Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
བཤེས་གཉེན་གཞོན་ནུ་དབང་ཕྱུག་ལ་སྙིང་གཏམ་ཚིག་ཏུ་བརྗོད་པ།།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousབཤེས་གཉེན་གཞོན་ནུ་དབང་ཕྱུག་ལ་སྙིང་གཏམ་ཚིག་ཏུ་བརྗོད་པ།། next

བཤེས་གཉེན་གཞོན་ནུ་དབང་ཕྱུག་ལ་སྙིང་གཏམ་ཚིག་ཏུ་བརྗོད་པ།།

དུས་གསུམ་སངས་རྒྱས་ངོ་བོ་ཉིད། །བཤེས་གཉེན་དམ་པ་རིན་པོ་ཆེ། །འཁོར་བ་ཆོས་སྐུར་སྒྱུར་མཛད་པ། །མཉམ་མེད་བླ་མར་ཕྱག་འཚལ་ལོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །དེ་ཡི་གཉེན་པོ་གང་རུང་ཞིག །རྒྱུད་ལ་སྐྱེས་པའི་དུས་ཀྱི་ཚེ།། སྤང་བྱའི་ནང་དུ་གཉེན་པོ་དེ། །ཤི་བར་གྱུར་ན་བར་ཆད་ཡིན། །རང་གི་རྒྱུད་ལ་ཡོད་པ་དེས། །གཞན་གྱི་ཉོན་མོངས་སྤོང་བ་དང༌། །འགྲོ་བ་གཞན་ལ་ཕན་གྱུར་ན། །མར་མེ་གཅིག་ལས་མང་འཕེལ་དང༌། །གཅིག་པོ་ཤི་བར་མ་གྱུར་བཞིན། །དགེ་སྦྱོར་བྱས་པས་མཐུན་པ་ཡིན། །ལས་འཕྲོ་ཅན་གྱི་སྐྱེས་བུ་དེས། །རྙེད་དང་བཀུར་སྟི་སྣ་ཚོགས་དང༌། །འཁོར་དང་འདུ་འཛི་ཐམས་ཅད་ལ། །ཆགས་དང་སྡང་བའི་བློ་མེད་པས། །སངས་རྒྱས་གཉིས་པ་ལྟ་བུ་ཡི། །བརྒྱུད་པའི་བླ་མ་གོང་མ་དང༌། །དུས་གསུམ་རྒྱལ་བའི་བསྟན་པ་དེ། །དར་ཞིང་རྒྱས་པའི་བསམ་པ་དང༌། །འགྲོ་དྲུག་འཁོར་བའི་སེམས་ཅན་ལ། །ལྷག་པའི་བསམ་པ་གཡོ་མེད་པས། །རང་གཞན་གཅིག་ཏུ་འདྲེས་གྱུར་ནས། །ནགས་ལ་མཆེད་པ་མེ་ཡི་རྒྱུད། །རྩྭ་དང་ཤིང་རྣམས་ཡིན་པ་ལྟར། །གཡོ་དང་མི་གཡོ་རང་གཞན་ཀུན། །གཅིག་ཏུ་བྱས་ནས་བརྩོན་པའི་ཤུགས། །དྲག་པོས་དགེ་སྦྱོར་ཉམས་བླངས་ན། །ལྷ་དང་བླ་མ་རང་ཉིད་གསུམ། །དཔང་པོར་བཞག་པའི་ཞེ་མནའ་ཡིས། །ཅིག་ཅར་ཉམས་སུ་བླངས་གྱུར་ན། །གྲུ་དང་མཉན་པ་འགྲོན་པོ་གསུམ། །དུས་གཅིག་ཕར་ཁར་ཕྱིན་པ་ཡིན། །འཁོར་འདས་གཉིས་ཀྱི་འདུག་ས་ནི། །གཏི་མུག་བདག་འཛིན་ཆེན་པོ་དེ། །ས་གཞིའི་ཚུལ་དུ་གནས་གྱུར་ཅིང༌། །ཆགས་དང་སྡང་བའི་ས་བོན་དེ། །འགྲོ་དྲུག་འཁོར་བའི་འབྲས་བུར་སྨིན། །ལས་ཉོན་མོངས་གཉིས་ཀྱི་ཚུལ་དུ་འཁོར། །ལས་ཉོན་མོངས་གཉིས་ཀྱི་རྣམ་གཞག་ནི། །མངོན་རྒྱུ་རགས་པའི་རྣམ་རྟོག་ཏུ། །ཕྲ་བའི་བག་ཆགས་ཐམས་ཅད་ཞི། །ཚུ་རོལ་མཐོང་བའི་གང་ཟག་རྣམས། །ངོ་མཚར་རྨད་དུ་བྱུང་བར་འཛིན། །མཁས་པའི་རྨོངས་པ་མགོ་སྐོར་མཁན། །ཞི་གནས་ཞེས་ཀྱང་བརྗོད་པ་ཡིན། །ཀུན་འབྱུང་འཁོར་བའི་ས་བོན་ཡིན། །ཉོན་མོངས་ཞེས་ཀྱང་དེ་ལ་བྱ། །རགས་པའི་རྣམ་རྟོག་སོ་སོ་ལ། །ལུས་ཀྱི་འདུག་ལུགས་སོ་སོར་གྲུབ། །ཕྲ་རགས་བག་ཆགས་རྐྱེན་དུ་འགྱུར། །ཉོན་མོངས་རྒྱུ་ལས་འབྲས་བུ་ལས། །ལས་ལས་ཉོན་མོངས་ས་བོན་གྱི། །ཐུག་མེད་འཁོར་བའི་སྡུག་བསྔལ་མྱོང༌། །འདི་འཁོར་བའི་འཁོར་ལོའི་འདུག་ལུགས་ཡིན། །མྱ་ངན་འདས་པའི་འདུག་ཚུལ་ནི། །བསགས་པ་མཆོག་ལྡན་གང་ཟག་གིས། །ཚད་ལྡན་བླ་མས་ཟིན་ཙ་ན། །ཅིག་ཅར་འཇུག་དང་རིམ་གྱིས་པ། །ཅིག་ཅར་འཇུག་པའི་གང་ཟག་ལ། །མ་བཅོས་ཕྱག་རྒྱ་ཆེན་པོ་བསྟན། །མ་བཅོས་པ་ཡི་རྣམ་གཞག་དེས། །རང་བཞིན་ཕྱག་རྒྱ་ཆེན་པོ་དེ། །འགྱུར་མེད་ལྷུན་གྱིས་གྲུབ་པར་རྟོགས། །བློ་ཡི་ཡུལ་དུ་མ་གྱུར་པས། །སྤྲོས་དང་བྲལ་ཞེས་རྗེ་བཙུན་གསུངས། །སྟོང་པར་འདུག་པས་རྣམ་རྟོག་ལ། །སྤྲོས་དང་བྲལ་བར་མི་བཞེད་དོ། །སྤྲོས་བྲལ་དེ་ཉིད་གོམས་པ་ལས། །དུག་ཅན་སྨན་དུ་ན་འཕོས་པ། །བྱང་ཆུབ་སེམས་ཀྱི་གསེར་འགྱུར་རྩིས། །རྒྱུ་ལྔ་འཁོར་ལྔ་འཁོར་བའི་འཁོར་ལོ་དེ། །སྐུ་ལྔ་རྒྱན་གྱི་འཁོར་ལོར་སྒྱུར། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །རྫོགས་པའི་སངས་རྒྱས་མྱུར་དུ་འགྲུབ། །དུས་འདིར་རྒྱུ་འབྲས་མངོན་དུ་འགྱུར། །སྣང་སྟོང་རྡོ་རྗེ་ཆོས་དབྱིངས་ཞེས། །སྤྱོད་པའི་རྒྱུད་དུ་བཤད་པ་དེ། །དུས་འདིར་ཉམས་སུ་མྱོང་ བ་ཡིན། །གསང་སྔགས་རྡོ་རྗེ་ཐེག་པ་ཡི། །གསང་བའི་མཛོད་ཁ་བྱེ་བ་ཡིན། །དུས་གསུམ་རྒྱལ་བའི་སྲས་སུ་ཡང༌། །དུས་འདིར་ཚུད་པར་གྱུར་པ་ཡིན། །ཐེག་ཆེན་རྣལ་འབྱོར་དུས་འདིར་ཡིན། །ལྟ་ཁམ་གྱི་འབྲུག་སྒྲ་ཞི་བ་ཡིན། །བཟང་པོའི་རང་མཐོང་ཆག་པ་ཡིན། །གྲུབ་མཐའི་ཕྱོགས་རིས་མེད་པ་ཡིན། །ཀུན་བཟང་ཡངས་པའི་སྤང་ཐང་ལ། །ཡོན་ཏན་རིན་ཆེན་གྱི་མེ་ཏོག་བཀྲ། །སྣ་ཚོགས་མ་འདྲེས་དུས་འདིར་གཅིག །ཕྱོགས་གཅིག་ཞི་བའི་རྣལ་འབྱོར་དེས། །རྫོགས་པའི་བྱང་ཆུབ་ཇི་ལྟར་འཐོབ། །རྒྱུ་ལས་འབྲས་བུ་ཇི་ལྟར་འབྱུང༌། །རྒྱུ་འབྲས་གཅིག་ཏུ་ཇི་ལྟར་མཆི། །ཉམས་ཕྱི་ཤར་ནང་ཤར་མྱོང་བ་ལ། །རོ་གཅིག་གི་རྣལ་འབྱོར་མི་གསུང་ལགས། །ཀུན་རྫོབ་སྤངས་པའི་ཕ་རོལ་ནས། །དོམ་དམ་འོང་ཞེས་མི་གསུང་ལགས། །ལུས་དང་སེམས་དང་སྣང་བ་གསུམ། །ཐ་དད་ཡིན་ཞེས་མི་གསུང་ལགས། །དབྱེར་མེད་ཆེན་པོ་མཐར་ཕྱིན་པས། །དབྱེར་མེད་རྒྱལ་བའི་སྐུ་གསུམ་ལ། །ཡེ་ཤེས་རྣམ་པ་ལྔ་ཡང་མངའ། །རྒྱུ་ལས་འབྲས་བུ་ངེས་པས་ན། །ལྷུན་གྲུབ་རྒྱུན་ཆད་མེད་པ་ཡི། །ཕྲིན་ལས་ཇོ་བོ་བྱམས་པས་གསུངས། །སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །དགེ་འདུན་དཀོན་མཆོག་རྒྱུན་ཆད་མེད། །བླ་མ་དཀོན་མཆོག་གསུམ་པོ་དང༌། །འགྲོ་དྲུག་སེམས་ཅན་འབྲལ་བ་མེད། །དཔལ་ལྡན་ཕག་མོ་གྲུ་པའི་གདམས་ངག་འདི། །གཞན་ལ་བཟླས་པ་མ་ལགས་ཏེ། །བསོད་ནམས་བསགས་པའི་འབྲས་བུ་དེས། །ཐོས་བསམ་བསྒོམ་གསུམ་ཡོན་ཏན་གྱིས། །ཐུགས་ཀྱི་པདྨོ་རབ་བཀང་སྟེ། །བློ་གྲོས་ཡངས་པའི་དཀྱིལ་འཁོར་ནས། །ཚད་མེད་ཐུགས་རྗེ་ཆེན་པོ་ཡིས། །འགྲོ་བ་སྨིན་པའི་བློ་མངའ་བ། །བཟང་ངན་མཐོ་དམན་གང་ཡིན་ཡང༌། །ཀུན་ལ་སྙོམས་པའི་ཐུགས་མངའ་བ། །བཤེས་གཉེན་གཞོན་ནུ་དབང་ཕྱུག་ལ། །སྙིང་གཏམ་ཚིག་ཏུ་བརྗོད་པ་ལགས། །འདི་བྲིས་དགེ་བས་སྲིད་པ་ཡི། །མཚོ་ལས་འགྲོ་བ་འདོན་པར་ཤོག།


previousབཤེས་གཉེན་གཞོན་ནུ་དབང་ཕྱུག་ལ་སྙིང་གཏམ་ཚིག་ཏུ་བརྗོད་པ།། next