Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
དབང་པོ་ཡང་རབ་འོད་གསལ་དུ་འཕོ་བའི་གདམས་པ།།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousདབང་པོ་ཡང་རབ་འོད་གསལ་དུ་འཕོ་བའི་གདམས་པ།། next

དབང་པོ་ཡང་རབ་འོད་གསལ་དུ་འཕོ་བའི་གདམས་པ།།

ཨོཾ་སྭསྟི། རྡོ་རྗེ་འཛིན་པ་བླ་མ་མཆོག་ཉིད་ཀྱི།། ཞབས་ཀྱི་པདྨོར་གཙུག་གིས་བཏུད་བྱས་ཏེ། །བླ་མེད་གསང་སྔགས་སྙིང་པོ་མཆོག་གི་དོན། །འཕོ་བའི་གདམས་ངག་བླ་མའི་གསུང་བཞིན་འབྲི། འདིར་ཐེག་པ་ཆེན་པོ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་གཉིས་ལ་ཡུན་རིང་དུ་བསྒོམ་པར་བྱ་བ་ནི་འཕོ་བ་སྦྱོང་བ་སྟེ། དེ་ཡང་དང་པོར་བསྐྱེད་རྫོགས་གང་ཡང་རུང་སྟེ་མཉམ་པར་གཞག་པ་ལ་ཡུན་རིང་དུ་བསླབ། དེ་ནས་འགྲོ་བ་དང༌། འཆག་པ་དང༌། ཉལ་བ་དང༌། འདུག་པ་དང༌། ཚོགས་མང་པོ་དང༌། ཆང་འཐུང་བ་དང༌། ཉོན་མོངས་པ་སྤྱོད་པ་དང༌། གཉིད་ཁུར་ཚུན་ཆད་དུ་ཡང་རྒྱུན་ཆད་མེད་པར་ཉམས་སུ་བླངས། དེ་ལ་གོམས་ཤིང་འབྱོངས་པའི་དུས་སུ། ད་ནི་ལས་ལ་སྦྱར་བར་བྱ་སྟེ། འཆི་ཁ་མའི་དུས་སུ། འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོ་དང༌། འདུ་ཤེས་བཅུ་བསྟན་པའི་མདོ་ལྟར་ལུས་ལོངས་སྤྱོད་རྫས་ཡོ་བྱད། དངོས་པོ་ཐམས་ཅད་བླ་མ་དང་དཀོན་མཆོག་ལ་དབུལ། བློས་ལྕོགས་ཚད་ཕན་པ་དང་བདེ་བ་འགྲུབ་ཚད་རླབས་པོ་ཆེའི་དགེ་བའི་རྩ་བར་བསྔོ་བར་བྱའོ། །དེའི་ཁ་ཆེམས་བཞག །དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ལུས་ཡི་དམ་གྱི་ལྷར་བསྒོམ། དེ་ཡང་ཤེས་པ་དང་འདྲེས་པར་བསྒོམ། དེ་ནས་རང་གི་རྩ་བའི་བླ་མ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་བླ་མ། བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པའམ། དབང་བསྐུར་བའི་བླ་མ་ཏིང་ངེ་འཛིན་གྱི་དབང་བསྐུར་གྱི་དུས་ཀྱི་བླ་མ་ཧེ་རུ་ཀ་གང་ཡང་རུང་བ་དེ། སྤྱི་གཙུག་ཚངས་པའི་བུ་གའི་སྟེང་དུ་སེང་གེའི་ཁྲི་ཆེན་པོ་ཞིག་བསམ། དེའི་སྟེང་དུ་སྣ་ཚོགས་པདྨ། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་བླ་མ་གང་ཡང་རུང་བ་བསམ་ལ། བླ་མ་སངས་རྒྱས་དེ་ལ་སེམས་མ་ཡེངས་པ་རྩེ་གཅིག་ཏུ་གཏད། དེ་མ་གསལ་གྱི་བར་དུ་ནན་ཏན་ཆེན་པོར་བསྒོམ། གསལ་བ་འདིའི་དུས་སུ་འོང་བ་ནི། བླ་མའི་བྱིན་རླབས་རང་གི་མོས་གུས་ཀྱི་རྟེན་འབྲེལ་འཛོམ་པས་གསལ་བར་མི་འོང་བ་མིན། དེ་ཉིད་ཀྱི་ངང་ལ་བཞག་པས། སྔོན་གོམས་པའི་ཕྱག་ཆེན་པོས་མདུན་ནས་བསུ་བ་ལྟར་རང་དབང་མེད་པར་བྱུང་ནས། ཆུ་ལ་ཆུ་གཞག་པ་དང༌། མར་ལ་མར་གཞག་པ་ལྟར་ཕྱག་རྒྱ་ཆེན་པོ་ཉིད་ཀྱི་ངང་ལ་འགྲོ་བ་ནི་བླ་མ་དམ་པའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང༌། རང་གི་ཤེས་པ་ཕྱག་རྒྱ་ཆེན་པོ་དབྱེར་མེད་པར་འདྲེས་པར་གྱུར་པ་ཡིན། དེ་ཉིད་བསྒོམ་པ་མ་གཏོགས་པ་རང་གི་ལུས་ལ་སེམས་མར་མ་ཞུགས་པ་གལ་ཆེ། འཕོ་བའི་གདམས་ངག་འདི་མཐར་ཐུག་པ་ཤིན་ཏུ་ཟབ་པ་ཡིན། འདི་ཁོ་ན་ཉམས་སུ་ལོངས༌། བློ་གཏད་ཐུབ་པ་ཡིན། མི་བསླུ་ངེས་པ་ཡིན། སྔ་མའི་ཉམས་ལེན་དང་རྗེས་སུ་འབྲེལ་པས། སུ་ལ་ཕན་ཡོན་ཆེ་བ་ཡིན་པས་འདི་ཁོ་ན་ཉམས་སུ་བླང་བར་བྱའོ། །རྩ་ཨ་ཝ་དྷུ་ཏཱི་དང༌། ཡིག་འབྲུའི་རིགས་ཐ་དད་པ་དང༌། སྒོ་དགུ་དགག་པ་ལ་སོགས་པ་ཐ་དད་པ་མང་པོ་ཡོད་ཀྱང༌། ཐམས་ཅད་རང་གི་སེམས་འབའ་ཞིག་ལས་གཞན་མེད། དབང་པོ་རབ་ཏུ་གྱུར་པའི་རྟེན་གྱི་གང་ཟག་གོམས་པ་དང་ཀློང་དུ་གྱུར་པ། མ་གོམས་ཀྱང་བྱ་སླ་བ། འཕོ་བ་འདི་ཁོ་ན་གནད་ཆེ་བ་ཡིན་པས་གཞན་ལ་ཡང་བསྟན་རང་ཉིད་ཀྱིས་ཀྱང་ཉམས་སུ་བླང་བར་བྱའོ།། རྩ་རླུང་ཡིག་འབྲུ་ལ་སོགས་པ་བྱས་ནས་བླ་མའི་ཐུགས་ཀར་འཕོས་ཀྱང་བྱ་བའི་ཚུལ་ལུགས་འདི་ལས་གཞན་མེད། གཞན་རྗེས་སུ་བཟུང་བ་ལ་གཞན་གྱིས་སྤྱན་འདྲེན་པ་ལ་སོགས་པ་བྱུང་ན་རྟེན་བཀྲམ་པ་དང༌། མཆོད་པ་བཤམས་པ་དང༌། བདག་ཉིད་གོས་དང་གཟི་བརྗིད་དང་ལྡན་པར་བྱ་བ་དང༌། སྐྱབས་སུ་འགྲོ་བ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། གོང་དུ་དབང་མ་བསྐུར་ན་འཕོ་བ་ནགས་ཤོད་མ་ལྟར་རྟེན་འབྲེལ་གྱི་ཁྲུས་བྱ་བ། སྔོན་འགྲོ་རྣམས་རྫོགས་པར་བྱས་ལ་ཡིག་འབྲུ་ལ་སོགས་པ་དེ་ཉིད་དུ་བསྟན་པ་ལྟར་བྱ་སྟེ། མདོར་ན། བླ་མ་སངས་རྒྱས་སྤྱི་བོར་བསྒོམ་པ་ནི། རྣམ་ཤེས་བླ་མར་འཕོ་བའི་གདམས་ངག་ཡིན་ལ། ཕྱག་རྒྱ་ཆེན་པོར་འགྲོ་བའི་དུས་སུ་དེ་ཉིད་ཀྱི་ངང་ལ་གཞག་པ་ནི། གང་ཟག་དབང་པོ་རབ་འོད་གསལ་དུ་འཕོ་བའི་གདམས་ངག་ཡིན་པས། བླ་མ་རྡོ་རྗེ་འཆང་ཆེན་པོའི་དགོངས་པ་འདི་ལས་ལྷག་པ་མེད་པ་ཡིན་པས་ཉམས་སུ་བླང་བར་བྱའོ། །རྡོ་རྗེའི་འཆང་གི་དགོངས་པ་མཆོག །བླ་མ་དམ་པའི་གདམས་ངག་འདི། །འགྲོ་བ་ཀུན་ལ་ཕན་དོན་དུ། །རིན་ཆེན་གསུང་བཞིན་ཡི་གེར་བྲིས། །འདི་བྲིས་བསོད་ནམས་དམ་པ་ཡིས། །ནམ་མཁའ་མཉམ་པའི་མ་རྒན་རྣམས། །བདེ་ཐོབ་སྡུག་བསྔལ་བྲལ་ནས་ཀྱང༌། །རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག།


previousདབང་པོ་ཡང་རབ་འོད་གསལ་དུ་འཕོ་བའི་གདམས་པ།། next