་དགྲ་བཅོམ་པ་ཐོབ། བྱང་ཆུབ་སེམས་དཔའི་སྡོམ་པ་མ་ཉམས་པར་བསྲུངས་པས། གྲངས་མེད་གསུམ་གྱིས་སྤྲུལ་སྐུ་ཐུབ་ཆེན་ལྟ་བུ་ཐོབ། སྔགས་ཀྱི་རྟོགས་ལམ་དབང་བསྐུར་ནས་ལམ་དུ་བསྐྱེད་རྫོགས་བསྒོམས་པས་འབྲས་བུ་རྡོ་རྗེ་འཆང་ཆེན་པོ་ཐོབ་པ་ཡིན། མི་གཅིག་ཟེར་བ་ཡོད་དེ་དེ་སོ་སོའི་འདོད་པ་ཡིན། (འདིར་ཆོས་རྗེའི་བཞེད་པ་སྡོམ་པ་གསུམ་པོ་གང་ཟག་ཅིག་གི་རྒྱུད་ལ་རྟེན་འབྲེལ་གསུམ་གྱི་ཚུལ་དུ་གནད་གཅིག་པར་གསུངས་པ་ལགས།) དེ་ལ་ཕྱི་ནང་རྟེན་འབྲེལ་གསུམ་གནད་གཅིག་པ་ལགས་ཏེ།

དེ་ཡང་སོ་སོ་ཐར་པའི་སྡོམ་པའི་ངོ་བོ་བཅས་པ་དང་རང་བཞིན་གཉིས་ལས། རང་བཞིན་མི་དགེ་བ་བཅུས་སྡུག་བསྔལ་བསྐྱེད་པས་སྤང་བྱ་ཡིན་ལ། གཉེན་པོ་བཅས་པ་དེས་སྤང་བྱ་མི་དགེ་བཅུ་སྤངས་ཤིང་དགེ་བ་བཅུ་བསྒྲུབ་པ་ལས་མི་བདོག འདུལ་བ་ནས་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བསྟན་ཀྱང་དོན་འདིར་འདུས། བྱང་ཆུབ་སེམས་དཔའི་སྡོམ་པར་ཡང་མི་དགེ་བཅུ་སྤོང་བ་འདི་སྡོམ་པའི་ཚུལ་ཁྲིམས། དགེ་བ་བཅུ་བསྒྲུབ་པ་དེ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སྤང་སྒྲུབ་གཉིས་དང་ལྡན་པའི་སྒོ་ནས་གཞན་གྱི་དོན་བྱེད་པ་དེ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཡིན། མདོར་ན་བསམ་པ་དང་ཡུལ་ན་འཕོས་པ་མ་གཏོགས་པ་སོ་སོར་ཐར་པའི་སྡོམ་པ་དང་གཅིག་པ་ལགས། ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་གསུམ། སྡེ་ཚན་དེ་དག་གི་དོན་ཐམས་ཅད་ཀྱང་འདིར་འདུས་ཏེ། དེ་ལྟར་ཡང་རྒྱས་པ་ལས། བདག་ཀྱང་སྲོག་གཅོད་པ་སྤངས་པ་ཡིན་ཏེ། གཞན་ཡང་སྲོག་གཅོད་པ་སྤོང་བ་ཡང་དག་པར་བསྐུལ་ལོ། །ཞེས་པ་ལ་སོགས་པ་རྒྱ་ཆེ་བར་གསུངས་ནས་གདའ་བ། གསང་སྔགས་རིག་པ་འཛིན་པའི་དམ་ཚིག་ཏུ་ཡང་མི་དགེ་བཅུ་སྤོང་ཞིང༌། གཉེན་པོ་དགེ་བ་བཅུ་བསྒྲུབ་པར་གསུངས་ཏེ། སྨོན་ལམ་དབང་གི་དམ་ཚིག་འབོགས་པའི་ཚེ་ན། སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །ཞེས་པ་དང༌། དགྱེས་པ་རྡོ་རྗེ་ལས་ཀྱང༌། དང་པོ་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་སྦྱིན། །དེ་ནས་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པའང་དེ་བཞིན་ནོ། །དེ་ཡི་རྗེས་ལ་དབུ་མ་བསྟན། །སྔགས་ཀྱི་ཡན་ལག་ཀུན་ཤེས་ནས། །དེ་རྗེས་ཀྱེའི་རྡོ་རྗེ་བརྩམ། །ཞེས་གསུངས་པས། དགེ་བ་བཅུས་རྒྱུད་དག་པ་ཞིག་མ་གཏོགས་པར་ལམ་གོང་མ་སྔགས་ཀྱི་ཡོན་ཏན་ཐམས་ཅད་མི་འབྱུང་བས་མདོར་ན་ཕྱི་རྟེན་འབྲེལ་ཀྱང་སྡོམ་པ་གསུམ་གནད་གཅིག་པ་ཆོས་ཀྱི་གཤིས་སམ་བབས་ཡིན། མི་དགེ་བ་བཅུ་མི་སྤོང་བའི་ཆོས་དེ་བཞིན་གཤེགས་པས་ཀྱང་གཏན་ནས་མི་གསུང་བ་ཡིན། (འདིར་ཆོས་རྗེའི་བཞེད་པ། སོ་སོ་ཐར་པའི་སྡོམ་པ་ལ་ཉེས་པས་མ་གོས་པའི་དུས་སུ་དགའ་བ་དང་འགྱོད་པ་མེད་པའི་སེམས་སྐྱེ། མེ་ལོང་རྣམ་པར་དག་པ་ལ་གཟུགས་གསལ་བ་དང་འདྲ་སྟེ། དེས་ཏིང་ངེ་འཛིན་གང་ལ་མཉམ་པར་བཞག་ཀྱང་ཞོག་ལ། སྡོམ་པ་ལ་ཉེས་སྐྱོན་བྱུང་བའི་གང་ཟག་དེས། ཏིང་ངེ་འཛིན་གང་ལ་མཉམ་པར་བཞག་ཀྱང་ཉམས་གྲིབ་བམ་མི་དགེ་བའི་མཐུས། འགྱོད་པ་དང་བཅས་པའི་སེམས་དེས། བློ་རྣམ་པར་གཡེངས་ནས་ཏིང་ངེ་འཛིན་གྱི་ཡོན་ཏན་མི་འབྱུང་སྟེ། མེ་ལོང་གཡའ་མ་དག་ལ་གཟུགས་མི་གསལ་བ་དང་འདྲ་གསུངས།) དེ་ལྟར་ཡང་སོ་སོ་ཐར་པའི་མདོ་ལས། ཚུལ་ཁྲིམས་ལྡན་པ་དགའ་བ་ཀུན་གྱི་གནས། །ཞེས་པ་ལ་སོགས་པ་དང༌། སྡུད་པ་ལས་ཀྱང༌། དགའ་དང་འདུན་པ་བསྐྱེད་པ་མྱུར་དུ་བྱང་ཆུབ་རེག ཅེས་གསུངས་པས། མདོར་ན་ཕྱི་རྟེན་དག་པས་ན་འགྲུབ་པ་ཡིན་མོད།

གཉིས་པ་བྱང་ཆུབ་སེམས་དཔའི་སྡོམ་པར་ཡང༌། ཚུལ་ཁྲིམས་ལ་ཉེས་པ་ལ་སོགས་མ་གོས་པའི་དུས་སུ་དགའ་བའི་སེམས་སྐྱེ། སེམས་དེ་ལ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་བྱ་སྙམ་པ་ལ་སོགས་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་ཞིང་བརྟན་པ་ཐོབ་པར་འོང་སྟེ། དེ་ལ་བྱང་ཆུབ་སེམས་ཀྱི་གྲུབ་ཐོབ་ཟེར་བ་ཡིན། སྐྱེས་བུ་རྣམས་གྲུབ་ཐོབ་ཀྱི་གོ་བ་ཡང་ནམ་མཁའ་ལ་འཕུར་ཤེས་པ་ལ་སོགས་པ་ལ་གྲུབ་ཐོབ་མི་ཟེར། རི་བོ་ལྟར་བྱང་ཆུབ་ཀྱི་སེམས་འཕོ་འགྱུར་མེད་པ་དེ་ལ་ཟེར་བ་ལགས་ཏེ། དཔེར་ན་རི་རབ་ཆེན་པོ་རྣམ་པར་མཐོ་བའི་རླུང་གིས་བསྐྱོད་མི་ནུས་པའམ། རྒྱ་མཚོ་ཆེན་པོ་འདོམ་དགུ་མན་ཆོད་མི་གཡོ་བ་དང་འདྲ་ཞིང་ཇོ་བོ་རྗེས་སྙེ་ཐང་དུ་བྱམས་སྒྲོལ་ཞལ་གཟིགས་པ་ལྟ་བུ་ལགས། ལར་ནི་ཚུལ་ཁྲིམས་ལ་ཉེས་པས་གོས་ན་རྩ་བ་ཆད་པའི་སྡོང་པོ་ལ་མྱུ་གུ་དང་སྡོང་པོ་ལ་སོགས་པ་མི་འབྱུང་བ་ལྟར། བྱང་ཆུབ་སེམས་ཀྱི་ཡོན་ཏན་ལ་སོགས་པ་གཏན་ནས་མི་སྐྱེ།

གསུམ་པ་རིག་པ་འཛིན་པའི་སྡོམ་པར་ཡང་ཚུལ་ཁྲིམས་ལ་ཉེས་པས་མ་གོས་ཤིང་འགྱོད་པ་མེད་པའི་སེམས་དེ་ལས། སྔགས་ཀྱི་ཡོན་ཏན་དང་དངོས་གྲུབ་ཐམས་ཅད་འབྱུང་བ་ལགས་ཏེ། དེ་ཡང་སྔགས་ཞེས་བགྱི་བའི་གོ་བ་ཡང་དྲི་མ་འཁྲུ་བ་དང་ནུས་པ་འཇོག་པ་གཉིས་ཡིན་ཏེ། བུམ་དབང་གིས་ལུས་ལྷར་ངོ་སྤྲད་ནས་ལུས་ཀྱི་སྡོམ་པ་སྲོག་གཅོད་པ་ལ་སོགས་པ་གསུམ་མ་ཉམས་པས། ལུས་བསྐྱེད་རིམ་ལྷའི་རྣལ་འབྱོར་ལ་བརྟན་པ་ཐོབ། གསང་དབང་གིས་ངག་སྔགས་སུ་ངོ་སྤྲད་ནས་ངག་གི་སྡོམ་པ་ཚིག་རྩུབ་མོ་ལ་སོགས་པ་མ་ཉམས་པས། ངག་བཟླས་པ་གསུང་གི་འཁོར་ལོ་ལ་བརྟན་པ་ཐོབ། དབང་གསུམ་པ་དང་བཞི་པ་བསྐུར་བས་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆོས་ཀྱི་སྐུར་ངོ་སྤྲད་ནས། ཡིད་ཀྱི་སྡོམ་པ་བརྣབས་སེམས་དང་གནོད་སེམས་ལ་སོགས་པ་གསུམ་མ་ཉམས་པས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལ་བརྟན་པ་ཐོབ་སྟེ། དེ་ལྟ་བུ་ཡང་རྒྱུད་དག་པ་ཁོ་ན་ལས་འབྱུང་ལ་མ་དག་པར་གྱུར་ན་དམ་ཚིག་ཉམས་པའི་མེས་ཡོན་ཏན་གྱི་ཚོགས་ཐམས་ཅད་བསྲེགས་ཏེ། སླད་ལུས་བྲོ་གཅོང་དུ་འགྱུར། དེ་ལྟར་ཡང་ལུང་ལས། ཚུལ་ཁྲིམས་འཆལ་པས་སྔགས་འགྲུབ་པར། །རྒྱལ་བ་རྣམས་ཀྱིས་མ་གསུངས་ཏེ། །མྱ་ངན་འདས་གྲོང་འགྲོ་བ་ནི། །ཡུལ་དང་ཕྱོགས་ཀྱང་མ་ཡིན་ནོ། །ཞེས་གསུངས་སོ། །ལར་མདོར་བསྡུས་པར་གྱུར་ན་ཕྱི་རྟེན་འབྲེལ་ཚུལ་ཁྲིམས་རིན་པོ་ཆེ་ལ་བརྟེན་ནས། ནང་རྟེན་འབྲེལ་ལྷག་པའི་བསམ་པ་རྣམ་པར་དག་པ་རྒྱུད་ལ་སྐྱེ། དེ་ཉིད་ལ་ཏིང་ངེ་འཛིན་གྱི་ཡོན་ཏན་ཐམས་ཅད་འབྱུང་སྟེ། དཔེར་ན་ཆུ་དྭངས་པ་ལ་གཟུགས་བརྙན་གསལ་བར་སྣང་བ་དང་འདྲ་གསུངས། དེས་ན་སྡུད་པ་ལས། ཚུལ་ཁྲིམས་ཀྱིས་ནི་ཞི་བ་འདོད་རྣམས་འཕགས་པར་འགྱུར། །སྟོབས་བཅུའི་སྤྱོད་ཡུལ་གནས་ཤིང་ཚུལ་ཁྲིམས་ཉམས་པ་མེད། །ཅེས་གསུངས་པས་ན། སྡོམ་པ་གསུམ་གནད་གཅིག་པ་ལགས་མོད།

གསུམ་པ་གསང་བ་རྟེན་འབྲེལ་ཡང༌། སྡོམ་པ་གསུམ་གནད་གཅིག་པ་ཡིན་ཏེ། དེ་ཡང་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཀུན་ད་ལྟ་བུ་དེ་ཡིན། འདི་ལ་སོ་སོ་ཐར་པ་དྲན་ཤེས་བཞིན་དུ་ཉམས་ན་ཕམ་པ་དང་ལྷག་མ་གཉིས་ཕོག་སྟེ། ཕམ་པ་ནི་སྡོམ་པ་ཤོར་བ་ཡིན་ལ། ལྷག་མ་ནི་ཡུལ་གཉིས་ལ་བཤགས་དགོས་ཤིང༌། ཐུན་ཚོད་ལས་འདས་ན་དགེ་འདུན་ལྷག་མའི་སྡེར་འགྱུར་ལ། སྡོམ་ལ། མི་ཚངས་སྤྱོད་དང་ཞེས་པ་དང༌། ཁུ་བ་འཛིན་དང་ཞེས་དང་པོར་བཀག་པ་ལགས། ལར་ན་གསང་བ་རྟེན་འབྲེལ་འདི་སོ་སོ་ཐར་པའི་སྡོམ་པའི་རྩ་བའི་སྲོག་ལྟ་བུ་ཡིན། དེ་ཉིད་མ་ཉམས་ན་ཡོན་ཏན་ཐམས་ཅད་འབྱུང་སྟེ། ཚུལ་ཁྲིམས་ལྡན་པའི་དགེ་སློང་འོད་དང་ལྡན། །ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག །ཅེས་པ་ལ་སོགས་པ་ཐམས་ཅད་ཀྱང་འདི་ཁོ་ནའི་བྱེད་པ་ལགས་གསུངས།

གཉིས་པ་བྱང་ཆུབ་སེམས་དཔའི་སྡོམ་པར་ཡང༌། གསང་བ་རྟེན་འབྲེལ་མ་ཉམས་ན་བྱང་ཆུབ་སེམས་ཀྱི་སྟོབས་སུ་འགྱུར་རོ། །རྩ་ཐམས་ཅད་བྱང་ཆུབ་སེམས་ཀྱི་རྩ། རླུང་དང་ཐིག་ལེ་ཐམས་ཅད་བྱང་ཆུབ་སེམས་ཀྱི་རླུང་དང་ཐིག་ལེར་གྱུར་ནས། དེ་རྣམས་ཚོགས་པའི་རྟེན་འབྲེལ་གྱིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ན་ཡང༌། རང་གཞན་ཐམས་ཅད་ཀྱི་དོན་ཕུན་སུམ་ཚོགས་པ་འབྱུང་ཞིང༌། བྱང་ཆུབ་ཀྱི་སེམས་དེའི་ངོ་བོར་སངས་རྒྱས་པའི་ཚེ་ན་ཡང༌། ཐུབ་པའི་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་ཉེ་བར་མཛེས་པ་དེ་ཉིད་ཀྱང༌། བྱང་ཆུབ་ཀྱི་སེམས་འཇུག་སེམས་སྡོམ་པའི་ངོ་བོས་ཁྱད་པར་དུ་བྱས་པ་ལས་བྱུང་ བ་ལགས་མོད། ཐིག་ལེ་ཉམས་པར་གྱུར་ན་ཚ་སྒོ་ཅན་གྱི་ཐང་ལ་ལོ་ཐོག་མི་འབྱུང་བ་དང་འདྲ་བར། ཕན་བདེའི་འབྲས་བུ་མི་འབྱུང་བར། དེས་ན་གཅེས་སྤྲས་ཆེན་པོ་མཛད་པར་ཞུའོ། །

གསུམ་པ་གསང་སྔགས་རིག་པ་འཛིན་པའི་དམ་ཚིག་ཏུ་ཡང༌། དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་གསང་བ་རྟེན་འབྲེལ་ཡིན་ཏེ་སྲོག་གི་དབང་པོ་དང་འདྲ། དཔེར་ན་སྐྱེས་བུའི་སྲོག་གི་དབང་པོ་འགགས་པའི་དུས་ན་མིག་གཟུགས་ལ་བལྟར་མེད། རྣ་བ་དང་སྣ་དང་ལྕེ་ལ་སོགས་པའི་དབང་པོ་གཞན་ཡང་དེ་འདྲའོ། །དེ་བས་ན་འདི་ཉམས་ན་སྔགས་ཀྱི་དངོས་གྲུབ་དང༌། ཡོན་ཏན་གྱི་ཚོགས་ཐམས་ཅད་མི་འབྱུང༌། ཆུ་ཆད་པའི་རང་ཐག་དང་འདྲ་གསུངས། དེ་ལྟར་ཡང་དགྱེས་རྡོར་ལས། ག་བུར་ངེས་པར་མི་སྤང་ངོ༌། །ཞེས་པ་དང༌། རྩ་ལྟུང་ལས་ཀྱང༌། ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། །ཞེས་གསུངས་པས་ལྟུང་བ་ལྔ་པ་ཕོག །དེ་ལ་ཅིའི་ཕྱིར་ལྟུང་བ་ཞེས་བྱ་ན། རྡོ་རྗེ་དམྱལ་བ་ལ་སོགས་པ་འོག་ནས་འོག་ཏུ་ལྟུང་བའི་ཕྱིར་ན་ལྟུང་བ་ཞེས་བྱ་བ་ཡིན། རིག་པ་འཛིན་པའི་གོ་བ་ཡང་འདི་མ་ཉམས་པར་འཛིན་པ་ལ་ཟེར་བ་ཡིན་པས་ན་སྐྱེས་བུ་རྣམས་འདི་ཉམས་ན་དམ་ཉམས་ཞེས་བྱ་སྟེ། མི་ཆེ་བ་དང་ཞ་རིང་བས་མི་ཕན། ཆོས་པ་བཟང་བ་དང་ལྟ་བ་མཐོ་བས་མི་ཕན་ཏེ། རྡོ་རྗེ་མཁའ་འགྲོ་མ་རྣམས་ཁྲོས་ནས་ཚེ་འདིར་ཡང་མེ་ཏོག་སད་ཀྱིས་ཁྱེར་བ་བཞིན་དུ་ནག་ཧྲུལ་གྱིས་འགྲོ་ཞིང༌། ཚེ་ཕྱི་མ་དམ་ཉམས་དེ་ལ་སྲིད་པའི་ལྕགས་ཀྱུས་སྣ་ནས་བཟུང༌། ལས་ཀྱི་ཞགས་པས་སྐེ་ནས་བཅིངས་ཏེ་རྨོས་གླང་ལྟར་རང་དབང་མེད་པར་ཁྲིད་ནས་རྡོ་རྗེ་དམྱལ་བར་འགྲོ་བ་འདི་ཤིན་ཏུ་འཇིགས། དེ་བས་ན་འདི་མ་ཉམས་ན་ཐུན་མོང་གི་དངོས་གྲུབ་འཕྲིན་ལས་བཞི་དང་གྲུབ་ཆེན་བརྒྱད་ལ་སོགས་པ་ཐོབ། མཆོག་གི་དངོས་གྲུབ་ཚེ་འདི་ལ་སྐུ་བཞིའི་ངོ་བོ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འགྱུར་བ་ལགས་ཏེ། སྔགས་ཀྱི་དམ་ཚིག་ས་མ་ཡ་འབུམ་སྡེ་གསུངས་ཀྱང་དོན་འདིར་འདུས་གསུངས། སྔོན་བཅོམ་ལྡན་འདས་བཞུགས་པའི་དུས་ན་རབ་ཏུ་བྱུང་ཚད་ཐམས་ཅད་ཀྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ཡང་གནད་འདི་མ་ཉམས་པས་ཐོབ་པ་ཡིན་མོད། འདི་ཉམས་ན་དགྲ་བཅོམ་པའི་འབྲས་བུ་ཕར་བཞག་རྒྱུན་དུ་ཞུགས་པ་ཡང་མི་ཐོབ་གསུངས།

ཁ་ཅིག་གིས་རྣམ་པར་རྟོག་པ་ལ་ཐེག་པ་ཆེན་པོའི་གསང་སྔགས་འདི་ཉིད་ཚེ་གཅིག་ལུས་གཅིག་གིས་འཚང་རྒྱ་བ། ལྟ་བ་མཐོ་བ། སྒོམ་པ་བཟང་བ། སྤྱོད་པ་ཡངས་པ། ཟས་སྐོམ་ཤ་ཆང་ལ་བྱས་པས་ཆོག་པ་སྐྱོ་རོགས་བུད་མེད་ལ་བཅོལ་བས་ཆོག་སྙམ་པ་ཡོད་སྲིད་དེ།

མ་གོ་བ་ཡུས་ཆེ་ཞིང་ཐེམ་པ་བརྡབ་ན་ན་བ་ཡིན། སྔགས་འདི་འོག་མ་གཉིས་བས་ཤིན་ཏུ་ཕྲ་བའི་ཆོས་ཡིན་ཏེ། ཇོ་བོ་རྗེའི་ཞལ་སྔ་ནས། ངའི་སོ་སོ་ཐར་པའི་སྡོམ་པ་ལ་ཉེས་ལྟུང་གཏན་མི་འབྱུང༌། བྱང་ཆུབ་སེམས་དཔའི་བསླབ་པ་ལ་བག་ཙམ་འབྱུང༌། སྔགས་ཀྱི་དམ་ཚིག་ལ་ཆར་གཅིག་དང་ཉར་གཅིག་ཏུ་འབྱུང་གསུངས། འདི་ལ་དགོངས་ནས་ཀྱང༌། ཆོས་རྗེའི་ཞལ་ནས་ཀྱང༌། སྡོམ་གསུམ་གནད་ཀྱི་མན་ངག་མཁས། །ཨ་ཕོ་མི་བཙུན་ཁ་མེད་ཡིན། །བགྱི་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བསྟན་པའི་སྡོམ་པ་གསུམ་པོ་འདི་གནས་ན་སྡོམ་གསུམ་ངོ་བོ་གཅིག་པ་བྱ་བ་ལགས། རྐྱེན་དགེ་བའི་བཤེས་གཉེན་ལ་བརྟེན་ནས་ལེན་ན་སོ་སོར་ལེན་འཚལ། དུས་ཚོད་གནས་སྐབས་དང་སྦྱར་ནས་བསྲུང་ན། འཆོལ་བར་བསྲུང་དགོས། ཡུལ་དང་བསམ་པ་ན་འཕོས་པས། ལྡན་ན་མར་ལྡན་བགྱི་བར་མཆི། ཉམས་ན་སོ་སོའི་ཆོ་གས་གསོ་དགོས་པ་ལགས། དེས་ན་གནད་གོ་དགོས་ལ། གོ་ནས་ཉམས་སུ་ལེན་དགོས་པ་ཡིན་པས། དགེ་འདུན་རྣམས་རང་གི་བསམ་པ་ཁ་ནང་དུ་ལོག་ལ་གཟིགས་དང༌། རང་གིས་བྱས་པ་རང་ལ་རྒྱུས་མེད་པ་མི་འོང་པ་ཡིན་པས། གནད་འདི་དང་ལྡན་ན་རྗེའི་བུ་ཡིན་ལ། འདི་མེད་ན་བསྟེན་ཡུན་རིང་པས་མི་ཕན། དྲང་སྲོང་ཨ་ཆུ་ཐ་དང་འདྲ། མཉེས་པ་གསུམ་བསྒྲུབས་ཀྱང་མི་ཕན། མི་མཉེས་པ་བཅོ་བརྒྱད་ཀྱི་གྲལ་འགོ་དེ་གར་འོང་བས། ཁྱེད་རྗེས་སུ་ཞུགས་པ་རྣམས་ཀྱིས་སྔ་ཡོ་ངན་པ་ཐམས་ཅད་བོར་ནས། ཕྱི་ཡོ་བཟང་པོ་ལེན་པ་འདི་གལ་ཆེ་བ་ལགས་པས། མདོར་བསྡུས་པར་གྱུར་ན། ཕྱི་རྟེན་འབྲེལ་སྡོམ་པ་གསུམ་མ་ཉམས་པས་མི་དགེ་བ་ཐམས་ཅད་སྤངས་ཏེ། གསང་བ་རྟེན་འབྲེལ་ཁམས་མ་ཉམས་པའི་མཐུས་ནང་རྟེན་འབྲེལ་ཏིང་ངེ་འཛིན་གྱི་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་འབྱུང་ཞིང་སྡོམ་པ་གསུམ་གྱི་ངོ་བོར་ཚེ་གཅིག་གིས་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བ་ལགས་པས་རྗེ་རིན་པོ་ཆེའི་ཐུགས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་སྡོམ་གསུམ་གནད་ཀྱི་མན་ངག་འདི་ངོ་མཚར་ལ་རྨད་དུ་བྱུང་བའི་ཆོས་ལགས་པས་ཁྱེད་རྣམས་ཀྱིས་ཐུགས་ཀྱི་དཀྱིལ་འཁོར་ཞིག་ཏུ་བཞག་པར་ཞུ་གསུངས།།

ཡང་བླ་མ་རིན་པོ་ཆེའི་ཞལ་ནས། འོ་སྐོལ་ཐམས་ཅད་འཁོར་བ་ཁྲག་གི་རྒྱ་མཚོ་འདིར་འཁྱམས་པ་འདི་རྒྱུ་ཅིས་ལན་སྙམ་ན་སེམས་རིག་པ་འདི་རྟོགས་མ་མྱོང་ལ། དགེ་བའི་རྩ་བ་ཐམས་ཅད་བྱང་ཆུབ་ཏུ་བསྔོ་མ་མྱོང་བས་ལན་གསུངས།

དེ་ལ་འཁོར་བ་སྤོང་བར་བྱེད་པ་ལ། འཇིག་རྟེན་མགོན་པོ་ལ་ཞིང་དུ་བྱས་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་པ་གལ་ཆེ། རྗེ་རིན་པོ་ཆེ་དེ་ཉིད་ལ་མོས་གུས་བྱས་པ་དང༌། བསོད་ནམས་ཀྱི་ཚོགས་རྣམས་ཀྱི་མཐུས། འཁོར་འདས་ཀྱིས་ བསྡུས་པའི་ཆོས་ཐམས་ཅད་སེམས་ཉིད་གདོད་མ་ནས་མ་སྐྱེས་པའི་ཕྱག་རྒྱ་ཆེན་པོ་གཅིག་ཏུ་རྟོགས་ནས་མཆི། དེས་འཁོར་བ་སྤོང་བ་ཡིན།

ཁ་ཅིག་གི་རྟོག་པ་ལ་དེས་མི་འོང་སྙམ་ནས་ཐོས་བསམ་སྒོམ་གསུམ་རང་དགོས་སྙམ་ན། ར་སྣོར་ལ་རྒྱུགས་པ་བཞིན་བྱེད་པ་དེ་ནི་གླེན་པ་མགོ་འཁོར་བ་ཡིན་མོད། ཐོས་པས་འཁོར་བ་སྤོང་ན་བློ་འབྲིང་པོ་ཞིག་གིས་ཀྱང༌། ལོ་གསུམ་བཞི་ཞིག་བསླབས་ན་པོ་ཏི་ཟུང་རེ་ཙམ་མི་ཤེས་རྒྱུ་ཅི་ཡོད་དེ། དེས་མི་ཕན་ཐ་སྙད་ཚིག་བགྱི་བ་ཡིན་གསུངས། དེ་ལྟར་ཡང༌། རྗེ་ཕག་མོ་གྲུ་པའི་ཞལ་ནས། ཐོས་བསམ་ན་ཆུང་བདེ་བ་དོན་དུ་གཉེར་བྱས་ཀྱང༌། །སྡིག་གྲོགས་ཚ་སྒོའི་ཐང་ལ་ཨུ་ཏུམ་འབར་བ་ཚོལ། །བགྱི་བ་གསུངས། སྔོན་ཁམས་པ་མདོ་སྨད་པའི་སྟོན་པ་ཞིག་གིས། དགེ་བཤེས་དན་བགྱི་བ་དེའི་དྲུང་དུ་ཕྱིན་ནས། ཕར་ཕྱིན་དང་ཚད་མ་རྣམ་ངེས་དང༌། བྱམས་ཆོས་ལ་སོགས་པ་བསླབས་པས། མཁས་པའི་དབང་ཕྱུག་ཏུ་གྱུར་ནས། ཡུལ་དུ་བྱོན་སྐད་པ་ལ་དེའི་དུས་སུ་མ་རྒན་མོ་འཆི་བ་ལ་ཐུག་པས་སྟོན་པ་སྤྱན་དྲངས་ནས་སྐྱབས་འགྲོ་དང་གདམས་ངག་ཞུ་ཟེར་བས་རུང་ཟེར་ནས། འོ་ན་ཨ་མ་རང་ཀ་བ་འདི་ལ་དམ་ཆོས། ངས་སུན་འདོན། ཡང་ན་ངས་དམ་བཅའ་ཡིས་ཨ་མ་རང་སུན་ཐོན་ཟེར་སྐད། དེ་ལྟ་བུའི་ཆོས་ཀྱིས་འཁོར་བ་མཐའ་ཡོད་ཙམ་འོང་སྲིད་དམ་སྟེ་ལར་བུལ་མེད། མཁས་པ་ཆེན་པོ་བཀའ་རབ་འབྱམས་ལ་ཤེས་རབ་ཀྱི་སྣང་བ་རྒྱས་པ་ལུང་རིགས་པ་གཉིས་ཀྱི་བདག་ཉིད༌། དགེ་བའི་བཤེས་གཉེན་ཆེན་པོ་ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་ཙམ་ཡང་ བསམ་ཡས་སུ་སྐུ་སྙུང་པ་ལ་ཡར་ལ་སྐྱི་ཤོད་དུ་གདན་དྲངས་སྙམ་པ་ལ་བསམ་ཡས་ས་རའི་ཆུ་ཁར་སྐུ་གཤེགས་པའི་དུས་སུ། སེམས་ལ་བཞག་ས་མ་རྙེད་པས། ཐོས་པ་རྐྱང་པ་ལ་ཐུགས་མུག་ནས་བཀའ་བསྩལ་པ། འདི་ལ་བརྟེན་ནས་བདག་ཅག་འཁོར་བའི་ཕ་རོལ་ཏུ། །འགྲོ་བ་སྙམ་ནས་རྒྱ་མཚོར་འཇུག་པ་གང་ཡིན་པ། །ཝུ་བ་རྡོལ་པ་བརྩེགས་པ་འདྲ་བའི་ཕུང་པོ་ཡི། །རི་མཆོག་འདྲ་བའི་རང་བཞིན་དེས་ནི་གཏན་ནས་བསླུས། །གསུང་སྐད། དེ་ལ་དཔལ་ཕག་མོ་གྲུ་པས་མཆོད་བརྗོད་མཛད་པ་དང༌། འགྲོ་བའི་བླ་མ་ཆོས་རྗེ་བརྩེ་བ་ཅན། །སྦྱངས་སྟོབས་འབྲས་བུ་ཁ་བ་ཅན་དུ་སད། །ཡོན་ཏན་རྒྱ་མཚོ་རིག་པའི་གནས་ལྔ་རྫོགས། །སྟོན་པའི་གསུང་ལ་བློ་གྲོས་རབ་ཡངས་པའི། །སྲོག་གི་དབང་པོ་མ་རིའི་རྩེར་འགགས་ཚེ། །ཐོས་བསམ་ཆོས་ལ་ཐུགས་ཆད་བཀའ་སྩལ་པ། །ཞེས་པ་བཏགས་ནས་གདའ་སྟེ། དེ་ཅི་ལ་གླེང་བླངས་ན་ཐེག་པ་མཐའ་དག་གི་ཆོས་ལ་མངའ་བརྙེས་པར་ཤེས་ཀྱང་སངས་རྒྱས་ཀྱི་བསྟན་པ་འཛིན་པ་ཙམ་མ་གཏོགས་པ་འཁོར་བ་མི་སྤོངས་ཏེ། རྗེ་ཕག་མོ་གྲུ་པའི་ཞལ་ནས། ཆོས་ཉོན་མོངས་ཀྱི་གཉེན་པོར་མ་སོང་ན། །པག་ཤིས་གྲོང་པ་བསྡུད་པ་ཡིན། །བགྱི་བ་གསུངས།

ཡང་བསམ་པ་རྐྱང་པས་འཁོར་བ་མི་སྤོང་སྟེ། བསམ་པ་བྱ་བ་དེ་འཆི་བ་དང་མི་རྟག་པ་ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་བསམ་པ་ཡིན་ཏེ། ཇོ་བོ་བཀའ་གདམས་པའི་ཉམས་ལེན་གྱི་མཐིལ་ཡང་འདི་ཡིན་གསུངས། ཐོས་པ་བས་ཅུང་ཟད་ལམ་ཉེ་སྟེ། ཉི་མ་འཆར་རྟགས་སུ་སྐྱ་རེངས་ཤར་བ་ལྟ་བུ་ཡིན། འཁོར་བ་ལས་བློ་ལོག་ཀྱང་སེམས་ཉིད་ཀྱི་དོན་མ་རྟོགས་པས་འཁོར་བ་མི་སྤོང་སྟེ། དེ་ལ་དགོངས་ནས་དམ་པ་རྒྱ་གར་གྱི་ཞལ་ནས་ཀྱང༌། ཇོ་བོ་བཀའ་གདམས་པ་བྱ་བ་ཆོས་ཉིད་སྙིང་པོའི་དོན་གྱི་གདམས་ངག་བསྟན་ནས་ད་རུང་དེའི་དུས་ལ་མ་བབ་ཟེར་བ་གསུངས་ནས་བཀའ་བཀྱོན་པ་དེ་ཤིན་ཏུ་མད་གསུངས།

ཡང་སེམས་མ་རྟོགས་ན་བསྒོམས་ཀྱང་འཁོར་བ་མི་སྤོངས་ཏེ། ཡོད་པར་བསྒོམ་པ་དང་མེད་པར་བསྒོམ་པ་དང༌། སྟོང་པར་བསྒོམ་པ་དང༌། དེ་ལ་སོགས་པ་ཐམས་ཅད་འཛིན་པའི་བློའི་བྱེ་བྲག་ཡིན། བློའམ་སེམས་ཀྱིས་འཁོར་བར་འཁྱམས་པ་ཡིན། དེ་ལྟར་ཡང༌། སྐྱེ་མེད་ཞེས་དང་སྟོང་ཞེས་དང༌། །བདག་མེད་ཞེས་པ་སྟོང་པ་ཉིད། །དམན་པའི་ཡིད་ཀྱིས་གང་བསྒོམས་པ།། འཇིག་རྟེན་འདི་ན་བདག་བསྒོམ་པའོ། །གསུངས་པས། སྒོམ་བཟང་པོ་རང་ཡོད་ཀྱི་བུ་ལྷག་སྤྱོད་དང་འདྲ་བས། དེས་ན་ཏིང་ངེ་འཛིན་བྱ་བ་ཞི་གནས་ཁ་ཆུ་ན་ལེ་བ་ཞིག་ལ་མི་ཟེར། རྗེ་གོང་མའི་ཞལ་ནས་ཀྱང༌། བློས་བྱས་སྟོང་པ་བསྐལ་པར་བསྒོམས་བྱས་ཀྱང༌། གསེར་གྱི་སྒྲོག་ཏུ་ཆུད་པས་གྲོལ་བའི་དུས་སྐབས་མེད། །བགྱི་བ་གསུངས།

བསྒོམས་པ་ལས་བྱུང་བའི་མངོན་ཤེས་ལྔ་དང་ལྡན་ཡང༌། སེམས་མ་རྟོགས་ན་འཁོར་བ་ལས་མི་འདའ། མངོན་ཤེས་རྒྱལ་པོ་དཔེ་དཀར་ལ་ཡང་ཡོད་དེ། གོ་མ་ཆོད་པར་གདའ། སྐྱེས་བུ་རྣམས་དེ་བས་ན།

འཁོར་བ་སྤོང་བ་ལ་སེམས་རྟོགས་དགོས་པ་ཡིན། སེམས་རྟོགས་པར་བྱེད་པ་ལ་བདག་རྐྱེན་བསོད་ནམས་ཀྱི་ཚོགས་དང་མོས་གུས་ལ་འབད་པས། གཞན་རྐྱེན་བླ་མ་གདམས་ངག་དང་ལྡན་པ། བརྒྱུད་པ་བྱིན་རླབས་དང་ལྡན་པ། རྟོགས་པ་ཡོད་པ་ཞིག་དང་མཇལ་ནས་འོང༌། རྟོགས་པ་དང་ལྡན་པའི་རྣལ་འབྱོར་པ་དེ། འཇིག་རྟེན་ན་ཡང་དག་པར་རྫོགས་པའི་སངས་རྒྱས། ཅི་འོ་ན་སངས་རྒྱས་པ་དབུའི་གཙུག་ཏོར་དང༌། ཞབས་ཀྱི་འཁོར་ལོ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཞིག་ཡོད་སྙམ་ན་དེ་མ་ལགས། སངས་རྒྱས་གཙུག་ཏོར་དང་ཞབས་ཀྱི་འཁོར་ལོ་དང་མཚན་དཔེས་ཁྱད་པར་དུ་བྱས་པ་མ་ཡིན། དེ་རྣམས་ཀྱི་ཆ་ཙམ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་ཡང་ཡོད། སངས་རྒྱས་ཆོས་སྐུས་ཁྱད་པར་དུ་བྱས་པ་ལགས་མོད། མཚན་དཔེས་སྤྲས་པ་ཙམ་ལ་ཁྱད་པར་དུ་འདོད་ན་ལོག་པར་ལྟ་བ་ཡིན་ཏེ། དེ་ལྟར་ཡང༌། ཆོས་ཉིད་ཞི་བ་འདུ་བྱས་མ་ཡིན་པས། །ཞེས་པ་ཤཱཀྱ་ཐུབ་དེས་རབ་ཏུ་ཕྱེ། །ཞེས་པ་དང༌། རྡོ་རྗེ་གཅོད་པ་ལས་ཀྱང༌། གང་ཞིག་ང་ལ་སྒྲར་ཤེས་ཤིང༌། །གང་ཞིག་ང་ལ་གཟུགས་སུ་མཐོང༌། །དེ་ནི་ལོག་པར་བརྟགས་པ་སྟེ། །འགྲོ་བ་དེས་ནི་ང་མི་མཐོང༌། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་སྐུ་མཐོང་བྱ་མ་ཡིན་ནོ།། ཞེས་གསུངས་སོ། །

ལར་ན་སྐྱེས་བུ་རྣམས་བླ་མ་བཟང་ངན་ཕྱི་རོལ་ན་ཡོད་པ་མ་ཡིན། རང་གི་བསོད་ནམས་བསགས་པའི་མཐུའམ། བསམ་པའི་བྱེ་བྲག་གིས་དེར་སྣང་བ་ཡིན། བླ་མ་ལ་འགྲོ་འོང་མེད་པ་ཡིན། སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་མ་མཐོང་བ་དེ་ཡང་རང་གིས་བསྐྱེད་རིམ་ཕྱིན་ཅི་ལོག་ལ་གོམས་པའི་སྐྱོན་ཡིན། ཚངས་དབྱངས་དྲི་མ་མེད་པར་མ་མཐོང་བ་དེ་ཡང་ཚིག་ངན་གྱི་དུག་མདའ་མངའ་བས་ལན་པ་ཡིན། ཐུགས་ཆོས་སྐུ་ཡེ་ཤེས་སུ་མ་མཐོང་བ་དེ་ཡང་རྟོག་ངན་དང་ཆགས་སྡང་བསམས་པས་ལན་པ་ཡིན། ཁབ་རྩེ་གཉིས། ལམ་ཁ་བྲག མོས་གུས་ལྟེམ་རྐྱང་ཚུལ་དེ་ལ་ཡོན་ཏན་རེ་ན་ཁོ་ཐག་ཆོད་ག་ལ་ཐོབ། དེ་ལྟར་མ་མཛད་པར། ནོར་བུ་ལྟ་བུའི་བླ་མ་རྟོགས་ལྡན་དེ་ལ་བྱི་དོར་ལྟ་བུའི་མོས་གུས་གྱིས་དང༌། ཡོན་ཏན་ཐམས་ཅད་རྒྱ་དང་འབུར་གྱི་ཚུལ་དུ་འབྱུང་གིས། དེ་ལྟར་ཡང༌། བདེ་མཆོག་ལས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌།། བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་འཆང་ཞབས་པད་ལ་འདུད། །བགྱི་བ་གསུངས།

དེ་ཡང་རྒྱུད་ལ་སྐྱེས་པས་མི་ཆོག མཉམ་པར་འཇོག་དགོས་པ་ཡིན། འདིའི་སྐབས་སུ་ཆོས་རྗེའི་ཞལ་ནས། མཉམ་གཞག་གི་དུས་སུ། དུག་གསུམ་ལ་སོགས་པའི་རྟོག་པ་མི་སྐྱེ་བ་ཡིན། ཏིང་ངེ་འཛིན་དེ་ཉིད་ལས་ལངས་པའི་དུས་སུ། མཉམ་གཞག་དེ་ཉིད་ལས་རྗེས་སུ་འོང་བ་ཡིན། ལར་མཉམ་པར་བཞག་པའི་དུས་སུ་རྗེས་ཀྱི་ཤེས་པ་དེ་ཉིད་མཉམ་གཞག་གི་ཏིང་ངེ་འཛིན་དུ་ལྷན་གྱིས་འགྲོ་བ་ཞིག་དགོས། མཉམ་གཞག་བར་མཚམས་མེད་པ་ཡོད་ན་རྗེས་ཤེས་ཉོན་མོངས་པ་དུག་གསུམ་ལ་སོགས་པའི་རྣམ་རྟོག་མི་སྐྱེ་བ་ལགས་མོད། སྲིད་པའི་བར་དོ་སྤངས། བར་མཚམས་མི་འོང་ཞིང་འོད་གསལ་དེ་ཉིད་ཀྱི་ངང་ནས་སངས་རྒྱས་ནས། གཞན་དོན་གཟུགས་སྐུའི་སྣང་བ་འབྱུང་བ་ཡིན། དེ་ལྟར་ཡང་རྗེ་བཙུན་མི་ལའི་ཞལ་ནས། འོད་གསལ་བ་ལ་རྒྱུན་པར་གནས། །བར་དོའི་གྲོང་ཁྱེར་དེས་མི་མཐོང༌། །གཞན་དོན་གཟུགས་སྐུའི་སྣང་བ་འབྱུང༌། །ཞེས་གསུངས་པས། དེས་ན་མཉམ་གཞག་དེ་ཉིད་རྗེས་ཤེས། རྗེས་ཤེས་དེ་ཉིད་མཉམ་གཞག་ཏུ་འོང་བ་ལགས་མོད། འདིའི་སྐབས་སུ་ང་འབུས་རྗེ་རིན་པོ་ཆེ་ལ་མཉམ་གཞག་ལ་སེམས་བརྟན་པའི་དུས་སུ་རྗེས་ཀྱི་ཤེས་པ་གང་དུ་གནས། རྗེས་སུ་ལྡང་ན་གང་དུ་ལྡང་བྱ་བ་དང་གཅིག བར་དོ་དང་པོའི་འོད་གསལ་གནས་པའི་དུས་སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན་གྱི་རྟོག་པ་དེ་གང་དུ་གནས། རྡོ་རྗེ་གདན་དང་མའི་མངལ་མ་གཏོགས་པའི་ཐོགས་མེད་དུ་འགྲོ་རྒྱུ་དེ་གང་ནས་ལྡང་བྱ་བ་གཉིས་པོ་དེ་ཞུས་པས། གསེར་ཕུལ་གསུངས་པས། གསེར་ཕུལ་ནས་ཞུས་པས། བཀའ་བཀྱོན་ཏེ་འདི་གཞན་ཞུ་བ་བྱུང་ན་ཁུར་བ་བཅག་པ་ཡིན་ཏེ་ཁྱོད་ལ་བསྟན་གྱིས་གསུངས་ནས། མཉམ་པར་བཞག་པའི་དུས་ན་མེ་ལོང་ལ་གཟུགས་ཡལ་བའམ། ནམ་མཁའ་ལ་སྤྲིན་ཡལ་བ་བཞིན་དུ་རྗེས་ཀྱི་རྟོག་པ་དེ་མཉམ་གཞག་དེ་ཉིད་ཀྱི་ངང་དུ་རོ་གཅིག་པ་ཡིན། རྗེས་ཤེས་སུ་ལྡང་ན་ནམ་མཁའ་ལ་སྤྲིན་ལངས་པའམ། མེ་ལོང་ལ་གཟུགས་བྱུང་བ་ལྟར། མཉམ་གཞག་དེ་ཉིད་རྗེས་སུ་ལྡང་གསུངས། ཡང་བར་དོ་དང་པོའི་འོད་གསལ་བྱ་བ་འདི་ཀུན་ལ་འོངས་ཏེ། ངོ་མ་ཤེས་པ་ཡིན། དེ་ཡང་འཆི་བའི་དུས་སུ་འབྱུང་བ་བཞི་ཐིམ་པའི་རིམ་པ་དང༌། རང་བཞིན་བརྒྱད་ཅུའི་རྟོག་པ་ཕྲ་རགས་ཐིམ་པའི་སྟེང་ལ། སྐྱེ་ཤི་བར་དོ་རྫོགས་ནས་སྲིད་པ་བར་དོ་དང་པོའི་སྐབས་དེར། འོད་གསལ་ཆོས་སྐུ་དེ་ཉིད་སྐྱེས་བུའི་ལག་པ་བརྐྱང་སྐུམ་ཙམ་ཞིག་ལུས་ཅན་ཀུན་ལ་འོངས་ཏེ་ངོ་མི་ཤེས་པས་ཕན་མེད། རང་རེ་སྒོམ་ཆེན་པ་སེམས་ངོ་ཤེས་པ་ཡིན་ན་སྔར་གྱིས་གོམས་པས་དེ་ངོས་ཟིན་ནས་འོད་གསལ་ཆོས་སྐུ་མངོན་དུ་བྱས་ནས་རང་དོན་འགྲུབ། གཞན་དོན་གཟུགས་སྐུ་འབྱུང་བ་ཡིན། སྤྱིར་བར་དོ་དང་པོའི་འོད་གསལ་དེ། སེ་གོལ་བཅུ་གཉིས་གཏོགས་པའི་བར་ཙམ་པ་ཞིག་ཏུ་ཟིན་ན། དེའི་ཚེ་ས་བཅུ་གཉིས་བགྲོད་ནས་སངས་རྒྱས་པ་ཡིན་གསུངས་པས། སྐྱེས་བུ་རྣམས་རང་རེ་ཐམས་ཅད་ཀྱང་བར་དོ་དང་པོའི་འོད་གསལ་དེ་ངོ་ཤེས་ཙམ་རེ་བྱེད་དགོས། འོད་གསལ་དེ་ལ་གནས་པའི་དུས་སུ་བར་དོའི་རྣམ་ཤེས་རྟོག་པ་ཅན་དེ། འོད་གསལ་དེ་ཉིད་ལ། ཏིལ་དང་ཏིལ་མར་གྱི་ཚུལ་དུ་གནས་པ་ཡིན། ཚུལ་ཇི་ལྟར་དུ་ལྡང་ན་འོད་གསལ་དེ་ཉིད་ལ་གནས་པའི་ཚེ། ང་ཤི་ནས་འདུག་སྙམ་པའི་རྣམ་པར་རྟོག་པ་ཐོལ་པ་ཞིག་སྐྱེས་པའི་དུས་སུ། འོད་གསལ་དེ་ཉིད་སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན་གྱིས་ལུས་དེ་ལྡང་བ་ཡིན། དེ་ལྟར་ཡང་ལུང་ལས། རྡོ་རྗེ་གདན་དང་མ་ཡི་མངལ། །གཉིས་པོ་མ་གཏོགས་ཐོགས་མེད་འགྲོ།། གར་བསམས་སུ་འགྲོ་བ་ལགས་ཏེ། རྡོ་རྗེ་གདན་ནི་སེམས་སྐྱེ་མེད་དུ་རྟོགས་པ་ལ་ཟེར་ཏེ། དེ་བར་དོ་དང་པོར་ངོས་ཟིན་ན་ལོངས་སྐུ་མངོན་དུ་བྱེད་པས་གཞན་དུ་རྒྱུ་མེད་མི་འབྱུང་བ་ཡིན། མའི་མངལ་ཅེས་པ་ཕ་མ་གཉིས་དང་བར་དོའི་རྣམ་ཤེས་ལས་མཐུན་པ་གསུམ་ཚོགས་པའི་ཚེ་ན། མའི་མངལ་དུ་ཁུ་ཁྲག་གི་ཐིག་ལེས་འཐུམས་པས། ཐོགས་མེད་དུ་རྒྱུ་མི་ནུས་པ་ཡིན། དེ་མ་གཏོགས་པའི་ཡིད་ཀྱི་ལུས་སུ་གནས་པས་རྫུ་འཕྲུལ་གྱིས་གར་བསམ་བསམ་དུ་བགྲོད་པ་ལ། སྔར་བས་ཉོན་མོངས་པ་རགས་པས་འཁོར་བར་འཁྱམས་པ་དེས་ལན་པ་ཡིན། མདོར་བསྡུས་པར་གྱུར་ན། རང་གི་བརྒྱུད་པ་རིན་པོ་ཆེ་འདིའི་ལུགས་ཀྱིས་ཉམས་སུ་བླང་རྒྱུ་བླ་མའི་མོས་གུས་མ་གཏོགས་པ་གཞན་མེད་པས་གཅིག་པུ་རི་ཁྲོད་དམ་མང་པོའི་ཚོགས་ན་འདུག་ཀྱང་རུང་སྟེ་ལྔ་ལྡན་རིན་པོ་ཆེ་དང་གཅིག བླ་མའི་མོས་གུས་གཉིས་ལ་ཐུགས་རྩེ་གཅིག་པར་མར་མེའི་རྩེའམ། རྒྱུན་ཆད་མེད་པ་ཆུ་བོའི་གཞུང་ལྟར་ཉམས་སུ་ལེན་པར་བྱ་བ་དང༌། ཉེས་སྐྱོན་གྱི་ཚོགས་ཐམས་ཅད་ཆུ་ཀླུང་གི་དྲི་མ་དག་ནས་འོད་གསལ་ཆོས་སྐུ་མངོན་དུ་གྱུར་ཏེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལྷུན་གྲུབ་ཏུ་རྒྱུན་ཆད་མེད་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འབྱུང་བ་ལགས་པས། ཁྱེད་རྣམས་ཀྱིས་དེ་ལྟར་དུ་ཐུགས་ལ་བཞག་པར་ཞུ་གསུངས། འོག་མིན་གནས་མཆོག་དཔལ་གྱི་འབྲི་གུང་དུ། །འཇིག་རྟེན་མགོན་པོ་བླ་མ་རིན་ཆེན་གྱིས། །ཐེག་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། །ལེགས་པར་བསྡུས་པ་བཅུ་བདུན་གྲངས་ངེས་ཅན། །རིན་ཆེན་འབྲུག་སྒྲའི་མཚན་གྱིས་ལེགས་བསྔགས་པའི། །བདག་གིས་བྲིས་པའི་བསོད་ནམས་གང་ཡོད་དེས།། མཐའ་ཡས་སེམས་ཅན་བློ་ཡི་པདྨོ་ནི། །ཉི་མའི་དཀྱིལ་འཁོར་ལ་འུར་ཁ་ཕྱེ་ནས། །རྟོགས་པའི་ཟེ་འབྲུ་ཀུན་ནས་རྒྱས་གྱུར་ཏེ།། རྫོགས་པའི་བྱང་ཆུབ་ཚེ་འདིར་ཐོབ་ནས་ནི། །རྡོ་རྗེ་འཆང་ཆེན་བླ་མའི་གནས་ཐོབ་ཤོག །དེང་ནས་བཟུངས་ཏེ་ཚེ་རབས་ཐམས་ཅད་དུ། །རྐང་གཉིས་གཙོ་བོ་བླ་མ་རིན་ཆེན་གྱི། །སྐུ་གསུང་ཐུགས་ཀྱི་གསང་བའི་མཛོད་འཛིན་ཅིང༌། །འགྲོ་བ་མ་ལུས་འདྲེན་པའི་དཔལ་དུ་ཤོག །ཆོས་ཀྱི་རྒྱལ་པོ་བླ་མ་རིན་པོ་ཆེའི་གསུང༌། རིན་ཆེན་འབྲུག་སྒྲ་ཞེས་བྱ་བ། །ཤཱཀྱའི་དགེ་སློང་དར་མ་ཚུལ་ཁྲིམས་ཀྱིས་འབྲི་གུང་དཔལ་གྱི་ནགས་ཁྲོད་དུ་བརྗེད་པར་འཕངས་ནས་ཡི་གེར་བཀོད་པ་རྫོགས་སོ། །དགེའོ།།


previousཚོགས་ཆོས་ཆེན་མོ་རིན་ཆེན་འབྲུག་སྒྲ།། next