Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
དབང་པོ་རབ་འབྲིང་ཐ་གསུམ་གྱི་འཕོ་བའི་གདམས་པ་བླ་མ་དམ་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousདབང་པོ་རབ་འབྲིང་ཐ་གསུམ་གྱི་འཕོ་བའི་གདམས་པ་བླ་མ་དམ་པ།next

དབང་པོ་རབ་འབྲིང་ཐ་གསུམ་གྱི་འཕོ་བའི་གདམས་པ་བླ་མ་དམ་པ།

ན་མོ་རཏྣ་གུ་རུ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དབང་པོ་ཐ་མ་འབྲིང་དང་ནི། །རབ་ཀྱི་འཕོ་བའི་གདམས་པ་སྟེ། །ཐ་མ་ལ་ཡང་འཕོ་ལུགས་གསུམ། །ཐ་མའི་ཐ་མས་སྐྱབས་འགྲོ་བྱ། །དེ་དང་འགྲོགས་པས་ངན་སོང་ཁེགས། །འབྲིང་གི་རང་གིས་གང་ཐོས་པའི། །ངེས་ཤེས་གང་ཆེའི་ཆོས་ཉིད་བསམ། །དེ་དང་འགྲོགས་པ་བདེ་བར་སྐྱེ། །ཐ་མའི་རབ་ཀྱིས་ལྷ་སྐུ་བསྒོམ། །དེ་དང་འགྲོགས་པས་རིག་འཛིན་ཐོབ། །དབང་པོ་འབྲིང་གི་འཕོ་བ་ཡང༌། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །འབྲིང་གི་ཐ་མས་ཉལ་ཐབས་བྱ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཡིས། །བདེ་བ་ཅན་དུ་ངེས་བར་འགྲོ། །འབྲིང་གི་འབྲིང་གི་འཕོ་ལུགས་ནི། །བདག་ཉིད་རྡོ་རྗེ་འཆང་དུ་བསྒོམ། །སྲོག་ནི་འགག་པར་གྱུར་པ་ན། །ཤེས་པ་མཁའ་སྤྱོད་གནས་སུ་འགྲོ། །འབྲིང་གི་རབ་ཀྱི་འཕོ་ལུགས་ནི། །རང་གཞན་མ་ལུས་ཧེ་རུ་ཀཿ །ཞལ་བརྒྱད་ཕྱག་ནི་བཅུ་དྲུག་པ། །འབར་བ་ཆེན་པོ་བསྒོམ་པར་བྱ། །འཆི་ཁར་དེ་ལྟར་བསྒོམ་བྱས་པས། །དཀྱིལ་འཁོར་གྱི་ནི་བདག་པོར་འགྱུར། །རབ་ཀྱི་འཕོ་བ་རྣམ་གསུམ་སྟེ། །རབ་ཀྱི་ཐ་མའི་བར་དོ་ནི། །དུས་སུ་རང་གི་སེམས་ཉིད་ནི། །བདེ་བ་ཆེན་པོར་བསྒོམ་བྱས་པས། །མཆོག་གི་དངོས་གྲུབ་བར་མཚམས་མེད། །རབ་ཀྱི་འབྲིང་གི་གང་ཟག་གིས། །བླ་མ་རྟོགས་ལྡན་བསྟེན་བྱས་ཤིང༌། །དེས་གསུང་མོས་གུས་བྱས་གྱུར་ན། །བསྒོམ་དང་འཆི་བའི་འོད་གསལ་གཉིས། །རོ་གཅིག་ཆེན་པོར་གྱུར་ནས་ནི། །ཆོས་སྐུ་བོར་བ་མེད་པ་འཐོབ། །རབ་ཀྱི་རབ་ཀྱི་གང་ཟག་གིས། །ལུས་ནི་སྒྱུ་མ་འཇའ་ཚོན་བཞིན། །སེམས་ནི་ནམ་མཁའ་ཆོས་ཀྱི་སྐུ། །རོ་མཉམ་ཆེན་པོར་སྐད་ཅིག་འགྱུར། །རིན་པོ་ཆེ་ཡི་གདམས་ངག་འདི། །སྣོད་ངན་རང་ཉིད་མི་སྒྲུབ་ཅིང༌། །བཤད་པར་རློམས་ལ་བྱིན་གྱུར་ན། །དམ་ཚིག་ཉམས་ནས་དམྱལ་བར་འགྲོ།།


previousདབང་པོ་རབ་འབྲིང་ཐ་གསུམ་གྱི་འཕོ་བའི་གདམས་པ་བླ་མ་དམ་པ།next