Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
གར་པ་བྱང་རྡོར་གྱི་གཡུ་ཁང་དུ་ཞུས་པའི་མགུར།།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousགར་པ་བྱང་རྡོར་གྱི་གཡུ་ཁང་དུ་ཞུས་པའི་མགུར།། next

གར་པ་བྱང་རྡོར་གྱི་གཡུ་ཁང་དུ་ཞུས་པའི་མགུར།།

རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །སྤྲུལ་སྐུ་བདུན་གྱི་ཞབས་ཀྱིས་བཅགས། །རྟོགས་ལྡན་གྲངས་མེད་བཞུགས་པའི་གནས། །སྦྱང་སྡོམ་འབྲས་བུ་སྨིན་པའི་ས། །བདེ་བའི་འབྱུང་གནས་ཕག་མོ་གྲུར། །སྐུ་གསུམ་ངོ་བོ་བླ་མ་དང༌། །སྣང་སེམས་གཉིས་སུ་མེད་པར་མཇལ། །ཁྱེད་ཀྱི་སྐྱེ་བ་སྔ་མ་ཡང༌། །ཁོ་བོས་བླ་མ་བགྱིས་པ་དག །ང་ཡིན་བདག་ལ་བཀའ་སྩལ་གསུངས།། གསུང་ཐོས་པ་ཙམ་གྱིས་བྱིན་རླབས་ཞུགས། །བདེ་སྟོང་ཉམས་ཀྱིས་ལུས་སེམས་གང༌། །གཉུག་མ་རང་ངོ་རང་གིས་ཤེས།། རང་སེམས་སྐྱེ་བ་མེད་པར་རྟོགས། །གར་པ་བྱང་དོར་གྱིས་གཡུ་ཁང་དུ་ཞུས་པའི་མགུར་རྫོགས་སོ། །

རང་སེམས་ཕྱག་རྒྱ་ཆེན་པོ་ནི། །འཁོར་འདས་གཉིས་ཀྱི་རྒྱལ་པོ་ཡིན། །དངོས་མེད་རྣམ་རྟོག་སྣ་ཚོགས་འདི། །རྒྱལ་པོ་དེ་ཡི་བློན་པོ་ཡིན། །རྒྱལ་བློན་གཉིས་སུ་མེད་པ་དེ། །རྒྱལ་པོ་དེ་ཡི་རྒྱལ་ཆས་ཡིན། །མཁའ་མཉམ་སེམས་ཅན་ཐམས་ཅད་ཀུན། །བདེ་ཆེན་མཆོག་ལ་བཀོད་པ་དེ། །རྒྱལ་པོ་དེ་ཡི་རྒྱལ་ཁྲིམས་ཡིན།།

སྤྱིར་ཐབས་དང་ཤེས་རབ་ཀྱི་བསྒོམ་དེ་ཚིག་དང་དོན་མཚོན་པ་ཡིན། དེ་ཆོས་ཡིན་རྒྱུ་མེད། མོས་གུས་ཀྱིས་བླ་མ་དེའི་ཚིག་དེས་མཚོན་པ་དོན་ཉམས་མྱོང་དང་མངོན་པར་རྟོགས་པ་བསྐྱེད་དེ། དེ་དོན་ཡིན་པས་སྐྱོང་བ་ཡིན། དུས་རྟག་ཏུ་ལྔ་ལྡན་ལ་ལྡབ་རྐྱང་བྱེད་པ་མེད། རྟོག་པའི་ཕྲེང་བ་ཡིན། དང་པོ་ནངས་པར་ཁོ་ནར་ལམ་དུ་གཏང༌། འཆི་བ་དང་མི་རྟག་པ་བསྒོམ། སེམས་བསྐྱེད། ལྷ་བསྒོམ། བླ་མ་བསྒོམ། ཕྱག་ཆེན་བསྒོམ། དེ་ནས་སོ་སོའི་མྱོང་བ་གང་ཆེ་བློ་ངེས་ཀྱི་དགེ་སྦྱོར་དེ་ཉིན་མཚན་ཕྲིལ་ལེ་བསྒོམ། བསྔོ་བ་འདི་ཡིད་ལ་དྲན་པ་ཙམ་ཡིན། ས་གཅིག་ཏུ་ཡུན་རིང་ན་དགེ་སྦྱོར་མི་འཕེལ་ལོ། །སྐྱོན་ལ་བྲོས་པས་མི་ཕན། བླ་མ་དང་མཇལ་འདོད་ན་མདུན་གྱི་ནམ་མཁར་གདན་བཞི་རྩེགས་ཀྱི་སྟེང་དུ་བསྒོམ། ཡན་ལག་བདུན་པ་འབུལ། དེ་ནས་བསྟིམ།

ཨོཾ་སྭསྟི། གང་གི་དྲིན་གྱིས་བདེ་ཆེན་ནི། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རྡོ་རྗེ་འཆང་ཆེན་གྱི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །སྤྲོས་དང་བྲལ་བའི་སེམས་ཉིད་དུ། །སྐྱེ་བ་མེད་ཅིང་རོ་གཅིག་པ།། དག་པའི་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའི་རྟོགས་པ་ཡིན། །གཉིས་མེད་དབྱེ་བ་མེད་ཚུལ་དུ། །རྣམ་པར་རྟོག་པ་སྐྱེ་བ་དེ། །མཐར་ཐུག་མཁྱེན་པའི་ཡེ་ཤེས་ལ། །སྒྲིབ་པ་ཤེས་བྱའི་སྒྲིབ་པར་གསུངས། །གསང་སྔགས་རྡོ་རྗེ་ཐེག་པ་ཡི།། རིག་པ་བརྟུལ་ཞུགས་སྤྱོད་པ་ནི། །ཐ་མལ་ལུས་ངག་ཡིད་གསུམ་དུ། །འཛིན་པའི་རིག་པ་བརྟུལ་ནས་སུ། །སངས་རྒྱས་སྐུ་གསུམ་བདག་ཉིད་དུ། །ཞུགས་པར་གྱུར་པ་དེ་ཉིད་ལ། །རིག་པ་བརྟུལ་ཞུགས་ཞེས་སུ་བརྗོད། །རྒྱུན་ཆད་མེད་པར་ཉམས་ལེན་ན། །རིག་པ་བརྟུལ་ཞུགས་སྤྱོད་པ་ཡིན། །དེ་དང་འདུལ་བའི་བསླབ་པ་གཉིས། །གལ་ཏེ་སོ་སོ་ཡིན་སྲིད་ན། །སོ་སོ་ཐར་པའི་བརྗོད་བྱ་ཅི། །སྔགས་དང་ཚུལ་ཁྲིམས་བསླབ་པ་གཉིས། །གལ་ཏེ་སོ་སོ་ཡིན་སྲིད་ན། །བདེ་གཤེགས་བཀའ་འདས་ལྟུང་བ་ཞེས། །སྐྱེས་ཆེན་གང་ལ་ཟེར་བ་སོམས། །གང་འདིར་འདུལ་བའི་བསླབ་པ་ལས། །གསང་སྔགས་གཞན་ཞིག་ཡོད་སྲིད་ན། །རྒྱུ་ལས་འབྲས་བུ་ངེས་པས་ན། །སྟོབས་དང་མི་འཇིགས་མ་འདྲེས་ཆོས། །དེ་འདྲ་མེད་པའི་སངས་རྒྱས་ལ། །སྔགས་ཀྱི་སངས་རྒྱས་ཟེར་རམ་ཅི། །རྡོ་རྗེ་ཐེག་པའི་རྒྱུད་རྣམས་སུ། །ལེགས་པར་གཟིགས་དང་གོ་བ་སྐྱེ།།

སོ་སོ་ཐར་པ་རིགས་བདུན་གྱི། །སྡོམ་པས་ལེགས་པར་བསྡམས་པ་ཡི། །རྣལ་འབྱོར་པ་ཡིས་རི་ཁྲོད་དུ། །བྱམས་པ་སྙིང་རྗེ་གཞི་བྱས་ནས། །རང་གི་དགེ་སྦྱོར་གང་ཡིན་ལ། །མ་ཡེངས་བརྩོན་པས་ཉམས་བླངས་པས། །ཐ་མལ་ལུས་ངག་ཡིད་གསུམ་དང༌། །བྲལ་བའི་དུས་སུ་ཤི་འཕྲས་བྱེད། །འདི་ཡི་དུས་སུ་སྙིང་རུས་ཀྱིས། །སྒོམ་པ་གང་དང་ལྟས་ལ་སོགས་པ་འཇིགས་སུ་རུང་བ་བྱུང་ནས། བླ་མ་དང་གྲོགས་པོ་ལ་ཞུས་ཀྱང་མི་ཕན། མ་ཞུས་ཀྱང་མི་ཐུབ་སྟེ་དགེ་སྦྱོར་དེ་རང་གིས་ཐུབ་བོ།།

རབ་གནས་ལ་རྟེན་འབྲེལ་ཕུན་སུམ་ཚོགས་པ་བསྒྲིག་དགོས་ཏེ། རྒྱུ་ཕུན་སུམ་ཚོགས་པ། བྱེད་པ་པོ་ཕུན་སུམ་ཚོགས་པ། ནང་རྫོངས་བྱ་རྒྱུའི་རྟེན་དང་བཅས་པ་རྣམས་ཕྱིའི་རྟེན་འབྲེལ། ནང་གི་རྟེན་འབྲེལ་ཏིང་ངེ་འཛིན། དེ་ཡང་སྤྱིར་རབ་ཕྱག་རྒྱ་ཆེན་པོ། འབྲིང་བྱམས་པ་ཟེར། རབ་གནས་ཀྱི་སྐབས་འདིར་བྱམས་པ་རབ་ཡིན། ཕྱི་ནང་གཉིས་པོའི་རྟེན་འབྲེལ་དེ་ཡོད་ན་ཚོགས་པ་འགྲུབ་པ་ཡིན། ཚོགས་པའི་སྐད་ཅིག་མ་ལ་ལས་སྦྱོར་བྱེད་པ་ལ། སྤྱིར་བྱམས་པ་གཤའ་མ་ཞིག་རྒྱུད་ལ་སྐྱེས་ན་རབ་གནས་ལེགས་ཟིན་པས། མེ་ཏོག་ཀུན་མ་འཐོར་ཡང་ཆོག་སྟེ། གཞན་སྙིང་ཚིམ་པའི་ཆེད་དུ་གཏོར་བ་ཡིན།།


previousགར་པ་བྱང་རྡོར་གྱི་གཡུ་ཁང་དུ་ཞུས་པའི་མགུར།། next