Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
འབྲི་གུང་ཚོགས་ཆོས་ཆེན་མོ།།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousའབྲི་གུང་ཚོགས་ཆོས་ཆེན་མོ།། next

འབྲི་གུང་ཚོགས་ཆོས་ཆེན་མོ།།

ཚོགས་གཉིས་མཐར་ཕྱིན་མཚན་དང་དཔེ་བྱད་རིན་ཆེན་རི་བོ་ལྟར་མཛེས་སྐུ་ཡི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་མཁའ་མཉམ་སེམས་ཅན་ཁམས་དང་མཉམ་པར་འཇུག །ཆོས་རྣམས་གདོད་ནས་མ་སྐྱེས་སྟོང་པར་སྟོན་པའི་གསུང་གི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་ཐེ་ཚོམ་གཅོད་ཅིང་སེམས་ཅན་རྣམས་ཀྱི་སྐད་དང་མཐུན་པར་འཇུག །དུས་གསུམ་འགྱུར་མེད་འོད་གསལ་སྒྲིབ་གསུམ་རབ་སྤངས་རྣམ་དག་ཐུགས་ཀྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་ཡེ་ཤེས་དུས་རྣམས་ཀུན་ལ་ཆགས་ཐོགས་མེད་པར་འཇུག །ཡོན་ཏན་རྒྱ་མཚོ་སྐུ་གསུང་ཐུགས་དང་མཛད་པ་འཕྲིན་ལས་ལྷུན་གྲུབ་བསམ་གྱིས་མི་ཁྱབ་བློ་ལས་རྣམ་འདས་འགྲོ་བའི་དཔལ་གྱུར་ཆོས་ཀྱི་རྗེ་ལ་འདུད། །ཆོས་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བ་གདོད་ནས་སྤྲོས་པ་ཀུན་དང་རྣམ་པར་བྲལ། །གཉིས་མེད་སེམས་ཉིད་འོད་གསལ་ཆེན་པོར་སྟོན་པ་སྐྱོན་བྲལ་ཡན་ལག་དྲུག་ཅུའི་གསུང་དབྱངས་ཀྱིས། །གདུལ་བྱའི་ཁམས་དང་དབང་པོ་ཇི་བཞིན་མི་ཤེས་ལོག་ཤེས་ཐེ་ཚོམ་སེལ་ཅིང་རྒྱལ་སྲས་ཀྱི། །བློ་ཡི་པད་མོ་ཁ་འབྱེད་བླ་མའི་གསུང་སྒྲོས་རང་གཞན་ཀུན་ལ་ཕན་ཕྱིར་ཅུང་ཟད་འབྲི། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་གྱུར་པ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སེམས་ཉིད་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པས། བདག་ཏུ་འཛིན་པའི་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་ཕམ་པར་མཛད་པ། རྟག་ཏུ་མཉམ་པར་བཞག་ཅིང་དུས་གསུམ་ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་ལ་ཆགས་ཐོགས་མི་མངའ་བའི་སྤོབས་པའི་གཏེར་ཆེན་པོ་ཐོབ་པས། ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ། ཕས་ཀྱི་རྒོལ་བ་དང་དྲི་བ་ཐམས་ཅད་ལ་འཇིགས་པ་མི་མངའ་བར་ལུང་སྟོན་པར་མཛད་པ། སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་སྐུ་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པ། འགྲོ་བ་རྣམས་ཀྱི་ཡིད་འཕྲོག་ཅིང་མཐོང་བ་ཙམ་གྱིས་སྡུག་བསྔལ་གྱི་གདུང་བ་སེལ་བར་མཛད་པ། ཐོས་པ་དང་དྲན་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་ས་ཐོབ་པ། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དབྱེ་བ་མེད་པའི་ཏིང་ངེ་འཛིན་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང༌། ས་དང་ཕ་རོལ་ཏུ་ཕྱིན་པ་དང་སྨོན་ལམ་རྣམ་པར་དག་པ་ཐམས་ཅད་མཐར་ཕྱིན་པའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས་དང་སེམས་ཅན་གྱི་ཁམས་དང་མཉམ་པའི་གཞི་རྣམས་སུ་ཆུ་སྣོད་ཀྱི་ཟླ་བ་བཞིན་དུ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་ཆད་པ། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་མཛད་པ། དུས་གསུམ་མཉམ་པ་ཉིད་དུ་ལྷུན་གྱིས་གྲུབ་པ། གཙང་བ་དང༌། བདག་དང༌། བདེ་བ་དང༌། རྟག་པའི་ཕ་རོལ་ཏུ་ཕྱིན་པའི་སྐུ་ཐོབ་པས། དུས་ཐམས་ཅད་དུ་འགྱུར་བ་མེད་ཅིང་རྟག་པར་བཞུགས་པ།

འཇིག་རྟེན་གསུམ་གྱི་མགོན་པོ་བླ་མ་རིན་པོ་ཆེའི་ཞལ་སྔ་ནས། འདས་པའི་དུས་སུ་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་བྱོན་པ་རྣམས་དང༌། མ་འོངས་པའི་དུས་སུ་འབྱོན་པ་རྣམས་དང༌། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཆོས་ཀྱི་དབྱིངས་ཀྱིས་བཀླས་པ་རྣམས་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་ཚུལ་གཅིག་པ་ཡིན་བགྱི་བ་གསུངས། གང་དུ་གཅིག་སྙམ་ན་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་རྒྱུ་འབྲས་སུ་གཅིག་པ་སྤྱི་ཡིན། བྱེ་བྲག་གི་དབང་དུ་བགྱིས་ན་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ནས་དུས་ད་ལྟ་ཡན་ཆོད་དུ། བརྒྱུད་པ་རིན་པོ་ཆེ་འདི་ལ་ཅི་བརྒྱུད་པའི་བརྒྱུད་པ་ཡིན་སྙམ་ན། གཏུམ་མོ་ཙཎྜ་ལི་ལ་སོགས་པ་ཐབས་ལམ་རྣམས་བརྒྱུད་པས་བརྒྱུད་པ་རིན་པོ་ཆེར་འོང་བ་མ་ལགས། བརྒྱུད་པ་འོ་ན་གང་བརྒྱུད་པའི་བརྒྱུད་པ་ཡིན་སྙམ་ན། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བརྒྱུད་པས་ན་བརྒྱུད་པའི་ཆོས་དེ་ཡིན། བརྒྱུད་པའི་གོ་བ་ཡང་དེ་ཡིན་པས་ཅི་བརྒྱུད་ཤེས་དགོས། ཇ་དང་ཚ་དང་ཕྱུགས་ལུག་ཁྱེར་ཁྲིད་བྱེད་པ་ལ་ཇ་ཚོང་བ། ཚ་ཚོང་བ། མར་ཚོང་བ་ཟེར་བར་འདུག་པ། དཔེ་དེ་བཞིན་དུ་བརྒྱུད་པ་རིན་པོ་ཆེ་ལ་ཡང་ཅི་བརྒྱུད་པའི་བརྒྱུད་པ་ཡིན་ཤེས་དགོས་པས་ན། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བརྒྱུད་པའི་བརྒྱུད་པ་ཡིན། དེ་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་འདི་ལྟར་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་བྱ་སྙམ་པའི་སེམས་དེ་ཡིན། དེ་ཡང་ཀུན་རྫོབ་སྨོན་འཇུག་གཉིས་པོ་ལ་མཚན་ཉིད་དང་ལྡན་པའི་བླ་མ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་གནས་པ་ཞིག་ལ་ཇི་བཞིན་དུ་བསྐྱེད་དགོས། བསྐྱེད་ནས་ཀྱང་བསླབ་བྱ་མཐའ་དག་ལ་གནས་པ་ཞིག་དགོས། དེ་མ་གནས་པར་གྱུར་ན་སེམས་བསྐྱེད་དུ་ཐོབ་ཀྱི་གྲངས་ལ་དགོས་པ་མེད། དེས་ན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འདི་ལ་ནན་ཏན་ཆེན་པོ་བྱེད་དགོས། དེ་ཡང་ནམ་ཐོ་རངས་ཀྱི་དུས་སུ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་བྱ་སྙམ་པའི་སེམས་དེ་ལན་བདུན་ཙམ་ བལྡབས་ནས་བསྒོམ། ཕྱི་དྲོའི་དུས་སུ་དུས་རབ་འབྲིང་གསུམ་བྱིན་གྱིས་རློབ་པ་ནས་ལུས་ངག་ཡིད་གསུམ་གྱི་བྱ་བ་ཐམས་ཅད་རེ་རེ་ལ་ཡང་བྱང་ཆུབ་ཀྱི་སེམས་དེ་སྔོན་དུ་འགྲོ་བའམ། བསྡུས་པར་གྱུར་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བྱ་བ་དང་བྱེད་པ་འདི་བྱ་སྙམ་དུ་བསམ། དེ་ལྟར་ལུས་ངག་ཡིད་གསུམ་གྱི་བྱ་བ་བྱེད་པ་ཐམས་ཅད་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱད་པར་དུ་བྱས་ནས་ཉམས་སུ་ལེན་དགོས། གཉིས་པ་དོན་དམ་པ་བྱང་ཆུབ་ཀྱི་སེམས་ནི། འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས། སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ལྷུན་གྱིས་གྲུབ་པའི་ངོ་བོར་གནས་པ་ཡིན། དེ་སངས་རྒྱས་སྒམ་པོས་མཛད་པའམ། སེམས་ཅན་གླེན་པས་བཅོས་པ་མ་ལགས། འདི་རྟོགས་པའི་དུས་སུ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་རྩ་བ་ནས་སྤངས་ཟིན་པ་ཡིན་ལ། འདི་ལ་སྟོང་ངམ་མི་སྟོང་སྙམ་པའི་ཐེ་ཚོམ་ཙམ་ཞིག་སྐྱེས་པས་ཀྱང་འཁོར་བ་ནུས་པ་མེད་པ་བཏང་བ་ཡིན་ཏེ། འདི་ལ་ཐེ་ཚོམ་སྐྱེ་བ་ནི། །ཤིན་ཏུ་དཀའ་བ་བྱེད་པ་སྟེ། །ལན་གཅིག་ཐེ་ཚོམ་སྐྱེས་པས་ཀྱང༌། །སྲིད་པ་ཧྲུལ་པོར་བཏང་བ་ཡིན། །གསུངས་ན་རྟོགས་པས་འཁོར་བ་སྤོང་བ་ལྟ་ཅི་སྨོས། དེས་ན་འདི་རྟོགས་པའི་དུས་སུ་མ་རྟོགས་པའི་དངོས་པོ་སྤུའི་རྩེ་མོ་ཙམ་ཡང་མེད་དེ། སེམས་ལས་གཞན་པའི་ཆོས་མེད། འདི་ལ་སྣང་བ་རང་སེམས་ཟེར། ཕྱི་རོལ་ཏུ་དཀར་དམར་སྣ་ཚོགས་སུ་སྣང་བ་ཡང་རང་གི་སེམས་སྣང་བ་མ་གཏོགས་པ་ཕྱི་རོལ་ཏུ་སྣང་བ་གཏན་མེད་པར་ཐག་ཆོད་པ་ཡིན། དེ་ལྟར་ཡིན་པར་ཡང༌། འདི་ལྟར་ཚོན་རྐྱེན་སྣ་ཚོགས་ཀྱིས། །ནོར་བུ་དམ་པ་མིན་པར་སྣང༌། །དེ་བཞིན་འགྲོ་རྐྱེན་སྣ་ཚོགས་ཀྱིས། །ཁྱབ་བདག་དེ་དངོས་མིན་པར་སྣང༌། །བགྱི་བ་གསུངས་ན། འཁོར་བ་སྣ་ཚོགས་པར་སྣང་བ་ནི་ནང་གི་བསམ་པ་སྣ་ཚོགས་སྣང་བ་ཡིན། སེམས་རྟོགས་པའི་དུས་སུ་མ་རྟོགས་པའི་དངོས་པོ་སྤུ་ཙམ་མེད། འདི་མ་རྟོགས་པར་གྱུར་ན་ཉམས་བདེ་གསལ་མི་རྟོག་པ་གསུམ་མམ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མན་ཆོད་ཀྱི་བསམ་པ་གང་གིས་ཀྱང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་འདའ་བར་མི་ནུས་ཏེ། ལྷའི་དབང་པོ་བརྒྱ་བྱིན་ནམ་མིའི་དབང་པོ་འཁོར་ལོ་བསྒྱུར་བར་གྱུར་ན་ཡང་ཕྱིར་ལྷུང་སྟེ། དེ་ཡང༌། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ན་ཡང༌། །ལས་ཀྱི་དབང་གིས་སླར་ཡང་ས་སྟེང་ལྟུང༌། །འཁོར་ལོས་བསྒྱུར་བ་ཉིད་དུ་གྱུར་ནས་ཀྱང༌། །འཇིག་རྟེན་དག་ན་ཡང་བྲན་ཉིད་དུ་འགྱུར། །བགྱི་བ་གསུངས། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཡོད་ན་ཡང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མེད་ན། བསམ་པ་དེས་ཉན་ཐོས་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ལས་མི་ཐོབ་སྟེ། དེ་ཡང་བསམ་པ་མ་དག་པ་བསམ་པ་དམན་པ་རྣམ་པར་སྨིན་པའི་འབྲས་བུ་ཡིན། དེ་ལྟར་ལགས་པར་ཡང༌། དམྱལ་བར་འགྲོ་བ་སངས་རྒྱས་ལ། །གཏན་དུ་གེགས་བྱེད་མ་ཡིན་ཏེ། །ཉན་ཐོས་དང་ནི་རང་སངས་རྒྱས། ས་གཉིས་དག་ནི་གཏན་གྱི་གེགས། །གསུངས། དེས་ན་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དབྱེ་བ་མེད་པའི་ཏིང་ངེ་འཛིན་འདི་དགོས་ཏེ། དེ་ཡང་དོན་དམ་པ་བྱང་ཆུབ་ཀྱི་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཡིན། སྟོང་པ་ཉིད་ཀྱི་གོ་བ་སེམས་འདི་འདོད་ཆགས་དང་མ་བྲལ་མི་ལྡན། ཞེ་སྡང་དང་མ་བྲལ་མི་ལྡན། གཏི་མུག་དང་མ་བྲལ་མི་ལྡན་པ་ཡིན། དེ་ཡང་སེམས་ལ་འདོད་ཆགས་སྐྱེ་བ་མེད་ཅིང་ཀུན་ནས་ལྡང་བ་མེད་པ་དང༌། ཞེ་སྡང་སྐྱེ་བ་མེད་ཅིང་ཀུན་ནས་ལྡང་བ་མེད་པ་དང༌། གཏི་མུག་སྐྱེ་བ་མེད་ཅིང་ཀུན་ནས་ལྡང་བ་མེད་པའི་སེམས་དེ་ལ་སྟོང་པ་ཉིད་ཟེར། དེ་ལྟར་ཡིན་པ་ཡང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་སློབ་དཔོན་འཕགས་པའི་ཞལ་ནས། དགེ་དང་མི་དགེ་རྣམ་རྟོག་གི། །རྒྱུན་བཅད་པ་ཡི་མཚན་ཉིད་ལ།། སངས་རྒྱས་རྣམས་ཀྱིས་སྟོང་པར་བཞེད། །གཞན་ནི་དེ་ལྟར་མི་འདོད་དོ། །བགྱི་བ་གསུང་ན། ངོ་སྤྲོད་དེ་རང་ཡིན། དེ་ལས་ལྷག་པའི་ངོ་སྤྲོད་རྒྱུ་མི་བདོག དེས་ན་འདི་ཤེས་དགོས། འདི་མ་ཤེས་པར་གྱུར་ན་སབ་སོབ་ཀྱིས་མི་ཕན། མཚན་ཉིད་དང་ལྡན་པའི་བླ་མའི་ཞབས་ལ་གཏུགས་དགོས། (དེ་ཡང་ད་ལྟ་འཇིག་རྟེན་མགོན་པོ་ཉིད་མི་བཞུགས་ཀྱང་ཁོ་རང་གི་སློབ་མ་མངོན་མཚན་ཆུང་བའི་དབང་དུ་བགྱིས་ན་རིན་པོ་ཆེ་གཏེར་དུ་སྦས་པ་འདྲ་བ་དུ་མ་ཞིག་བཞུགས་པ་ཡིན། མངོན་མཚན་ཅན་གྱི་དབང་དུ་བགྱིས་ན་ཡང་ཁོ་རང་དང་སྐུ་གསུང་ཐུགས་དབྱེ་བ་མེད་པ་སློབ་དཔོན་དབོན་པོ་རིན་པོ་ཆེ་འམ། རྗེ་བཙུན་གཉོས་ལ་སོགས་པ་དུ་མ་ཞིག་བཞུགས་པ་དེ་རྣམས་ཀྱི་ཞབས་ལ་གཏུགས་ནས་གཞི་ནས་ཞུ་དགོས་པ་ཡིན། ངོ་ཚ་རྒྱུ་མེད། ད་ལྟ་ངོ་ཚ་བྱས་པས་སང་འཆི་བའི་དུས་སུ་གྱོང་རང་ཉིད་ལ་འཇུག་པ་ཡིན།)

དེ་ལ་ཞལ་སྔ་ནས་སྒོམ་ཆེན་པའི་འཆི་བ་གཉིས་ཡིན། དང་པོ་མ་རྟོགས་པས་འཆི་བ་ཡིན། རྟོགས་ནས་ཐེ་ཚོམ་གྱིས་འཆི་བ་ཡིན། དེ་ཡང་ངའི་འདི་སྒོམ་ཡིན་ནམ་མ་ཡིན་ནམ་སྙམ་པའི་ཐེ་ཚོམ་དེས་འཆི་བ་ཡིན། དེ་ཡང་དང་པོ་རང་གི་རྒྱུད་ལ་སྐྱེས་ཤིང་བླ་མ་དམ་པས་ཁྱོད་ཀྱི་དེ་འདི་ཡིན་བགྱི་བ་ངོ་སྤྲད་པ་དེ་ལ་ངེས་ཤེས་བྱེད་དགོས། དེ་ལ་ངེས་ཤེས་མ་སྐྱེས་པར་ཐེ་ཚོམ་དང་བཅས་པར་གྱུར་ན་ངའི་འདི་དགེ་སྦྱོར་ཡིན་ནམ་མིན་སྙམ་པ་དེ་ཁྱོད་ཀྱི་དེ་ཅི་ཡིན་ཅི་ཆ། མཚན་ཉིད་དང་ལྡན་པའི་བླ་མ་དམ་པ་དང་མཇལ་བའི་དུས་སུ་ངེས་ཤེས་མ་སྐྱེས་པས། འཆི་བའི་དུས་སུ་ཐེ་ཚོམ་དང་བཅས་པའི་སེམས་ཅན་མི་མ་ཡིན་པའི་སྐྱེ་གནས་སུ་སྐྱེ་བའི་ཉེན་སྒོམ་ཆེན་པ་ལ་ཡོད་པ་ཡིན་པས། སྤྲོས་པ་དང་ཐེ་ཚོམ་བཅད་ལ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་ཏིང་ངེ་འཛིན་ལ་དུས་ཐམས་ཅད་དུ་མཉམ་པར་གཞག བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་མ་གཏོགས་པ་གཏུམ་མོ་ལ་སོགས་པ་ཉམས་སུ་བླངས་པར་གྱུར་ན་ཡང༌། བཀོད་པ་ལུས་ཀྱི་རྫུ་འཕྲུལ་སྟོན་པ་ལ་སོགས་པ་འབྱུང་སྟེ། དེས་ཀྱང་ས་ཆེན་པོ་ཞིག་མི་ཆོད་དེ། དེ་དག་ལུས་འདི་ལ་བརྟེན་པ་ཡིན་མོད། ལུས་འདི་དང་བྲལ་བའི་དུས་སུ་དེ་རྣམས་དང་བྲལ་བ་ཡིན། དེས་ན་ཐབས་ལམ་ལ་སོགས་པས་དགོས་པ་མེད། དེ་ཡང་ཐབས་ལམ་མཆོག་རྣམས་ཉམས་སུ་བླངས་གྱུར་ཀྱང༌། །ཡོན་ཏན་མ་སྐྱེས་འབྲས་བུ་མ་བྱུང་ན།། སྐྱེས་མཆོག་བླ་མ་དམ་པའི་མོས་གུས་དང༌། །དེ་བཞིན་གཤེགས་པའི་སྙིང་པོ་གཉུག་མའི་དོན། །དང་བའི་ཡིད་ཀྱིས་བསྒོམ་པ་མ་གཏོགས་པ། །འབྲས་བུ་ཚེ་འདིར་འཐོབ་པ་ག་ལ་སྲིད། །ཕྱག་རྒྱ་ཆེན་པོ་དབང་གི་རྒྱལ་པོ་ནི། །རྒྱུ་མཆོག་ལམ་མཆོག་འབྲས་བུ་ནམ་མཁའ་བཞིན། །བགྱི་བ་གསུངས་ན། དུས་ཐམས་ཅད་ཀྱི་ཉམས་ལེན་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཡིན། བར་དོ་གསུམ་ཡང་དེ་ཉིད་ཀྱིས་བགྲོད་པ་མ་གཏོགས་པ་མེད། བར་དོ་གསུམ་གྱི་དེ་ཉིད་ཀྱང་དེ་ལ་ཟེར་བ་ཡིན། དཔལ་ལྡན་ཕག་མོ་གྲུ་པས། བར་དོ་གསུམ་དང་ལུས་གསུམ་དང༌། །བསྲེ་བ་གསུམ་དང་མཚམས་སྦྱོར་གསུམ། །མངོན་དུ་བྱ་བ་རྣམ་གསུམ་མོ། །བགྱི་བ་བར་དོ་བཅོ་ལྔ་གསུངས་པ་ཡང་དེ་ཉིད་ཡིན། གཞན་ཡང་བར་དོའི་དམར་ཁྲིད་ལ་སོགས་པ་ལོགས་སུ་མི་བསྒོམ། དམར་དྲགས་ན་སྐྱོན་སྐྱེད་པའི་ཉེན་ཡོད། ད་ལྟའི་དུས་སུ་ཐམས་ཅད་ལག་རྗེས་སམ་ཟང་ཟིང་གི་ཞབས་ཏོག་ལ་བློ་ངེས་པར་འདུག་སྟེ་དེས་ཀྱང་བླ་མ་དམ་པ་མཉེས་པ་མ་ལགས། ཕྱོགས་གཅིག་ན་དེ་ཡོན་བདག་པའི་བྱ་རྒྱུ་ཡིན། ངེད་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྒོམ་དགོས་པ་ཡིན། དེ་ཡང་བསྒོམ་པའི་དུས་གསུམ། ཨ་འཐས་སུ་བསྒོམ་པ་དང༌། མཉམ་རྗེས་སུ་བསྒོམ་པ་དང༌། མཉམ་རྗེས་གཉིས་མེད་དུ་བསྒོམ་པའི་དུས་གསུམ་ཡིན། དེ་ཡང་དང་པོ་ཨ་འཐས་སུ་བསྒོམ་པ་ནི། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱང་མ་རྟོགས་པས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བློས་བསྒོམ་པ་དང༌། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཕྱག་རྒྱ་ཆེན་པོ་རྟོགས་པའི་དུས་སུ་རྟོགས་པ་དེ་མཉམ་པར་བཞག་པ་ཡིན། རྗེས་ཤེས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སོགས་པ་མ་རྟོགས་པའི་དུས་སུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བློས་བསྒོམ་པས། མཉམ་རྗེས་སུ་བསྒོམ་པའི་དུས་དང་རྗེས་ཀྱི་ཤེས་པ་ཉོན་མོངས་པ་དང་རྣམ་པར་རྟོག་པ་དང་སྣང་བ་དཀར་དམར་སྣ་ཚོགས་སུ་འདུག་པ་རྣམས་ཀྱང༌། སྐྱེ་མེད་ཕྱག་རྒྱ་ཆེན་པོར་རྟོགས་པའི་དུས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཉིད་ཀྱང་ཕྱག་རྒྱ་ཆེན་པོ་དང་དབྱེ་བ་མེད་པས་ན་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་མཉམ་རྗེས་གཉིས་མེད་དུ་བསྒོམ་པའི་དུས་ཡིན། བསྒོམ་པའི་གནས་ཀྱང་གྲོང་ཁྲོད་དུ་བསྒོམས་པས་ཆོག་སྙམ་ན་དེས་ཀྱང་མི་ཆོག སྡེ་སར་འཛོམ་པ་ཞིག་བྱ་ལ་བསྒོམ་སྙམ་ན་དེས་ཀྱང་མི་ཆོག དགོན་པར་བསྒོམ་སྙམ་ན་དེས་ཀྱང་མི་ཆོག འོ་ན་གང་དུ་བསྒོམ་སྙམ་ན། གནས་རི་ཁྲོད་སྟོང་པ་ཞིག་དུ་བསྒོམ་དགོས། དེ་མ་གཏོགས་པར་ཏིང་ངེ་འཛིན་རྒྱུད་ལ་མི་སྐྱེ། དེ་ལ་ཚན་གཅིག་སྙམ་ན་ད་ལྟའི་དུས་སུ་རི་ཁྲོད་པའམ་སྒྲུབ་པ་པོ་རྣམས་ལ་མངོན་མཚན་མེད་སྙམ་ན། མངོན་མཚན་འཇིག་རྟེན་འདིར་མེད་པས་དེ་ནས་མི་འབྱུང་བ་མིན། མངོན་མཚན་ལ་དགོས་པ་མེད་དེ། རྣལ་འབྱོར་པ་རབ་ནམ་མཁའི་འབྲུག་ལྟ་བུ། འབྲིང་རི་དྭགས་ལྟ་བུ། ཐ་མ་རྒྱལ་པོ་ལྟ་བུ་གསུང་བར་གདའ་བས། གཞན་ཡང༌། སྒྲུབ་པ་བྱས་པའི་འབྲས་བུ་དེས། །རང་གཞན་གཉིས་ཀྱི་འདོད་པ་གྲུབ། །འཁོར་བ་མུ་མཐའ་མེད་པ་རུ། །སེམས་ཅན་རྣམས་ལ་སྨིན་པར་ཤོག གསུང་བར་གདའ། དེས་ན་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་ཏིང་ངེ་འཛིན་གྱི་སྟོབས་མཐར་ཕྱིན་པ་འཇིག་རྟེན་མགོན་པོ་རིན་པོ་ཆེའི་སྐུ་གསུང་ཐུགས་དང་དབྱེ་བ་མེད་པ་རེ་རེ་བསྒྲུབ། ཐ་མ་ཡང་འཇིག་རྟེན་མགོན་པོའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་སེམས་ཅན་གྱི་ཁམས་དང་མཉམ་པར་བཞུགས་པ་རེ་རེ་དང་དབྱེ་བ་མེད་པ་རེ་ཙམ་བསྒྲུབ། དེ་ཡང་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་སྐུ་ཆོས་ཀྱི་སྐུ་ལྷུན་གྱིས་གྲུབ་པ་དང༌། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་སྐུ་གཟུགས་སྐུ་རྣམ་པ་གཉིས་རྒྱུན་མི་ཆད་པར་འབྱུང་བ་དེ་གཉིས་ཆོས་ཀྱི་སྐུའི་ངོ་བོར་དབྱེ་བ་མེད་པ་ཡིན་ལ། དེའི་ལས་འཁོར་བ་མ་སྟོངས་ཀྱི་བར་དུ་གཟུགས་སྐུ་གཉིས་རྒྱུན་མི་ཆད་པར་འབྱུང་བ་ཡིན། དེ་ཡང་བ་སྤུའི་ཁུང་བུ་རེ་རེ་ཡང་རྣམ་པར་འཁྲུལ་པ་བསམ་གྱིས་མི་ཁྱབ་པ་འབྱུང་སྟེ། དེ་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་བ་སྤུའི་ཁུང་བུ་གཅིག་རྗེ་བཙུན་སྤྱན་རས་གཟིགས་ཀྱིས་ལོ་བཅུ་གཉིས་སུ་བརྟགས་ཀྱང་དེའི་གཏིང་མ་རྙེད་པ་ལགས་པར་གདའ། ཀུན་ཏུ་བཟང་པོ་དེ་ནི་རྣམ་པར་སྣང་མཛད་དང་དབྱེ་བ་མེད་པ་ཡིན། དེ་ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་ཏིང་ངེ་འཛིན་དེ་རྫོགས་པར་བྱེད་པ་ལ། དཀར་པོའི་ཕྱོགས་ཀྱི་དགེ་བ་མཐའ་དག་གིས་དེ་རྫོགས་པར་བྱེད་པ་ཡིན། འདི་ལ་མི་དགེ་བའི་འདྲེས་སྤུ་ཙམ་ཡང་མི་ཆུད་དེ། ཉོན་མོངས་པ་གསུམ་གྱིས་ཁྱད་པར་དུ་བྱས་པའི་ལས་མངོན་པར་འདུ་བྱེད་དུ་མི་བཏུབ། དེ་ཡང་སློབ་དཔོན་རྒྱལ་པོ་དང་སྲིང་ལྕམ་མ་ལ་སློབ་དཔོན་ཛ་ལ་དྷ་ར་པས་བཀྱོན་ན་འདོད་ཆགས་ཀྱི་སེམས་ཀྱིས་ཁྱད་པར་དུ་བྱས་པའི་བཀོད་པ་ལུས་ཀྱི་རྫུ་འཕྲུལ་ཡང་སྟོན་དུ་མི་བཏུབ་ན་གཞན་ལྟ་ཅི་སྨོས་ཏེ། དགེ་བ་གཤིས་ཀྱིས་དགེ་བ་དེ་མི་དགེ་བར་འགྱུར་དུ་མི་བཏུབ། མི་དགེ་བ་གཤིས་ཀྱིས་མི་དགེ་བ་དེ་དགེ་བར་འགྱུར་དུ་མི་བཏུབ་པས་ན་གྲུབ་མཐའ་ཆེན་མོ་འདི་ཐམས་ཅད་མཁྱེན་པ་དེ་ཉིད་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་དྲི་མ་མེད་པའི་ལམ་ཡིན་པས། འདི་ངོ་ཤེས་པར་བྱ་ཞིང་དེའི་རྗེས་སུ་འབྲང་ལ་བསྒོམ་པ་མ་གཏོགས་པ་ངེད་ལ་གཞན་བྱ་རྒྱུ་མེད་པས། འུབས་ཀྱིས་བསྡུས་པར་གྱུར་ན་གནས་རི་ཁྲོད་སྟོང་པ་ཡར་བལྟས་ནི་གནམ། མར་བལྟས་ན་སར་སོང་བའི་ས་གཅིག་ཏུ་རང་ཐེད་ལ་བཏང་ནས་བསྒྲུབ་པ་སྙིང་པོར་བྱེད་པ་ཞིག་ལ་བླ་མ་དམ་པའི་བྱིན་རླབས་འཇུག་པ་དང༌། ཡོན་ཏན་འཕེལ་བ་ལགས་པས་དེ་ལྟར་ཐུགས་ལ་འཇོག་པར་ཞུ་བ་དེ་ཆོས་ལགས།

དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པ་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་འཇིག་རྟེན་གསུམ་གྱི་མགོན་པོ་བླ་མ་རིན་པོ་ཆེའི་ཞལ་སྔ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་འདི་འཇིག་རྟེན་དུ་བྱུང་བ་དེ་ཅིའི་ཕྱིར་བྱུང་སྙམ་ན། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་གཉེན་པོའི་ཆོས་བསྟན་པ་དང༌། ཐོག་མ་དང་བར་དང་ཐ་མར་མི་དགེ་བ་སྤང་བྱའི་ཆོས་བསྟན་པའི་ཕྱིར་འཇིག་རྟེན་དུ་བྱུང་བ་ཡིན། དུས་གསུམ་དུ་དགེ་བའི་ཆོས་དེ་ཐོག་མར་དགེ་སྟེ་འཇིག་རྟེན་འདིའི་བཀྲ་ཤིས་པ་དང་བདེ་བ་དང་ལེགས་པའི་དཔལ་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བ་དང༌། བར་དུ་དགེ་བ་ལྷ་དང་མིའི་དཔལ་ཕུན་ཚོགས་པ་ཐོབ་པ་དང༌། ཐ་མར་དགེ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན་ལ། དེ་ལྟར་ཡང་ཐོག་མ་བར་དང་མཐར་དགེ་བ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུངས། བགྱི་བ་གསུངས། ཐོག་མར་དགེ་བ་གང་ཡིན་པ་དེ་བར་དང་ཐ་མར་ཡང་དགེ་བར་གསུངས་པས་ན། གཡས་པ་ལ་ལྟོས་པའི་གཡོན་པ་དང་འདྲ་བར་ཐོག་མར་མི་དགེ་བ་གང་ཡིན་པ་དེ་བར་དང་ཐ་མར་ཡང་མི་དགེ་བ་ཡིན། དེ་ལ་མི་དགེ་བ་གང་ཡིན་བགྱིས་པར་གྱུར་ན། ཉོན་མོངས་པ་གསུམ་གྱི་སེམས་དང་ལས་དང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་གསུམ་ནི་མི་དགེ་བ་ཡིན་ཏེ། དེ་ཡང༌། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། གསུངས་ན། དེ་ལ་འདོད་ཆགས་གང་ཡིན་ན། ཕྱི་ཡུལ་ལ་ཆགས་པ་དང་ནང་སེམས་ཅན་ལ་ཆགས་པའི་འདོད་ཆགས་གཉིས། ཕྱི་ཡུལ་ལ་ཆགས་པ་ནི་ཞིང་གཞི་དང་ཁང་མཁར་ལ་ཆགས་པ་ཡིན། ཆགས་པའི་སེམས་དེའི་རྗེས་སུ་འབྲང་པའི་ལས་རང་གི་ཕྱོགས་སྐྱོང་བ་དང༌། གཞན་གྱི་ཕྱོགས་ལ་ཐོ་འཚམ་པར་བྱེད་པ་ལ་སོགས་པའི་གཞིག་ལོང་གིས་དགྲ་ཕམ་པར་བྱེད་པའི་ཐབས་དུ་མ་བྱེད་པ་ཡིན། ལས་དེའི་འབྲས་བུ་རྣམ་པར་སྨིན་པ་ནི་ངན་སོང་གི་གནས་གསུམ་དུ་ལྟུང་བ་ཡིན། དེས་ན་སྐྱེས་བུ་རྣམས་དེ་ལྟར་མི་བྱ། རང་ཉིད་འཆི་བའི་དུས་སུ་ཞིང་གཞི་ལ་སོགས་པ་འཇིག་རྟེན་འདིའི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོག་ནས། དེའི་ཕྱོགས་སུ་ཆགས་སྡང་གི་ལས་བསགས་པ་རྣམས་ནི་རང་ཉིད་ཀྱི་རྗེས་སུ་འབྲང་བ་ཡིན། ཆོས་སྙིང་ནས་བྱེད་པར་གྱུར་ན་ཕྱི་ཡུལ་ལ་ཆགས་པའི་ཆགས་པ་དེ་སྤོང་དགོས། དེ་ཡང་དང་པོ་རང་གི་ཡུལ་དེ་སྤོང་དགོས་ཏེ། དེ་བཞིན་གཤེགས་པ་འདི་ས་བཅུའི་མགོན་པོར་བཞུགས་པའི་དུས་སུ་རང་གི་ཡུལ་སྤངས་ནས། ཇི་སྲིད་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་མ་ཐོབ་ཀྱི་བར་དུ་གྲོང་ཁྱེར་སེར་སྐྱའི་གཞིར་ལྡོག་རེ་སྐན་གསུང་ནས་དབུ་བསྙུང་བཞེས་ཏེ་སངས་རྒྱས་ནས་ཀྱང་ལོ་དྲུག་ཏུ་མ་བྱོན་པ་ལགས་མོད། དེས་ན་གཞན་གྱིས་སྤོང་དགོས་པ་ལྟ་ཅི་སྨོས། དེ་ལ་ཚན་གཅིག་སྙམ་ན་ང་རང་གི་ཡུལ་དེའི་འཛོམ་ལུགས་སམ། འདི་སྤངས་པས་ཀྱང་མི་འོང་སྙམ་པས་ཀྱང་མི་ཕན། ཡུལ་དེ་ལ་མ་ཆགས་ནས་སྤངས་པའི་དུས་སུ་དེའི་བྲལ་བའི་འབྲས་བུ་དང༌། རྣམ་པར་སྨིན་པའི་འབྲས་བུ་ཡུལ་དེ་ལས་དགའ་བ་ཞིག་ཏུ་ཕྱིན་པ་ཡིན། རང་གི་ཡུལ་མ་སྤངས་པར་ཡུལ་ལ་ཆགས་སྡང་སྤོང་བ་དཀའ་སྟེ། རང་ཡུལ་ལྕགས་སྲེག་མེ་ལྟར་འབར་གྱུར་ཅིང༌། །གནོད་པའི་གཞིར་གྱུར་རལ་གྲིའི་ནགས་ཚལ་འདྲ། །ཁེ་གྲགས་རོ་མྱགས་མི་གཙང་འདམ་རྫབ་ཏུ། །མི་ཆོས་གཤིན་རྗེའི་སྐྱེས་བུ་འདྲ་རྣམས་ཀྱི། །དཔོན་དུ་གྱུར་ན་ཤིན་ཏུ་མ་ལེགས་པས། །རང་ལ་སྙིང་བརྩེ་ཡོད་པ་ནགས་སུ་སོང༌། །བགྱི་བ་གསུངས་ན། ཡུལ་ཕྱོགས་ལ་ཞེན་པ་ལ་དགོས་པ་ཅི་ཡོད། རྗེ་གོང་མའི་ཞལ་ནས། ཤི་ས་བརླ་གང་འདྲ་བ་ལ། །ཡུལ་ཕྱོགས་ལ་དམིགས་པ་ག་ལ་ཡོད། གསུངས་ན། ཅིས་ཀྱང་ཡུལ་དེར་འཆི་དགོས་པ་མིན། ནང་སེམས་ཅན་ལ་ཆགས་པ་ནི་རྟ་དང་གླང་པོ་དང་སྐྱེས་པ་དང་བུད་མེད་ལ་སོགས་པ་ལ་ཆགས་པ་ཡིན། ཆགས་པ་དེའི་རྗེས་སུ་འབྲངས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་མངོན་པར་འདུ་བྱེད་པས་ཁམས་གསུམ་གྱི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་གཏིང་མཐའ་མེད་པར་འཁོར་བ་ཡིན་པས་དེ་ཡང༌། ཆགས་རིན་མི་ཆོག་པའི་བག་ཙམ་རེ་རེའི་ཕྱིར་དུ་དགྲ་གསོད་པ་དང་གཉེན་སྐྱོང་བའི་ཆགས་སྡང་མང་པོ་མི་བྱ་ བར། ཕྱི་ཡུལ་དང་ནང་སེམས་ཅན་ལ་ཆགས་པའི་ཆགས་པ་སྤངས་པ། མ་ཆགས་པའི་སེམས་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཡིན། བརྒྱུད་པ་འདིའི་དབང་དུ་བྱས་ན་མ་ཆགས་པའི་སེམས་དེ་ལ་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ཟེར་བ་ཡིན། མ་ཆགས་པའི་སེམས་ཅན་དེ་དང་སེམས་དེས་ཁྱད་པར་དུ་བྱས་པའི་ལུས་ངག་ཡིད་གསུམ་གྱི་ལས་མངོན་པར་འདུ་བྱེད་པ་དང༌། ལས་དེའི་འབྲས་བུ་རྣམ་པར་སྨིན་པ་ནི་དུས་གསུམ་དུ་དགེ་བ་ཡིན། ཉོན་མོངས་པ་ཞེ་སྡང་གི་སེམས་དང་སེམས་དེས་ཁྱད་པར་དུ་བྱས་པའི་ལུས་ངག་ཡིད་གསུམ་གྱི་ལས་མངོན་པར་འདུ་བྱེད་པས་ངན་སོང་གི་གནས་གསུམ་ལ་སོགས་པ་འཁོར་བར་འཁོར་བ་ཡིན། ཉོན་མོངས་པ་གཏི་མུག་གི་སེམས་དང་སེམས་དེས་ཁྱད་པར་དུ་བྱས་པའི་ལས་མངོན་པར་འདུ་བྱེད་པ་དང༌། ལས་དེའི་འབྲས་བུ་རྣམ་པར་སྨིན་པ་ངན་སོང་གསུམ་ལ་སོགས་པ་འཁོར་བར་འཁོར་བ་ཡིན། ཉོན་མོངས་པ་གསུམ་གྱི་སེམས་དང་སེམས་དེའི་ལས་དང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་གསུམ་ནི་ཐོག་མ་དང་བར་དང་ཐ་མ་གསུམ་དུ་མི་དགེ་སྟེ། ཐོག་མར་མི་དགེ་བ་འཇིག་རྟེན་འདིའི་བཀྲ་མི་ཤིས་པ་ནད་དང་གནོད་པ་ཉེས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་འོང་བ་དང༌། བར་དུ་མི་དགེ་བ་ངན་སོང་གསུམ་དུ་འགྲོ་བ་དང༌། ཐ་མར་མི་དགེ་བ་ངན་སོང་གསུམ་ལ་སོགས་པ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་གཏིང་མཐའ་མེད་པ་འདི་ལས་མི་ཐར་བ་ཡིན། ཐོག་མ་དང་བར་དང་ཐ་མ་གསུམ་དུ་དགེ་བའི་ཆོས་དེ་གང་ཡིན་བགྱིས་པར་གྱུར་ན། ཉོན་མོངས་པ་གསུམ་མེད་པའི་སེམས་དང་སེམས་དེའི་ལས་མངོན་པར་འདུ་བྱེད་པ་ཡིན། དེས་ན་སྦྱིན་པ་སྦྱིན་པར་བྱེད་པ་དང༌། ཚུལ་ཁྲིམས་བསྲུང་བ་དང༌། དགེ་འདུན་གྱི་བྱ་བ་ལ་སོགས་པ་གང་བྱེད་པར་གྱུར་ན་ཡང༌། དང་པོ་བསམ་པ་ལ་བལྟ་སྟེ། བསམ་པ་མ་དག་པ་ཉོན་མོངས་པ་གསུམ་གྱི་སེམས་སུ་འདུག་ན་དེ་བསྒྲུབ་ཏུ་མི་བཏུབ། དེ་ཉོན་མོངས་པའི་ལས་སུ་འོང་བ་ཡིན་པས་རང་ཕུང་དང་གཞན་ཕུང་གཉིས་ཀ་སྐྱེད་པར་བྱེད་པ་ཡིན། བསམ་པ་ཉོན་མོངས་པ་གསུམ་མེད་པའི་སེམས་སུ་འདུག་ན་ལས་དེ་མངོན་པར་འདུ་བྱེད་དགོས་པ་ཡིན་ཏེ་ཉོན་མོངས་པ་གསུམ་མེད་པའི་སེམས་དེ་ལུས་ངག་ཡིད་གསུམ་གྱི་ལས་དེས་རྫོགས་པར་བྱས་ནས་ཉོན་མོངས་པ་གསུམ་མེད་པའི་སེམས་དེའི་ངོ་བོར་སངས་རྒྱས་ནས་སེམས་དེའི་ལས་མངོན་པར་འདུ་བྱེད་པ་དེ་ནི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་མཛོད་དུ་འབྱུང་བས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱེད་པ་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་ཆད་པར་འབྱུང་བ་འདི་ངོ་མཚར་བ་སྟེ་རྨད་དུ་བྱུང་བའི་ཆོས་ཡིན། འདི་ལ་ཉོན་མོངས་པའི་འདྲེས་སྤུ་ཙམ་ཡང་མི་ཚུད། ཉོན་མོངས་པ་གསུམ་གྱི་སེམས་དང་སེམས་དེས་ཁྱད་པར་དུ་བྱས་པའི་ལུས་ངག་ཡིད་གསུམ་གྱི་ལས་མངོན་པར་འདུ་བྱེད་པ་ནི་ཐོག་མ་དང་བར་དང་ཐ་མ་གསུམ་དུ་མི་དགེ་བ་ཡིན། ཉོན་མོངས་གསུམ་མེད་པའི་སེམས་དང་སེམས་དེས་ཁྱད་པར་དུ་བྱས་པའི་ལུས་ངག་ཡིད་གསུམ་གྱི་ལས་མངོན་པར་འདུ་བྱེད་པ་ནི་ཐོག་མ་དང༌། བར་དང༌། ཐ་མ་གསུམ་དུ་དགེ་བ་ཡིན། འདི་གོ་བའི་དུས་སུ་རང་ཉིད་ཀྱིས་ཆོས་བྱེད་ཤེས་པ་ཡིན་པས་དེའི་རྗེས་སུ་འབྲངས་ནས་བྱ་བ་དང་བྱེད་པ་ཐམས་ཅད་བྱེད་པ་མ་གཏོགས་པ། བླ་མའམ་སློབ་དཔོན་སངས་རྒྱས་ཡིན་ཟེར་བ་ཞིག་གི་བུ་ཐོབ་པ་དང༌། སློབ་དཔོན་མཉེས་པ་ཡིན་ཟེར་ན། ཐེལ་ཚེ་རེ་བླ་མ་སངས་རྒྱས་བལྟ་ཡིན་ཏེ་མི་ཉན་པར་འདུག་སྙམ་པ་བསྐྱེད་དགོས་པ་ཡིན། བླ་མས་ཆོས་དང་མི་མཐུན་པ་གྱིས་ཟེར་ན་དེ་བྱེད་པ་མིན། སྐུ་ཁམས་ཅི་བདེར་བཞུགས་པ་མཆི་བར་ཞུ་ཟེར་ནས་དེ་ནས་འགྲོ་དགོས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་ཕ་མ་དང་བླ་མ་དང་མཁན་པོའི་གནས་ལྟ་བུ་རྣམས་ཀྱི་ཆོས་དང་མཐུན་པའི་ངག་མི་གཅག་པར་གསུངས་པ་མ་གཏོགས་པ། ཅི་རུང་མ་རུང་གསུང་མི་གཅག་པར་གསུངས་པ་ཡང་མི་བདོག དེ་མ་ཡིན་པ་ཆོས་དང་མི་མཐུན་པ་ཞིག་གསུངས་ན་འདི་རྟེན་འབྲེལ་ལམ་ཞིག་ཡིན་ཏེ་འོང་ཟེར་ནས་དེ་ལ་རྒྱུགས་པ་དེ་གཏི་མུག་གི་རྗེས་སུ་འབྲངས་པ་ཡིན། དད་པས་གང་ཟག་གི་རྗེས་སུ་འབྲང་བ་ཡང་དགོས་ཏེ། དེ་ཤེས་རབ་ཀྱིས་ཆོས་ཀྱི་རྗེས་སུ་འབྲང་བ་དང་མ་འབྲེལ་བར་གྱུར་ན་དེས་ཀྱང་མགོ་མི་ཐོན་ཏེ། སློབ་དཔོན་ཚན་གཅིག་ལོག་པའི་སློབ་དཔོན་ཡིན། དེ་འདྲའི་སློབ་དཔོན་ཅག་ཅོག་འགའ་རེ་དང་དམ་ཚིག་མ་ཉམས་པར་མི་འོང་སྟེ། ལོག་པའི་སློབ་དཔོན་སྒོག་སྐྱ་དུག་སྡོང་འདྲ། །བཏུད་པར་གྱུར་ན་འཇིག་རྟེན་ཆོས་ཀྱིས་གོས། །བསྟེན་པར་གྱུར་ན་ཉོན་མོངས་དུག་གསུམ་འཕེལ། །སྙིང་གཏད་བྱས་ན་ཐར་པའི་སྲོག་གཅོད་པ། །བདུད་ཀྱི་རྒྱལ་པོ་སློབ་དཔོན་ཆ་བྱད་ཅན། །སངས་རྒྱས་རྣམས་དང་བླ་མས་གསུངས་པ་ཡི། །གཤེད་མ་དེ་ལས་བྲོས་ལ་ནགས་སུ་སོང༌། །བགྱི་བ་གསུངས་ན། རང་ཉིད་ཀྱིས་ཆོས་དང་ཆོས་མ་ཡིན་པ་གོ་བའི་དུས་སུ་གཞན་གྱིས་མགོ་སྐོར་གར་ཐུབ་སྟེ། སྔོན་བྲམ་ཟེ་ལྔ་བརྒྱའི་དཔོན་པོ་ཞིག་གིས་འཁོར་རྣམས་ལ་རྐུ་བ་ཆོས་སུ་བསྟན་པའི་དུས་སུ་གཅིག་མ་གཏོགས་པས་ཁས་བླངས། གཅིག་གིས་གསུང་དེ་བསྒྲུབ་ཏུ་མ་ཉན་པ་དེ་དེ་བཞིན་གཤེགས་པ་འདི་ཡིན་པའི་གཏམ་རྒྱུད་གསུངས། དེས་ན་ཆོས་དང་ཆོས་མ་ཡིན་པ་མ་གོ་བར་ལོག་པའི་སློབ་དཔོན་ཅི་གསུང་བསྒྲུབས་པས་རང་ཕུང་དང་གཞན་ཕུང་བསྐྱེད་པ་ཡིན་ཏེ། ཟླ་བ་འབྱིན་པའི་སྤྲེའུའི་གཏམ་རྒྱུད་གསུངས། །དེས་ན་ཤེས་རབ་ཀྱི་ཆོས་ཀྱི་རྗེས་སུ་འབྲང་དགོས་ཏེ། ཆོས་ཆོས་སུ་སྨྲ་བ་དང༌། ཆོས་མ་ཡིན་པ་ཆོས་མ་ཡིན་པར་སྨྲ་བ་གང་ནས་བྱུང་ཡང་དེ་སྒྲུབ་དགོས། དེ་ལས་བཟློག་པ་སྟོན་ན་སློབ་དཔོན་ཡིན་ཡང་དེ་སྤོང་དགོས་ཏེ། ས་བདག་ཚེར་མའི་ཤིང་ལས་སྦྲང་རྩི་ལྟར། །དགྲ་བོ་ལས་ཀྱང་ལེགས་བཤད་བླང་བར་བྱ། །གསེར་གྱི་རི་ལས་དུག་གི་ཆུ་རྒྱུན་ལྟར། །ཡིད་འོང་སྐྱེ་བོའི་ཚིག་རྣམས་སྤང་འཚལ་ལོ། །བགྱི་བ་གསུངས་ན། ཚེར་མའི་ཤིང་ལ་སྦྲང་རྩི་ཡོད་ན་ཚེར་མ་མ་ཟུག་པར་དེ་ལེན་པ་དང་འདྲ་བར། ལེགས་པར་བཤད་པ་ནི་དགྲ་བོས་སྟོན་ཡང་ལེན་པར་བྱེད་པ་དང༌། གསེར་གྱི་རི་ཡིན་ཡང་དུག་གི་ཆུ་རྒྱུན་འབབ་ན་ཆུ་དེ་མི་འཐུང་བ་བཞིན་དུ། རང་ཉིད་ཀྱི་ཉེ་འབྲེལ་ལམ་སྙིང་དུ་སྡུག་པ་ཡིན་ཡང་དེས་ཆགས་སྡང་ལ་སྦྱོར་བར་བྱེད་པའི་གཏམ་སྣ་ཚོགས་པ་ནི་སྤོང་བར་གསུངས་པ་ཡིན། དེས་ན་ཆོས་དང་ཆོས་མ་ཡིན་པ་གོ་བ་དང་དེའི་རྗེས་སུ་འབྲང་བ་ཞིག་དགོས་ཏེ། དེ་ཡང་ངེད་འཇིག་རྟེན་མགོན་པོ་ཡབ་སྲས་ཀྱི་རྗེས་སུ་འབྲངས་དགོས། ཡབ་སྲས་བྱས་ཀྱང་དབྱེ་བ་མེད་པ་གཅིག་ཡིན། (བླ་མ་ཉག་སེས་འབྲི་གུང་པ་དེ་ངས་མ་མཐོང༌། དཔལ་ཕག་མོ་གྲུ་པ་བཞུགས་ནས་གདའ་གསུང་བ་ཡིན་སྐད།) དེས་ན་ཡབ་སྲས་གཉིས་པོ་གཅིག་ཡིན་ལ། དེའི་རྣམ་པར་ཐར་པ་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱིས་ཁྱད་པར་དུ་བྱས་པ་ཡིན་པས་དེའི་རྗེས་སུ་འབྲང་དགོས་ཏེ། དེ་བཞིན་གཤེགས་པས་དགག་པའི་བསླབ་པར་ བཅས་པའི་བཅས་པ་དང༌། རང་བཞིན་གྱི་ཉེས་པས་མ་གོས་ཏེ་ཚུལ་ཁྲིམས་རྣམ་པར་དག་པ། རྒྱུད་འགྱོད་པ་མེད་པའི་སེམས་དེ་ལ་ཏིང་ངེ་འཛིན་སྐྱེ་བ་ཡིན། ཚུལ་ཁྲིམས་མ་དག་པ་རྒྱུད་ལྟུང་བ་དང་བཅས་པར་གྱུར་ན་ཏིང་ངེ་འཛིན་ལ་མཉམ་པར་བཞག་ཀྱང་རྒྱུད་འགྱོད་པ་དེས་སེམས་རྣམ་པར་གཡེངས་ནས་ཏིང་ངེ་འཛིན་སྐྱེར་མི་བཏུབ་སྟེ། ཏིང་ངེ་འཛིན་དེ་ཚུལ་ཁྲིམས་ཀྱི་འབྲས་བུ་ལགས་མོད། དེས་ན་སྐྱེ་བ་གཏན་གྱི་སོ་ནམ་ཚུལ་ཁྲིམས་རིན་པོ་ཆེ་ཡིན། འདིར་ངེད་ཐེག་པ་ཆེན་པོ་གསང་སྔགས་པ་ཡིན་པས་ཚུལ་ཁྲིམས་བསྲུང་མི་དགོས་སྙམ་ན། ཚུལ་ཁྲིམས་མེད་པར་གྱུར་ན་སྔགས་ཀྱི་དངོས་གྲུབ་མི་འབྱུང་སྟེ། ཚུལ་ཁྲིམས་འཆལ་ལ་སྔགས་འགྲུབ་པར། །རྒྱལ་བ་རྣམས་ཀྱིས་མ་གསུངས་ཏེ། །མྱ་ངན་འདས་གྲོང་འགྲོ་བ་ནི། །ཡུལ་དང་ཕྱོགས་ཀྱང་མ་ཡིན་ནོ། །གསུང་ན་ཚུལ་ཁྲིམས་རིན་པོ་ཆེ་ལ་ནན་ཏན་བྱེད་དགོས། ངེད་གསང་སྔགས་པ་ཡིན་ཟེར་ནས་ཟས་སུ་ཤ། བཏུང་བར་ཆང་འཐུང་པས་གར་ཕན་ཏེ། དེ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་སྨད་པ་ཡིན། འདིར་གསང་སྔགས་ལ་གནང་བ་ཡོད་སྙམ་ན། དེ་ཡང་གནང་བ་དང་མ་གནང་བའི་སྐབས་གཉིས་ཏེ། ཡི་གེ་ཧ་ཧོ་ཧྲཱིཿགསུམ་གྱིས་ཆང་གི་ཁ་དོག་དང་རོ་དང་ནུས་པ་གསུམ་མཐུན་སྣང་དུ་བསྒྱུར་ནས་བདུད་རྩིར་སྣང་ན་གནང་སྟེ་འོ་མ་དང་འདྲ། དེ་མ་ནུས་ན་མི་གནང་སྟེ། གལ་ཏེ་ཧ་གསུམ་དང་བྲལ་བར། །ཅི་སྟེ་དམ་ཚིག་ཅན་གྱིས་བཏུང༌། །དེ་ལ་དུག་འགྱུར་ཐེ་ཚོམ་མེད། །བདུད་རྩི་དེ་ཉིད་དུག་དེ་ཉིད།། སྔགས་པ་ཆང་གིས་རྣམ་འགྱུར་བས།། འདོད་ལ་རྐམ་ཞིང་འཁྲིག་པ་སྲེད། །དགོད་ཅིང་གླུ་ཡང་དེ་བཞིན་ལེན། །འཐབ་མོ་ལ་སྤྲོ་རྣམ་པར་འཁྲུགས། །སྨོད་ཅིང་ཉམས་པར་གྱུར་ནས་ཀྱང༌། །ངུ་འབོད་དམྱལ་བར་སྐྱེ་བར་འགྱུར། །རྣལ་འབྱོར་མ་རྣམས་ཁྲོས་ནས་ནི། །དེ་ལ་ནད་དང་མྱ་ངན་འཇིགས། །འཇིགས་པར་བྱེད་པས་རྣམ་འཚེས་ནས། །སྡིག་ཅན་དམྱལ་བར་འཚེད་པར་འགྱུར། །བགྱི་བ་གསུང་ན་ཚོགས་དེ་ལྟར་བྱིན་གྱིས་རློབས་པ་ལ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དངོས་སམ་དངོས་ལྟ་བུ་ཞིག་དགོས་ཏེ། འདི་ལྟ་བུ་རྣམས་ལ་དགོངས་ནས་གསང་བ་སངས་རྒྱས་སྤྱོད་ཡུལ་ཉིད་གསུངས་པ་མ་ལགས་སམ། དེ་མ་གཏོགས་པར་ཤ་ཆང་ལ་ལོངས་སྤྱོད་པར་བྱེད་པ་རྣམས་ནི་ཐེག་པ་ཆེན་པོ་གསང་སྔགས་ལ་སྙད་བཏགས་ནས་རང་ཉིད་དེ་ལ་ལོངས་སྤྱོད་པའི་སྙད་ཡིན་ཏེ། འདིའི་སྒོ་ནས་ཇོ་བོ་བཀའ་གདམས་པར་འབར་བ་ཡང་བདེན་ཏེ། དེ་ལྟར་ཚོགས་བྱིན་གྱིས་མི་རློབ་པའི་ཕ་རོལ་ཏུ་ཆོ་གའི་རྗེས་སུ་འབྲང་བ་ཙམ་ཡང་མི་ཤེས་པར། ཟ་འདོད་ཀྱིས་སྔགས་ལ་སྙད་བཏགས་ནས་ཐུབ་པའི་བསྟན་པ་སྤྱི་འཇིག་པར་བྱེད་པ་ཡིན་པས་དེ་ལྟར་མི་བྱ། འཇིག་རྟེན་མགོན་པོ་ཡབ་སྲས་ཀྱི་ཆོས་ནི་ཚུལ་ཁྲིམས་ཀྱིས་ཁྱད་པར་དུ་བྱས་པ་ཡིན། དེ་ཡང་རྗེ་ཕག་མོ་གྲུ་པས་ས་སྐྱར་དབང་བསྐུར་ཞུས་པའི་དུས་སུ་ཡང་བུ་རམ་ལ་རུང་ཆུ་བཏབ་ནས་གསོལ་ བའི་གཏམ་རྒྱུད་གསུང་ན་དེ་ཁེ་གྲགས་མ་ལགས་པར་གདའ། དེས་ན་སྐྱེས་བུ་རྣམས་སྟོན་པའི་གསུང་རབ་ཀྱི་རྗེས་སུ་འབྲངས་ནས་ལྷག་པ་ཚུལ་ཁྲིམས་ལ་ནན་ཏན་བྱེད་པ་དང༌། བསམ་པ་རྣམ་པར་དག་པ་ཉོན་མོངས་པ་གསུམ་མེད་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་ཏིང་ངེ་འཛིན་གྱི་སྟོབས་སྒྲུབ་དགོས་ཏེ། དེ་ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་མཉམ་པར་བཞག་ནས་ཏིང་ངེ་འཛིན་དེའི་སྟོབས་ཐོབ་པའི་དུས་སུ། བསམ་པ་རྣམ་པར་དག་པའི་ཏིང་ངེ་འཛིན་གྱི་སེམས་དེས་ལུས་བྱིན་གྱིས་རློབ་སྟེ། ལུས་རྣམ་པར་དག་པ་དེ་འགྲོ་བ་གང་གིས་མཐོང་བ་དང་ཐོས་པས་རྒྱུད་ལ་ཏིང་ངེ་འཛིན་སྐྱེད་པར་ནུས་པ་འཇིག་རྟེན་མགོན་པོའི་སྐུ་དེ་ལྟ་བུར་འགྱུར་ཏེ། ཁྱོད་ནི་མཐོང་དང་དྲན་པ་ཙམ་གྱིས་ཀྱང༌། །སྡུག་བསྔལ་ཟུག་རྔུ་མ་ལུས་གཅོད་པར་བྱེད། །གསུངས། ལུས་ཀྱིས་སྣང་བ་བྱིན་གྱིས་རློབ་སྟེ། ལྷ་དང་བཅས་པའི་འཇིག་རྟེན་དབང་དུ་བསྡུས་ནས་སུ་ཐོད་ཐོད་ཀྱིས་ཅི་ཐོད་ཐོད་འབུལ་བ་དེ་བསམ་པ་རྣམ་པར་དག་པ་དེའི་མཐུ་ཡིན། ལར་འུབས་ཀྱིས་བསྡུས་པར་གྱུར་ན་བསམ་པ་རྣམ་པར་དག་པ་ཉོན་མོངས་པ་གསུམ་མེད་པའི་སེམས་དང་ལས་དང་ལས་ཀྱི་འབྲས་བུ་གསུམ་བསྒྲུབ་པར་བྱ་བ་དང༌། བསམ་པ་མ་དག་པ་ཉོན་མོངས་གསུམ་གྱི་སེམས་དང་ལས་དང་འབྲས་བུ་གསུམ་སྤང་བར་བྱ་བ་གཉིས་པོ་འདིར་སྤང་བྱ་དང་གཉེན་པོའི་ཆོས་ཐམས་ཅད་མ་འདུས་པ་མེད་པ་ལགས་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་བཅས། །དེས་བསྐྱེད་ལས་ནི་མི་དགེ་བ། །མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེེད་ལས་ནི་དགེ་བ་ཡིན། །གསུངས་པ་ལྟར་ཤེས་པར་བྱེད་པ་དང་རྗེས་སུ་འབྲང་བར་ཞུ་བ་དེ་ཆོས་ལགས། ལར་སྐྱེས་བུ་རྣམས་རང་ཉིད་ཀྱིས་ཆོས་དང་ཆོས་མ་ཡིན་པ་གོ་ནས་དེ་ལས་བླ་མས་ཀྱང་བསྒྱུར་དུ་མེད་པའི་དུས་སུ་གཟོད་ཤེས་རབ་ཀྱིས་ཆོས་ཀྱི་རྗེས་སུ་འབྲང་བ་ཡིན།།

ཡང་བླ་མ་རིན་པོ་ཆེའི་ཞལ་སྔ་ནས། འདས་མ་བྱོན་ད་ལྟར་ཕྱོགས་བཅུ་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞིག་ཡིན། འདི་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་སྤྲོས་པའི་མཐའ་རྣམ་པ་བརྒྱད་དང་བྲལ་བ་དང༌། མཐའ་བརྒྱད་དང་བྲལ་བའི་རྟེན་འབྲེལ་དེ་རྐྱེན་ལ་ལྟོས་ནས་སྐྱེ་བའི་རྒྱུ་འབྲས་ཀྱི་རྟེན་འབྲེལ་གཉིས་ཡིན། རྟེན་འབྲེལ་གཉིས་པོ་དེ་ཉིད་གཞི་སེམས་ཅན་གྱི་དུས་དང༌། ལམ་རྣལ་འབྱོར་བསྒོམ་པའི་དུས་དང༌། མཐར་ཕྱིན་པ་སངས་རྒྱས་ཀྱི་ས་གསུམ་དུ་དབྱེ་བ་མེད་པར་ཟུང་དུ་འཇུག་པ་ནི་གཤིས་ཡིན་ལ། དེ་ཉིད་ཀྱང་ནམ་མཁའ་ལྟ་བུའི་རྒྱུ་འབྲས་སུ་གཅིག་ཡིན། མཐའ་བརྒྱད་དང་བྲལ་བའི་རྟེན་འབྲེལ་དེ་ཉིད་ཡོད་པས་དེ་ཉིད་རྐྱེན་ལ་ལྟོས་ནས་རྒྱུ་འབྲས་ཀྱི་རྟེན་འབྲེལ་དུ་འབྱུང་བ་ཡིན། རྒྱུ་འབྲས་དེ་ཉིད་ཀྱང་མཐའ་བརྒྱད་དང་བྲལ་བར་གཤིས་ཀྱིས་གནས་པ་ཡིན། མཐའ་བརྒྱད་དང་བྲལ་བ་དེ་རྟེན་འབྲེལ་ཡིན་པར་སློབ་དཔོན་འཕགས་པས། གང་གི་རྟེན་ཅིང་འབྲེལ་པར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །བགྱི་བ་གསུངས་ལ། མཐའ་བརྒྱད་དང་བྲལ་བ་དེ་ཉིད་རྐྱེན་ལ་ལྟོས་ནས་རྒྱུ་འབྲས་ཀྱི་རྟེན་འབྲེལ་དུ་འབྱུང་བ་ནི། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཡང་རྐྱེན་ཇི་ལྟ་བ་བཞིན་དུ་འབྱུང༌། མྱ་ངན་ལས་འདས་པ་བྱང་ཆུབ་རྣམ་པ་གསུམ་ཡང་རྐྱེན་ཇི་ལྟ་བ་བཞིན་དུ་འབྱུང་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་རྟེན་འབྲེལ་རྐྱེན་ཇི་ལྟ་བ་བཞིན་དུ་འབྱུང་བ་ཡིན། དེ་ཡང་ཆོས་ཐམས་ཅད་བགྱི་བ་ཕྱི་རོལ་ན་ཡོད་སྙམ་དུ་མི་གཟུང་སྟེ། སུམ་ཅུ་རྩ་གསུམ་ལྷའི་གནས་སམ་རྣམ་པར་རྒྱལ་བའི་ཁང་བཟང་ལ་སོགས་པའམ། སེམས་ཅན་དམྱལ་བའི་གནས་སམ་ལྕགས་སྲེག་གི་ས་གཞི་ལ་སོགས་པ་ཐམས་ཅད་ཕྱི་རོལ་ན་ཡོད་པ་མ་ལགས། རང་གི་བསམ་པར་ཇི་ལྟ་བ་བཞིན་དུ་སྣང་བ་ཡིན། དེ་ཡང་ཆུ་བོ་གངྒཱ་ལ་མཐོང་སྣང་གསུམ་ལ་སོགས་པ་འབྱུང་བ་དེ་ཡང་ནང་གི་བསམ་པ་དེར་སྣང་བ་ཡིན། ཆུ་ལ་ཐ་དད་པ་ཡོད་པ་མ་ལགས། དེས་ན་རྟེན་འབྲེལ་སྤྲོས་པའི་མཐའ་དང་བྲལ་བ་དང་རྒྱུ་འབྲས་ཀྱི་རྟེན་འབྲེལ་འདི་མ་གོ་བར་གྱུར་ན་ཆོས་བྱེད་པའི་ཐབས་མེད་དེ། ཕྱི་རོལ་མུ་སྟེགས་བྱེད་ཀྱི་ལྟ་བ་བདག་རྟག་པ་གཅིག་པུ་རང་དབང་ཅན་དུ་འདོད་པ་ཕུང་པོ་ལྔ་ལ་ངའམ་བདག་གི་བར་འཛིན་པ་དང༌། དེ་ཡང་རྟག་པ་གཅིག་པུ་རང་དབང་ཅན་དུ་འཛིན་པའི་ལྟ་བ་དེ་ལ། སངས་རྒྱས་འཇིག་རྟེན་དུ་མ་བྱུང་པའི་དུས་སུ་མུ་སྟེགས་དྲུག་གསུམ་བཅོ་བརྒྱད་ཀྱིས་བཀོད་ནས་ཐམས་ཅད་ལྟ་བ་དེར་འཛིན་ཏེ། རྟག་པ་དེ་ཡང་མི་ཤི་མིར་སྐྱེ་བ་དང༌། རྟ་ཤི་རྟར་སྐྱེ་བ་ཡིན་གྱི། རྒྱུ་འབྲས་ཀྱི་རྗེས་སུ་འབྲང་བར་མི་འདོད་པ་ལགས་པར་གདའ། སངས་རྒྱས་འཇིག་རྟེན་དུ་བྱུང་ནས་ཕུང་པོ་ལྔ་ལ་ངར་འཛིན་པའམ་བདག་ཏུ་འཛིན་པའི་གཉེན་པོ་རྟེན་འབྲེལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བར་གསུངས་ལ། རྟག་པ་གཅིག་པུ་རང་དབང་ཅན་རྒྱུ་འབྲས་མི་འདོད་པའི་གཉེན་པོར་རྒྱུ་འབྲས་ཀྱི་རྟེན་འབྲེལ་གསུངས་པ་ལགས། དེ་ཡང་ཝ་ར་ཎ་སིར་ཐོག་མར་འདུལ་བའི་སྡེ་སྣོད་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་རྒྱུ་འབྲས་ཀྱི་རྟེན་འབྲེལ་གསུངས་པ་ཡིན། དེ་ཡང་འཁོར་བ་རྒྱུ་འབྲས་ཀྱི་རྟེན་འབྲེལ་ནི་སྡུག་བསྔལ་གྱི་བདེན་པ་དང་ཀུན་འབྱུང་གི་བདེན་པ་གཉིས་སུ་གསུངས་ལ། དེ་ནི་དེ་བཞིན་གཤེགས་པས་དགག་པའི་བསླབ་པར་བཅས། མྱ་ངན་ལས་འདས་པའི་རྒྱུ་འབྲས་ནི་ལམ་གྱི་བདེན་པའམ་འཕགས་པའི་ཡན་ལག་བརྒྱད་དང༌། འབྲས་བུ་འགོག་པ་འཕགས་པའི་བདེན་པར་བསྟན་ལ། དེ་གཉིས་ནི་བསྒྲུབ་པའི་བསླབ་པར་བཅས་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་ཡང་རྟེན་འབྲེལ་ལས་གཞན་པའི་ཆོས་གསུང་རྒྱུ་མི་བདོག དེ་ཡང་རྟེན་འབྲེལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་ནི་ལུས་ཀྱི་དབང་པོ་ལྟ་བུ་ཡིན། རྒྱུ་འབྲས་ཀྱི་རྟེན་འབྲེལ་ནི་མིག་ལ་སོགས་པའི་དབང་པོ་དང་འདྲ་སྟེ། མིག་ལ་སོགས་པའི་དབང་པོ་མེད་ན་ཡང་གཟུགས་མི་མཐོང༌། དེ་བཞིན་དུ་དབང་པོ་ལྔ་མེད་ན་ཡང་ཡུལ་ལྔ་ལ་རྟོག་མི་ནུས་པས་ལུས་ལ་དགོས་པ་མེད། དེ་བཞིན་དུ་རྟེན་འབྲེལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་རྟོགས་ཀྱང་རྒྱུ་འབྲས་ཀྱི་རྟེན་འབྲེལ་མི་འདོད་ན་དེས་ཀྱང་ས་ཆེན་པོ་ཞིག་མི་ཆོད། འོན་ཀྱང་གྲུབ་པའི་མཐའ་འདི་འཛིན་པ་ནི་མེད་པ་ནི་མ་ལགས་ཏེ། རྗེ་སྒམ་པོ་པའི་གྲུབ་མཐའ་ཡང་འདི་ཡིན། སློབ་མ་རྣམས་ཀྱི་གྲུབ་མཐའ་ཡང་འདི་ཡིན། དཔལ་ལྡན་ཕག་མོ་གྲུ་པ་ཡང་ལོ་དྲུག་ནུབ་ཏུ་བཞུགས་ཕན་ཆོད་གྲུབ་མཐའ་དེ་གསུངས་པ་ཡིན། (སློབ་མ་འཇིག་རྟེན་མགོན་པོ་མ་གཏོགས་པ་ཐམས་ཅད་གྲུབ་མཐའ་དེ་འཛིན་པ་ཡིན་ཏེ།) རྟོགས་པའི་འོད་གསལ་དང་བར་དོ་འོད་གསལ་གཉིས་དབྱེ་བ་མེད་པར་གྱུར་ནས་ཕྱིན་ཆད་སྐྱེ་བ་མི་ལེན་པ་དང༌། རྒྱུ་འབྲས་སྨིན་པ་མེད་པས་རྒྱུ་འབྲས་མི་འདོད་པ་བླ་མ་མི་ཉག་དང༌། སྨར་པ་དང་དབུ་སྒོམ་ལ་སོགས་པའི་འདོད་པ་ལྟ་བུ་ཡིན། དཔལ་ལྡན་ཕག་མོ་གྲུ་པ་ཤར་དུ་བྱོན་ནས་གྲུབ་མཐའ་འདི་སྤྱི་ཙམ་ཞིག་གསུངས་ལ། བྱེ་བྲག་མ་ལུས་པ་ནི་ཕྱིས་འཇིག་རྟེན་མགོན་པོ་འཇིག་རྟེན་དུ་བྱོན་ནས་བྱུང་བ་ཡིན། གོང་མ་གཉིས་ཀྱིས་འདི་མ་དགོངས་པ་མ་ལགས་ཀྱང་ངེད་གདུལ་བྱ་རྣམས་ལ་ཁྲིད་ཀྱི་རིམ་པར་གསུངས་པ་ཡིན། བླ་མ་གསུམ་པོ་ནི་དབྱེ་བ་མེད་པ་དུས་གསུམ་སངས་རྒྱས་ཐམས་ཅད་གཅིག་ཏུ་གྱུར་པ་ཡིན། རྒྱུ་འབྲས་ཀྱི་རྟེན་འབྲེལ་ནི་གཞི་སེམས་ཅན་གྱི་དུས་དང༌། ལམ་རྣལ་འབྱོར་སྒོམ་པའི་དུས་དང༌། འབྲས་བུ་སངས་རྒྱས་ཀྱི་ས་ཐམས་ཅད་དུ་འབྱུང་བ་གཤིས་ཡིན། དེ་ཡང་ནམ་མཁའ་ལྟ་བུའི་རྒྱུ་འབྲས་སུ་གཅིག་པ་ཡིན། འོ་ན་སངས་རྒྱས་ཀྱི་ས་ཡང་བཟང་ངན་གྱི་རྒྱུ་འབྲས་འབྱུང་བར་ཐལ་སྙམ་ན། སངས་རྒྱས་དེ་རྒྱུ་འབྲས་མེད་པ་རྒྱུ་འབྲས་བཅོམ་པའི་སྐུ་ཡིན་ནམ་རྒྱུ་འབྲས་ཡོད་པའི་སྐུ་ཡིན། དེ་ལ་སངས་རྒྱས་ནི་རྟེན་འབྲེལ་གྱི་སྐུ་ཡིན་ལ་དེ་ལ་རྒྱུ་འབྲས་མེད་ན་སངས་རྒྱས་ཀྱི་རྡོ་རྗེའི་སྐུ་འགྲུབ་ཏུ་གར་བཏུབ། དེ་ཡང་བཟང་པོའི་རྒྱུ་ཡོན་ཏན་དྲུག་ཅུ་རྩ་བཞི་ལ་སོགས་པའམ་འོད་ཟེར་ལ་སོགས་པ་རྣམས་རྒྱུ་རེ་རེ་ལས་འབྱུང་བར་གསུངས་པ། ཡོན་ཏན་དྲུག་ཅུ་རྩ་བཞི་པོ། །འདི་དག་སོ་སོ་རྒྱུར་བཅས་པ། །གོ་རིམ་ཇི་བཞིན་རིན་ཆེན་གྱི། །མདོ་ཡི་རྗེས་འབྲང་ཤེས་པར་བྱ། །གསུངས་པ་དང༌། གཞན་ཡང་ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་རྣམ་དག་མིག་ཅེས་བྱ། །གཟུགས་ཀྱི་རྣམ་པས་མཆོད་པས་ན། །དེ་ཕྱིར་དེ་ལས་སྐྱེས་པ་ཡིན། །བགྱི་བ་དེ་དག་ཐམས་ཅད་ནི་རྒྱུ་རེ་རེའི་འབྲས་བུ་རེ་རེ་ཡོད་པར་གསུངས་པ་ཡིན། ཚོ་གཅིག་ཀུན་དགའ་བོས་གོ་མ་བཅད་པར་འདོད་དེ། བཅོམ་ལྡན་འདས་ལ་བདུད་ཀྱིས་མྱ་ངན་ལས་འདའ་བར་ཞུས་པའི་དུས་སུ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་དྲིས་པ་དང༌། ཀུན་དགའ་བོ་ཅང་མི་ཟེར་བས་དེར་བདུད་ལ་མྱ་ངན་ལས་འདའ་བར་ཞལ་གྱིས་བཞེས་ཟེར་བ་ཡོད་དེ་དེ་གར་སྲིད། དགུང་ལོ་བརྒྱད་ཅུ་ལ་འདའ་བ་དེ་ཡང་ཐུབ་པ་ཆེན་པོ་ལ་སེམས་བསྐྱེད་དུས་ཀྱི་སྨོན་ལམ་གྱི་རྒྱུ་དེ་ཡིན། གཞན་ཡང་དེ་བཞིན་གཤེགས་པས་ཡུལ་སྒྲ་མཐར་དབྱར་ཟླ་བ་གསུམ་རྟ་ཆག་གསོལ་བ་དང༌། སེང་ལྡིང་ཟུག་པ་དང༌། ཀུན་ཏུ་རྒྱུ་རྩ་མིས་སྐུར་པ་བཏབ་པ་དང༌། ལྷས་བྱིན་གྱིས་སྒྱོགས་རྡོ་འཕངས་པ་དང༌། གྲོང་ས་ལ་ཅན་ནས་ལྷུང་བཟེད་ཇི་ལྟར་བཀྲུས་པ་བཞིན་དུ་ཕྱིར་ལོག་པ་དང༌། ལོ་དྲུག་དཀའ་ཐུབ་མཛད་པ་ལ་སོགས་པ་རྣམས་རྒྱུ་འབྲས་སུ་གསུངས་པ་ཡིན། དེ་ལ་སངས་རྒྱས་ལ་སྡུག་བསྔལ་མངའ་མི་མངའི་འདོད་པ་ཐ་དད་པ་ཡོད་ཀྱང་སངས་རྒྱས་ཚོར་བ་བདེ་སྡུག་བར་མ་གསུམ་སྤངས་པས་སྡུག་བསྔལ་ནི་གཏན་མི་མངའ་བ་ཡིན། རྒྱུ་འབྲས་ནི་སངས་རྒྱས་ཀྱི་ས་ན་ཡང་ཡོད་པ་ཡིན། དེ་ལ་འཁོར་རྣམས་མྱ་ངན་བྱེད་པ་དང་དེའི་རྒྱུད་ལ་ཡོན་ཏན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་སྐྱེ་བ་ཡིན། འདིར་འཇིག་རྟེན་མགོན་པོ་རིན་པོ་ཆེ་ལ་ཡང་བསྙུང་བ་དང་མྱ་ངན་ལས་འདས་པ་མི་མངའ། སྡུག་བསྔལ་མི་མངའ་བར་ཞལ་གྱིས་བཞེས་པ་ཡིན་ཏེ། ངེད་རྗེས་སུ་འབྲང་བ་རྣམས་ལ་སྡུག་བསྔལ་འབྱུང༌། དེ་ཡང་སྔོན་ཁོང་རང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་དུས་ཀྱི་འཕྲིན་ལས་དེ་འབྱུང་བ་ཡིན། རྒྱུ་མ་སོང་བ་ཞིག་ག་ལ་སྲིད། འདིར་སྒོམ་ཆེན་ཚན་གཅིག་སྒོམ་ཆེན་པའི་ཆོས་དེ་འོད་གསལ་ཆེན་པོའི་ངང་ལ་རྒྱུ་འབྲས་སྨིན་པ་མེད་པ་དེ་འཐད། རྒྱུ་འབྲས་དང་སྤྲས་སྤྲོས་མང་པོ་མི་འཐད་སྙམ་པ་སྲིད་དེ། དེ་ཡང་སྟོང་ཉིད་ཡིན་བྱས་ནས་ཟས་མ་ཟོས། གོས་མ་གོན་ན་ལྟོགས་པ་དང་གྲང་བར་སྣང་བ་དེ་ཡང་རྒྱུ་འབྲས་ཡིན་མོད། འདིར་སེམས་ཀྱི་ངོ་བོའི་དུས་སུ་རྒྱུ་འབྲས་མི་འདོད་པ་དེ་ཏིང་ངེ་འཛིན་དེའི་འདུག་ལུགས་ཡིན། རྒྱུ་འབྲས་ནི་གཤིས་ཀྱིས་ཡོད་པ་ཡིན་ཏེ་དེའི་དུས་སུ་མཐོང་བའི་མིག་མེད་པ་ཡིན། རྟེན་འབྲེལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་དེ་རྐྱེན་ལ་ལྟོས་ནས་རྒྱུ་འབྲས་སུ་འབྱུང་བའི་དུས་སུ་རྒྱུ་དེའི་ངོ་བོར་གནས་སམ་ཤུལ་དུ་ལུས་སམ་འོན་ཏེ་སྔོན་དུ་སོང་བ་ཞིག་ཡིན་བསམ་རྒྱུ་ཡོད་དེ། འདི་ན་ཕྲ་ཕྲ་འདྲ་ལ་རགས་པ་ཞིག་ཡོད་དེ་ཡང་ཞོག ཉོན་མོངས་པ་གང་ཡང་རུང་བ་ཞིག་སྐྱེས་པའི་དུས་སུ་དེ་བཞིན་གཤེགས་པའི་སྙིང་པོ་དང་དགེ་བ་དང་མི་དགེ་བའི་བག་ཆགས་གཞན་ཐམས་ཅད་ཤུལ་དུ་ལུས་པ་ཡིན་ནམ། སྔོན་དུ་སོང་བ་ཡིན་ནམ་དེ་དང་དབྱེ་བ་མེད་པར་གནས་པ་ཡིན། ཉོན་མོངས་པ་གསུམ་ཡང་རྟེན་འབྲེལ་མཐའ་བརྒྱད་དང་བྲལ་བ་དེ་དེར་ལྡང་ཞིང་དེ་ཉིད་ཀྱང་མཐའ་བརྒྱད་དང་བྲལ་བའི་རྟེན་འབྲེལ་དེར་གཤིས་ཀྱིས་གནས་པས་འདོད་ཆགས་དེ་བཞིན་གཤེགས་པའི་གདུང་དུ་གསུངས་པ་ཡིན། རྗེས་ཀྱི་དུས་སུ་མཉམ་གཞག་དེ་ཤུལ་དུ་ལུས་པ་ཡིན་ནམ། རྗེས་ཤེས་སུ་གནས་པ་ཡིན། ཤུལ་དུ་ལུས་ན་རྗེས་ཤེས་སྙིང་རྗེ་མ་གྲགས་སམ། འདི་དག་གི་ཚན་པ་ནི་དཔེར་ན་འབྲུ་སྣ་ཐ་དད་པ་རྣམས་སྣོད་གཅིག་དུ་བླུགས་ནས་ བཙོས་པའི་དུས་སུ་གྲོ་སྲན་མ་ཚོས་པ་མ་ལགས། ཐམས་ཅད་སྟབས་གཅིག་ཏུ་ཚོས་ཀྱང་སོ་སོར་གནས་པ་ཡིན། དེ་བཞིན་དུ་བག་ཆགས་ཐམས་ཅད་གཅིག་གི་ངོ་བོར་གནས་ཀྱང་སོ་སོར་གནས་པ་ཡིན། གཅིག་གི་ངོ་བོར་གནས་པས་ན་སྤང་བྱ་ཐམས་ཅད་གཉེན་པོ་གཅིག་གིས་ཡོང་བ་དང༌། དུས་གསུམ་སེམས་ཀྱི་དཀྱིལ་འཁོར་དུ་གཅིག་པ་དང༌། ལུས་དང་སྣང་བའི་དངོས་པོ་གསུམ་རྟེན་འབྲེལ་སྐད་ཅིག་མར་གཅིག་པའི་གནད་འདི་ཡིན། དེ་བཞིན་གཤེགས་པའི་སྙིང་པོ་དེ་འཕགས་པའི་གང་ཟག་བཞི་འམ་དེ་བཞིན་གཤེགས་པ་ལ་ཡོད་ཅིང་སེམས་ཅན་གྱི་དུས་ན་མེད་དམ་སྙམ་ན་དེ་མ་ལགས་ཏེ། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །གསུངས་ན་རྒྱུ་སེམས་ཅན་གྱི་དུས་ན་ཡོད་ཅིང༌། དེ་ཡང་སེམས་ཅན་དམྱལ་བ་རྣམས་ལ་ཡང་དམྱལ་བའི་སྡུག་བསྔལ་དེ་ཉིད་དང་དབྱེ་བ་མེད་པར་གནས་ཏེ། སྡུག་བསྔལ་དེས་དེ་བཞིན་གཤེགས་པའི་སྙིང་པོ་དེ་ངན་དུ་བཏང་བ་མེད། སངས་རྒྱས་པའི་དུས་སུ་ཡང་བཟང་དུ་སོང་བ་མེད་དེ། འཇིག་རྟེན་གྱི་ཁམས་འཇིག་པའི་དུས་སུ་ཡང་ནམ་མཁའ་ཚིག་པའམ་འཇིག་པ་མེད་པ་དང་འདྲ། སེམས་ཅན་གྱི་དུས་ཀྱི་རྟེན་འབྲེལ་ཡང་ནམ་མཁའ་ལྟ་བུའམ་སྒྱུ་མ་ལྟ་བུའི་རྒྱུ་འབྲས་སུ་གཤིས་ཀྱིས་གནས་པ་ཡིན་ཏེ། འདི་ལ་ཟུང་འཇུག་ཟེར། ཟུང་འཇུག་དེ་ཡང་གཉིས་གཅིག་ཏུ་བསྡེབས་པ་ཞིག་ལ་ཟེར་བ་མ་ལགས་ཏེ་གཤིས་ཀྱིས་དེར་གནས་པ་ཡིན། དེ་ཡང་རྟེན་འབྲེལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་དང་རྒྱུ་འབྲས་ཀྱི་རྟེན་འབྲེལ་གཉིས་པོ་དབྱེ་བ་མེད་པར་ཟུང་དུ་འཇུག་པ་ཡིན། འདི་ལ་དགོངས་ནས་རྗེ་གོང་མས་ཀྱང༌། སྣང་བ་སྣ་ཚོགས་གསལ་བའི་དཀྱིལ་འཁོར་འདི། །སྤྲོས་བྲལ་ནམ་མཁའི་དབུས་སུ་རོ་གཅིག་པ། །གསུང་བ་ཡང་དོན་དེ་ཡིན། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་རྟེན་འབྲེལ་ལས་གཞན་པའི་ཆོས་གསུང་རྒྱུ་མི་བདོག་སྟེ། མཐའ་བརྒྱད་དང་བྲལ་བའི་རྟེན་འབྲེལ་ལ་དགོངས་ནས། གང་གིས་རྟེན་ཅིང་འབྲེལ་འབྱུང་བ། ལ་སོགས་པ་དང༌། རྒྱུ་འབྲས་ཀྱི་རྟེན་འབྲེལ་ལ་དགོངས་ནས། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །གང་གིས་འདི་ནི་ཡང་དག་མཐོང་བ་དེས། །སངས་རྒྱས་དེ་ཉིད་རིག་པ་རྣམ་མཆོག་མཐོང༌། །ཞེས་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བས་སངས་རྒྱས་མཐོང༌། ཆོས་མཐོང༌། དགེ་འདུན་མཐོང་གསུང་བ་དང༌། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པ། །ཆོས་འགའ་ཡོད་པ་མ་ཡིན་ནོ། །གསུངས་ན་དུས་གསུམ་གྱི་དེ་བཞིན་གཤེགས་ཐམས་ཅད་ཀྱི་གསང་བའི་མཛོད་འདི་ཡིན། འཇིག་རྟེན་མགོན་པོ་འཇིག་རྟེན་དུ་བྱུང་བའི་ཐུན་མོང་མ་ཡིན་པའི་ཆོས་རྟེན་འབྲེལ་འདི་ཕ་དེའི་དཀོར་མཛོད་ཡིན། འདི་མ་གོ་བར་གྱུར་ན་དཀོར་མཛོད་མ་མཐོང་བའི་བུ་དེ་དབུལ་པོ་ཞིག་ལས་འོས་མེད། སྤྱིར་ཆོས་ལ་ཡང་རིམ་པ་མང་པོ་ཞིག་གོ་རྒྱུ་ཡོད་དེ། ཉི་མ་འཆར་བ་ལ་སྐྱ་རེངས་རིམ་པ་མང་པོ་འཆར་བ་ནས་ཉི་མ་དངོས་ཤར་བའི་བར་དུ་རིམ་པ་མང་པོ་ཞིག་ཡོད་པ་དང་འདྲ་སྟེ། དེ་དག་ཐམས་ཅད་ཚོགས་ཀྱི་ཆོས་ཀྱིས་གོ་བ་ཡིན། གོང་མ་གསུམ་ཡང་ཚོགས་ཆོས་ལ་ཐུགས་རྩིས་ཆེ་བ་ཡིན། ཚན་གཅིག་བླ་མ་ལ་གསོལ་བ་འདེབས་ཤེས། དགེ་སྦྱོར་བྱེད་ཤེས། དེས་ཆོག་ཟེར་བར་འདུག་སྟེ། དེ་ནི་ལྟ་ཁམ་ཆེ་བ་ཡིན། དེ་ཤེས་པ་ནི་ས་བཅུའི་དབང་ཕྱུག་མ་གཏོགས་པས་མི་ཤེས། སྤྱིར་འདོད་པའི་ཡོན་ཏན་གྱིས་ཆོག་ཤེས་པ་ནི་སངས་རྒྱས་ཀྱི་ཆོས་ཡིན། ཆོས་ཀྱིས་ཆོག་ཤེས་པ་ནི་བདུད་ཀྱི་ཆོས་ཡིན་ཏེ། བཅོམ་ལྡན་འདས་མགོན་པོས་ཀྱང་སངས་རྒྱས་ཀྱི་ཆོས་མ་ལུས་པ་ཤེས་མི་གསུང་བར་གདའ། དེ་ཡང༌། ཇི་ལྟར་སྒྲོན་གློག་ནོར་བུ་ཉི་ཟླ་ལ། །བརྟེན་ནས་མིག་དང་ལྡན་པ་ལྟ་བ་བཞིན། །དེ་བཞིན་ཐུབ་ཆེན་ཆོས་སྐུ་འོད་མཛད་པ། །ཐུབ་ལ་བརྟེན་ནས་འདི་ནི་ཡང་དག་བཤད། །གསུང་ན་གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས། བདག་གི་བླ་མ་དམ་པའི་ཆོས་མ་ལུས་པ་ཤེས་པར་བྱ་དགོས་སྙམ་པའི་གོ་ཆ་ཆེན་པོ་ཞིག་དགོས། དེ་ཡོད་པའི་དུས་སུ་དེ་ལ་སོ་ནམ་ངང་གིས་བྱེད་པ་ཞིག་འོང་བ་ཡིན། དེ་ཡང་ཐམས་ཅད་ཚོགས་ཆོས་ཀྱིས་གོ་བ་ཡིན་པས་འདི་ལ་ནན་ཏན་བྱ་དགོས། འཇིག་རྟེན་འདི་དང་ཕ་རོལ་གྱི་བདེ་སྐྱིད་དམ་སྡུག་བསྔལ་གྱི་ལུས་དང་སྣང་བ་ལ་སོགས་པ་རྣམས་ཀྱང་རྒྱུ་ཇི་ལྟར་སོང་བའི་འབྲས་བུ་ཡིན་ལ། དེ་ཡང་ནང་གི་བསམ་པའམ་ཏིང་ངེ་འཛིན་ཇི་ལྟ་བ་བཞིན་འབྱུང་བ་ཝ་ར་ཎ་སིའི་བྲན་མོ་མངག་གཞུག་མའམ། ཆོས་རྒྱལ་མྱ་ངན་མེད་དམ། འཕགས་པ་བ་ལང་བདག་ལ་སོགས་པའམ། སྟོད་ལུང་ཇག་པས་ཤར་མོ་ལ་སོགས་པ་ལྟ་བུ་རྣམས་ཀྱང་ཏིང་ངེ་འཛིན་གྱི་རྒྱུ་འབྲས་ཡིན། འདི་ཡི་བྱེ་བྲག་མ་ལུས་པ་ཐམས་ཅད་མངོན་གསུམ་དུ་གོ་བར་བྱེད་པ་ནི་སྒོམ་བྱུང་གི་ཤེས་རབ་ཀྱིས་གོ་བ་ཡིན། དེ་ཡི་རྩ་བ་ཡང་འཇིག་རྟེན་མགོན་པོ་ལ་མོས་གུས་དང་མི་འབྲལ་པ་ཞིག་དགོས། དེ་ཡང་མོས་གུས་ཀྱི་མཆོག་བླ་མ་ལ་ཆོས་ཀྱི་སྐུར་ལྟ་བ་དང༌། དཔལ་ལམ་ངར་འདུན་པ་ཏུང་ཏུང་བོ་དེས་ཆོས་དེ་སྨིན་པར་བྱས་ནས་རྒྱུ་འབྲས་ཀྱི་རྟེན་འབྲེལ་གོ་བ་ལ་སོགས་པ་དངོས་གྲུབ་ཐམས་ཅད་དེས་ཐོབ་པ་ཡིན། དེས་ན་རྟེན་འབྲེལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་དང་རྒྱུ་འབྲས་ཀྱི་རྟེན་འབྲེལ་གཉིས་པོ་སྤྱི་དང་བྱེ་བྲག་མ་ལུས་པ་གོ་བར་འདོད་པ་དང་སོ་ནམ་མཛད་པར་ཞུ་བ་དེ་ཆོས་ལགས།།

ཡང་བླ་མ་རིན་པོ་ཆེའི་ཞལ་སྔ་ནས། སྤྱིར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ལམ་སྣ་ཁྲིད་པར་བྱེད་པ་ལ་མཚན་ཉིད་དང་ལྡན་པའི་བླ་མ་དམ་པ་ཞིག་དགོས་པ་ཡིན། དེ་ཡང༌། གསང་སྔགས་ཀྱི་སྒོར་ཞུགས་ནས་དབང་བཞི་པའི་དོན་ངོ་སྤྲོད་ནུས་པའི་བླ་མ་ཞིག་དགོས། མ་འཕྲོད་ན་དབང་བསྐུར་ཐོབ་པ་ཡང་དཀའ། དབང་བཞི་པའི་དོན་ངོ་འཕྲོད་པར་གྱུར་ན་དབང་བསྐུར་དེ་ཡིན། དབང་བཞི་པའི་དོན་ཞི་གནས་དང་ལྷག་མཐོང་གི་ཏིང་ངེ་འཛིན་རྒྱུད་ལ་བསྐྱེད་པ་ལ་ཐོག་མར་ཞི་གནས་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་དགོས་པ་ཡིན། དེ་ལ་ཚན་གཅིག་སྙམ་ན་ཞི་གནས་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེད་པ་ལ་ཚེགས་མེད་སྙམ་ན། དེ་ཡང་སླ་བ་མ་ལགས་ཏེ་ཞི་གནས་ཀྱི་ཏིང་ངེ་འཛིན་རྒྱུད་ལ་བསྐྱེད་པ་ལ་འཇིག་རྟེན་ཆོས་བརྒྱད་དམ་འདོད་པའི་ཡོན་ཏན་རྣམ་པ་ལྔ་པོ་མི་འདོད་པ་ཞིག་གཞིར་དགོས་ཏེ། དེ་ཡོད་ན་ཞི་གནས་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ། དེ་ཡང་ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱ་སྟེ། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །བགྱི་བ་གསུང་ན་འཇིག་རྟེན་འདི་ལ་མ་ཆགས་པའི་དུས་སུ་ཞི་གནས་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བ་ཡིན། ཞི་གནས་ལ་ཡང་ཉམས་ཀྱི་ཞི་གནས་སྤང་བར་བྱ་བ་དང༌། རྟོགས་པའི་ཞི་གནས་སྒྲུབ་པར་བྱ་གཉིས་ཡིན། དེ་ཡང་སྒྲུབ་པའི་ཞི་གནས་ནི་སེམས་ཞི་བས་ཞི་གནས་ཏེ། ཆོས་ཤེས་པ་ནི་ལྷག་མཐོང་ཡིན་བགྱི་བ་གསུང་ན་འདི་ཤིན་ཏུ་ཟབ། ཞི་གནས་དང་ལྷག་མཐོང་དབྱེ་བ་མེད་པ་ཡང་དེ་ཡིན། སྤྱིར་ཞི་གནས་ནི་ཏིང་ངེ་འཛིན་ལ་རྩེ་གཅིག་པ་ཐམས་ཅད་ཞི་གནས་ཡིན། ཐོག་མར་སེམས་གནས་པ་སློབ་མའི་རྒྱུད་ལ་སྐྱེད་པ་ལ་མཚན་ཉིད་དང་ལྡན་པའི་བླ་མ་ཞིག་ཡིན་ན། སྐྱེ་བ་སྔ་མ་ཕན་ཆོད་གང་གོམས་པའི་སྣ་ནས་ཁྲིད་པ་ཡིན་ཏེ། དགྲ་བཅོམ་པ་ལེགས་འོངས་སམ་སློབ་དཔོན་ཀླུའི་བྱང་ཆུབ་ལ་སོགས་པ་ལྟ་བུ་ཡིན། སྤྱིར་བྱང་ཆུབ་གསུམ་ཐོབ་པ་ལ་སོགས་པའི་ཏིང་ངེ་འཛིན་ཐམས་ཅད་ནི་རིམ་གྱིས་སྐྱེ་བ་མ་གཏོགས་པ་ཅིག་ཆར་སྐྱེ་བར་མི་བཞེད་པ་ཡིན། སྤྱིར་འདི་དག་གི་ཚན་པ་ཡང་ཕྱི་རོལ་ན་ཡོད་པ་མ་ལགས། རང་གི་སེམས་ཡིན། འདི་ལ་སྣང་བ་རང་སེམས་ཟེར། དེ་ཡང་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ཡིན། སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཡིན། འཁོར་འདས་སུ་སྣང་བ་ནི་འཛིན་པའི་བྱེ་བྲག་ཐ་དད་པ་རྣམས་སྣང་བ་ཡིན། དེ་ཡང་འཁོར་བ་རང་གི་སེམས་དང༌། མྱ་ངན་ལས་འདས་པ་རང་གི་སེམས་རྣམ་པ་གཉིས་ཡིན། འཁོར་བ་རང་གི་སེམས་ནི་ཉོན་མོངས་པ་གསུམ་གྱི་སེམས་ལས་ངན་སོང་གསུམ་དུ་སྣང་བ་ཡིན། བྱང་ཆུབ་འདོད་པའི་སེམས་ལས་བྱང་ཆུབ་གསུམ་དུ་སྣང་བ་ཡིན། དེ་ཡང་ཉོན་མོངས་པ་འདོད་ཆགས་ཀྱི་སེམས་འབའ་ཞིག་གིས་གཡོས་བྱེད་པ་ལས་སེམས་དེའི་སྣང་བ་ཡི་དྭགས་ཡིན་ཏེ། ཡི་དྭགས་ཀྱི་འཇིག་རྟེན་ཕྱི་རོལ་ན་ཡོད་པ་མ་ལགས། ཞེ་སྡང་གི་སེམས་ལ་སེམས་ཅན་དམྱལ་བར་སྣང་བ་དེ་ཡང་དམྱལ་བའི་འཇིག་རྟེན་ཕྱི་རོལ་ན་ཡོད་པ་མ་ལགས། གཏི་མུག་གི་སེམས་ལ་དུད་འགྲོར་སྣང་བ་དེ་ཡང༌། ཕྱི་རོལ་ན་ཡོད་པ་མ་ལགས། ཉོན་མོངས་པ་གསུམ་གྱི་སེམས་དེར་སྣང་བ་ཡིན། དེ་ཡང་རབ་ལུས་འདི་འཇོག་མི་དགོས་པ་ཀམ་པོ་གནས་ནང་གི་བོན་པོ་ལྟ་བུའམ། ལྷས་བྱིན་ལྟ་བུ་ཡིན། ཐ་མ་རྣམས་ལུས་འདི་འཇོག་པ་ལ་ལྟོས་པ་ཡིན། དེ་ཡང་ཉོན་མོངས་པ་གསུམ་གྱི་སེམས་དང་ལས་དང་འབྲས་བུ་མངོན་པར་འདུ་མི་བྱ་བར་ཉོན་མོངས་པ་གསུམ་མེད་པའི་སེམས་འདི་ལ་གནས་པར་བྱ་བ་དང༌། ཉོན་མོངས་པ་གསུམ་མེད་པའི་སེམས་དེ་བྱང་ཆུབ་གསུམ་འདོད་པའི་སེམས་ཀྱིས་དབང་བྱས་པ་ལས་བྱང་ཆུབ་གསུམ་དུ་སྣང་བ་ཡིན། ངོ་བོ་ནི་ཉོན་མོངས་པ་གསུམ་མེད་པའི་སེམས་སུ་གཅིག་པ་ཡིན། ཉོན་མོངས་པ་འདོད་ཆགས་ཀྱི་སེམས་དང་སེམས་དེས་ཁྱད་པར་དུ་བྱས་པའི་ལས་མངོན་པར་འདུ་བྱས་པའི་དུས་སུ་སེམས་དེས་ཡི་དྭགས་ཀྱི་འཇིག་རྟེན་འགྲུབ་པ་ཡིན་མོད། དེས་ན་བསྐྱེད་རིམ་ཕྱིན་ཅི་ལོག་ལ་མི་གནས་པར་འདོད་ཆགས་མེད་པའི་སེམས་འདི་ལ་ནན་ཏན་བྱ་བ་དང༌། འདོད་ཆགས་མེད་པའི་སེམས་འདི་བྱང་ཆུབ་གསུམ་འདོད་པའི་སེམས་ཀྱིས་ཁྱད་པར་དུ་བྱས་པ་ལ་མྱ་ངན་ལས་འདས་པ་རང་གི་སེམས་ཟེར་བ་ཡིན། ཉོན་མོངས་པ་གསུམ་གྱི་སེམས་ལས་ངན་སོང་གསུམ་གྲུབ་པ་དེ་ལ་འཁོར་བ་རང་གི་སེམས་ཟེར་བ་ཡིན། དེའི་ལུས་སུ་གྲུབ་པ་དེ་ལ་བསམ་པའི་རང་གཟུགས་ཟེར། དེ་ཡང་འཇིག་རྟེན་འདི་ཡི་ཕུན་སུམ་ཚོགས་པ་རྣམ་པ་ལྔ་སྒྲུབ་པ་ལ་སོགས་པ་སྐད་ཅིག་མའི་བསམ་པའི་རང་གཟུགས་ཀྱིས་བསྒྲུབ་པ་དང༌། འདི་ནས་ཕ་རོལ་དུ་ལུས་ལེན་པ་ལ་ལུས་ཕུན་སུམ་ཚོགས་པ་ལེན་པའི་ཐབས་ལ་མཁས་པ་འཆི་ཁར་བསམ་པ་བཟང་པོ་སྒྲུབ་པ་ལུས་འཕོས་པའི་བསམ་པའི་རང་གཟུགས་ཀྱིས་སྒྲུབ་པ་ཡིན། བསམ་པ་དེའི་རང་གཟུགས་སུ་འགྱུར་པ་ལ་འདོད་ཆགས་ཀྱི་སེམས་སམ་བསམ་པ་དེའི་རང་གཟུགས་ཡི་དྭགས་སུ་འབྱུང་བ་ལ། འདོད་ཆགས་ཀྱི་བསམ་པ་དེ་ནི་སྤྲ་བཟོ་དང་འདྲ། འཆི་བ་ནི་སྤྲ་ཚིལ་བཏོན་པ་དང་འདྲ། བསམ་པ་དེའི་རང་གཟུགས་ཡི་དྭགས་སུ་འབྱུང་བ་དེ་ནི་ལུགས་བཏང་བའི་དུས་སུ་སྤྲ་བཟོ་ལ་ཇི་ལྟར་ཡོད་པ་བཞིན་དུ་འབྱུང་བ་དང༌། དེ་བཞིན་དུ་འཁོར་བ་རང་གི་སེམས་སམ་མྱ་ངན་ལས་འདས་པ་རང་གི་སེམས་ལ་སོགས་པ་ཡང་ཚུལ་དེ་དང་འདྲ། བཟོ་འདི་ནི་བི་ཤྭ་ཀརྨའི་བཟོ་པས་ཀྱང་ལྷག་སྟེ། སྐྲ་ཉག་མ་གཅིག་གམ་བ་སྤུ་ཉག་མ་གཅིག་ཀྱང་རང་གི་བསམ་པ་ཇི་ལྟ་བའི་རང་གཟུགས་སུ་འབྱུང་བའི་བཟོ་འདི་འདྲ་བི་ཤྭ་ཀརྨས་ཀྱང་ཤེས་པ་མ་ལགས། སྐད་ཅིག་མ་དང་ལུས་འཕོས་པའི་བསམ་པའི་རང་གཟུགས་ཀྱིས་སྐྱོན་སྤོང་བ་དང་ཡོན་ཏན་སྒྲུབ་པ་དང༌། རང་གཞན་གྱི་ལུས་ཕུན་སུམ་ཚོགས་པ་སྒྲུབ་པའི་ཐབས་ལ་མཁས་པ། ཆོས་འདི་ལྟ་བུ་རྣམས་ནི་ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས་དེ་ཉིད་ལས་བྱུང་བ་ཡིན་པས་བླ་མ་དེ་ཉིད་ལ་མོས་གུས་བྱས་པས་འདི་གོ་བ་ཡིན་པས་དེ་ལྟར་ཐུགས་ལ་གཞག།

ཡང་བླ་མ་རིན་པོ་ཆེའི་ཞལ་སྔ་ནས། བཅོམ་ལྡན་འདས་ཀྱིས་ཆོས་ཇི་སྙེད་ཅིག་གསུངས་པའི་རྩ་བ་གང་ཡིན་ན། རྩ་བ་རང་གི་སེམས་ཡིན་གསུངས། དེ་ལྟར་ལགས་པར་ཡང༌། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་ལས་འདས་འཕྲོ་བ། །དགོས་འདོད་ཐམས་ཅད་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །བགྱི་བ་གསུངས་ན། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཇི་སྙེད་ཅིག་ཡོད་པའི་རྩ་བ་རང་གི་སེམས་ཡིན། སེམས་དེ་ནི་གདོད་ནས་མ་སྐྱེས་པ་སྟོང་པ་ཉིད་ཡིན། དེ་ལ་འཁོར་བ་དང་མྱ་ངན་ལས་འདས་པ་འཕྲོ་བའི་ཚུལ་ནི། སེམས་ཉིད་དེ་ལ་རྐྱེན་ལས་སྐྱེ་བའི་རྟོག་པ་ཐ་དད་པ་འཕྲོ་བ་དེ་ལས་འཁོར་འདས་སུ་སྣང་བ་ཡིན། དེས་ན་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་མ་གཏོགས་པ་ཕྱི་རོལ་ན་སྤུའི་རྩེ་མོ་ཙམ་ཡང་མེད། དེ་ཡང་སེམས་ལས་འཁོར་བ་ཇི་ལྟར་འཕྲོ་བ་ནི། ཉོན་མོངས་པ་གསུམ་གྱི་སེམས་རྐྱེན་ལས་སྐྱེ་བ་དེ་ལས་ངན་སོང་གསུམ་ལ་སོགས་པ་འཁོར་བ་གྲུབ་པ་ཡིན། མྱ་ངན་ལས་འདས་པ་ཇི་ལྟར་འཕྲོ་བ་ནི། བྱང་ཆུབ་གསུམ་འདོད་པའི་སེམས་རྐྱེན་ལས་སྐྱེ་བ་ཡིན། དེ་ལ་མྱ་ངན་ལས་འདས་པ་རང་གི་སེམས་ཡིན། འཁོར་བ་རང་གི་སེམས་ཇི་ལྟར་འཕྲོ་བ་ཡང༌། ཉོན་མོངས་འདོད་ཆགས་ཀྱི་སེམས་མངོན་པར་འདུ་བྱེད་པ་དང༌། སེམས་དེའི་ལས་ཆགས་པ་སྤྱོད་པའི་ཡུལ་ལ་ཆགས་པ་སྤྱོད་པར་བྱེད་པ་དང༌། ལས་དེའི་འབྲས་བུ་ཡི་དྭགས་ཀྱི་འཇིག་རྟེན་བྱུང་བ་ཡིན་ལ། དེ་ཡང་ཁ་སང་གི་སྐབས་སུ་རྒྱས་པར་སྙན་དུ་གསོལ་ནས་སྤྲ་བཟོའི་དཔེས་བསྟན་པ་ཡིན། དེ་བཞིན་དུ་ཞེ་སྡང་གི་སེམས་དང༌། གཏི་མུག་གི་སེམས་དང༌། ལས་དང་འབྲས་བུ་ཡང་ཚུལ་དེ་དང་འདྲ་བར། དམྱལ་བའི་འཇིག་རྟེན་དང་དུད་འགྲོའི་འཇིག་རྟེན་འབྱུང་བ་ཡང་སེམས་དེ་དེར་སྣང་བ་ཡིན། མྱ་ངན་ལས་འདས་པ་འཕྲོ་བ་ཡང་རྐྱེན་དགེ་བའི་བཤེས་གཉེན་ལ་བརྟེན་ནས་ཉན་ཐོས་ཀྱི་བྱང་ཆུབ་འདོད་པའི་སེམས་སྐྱེ། སེམས་དེ་ལས་འབྲས་བུ་ཉན་ཐོས་ཀྱི་བྱང་ཆུབ་དགྲ་བཅོམ་པ་མངོན་དུ་བྱེད་པ་དང༌། རང་སངས་རྒྱས་ཀྱི་བྱང་ཆུབ་འདོད་པའི་སེམས་སྐྱེ། དེ་ཡང་རང་སངས་རྒྱས་དམན་པ་དང་བཀྲེན་པ་ལ་བརྩེ་བ་འཇིག་རྟེན་པའི་ཡོན་གནས་བསེ་རུ་ལྟ་བུ་ཐོབ་པ་དང༌། བླ་ན་མེད་པའི་བྱང་ཆུབ་འདོད་པའི་སེམས་ལས་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ཡིན། དེ་ཡང་སེམས་གསུམ་པོ་ཇི་ལྟ་བ་བཞིན་དུ་འབྲས་བུ་བྱང་ཆུབ་གསུམ་སོ་སོར་ཐོབ་པ་འདི་ལ་མྱ་ངན་ལས་འདས་པ་རང་གི་སེམས་ཟེར། དེ་ཡང་ཐོག་མར་སེམས་གསུམ་པོ་བསྐྱེད་ནས་སེམས་དེའི་རྗེས་སུ་འབྲང་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྐལ་པ་གྲངས་མེད་པ་གསུམ་དུ་བསགས་པ་ལས་འབྲས་བུ་སོ་སོར་འབྱུང་བ་ནི་བཅོམ་ལྡན་འདས་འདི་དང་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་ལྟ་བུ་ཡིན། དེ་ཡང་ཉན་ཐོས་ཀྱི་བྱང་ཆུབ་དང་རང་སངས་རྒྱས་ཀྱི་བྱང་ཆུབ་གཉིས་པོ་ནི་འབྲས་བུ་དམན་པ་ཡིན། སྦྱོར་བ་རྒྱ་ཆུང་བ་ཡིན་པས་དེ་ནི་ཉམས་སུ་བླང་བྱ་མ་ཡིན། བླ་ན་མེད་པའི་བྱང་ཆུབ་འདོད་པའི་སེམས་སྐྱེད་དགོས་པ་ཡིན། འོ་ན་བྱམས་དང་སྙིང་རྗེའི་སེམས་ལས་ཀྱང་མྱ་ངན་ལས་འདས་པ་ཐོབ་སྙམ་ན། དེ་ཡང་དེ་ལྟར་མ་ལགས་ཏེ། བྱམས་པ་དང་སྙིང་རྗེའི་སེམས་ཀྱི་ངོ་བོ་དེ་ལ། བྱང་ཆུབ་གསུམ་འདོད་པའི་བསམ་པ་མེད། བྱམས་པ་དང་སྙིང་རྗེའི་སེམས་དེ་བྱང་ཆུབ་ཀྱི་སེམས་གསུམ་པོས་ཁྱད་པར་དུ་མ་བྱས་པར་གྱུར་ན་སེམས་དེས་བྱང་ཆུབ་གསུམ་པོ་གང་ཡང་ཐོབ་པར་མི་ནུས། སེམས་དེ་ལས་ཀྱང་འཁོར་བ་འགྲུབ་པ་ཡིན་ཏེ་འཁོར་བའི་བདེ་སྐྱིད་ནི་རླབས་པོ་ཆེ་འབྱུང་སྟེ། ཝ་ར་ཎ་སིའི་བྲན་མོ་མངག་གཞུག་མའམ། གདོལ་པ་རྣམས་ཀྱི་དྲང་སྲོང་ཕུར་བུ་གསུམ་པ་ལྟ་བུ་ཡིན། ཆོས་འདི་གོ་བར་གྱུར་ན་འཁོར་བ་རང་གི་སེམས། འབྱུང་བའི་རྒྱུ་དང་གནས་པའི་གཞི་དང་འཇིག་པའི་རྐྱེན་ཤེས་པས་དེ་སྤོང་བའི་ཐབས་ལ་མཁས། མྱ་ངན་ལས་འདས་པ་རང་གི་སེམས། སྐྱེ་བའི་རྒྱུ་དང་གནས་པའི་གཞི་ལ་སོགས་པ་གོ་བས་དེ་བསྒྲུབ་པའི་ཐབས་ལ་མཁས། ཆོས་འདི་གོ་བར་གྱུར་ན་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་འདིས་གོ་བ་ཡིན། གསུང་རབ་རྩིག་པ་ལ་ཆོས་མང་པོ་འདུག་ཟེར་ཏེ། དེ་ཡང་ཆོས་ཡིན་ལྟ་ཡིན་ཏེ་དེ་ནི་ལུང་གི་ཆོས་པོ་ཏི་དང་གླེགས་བམ་ན་བཞུགས་པའི་ཆོས་ཡིན་ནོ། །འདི་གོ་བར་གྱུར་ན་གསུང་རབ་ཀྱི་རྩ་བ་འདི་ཡིན། དེས་ན་སེམས་ཉིད་མདོ་འགྲེལ་ཆེན་པོར་གོ། །ཡིག་ནག་ལ་རེ་ན་རྣལ་འབྱོར་འཁྲུལ་གསུང་བར་གདའ། དེ་ཡང་འཁོར་བ་རང་གི་སེམས་ནི་སྤང་བྱ་ཡིན། དེ་ཡང་འཁོར་བའི་རྩ་བ་འདོད་ཆགས་ཡིན་པས་འདི་སྤོང་དགོས་ཏེ། འཇིག་རྟེན་འདིར་དེ་སྤངས་པ་དང་མ་སྤངས་པ་གཉིས་སྐྱིད་སྡུག་གི་ཁྱད་འབྱེད་དེ། དེད་དཔོན་སིང་ག་ལ་དང་ཚོང་པ་རྣམས་ལྟ་བུ་ཡིན། འཁོར་བ་རང་གི་སེམས་དང་མྱ་ངན་ལས་འདས་པ་རང་གི་སེམས། དེ་ཡང་ལུས་འཕོས་པ་བསམ་པའི་རང་གཟུགས་དང་སྐད་ཅིག་མའི་བསམ་པའི་རང་གཟུགས་གཉིས་ཀྱིས་འཇིག་རྟེན་འདིའི་ཕུན་སུམ་ཚོགས་པ་སྒྲུབ་པ་དང༌། ཕྱི་མར་ལུས་ཕུན་སུམ་ཚོགས་པ་ལེན་པ་ལ་སོགས་པ་ཐམས་ཅད་ཆོས་འདི་གོ་བ་ལས་འོང་བ་ཡིན་པས་འདི་ལ་ནན་ཏན་ཆེན་པོ་གྱིས་དང༌། ཟབ་ཆོས་མང་པོ་བས་འདི་དགའ་བ་ཡིན་པས་དེ་ལྟར་ཐུགས་ལ་ཞོག།

ཡང་བླ་མ་རིན་པོ་ཆེའི་ཞལ་སྔ་ནས། སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་སྔགས་དང་མཚན་ཉིད་རྣམ་པ་གཉིས་སུ་འདུས་པ་ཡིན་ལ། མཚན་ཉིད་ཕ་རོལ་དུ་ཕྱིན་པའི་ཐེག་པ་ལ་ཡང་ཐེག་པ་ཆེ་ཆུང་རྣམ་པ་གཉིས་སུ་གསུངས་པ་དང༌། འདོད་པ་ནི་རྟེན་གྱི་གང་ཟག་གིས་ཕར་བཏགས་པ་ཡིན། སྡེ་སྣོད་ལ་ཐེག་པ་ཆེ་ཆུང་མེད། ཡར་མཐོ་བ་དཔལ་གསང་བ་འདུས་པ་ཡིན། དེ་ཉན་ཐོས་ཀྱི་བྱང་ཆུབ་འདོད་པས་ཉམས་སུ་བླངས་ན་ཉན་ཐོས་ཀྱི་བྱང་ཆུབ་ཐོབ། དེ་བཞིན་དུ་རང་སངས་རྒྱས་དང་བླ་ན་མེད་པའི་བྱང་ཆུབ་འདོད་པས་ཉམས་སུ་བླངས་ན་ཡང་དེ་ཐོབ། མར་དམའ་བ་ཀཱ་རི་ཀ་ཡིན་ཏེ་དེ་ཉན་ཐོས་ཀྱི་བྱང་ཆུབ་འདོད་པས་ཉམས་སུ་བླངས་ན་ཡང་དེ་ཐོབ། རང་སངས་རྒྱས་དང་བླ་ན་མེད་པའི་བྱང་ཆུབ་འདོད་པས་ཉམས་སུ་བླངས་ན་ཡང་དེ་ཐོབ་པས་ན། སྡེ་སྣོད་ལ་ཐེག་པ་ཆེ་ཆུང་མེད། ཐེག་པ་ཆེ་ཆུང་ནི་གང་ཟག་གི་བློའི་རིམ་པ་ཡིན། ཐེག་པ་ཆེ་ཆུང་དུ་འོང་བ་དང་ཐོབ་པ་ནི་མི་དགེ་བ་བཅུ་བསམ་པའི་བྱེ་བྲག་གིས་སྤོང་བ་དང༌། དགེ་བ་བཅུ་ཉམས་སུ་ལེན་པས་ཐོབ་སྟེ། མི་དགེ་བ་རྣམ་པ་བཅུ་ནི་ལུས་ངག་ཡིད་གསུམ་གྱིི་སྒོ་ནས་བཅུ་པོ་སྤོང་བར་བྱེད་པ་ཡིན་ཏེ། སྤང་བྱ་ཐམས་ཅད་ནི་མི་དགེ་བ་བཅུར་འདུས། དེས་ན་དེ་བཞིན་གཤེགས་པས་དགག་པའི་བསླབ་པར་བཅས་པ་ཇི་སྙེད་ཅིག་ཡོད་པ་དེར་འདུ། བསྒྲུབ་པར་བྱ་བའི་བསླབ་པ་ཇི་སྙེད་ཅིག་ཡོད་པ་ནི་དགེ་བ་བཅུར་འདུ་ལ། སོ་སོར་ཐར་པའི་སྡོམ་པ་བླངས་ནས་བསྲུང་བྱ་ཡང་དེ་ཡིན། སེམས་བསྐྱེད་ནས་བསླབ་བྱ་ཡང་དེ་ཡིན། དབང་བསྐུར་ནས་དམ་ཚིག་ཀྱང་བཅུ་པོ་དེར་མ་འདུས་པ་མེད། དེ་ཡང་ལུས་ཀྱི་སྒོ་ནས་སྲོག་གཅོད་པ་སྤོང་བ་དེ་བླ་ན་མེད་པའི་བྱང་ཆུབ་འདོད་པས་ཉམས་སུ་བླངས་ན། སྲོག་གཅོད་པ་སྤོང་བ་དེས་སེམས་དེ་རྫོགས་པར་བྱས་ནས་དེ་ཐོབ། དེ་བཞིན་དུ་ཉན་ཐོས་ཀྱི་བྱང་ཆུབ་འདོད་པ་དང་རང་སངས་རྒྱས་ཀྱི་བྱང་ཆུབ་འདོད་པས་ཉམས་སུ་བླངས་ན་དེ་ཐོབ། དེ་ཡང་སྲོག་གཅོད་པ་སྤོང་བ་དེ་ཐེག་པ་ཆེན་པོ་དང་ཆུང་ངུ་དང་བར་མ་གང་ཡང་མ་ཡིན། བསམ་པ་གང་འདོད་པས་ཉམས་སུ་བླངས་པའི་བསམ་པ་དེ་ཐེག་པ་ཆེ་ཆུང་ཡིན། དེ་བཞིན་དུ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་བཅུ་སྤོང་བ་དེ་བསམ་པ་བྱང་ཆུབ་གསུམ་གང་འདོད་པ་དེ་ཐོབ་པར་བྱེད་པ་ཡིན། དེ་རྣམས་ལ་ཐེག་པ་ཆེ་ཆུང་ཡོད་པ་མ་ལགས། དེས་ན་བསམ་པ་རྒྱ་མ་ཆུང་བར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འདི་བསྐྱེད་དགོས། དེ་ཡང་ཆོས་སྐད་དུ་མ་སོང་གླེན་གཏམ་དུ་བགྱིས་ན་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་སྙམ་པའི་བསམ་པ་དེ་ལ་ཟེར་བ་ལགས་པས་དགེ་བ་བཅུ་ཉམས་སུ་ལེན་པ་ཡང་སེམས་དེས་ཁྱད་པར་དུ་བྱས་ནས་ཉམས་སུ་ལེན་དགོས་ཏེ། དེ་ལྟར་མ་བྱས་པར་རང་དོན་བསྲུངས་པར་གྱུར་ན་ཡང་ཚུལ་ཁྲིམས་དེ་ཡང་མ་དག་པར་གསུངས་ཏེ། ཚུལ་ཁྲིམས་བདག་དོན་བྱས་པས་རྣམ་རྒྱས་ཤིང༌། །ཚུལ་ཁྲིམས་འཆལ་བའི་སེམས་ཅན་རྣམས་ལ་བརྩེ་བྲལ་བ། །བདག་ཉིད་རྒྱས་བྱེད་ཚུལ་ཁྲིམས་ནོར་གྱིས་རབ་དག་པ། །འཕགས་པ་དེ་ནི་ཚུལ་ཁྲིམས་རྣམ་པར་དག་མི་བརྗོད།། བགྱི་བ་གསུངས་ན་ཚུལ་ཁྲིམས་དེ་ཡང་རྣམ་པར་མ་དག་པར་གསུངས་པ་ཡིན། གཞན་ཡང་ཉོན་མོངས་པ་འདོད་ཆགས་ཞེ་སྡང་གི་སེམས་བསྐྱེད་པ་ནི་སླ་ཡི། ཉན་ཐོས་ཀྱི་སེམས་བསྐྱེད་པ་ནི་དེ་ལྟར་མ་ཡིན་པར་གསུངས་ཏེ། དམྱལ་བར་འགྲོ་བ་སངས་རྒྱས་ལ། །གཏན་དུ་གེགས་བྱེད་མ་ཡིན་ཏེ། །ཉན་ཐོས་ས་ནི་གཏན་གྱི་གེགས། །བགྱི་བ་གསུང་ན། ཉན་ཐོས་ཀྱི་བྱང་ཆུབ་དེ་ཡང་འབྲས་བུ་དམན་པ་ཐོབ་བྱ་མ་ཡིན་ཏེ། བསམ་པ་དེ་ལྟ་བུ་ལ་རྣམ་པར་སྤང་བར་བྱ་བ་ཡིན། དགེ་བ་བཅུ་ཉམས་སུ་ལེན་པ་དེ་ཡང་བསམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱད་པར་དུ་བྱས་ནས་ཉམས་སུ་ལེན་དགོས་ཏེ། དགེ་བ་བཅུ་པོ་དེ་སོ་སོ་ཐར་པའི་སྡོམ་པ་བླངས་ནས་བསྲུང་རྒྱུ་ཡང་དེ་ཡིན། བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་ནས་སྡོམ་པའི་ཚུལ་ཁྲིམས་ཀྱང་དེ་ཡིན། གསང་སྔགས་སུ་ཡང་མ་སྨིན་པ་སྨིན་པར་བྱེད་པའམ། མ་རྟོགས་པ་རྟོགས་པར་བྱེད་པའི་དབང་བསྐུར་ནས་དམ་ཚིག་ཀྱང་དེ་ཡིན། དེ་ཡང་ལུས་ཀྱི་སྒོ་ནས་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང་གསུམ། ངག་གི་སྒོ་ནས་རྫུན་དུ་སྨྲ་བ་དང༌། ཕྲ་མ་དང༌། ངག་འཁྱལ་དང༌། ཚིག་རྩུབ་མོ་དང༌། སེམས་ཀྱི་སྒོ་ནས་བརྣབ་སེམས་དང༌། གནོད་སེམས། ལོག་པར་ལྟ་བ་དང་བཅུ་སྤོང་བ་ཡིན། དེས་ན་ཆོས་ལ་བྱེད་མི་བྱེད་མ་གཏོགས་པ་མ་གོ་རྒྱུ་གཅིག་ག་ལ་ཡོད་དེ། མི་དགེ་བ་བཅུ་སྤོང་བ་དང་དགེ་བ་བཅུ་ཉམས་སུ་ལེན་པ་དེ་ཉིད་ཡིན་མོད། རང་ཉིད་ཀྱིས་ཉམས་སུ་མ་བླང་པར་གྱུར་ན་ཡང་དེ་ཆོས་མིན་ཞེས་ཆོས་ལ་སྐུར་པ་མི་གདབ་སྟེ། རང་ཉིད་ཀྱི་ལྕེ་ལ་ཐོང་གཤོལ་ལྔ་བརྒྱ་རྨོ་བའི་ལས་གསོག་པ་ཡིན། དེ་ཡང་དཔེ་ཇི་ལྟ་བུ་ཡིན་སྙམ་ན་དབུ་མ་ཤམ་ཐབས་སྔོན་པོ་ཅན་ལྟ་བུ་ཡིན་ཏེ། དེས་ཆོས་མ་ཡིན་པ་ཆོས་སུ་སྨྲས་པའི་རྣམ་པར་སྨིན་པ་ཡིན། དེས་ན་རང་མི་བྱེད་པར་གྱུར་ན་ཡང་ཆོས་ལ་སྐུར་བ་མི་གདབ་པར་དགེ་བ་བཅུ་པོ་དེ་ཉམས་སུ་ལོངས། དེ་ཉམས་སུ་བླངས་པ་ལས་ཏིང་ངེ་འཛིན་སྐྱེ། ཏིང་ངེ་འཛིན་དེ་གང་ཡིན་ན་དགེ་བ་བཅུའི་རྒྱུད་འགྱོད་པ་མེད་པའི་སེམས་དེས་ཏིང་ངེ་འཛིན་གང་ལ་མཉམ་པར་བཞག་ན་ཡང་ཞོག་པ་ཡིན། དེ་ཡང་བསྐྱེད་པའི་རིམ་པ་ལྟ་བུ་ཞིག་ལ་མཉམ་པར་འཇོག་ན་ཡང་དགེ་བ་རྣམ་པ་བཅུའི་སེམས་འགྱོད་པ་མེད་པ་དེས་མཉམ་པར་བཞག་ནས། ཐུན་ཁ་ཅིག་གིས་བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ། བརྟན་པ་ཐོབ་པའི་དུས་སུ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་དངོས་ཡིན། དེས་འཕྲིན་ལས་བཞི་འགྲུབ། དེ་ཡང་འཕྲིན་ལས་སངས་རྒྱས་ཀྱི་འཕྲིན་ལས་ཡིན་པས་དེའི་ལས་ཡིན་ཏེ། བརྟན་པ་ཐོབ་པ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བརྟན་པ་ཐོབ་པ་ཡིན། དེ་ལ་བསྐྱེད་རིམ་ཀུན་བཏགས་སུ་འདོད་པ་ཚན་གཅིག་ཡོད་དེ། ཀུན་བཏགས་མ་ཡིན་པ་ལ་ཡིན་པར་བསྒོམ་པ་ལ་ཟེར་ཏེ། དེ་ག་ལ་ཡིན་ལུས་འདི་གདོད་མ་ནས་སངས་རྒྱས་ཡིན། དེ་ལྟར་ཡིན་པར་ཡང༌། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རྣམ་པར་གྲགས། །ས་ཆུ་སྤྱན་དང་མ་མ་ཀི། །མེ་རླུང་སྒྲོལ་མ་གོས་དཀར་མོ། །བགྱི་བ་གསུངས་ན་ལུས་འདི་གདོད་མ་ནས་སངས་རྒྱས་ཡིན་པ་དེ་བླ་མ་དམ་པས་དབང་བསྐུར་ནས་དེ་ཉིད་རྟོགས་པར་བྱས་ནས་ལུས་ལྷའི་དཀྱིལ་འཁོར་དུ་ངོ་འཕྲོད་ནས་བསྐྱེད་རྫོགས་གཉིས་བསྒོམ་པ་དང༌། བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ་པའི་དུས་སུ་འཕྲིན་ལས་བཞི་འགྲུབ་སྟེ། དཔལ་ཆེན་པོ་རྒ་ལོའི་ཞོགས་པ་རྡོ་རྗེའམ་གཤིན་རེ་ཐུལ་ལྟ་བུ་ཡིན་ཏེ། དཔལ་རྒ་ལོས་དྲག་པོའི་འཕྲིན་ལས་ཤ་ར་བ་ལ་མཛད་པ་གསུང་གཅིག་གིས་ཆོག་པར་བྱུང་བའམ། རྒྱུད་ནས་ཀྱང༌། བདེ་གཤེགས་སྐུ་ཡང་ཆེམ་ཆེམ་གསོལ། །སྲོག་ཆགས་གཞན་ལྟ་སྨོས་ཅི་དགོས། །བགྱི་བ་གསུངས་ན་བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ་པས། དེ་བཞིན་གཤེགས་པའི་སྐུ་ལ་ཡང་བསྡོ་བར་བྱེད་ན་གཞན་ལྟ་ཅི་སྨོས་ཏེ། དེ་ཡང་གཤེན་རེ་ཐུལ་ལྟ་བུ་ཡིན། ཞི་བའི་འཕྲིན་ལས་ཡིན་ན་ཡང་ནད་དང་གནོད་པ་ཉེས་པ་དང་མི་མཐུན་པའི་ཕྱོགས་འདི་དང་འདི་ལྟ་བུ་ཞི་བར་གྱུར་ཅིག བརྗོད་ན་ཡང་དེས་འགྲུབ། ཚེ་དང་དབང་ཐང་རྒྱས་པར་འདོད་ན་ཡང་དེས་འགྲུབ་པ་དང༌། དབང་གི་འཕྲིན་ལས་ཡིན་ན་ཡང་རྒྱལ་པོའམ་རྒྱལ་པོའི་བློན་པོ་ལ་སོགས་པ་དབང་དུ་འདུ་བར་འདོད་པ་ལ་སོགས་པ་དེ་དག་ཐམས་ཅད་བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ་པ་དེས་འགྲུབ། དེ་མ་གཏོགས་པས་མི་འགྲུབ་སྟེ་བཙུན་པ་རྒྱལ་མཆོག་དབྱངས་དང་ཚ་བོ་ལྟ་བུ་ཡིན། བསྐྱེད་པའི་རིམ་པ་དེ་ཉིད་ཀྱང་རྫོགས་པའི་རིམ་པ་ཕྱག་རྒྱ་ཆེན་པོ་དང་དབྱེ་བ་མེད་པར་ཉམས་སུ་ལེན་མ་ཤེས་པར་གྱུར་ན་དེས་ཀྱང་མི་འོང་སྟེ། དེ་ཉིད་རྫོགས་པའི་རིམ་པ་དང་དབྱེ་བ་མེད་པར་ཉམས་སུ་ལེན་པ་ལ་འཇའ་ཚོན་ལྟ་བུའི་ལྷ་སྐུ་ཟེར། འཇའ་ཚོན་དེ་སྣང་ཡང་དངོས་པོར་གྲུབ་པ་མེད། དངོས་པོར་གྲུབ་པ་མེད་ཀྱང་སྣང༌། དེ་བཞིན་དུ་བསྐྱེད་པའི་རིམ་པ་དེ་ཉིད་ཀྱང་རྫོགས་པའི་རིམ་པ་དང་དབྱེ་བ་མེད་དེ། བསྐྱེད་པའི་རིམ་པ་དེ་ཉིད་རྫོགས་པའི་རིམ་པ་ཕྱག་རྒྱ་ཆེན་པོ་ཡིན། ཕྱག་རྒྱ་ཆེན་པོ་དེ་ཉིད་བསྐྱེད་པའི་རིམ་པར་བསྐྱེད་པ་ཡིན། ཐུན་འགོ་ལ་བསྐྱེད་རིམ་བསྒོམ། དེ་ནས་ཐུན་འཇུག་ཏུ་རྫོགས་རིམ་བསྒོམ་སྙམ་ན་མ་གོ་སྟེ། བསྐྱེད་རིམ་དང་རྫོགས་རིམ་གཉིས་ལ་དབྱེ་བ་མེད་པར་བསྒོམ་པ་འདི་ལ་ཟུང་འཇུག་ཟེར། དེ་མ་རྟོགས་པར་ཐུན་འགོ་ལ་བསྐྱེད་རིམ་གསལ་སིང་ངེ་བ་ཞིག་བསྒོམ། ཐུན་འཇུག་ལ་རྫོགས་པའི་རིམ་པ་ནག་ཐིབ་ཟེར་མཇུག་ཏུ་སྒོམ་པ་ལ་དགོས་པ་ཅི་ཡོད། དེས་ས་ཆེན་པོ་ཞིག་མི་ཆོད། རྫོགས་རིམ་དང་མ་འབྲེལ་བའི་བསྐྱེད་རིམ་ལ་བརྟན་པ་ཐོབ་ཀྱང་དེ་ལ་དགོས་པ་ཆེན་པོ་ཞིག་མེད། དེ་ཡི་དྭགས་རྡོ་རྗེ་འཇིགས་བྱེད་ལྟ་བུ་ཡིན། དེས་ན་རྫོགས་པའི་རིམ་པ་ཕྱག་རྒྱ་ཆེན་པོ་དང་འབྲེལ་དགོས། དེ་ཡང་དགེ་བ་རྣམ་པ་བཅུའི་སེམས་འགྱོད་པ་མེད་པ་དེས་ཐོབ། སྡོམ་པ་གསུམ་གྱི་བསྲུང་རྒྱུ་དེ་ཡིན། དགེ་བ་བཅུ་པོ་དེས་བྱང་ཆུབ་གསུམ་གང་འདོད་པའི་སེམས་དེ་རྫོགས་པར་བྱས་ནས་དེ་ཐོབ་པ་ནི་དཔེར་ན་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལ་ཟས་དང་གོས་དང་ནོར་ལ་སོགས་པ་གང་འདོད་པའི་གསོལ་བ་བཏབ་ན་དེ་འབྱུང་བ་དང་འདྲ་བར་དགེ་བ་བཅུས་ཀྱང་དེ་ཐོབ། དེ་ཡང་དགེ་བ་བཅུ་པོ་དེ་སོ་སོར་ཐར་པའི་སྡོམ་པ་བླངས་ནས་སོ་སོར་ཐར་པ་ལྟར་བསྲུང་དགོས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་དགེ་བ་བཅུ་པོ་དེ་ཚུལ་ཁྲིམས་གསུམ་ལྟར་ཉམས་སུ་ལེན་དགོས། ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོར་ཞུགས་ནས་གསང་སྔགས་ཀྱི་སྲོག་བླ་མ་དམ་པ་ཡིན་པས་བླ་མ་དེས་ཅི་གསུང་བ་བསྒྲུབ་པ་དང༌། བདེན་པར་འཛིན་པ་ལ་ཡང་འབྲི་ལ་གཡག་ཡིན་གསུང་ཡང་དེར་འཛིན་པ་དང༌། གསུང་ཕྲ་མོ་ཡང་གཅོག་ཏུ་མི་བཏུབ་སྟེ་གསུང་ཕྲ་མོ་ཞིག་བཅག་ན་ཡང་ནམ་མཐོ་བདོ་བའི་དུས་སུ་ནག་ཧྲུལ་གྱིས་འགྲོ། དེ་ཡང་ནག་པོ་སྤྱོད་པ་བ་ལྟ་བུ་ཡིན་ཏེ་ཟ་མ་ཏོག་ཁ་མ་འབྱེད་གསུང་བའི་གསུང་ཕྲ་མོ་དེ་ཙམ་བཅག་པ་ལ་ཡང་དེ་འདྲ་ན་གཞན་ལྟ་ཅི་སྨོས། དེས་ན་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྲོག་བླ་མ་ཡིན། བསྐྱེད་པའི་རིམ་པ་ལ་སོགས་པའི་ཏིང་ངེ་འཛིན་ནི་དགེ་བ་བཅུའི་སེམས་རྒྱུད་འགྱོད་པ་མེད་པ་དེ་ལས་སྐྱེ་བ་ཡིན། དེ་དེ་ལྟར་ཡིན་པར་ཡང༌། ཚུལ་ཁྲིམས་འཆལ་ལ་སྔགས་འགྲུབ་པར། །རྒྱལ་བ་རྣམས་ཀྱིས་མ་གསུང་སྟེ། །མྱ་ངན་འདས་གྲོང་འགྲོ་བ་ནི།། ཡུལ་དང་ཕྱོགས་ཀྱང་མ་ཡིན་ནོ། །བགྱི་བ་གསུངས། དེས་ན་ཚུལ་ཁྲིམས་རིན་པོ་ཆེ་ལ་ནན་ཏན་མཛད་པར་ཞུ། སྤྱིར་བརྩོན་འགྲུས་ཆེན་པོས་སྒོམ་མ་བསྒོམ་པའི་ཆོས་ལ་དགོས་པ་མེད་དེ། དཔེར་ན་སྨན་པ་ལ་ལ་ཞིག །སྨན་རྣམས་ཐམས་ཅད་བདོག་བཞིན་དུ། །ལྟོ་ཡི་ནད་ཀྱིས་འཆི་བ་ལྟར། །ཆོས་ལ་མ་བསྒོམ་དེ་བཞིན་ནོ། །བགྱི་བ་གསུངས། དེས་ན་ཐམས་ཅད་བསྒོམ་པ་ལ་ནན་ཏན་མཛད་པར་ཞུ་བ་དེ་ཆོས་ལགས།།

ཡང་བླ་མ་རིན་པོ་ཆེའི་ཞལ་སྔ་ནས། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཞུང་ལམ་དང༌། གཤེགས་ཤུལ་བགྲོད་པ་གཅིག་པའི་ལམ་ཕྱིན་ཅི་མ་ལོག་པ་ནི་ཐབས་མཁས་པ་དང་ཤེས་རབ་ཟབ་མོ་གཉིས་ཡིན། དེ་ལ་ཐབས་མཁས་པ་ནི་གང་ཡིན། ཤེས་རབ་ཟབ་མོ་ནི་གང་ཡིན་སྙམ་ན། ཐབས་མཁས་པ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱད་པར་དུ་བྱས་པའི་བསོད་ནམས་ཀྱི་ཚོགས་གསོག་པ་ཡིན། ཐབས་མཁས་པའི་གོ་བ་གང་ཡིན་ན་སངས་རྒྱས་ཐོབ་པའི་ཐབས་ཐུན་མོང་མ་ཡིན་པ་འདི་ཡིན། ཐབས་འདི་མེད་པར་ཤེས་རབ་ཟབ་མོ་ཡོད་ན་ཡང་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་མི་རྒྱ། བསོད་ནམས་ཀྱི་ཚོགས་གསོག་པ་ལ་ཞིང་བསམ་དངོས་གསུམ་འཚལ། ཞིང་ལ་དཔག་ཏུ་མེད་པ་ཞིག་གསུངས་ན་ཡང༌། འུབས་ཀྱིས་བསྡུས་པར་གྱུར་ན། སེམས་ཅན་གྱི་ཞིང་དང་འཕགས་པའི་ཞིང་རྣམ་པ་གཉིས་སུ་འདུ་བ་ཡིན། འཕགས་པའི་ཞིང་ལ་འཕགས་པའི་གང་ཟག་བཞི་ལགས་ཏེ། མྱ་ངན་ལས་འདས་པའི་ལམ་མངོན་དུ་བྱས་པ་ཁམས་གསུམ་གྱི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་རྡོག་པའི་འོག་ཏུ་བཅུག་པ་ལགས་ཏེ། དེ་ཡང་རྒྱས་འབྲིང་གསུམ་དུ་གསུངས། ཁྱད་པར་དུ་སྟོང་ཕྲག་ཉི་ཤུ་ལྔ་པར་གསུངས། དེ་ཡང་འཕགས་པའི་གང་ཟག་བཞི་ལས་ཉན་ཐོས་ནི་ཁམས་གསུམ་ལ་འདོད་པའི་འདོད་ཆགས་དང་བྲལ་བ་དགྲ་བཅོམ་པའི་བར་དུ་མངོན་དུ་བྱས་པ་དང༌། གཉིས་པ་རང་སངས་རྒྱས་ནི་རང་རྒྱལ་བའི་བྱང་ཆུབ་མངོན་དུ་བྱས་པ་དང༌། འཕགས་པའི་གང་ཟག་གསུམ་པ་བྱང་ཆུབ་སེམས་དཔའ་ནི་ས་དང་པོ་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱས་པ་ནས་བཅུ་པའི་བར་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང༌། འཕགས་པའི་གང་ཟག་བཞི་པ་དེ་བཞིན་གཤེགས་པ་ཡིན། འཕགས་པའི་གང་ཟག་བཞི་པོ་ཞིང་དག་པའི་རྒྱུ་མཚན་ནི། འཕགས་པ་ངེས་པ་དང༌། མ་ངེས་པའི་ཕྱག་རྒྱ་ལ་འཇུག་པ་ལ་སོགས་པ་རྣམས་སུ་བཤད་པ་ལྟར་ལགས། སེམས་ཅན་གྱི་ཞིང་ནི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལགས། དེ་ཡང་ཞིང་དག་པའི་རྒྱུ་མཚན་གཅིག་ཏུ་ན་དེ་བཞིན་གཤེགས་པའི་སྙིང་པོ་བཞུགས་པས་ཀྱང་ཞིང་དག དེ་བཞིན་གཤེགས་པའི་སྙིང་པོ་བཞུགས་པ་ཡང༌། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། བགྱི་བ་གསུངས། རྒྱུ་མཚན་གཉིས་པ་རང་ཉིད་ཀྱི་ཕ་དང་མ་མ་བྱས་པ་མེད་པས་ཀྱང་ཞིང་དག གསུམ་པ་རང་ཉིད་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཡིན་པས་སེམས་ཅན་རྣམས་བློས་བཟུང་བ་ཡིན་པས་ཀྱང་ཞིང་དེ་དག་པ་ཡིན། ཞིང་དེ་ལ་སྦྱིན་པ་བསོད་ནམས་ཀྱི་ཚོགས་གསོག་དགོས། བྱང་ཆུབ་སེམས་དཔའ་རྣམས་བསྡུ་བའི་དངོས་པོ་བཞིས་སེམས་ཅན་གྱི་དོན་བྱེད་པ་ཡང་སྔོན་དུ་ཟང་ཟིང་གི་སྦྱིན་པས་སེམས་ཅན་རྣམས་ཐོག་མར་སྡུད་པ་དང༌། སྦྱིན་པ་དེ་ཉིད་ཀྱིས་སྨིན་ཅིང་གྲོལ་བར་བྱེད་པར་གསུངས། དེ་ཡང༌། བྱང་ཆུབ་སེམས་དཔའ་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད། །སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར། །སྦྱིན་པས་སྡུག་བསྔལ་གྱུར་པའི་སེམས་ཅན་ཡོངས་སྨིན་བྱེད། །བགྱི་བ་གསུངས། དེ་ལྟར་ཞིང་རྣམ་པར་དག་པ་འཕགས་པའི་ཞིང་དང་སེམས་ཅན་གྱི་ཞིང་གཉིས་ལགས། བསམ་པ་རྣམ་པར་དག་པའི་དབང་དུ་བགྱིས་ན་ཞིང་འཕགས་པའི་གང་ཟག་བཞི་དང་སེམས་ཅན་གྱི་ཞིང་གཉིས་ཀ་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་དུ་རྟོགས་པ་དང༌། དངོས་པོ་དང་རང་ཉིད་གཏོང་མཁན་གཉིས་ཀྱང་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་དུ་རྟོགས་པའི་བསམ་པ་འདི་ཡོད་པར་གྱུར་ན། བསམ་པ་འདི་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བས་ཀྱང་ཁྱད་པར་དུ་འཕགས་ལ། དེ་ཉིད་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡང་མ་ལགས། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱང་དེ་ཉིད་ལགས། འདི་ནི་མཚན་ཉིད་ཕ་རོལ་དུ་ཕྱིན་པའི་ལུགས་བས་ཁྱད་པར་དུ་འཕགས་པ། ཞིང་ཐམས་ཅད་ཀྱང་ལྷ་དང་ལྷ་མོ། དངོས་པོ་ཡང་ཡེ་ཤེས་ཀྱི་བདུད་རྩི་གཤིས་ཀྱིས་ཡིན་པས། བསམ་པ་འདི་ཁྱད་པར་དུ་འཕགས་པ་ཡིན། བསམ་པ་རབ་འབྲིང་རྣམ་པ་གསུམ་འཕགས་པའི་ཞིང་དང་སེམས་ཅན་གྱི་ཞིང་དང༌། བསམ་པ་དང་དངོས་པོ་ཡང་མ་རྟོགས་པ་ཨ་འཐས་པ་ཐ་མ་ཡིན། ཞིང་བསམ་པ་དངོས་པོ་གསུམ་གསང་སྔགས་ཀྱི་ལུགས་སུ་བྱེད་པ་འབྲིང༌། ཞིང་བསམ་པ་དངོས་པོ་གསུམ་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་དུ་ཞེ་ཐག་པ་ནས་རྟོགས་པར་གྱུར་ན་བསམ་པ་རབ་དེ་ཡིན། དེ་ལ་སྟོང་ཉིད་རྒྱུ་འབྲས་སམ་ནམ་མཁའ་ལྟ་བུའི་རྒྱུ་འབྲས་སུ་མཆི་བ་ཡིན། དངོས་པོ་རྣམ་པར་དག་པ་ནི་གཏོང་བའི་དངོས་པོ་བཞི་ཡིན་ཏེ། ཨཾ་གཏོང་དང་ཡོངས་སུ་གཏོང་དང་གཏོང་བ་ཆེ། །ཚད་མེད་གཏོང་བ་དམ་ཆོས་རིན་ཆེན་སོགས། །ཚད་མེད་སྦྱིན་པའི་ཕ་རོལ་ཕྱིན་པ་འདི། །སངས་རྒྱས་རྣམས་ཀྱི་དགོངས་པ་རྫོགས་པར་ཤོག གསུང་ན་གཏོང་བའི་དངོས་པོ་བཞི་ལྟར་ཉམས་སུ་ལེན་པ་ཡིན། དེ་ལྟར་བསོད་ནམས་ཀྱི་ཚོགས་ནི་ཐབས་མཁས་པ། ཤེས་རབ་ཟབ་མོ་གང་ཡིན་བགྱིས་པར་གྱུར་ན་སྟོང་པ་ཉིད་ལ་འདོད་པ་ཡང་ཡོད། དེ་ཡང་ཨ་ཅང་ཆེས་ཏེ་དེས་ཀྱང་མི་ཆོག ཐབས་མཁས་པ་དེ་སྒྲུབ་པའི་བྱེ་བྲག་ཐམས་ཅད་ཤ་མོང་གི་སུལ་བཞིན་མ་འདྲེས་པར་ཤེས་པ་ཞིག་དགོས། དེ་ལ་མཁས་པའི་རྩོད་པས་གཞན་ཕམ་པར་བྱེད་པའི་བླ་མའི་གསུང་སྒྲོས་གྱུར་བུ་ལུགས་སུ་ཟིན་པ་ལ་སོགས་པ་ཤེས་རབ་ཡིན་སྙམ་ན་དེས་མི་ཕན། ཤེས་རབ་གང་ལ་ཟེར་སྙམ་ན་རང་ཉིད་དང་འགྲོ་བ་གཞན་གྱི་སེམས་མི་གནས་པ་གནས་པའི་ཐབས་ལ་མཁས་པ་དང༌། གནས་པ་བརྟན་པ། བརྟན་པ་བོགས་འདོན་པ་དང༌། བདུད་མི་འཇུག་པ་དང༌། ཞུགས་ནས་བཟློག་པའི་ཐབས་ལ་མཁས་པ་ལ་ཤེས་རབ་ཟེར་ཏེ། སློབ་དཔོན་འཕགས་པས་སློབ་དཔོན་ཀླུའི་བྱང་ཆུབ་སེམས་མི་གནས་པ་གནས་པར་བྱེད་པའི་ཐབས་ལ་མཁས་པ་སྐྱེ་བ་སྔ་མ་ཕན་ཆད་གང་གོམས་ནས་ཁྲིད་ཤེས་པ་དེ་ལ་ཤེས་རབ་ཟེར་ཏེ། སློབ་དཔོན་གྱིས་དེའི་མགོར་ཤིང་བསྒོམ་དུ་བཅུག་པར་བུ་ཚུར་ཤོག ངས་གཞུང་བཤད་རྒྱུད་བཤད་མན་ངག་བསྟན་པ་བྲམ་ཟེ་ཆེན་པོའི་ཟབ་པའི་དོན་བསྟན་བྱ་བ་ལ་སོགས་པ་གང་བསྟན་ཡང་སེམས་གནས་པ་ཙམ་ཡང་མི་ཐོབ། གཞན་ཡང་རི་ཞིག་ལ་རང་སངས་རྒྱས་དང་དྲང་སྲོང་དང་སྤྲེའུ་གནས་པའི་གཏམ་རྒྱུད་གསུང་ན། དེ་ལ་དྲང་སྲོང་དཔོན་པོ་དེས་ངས་བསྟན་པ་བཞིན་གྱིས་མི་ཟེར་བར་སྤྲེའུ་དེས་ནི་བདག་ཉིད་ཆེན་པོ་བརྟུལ་ཞུགས་གྲུབ་པ་འགའ་མཐོང་བ་སྲིད་པས་དེས་བསྟན་པའི་འཁྲུལ་འཁོར་དེ་གྱིས་གསུང་བ་དེ་ལ་ཤེས་རབ་ཟེར། སྤྲེའུ་དེས་འཁྲུལ་འཁོར་སྟོན་པ་དེ་ལ་ཤེས་རབ་ཟེར། གཞན་ཡང་བྲམ་ཟེའི་ཁྱེའུ་བྲན་བུ་དང༌། སྐྱོང་བ་གཉིས་ལ་ཤཱ་རིའི་བུས་གདམས་ངག་བསྟན་པ་དེ་ལ་ཤེས་རབ་ཟེར་ཏེ། ཤཱ་རིའི་བུ་ཤེས་རབ་ཆེ་བའི་རྒྱུ་མཚན་དེ་ཡིན། གཞན་ཡང་ཤཱ་རི་བུས་གླང་གི་འདམ་སྦག་བཞར་བ་དེས་འཕགས་པ་ལ་དགའ་བ་དང་ཆོས་ཚིག་གསུམ་བསྟན་པས་དེའི་བག་ཆགས་དེ་ལ་བརྟེན་ནས་དགྲ་བཅོམ་པ་ཐོབ་པ་དང༌། ཁྱོད་ང་ལ་དགའ་བར་གྱིས་གསུངས་པས་འཕགས་པ་ལ་དད་པའི་ཁྱིམ་བདག་གི་ཆུང་མའི་ལྟོ་བར་སྐྱེ་བར་ཤེས་པ་དེ་ལ་ཤེས་རབ་ཟེར། གཞན་ཡང་རྒྱུ་ཕྲ་བ་ཞིག་བསྒྲུབས་པས་འབྲས་བུ་ཕུན་སུམ་ཚོགས་པ་ཐོབ་པར་ཤེས་པ་དེ་ལ་ཤེས་རབ་ཟེར་བ་ལགས། དགེ་འདུན་གྱི་བླ་བྲེ་ཕྱག་དར་མགོ་གང་ཙམ་བྱས་པས་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་ཐོབ། རྒྱུ་དེ་སྒྲུབ་ཤེས་པ་ལ་ཤེས་རབ་ཟེར་ཏེ། ལམ་ཆུང་བས་ཟླ་བ་གསུམ་དུ་ཕྱག་བདར་བྱས་པ་དང་རྡུལ་སྤངས་དྲི་མ་སྤངས། སློབ་པ་དགྲ་བཅོམ་པ་མངོན་དུ་བྱས་པ་དེ་ལ་ཤེས་རབ་ཟེར། གཞན་ཡང་ཕྲ་བ་དང་རགས་པའི་རྒྱུ་འབྲས་སྒྲུབ་ཤེས་པ་ལ་ཤེས་རབ་ཟེར་ཏེ། རྒྱལ་པོ་ང་ལས་ནུ་འབྲུ་ཚོང་དུ་སྐྱེ་བ་བཞེས་པ་ན་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ལ་སྲན་རྡོག་ཕྱེད་དང་ལྔ་ཕུལ་བས་གླིང་བཞི་ལྷ་ཡུལ་དང་བཅས་པ་ཐོབ། མཐར་སངས་རྒྱས་པ་དེ་ལ་ཤེས་རབ་ཟེར་བ་ལགས། གཞན་ཡང་བསམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་པས་རྫོགས་པའི་སངས་རྒྱས་ཐོབ་པར་ཤེས་པ་ལ་ཤེས་རབ་ཟེར། འཇིག་རྟེན་འདིའི་ཆོས་བརྒྱད་འདོད་པའམ། ཕྱི་མ་ལ་ལྷ་མི་འདོད་པའམ། ཉན་ཐོས་དང་རང་སངས་རྒྱས་འདོད་པའི་བསམ་པ་གང་གིས་སྦྱིན་པ་བཏང་ཡང་བསམ་པ་དེ་འགྲུབ་སྟེ་ཤེས་རབ་མ་ལགས། ལར་དེ་ན་ཕར་འབྱམས་པ་ལ་དགོས་པ་མེད། ཕྱོགས་གཅིག་བསྟན་པས་ཕྱོགས་མ་ལུས་པ་གོ་དགོས་ཏེ་ཚར་བུ་དང་འདམ་བུའི་དཔེས་ཤེས་པར་མཛོད། དེ་ལྟར་ཐབས་མཁས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱད་པར་དུ་བྱས་ནས་བསོད་ནམས་ཀྱི་ཚོགས་གསོག་པར་བྱེད་པ་དང༌། ཤེས་རབ་ཟབ་མོ་རང་ཉིད་དང་གཞན་གྱི་སེམས་མི་གནས་པ་གནས་པར་བྱེད་པའི་ཐབས་ལ་མཁས་པ་ལ་སོགས་པ་ཡིན། དེ་དག་ཀྱང་ཕྱི་རོལ་ན་ཡོད་པ་མ་ལགས། ནང་དུ་རང་གི་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་དུ་གཅིག་པས་འདི་ལྟར་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས། སེམས་གདོད་མ་ནས་སྐྱེ་བ་མེད་པ་ནམ་མཁའི་དཀྱིལ་ལྟ་བུ་གསུང་བ་དེ་ལགས་པས་དེ་ལྟར་ཐུགས་ལ་འཇོག་པར་ཞུ་བ་དེ་ཆོས་ལགས།།

ཡང་བླ་མ་རིན་པོ་ཆེའི་ཞལ་སྔ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འདི་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་དཔག་ཏུ་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས། ཐ་མར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། བཀའ་ཆོས་ཀྱི་འཁོར་ལོ་གསུམ་བསྐོར་བ་ཡིན། དེ་ཡང་འུབས་ཀྱིས་བསྡུས་པར་གྱུར་ན་དཀར་པོའི་ཕྱོགས་ཀྱི་དགེ་བའི་རྩ་བ་རིམ་གྱིས་ཉམས་སུ་བླང་བའི་རིམ་པར་གསུངས་པ་ཡིན། དེ་ཐོག་མ་དང་བར་དང་ཐ་མ་གསུམ་དགེ་བ་ཡིན། དེ་ལྟར་ཡིན་པར་ཡང༌། ཐོག་མ་བར་དང་མཐར་དགེ་བ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུང་བ་གང༌། བགྱི་བ་གསུངས། བཅོམ་ལྡན་འདས་ཀྱིས་གསུངས་པའི་རྗེས་སུ་འབྲངས་ནས་ཉམས་སུ་བླངས་པར་གྱུར་ན། དུས་གསུམ་དུ་དགེ་བ་རང་གཞན་གྱི་བདེ་སྐྱིད་ཐམས་ཅད་འབྱུང༌། བཅོམ་ལྡན་འདས་ཀྱིས་ཆོས་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་དུས་གསུམ་གྱི་དགེ་བ་འདིར་འདུ་བ་ཡིན། དེ་ལས་གཞན་པ་སྤུའི་རྩེ་མོ་ཙམ་ཡང་མེད། འདི་གང་ཡིན་ན་བཅོམ་ལྡན་འདས་ཀྱིས། འདོད་ཆགས་འདོད་ཆགས་དང་བྲལ་བས་སེམས་རྣམ་པར་གྲོལ་བ་དང༌། ཤེས་རབ་རྣམ་པར་གྲོལ་བའི་ཆོས་བསྟན། ཞེ་སྡང་དང་གཏི་མུག་དང་བྲལ་བས་སེམས་དང་ཤེས་རབ་རྣམ་པར་གྲོལ་བའི་ཆོས་བསྟན་བགྱི་བ་གསུངས། དེ་གང་ཡིན་ན་ད་ལྟར་གྱི་རང་གི་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་དུ་ལྷུན་གྱིས་གྲུབ་པར་གནས་པ་འདི་རྟོགས་པའི་དུས་སུ་སེམས་དེ་འདོད་ཆགས་ཀྱིས་སྟོང་པའི་ཕྱིར་ན་འདོད་ཆགས་འདོད་ཆགས་དང་བྲལ་བ་དང༌། སེམས་འདོད་ཆགས་དང་བྲལ་བ་ཉིད་ཀྱིས་ཞེ་སྡང་འདོད་ཆགས་དང་བྲལ་ཏེ། སེམས་འདི་ཞེ་སྡང་གིས་སྟོང་པ། ཞེ་སྡང་འདོད་ཆགས་དང་བྲལ་བ་དང༌། དེ་བཞིན་དུ་སེམས་གཏི་མུག་གིས་སྟོང་པས་ན་གཏི་མུག་འདོད་ཆགས་དང་བྲལ་བ་ཡིན། དེ་ལྟར་སེམས་ལ་ཉོན་མོངས་པ་གསུམ་སྐྱེ་ཞིང་ཀུན་ནས་ལྡང་བ་མེད་པ་ཉོན་མོངས་པ་གསུམ་མེད་པའི་སེམས་འདི་ལ་གནས་པར་གྱུར་ན། ངན་སོང་གསུམ་ལ་སོགས་པ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་སྤངས་ཏེ། ཉོན་མོངས་པ་གསུམ་དང་བཅས་པའི་གང་ཟག་ཇི་སྙེད་ཅིག་ཡོད་པ་རྣམས་དབང་དུ་བསྡུས་ནས་དེ་དག་གི་ཉོན་མོངས་པ་གསུམ་གྱི་གཉེན་པོ་ཉོན་མོངས་གསུམ་མེད་པའི་ཏིང་ངེ་འཛིན་ལ་གནས་པར་བྱེད་པ་ཡིན། རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ཉོན་མོངས་པ་གསུམ་མེད་པའི་སེམས་འདི་ཐོག་མར་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་བླ་མ་དམ་པའི་ཞབས་དྲུང་དུ་སྡོད་དགོས། འདི་རྒྱུད་ལ་སྐྱེས་ནས་འདོད་པའི་ཡོན་ཏན་ལྔ་སྟག་གཟིག་གི་མདུན་དུ་རྩྭ་བཞག་པ་དང་འདྲ་བར་མི་འདོད་པ་ཞིག་གིས་གནས་རི་ཁྲོད་སྟོང་པའམ། ཡང་ན་རི་གསུམ་གྱི་རྩེའམ། ཡང་ན་ལུང་གསུམ་གྱི་མདོ་ཞིག་ཏུ་ཏིང་ངེ་འཛིན་དེ་ལ་མཉམ་པར་གཞག་པ་དང༌། སྐབས་སྐབས་སུ་བླ་མའི་མོས་གུས་ཏིང་ངེ་འཛིན་གང་སྐྱེ་བར་འདོད་པའི་གནས་སུ་སྒོམ་པ་དང་གཉིས་ཕྱོགས་གཅིག་ཏུ་བསྟུན་པ་ཡིན། བླ་མ་དམ་པ་དང་མཇལ་བར་འདོད་ན་ཡང་དེ་ནས་འོང་བ་མ་ལགས། ཆོས་རྟ་འཆག་མའི་མན་ངག་གིས་བླ་མ་དམ་པ་དབང་དུ་བྱེད་པ་ཡིན། འདིའི་དུས་སུ་གནས་དབེན་པ་དགོས་པའི་རྒྱུ་མཚན་རྒྱལ་པོའི་བུ་ཆུང་ངུ་དང་འདྲ་བས་ན་རྒྱལ་བུ་གཞོན་ནུའི་སྤྱོད་པ་ཡིན། གནས་དབེན་པར་མ་བསྡད་ན་ད་རུང་ཏིང་ངེ་འཛིན་དེས་རྐྱེན་མི་ཐུབ་པས་དབང་པོ་ལྔ་ཡུལ་ལྔའི་རྗེས་སུ་འབྲང་ན་རྗེས་ཀྱི་ཤེས་པའི་དབང་དུ་འགྲོ་ཉེན་ཡོད། གནས་དབེན་པར་བསྡད་ན་དེ་ན་རྐྱེན་སྣ་ཚོགས་མེད་པས་ཏིང་ངེ་འཛིན་དེ་ལ་མཉམ་པར་ཞོག་པ་ཡིན། དེས་ན་དབང་པོ་ལྔ་ཡུལ་ལྔའི་རྗེས་སུ་མི་འབྲང་བར་ནང་དུ་ཏིང་ངེ་འཛིན་ལ་མཉམ་པར་འཇོག་དགོས། ངེད་སྒོམ་ཆེན་པ་ལྟ་བ་མཐོན་པོ་དང་སྤྱོད་པ་ཡངས་པ་ལ་མི་གནོད་སྙམ་ན་དེ་གར་སྲིད། དེ་ལྟ་བུ་དོན་དུ་གཉེར་བ་རྣམས་ཉོན་མོངས་པ་གསུམ་སྤྱོད་འདོད་པ་ལགས་མོད། ད་རེས་ཁྱེད་སྒོམ་ཆེན་པ་མང་པོ་རྔ་བརྡུང་བ་ལ་བལྟར་འགྲོ་འདུག་ཟེར། སོང་ནས་ལ་ལས་ནི་རྟ་རྒྱུགས། ལ་ལས་ནི་བྲོ་བརྡུང་བར་འདུག་ཟེར་ཏེ་དེ་ལྟ་བུ་བྱེད་དུ་གར་བཏུབ། དེ་བླ་མའི་ཞབས་འདྲེན་ལགས་མོད། ཞབས་འདྲེན་ཟེར་ནས་ཞབས་ལ་འཇུས་ནས་དྲུད་པ་ལ་ཟེར་བ་མིན་ཏེ། མི་བཅུ་བཅུ་ཙམ་གྱིས་ཕྱོགས་གཅིག་ཏུ་བཀུར་བ་ཞིག་གི་ཞབས་ལ་འཇུས་ནས་ཐེན་གར་ཐུབ། རྟག་ཏུ་ཞབས་འདྲེན་བྱེད་པ་ཁྱེད་ཚོ་གཅིག་འདུག་སྟེ་དེ་ལ་དགའ་བར་མ་བྱུང༌། སྤྱིར་ཡང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་གི་བྱ་རྒྱུ་དེ་གང་ཡིན། སྒོས་སུ་ངེད་བསམ་གཏན་པ་ཡིན་པས་ཀྱང་དེ་འདྲ་བྱེད་པ་དཔེ་ཡོད་དམ། ངེད་བླ་མ་དམ་པའི་ཞབས་དྲུང་དུ་ཡོན་ཏན་རིན་པོ་ཆེ་དོན་དུ་གཉེར་བ་ལ་ཚོགས་པ་མིན་ནམ། ལྟད་མོ་སྣ་ཚོགས་དོན་དུ་གཉེར་ན་རི་སྟོང་འདི་འདྲ་བར་བསྡད་པས་ཅང་མི་མཐོང༌། རྩང་འགུར་མོའམ་རབ་ཝ་རོ་ལྟ་བུ་ཞིག་ཏུ་བསྡད་ནས། ཡང་ན་ནི་སྨད་ཚོང་མའི་གཡོག་བྱེད། ཡང་ན་ནི་ཆང་ཚོང་མའི་གཡོག་བྱེད་དགོས་པ་ཡིན། དེར་ལྟད་མོ་ཡང་མཐོང༌། སྐྱུར་པོ་འདྲ་བ་ཡང་ཐོབ། མི་ཚེ་གཅིག་ཀྱང་དེར་ཕྱིད་ནས་འོང་བའི་ཚུལ་ལུགས་ཡིན། ངེད་སྒོམ་ཆེན་པའི་བྱ་བ་དེ་ལྟ་བུ་མ་ཡིན། དབང་པོ་ལྔ་འདོད་པའི་ཡོན་ཏན་ལྔའི་རྗེས་སུ་འབྲངས་པའི་དུས་སུ་སྔར་ཞི་གནས་སམ་ལྷག་མཐོང་གི་ཏིང་ངེ་འཛིན་ཙག་ཙིག་ཡོད་པ་དེ་ཡང་ཉི་མའི་དཀྱིལ་འཁོར་སྤྲིན་གྱིས་བསྒྲིབས་པ་དང་འདྲ་བར་གྱུར། ཆགས་སྡང་རྨོངས་གསུམ་གྱི་མཐུ་རྒྱས་པ་ལ་དགོས་པ་ཅི་ཡོད། གནས་དབེན་པ་རི་ཁྲོད་སྟོང་པར་འདོད་པའི་ཡོན་ཏན་ལྔའམ་འཇིག་རྟེན་འདིའི་སྤྲོས་པ་བཅད་ནས་ཉོན་མོངས་པ་གསུམ་མེད་པའི་ཏིང་ངེ་འཛིན་འདི་ལ་མཉམ་པར་ཞོག་དང༌། དེའི་དུས་སུ་ཕྱི་ནང་མཁའ་འགྲོས་བྱིན་གྱིས་རློབ་པ་དང༌། ཏིང་ངེ་འཛིན་དེ་ཉིད་ལ་མཉམ་པར་བཞག་པའི་མཐུས་ཏིང་ངེ་འཛིན་གྱི་སྟོབས་ཆེན་པོ་ཐོབ་ནས་དེ་ཉིད་བོགས་ཐོན་ནས་འོང༌། བོགས་གང་ཡིན་ན་སྔར་སྐྱེ་བའི་རྟོག་པ་དང་རྣམ་པར་རྟོག་པ་དང་དམིགས་པ་དང་རྣམ་པར་དམིགས་པ་ལ་སོགས་པ་ཐམས་ཅད་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོར་ཕྲུགས་ཀྱིས་རྟོགས། དབང་པོ་ལྔའི་ཡུལ་ལྔ་ཡང་ཏིང་ངེ་འཛིན་འབའ་ཞིག་ཏུ་འོང་སྟེ། འདིའི་དུས་སུ་མཉམ་གཞག་ཆེན་པོའི་སྤྱོད་པ་ཡིན། དེ་ཡང་གཟུགས་ཀྱིས་གཟུགས་མ་སྐྱེས་པ་སྟོང་པ་ཉིད་ངོ་སྤྲོད་པར་བྱེད་དེ། རྣལ་འབྱོར་པ་དེའི་གཟུགས་དེ་བླ་མར་འོང་བ་ཡིན། དེ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་སོགས་པ་ཐམས་ཅད་ཀྱིས་དེ་དག་མ་སྐྱེས་པ་སྟོང་པ་ཉིད་དུ་ངོ་སྤྲོད་པར་བྱེད་པས་ན། གཟུགས་སྣ་ཚོགས་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྣ་ཚོགས་པ་ཉིད་དོ་ལ་སོགས་པའི་དོན་ཏིང་ངེ་འཛིན་ཡིན། ཏིང་ངེ་འཛིན་འདི་ཡོད་པར་གྱུར་ན་སུ་ཐོད་ཐོད་ཀྱིས་ཅི་ཐོད་ཐོད་འབུལ་བ་དང་མི་སྙིང་ཁུལ་སྣུམ་སྙིང་སྡུད་པ་དང༌། ལྷ་དང་བཅས་པའི་འཇིག་རྟེན་དབང་དུ་སྡུད་པ་ཡིན། དཔལ་ལྡན་ཕག་མོ་གྲུ་པའི་ཞལ་ནས་ཀྱང༌། སྙིང་ནས་རྩ་བ་ཆོད་གྱུར་ཅིང༌། །སྒོམ་རོ་གཅིག་གི་ངང་ལ་འབྱམས་གྱུར་ན། །དཔལ་གྱི་རི་ལ་དར་ཆེན་ཕྱར། །དགོས་དགུ་མི་འདོད་བཞིན་དུ་འབྱུང༌། །དེ་དབང་མེད་ཀྱི་རྒྱུ་འབྲས་མ་ལགས་སམ། གསུངས། །འདིའི་དུས་སུ་འགྲོ་བ་གཞན་ལ་ཆོས་སྟོན་པ་དང་གཞན་གྱི་སློབ་དཔོན་བྱེད་གཟོད་རན་པ་ཡིན། འདི་མེད་པར་གྱུར་ན་སེམས་ཅན་གྱི་དོན་བྱེད་མ་རན་པ་ཡིན་ཏེ། སྐྱེ་མ་རན་པར་སྐྱེས་པ་དང་འདྲ། སྐྱེ་མ་རན་པར་སྐྱེས་པ་དེ། ཡང་ན་ནི་རྐང་ལག་མ་ཚང་བ་ཞིག ཡང་ན་ནི་རྣ་བ་འབྱར་བ་ཞིག་འོང་བ་ཡིན། དེ་བཞིན་དུ་སེམས་ཅན་གྱི་དོན་བྱེད་མ་རན་པར་སློབ་མ་བསྐྱངས་པས་ཚེ་གཅིག་བསྐྱངས་ཀྱང་སློབ་མའི་རྒྱུད་བྱིན་གྱིས་རློབ་པར་མི་ནུས་པས་སློབ་མ་མི་ཐོན། ཕྱིས་ཀྱི་དུས་སུ་སློབ་མ་དེ་བླ་མ་བྱིན་རླབས་ཅན་ཞིག་དང་འཕྲད་ནས་དེས་ཡོན་ཏན་བསྐྱེད་པའི་དུས་སུ། ངའི་སློབ་དཔོན་འདི་ལྟ་ཞེས་ཟེར་ནས་མཚང་ཕུག་ནས་ཕྱིར་བརྟོལ་བ་ཡིན། ཚན་གཅིག་སློབ་མ་ཞིག་བྱུང་ན་དེ་ལ་ཆོས་བསྟན་སྒོམ་བཏབ་པས་ཆོག་སྙམ་ནས་སློབ་དཔོན་བྱེད་པ་ལ་རིངས་ཏེ། དེས་མི་ཆོག ཉོན་མོངས་པ་གསུམ་མེད་པའི་སེམས་འདི་རྟོགས་པའི་རྟིང་དུ་ཉོན་མོངས་པ་དང་རྣམ་པར་རྟོག་པ་དང་སྣང་བ་དཀར་དམར་སྣ་ཚོགས་སུ་སྣང་བ་ཐམས་ཅད་སྐྱེ་བ་མེད་པ་ཕྱག་རྒྱ་ཆེན་པོར་རྟོགས་པ་མཉམ་གཞག་ཆེན་པོའི་སྤྱོད་པ་ལ་གནས་པ་ཞིག་དགོས་པས། གནས་དབེན་པར་རྗེ་གོང་མ་གཉིས་ལྟར་ཉམས་སུ་བླངས་པས་མཉམ་གཞག་ཆེན་པོའི་སྤྱོད་པ་ལ་གནས་པའི་དུས་སུ་གཟོད་སེམས་ཅན་གྱི་དོན་བྱེད་རན་པ་ཡིན་པས་དེ་ལྟར་ཐུགས་ལ་འཇོག་པར་ཞུ།།

ཡང་བླ་མ་རིན་པོ་ཆེའི་ཞལ་སྔ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཆོས་ཐམས་ཅད་འུབས་ཀྱི་བསྡུས་པར་གྱུར་ན་ཐེག་པ་ཆེན་པོ་གསང་སྔགས་དང་མཚན་ཉིད་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་འདུ་བ་ཡིན། དེ་དག་གི་ཚད་ཀྱང་སོ་སོར་འབྱུང་བ་ལ་སོགས་པར། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་བདུན་ཡིན་ཏེ། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་དྲུག་ཏུ་གྲགས། །ཐེག་ཆེན་ལས་གཞན་མདོ་སྡེ་རྣམས། །དུང་ཕྱུར་ཕྲག་བརྒྱད་གསུངས་པ་ཡིན། །དེ་བཞིན་ཕ་རོལ་ཕྱིན་པའི་ཚུལ། །ས་ཡ་དང་ནི་དུང་ཕྱུར་ལྔ། །འདི་དག་ཐམས་ཅད་ཐུབ་དབང་པོ། །སྐུ་གསུམ་བདག་ཉིད་ཅན་གྱིས་གསུངས། །འདུལ་བའི་གནས་ལ་སོགས་པ་རྣམས། །ཉན་ཐོས་བདག་ཉིད་ལ་བསྟན་པའོ། །སྣ་ཚོགས་མདོ་སྡེའི་རྣམ་བཤད་ནི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན། །གསུངས་ན་དེ་རྣམས་ལ་བརྗོད་བྱའི་དོན་ཐ་དད་པ་མང་པོ་ཞིག་ཡོད་པ་མ་ལགས། བརྗོད་བྱའི་དོན་ཁམས་གསུམ་གྱི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་རྒྱུ་འདུ་བྱེད་ལས་འབྱུང་བ་དང༌། དེ་སྤོང་བར་བྱེད་པའི་ཐབས་གཉིས་སུ་མཆི་བ་ཡིན། དེ་ལྟར་ཡིན་པ་ཡང༌། འཁོར་བའི་རྩ་བ་འདུ་བྱེད་དེ། །དེ་ཕྱིར་མཁས་པས་འདུ་མི་བྱེད། བགྱི་བ་འཁོར་བ་འདུ་བྱེད་ལས་བྱུང་བ་ཡིན། འདི་སྤོང་བར་བྱེད་པ་ལ་རྟོགས་པས་སྤོང་བར་བྱེད་པ་དང༌། བཙན་ཐོད་དུ་སྤོང་བ་གཉིས་ཡིན། བཙན་ཐོད་དུ་སྤོང་བ་ནི་ཉོན་མོངས་པ་འདོད་ཆགས་མ་སྐྱེས་པ་མི་སྐྱེད་པའི་བརྟུལ་ཞུགས་འཛིན་པ་དང༌། སྐྱེས་པ་གཉེན་པོ་སྐད་ཅིག་གིས་སྤོང་བའི་བརྟུལ་ཞུགས་འཛིན་པ་དང༌། དེ་བཞིན་དུ་ཞེ་སྡང་དང་གཏི་མུག་ཀྱང་ཚུལ་དེ་ལྟར་དུ་སྤོང་བར་བྱེད་ཅིང་སྙིང་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའི་བློ་ཅན། ཉོན་མོངས་པ་གསུམ་མམ་ལྔ་ལ་གདུག་པའི་དུག་བཞིན་དུ་མཐོང་བ། དེ་ཡང་འཁོར་བ་འདི་ཉོན་མོངས་པ་འདོད་ཆགས་ཀྱིས་བསྐྱེད་པ་དང་ཞེ་སྡང་གིས་རྣམ་པར་མནར་བ་དེ་གཉིས་ཀ་གཏི་མུག་གིས་རབ་ཏུ་ཕྱེ་བས་འཁོར་བ་གཏིང་མཐའ་མེད་པ་འདིར་འཁྱམས་པར་གོ་བ། འཇིག་རྟེན་འདིའི་ཆོས་བརྒྱད་དམ་འདོད་པའི་ཡོན་ཏན་ལྔ་བསྟེན་པར་གཉེན་པོ་མི་རྟག་པས། དཔེར་ན་སྟག་གཟིག་གི་མདུན་དུ་རྩྭ་བཞག་པ་དང་འདྲ་བར་མི་འདོད་པས་རྨི་ལམ་དུ་ཡང་མི་འདོད་ན། བསྟེན་པར་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་རྟེན་གྱི་གང་ཟག་ཅིག་གིས་ནང་དུ་ཏིང་ངེ་འཛིན་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་མཉམ་པར་འཇོག་པ་ཡིན། དེ་ཡང་དོན་དམ་པ་བྱང་ཆུབ་ཀྱི་སེམས་ནི་ཆོ་གའི་རྗེས་སུ་འབྲང་ནས་བསྐྱེད། བླ་མས་སྒོམ་བཏབ་པ་དེ་ཨ་འཐས་སུ་བསྒོམ་པ་ཡིན། དོན་དམ་པ་དེ་རྟོགས་པ་ནི་མ་ལགས། ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཀྱང་ཨ་འཐས་སུ་བསྒོམ་སྟེ། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་ཨ་འཐས་སུ་མཉམ་པར་འཇོག་པའི་དུས་དེ་ཡིན། དེ་ལྟར་ནང་དུ་ཏིང་ངེ་འཛིན་དེ་ཉིད་ལ་མཉམ་པར་བཞག་པས་བསམ་པ་ལ་གཏན་པ་བཅུག དབང་པོ་ལྔ་ཡུལ་ལྔའི་རྗེས་སུ་མ་འབྲངས་པར་ཆུ་ལོན་དང་འདྲ་བར་སྡོམ་པར་བྱེད་པ་ཡིན། དེ་ཡང་དཔེ་ཇི་ལྟ་བུ་ཡིན་སྙམ་ན་བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པ་ལྟ་བུ་ཡིན་ཏེ། ཉོན་མོངས་པ་གསུམ་གྱི་བསམ་པ་སྐད་ཅིག་ཀྱང་མི་སྐྱེ་བར་སྨོན་ལམ་བཏབ། གཉེན་པོ་སྟོབས་ཆེན་པོ་དང་ལྡན་པའི་བརྟུལ་ཞུགས་བཟུང་བ་ཡིན། བརྟུལ་ཞུགས་ཆེན་པོ་དང་ལྡན་པའི་གང་ཟག་ལ་དེ་མི་བཏུབ་བྱ་བ་མེད། ཉོན་མོངས་པ་གསུམ་གྱིས་གཡོས་འབའ་ཞིག་བྱེད་པའི་གང་ཟག་ལ་དེ་ལྟ་བུ་མི་བཏུབ་སྙམ་པ་དེ་ཉོན་མོངས་པའི་ཁ་འཛིན་པ་ཡིན། བཅོམ་ལྡན་འདས་མི་འཁྲུགས་པ་སེམས་དང་པོ་བསྐྱེད་པ་ཉོན་མོངས་པ་མཐའ་དག་གི་འཆིང་བ་ལས་མ་གྲོལ་བ་ཡིན་པ་ལ་བཏུབ་པར་བྱུང་བ་ཡིན། འདོད་པའི་ཡོན་ཏན་ལྔ་སྤངས་ནས་བརྩོན་འགྲུས་ཀྱི་སྟོབས་ཆེན་པོས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་མཉམ་པར་འཇོག་པ་དང༌། བླ་མའི་མོས་གུས་གཉིས་ཕྱོགས་གཅིག་ཏུ་བསྟུན་པས་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་རྟོགས་ནས་འོང༌། ངོ་བོ་གང་ཡིན་ན། ངོ་བོ། གཟུགས་མེད་མཐོང་བ་པོ་ཡང་མེད། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣོམ་པ་པོ་ཡང་མེད། །རེག་མེད་རེག་པ་པོ་ཡང་མེད། །སེམས་མེད་སེམས་ལས་བྱུང་བ་མེད། གསུངས། །དེ་ལ་སེམས་ཀྱི་ངོ་བོ་རྟོགས་པའི་དུས་སུ་འཁོར་བ་སྤངས་པ་དང༌། མྱ་ངན་ལས་འདས་པའི་ལམ་མངོན་དུ་བྱས་པ་ཡིན། དེ་ལྟར་སེམས་ཀྱི་ངོ་བོ་རྟོགས་ན་ཡང་ད་རུང་འདུ་བྱེད་མ་རྟོགས་ཏེ། ཉོན་མོངས་པ་དང་རྣམ་པར་རྟོག་པ་སྣ་ཚོགས་ཨ་འཐས་སུ་སྐྱེ་བ་དེ་རྗེས་ཀྱི་ཤེས་པ་ཡིན། སེམས་ཀྱི་ངོ་བོ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་དེ་སྤྲོས་བྲལ་ཡིན། སྤྲོས་བྲལ་གྱི་རྗེས་ཀྱི་ཤེས་པ་ནི་ཨ་འཐས་སུ་སྐྱེ་བ་ཡིན། རྗེ་སྒམ་པོ་པའི་གསུང་སྒྲོས་སྤྲོས་བྲལ་ཐ་མའི་དུས་སུ་རྗེས་ཤེས་ཨ་འཐས་སུ་སྐྱེ། འབྲིང་པོའི་དུས་སུ་སྒྱུ་མ་ལྟ་བུར་སྐྱེ། སྤྲོས་བྲལ་ཆེན་པོའི་དུས་སུ་རྗེས་ཤེས་སྐྱེ་མེད་དུ་རྟོགས་བྱ་བ་གསུང་སྒྲོས་ཡིན་པར་གདའ་ཡང༌། མིང་ག་ཙུག་བཏགས་ཀྱང་སྤྲོས་བྲལ་གྱི་རྗེས་ཤེས་ཨ་འཐས་སུ་བཞེད་པ་ཡིན། སྤྲོས་བྲལ་གྱི་ཏིང་ངེ་འཛིན་དེ་ཉིད་ལ་མཉམ་པར་བཞག་པ་དང་བླ་མའི་མོས་གུས་ཀྱིས་དེ་ཉིད་བོགས་ཐོན་ནས་ཉོན་མོངས་པ་དང་རྣམ་པར་རྟོག་པ་དེ་ཉིད་ཕྱག་རྒྱ་ཆེན་པོར་རྟོགས་ནས། འདིའི་དུས་སུ་སྤང་བྱ་དང་གཉེན་པོ་འདི་ཡིན་གྱི་བྱེ་བྲག་མེད་པར་ཐམས་ཅད་སྐྱེ་བ་མེད་པ་ཕྱག་རྒྱ་ཆེན་པོ་འབའ་ཞིག་དུ་རྟོགས་ནས་འོང༌། དེ་ཡང་འདོད་ཆགས་སྐྱེ་བ་མེད་པར་རྟོགས་པས་འདོད་ཆགས་ཆོས་ཀྱི་སྒོར་འོང༌། དེ་བཞིན་དུ་ཞེ་སྡང་དང་གཏི་མུག་ལ་སོགས་པའི་རྟོག་པ་ཐམས་ཅད་སྐྱེ་བ་མེད་པ་ཕྱག་རྒྱ་ཆེན་པོར་རྟོགས་པས་ཐམས་ཅད་ཆོས་ཀྱི་སྒོར་སོང་བ་དང༌། རྣལ་འབྱོར་པ་དང་རྟེན་འབྲེལ་ལ་དབང་ཐོབ་པས་རྡེའུ་ཤིང་བུ་རེ་རེ་ཙམ་བསྒྱུར་བས་ཀྱང་ནད་པའི་ནད་གསོ་བ་དང༌། སྨྱོན་པས་དྲན་པ་རྙེད་པ་ལ་སོགས་པའི་ཐབས་ལ་མཁས། རང་གཞན་གྱི་སེམས་མི་གནས་པ་གནས་པར་བྱེད་པའི་ཐབས་ལ་མཁས། རྟེན་འབྲེལ་འདི་གང་ཡིན་སྙམ་ན་རྒྱུ་འབྲས་ཀྱི་རྟེན་འབྲེལ་ཡིན། པགས་སྤུ་གྲོ་སེར་དང་མདའ་བྱ་རྒོད་མའམ་ཀུས་འདེབས་པ་ལ་སོགས་པའི་རྟེན་འབྲེལ་མ་ལགས། དེ་ལྟ་བུའི་རྟེན་འབྲེལ་རང་གཞན་གྱི་མགོ་སྐོར་བར་བྱེད་པ་ཡང་ངེད་སྒོམ་ཆེན་པ་ལ་ཡོད་དེ། ཤེས་རབ་ནི་ཆུང་རྣམ་པར་སྨིན་པ་ལ་ནི་མི་འཛོམ་པར་ཀུས་འདེབས་པ་ལ་སོགས་པའི་རྟེན་འབྲེལ་ལམ་རྨི་ལམ་མམ་བག་ཙམ་ལ་མང་པོ་འཐུད་ནས་མངོན་ཤེས་སུ་འཆད་པ་ལ་སོགས་པ་ཡོད། དེ་ལྟ་བུའི་སྒོ་ནས་ཟན་གཅིག་ཙམ་མམ་ཀ་ཅ་བག་ཙམ་ཞིག་རྙེད་པ་ལ་དགོས་པ་ཅི་ཡོད། དེ་བས་ཚུལ་ཁྲིམས་རིན་པོ་ཆེ་དགའ་བ་ཡིན། ཚུལ་ཁྲིམས་མེད་པའི་མངོན་ཤེས་དང་རྟེན་འབྲེལ་ལ་དགོས་པ་ཅི་ཡོད། འཇིག་རྟེན་མགོན་པོ་ནི་གྲུབ་ཐོབ་བརྒྱ་བས་བསྙེན་གནས་གཙང་མ་ཞིག་སྲུང་བ་ལ་རྩིས་ཆེ་བ་ཡིན། པགས་བུ་གྲོ་སོ་སོར་ཀུས་འདེབས་པ་ལ་སོགས་པའི་རྟེན་འབྲེལ་མདོ་རྒྱུད་ནས་བཤད་པ་མི་འདུག གློ་བུར་དུ་དེ་འདྲ་གར་འོང༌། དེ་ཡོད་ན་མདོ་རྒྱུད་དུ་འོང་དགོས་པ་ཡིན། གཞན་མགོ་སྐོར་བའི་རྟེན་འབྲེལ་དེ་ལྟ་བུ་མི་བྱ། རོ་གཅིག་རྟོགས་པའི་དུས་སུ་རྒྱུ་འབྲས་ལ་དབང་ཐོབ་པའི་རྟེན་འབྲེལ་དེ་ནི་རྒྱུ་འབྲས་ཡིན། དེས་ན་དེ་བཞིན་གཤེགས་པས་ཆོས་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་རྟེན་འབྲེལ་ཡིན། དེ་ལྟར་ཡང༌། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །ཞེས་པ་ལ་སོགས་པ་དང༌། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པ། །ལ་སོགས་པ་དང༌། རྟེན་འབྲེལ་མཐོང་བས་དཀོན་མཆོག་གསུམ་མཐོང་བར་གསུངས་པ་ལ་སོགས་པ་གསུངས། རྟེན་འབྲེལ་གཅིག་ཏུ་བསྟན་པས་རྟག་ཆད་འཇོམས་པ་ཡིན་ཏེ་མི་རྟག་པ་རྟེན་འབྲེལ་ཡིན། རྟག་ཆད་རྟེན་འབྲེལ་དུ་མི་བཏུབ་པ་ཡིན། རྟེན་འབྲེལ་གཉིས་སུ་བསྟན་པ་རྒྱུ་དང་འབྲས་བུ་ཡིན། རྒྱུ་མི་དགེ་བ་ལས་སྡུག་བསྔལ་འབྱུང༌། དགེ་བ་ལས་བདེ་བ་འབྱུང༌། དེ་ཕན་ཚུན་འགྱུར་དུ་མི་བཏུབ་སྟེ་དགེ་བ་མི་དགེ་བར་འགྱུར་དུ་མི་བཏུབ། མི་དགེ་བ་དགེ་བར་འགྱུར་དུ་མི་བཏུབ། འདི་གྲུབ་མཐའ་ཆེན་མོ་ཡིན། ཆོས་ཐམས་ཅད་འདིའི་སྟེང་ནས་གོ་དགོས། དེད་དཔོན་ཐབས་ལ་མཁས་པས་མི་ནག་མདུང་ཐུང་ཅན་བསད་པ་ལ་མི་མཐུན་པ་དུ་མ་ཡོད་ཀྱང་བྱང་ཆུབ་ཀྱི་སེམས་ཀྱིས་མི་སྟོང་པོ་སྲོག་ལས་སྐྱོབ་པར་འདོད་པ་དང༌། མི་ནག་ངན་སོང་ལས་སྐྱོབ་པར་འདོད་པའི་བསམ་པ་དང༌། གསད་སྙམ་པའི་བསམ་པ་དེ་ལ་འབྲེལ་པ་འདུག་གམ་མི་འདུག་བལྟ། དེ་ཡང་ཕྱི་ཡུལ་ལ་ཕྱིར་བལྟས་པས་ཡི་གེའི་ནང་ནས་གར་རྙེད། ནང་དུ་ལས་ཀྱིས་ལོག་ནས་བལྟས་པའི་དུས་སུ་དེ་གཉིས་ལ་འབྲེལ་པ་མེད། གསོད་པ་བྱང་ཆུབ་ཀྱི་སེམས་ཀྱི་ལས་མིན། འབྲས་བུ་སོ་སོར་འབྱུང་བ་ཡིན། སོམ་མེ་བ་ཞིག་ཏུ་བཟུང་བས་རྩིངས་པ་ཡིན། བྱང་ཆུབ་ཀྱི་སེམས་ཀྱིས་ཉོན་མོངས་པ་དགེ་བར་སྒྱུར་བར་འདོད་པ་ཡོད་དེ་བྱང་ཆུབ་ཀྱི་སེམས་ནི་ཉོན་མོངས་པ་འཇོམས་པའི་གཉེན་པོ་ཡིན། ཉོན་མོངས་པ་དགེ་བར་བསྒྱུར་དུ་གར་བཏུབ། ཉོན་མོངས་པ་ནི་ཐོག་མ་དང་བར་དང་ཐ་མ་གསུམ་དུ་མི་དགེ་བ་ཡིན། དེ་བཞིན་གཤེགས་པའི་ཞབས་ལ་སེང་ལྡེང་ཟུག་པ་དང༌། ཀུན་ཏུ་རྒྱུ་རྩ་མིས་སྐུར་པ་བཏབ་པ་དང༌། རྟ་ཆག་གསོལ་བ་དང༌། གྲོང་ས་ལ་ཅན་ནས་ལྷུང་བཟེད་ཇི་ལྟར་བཀྲུས་པ་བཞིན་དུ་བསོད་སྙོམས་མ་རྙེད་ནས་ཕྱིར་ལོག་པ་ལ་སོགས་པ་ཡང༌། སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་རྒྱུ་སོང་བའི་འབྲས་བུ་ཡིན། དེ་བཞིན་གཤེགས་པ་ལ་སྡུག་བསྔལ་མངའ་མི་མངའ་འདོད་པ་དུ་མ་ཡོད་ཀྱང་སྡུག་བསྔལ་ནི་མི་མངའ་བར་བཞེད་པ་ཡིན། རྟེན་འབྲེལ་གསུམ་དུ་བསྟན་པ་སེམས་ནི་བསམ་པའི་འདུ་བྱེད་ཡིན། འདུ་བྱེད་དེས་ལས་བསགས་པ་ལས་ཡིན། ལས་ཀྱི་རྣམ་པར་སྨིན་པ་བསམ་པ་དེའི་རང་གཟུགས་སུ་གྲུབ་པ་ཡིན། བཅུ་གཉིས་སུ་བསྟན་པ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས་རྒ་ཤིའི་བར་དུ་འབྱུང་བ་ཡིན། བཅུ་གཉིས་པོ་ཡང་གསུམ་དུ་འདུས་ཏེ། ཡན་ལག་བཅུ་གཉིས་བྱེ་བྲག་གང༌། །ཐུབ་པས་རྟེན་འབྱུང་གསུངས་དེ་དག །ཉོན་མོངས་ལས་དང་སྡུག་བསྔལ་དང༌། །གསུམ་པོ་དག་ཏུ་ཟད་པར་འདུས། །བགྱི་བ་སེམས་དང་ལས་དང་འབྲས་བུ་གསུམ་དུ་འདུས་པ་ཡིན། དེ་ཐམས་ཅད་ཀྱང་རྐྱེན་ཇི་ལྟ་བ་བཞིན་དུ་འབྱུང་བ་ཡིན། འདི་ལ་རྟེན་འབྲེལ་མི་འཕོ་བ་ཟེར། འཇིག་རྟེན་འདི་ནས་ཕ་རོལ་ཏུ་འཕོ་བ་ཡང་ད་ལྟར་གྱི་མི་ངའམ་བདག་བགྱི་བ་ལུས་ངག་ཡིད་གསུམ་འཕོ་བ་མ་ལགས། རྐྱེན་ཇི་ལྟ་བ་བཞིན་འབྱུང་བ་ཡིན། འདི་ལ་རྟེན་འབྲེལ་རྐྱེན་ཉིད་འདི་པ་ཟེར། །དེ་ཡང་རྒྱུ་འབྲས་རྒྱུ་ཇི་ལྟར་སོང་བའི་འབྲས་བུ་དེ་ལས་མི་འགྱུར་བར་བསྟན་པ་ཡིན། འཇིག་རྟེན་མགོན་པོའི་རྩ་བའི་ཕྱག་རྒྱ་བཞི་ཡང༌། དགེ་མི་དགེའི་རྒྱུ་འབྲས་དགེ་བ་ལས་བདེ་བ་འབྱུང་བ་དང༌། མི་དགེ་བ་ལས་སྡུག་བསྔལ་འབྱུང་བ་དེ་ལས་མི་འགྱུར་བའི་རྒྱས་ཐེབ་པར་གདམས་པ་ཡིན། འདི་འཇིག་རྟེན་མགོན་པོའི་གྲུབ་མཐའ་ཡིན་པས་བདེ་རུང་མ་བདེ་རུང་གཟུང༌། མ་བདེ་ཡང་ང་ལ་ལྟ་མ་བདེ་སྟེ་བླ་མའི་གྲུབ་མཐའ་ཡིན་པས་འཛིན་དགོས་ལ་ཐུག་གྱིས་དང༌། གཉིས་པོ་དེ་ལྟར་བཟུང་བས་མ་གོ་བ་གོ་བ་དང༌། མ་རྟོགས་པ་རྟོགས་པ་དང༌། མ་ཐོབ་པ་ཐོབ་པ་དང་མངོན་སུམ་དུ་མ་བྱས་པ་དེའི་སྟེང་ནས་གོ་བ་ཡིན། དེ་ལྟར་རྒྱུ་འབྲས་དེ་ཡང་རྟེན་འབྲེལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་དེ་ཉིད་རྒྱུ་འབྲས་སུ་འབྱུང་བ་དང༌། རྒྱུ་འབྲས་དེ་ཉིད་ཀྱང་རྟེན་འབྲེལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་དང་དབྱེ་བ་མེད་པ་ལགས་པས། དེ་ལྟར་ཐུགས་ལ་ཞོག་པར་ཞུ་བ་དེ་ཆོས་ལགས།།

ཡང་བླ་མ་རིན་པོ་ཆེའི་ཞལ་སྔ་ནས། ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཉེས་དམིགས་བསམ་གྱིས་མི་ཁྱབ་པ་འདི་རྒྱུ་གང་ལས་བྱུང་གོ་བའི་དུས་སུ། དེ་སྤོང་བའི་ཐབས་ལ་མཁས་པ་ཡིན། དེ་ལ་འཁོར་བའི་རྒྱུ་ནི་ཉོན་མོངས་པ་འདོད་ཆགས་གཅིག་པུ་ལས་བྱུང་བ་ཡིན། འདོད་ཆགས་ལ་ཕྱི་ཡུལ་ལ་ཆགས་པའི་འདོད་ཆགས་དང༌། ནང་སེམས་ཅན་ལ་ཆགས་པའི་འདོད་ཆགས་གཉིས། ཡུལ་ལ་ཆགས་པ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ལ་སོགས་པ་ལ་ཆགས་པ་དང༌། ཆུང་བ་ཁབ་སྐུད་ཙམ་ཡོད་ན་ཡང་དེ་ལ་ཆགས་པ་ཡིན་ལ། དེ་གཉིས་བར་ན་གཞན་ཅི་རིགས་ལ་ཆགས་པ་རྣམས་འདུག་པ་ཡིན། དེ་ལྟར་ཕྱི་ཡུལ་ལ་ཆགས་པ་འདི་སྤོང་དགོས་ཏེ། སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་དེ་སྤངས་པ་ཡིན། དེ་ཡང་དཔེ་ཇི་ལྟ་བུ་ཡིན་སྙམ་ན་བཅོམ་ལྡན་འདས་འདི་ཟས་གཙང་གི་སྲས་སུ་སྐྱེ་བ་བཞེས། སྲིད་པ་མཐའ་མ་བའི་བྱང་ཆུབ་སེམས་དཔར་གྱུར་པའི་དུས་སུ། ཕྱི་ཡུལ་ལ་ཆགས་པ་དེ་སྤོང་དགོས་པར་གཟིགས་ནས་སྤངས་པ་ཡིན། ཕྱི་ཡུལ་ལ་ཆགས་པ་སྤོང་བ་ལ་ཡུལ་མ་སྤངས་པར་སྤོང་མི་ནུས་པས་ན་ཡུལ་དེ་སྤོང་དགོས། འཕགས་པ་འོད་སྲུང་ཉ་སྲོ་ཏ་སྐྱེས་སུ་བཞུགས་པའི་དུས་སུ་ནོར་གྱིས་རྣམ་ཐོས་ཀྱི་བུ་ལ་འགྲན་པ་ཡོད་པ་ཡང་སྤངས་ནས་རས་ཟུང་གཅིག་དང་འབྲས་བཙོས་པ་བྲེའུ་ཆུང་གང་བསྣམས་ནས་དེ་བཞིན་གཤེགས་པ་རྒྱལ་པོའི་ཁབ་བུ་མངས་ཀྱི་མཆོད་རྟེན་གྱི་དྲུང་ན་བཞུགས་པའི་སྤྱན་སྔར་ཕྱིན། སྟོན་པར་ཁས་བླངས་ཀྱིས་བསྙེན་པར་རྫོགས་ནས་འོད་སྲུང་དུ་གྱུར་པ་ཡིན། གཞན་ཡང་ཀ་ཅའི་དངོས་པོ་ཆོག་མི་ཤེས་པ་དང༌། མི་གཏོང་པར་གྱུར་ན་ནི་དེ་དབུལ་པོ་ཡིན་ཏེ། དབུལ་པོ་དེས་པས་ནོར་བུ་རིན་པོ་ཆེ་རྙེད་པ་མཉན་ཡོད་ན་གང་དབུལ་བ་ལ་སྦྱིན་ཟེར། སྤྲང་པོ་མུ་ལྟོ་བ་རྣམས་ཀྱིས་བླངས་ན། ཁྱོད་བས་ཀྱང་དབུལ་བ་རྒྱལ་པོ་གསལ་རྒྱལ་འདོད་པས་ཆོག་མི་ཤེས་པ་ཡིན་པས་དེ་ལ་སྦྱིན་ཟེར་བ་ལྟ་བུ་ཡིན། དེས་ན་ཀ་ཅའི་དངོས་པོ་ཡོད་པ་རྣམས་ཀྱང་གཏོང་བ་དང༌། འདོད་པས་ཆོག་ཤེས་པ་དང་མ་ཆགས་པར་བྱེད་དགོས། ཆགས་པ་སྤོང་བ་ལ་ཆགས་པའི་ཡུལ་དེ་སྤོང་དགོས་པ་ཡིན་ལ། ཆགས་པ་མེད་པའི་སེམས་དེ་ཕྱག་རྒྱ་ཆེན་པོ་ཡིན། དངོས་པོ་དེ་ཡང་སུ་ཐོད་ཐོད་ལ་གང་དགའ་དགར་གཏོང་བ་ནི་མ་ལགས་ཏེ། གྱ་ཚོམས་སུ་བཏང་བ་ལ་དགོས་པ་མེད། སྔགས་ཕྲན་གྱིས་མཐུ་ཆེན་ལ་རེའུ་རལ་བྱིན་པ་ལྟར་མི་བྱ། དེ་ལྟ་རྗེ་བཙུན་དང་འཕྲད་པས་ཡག་སྟེ་དེ་ལྟ་བུར་གཏོང་བ་མ་ལགས། བསམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱད་པར་དུ་བྱས་ནས་ཞིང་རྣམ་པར་དག་པའི་ཕྱོགས་སུ་གཏོང་བ་ཡིན། ཞིང་ལ་སྤྱིར་དཀོན་མཆོག་གསུམ་ཞིང་དག་སྟེ། །སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །དམ་པའི་ཆོས་ཀྱང་བསམ་མི་ཁྱབ། །འཕགས་པའི་དགེ་འདུན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ན། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །བགྱི་བ་གསུང་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་བསམ་གྱིས་མི་ཁྱབ། དེ་བཞིན་དུ་ཆོས་དང་དགེ་འདུན་བསམ་གྱིས་མི་ཁྱབ། དེའི་ཕྱོགས་སུ་བཏང་བས། ཞིང་དཀོན་མཆོག་གསུམ་དང་མཉམ་པ་ཐོབ་པ་ཡིན། བྱེ་བྲག་ཏུ་ཞིང་དག་པ་ནི་དཀོན་མཆོག་གསུམ་ལས་ཀྱང་ལྷག་པ་རང་ཉིད་ཀྱི་བླ་མ་དེ་ཞིང་དག་སྟེ། མཆོད་པ་ཐམས་ཅད་ཡོངས་སྤངས་ཏེ། །བླ་མའི་མཆོད་པ་བརྩམ་པར་བྱ། །དེ་མཉེས་པ་ལས་དངོས་གྲུབ་ནི། །ཡེ་ཤེས་དམ་པ་སྐྱེ་བར་འགྱུར། གསུངས། གཞན་ཡང༌། མཆོད་པ་ཀུན་གྱི་ཐོག་མར་ནི། བླ་མའི་མཆོད་པ་བརྩམ་པར་བྱ། །དེ་མཉེས་པ་ལས་དངོས་གྲུབ་ནི། །ཀུན་མཁྱེན་ཉིད་ཀྱང་ཐོབ་པར་འགྱུར། །གསུངས། གཞན་ཡང༌། དུས་གསུམ་སངས་རྒྱས་ཀུན་མཆོད་ལས། །བླ་མའི་བ་སྤུ་གཅིག་མཆོད་པ། །དེ་ཡི་བསོད་ནམས་ཁྱད་པར་འཕགས། །བགྱི་བ་གསུངས། དེས་ན་བླ་མ་ཞིང་དག་པ་ཡིན། ཞིང་དག་པ་དེའི་ཕྱོགས་སུ་གཏོང་དགོས་པ་ཡིན། ཀ་ཅའི་དངོས་པོ་དེ་ཡང་ངའི་བུ་ལ་དགོས། ཉེ་དུ་གཞན་ལའང་དགོས་སྙམ་ན། དེ་བས་རང་ཉིད་ཀྱི་དོན་གལ་ཆེ་བ་ཡིན། མཛུབ་མོ་ཆད་ན་མཛུབ་མོ་སྡུག །མཐེ་བོང་ཆད་ན་མཐེ་བོང་སྡུག་པ་ཡིན་ནོ། །དེ་རང་ཉིད་ལ་དགོས་སྙམ་ན། རང་ཚེ་མི་ཕྱེད་རྒྱུ་ཞིག་ག་ལ་ཡོད། ཟས་བསོད་སྙོམས། གོས་ཕྱག་དར་ཁྲོད། གནས་མལ་ཤིང་དྲུང་ཙམ་ལ་བསྟེན་པས་ཆོག་པ་ཡིན། བཅོམ་ལྡན་འདས་ཀྱིས་དེ་དག་གི་བསྔགས་པ་ཁོ་ན་གསུངས་ཏེ་གསུང་རབ་ཀྱི་ཆ་ཅིག་ནི་བསོད་སྙོམས་ཀྱི་བསྔགས་པར་འདུག སློབ་དཔོན་འཕགས་པས་དེ་ཚུར་བསྡུས་པ་ཡང༌། སློང་བའི་ཟས་ལ་རབ་ཏུ་ཞུགས་པ་ནི། །ང་རྒྱལ་སྤོང་ཞིང་བརྙས་པ་བཟོད་པར་འགྱུར། །ལུས་ནི་སྙོམ་པའི་དབང་དུ་འགྲོ་མི་འགྱུར། །མགྲོན་དུ་བོས་པ་ཉམ་ང་སྡུག་བསྔལ་མེད།། ཚིག་ཏུ་སྨྲ་བ་མེད་པར་སྐྱེ་བོ་དག །བདེ་བ་རྒྱ་ཆེ་གཞིར་གྱུར་སྦྱིན་ལ་སྦྱོར། །བགྱི་བ་གསུངས། དཔལ་ལྡན་ཕག་མོ་གྲུ་པའི་ཞལ་ནས་ཀྱང༌། ཇི་སྙེད་ཀྱི་གྲོང་ཁྱེར་མ་ཟད་ན། །བཟའ་རྒྱུ་ལ་ཟད་པ་མ་མཆིས་པས། །ལྟོགས་ཀྱི་དོགས་པ་ག་ལ་ཡོད།། གསུངས། །གཞན་ཡང་གོས་ཕྱག་དར་ཁྲོད་ཀྱིས་ཆོག་པ་ཡིན། དེ་ལ་བོར་བའི་ཕྱག་དར་ཁྲོད་དང་ཉམས་པའི་ཕྱག་དར་ཁྲོད་གཉིས། བོར་བའི་ཕྱག་དར་ཁྲོད་ནི་གཞན་གྱི་གོན་དུ་མ་ཉན་ནས་བསྐྱུར་བ་དེ་ཡིན། དེ་བླངས་ནས་ཁྲུས་བྱས། གྲིབ་མི་འོང་བར་བྱས་ནས་གོན་པ་ཡིན། ཉམས་པའི་ཕྱག་དར་ཁྲོད་ནི། ཆེད་དུ་མ་སྒྲུབ་པར་གོས་བཟང་པོ་བྱུང་ན་དེའི་ཕུད་བླ་མ་དཀོན་མཆོག་ལ་ཕུལ་བས་ཉམས་རྒྱུ་ཞིག་ཡོད་པ་ཡིན། དེ་ནས་རང་ཉིད་གོན་པས་ཆོག་པ་ཡིན། རང་ཉམ་ཆུང་ཡིན་ན་གོས་བཟང་པོ་ཞིག་ཡོད་ན་ཡང་ཕུད་ཕུལ། དེ་ནས་གོན་པས་ཆོག་པ་ཡིན། དེས་ན་གོས་ཕྱག་དར་ཁྲོད་དགོས། གསུང་རབ་ཀྱི་ཆ་གཅིག་ནི་ཕྱག་དར་ཁྲོད་ཀྱི་བསྔགས་པར་འདུག སློབ་དཔོན་འཕགས་པས་བསྡུས་པ་ལས། རྒྱལ་བས་ལྭ་དཀར་གསེར་གྱི་ངང་རིས་ཅན། །སྤངས་ནས་གང་ཞིག་བཞེས་པར་གྱུར་པ་དེ། །མི་དང་ལྷ་རྣམས་ཀྱིས་ཀྱང་ཕྱག་བྱ་བ། །ཕྱག་དར་ཁྲོད་ནི་སུ་ཞིག་ལེན་མི་བྱེད། །ལྭ་བཟང་ཟླ་བ་ལྟ་བུར་བསིལ་གྱུར་ཅིང༌། །ཡིད་འོང་དྲི་ཡིས་བསྒོས་པ་དག་གིས་ཀྱང༌། །ཕྱག་དར་ཁྲོད་ཀྱི་གཞི་ལ་གང་བརྟེན་པའི། །དགའ་བ་གང་ཐོབ་དེ་ནི་བསྐྱེད་མི་བྱེད། །དེ་ལ་བརྟེན་པ་སུ་ཞིག་དགྲ་བཅོམ་པ། །སྟོང་ཕྲག་མང་པོ་རྟགས་བཅངས་ཕྱག་དར་ཁྲོད། །ཁ་ན་མ་ཐོ་མེད་ཅིང་རྙེད་སླ་བ། །ལེགས་པའི་རྟེན་དུ་གྱུར་པས་དགའ་མི་བྱེད། །བགྱི་བ་གསུངས། གཞན་ཡང་གནས་ཤིང་དྲུང་གིས་ཆོག་པ་ཡིན། དེ་ཡི་བསྔགས་པ་གསུང་རབ་ཀྱི་ཆ་གཅིག་འདུག་སྟེ་སློབ་དཔོན་འཕགས་པས་བསྡུས་པ་ཡང༌། གང་ཞིག་ཤིང་དྲུང་ཇི་ལྟར་འོས་པ་ཡི། །ཡལ་ག་གསེར་སྐྱེས་མེ་ཏོག་འཁྲུངས་པ་དང༌། ཁ་དོག་ཉམས་པ་འདབ་མ་ལྷག་པ་ཡི། །ཤིང་གི་དྲུང་ན་སྡོམ་བརྩོན་ཅན་རྣམས་ལ། །མི་རྟག་འདུ་ཤེས་ལྟ་བུ་སྟོན་པར་བྱེད། །གསུངས། ཡང་ན་གནས་དུར་ཁྲོད་དུ་གནས་དགོས་པ་ཡིན། དེའི་བསྔགས་པ་ཡང་སློབ་དཔོན་འཕགས་པས། དུར་ཁྲོད་པ་དག་འཆི་བ་དྲན་ བསྒོམས་ནས། །སྐྱེས་གྱུར་དེ་ན་བག་མེད་གནས་མི་འགྱུར། །མི་གཙང་མཚན་མ་སྣ་ཚོགས་མཐོང་བ་ཡིས། །དེ་ཡི་ལུས་ལ་ཆགས་པ་སྲབ་མོར་འགྱུར། །བགྱི་བ་གསུང་ན་གནས་དེ་ལྟ་བུས་ཆོག་པ་ཡིན། དེ་ལྟར་ཕྱི་ཡུལ་ལ་ཆགས་པ་སྤངས་པའི་ཆགས་པ་མེད་པའི་སེམས་དེ་ལ་ཕྱག་རྒྱ་ཆེན་པོ་ཟེར། ཆགས་པ་དེ་མ་སྤངས་པར་གྱུར་ན་དངོས་པོ་ཕྲ་བ་ཞིག་ལ་ཆགས་ན་ཡང་དེས་ཡོན་ཏན་གྱི་བར་དུ་གཅོད་དེ། སློབ་དཔོན་འཕགས་པ་ཙམ་ཡིན་ན་ཡང་རྫའི་རིལ་བ་ལ་ཆགས་པས་གནོད་སྦྱིན་མོ་བསྒྲུབ་པ་ལ་བར་དུ་གཅོད་པ་ལྟ་བུ་ཡིན། དངོས་པོ་ཕྲ་བ་གཅིག་པས་མེད་པར་གྱུར་ན་ཡང་དེ་བཏང་བས་གནས་སྐབས་མཐར་ཐུག་གི་ཡོན་ཏན་ཐམས་ཅད་དེ་ལས་འབྱུང་བ་ཡིན། དེང་སང་རྒྱལ་པོ་གསེར་མདོག་ལྟ་བུ་ཡིན་ཏེ། ཐོག་མར་དགེ་བ་འཛམ་བུ་གླིང་པ་ཐམས་ཅད་སྲོག་བཏོན་པ་དང༌། བར་དུ་དགེ་བ་གནས་སྐབས་སུ་ཡང་བརྒྱ་བྱིན་དང་འཁོར་ལོས་བསྒྱུར་བ་འབའ་ཞིག་ཏུ་གྱུར་ནས་རང་གཞན་གྱི་དོན་ཐམས་ཅད་མཛད་པ་དང༌། ཐ་མར་དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པ་ཤཱཀྱའི་རྒྱལ་པོ་འདི་ཉིད་ཡིན། ཕྱི་ཡུལ་ལ་ཆགས་པའི་ཡུལ་དེ་ཞིང་རྣམ་པར་དག་པའི་ཕྱོགས་སུ་གཏོང་བ་ཡིན། ནང་སེམས་ཅན་ལ་ཆགས་པ་ནི་སྐྱེས་པ་དང་བུད་མེད་ཁྱེའུ་དང་བུ་མོ་དང་རྟ་དང་གླང་པོ་ཆེ་ལ་སོགས་པ་ལ་ཆགས་པ་ཡིན། དེ་སྤོང་དགོས། སྔོན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སྤངས་པ་ཡིན། དེང་སང་དཔེ་ཇི་ལྟ་བུ་ཡིན་ན་འོད་སྲུང་ཆེན་པོ་ཤིང་ནྱ་གྲོ་སྐྱེས་སུ་སྐྱེས་པའི་དུས་སུ་སེར་སྐྱའི་བུ་མོ་བཟང་མོ་དང་ལྷན་ཅིག་ཏུ་གནས་ན་ཡང་དེ་ལ་འདོད་པའི་བློ་ཙམ་ཡང་མ་སྐྱེས་ན་ཉེས་པ་སྤྱོད་པ་ལྟ་སྨོས་ཀྱང་ཅི་དགོས། ཕྱིས་དེ་གཉིས་དགྲ་བཅོམ་པ་ཐོབ་པ་ཡང་ཆགས་པ་མེད་པའི་སེམས་ལས་བྱུང་བ་ཡིན། ཆགས་པ་མེད་པའི་སེམས་དེ་ཕྱག་རྒྱ་ཆེན་པོ་ཡིན། དེ་ལྟར་ཕྱི་ཡུལ་ལ་ཆགས་པ་དང་ནང་སེམས་ཅན་ལ་ཆགས་པ་གཉིས་སྤངས་ནས་ཆགས་པ་མེད་པའི་ཏིང་ངེ་འཛིན་ལ་གནས་པའི་དུས་སུ་ལྷ་དང་བཅས་པའི་འཇིག་རྟེན་ཆགས་པ་ཅན་ཐམས་ཅད་དབང་དུ་བསྡུས་ནས་དེ་རྣམས་ཀྱི་བླ་མར་གྱུར་པ་ཡིན། གཞན་དང་མཉམ་པའི་གཞན་པས་ངན་པའི་སེམས་ཀྱིས་དོན་བྱེད་མི་ནུས་པར་དེ་ལྟར་ཐུགས་ལ་ཞོག་པར་ཞུ་བ་དེ་ཆོས་ལགས།།

ཡང་བླ་མ་རིན་པོ་ཆེའི་ཞལ་སྔ་ནས། དེ་བཞིན་གཤེགས་པ་འདི་ཐུགས་བསྐྱེད། ཚོགས་བསགས། སངས་རྒྱས་པ་དེ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་ཡིན། དེས་ན་མཆོད་ན་ཡང་དེ་བཞིན་གཤེགས་པ་མཆོད། སྐུ་འབྲི་ན་ཡང་དེ་བཞིན་གཤེགས་པའི་སྐུ་འབྲི་དགོས་པ་ཡིན། དེ་བཞིན་གཤེགས་པ་དེའི་ཕྱོགས་སུ་ཆུ་ཕུལ་གང་ཙམ་མམ། མེ་ཏོག་གཅིག་སོང་བར་གྱུར་ན་དེའི་འབྲས་བུས། གནས་སྐབས་སུ་མི་རྣམས་ཀྱི་ནང་དུ་འཁོར་ལོས་བསྒྱུར་བ་དང༌། ལྷ་རྣམས་ཀྱི་ནང་དུ་བརྒྱ་བྱིན་ལྷའི་དབང་པོ་འབའ་ཞིག་ཏུ་འགྱུར་བ་ཡིན། སྟོན་པ་དེ་བཞིན་གཤེགས་པའི་དུས་མཆོད་ཆེན་པོ་བཞི་ལ་སོགས་པ་ཡང་འཛིན་དགོས་པ་ཡིན། དེ་གཅིག་ཏུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་ཡིན། གཉིས་སུ་དེ་བཞིན་གཤེགས་པ་མི་བརྗེད་པའི་མཚན་མ་བཟུང་བ་ཡིན། ཆོས་ཀྱི་རྗེས་མཁན་པོ་ཞང་དང་སློབ་དཔོན་རྩི་ལུང་བ་དང་ར་སྒྲེང་སྒོམ་ཆེན་དང༌། སློབ་དཔོན་སྐྱེས་བུ་བ་དང༌། མི་ཆོས་ཀྱི་ཨ་ཁུ་ལྷ་ཆོས་ཀྱི་སློབ་དཔོན་རྒྱུད་གདམས་ངག་དང་བཅས་པ་ལ་སོགས་པ་མང་པོ་གསན་པའི་སློབ་དཔོན་དེ་དང༌། ཡབ་ཡུམ་གཉིས་ཀྱི་དགེ་བ་ལ་དུས་མཆོད་བཞི་བཙུགས་པ་ཡིན། དཔྱིད་ཐ་ཆུང་གི་ཚེས་བརྒྱད་ལ་སྐུ་བལྟམས་པ་དང༌། རབ་ཏུ་བྱུང་བ་དང༌། བཅོ་ལྔ་ལ་མངོན་པར་བྱང་ཆུབ་པ་དང༌། ཟླ་བ་དེའི་ཚེས་བཅོ་ལྔ་ལ་འདས་པར་འདོད་པ་དང༌། ཚེས་བརྒྱད་ལ་འདོད་པ་ལ་སོགས་པའི་མཆོད་པ་ནི་མངོན་པར་བྱང་ཆུབ་པའི་མཆོད་པའི་ཁོངས་སུ་ཡར་སྡུད་པ་ཡིན་པས། མངོན་པར་བྱང་ཆུབ་པའི་མཆོད་པ་ཡིན་པ་དང༌། དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཆོད་པ་དང༌། དེ་ནས་སྐར་མ་ཆུའི་ཉ་བའི་དུས་སུ་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་བསྟན་པ་མུ་སྟེགས་བྱེད་རྣམས་བཏུལ་བ་སྐར་མ་ཆུ་ལ་འདུལ་བ་དེ་ཕྱིའི་རྟེན་འབྲེལ་ཡིན་ཏེ། ཆུ་ནི་མི་བཟད་འཇོམས་པ་སྟེ། བགྱི་བ་ཡིན། ཟླ་བ་དེ་ལ་ཆོ་འཕྲུལ་མཆོད་པར་བསྔོས་ནས་ཡང་སྐོར་ཅིག་བྱས་ན་དེ་ཡང་བསོད་ནམས་བྱེ་བ་སུམ་ཅུ་སོ་དྲུག་གི་འགྱུར་ཡོད་པར་གསུངས། དེར་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་བསྟན་པས་མི་རྣམས་ཀྱིས་ཕུན་སུམ་ཚོགས་པ་བསྟབས་པས་གཅིག་ཏུ་དེ་ལ་འབྱོར་བ་དང༌། གཉིས་སུ་ཡུམ་སུམ་ཅུ་རྩ་གསུམ་དུ་ལྷའི་བུ་མོར་སྐྱེས་ནས་ཡོད་པ་འདུལ་བའི་དོན་དུ་ལྷའི་གནས་སུ་བཞུད་དེ། དེ་ནས་མཆོད་པའི་ཟླ་བ་འདི་ལ་རྒྱལ་བྱེད་དུ་འཁོར་རྣམས་ཚོགས་ནས་མོའུ་འགལ་གྱི་བུ་གདན་འདྲེན་པའི་བང་ཆེན་མ་བཞུད་པར་ཞུས་ནས་ངེད་མི་རྣམས་ཀྱིས་ལྷ་ཡི་གནས་སུ་མི་ཐོན། མི་རྣམས་ཀྱིས་འཛམ་བུའི་གླིང་དུ་མི་ཐོན་པས་ན་དེ་བཞིན་གཤེགས་པ་འཛམ་བུའི་གླིང་དུ་འབྱོན་པར་ཞུ་བའི་འཕྲིན་སྤྲིངས་ནས་མོའུ་འགལ་གྱི་བུ་བཞུད་ནས་དེ་བཞིན་གཤེགས་པ་ལ་དེ་ལྟར་ཞུས་པས། དགེ་སློང་མོའུ་འགལ་གྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པ་འཛམ་བུའི་གླིང་དུ་བཞུད་གསུངས་པ་དང༌། ནམ་བཞུད་ཞུས་པས་ད་སྟེ་ཞག་བདུན་ན་གྲོང་ཁྱེར་གསལ་ལྡན་དུ་འབབ་གསུངས། རྩ་བའི་རྒྱུད་དུ་ནི། གྲོང་ནི་མེ་ཐབ་ཞེས་བྱ་བར། །ལྷ་ལས་བབས་པ་བཟང་པོར་བསྟན། གསུངས། དེ་གཉིས་དོན་གྱིས་གཅིག་པ་ཡིན་གསུངས། ཟླ་བ་དེའི་ཚེས་ཉི་ཤུ་གཉིས་ལ་ལྷ་ལས་བབས་པས་ན་དཔལ་ལྷ་ལས་བབས་པའི་ཟླ་བ་ཡང་དེ་ཡིན། འདི་ལ་དུས་མཆོད་བྱས་པར་གྱུར་ན་བསོད་ནམས་གྲངས་མི་འདུག་སྟེ་བསམ་གྱིས་མི་ཁྱབ་པ་ཐོབ། དེས་ན་དུས་ཀྱི་མཆོད་པ་ཡང་འཛིན་དགོས་པ་ཡིན། སྤྱིར་ཡང་དེ་བཞིན་གཤེགས་པ་ཉག་གཅིག་མཆོད་དགོས་ཏེ། རྗེ་བཙུན་མ་ཕམ་པའམ་སློབ་དཔོན་འཕགས་པ་ཀུན་གྱིས་བསྟན་ བཅོས་ཀྱི་མཆོད་བརྗོད་ཀྱང་དེ་བཞིན་གཤེགས་པ་ལ་བྱེད་པ་ཡིན། དེ་བཞིན་གཤེགས་པ་གཅིག་པུ་མཆོད་དགོས་པ་ཡིན། དེ་ལས་དུས་གསུམ་དུ་དགེ་བ་རང་གཞན་གྱི་བདེ་སྐྱིད་ཐམས་ཅད་འབྱུང༌། དེ་བཞིན་གཤེགས་པ་འདའ་བའི་དུས་སུ་ཀུན་དགའ་བོ་ངུས་པ་དང༌། དེ་བཞིན་གཤེགས་པས་ཀུན་དགའ་བོ་ཁྱོད་ཐུགས་ལས་ཆུང་ངུར་གྱིས་ཤིག་དང༌། དེ་བཞིན་གཤེགས་པ་འདས་ནས་ཁྱིམ་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་རིང་བསྲེལ་མཆོད་པར་འགྱུར། དེས་འཇིག་རྟེན་འདིར་ཕུན་སུམ་ཚོགས་པ་ཐོབ་པ་དང༌། ཤི་བའི་འོག་ཏུ་ལྷར་སྐྱེ། མཐར་སངས་རྒྱས་པར་གསུངས། དེ་ཡང་དེ་བཞིན་གཤེགས་པ་འདས་ནས་སྐུ་གདུང་ཆ་བརྒྱད་དུ་བགོས་པ་ལ་མཆོད་རྟེན་བརྒྱད་བཞེངས། སྐུ་གདུང་གི་སྣོད་གསེར་གྱི་བུམ་པའི་མཆོད་རྟེན་བཞེངས། གདུང་སོལ་ལ་སོལ་བའི་མཆོད་རྟེན་བཞེངས་ཏེ། དུས་གཅིག་ཏུ་དེ་བཞིན་གཤེགས་པའི་མཆོད་རྟེན་བཅུ་བྱུང༌། དེ་ནི་བསམ་གྱིས་མི་ཁྱབ་པ་བཞུགས་པ་ཡིན། དེ་བཞིན་གཤེགས་པའི་རིང་བསྲེལ་ཡིན་པར་གྲགས་པ་དེ་ཡིན་ཡང་ཡིན། ཡིན་པར་འཛིན་དགོས་པ་ཡིན། དེ་མཆོད་དགོས་པ་ཡིན། ཚན་གཅིག་སྙམ་ན་དེ་བཞིན་གཤེགས་པ་དེ་སྔོན་ག་ཤེད་བྱུང་བ་ཡིན། ང་དེ་དང་འབྲེལ་པ་མེད་སྙམ་པར་མི་བྱ། འགྲོ་བ་རིགས་དྲུག་ན་བདེ་བའི་ཆ་ཅི་ཡོད་པ་ཐམས་ཅད་དེ་བཞིན་གཤེགས་པའི་བྱིན་རླབས་ལས་བྱུང་བ་ཡིན། འཇིག་རྟེན་མགོན་པོ་དེར་བཞེད་པ་ཡིན། ཁྲིད་ཀྱི་རིམ་པ་རྣམས་ཀྱང་ཕྱོགས་གཅིག་ནས་བལྟས་ན་སྟོན་པ་དེ་བཞིན་གཤེགས་པ་ལ་གུས་པ་སྒྲུབ་པའི་ཁྲིད་དུ་མཐོང༌། དེས་ན་དེ་བཞིན་གཤེགས་པ་དང་མི་འབྲལ་བར་སྒྲུབ་པའི་ཐབས་ལགས་པས་དེ་ལྟར་ཕྱག་ལེན་མཛད་པར་ཞུ།།

ཡང་བླ་མ་རིན་པོ་ཆེའི་ཞལ་ནས། དེ་བཞིན་གཤེགས་པས་ཆོས་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱི་བརྗོད་བྱའི་དོན་སྒྲིབ་པ་གསུམ་སྤོང་བའི་གཉེན་པོ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་འདུ་བ་ཡིན། དེ་ཡང་ཉོན་མོངས་པ་གསུམ་གྱིས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདིར་འཁྱམས་པ་ཡིན། དེའི་རྩ་བ་ངར་འཛིན་པའི་འཛིན་པ་འདི་ཡིན། དེ་ལྟར་ཡིན་པར་ཡང༌། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །དེ་གཉིས་དང་ནི་འབྲེལ་པ་ལས། །ཉེས་པ་ཐམས་ཅད་འབྱུང་བ་ཡིན། །ཉེས་ཀུན་དེ་ཡི་རྩ་བ་ཅན། །དེ་ཡང་འཇིག་ཚོགས་ལྟ་བ་ཡིན། །བགྱི་བ་གསུངས་ན་ཕུང་པོ་ལྔ་ཡང་ངར་འཛིན་པའི་འཛིན་པ་འདིས་འཁོར་བར་འཁོར་བ་ཡིན། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་སྤོང་བར་བྱེད་པའི་གཉེན་པོ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡིན། དེས་ན་དང་པོ་ཆོས་ཞུ་བ་བྱུང་བའི་དུས་སུ་ཡང་སྐྱབས་སུ་འགྲོ་བ་སྟོན་པ་དེ་ཕྱག་བཞེས་ཡིན། སྔོན་གྲྭ་པ་སུམ་སྟོང་ཚུན་ཆད་དེ་བཞིན་མཛད་པ་ཡིན། དེ་མ་ལགས་པ་གཞུང་བཤད་པའམ་གདམས་ངག་རྒྱུད་བཤད་པ་ལ་སོགས་པས་ཆོས་འབྲེལ་དུ་འགྲོ་བའི་རྒྱུ་མི་བདོག་པས་དང་པོར་སྐྱབས་འགྲོ་སྟོན་དགོས་པ་ཡིན། འདི་བསྟན་པས་དཔོན་སློབ་གཉིས་པོ་དཀོན་མཆོག་གསུམ་གྱིས་འབྲེལ་བར་འོང་བས་འབྲེལ་པ་དེ་དུས་ཐམས་ཅད་དུ་རྟག་པ་ཡིན། དེ་ཡང་ཆོས་ཞུ་བ་བྱུང་བའི་དུས་སུ་རིང་རྒྱུ་ཅི་ཡང་མེད་པར་སྐྱབས་འགྲོ་ཡང་ཁྱད་པར་ཅན་ཅིག་སྟོན་དགོས་པ་ཡིན། འོན་དུ་ལགས་ཀྱང་ཐུན་མོང་བས་ཀྱང་མ་ཆོག་རྒྱུ་མེད། སངས་རྒྱས་དཀོན་མཆོག་སྐུ་གསུམ་གྱི་བདག་ཉིད་ལ་སྐྱབས་སུ་སོང་བ་ཡིན། ཆོས་ཀྱི་སྐུ་དག་པ་གཉིས་ལྡན་དྲི་མ་མེད་པའི་སྐུ་ལ་སྐྱབས་སུ་སོང་བས་དཔོན་སློབ་གཉིས་པོ་ཆོས་ཀྱི་སྐུ་དང་འབྲེལ་པས་ཆོས་ཀྱི་སྐུ་མ་ཞིག་གི་བར་ལ་འབྲེལ་པའི་རྟག་པ་དང༌། ཆོས་ཀྱི་སྐུ་སེམས་ཉིད་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་དེ་ཡང་དཔོན་སློབ་གཉིས་པོས་རྟོགས་ནས་འོང་བ་དང༌། དཔོན་སློབ་གཉིས་པོ་མཐར་ཆོས་ཀྱི་སྐུའི་ངོ་བོར་འཚང་རྒྱ་བས་ན་འབྲེལ་པ་དེ་རྟག་པ་ཡིན། འདིར་འཇིག་རྟེན་པའི་གཉེན་ཤ་ཁྲག་གི་འབྲེལ་པ་ལ་ཡང་འབྲེལ་པར་འཛིན་ན། འབྲེལ་པ་དེ་ནི་མི་རྟག་པ་ཡིན་ཏེ་ལོ་བགྲང་བའམ་རིང་བར་གྱུར་ན་ཚེ་གཅིག་འབྲེལ་བ་ཡིན། དེ་ནས་འབྲལ་བ་ཡིན་ཏེ། ལུས་ནི་གཅིག་པུ་བྱུང་བ་ཡང༌། །ལྷན་ཅིག་སྐྱེས་པའི་ཤ་རུས་ཀྱང༌། །འཇིག་སྟེ་སོ་སོར་གྱེས་འགྱུར་ན། །མཛའ་བ་གཞན་ལྟ་སྨོས་ཅི་དགོས། །དེ་བས་འཇིག་རྟེན་བསམ་པ་གཏང༌། །གསུངས་ན་འབྲེལ་པ་དེ་ལ་དགོས་པ་མེད། གཞན། ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །སྐྱེ་བོ་དགྲར་གྱུར་པ་ཡང་མེད་ཉིད་དེ། །བཟློག་པ་ཉིད་དུ་མཆི་བས་དེ་སླད་དུ། །འཇིག་རྟེན་འདི་ན་ངེས་པ་འགའ་མ་མཆིས། གསུངས་ན། སུ་ལ་དགྲར་འཛིན། གང་ལ་གཉེན་དུ་འཛིན་ཏེ་མ་ངེས་པ་ཡིན། གཞན་ཡང་འཛིན་པ་དེ་ནི་སྤང་བར་བྱ་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཁབ་ནས་བྱུང་བ་ཡང་རྟེན་འབྲེལ་དེ་སྤོང་བ་ཡིན། འཇིག་རྟེན་པའི་འབྲེལ་པ་དེ་ནི་མི་རྟག་པ་སྤང་བར་བྱ་བ་ཡིན། སྐྱབས་འགྲོའི་འབྲེལ་པ་འདི་ནི་རྟག་པ་ཡིན། གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་འགྲོ་བ་ཡིན། ལོངས་སྤྱོད་རྫོགས་པའི་སྐུ་དེ་དཔལ་རྣམ་པར་སྣང་མཛད་སྐུ་ལ་ཞིང་ཁམས་ཐམས་ཅད་སྣང་བ། ཞིང་ཁམས་ཐམས་ཅད་སྐུས་ཁྱབ་པ་ཡིན། ཅི་སྣང་བར་བྱེད་ན་ཆོས་ཀྱི་སྐུ་སྣང་བར་བྱེད་པ་ཡིན། དེ་ལ་སྐྱབས་སུ་སོང་བས་དཔོན་སློབ་གཉིས་ལོངས་སྤྱོད་རྫོགས་པའི་སྐུ་དེས་སྦྲེལ་བས་འབྲེལ་པ་དེ་ཆོས་སྐུ་མ་ཞིག་བར་ལ་རྟག་པ་ཡིན། དཔོན་སློབ་གཉིས་པོ་དེ་ཕྱོགས་བཅུའི་ལོངས་སྤྱོད་རྫོགས་པའི་སྐུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གནས་དུས་ཀྱིས་མི་བསྐལ་བར་འབྱུང་བ་དང༌། སངས་རྒྱས་ཀྱི་ཞིང་དེར་དྲི་བ་རྒྱ་ཆེན་པོ་འདྲི་བར་འགྱུར་བ་ལ་སོགས་པ་བསམ་གྱིས་མི་ཁྱབ། དཔོན་སློབ་གཉིས་པོ་མཐར་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོར་སངས་རྒྱས་པ་ཡིན་ལ་འབྲེལ་པ་འདི་ནི་དུས་ཐམས་ཅད་དུ་རྟག་པ་ཡིན། འཇིག་རྟེན་པའི་འབྲེལ་པ་ནི་གོང་བཞིན་དུ་སྤང་བར་བྱ་བ་ཡིན། གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲུལ་པའི་སྐུ་ལ་སྐྱབས་སུ་སོང་བས་དཔོན་སློབ་གཉིས་པོ་སྤྲུལ་པའི་སྐུས་སྦྲེལ་བས་འབྲེལ་པ་དེ་རྟག་པ་ཡིན། དཔོན་སློབ་གཉིས་པོ་དེ་གནས་དུས་ཀྱིས་མི་བསྐལ་བར་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲུལ་པ་སྐུའི་ཞིང་དུ་འབྱུང་ཞིང་ཞལ་བལྟ་བ་དང༌། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་རྫུ་འཕྲུལ་གྱིས་ཐོགས་པ་མེད་པར་རྒྱུ་བ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་འབྱུང་བ་དང༌། དྲི་བ་རྒྱ་མཚོ་འདྲི་བ་ལ་སོགས་པ་འབྱུང་ཞིང་འབྲེལ་པ་དེ་ཆོས་སྐུ་མ་ཞིག་བར་ལ་རྟག་པ་ཡིན། མཐར་སྤྲུལ་པའི་སྐུ་དེ་ཐོབ་པ་ཡིན། དེ་ལྟར་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ལ་སྐྱབས་སུ་སོང་བས་སྐུ་གསུམ་པོ་དེ་ཐོབ་པ་དང༌། གནས་སྐབས་སུ་ཡང་སྐུ་གསུམ་དང་མི་འབྲལ་བ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་འབྱུང༌། འདིར་འཇིག་རྟེན་པའི་འབྲེལ་པ་ལ་ཡང་གོང་བཞིན་གསུངས། དེས་ན་དཔོན་སློབ་གཉིས་པོ་ཆོས་ལ་སྐྱབས་སུ་འགྲོ་བ་ཡིན། ཆོས་དཀོན་མཆོག་དེ་ཇི་ལྟ་བུ་ཞིག་ཡིན་སྙམ་ན། གང་ཞིག་མེད་མིན་ཡོད་མིན་ཡོད་མེད་མ་ཡིན་ཡོད་མེད་ལས་གཞན་དུའང༌། །བརྟག་པར་མི་ནུས་ངེས་ཚིག་དང་བྲལ་སོ་སོ་རང་གིས་རིག་ཞི་བ། །དྲི་མེད་ཡེ་ཤེས་འོད་ཟེར་སྣང་ལྡན་དམིགས་པ་ཀུན་ལ་ཆགས་པ་དང༌། །སྡང་དང་རབ་རིབ་རྣམ་པར་འཇོམས་མཛད་དམ་ཆོས་ཉི་མ་དེ་ལ་འདུད། །གསུངས་ན། ཆོས་དེས་དཔོན་སློབ་གཉིས་པོ་འབྲེལ་བས་ཆོས་སྐུ་མ་ཞིག་བར་ལ་འབྲེལ་པ་དེ་རྟག་པ་ཡིན། འདིར་འཇིག་རྟེན་པའི་འབྲེལ་པ་གོང་བཞིན་གསུངས། ཆོས་ལ་སྐྱབས་སུ་སོང་བས་སངས་རྒྱས་འཇིག་རྟེན་དུ་འབྱུང་བ་དང་གནས་དུས་ཀྱིས་མི་བསྐལ་བར་དཔོན་སློབ་གཉིས་པོ་དེ་འབྱུང་ཞིང༌། ཚངས་པ་བཞིན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་མ་འདེབས་པ་དང༌། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་གཏམ་གྱི་སྐྱེས་བུར་འགྱུར་ཏེ་རྗེ་བཙུན་འཇམ་དབྱངས་ལྟ་བུ་ཡིན་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ནི་ཕྱོགས་ བཅུའི་སངས་རྒྱས་ཀྱི་ཞིང་ན་གཏམ་གྱི་སྐྱེས་བུ་གསུངས། དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་སོང་བས་དེ་བཞིན་གཤེགས་པ་དང་གནས་དུས་ཀྱིས་མི་བསྐལ་བར་འབྱུང་ཞིང༌། དཔོན་སློབ་གཉིས་པོས་བསྒྲུབ་པར་བཅས་པའི་བསླབ་པ་ཉམས་སུ་ལེན་པ་དང༌། དགག་པར་བཅས་པའི་བསླབ་པ་སྤོང་བར་འགྱུར་བ་ཡིན། དེ་ཡང་བདེ་བ་ཅན་ལྟ་བུར་པད་མ་ལས་རྫུས་ཏེ་སྐྱེས་ནས་སངས་རྒྱས་ཀྱི་ཞིང་དེར་ས་བཅུའི་མགོན་པོར་འགྱུར་ཞིང༌། དེ་བཞིན་གཤེགས་པ་དེས་ཞིང་གཞན་དུ་ལུང་སྟོན་པར་འགྱུར་བ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་འབྱུང་ལ། དཔོན་སློབ་གཉིས་པོ་དགེ་འདུན་གྱིས་སྦྲེལ་བས་དེ་བཞིན་དུ་འོང་བ་དང་འབྲེལ་པ་དེ་རྟག་པ་ཡིན། འཇིག་རྟེན་པའི་འབྲེལ་པ་ཡང་སྔ་མ་ལྟར་ཡང་གསུངས། དེ་ལྟར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་འདི་གལ་ཆེ། སྔོན་གྱི་དུས་སུ་ཆོས་ཞུ་བ་དང༌། ཤི་ཆོས་ལ་སོགས་པའི་དུས་སུ་འདི་མཛད་པ་དེ་མཁས་པ་ཡིན། ད་ལྟ་ཆོས་ཕྱག་རྒྱ་ཆེན་པོ་རྫོགས་ཆེན་ཡིན་ཟེར་ནས་སྟོང་པ་ཉིད་དུ་འཛིན་པ་ཞིག་བསྟན་ན་དེ་ཟབ་ཟེར་བར་འདུག་སྟེ། ལོག་ལྟ་ཆད་ལྟ་དང་ཁྱད་ཆེན་པོ་མེད། སྤྱིར་ཉམས་དང་རྟོགས་པས་ཕྱེད་དགོས། སྐྱབས་སུ་འགྲོ་བ་དང་མ་འབྲེལ་པའི་ཆོས་ཕལ་ཆེར་ནི་ལོག་ལྟ་ཡིན། ཕྱི་ནང་གི་ཁྱད་ལ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པ་ནང་པ་ཡིན། མི་ལེན་པ་ཕྱི་པ་ཡིན་ཟེར་བ་ཡོད་པར་གདའ་སྟེ། རྩ་ནག་པའི་ཞལ་ནས། དེ་ལྟར་སོང་ན་ཆོས་ཐམས་ཅད་བདག་མེད་པ་མ་རྟོགས་པས་ཉན་རང་ཡང་མུ་སྟེགས་པར་ཐལ་བའི་སྐྱོན་ཡོད། དེས་ན་ཕྱི་ནང་གི་ཁྱད་སྐྱབས་སུ་འགྲོ་བ་ཡིན་གསུང་བ་ལགས་པར་གདའ། ཆོས་ཀྱི་རྗེ་ཡང་དེ་ལ་མཉེས་པ་ཡིན། དེས་ན་ཐོག་མར་སྐྱབས་སུ་འགྲོ་བ་བྱེད་དགོས། འདིར་ངེད་འཇིག་རྟེན་མགོན་པོ་རིན་པོ་ཆེ་ལ་སྨོས་སུ་ཡོད་པ་ཐམས་ཅད་དགེ་བའི་བཤེས་གཉེན་དུ་འོང་བ་ཡིན། དེའི་དུས་སུ་དང་པོ་ཆོས་འདི་སྟོན་དགོས་པ་ཡིན། རང་ཉིད་ཀྱིས་གཡོས་མ་བསླད་ན་དེར་འོང་བ་ཡིན། རང་ཉིད་ཀྱིས་གཡོས་བསླད་ཆོས་ལ་མ་གནས། དེ་ཡང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་མ་གནས་པར་གྱུར་ན་ཕུན་སུམ་ཚོགས་པའི་གཏེར་དང་སྦང་ཟན་ཆང་གཅིག་ཚོང་བྱས་པ་ཡིན། དེ་ལྟར་མི་བྱ་བར་ཚུལ་ཁྲིམས་རིན་པོ་ཆེ་ལ་ནན་ཏན་བྱ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་འདི་ནི་དུས་ད་ནས་བཟུང་སྟེ་ལས་དང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པ་སངས་རྒྱས་ཀྱི་བར་དུ་ཉམས་སུ་བླང་བའི་ཆོས་འདི་ཡིན། ས་བཅུའི་དུས་སུ་ཤེས་བྱའི་སྒྲིབ་པ་སྤོང་བ་ཡང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་སྤོང་བ་ལགས་པས་དེ་ལྟར་ཐུགས་ལ་གཞག།

ཡང་བླ་མ་རིན་པོ་ཆེའི་ཞལ་ནས། ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་རྒྱུ་གང་ལས་བྱུང་སྙམ་ན། སེམས་རྣམ་པར་གཡེང་བ་ལས་བྱུང་བ་ཡིན། མྱ་ངན་ལས་འདས་པ་བྱང་ཆུབ་རྣམ་པ་གསུམ་ནི་ཞི་གནས་དང༌། ལྷག་མཐོང་གི་ཏིང་ངེ་འཛིན་གཉིས་ལས་བྱུང་བ་ཡིན། སེམས་རྣམ་པར་གཡེངས་པའི་གོ་བ་སེམས་འདི་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད། ཟབ་པ་ཞི་བ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བར་གནས་པ་ཡིན། དེ་ལ་དགོངས་ནས། དུས་གསུམ་བདག་ཉིད་བདེ་ཆེན་བླ་མ་ལ།། སོགས་པ་གསུངས། གཞན་ཡང་སེམས་ཉིད་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པ་གསུང༌། ངོ་བོ་གང་ཡིན་ན། ངོ་བོ། གཟུགས་མེད་མཐོང་བ་པོ་ཡང་མེད། །ལ་སོགས་པ་གསུང་ན་སེམས་འདི་ཟབ་པ་ཞི་བ་འདུས་མ་བྱས་པའི་ངོ་བོར་གནས་པ་ལ་རྣམ་པར་གཡེང་བ་འདོད་ཆགས་ཀྱི་རྐྱེན་དང་ཞེ་སྡང་དང་གཏི་མུག་གི་རྐྱེན་དང༌། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་རྐྱེན་ཇི་ལྟ་བ་བཞིན་ལས་བསགས། ལས་ཇི་ལྟ་བུའི་ལུས་བླངས། དེ་ལས་ང་དང་བདག་ཏུ་བཟུང་བས་ཁམས་གསུམ་གྱི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདིར་འཁོར་བ་ཡིན། དེ་ཡང་འཁོར་བའི་རྐྱེན་ཇི་ལྟ་བ་བཞིན་དུ་འཁོར་བ་འགྲུབ་པར་བྱེད་པ་ཡིན། འདི་ལ་རྐྱེན་ཉིད་འདི་པ་ཟེར། འོ་ན་སེམས་ཉིད་གདོད་མ་ནས་མ་སྐྱེས་པ་དེ་ཉིད་རྐྱེན་སྣ་ཚོགས་སུ་དེར་འཕོས་པ་མ་ཡིན་ནམ་སྙམ་ན། དེ་མ་ལགས་ཏེ། དཔེར་ན་ནོར་བུ་ཆུ་ཤེལ་དེ་རས་ཁ་དོག་ལྔའི་སྟེང་དུ་བཞག་པར་གྱུར་ན་རས་ཀྱི་ཁ་དོག་ཏུ་སྣང་བ་དེ། ནོར་བུ་དེར་འཕོས་པ་མིན་ཡང་རས་ཀྱི་རྐྱེན་གྱིས་དེར་སྣང་བ་ཡིན། དེ་བཞིན་དུ་སེམས་ཉིད་གདོད་མ་ནས་མ་སྐྱེས་པ་དེ་ཉིད་རྐྱེན་ཇི་ལྟ་བ་བཞིན་འབྱུང་བ་ཡིན། འདི་ལ་དགོངས་ནས། ཇི་ལྟར་ཚོན་རྐྱེན་སྣ་ཚོགས་ཀྱིས། །ནོར་བུ་དེ་དངོས་མིན་པར་སྣང༌། །དེ་བཞིན་འགྲོ་རྐྱེན་སྣ་ཚོགས་ཀྱིས། །ཁྱབ་བདག་དེ་དངོས་མིན་པར་སྣང༌། །བགྱི་བ་གསུངས་ན། རྐྱེན་གྱིས་དེ་ལྟར་གྲུབ་པ་མ་གཏོགས་པ་དངོས་པོར་གྲུབ་པ་ཞིག་ག་ལ་ཡོད། དེ་ལྟར་རྐྱེན་འཁོར་བ་དེ་ལུང་གིས་ཤེས་སམ་རིགས་པས་ཤེས་སྙམ་ན། ལུང་གིས་ཤེས་ཏེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས་རྒ་ཤིའི་བར་དུ་འབྱུང་བར་གསུངས། རྐྱེན་འགག་ན་འཁོར་བ་འགགས། དེ་ཡང་རྐྱེན་གང་འགགས་པས་འཁོར་བ་འགགས་སྙམ་ན། རྐྱེན་མ་རིག་པ་འགགས་པས་འདུ་བྱེད་ནས་རྒ་ཤིའི་བར་དུ་འགགས་པ་ཡིན། གང་དུ་འགགས་ན་སེམས་ཉིད་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་དུ་འགགས་ཏེ། ཆུ་ལས་ཆུ་བུར་ཞི་བའམ་ནམ་མཁའ་ལ་སྤྲིན་ཡལ་བ་དང་འདྲ་བ། རྐྱེན་ལས་བྱུང་བ་ཡང་ཆུ་ལས་ཆུ་བུར་ལྡང་བ་ལྟར་འབྱུང་བ་ཡིན་ཏེ། དེ་ཉིད་ཀྱང་སེམས་ཉིད་དེ་ལས་མི་གཞན་ཏེ་ཆུའི་ཆུ་བུར་དང་འདྲ། དེས་ན་འགག་པ་ཡང་དེ་ཉིད་དུ་འགགས། དེ་ལ་ཉན་ཐོས་ཀྱི་བྱང་ཆུབ་འདོད་པས་རྐྱེན་ཆུ་ལོན་ལྟར་འགོག་པར་བྱེད་པས་ཉན་ཐོས་ཀྱི་བྱང་ཆུབ་དང༌། གཉེན་པོའི་སྟོབས་ཀྱིས་ཆུ་ལོན་ལྟར་འགོག་པར་བྱེད་པ་རང་རྒྱལ་གྱི་བྱང་ཆུབ་འདོད་པས་ཉམས་སུ་བླངས་པས་རང་རྒྱལ་གྱི་བྱང་ཆུབ་དང༌། རྐྱེན་ཐམས་ཅད་དག་ཅིང་རྣམ་པར་སྤངས་པ་བླ་ན་མེད་པའི་བྱང་ཆུབ་རྣམ་པ་གསུམ་ཡིན། བྱང་ཆུབ་གསུམ་ཡང་ཞི་གནས་ཀྱི་ཏིང་ངེ་འཛིན་དང་ལྷག་མཐོང་གི་ཏིང་ངེ་འཛིན་རྣམ་པ་གཉིས་ཉམས་སུ་བླངས་པ་ལས་འབྱུང༌། དེ་ཡང་ལྗོན་པས་ཞུས་པ་ལས། སེམས་ཞི་བ་ནི་ཞི་གནས་ཏེ། ཆོས་ཤེས་པ་ནི་ལྷག་མཐོང་ཡིན་བགྱི་བ་གསུངས། དེ་ཡང་དང་པོ་ཞི་གནས་བསྒྲུབ་དགོས་ཏེ། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །བགྱི་བ་གསུང་ན། འཇིག་རྟེན་འདིར་འདོད་པའི་ཡོན་ཏན་ལྔ་པོ་གཟུགས་སྡུག་པ་ལ་ཆགས། མི་སྡུག་པ་ལ་སྡང༌། བར་མ་ལ་རྨོངས་པ་དང༌། དེ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་བྱ་ཡིད་དུ་འོང་མི་འོང་ལ་ཆགས་པ་དང༌། སྡང་བ་དང༌། རྨོངས་པའི་སྒོ་ནས་སེམས་རྣམ་པར་གཡེངས་པར་གྱུར་ན། རྣམ་པར་གཡེང་བའི་སེམས་དེས་ཞི་གནས་མི་ཐོབ། འཇིག་རྟེན་འདི་ཡི་འདོད་པའི་ཡོན་ཏན་ལྔ་དོན་དུ་གཉེར་བ་ཕ་མ་དང་ཉེ་དུ་གཉེན་འབྲེལ་ལ་སོགས་པའི་སོ་ཚིས་དང་ཁ་ཚིས་ལ་དགོས་པ་ཅི་ཡོད། དེ་སྔོན་ཡང་དེ་ལྟ་བུ་རྣམས་ཀྱིས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་འཁྱམས་པ་ཡིན་མོད། དེས་ན་མི་རྟག་པའི་ལྕག་གིས་བསྐུལ། འཇིག་རྟེན་འདི་སྟག་གཟིག་གི་མདུན་དུ་རྩ་སྔོན་པོ་བཞག་པ་དང་འདྲ་བར་མི་འདོད་པའི་དུས་སུ་གཟོད་ཞི་གནས་ཀྱི་ཏིང་ངེ་འཛིན་དེ་འགྲུབ་པ་ཡིན། དེ་ཡང་དེ་བཞིན་གཤེགས་པ་འདི་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔར་ནི་གྱུར། བསོད་ནམས་དང་ཡེ་ཤེས་ཀྱི་མཐུ་རྫོགས་པའི་དུས་སུ་ཡང་ཕྱོགས་བཞིར་རྒ་བ་དང་ན་བ་དང་འཆི་བ་དང་རབ་ཏུ་བྱུང་བ་དང་བཞི་གཟིགས་ནས། རྒས་པ་མཐོང་ན་ན་བ་སྡུག་བསྔལ་སྟེ། །སེམས་དང་བྲལ་བའི་འཆི་བ་མཐོང་ནས་ནི། །འཇིག་རྟེན་སྤྱོད་པ་བདག་གིས་ནུས་རེ་རྐན། །གསུང་ནས་དབུ་བསྙུང་བཞེས་པ་ལགས་མོད། དེས་ན་ལྷ་དང་བཅས་པའི་འཇིག་རྟེན་གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས། འཇིག་རྟེན་འདི་ལ་ཆགས་པ་སྤངས་པས་ཞི་གནས་དང་ལྷག་མཐོང་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེད་པ་ལ་ཡང་བླ་མ་མཚན་ཉིད་དང་ལྡན་པ་ཞིག་དགོས། མཚན་ཉིད་དང་ལྡན་པའི་བླ་མ་རབ་དུས་གསུམ་ཤེས་པའི་མངོན་པར་ཤེས་པ་རྒྱ་ཆེན་པོ་དང་ལྡན་པ་ཞིག་གིས། སློབ་མའི་རྒྱུད་ལ་ཞི་གནས་ཀྱི་ཏིང་ངེ་འཛིན་སྐྱེད་པར་བྱེད་པ་ལ་སྐྱེ་བ་སྔ་མ་ཕན་ཆོད་གང་གོམས་པའི་སྣ་གཅིག་ནས་གདམ་ངག་བསྟན་པས། དེའི་རྒྱུད་ལ་ཞི་གནས་ཀྱི་ཏིང་ངེ་འཛིན་སྐྱེ་བ་ལ་ཚེགས་མེད་དེ། རྒ་རྒྱལ་བའི་བླ་མ་ལྟ་བུའམ་སློབ་དཔོན་ཀླུ་ཡི་བྱང་ཆུབ་ལྟ་བུ་ཡིན། སྤྱིར་ཞི་གནས་ལ་ཏིག་ཏིག་ཅིག་ཏུ་ངེས་པ་ག་ལ་ཡོད། ཏིང་ངེ་འཛིན་གང་ཡང་རུང་བ་ལ་སེམས་རྩེ་གཅིག་ཏུ་གནས་པ་ཞི་གནས་སུ་འོང་བ་ཡིན། ཞི་གནས་བདེ་བ་དང༌། གསལ་བ་དང༌། མི་རྟོག་པ་གསུམ་དུ་བཟུང་ན་དེས་རྒྱ་ཆེན་པོ་ཞིག་གོ་བར་ག་ལ་ནུས། འདོད་ཆགས་ཆོས་ཀྱི་སྒོ་དང༌། དེ་བཞིན་དུ་ཞེ་སྡང་དང་གཏི་མུག་ཆོས་ཀྱི་སྒོ་དང༌། བྱམས་པ་དང་སྙིང་རྗེ་ལ་སོགས་པ་ཆོས་ཀྱི་སྒོ་ལ་རེ་རེར་གསུངས་པ་དེ་ཡང་ཞི་གནས་རེ་རེ་མ་ལགས་སམ། འོན་དུ་ལགས་ཀྱང་དེ་ལ་ཡང་རྩེ་གཅིག་ཏུ་ཡུན་རིང་དུ་གནས་པ་ཞིག་དགོས། འདི་ཡང་ལྷག་པ་ཚུལ་ཁྲིམས་གྱི་བསླབ་པ་རག་ལུས་པ་ཕྱི་ལུས་ཀྱི་ཚུལ་ཁྲིམས་སྟོན་པས་ཇི་ལྟར་བཅས་པ་ལས་འདའ་བ་སྤུའི་རྩེ་མོ་ཙམ་ཡང་མེད་པ་དང༌། ནང་སེམས་ཀྱི་ཚུལ་ཁྲིམས་སེམས་ལ་ཉོན་མོངས་པ་གསུམ་གྱི་རྒྱུན་གཅོད་པ་དང༌། གསང་བ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཚུལ་ཁྲིམས་བདུད་རྩི་འཁྱིལ་པ་འདི་ཡོད་པར་གྱུར་ན་འགྱོད་པ་མེད་པའི་སེམས་དེས་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་ཏུ་གནས། འདི་ལ་མི་གནས་ན་ནམ་ཏིང་ངེ་འཛིན་ལ་གནས་པའི་དུས་སུ་འགྱོད་པའི་སེམས་དེས་ཏིང་ངེ་འཛིན་ལ་གནས་པར་མི་ནུས། དེས་ན་ཚུལ་ཁྲིམས་རིན་པོ་ཆེ་ལ་ནན་ཏན་མཛད་དགོས། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་དེ་ཡང་བསྡུས་ནས་གསུངས་པ་ཡིན། འདི་གོ་བར་གྱུར་ན་ཆོས་ཀྱི་སྒོར་མ་གྱུར་པ་ག་ལ་ཡོད། ལར་རྟོགས་ལྡན་གྱི་རྣལ་འབྱོར་གྱི་དབང་ཕྱུག་ཅིག་དང་འཕྲད་ན་ཏིང་ངེ་འཛིན་གང་ཡང་རུང་བ་ལ་སེམས་རྩེ་གཅིག་ཏུ་གནས་པ་དེ་ལ་ངོ་སྤྲོད་གཅིག་གིས་ཆོག་པ་ཡིན་མོད། སློབ་དཔོན་འཕགས་པས་ཀླུའི་བྱང་ཆུབ་ཀྱི་མགོར་ཤིང་སྐྱེས་པར་བསྒོམ་དུ་བཅུག་པས་དེ་ལ་སེམས་རྩེ་གཅིག་ཏུ་གནས། བརྟན་པ་ཐོབ་པ་དེ་ཞི་གནས་ཀྱི་ཏིང་ངེ་འཛིན་ཡིན། དེ་ལ་སློབ་དཔོན་གྱིས་ངོ་སྤྲོད་ཚིག་གཅིག་བྱས་པས་ཆོག་པ་ཡིན། ཕྱིས་གྲུབ་པ་ཐོབ་པའི་རྣལ་འབྱོར་གྱི་དབང་ཕྱུག་ཀླུའི་བྱང་ཆུབ་ཏུ་གྲགས་པ་དེ་བྱུང་བ་ཡིན། ཤིང་ལ་རྩེ་གཅིག་པའི་དུས་སུ་དེའི་སྟེང་ན་འདོད་ཆགས་དང་ཞེ་སྡང་ལ་སོགས་པའམ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་སྤྲོས་པ་ཐམས་ཅད་ཀྱིས་སྟོང་པའི་སེམས་དེ་རྣལ་འབྱོར་བཞིའི་རྩེ་གཅིག་ཀྱང་དེ་ཡིན། སློབ་དཔོན་འཕགས་པའི་སེམས་དབེན་ཡང་དེ་ཡིན། འཆི་བའི་སེམས་གསུམ་ཡང་དེ་ཡིན། དེའི་རྗེས་ལ་འོད་གསལ་འབྱུང་བ་ཡིན། དེ་ཉིད་རྟོགས་པ་དེ་ལྷག་མཐོང་ཡིན། གཉིས་པོ་དབྱེ་བ་མེད་པ་ལྷག་མཐོང་དུ་རོ་གཅིག་པའི་དུས་སུ་ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་ཡིན། དེ་ཡང་རོ་གཅིག་གི་རྣལ་འབྱོར་ནི་མ་ཡིན། ལར་འུབས་ཀྱིས་བསྡུས་པར་གྱུར་ན་ངེད་རང་ཐམས་ཅད་ཀྱང་སང་དང་འཆི་བ་གང་སྔ་ཆ་མེད། མི་ཆོས་དང་ལྷ་ཆོས་གང་གི་ངོས་ནས་ཀྱང་མ་ཤི་བར་བསྡད་པ་མི་སྣང༌། དེས་ན་འཇིག་རྟེན་འདིའི་སྤྲོས་པ་ཐམས་ཅད་བཅད་ལ་ཞི་གནས་དང་ལྷག་མཐོང་གི་ཏིང་ངེ་འཛིན་སྒྲུབ་དང༌། དེའི་ངོ་བོར་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བ་ཡིན་པས། འདི་ལ་ནན་ཏན་མཛད་པར་ཞུ་བ་དེ་ཆོས་ལགས།།

ཡང་བླ་མ་རིན་པོ་ཆེའི་ཞལ་སྔ་ནས། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་རྒྱུ་གང་ལས་བྱུང་ན་ངར་འཛིན་པ་ལས་བྱུང་བ་ཡིན། མྱ་ངན་ལས་འདས་པ་བྱང་ཆུབ་གསུམ་རྒྱུ་གང་ལས་བྱུང་ན་ངར་འཛིན་པ་མེད་པ་ལས་བྱུང་བ་ཡིན། དེ་ཡང་ངར་འཛིན་མ་སྤངས་པའི་དུས་སུ་རང་ལ་བྱམས་པ་རྣམས་ལ་འདོད་ཆགས་སྐྱེ། རང་ལ་སྡང་བ་རྣམས་ལ་ཞེ་སྡང་སྐྱེ། བར་མ་རྣམས་ལ་གཏི་མུག་སྐྱེ་ཞིང་ཉོན་མོངས་པ་གསུམ་གྱི་སེམས་ཀྱིས་ལུས་ངག་ཡིད་གསུམ་གྱི་ལས་མངོན་པར་འདུ་བྱས་པས་ངན་སོང་གསུམ་ལ་སོགས་པ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་དེ་ལས་བྱུང་བ་ཡིན། དེ་ལྟར་ཡང༌། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །དེ་གཉིས་དང་ནི་འབྲེལ་པ་ལས། །ཉེས་པ་ཐམས་ཅད་འབྱུང་བ་ཡིན། །བགྱི་བ་གསུངས་ན་ལུས་འཇིག་པའི་ཚོགས་པ་འདི་ལ་བདག་ཏུ་བཟུང༌། དེ་ལ་བརྟེན་ནས་རང་གཞན་དུ་འཛིན་པ་བྱུང་ཞིང་བདག་གཞན་དུ་འཛིན་པས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདིར་འཁོར་བ་ཡིན། མྱ་ངན་ལས་འདས་པ་བྱང་ཆུབ་རྣམ་པ་གསུམ་ནི་ངར་འཛིན་པ་མེད་པའི་སེམས་དེ་ཉན་ཐོས་ཀྱི་བྱང་ཆུབ་འདོད་པས་ཁྱད་པར་དུ་བྱས་པས་ཉན་ཐོས་ཀྱི་བྱང་ཆུབ་ཐོབ། ངར་འཛིན་མེད་པའི་སེམས་དེ་རང་སངས་རྒྱས་ཀྱི་བྱང་ཆུབ་འདོད་པས་ཁྱད་པར་དུ་བྱས་པ་ལས་རང་བྱང་ཆུབ་ཐོབ། ངར་འཛིན་པ་མེད་པའི་སེམས་དེ་བླ་ན་མེད་པའི་བྱང་ཆུབ་འདོད་པས་ཁྱད་པར་དུ་བྱས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ། བྱང་ཆུབ་གསུམ་གྱི་ངོ་བོ་ནི་ངར་འཛིན་པ་མེད་པའི་སེམས་དེ་ཉིད་དུ་གཅིག་པ་ཡིན། ངར་འཛིན་པ་མེད་པའི་སེམས་དེ་ཇི་ལྟ་བུ་ཞིག་ཡིན་སྙམ་ན་ངར་འཛིན་པ་དང་ང་ཡིར་འཛིན་པས་སྟོང་པ་ད་ལྟར་གྱི་རང་གི་སེམས་འདི་ཡིན། དཔེར་ན་ནམ་མཁའ་འདི་དུས་ཐམས་ཅད་ཀྱི་བདག་ཉིད་འདུས་མ་བྱས་པ། འདས་པའི་དུས་ཀྱི་ནམ་མཁའ་ཡང་འདི་ཡིན། མ་འོངས་པའི་དུས་ཀྱི་ནམ་མཁའ་ཡང་འདི་ཡིན། ད་ལྟར་གྱི་ནམ་མཁའ་ཡང་འདི་ཡིན། ནམ་མཁའ་ལ་འགྱུར་བ་མེད། དེ་བཞིན་དུ་སེམས་ཉིད་ནམ་མཁའ་དེ་ཡང་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་གྱི་སེམས་ཉིད་ནམ་མཁའ་འདི་ཡིན་ཏེ། དེ་ལ་དགོངས་ནས། སེམས་ཉིད་ངོ་བོ་ཉིད་ཀྱི་སྐུ། །ལྷུན་གྱིས་གྲུབ་ཅིང་འདུས་མ་བྱས། །སྨྲ་བསམ་ཤེས་བརྗོད་ཡུལ་ལས་འདས། །རིན་པོ་ཆེ་ལ་ཕྱག་འཚལ་ལོ། །གསུང་བའི་དོན་ཡང་དེ་ཡིན། དུས་གསུམ་བདག་ཉིད་བདེ་ཆེན་བླ་མ་ནི། །ཁྱབ་དང་གཟུགས་ཅན་མ་ཡིན་འགྲོ་འོང་མེད། །ཆོས་སྐུ་རང་བཞིན་ལྷུན་གྲུབ་ངོ་བོ་ཉིད། །མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །གསུངས་པས་དུས་གསུམ་དུས་མེད་ཀྱི་སེམས་དེ་ལ་གསུངས་པ་ཡིན། སེམས་ཉིད་འདི་རྟོགས་པའི་དུས་སུ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་སྤངས་ནས་སེམས་བསྐྱེད་ཇི་ལྟ་བ་བཞིན་དུ་བྱང་ཆུབ་རྣམ་པ་གསུམ་ཐོབ་པ་ཡིན། འདི་རྟོགས་པར་བྱེད་པའི་ལྷ་ཡི་ལྷ་འཇིག་རྟེན་མགོན་པོ་མ་གཏོགས་པ་མེད། དེས་ན་ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས་དེ་ཉིད་ལ་མོས་གུས་བྱ། གཞན་བླ་མ་རྣམས་ལ་མོས་གུས་རན་པས་ཆོག ཐམས་ཅད་མཁྱེན་པ་དེ་ཉིད་ལ་མོས་གུས་བྱས་པའི་དུས་སུ་བྱང་ཆུབ་གསུམ་གྱི་ངོ་བོའི་སེམས་འདི་རྟོགས་ནས་འོང༌། རྟོགས་པའི་དུས་སུ་རྟོགས་པའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ཡིན། ཉོན་མོངས་པ་གསུམ་མེད་པའི་བྱང་ཆུབ་གསུམ་གྱི་ངོ་བོའི་སེམས་དེ་སངས་རྒྱས་ཆོས་ཀྱི་སྐུ་ཡིན། དེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱད་པར་དུ་བྱས་པ་ལས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པ་ཡིན། རྗེས་ཀྱི་ཤེས་པ་ཉོན་མོངས་པ་དང་རྣམ་པར་རྟོག་པའི་ཚོགས་ཇི་སྙེད་སྐྱེ་བ་རྣམས་བཅུ་ཆོས་དང་སུམ་ཆོས་ཀྱིས་ཉམས་སུ་བླངས་པས་སྤྲུལ་པའི་སྐུ་ཐོབ་པ་ཡིན། དེ་ལྟར་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་ཆད་པས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱེད་པ་ཡིན། དེའི་རྩ་བ་ཡང་ངར་འཛིན་པ་མེད་པའི་སེམས་ཉིད་ནམ་མཁའ་འདི་རྟོགས་པ་དང༌། འདི་ལ་མཉམ་པར་འཇོག་པས་ཐོབ་པ་ཡིན། སེམས་ཉིད་ནམ་མཁའ་འདི་ནི་དུས་ཐམས་ཅད་ཀྱི་བདག་ཉིད་ཡིན། ནམ་མཁའ་མེས་མི་ཚིགས་པ་དང་ཕན་གདགས་པ་དང༌། གནོད་པ་སྐྱེལ་དུ་མེད་པ་དང་འདྲ་བར་སེམས་ཉིད་ནམ་མཁའ་འདི་རྟོགས་པའི་དུས་སུ་གང་གིས་ཀྱང་ཕན་གདགས་པ་དང་གནོད་པ་སྐྱེལ་དུ་མེད། སྐྱེ་བ་དང་རྒ་བ་དང་ན་བའི་མེས་མི་འཚིག་སྟེ། ཇི་ལྟར་ནམ་མཁའ་མེ་རྣམས་ཀྱིས། །སྔོན་ཆད་ནམ་ཡང་ཚིག་པ་མེད།། དེ་བཞིན་འདི་ནི་སྐྱེ་བ་དང༌། །རྒ་དང་ན་བའི་མེས་མི་འཚིག །བགྱི་བ་ལ་སོགས་པ་གསུངས་ན། སེམས་ཉིད་ནམ་མཁའ་བྱང་ཆུབ་གསུམ་གྱི་ངོ་བོ་འདི་མ་རྟོགས་པར་ཐོས་པ་དང་བསམ་པ་དང་སྒོམ་པ་དང་གྲུབ་ཐོབ་ལ་སོགས་པའི་ཆོས་ཇི་སྙེད་ཅིག་མངོན་དུ་བྱས་ཀྱང་དེས་འཁོར་བ་སྤོང་བར་མི་ནུས། འཁོར་བ་མི་སྤོང་བའི་ཆོས་ལ་དགོས་པ་ཅི་ཡོད། འཁོར་བ་མི་སྤོང་བའི་ཆོས་རང་གི་སློབ་དཔོན་རྣམས་ཝ་མོ་རང་གཞུག་འདྲལ་བ་དང་འདྲ་བའམ། ལྟོ་ཁ་བར་མ་སོང་བར་འཇིག་རྟེན་མགོན་པོ་ལ་མོས་གུས་གྱིས་དང༌། ཉོན་མོངས་པ་གསུམ་མེད་པའི་སེམས་ཉིད་འདི་རྟོགས་པའི་དུས་སུ་མ་རྟོགས་པའི་ཆོས་སྤུ་ཙམ་ཡང་མེད་པ་ལགས་པས་དེ་ལྟར་ཐུགས་ལ་གཞག།

ཡང་བླ་མ་རིན་པོ་ཆེའི་ཞལ་ནས། ཁམས་གསུམ་གྱི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་ལ་གཏིང་མཐའ་ནི་མེད། ངེད་རང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱང་སྐྱབས་དང་མགོན་དང་དཔུང་གཉེན་ཐམས་ཅད་དང་ནི་བྲལ། འཁོར་བའི་སྡུག་བསྔལ་ཇི་སྙེད་ཅིག་ཉམས་སུ་མྱོང་ཡང་དེས་ཆོག་པའམ་འཛད་པའི་དུས་ནི་མེད། ངན་སོང་གི་གནས་རྣམ་པ་གསུམ་གྱི་སྡུག་བསྔལ་ནི་དྲན་པ་ཙམ་གྱིས་ཀྱང་སྙིང་ཀེང་ཤུ་ཀའི་འདབ་མ་ལྟར་གཡོ་བར་བྱེད་པས་ན་ཆོས་རིན་པོ་ཆེ་མི་བྱ་བའི་ཐབས་མེད། ཆོས་དེ་ཅི་ལྟ་བུ་ཞིག་ཡིན་སྙམ་ན། འདོད་ཆགས་མེད་པའི་སེམས་དང༌། ཞེ་སྡང་མེད་པའི་སེམས་དང༌། གཏི་མུག་མེད་པའི་སེམས་དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཟེར། དེ་ཡང་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ཕྱི་བ་གསུམ་གྱིས་ཕྱིས། རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་གསོལ་བ་བཏབ་ན་དགོས་འདོད་ཐམས་ཅད་འབྱུང་བ་གསེར་འདོད་པ་ལ་གསེར་འབྱུང༌། གཞན་མི་འབྱུང༌། ནོར་བུ་དང་དབྱིག་འདོད་པ་ལ་ཡང་དེ་འབྱུང་གཞན་མི་འབྱུང༌། དེ་བཞིན་དུ་ཉོན་མོངས་པ་གསུམ་མེད་པའི་སེམས་འདི་ཉན་ཐོས་ཀྱི་བྱང་ཆུབ་འདོད་པས་ཉམས་སུ་བླངས་ན་དེ་འབྱུང༌། དེ་བཞིན་དུ་རང་སངས་རྒྱས་ཀྱི་བྱང་ཆུབ་འདོད་པ་དང༌། བླ་ན་མེད་པའི་བྱང་ཆུབ་འདོད་པས་ཉམས་སུ་བླངས་ན་ཡང་དེ་ཐོབ། བྱང་ཆུབ་གསུམ་གྱི་ངོ་བོ་ནི་ཉོན་མོངས་པ་གསུམ་མེད་པའི་སེམས་དེར་གཅིག་པ་ཡིན། དེས་བྱང་ཆུབ་གསུམ་པོ་གང་འདོད་པ་དེ་ཐོབ་པ་ཡིན། དེ་ཡང་བཀའ་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བའི་དུས་སུ་བདེན་པ་བཞི་གསུངས་པ་དེ་གཙོར་ཉན་ཐོས་རྣམས་ཀྱི་ཡིན་ཏེ། ཉན་ཐོས་ཀྱི་གང་ཟག་རྣམས་ཀྱིས་འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་མེ་མ་མུར་གྱི་འོབས་ལྟ་བུར་ནི་མཐོང༌། དེ་ཡང་སྲེད་པ་ལས་བྱུང་བར་མཐོང་ནས་འདོད་ཆགས་གཙོར་སྤོང་ཞིང༌། ཞར་ལ་གཉིས་པོ་སྤོང་བ་ཀུན་འབྱུང་དང་སྡུག་བསྔལ་གྱི་བདེན་པ་གཉིས་ལས་འཁོར་བ་འབྱུང་བར་མཐོང་ནས། དེ་སྤོང་བའི་གཉེན་པོ་ལམ་གྱི་བདེན་པ་ལམ་འཕགས་པའི་ཡན་ལག་བརྒྱད་ཉམས་སུ་བླངས་པ་ལས། འབྲས་བུ་འགོག་པའི་བདེན་པ་ཐོབ་པར་འདོད་པས་ན། སྲེད་དང་བྲལ་ལ་ཡང་སྲིད་མེད། །འདོད་པ་མེད་པས་མྱ་ངན་འདའ། །བགྱི་བ་གསུངས། ཉོན་མོངས་པ་གསུམ་མེད་པའི་སེམས་དེ་ཉན་ཐོས་ཀྱི་བྱང་ཆུབ་འདོད་པས་ཉམས་སུ་བླངས་པས་འབྲས་བུ་དེ་ཐོབ་པ་ཡིན། གཉིས་པ་རང་སངས་རྒྱས་ཀྱང་འཁོར་བ་འདི་སྡུག་བསྔལ་དུ་མཐོང་ཞིང་དེ་ཡང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས་རྒ་ཤིའི་བར་དུ་འབྱུང་བ་ལས་འཁོར་བ་འབྱུང་བར་མཐོང༌། གཏི་མུག་གི་གཉེན་པོ་རྟེན་འབྲེལ་ཉམས་སུ་བླངས་པས་འཁོར་བ་སྤོང་བར་མཐོང་ནས། རྟེན་འབྲེལ་ལུགས་ལས་ལྡོག་པ་མ་རིག་པ་འགག་པས་འདུ་བྱེད་ནས་རྒ་ཤིའི་བར་དུ་འགགས་པས་འབྲས་བུ་རང་རྒྱལ་གྱི་བྱང་ཆུབ་ཐོབ། དེ་ཡང་ཉོན་མོངས་པ་གསུམ་མེད་པའི་སེམས་དེ་རང་སངས་རྒྱས་ཀྱི་བྱང་ཆུབ་འདོད་པས་ཉམས་སུ་བླངས་པས་ཐོབ་པ་ཡིན། དེ་ཡང་ཉན་ཐོས་རྣམས་ཀྱིས་གང་ཟག་གི་བདག་ཕུང་པོ་ལྔ་ལ་ངའམ་བདག་ཏུ་འཛིན་པ་དེ་ང་མེད་པར་རྟོགས་པ་དེ་གང་ཟག་གི་བདག་མེད། རང་སངས་རྒྱས་ཀྱིས་དེའི་སྟེང་ནས་ཀྱང་ཆོས་ཀྱི་བདག་མེད་ཀྱི་ཕྱེད་རྟོགས་པར་གསུངས་ཏེ། གཟུང་དོན་རྟོག་པ་སྤངས་ཕྱིར་དང༌། །འཛིན་པ་མི་སྤོང་ཕྱིར་ན་དེ། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། གསུངས་ན། འཛིན་པ་མི་སྤོང་བ་དེ་རང་སངས་རྒྱས་ཀྱི་བསྒོམ་ལམ་གྱི་ཏིང་ངེ་འཛིན་གྱི་རྒྱུན་དེ་ལ་འཛིན་པར་མིང་བཏགས་པ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཉོན་མོངས་པ་གསུམ་མེད་པའི་སེམས་དེ་བྱང་ཆུབ་ཀྱི་སེམས་ཀྱིས་ཉམས་སུ་ལེན་པ་ཡིན། སེམས་བསྐྱེད་ལ་དེད་དཔོན་ལྟ་བུ་དང༌། མཉན་པ་ལྟ་བུ་དང༌། རྫི་བོ་ལྟ་བུའི་སེམས་བསྐྱེད་གསུམ་ཡིན། དེད་དཔོན་ལྟ་བུའི་སེམས་བསྐྱེད་ནི་རང་ཉིད་སྔོན་དུ་སངས་རྒྱས་ཐོབ་པར་འདོད་ཅིང༌། དེ་ནས་སེམས་ཅན་རྣམས་སངས་རྒྱས་ལ་འགོད་པར་འདོད་པ་ཡིན། མཉན་པ་ལྟ་བུ་ནི་རང་ཉིད་དང་སེམས་ཅན་ཐམས་ཅད་དུས་གཅིག་སངས་རྒྱས་ཐོབ་པར་འདོད་པ་ཡིན། རྫི་བོ་ལྟ་བུའི་སེམས་བསྐྱེད་ནི་སྔོན་དུ་སེམས་ཅན་རྣམས་སངས་རྒྱས་ལ་བཀོད་ནས་གཟོད་རང་ཉིད་འཚང་རྒྱ་བར་འདོད་པ་ཡིན། དེ་ཡང་འཇིག་རྟེན་མགོན་པོའི་བཞེད་པ་ནི་མཉན་པ་ལྟ་བུའི་སེམས་བསྐྱེད་དེ་བཞེད་པ་ཡིན་ཏེ། རང་ཉིད་དང་སེམས་ཅན་ཐམས་ཅད་དུས་གཅིག་ཏུ་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འདོད་པ་ཡིན། རྗེ་བཙུན་འཇམ་དབྱངས་ཀྱིས་ནི་རྫི་བོ་ལྟ་བུའི་སེམས་བསྐྱེད་སེམས་ཅན་ཐམས་ཅད་མདུན་དུ་སངས་རྒྱས་ལ་བཀོད་ནས་གཟོད་རང་ཉིད་འཚང་རྒྱ་བར་འདོད་པ་སྟེ། དང་པོ་སེམས་བསྐྱེད་པའི་དུས་སུ་བདག་ནི་བྱང་ཆུབ་རིངས་ཚུལ་དུ། །སངས་རྒྱས་འགྱུར་བར་སྤྲོ་བ་མེད། །ཕྱི་མཐར་ཐུག་གི་བསྐལ་པར་ཡང༌། །སེམས་ཅན་གཅིག་ཕྱིར་སྤྱད་པར་བྱ། །བགྱི་བ་གསུངས། ཚན་གཅིག་ན་རེ། རྗེ་བཙུན་འཇམ་དབྱངས་ནི་བྱང་ཆུབ་སེམས་དཔའ་འདོད་ཆེན་པ་ཡིན་ཟེར་བ་ཡོད་དེ་དེ་མ་ལགས། འདོད་ཆེན་པ་ནི་འཁོར་བའི་མཐའ་འཛིན་ཅིང་གཏན་འཚང་རྒྱ་བར་མི་འདོད་པ་ཡིན། རྗེ་བཙུན་བྱམས་པས་ཀྱང་གཏན་འཚང་མི་རྒྱ་བ་ནི་གཉིས་ཏེ། ཕྱོགས་སྙོམས་ཆོས་ལ་བསྐུར་བ་དང༌། གཉིས་པ་དེ་ནི་འདོད་ཆེན་པའོ།། གསུངས། །དེས་ན་རྗེ་བཙུན་འཇམ་དབྱངས་ཀྱི་དེ་འདོད་ཆེན་མ་ལགས། དེ་ལྟར་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དུས་རིང་ཐུང་གསུམ་བྱིན་གྱིས་བརླབས་པས། ལུས་ངག་ཡིད་གསུམ་གྱི་བྱ་བ་ཐམས་ཅད་ཀྱིས་སེམས་བསྐྱེད་རྫོགས་པར་བྱས་ནས་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་རྒྱུ་འབའ་ཞིག་ཏུ་འགྱུར་བ་ཡིན། དེ་ལྟར་སོང་ན་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ་པ་ལས་མི་དགེ་བ་ལ་བཀོལ་བ་མེད་པས། དགེ་བ་ཐམས་ཅད་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་དེ་ལྟར་རིགས་ན། མི་དགེ་བ་བྱང་ཆུབ་ཏུ་འགྱུར་བ་ནི་མི་དགེ་བ་དགེ་བར་འགྱུར་བའམ་དེ་ནི་མི་འཐད་སྙམ་ན། ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ་བ་དེ་ལྟར་བདེན་མོད། དེ་ཡང་མི་དགེ་བ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཡང༌། འདོད་ཆགས་ཀྱང་འདོད་ཆགས་མེད་པ་སྟོང་པ་ཉིད་དང་འབྲལ་བ་མེད། ཞེ་སྡང་ཡང་ཞེ་སྡང་མེད་པ་སྟོང་པ་ཉིད་དང་འབྲལ་བ་མེད། གཏི་མུག་ཀྱང་གཏི་མུག་མེད་པ་སྟོང་པ་ཉིད་དང་འབྲལ་བ་མེད་པ་གཤིས་ཡིན། འདོད་ཆགས་མེད་པ་སྟོང་པ་ཉིད་དེ་དགེ་བ་ཡིན་ནམ་མི་དགེ་བ་ཡིན། དེ་བཞིན་དུ་ཞེ་སྡང་མེད་པ་སྟོང་པ་ཉིད་དང༌། གཏི་མུག་མེད་པ་སྟོང་པ་ཉིད་དེ་དགེ་བ་ཡིན་ནམ་མི་དགེ་བ་ཡིན། དེ་ལ་དགོངས་ནས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་རྣམས་དེ་བཞིན་གཤེགས་པའི་གདུང་དུ་གསུངས་པ་མ་ལགས་སམ། འདོད་ཆགས་ཉིད་ཆགས་པ་མེད་པ་སྟོང་པ་ཉིད་དེ་ལ་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཟེར་བ་མ་ལགས་སམ། དེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱད་པར་དུ་བྱས་པའི་དུས་སུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དབྱེ་བ་མེད་པའི་ཏིང་ངེ་འཛིན་འདིས་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་ཞིང༌། གདུལ་བྱ་དེའི་རིགས་ཅན་རྣམས་འདུལ་བ་འདི་ངོ་མཚར་བ་སྟེ་རྨད་དུ་བྱུང་བའི་ཆོས་ཡིན། དེར་ནི་ཡར་ལུང་པ་གྲོགས་པོ་ཀའི་བཙུན་རྒན་གྱི་འདོད་པ་འདྲ་བ་ཞིག་བྱུང་སྙམ་ན། དེ་ཡང་འདྲ་འདྲ་ལ་གཏད་སོ་མི་གཅིག སྤྱིར་ཆོས་དང་ཆོས་མ་ཡིན་པ་གཉིས་ཤན་ཕྱེད་པར་སླ་བ་མ་ཡིན། འོན་དུ་ཟིན་ཀྱང་འཇིག་རྟེན་མགོན་པོའི་གྲུབ་མཐའ་ཆེན་མོ་འདིའི་རྗེས་སུ་འབྲང་ཤེས་པར་གྱུར་ན་ཧ་ཅང་དཀའ་བ་ཡང་མ་ཡིན། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཉོན་མོངས་པ་སྤང་བར་བྱ་བའི་ཆོས་སྟོན་པ་ཡིན། ཆོས་ཐམས་ཅད་མཉམ་པ་ཉིད་རྟོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཉོན་མོངས་པ་དེ་ཉིད་ཉོན་མོངས་པ་མེད་པ་མ་སྐྱེས་པ་སྟོང་པ་ཉིད་དུ་ངོ་སྤྲོད་པར་མཛད་པའི་ཆོས་གསུངས་པ་ལགས། དེ་ཡང་དཔེ་ཇི་ལྟ་བུ་ཡིན་ན། འཇམ་དཔལ་གྱིས་སྨད་ཚོང་མའི་བུ་མོ་གསེར་མཆོག་འོད་གསལ་མ་དང༌། ཚོང་དཔོན་གྱི་བུ་འཇིགས་མེད་གཉིས་བཏུལ་བ་ལྟ་བུ་ཡིན་ཏེ་གཟུགས་ཉིད་བྱང་ཆུབ། བྱང་ཆུབ་ཉིད་གཟུགས་ལ་སོགས་པ་གསུངས་པས། དེ་གཉིས་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ལགས། དེས་ན་འདོད་ཆགས་ཉིད་བྱང་ཆུབ། བྱང་ཆུབ་ཉིད་འདོད་ཆགས། ཆགས་པ་ཉིད་ཆགས་པ་མེད་པ་སྟོང་པ་ཉིད་གཤིས་ཀྱིས་ཡིན་ལ། དེ་རྟོགས་པའི་དུས་སུ་སྟོང་པ་ཉིད་དེ་དགེ་བ་ཡིན་ནམ་མི་དགེ་ཡིན། སློབ་དཔོན་རྒྱལ་པོས་འདོད་ཆགས་སྤངས་པའི་བདེན་པའི་བྱིན་རླབས་བརྗོད་པས་ཆུ་བོ་གངྒཱ་གྱེན་ལ་ལོག་པའམ། སློབ་དཔོན་ལྭ་བ་པ་ཕྱི་དྲོའི་ཁ་ཟས་སྤངས་པའི་བདེན་པ་བརྗོད་པས་ཀྱང་ཆུ་བོ་གྱེན་ལ་ལོག་པར་གསུངས། ཉོན་མོངས་པ་གསུམ་ལ་སོགས་པ་ཉོན་མོངས་པ་མེད་པ་སྟོང་པ་ཉིད་དོན་དམ་པ་བྱང་ཆུབ་ཀྱི་སེམས་དང༌། སེམས་དེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱད་པར་དུ་བྱས་པའི་དུས་སུ་དེ་ཉོན་མོངས་པ་གསུམ་མེད་པའི་སེམས་དང་ལས་སུ་འོང་བ་ཡིན་ཏེ། མདོ་ཉི་མའི་སྙིང་པོར་བྱང་ཆུབ་ཀྱི་སེམས་ནི་ཆོས་ཐམས་ཅད་ཀྱི་སྔོན་འགྲོ་སྟེ། ཐ་ན་ཉོན་མོངས་པའི་སེམས་ཀྱི་སྔོན་དུ་ཡང་འགྲོ་བར་གསུངས་པ་དེ་དེ་ལ་དགོངས་པ་མ་ལགས་སམ། དེ་རིང་གི་ཆོས་འདིས་ཚན་གཅིག་གི་ཆོས་རྣམས་མགོ་རྟིང་བཟློག་པ་བཞིན་དུ་འགྲོ་བ་ཡང་སྲིད། དེས་ན་དགེ་བ་དང་མི་དགེ་བ་གཉིས་སོ་སོར་མ་འདྲེས་པར་གོ་དགོས་སོ། །དགེ་བ་དང་མི་དགེ་བ་གཞན་དུ་མི་འགྱུར་བའི་གྲུབ་མཐའ་འདི་གཟུང༌། འུབས་ཀྱིས་བསྡུས་པར་གྱུར་ན་ཉོན་མོངས་པ་གསུམ་མེད་པའི་སེམས་དེ་བྱང་ཆུབ་གསུམ་འདོད་པས་ཉམས་སུ་བླངས་ན་གང་འདོད་པ་དེ་ཐོབ། དེས་ན་ཆོས་དང་སྡེ་སྣོད་ལ་ཐེག་པ་ཆེ་ཆུང་མེད། རྟེན་གྱི་གང་ཟག་གི་བསམ་པས་ཐེག་པ་ཆེ་ཆུང་ཕྱེ་བ་ཡིན། བྱང་ཆུབ་གསུམ་གྱི་ངོ་བོ་ཉོན་མོངས་པ་གསུམ་མེད་པའི་སེམས་དེར་གཅིག་པ་ཡིན། དེས་ན་ལུས་ངག་ཡིད་གསུམ་གྱི་བྱ་བ་ཐམས་ཅད་ཀྱང་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཡིན་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱང་སྟོང་པ་ཉིད་ཡིན། ལུས་ངག་ཡིད་གསུམ་གྱི་བྱ་བ་ཐམས་ཅད་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱད་པར་དུ་བྱས་པའི་དུས་སུ། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དབྱེ་བ་མེད་པའི་ལས་སུ་འོང་བས་ན་ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྲོ་བ་ལགས་པས་དེ་ལྟར་ཕྱག་ལེན་མཛད་པར་ཞུ།།

ཡང་བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་འདས་མ་འོངས་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ནི་ཐོག་མ་དང་བར་དང་ཐ་མར་དགེ་བ་འདིར་གཅིག་པ་ཡིན། དེ་ལྟར་ཡིན་པར་ཡང༌། ཐོག་མ་བར་དང་མཐར་དགེ་བ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུང་བ་གང༌། བགྱི་བ་གསུངས་ན། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཆོས་དེར་གཅིག་པ་ཡིན། དེ་ཡང་ཐོག་མར་དགེ་བ་གང་ཡིན་པ་དེ་བར་དང་ཐ་མར་ཡང་དགེ་བ་ཡིན། ཐོག་མར་མི་དགེ་བ་གང་ཡིན་པ་དེ་བར་དང་ཐ་མར་ཡང་མི་དགེ་སྟེ། དགེ་བ་ལ་མི་དགེ་བའི་གནས་མེད། མི་དགེ་བ་ལ་དགེ་བའི་གནས་མེད་དེ། ཕན་ཚུན་བསྒྱུར་དུ་མི་བཏུབ། འོ་ན་ཁ་སང་གི་སྐབས་སུ་ཉོན་མོངས་པ་གསུམ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱད་པར་དུ་བྱས་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་གསུང་སྙམ་ན། དེ་ཡང་འདོད་ཆགས་འདོད་ཆགས་མེད་པ་སྟོང་པ་ཉིད་དུ་རྟོགས་པ་དེ་མི་དགེ་བ་མ་ལགས། དེ་དགེ་བ་ཡིན། དེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱད་པར་དུ་བྱས་པ་དེ་བླ་ན་མེད་པ་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་ནི་གཤིས་ཡིན། མི་དགེ་བ་དགེ་བར་བསྒྱུར་བ་མ་ལགས། དེ་བཞིན་དུ་ཞེ་སྡང་དང་གཏི་མུག་ཀྱང་ཞེ་སྡང་དང་གཏི་མུག་མེད་པ་སྟོང་པ་ཉིད་དུ་རྟོགས་པ་དང༌། དེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱད་པར་དུ་བྱས་པའི་དུས་སུ་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་དེ་དགེ་བ་ཡིན། དེས་ན་སློབ་དཔོན་རྒྱལ་པོ་དང་སློབ་དཔོན་ལྭ་བ་པའི་བདེན་པའི་བྱིན་རླབས་འགྲུབ་པའི་རྒྱུ་མཚན་དེ་ཡིན་ཏེ། ཉོན་མོངས་པ་གསུམ་སྐྱེ་ བ་མེད་པ་སྟོང་པ་ཉིད་དུ་རྟོགས་པའི་དུས་སུ་དེ་དགེ་བ་ཡིན། དེ་མ་ལགས་པ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་དགེ་བ་ཡིན་ཡང་དེ་མ་རྟོགས་པ་ཨ་འཐས་ཀྱི་དུས་སུ་མ་རྟོགས་པ་ཨ་འཐས་པ་དེ་གཏི་མུག་ཡིན། གཏི་མུག་དེ་མི་དགེ་བ་ཡིན། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་ཡང་མ་རྟོགས་པར་གྱུར་ན་དེས་ཀྱང་འཁོར་བ་སྤོང་བར་མི་ནུས་ཏེ། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཉེས་པ་ཤིན་དུ་ཚར་གཅོད་མིན། །སྟོང་ཉིད་ལྟ་དང་དེ་འགལ་བས། །སྟོང་པ་ཉིད་ནི་བསྒོམ་པར་བྱ།། བགྱི་བ་གསུངས། སོགས་ཁོངས་ན་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཡོད་པ་ཡིན། སྤྱིར་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་ཀུན་རྫོབ་ལྟར་གཅིག་པ་ནི། མི་དགེ་བ་བཅུ་སྤོང་བ་དང་དགེ་བ་བཅུ་ཉམས་སུ་ལེན་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པར་གཅིག་པ་ཡིན། དེ་ཡང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་བཅུ་སྤོང་བ་དང་དགེ་བ་བཅུ་ཉམས་སུ་ལེན་མི་ལེན་མ་གཏོགས་པ་ཆོས་ལ་མི་ཤེས་རྒྱུ་ཞིག་ག་ལ་ཡོད། མི་དགེ་བ་ལས་སྡུག་བསྔལ་འབྱུང་བར་ཤེས་བཞིན་དུ་མི་དགེ་བ་སྤྱོད་པ་ནི་དུག་ཧ་ལ་ཧ་ལ་འཇིགས་སུ་རུང་བ་བཟའ་ན་འཆི་བར་ཤེས་པས་ཟ་བ་དང་འདྲ། དུག་དེས་ལུས་འདི་དང་འབྲལ་བར་བྱེད་པ་ཙམ་ཡིན། མི་དགེ་བས་ནི་སྐྱེ་བ་གཏན་གྱི་བདེ་སྐྱིད་ཐམས་ཅད་རྒྱུན་གཅོད་པ་ཡིན། དེས་ན་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་བཅུ་སྤོང་བའི་བརྩོན་འགྲུས་བརྩམ། ལུས་ཀྱི་སྒོ་ནས་སྲོག་གཅོད་པ་འདི་མ་སྤངས་པར་གྱུར་ན་སེམས་ཅན་དམྱལ་བར་སྐྱེ་བའི་རྒྱུ་དེ་ཡིན། དེ་ཡང་རང་ཉིད་ཀྱིས་མི་གཅོད་པ་དང་གཞན་ལ་མི་བཅོལ་བ་ཞིག་དགོས། གྲོང་ཁྱེར་བ་ཚན་གཅིག་གསོད་མ་གཞན་འགུགས་ནས་གསོད་དེ། གཞན་ལ་བཅོལ་བ་དང་རྗེས་སུ་ཡི་རང་བའི་རྣམ་སྨིན་མཉམ་པར་གསུངས་པ་ཡིན། དཔེར་ན་དེ་བཞིན་གཤེགས་པ་འདི་སྔོན་བྲམ་ཟེར་སྐྱེ་བ་བཞེས་པ་ན་ཉ་གསོད་པ་ལ་རྗེས་སུ་ཡི་རང་སྐྱེས་པ་ལྟ་བུ་ཡིན། གཞན་ཡང་ལུས་ཀྱི་སྒོ་ནས་མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་སྤོང་བའི་བརྟུལ་ཞུགས་བཟུང༌། ངག་གི་སྒོ་ནས་རྫུན་དུ་སྨྲ་བ་འདི་སྤོང་དགོས། རྫུན་འདི་མ་སྤང་ན་རྣམ་པར་སྨིན་པ་ཆེ་སྟེ། རྫུན་སྨྲ་བ་ནི་ལྕེ་མེད་པའི་སེམས་ཅན་དམྱལ་བར་སྐྱེ་གསུངས། གཞན་ཡང་ངག་གི་སྒོ་ནས་ཕྲ་མ་ངག་འཁྱལ་ཚིག་རྩུབ་སྤོང་དགོས། ཡིད་ཀྱི་སྒོ་ནས་བརྣབ་སེམས་གནོད་སེམས་ལོག་ལྟ་གསུམ་སྤོང་དགོས། མི་དགེ་བ་བཅུ་མ་སྤངས་པར་གྱུར་ན་ངན་སོང་གི་གནས་གསུམ་ལ་སོགས་པ་འཁོར་བར་འཁོར་བ་ཡིན། མི་དགེ་བ་བཅུ་སྤངས་པར་གྱུར་ན་འདུན་པ་ཇི་ལྟ་བ་བཞིན་བྱང་ཆུབ་རྣམ་པ་གསུམ་ཐོབ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱང་འདིར་གཅིག་པ་ཡིན། དགེ་སློང་དང་དགེ་ཚུལ་ལ་སོགས་པའི་བསྲུང་རྒྱུ་ཡང་དེ་ཡིན། སྡོམ་པ་རྣམ་པ་གསུམ་མི་དགེ་བ་བཅུ་སྤོང་བ་དང༌། དགེ་བ་བཅུ་ཉམས་སུ་ལེན་པ་འདིར་གཅིག་པ་ཡིན། འདི་ཉམས་སུ་བླངས་ན་འདུན་པ་ཇི་ལྟ་བ་བཞིན་བྱང་ཆུབ་གསུམ་ཐོབ་པ་དང༌། མི་དགེ་བ་བཅུ་མ་སྤངས་ན་ངན་སོང་གསུམ་ལ་སོགས་པར་སྐྱེ་བ་དེ་ཡང་ཕྱི་རོལ་ན་ཡོད་པ་མ་ལགས། སེམས་ཉིད་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་འདི་མི་དགེ་བའི་རྐྱེན་དང་འཕྲད་པའི་དུས་སུ་མི་དགེ་བ་བཅུ་རུ་ལྡང་ཞིང་གནས་པ་ཡང་དེ་ཉིད་ལ་གནས། འགག་པ་ཡང་དེ་ཉིད་ལ་འགག མི་དགེ་བའི་རྐྱེན་དེ་ངན་སོང་གསུམ་ལ་སོགས་པར་སྣང་བ་ཡིན། དགེ་བ་བཅུ་ཡང་སེམས་ཉིད་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད། དེ་དགེ་བའི་རྐྱེན་དང་ཕྲད་པ་ལས་དགེ་བ་བཅུར་མངོན་པར་ལྡང་ཞིང་གནས་པ་ཡང་དེ་ཉིད་ལ་གནས། འགག་པ་ཡང་དེ་ཉིད་ལ་འགག་པ་དང༌། འདུན་པ་ཅི་ལྟ་བ་བཞིན་དུ་བྱང་ཆུབ་གསུམ་ཐོབ་པ་ཡང་དགེ་བ་བཅུས་འདུན་པ་དེ་རྫོགས་པར་བྱས་ནས་དེར་སྣང་བ་ཡིན། ཆོས་ལ་བྱེད་མི་བྱེད་མ་གཏོགས་པ་གོ་མ་གོའི་རྒྱུ་མེད། དགེ་བ་བཅུ་ལས་ཐོག་མ་དང་བར་དང་ཐ་མར་དགེ་བ་གཉིས་གཞན་གྱི་བདེ་སྐྱིད་ཐམས་ཅད་འབྱུང་བ་འདི་ལ་ནན་ཏན་ཆེན་པོ་བྱ། ལར་ངེད་རང་ཐམས་ཅད་སང་དང་འཆི་བ་གང་སྔ་ཆ་མེད། འཆི་བའི་དུས་སུ་སྐྱབས་ཆོས་མ་གཏོགས་པ་མེད་པས་ན་ཆོས་འདི་མི་བྱ་བའི་ཐབས་མེད་པ་ཡིན། དེས་ན་མི་དགེ་བ་བཅུ་སྤོང་བ་དང༌། དགེ་བ་བཅུ་ཉམས་སུ་ལེན་པའི་བརྩོན་འགྲུས་རྩོམ་པར་ཞུ་བ་དེ་ཆོས་ལགས།།

ཡང་བླ་མ་རིན་པོ་ཆེའི་ཞལ་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བར་འདུ་བ་ཡིན། བཅོམ་ལྡན་འདས་ཀྱིས་ཆོས་དང་འགལ་བའི་རྩ་བ་ནི་བྱས་པ་མི་ཤེས་ཤིང་དྲིན་དུ་མི་གཟོ་བ་ལས་བྱུང་བ་ཡིན། དེ་ཡང་བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ན་བྱས་པ་ཤེས་པ་དང་དྲིན་དུ་གཟོ་བ་ལྟར་ཉམས་སུ་བླངས་པ་ལས་གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་ཐམས་ཅད་བྱུང་བ་ལགས། ལྷས་བྱིན་བྱས་པ་མི་ཤེས་པ་དང་བྱས་པ་དྲིན་དུ་མི་གཟོ་བ་ལས་གནས་སྐབས་དང་མཐར་ཐུག་གི་ཉེས་པ་དང་བཀྲ་མི་ཤིས་པ་ཐམས་ཅད་བྱུང་བ་ཡིན། དེས་ན་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་འདི་གལ་ཆེ། ཕ་མ་ཞིང་དག་པའི་རྒྱུ་མཚན་ཡང་དེ་ཡིན། ཡུལ་རྒྱ་གར་ཕན་ཆོད་ན་ཆོས་ཀྱི་ཕུལ་ཆེ་བས་ཕ་མ་ཡོད་པར་གྱུར་ན་གཞན་ན་བླ་མཆོད་དགྲ་བཅོམ་པ་ཡོད་ན་ཡང་བླ་མཆོད་གཞན་དུ་མི་འཚོལ་བར་ཕ་མ་ལ་བླ་མཆོད་བྱེད་པ་ལགས་པར་གདའ། དེ་བཞིན་དུ་འཕགས་པའི་གང་ཟག་ཞིང་དག་པའི་རྒྱུ་མཚན་ཡང༌། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་སེམས་ཅན་རྣམས་ལ་བྱམས་པ་དང་སྙིང་རྗེས་བཟུང་བས་དེ་མཆོད་ན་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བས་བསོད་ནམས་ཆེ་བ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་རྣམས་བྱང་ཆུབ་ཀྱི་སེམས་ཀྱིས་བཟུང་བ་དང༌། ཕན་པ་དང་བདེ་བ་ཡང་ཁོང་གིས་དྲིན་ལས་བྱུང་བས་ཞིང་དག་པའི་རྒྱུ་མཚན་ཡང་དེ་ཡིན། ཞིང་དག་པ་རྣམས་ལ་གསོད་པའམ་གནོད་པ་བསྐྱལ་བར་གྱུར་ན་བྱས་པ་མ་ཤེས་ཤིང་དྲིན་དུ་མ་གཟོ་བས་སྡིག་པ་ཆེ་བ་དང་མཚམས་མེད་དུ་འོང་བའི་རྒྱུ་མཚན་དེ་ཡིན། ཚུར་ཕན་བཏགས་པ་དང་དྲིན་ཡོད་པ་ལ་བྱས་པ་མ་ཤེས་པར་གྱུར་ན་མངོན་སུམ་དུ་ཕུང་སྣ་ཚོགས་འོང་སྟེ། རི་དྭགས་ཀྱི་རྒྱལ་པོ་རུ་རུ་པ་དེ་བྱང་ཆུབ་སེམས་དཔའ་སྤྲེའུ་ཆེན་པོར་སྐྱེ་བ་བཞེས་པ་ན་གཞན་ལ་ཕན་བཏགས་པ་དྲིན་དུ་མ་གཟོ་བ་ལ་ཉེས་པ་བྱུང་བའམ། ལྷས་བྱིན་བྱས་པ་མ་ཤེས་པས་རྫུ་འཕྲུལ་ཉམས་པ་ལྟ་བུ་ཡིན། དེས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་བྱས་པ་ཤེས་པ་དང་དྲིན་དུ་གཟོ་བ་འདི་ཡིན་པས་འདི་ལ་ཐོག་མ་དང་བར་དང་ཐ་མར་དགེ་བ་བཀྲ་ཤིས་དང་བདེ་ལེགས་ཐམས་ཅད་འབྱུང༌། དེ་ལྟར་ཡིན་པར་ཡང༌། བྱས་པ་ཤེས་ཤིང་བྱས་པ་གཟོ། །བྱས་པ་ཆུད་ཟོས་མི་བྱེད་པའི། །མི་དེ་གང་ན་གནས་ཀྱང་བདེ། །དེ་ལ་དཔལ་མགོན་ཉེ་བར་གནས། །བགྱི་བ་གསུངས། རང་ལ་བྱམས་པ་དང་ཕན་བཏགས་པ་དེ་ཅི་ཟེར་ཉན་པ་དང་དྲིན་དུ་གཟོ་བ་གལ་ཆེ། འདིར་ང་འབུས་ཀྱང་ཁྱེད་དགེ་འདུན་རྣམས་སམ་ཡོན་བདག་པ་ལ་རེས་འགའ་འབར་བ་ལྟར་འདུག་ཀྱང༌། གཏིང་ཁྱེད་རྣམས་བདེ་ན་དགའ་བའི་བྱམས་པ་ཡོད་པས་དེ་ལ་ཕན་བདེ་འབྱུང་ཞིང་འབར་བས་ཀྱང་ཕུགས་སུ་སྐྱོན་ཆེན་པོ་ཞིག་མི་སྐྱེད། དེས་ན་ང་ཡིས་ཀྱང་ཡོན་མཆོད་རྣམས་ཀྱི་གསུང་སྒྲུབ་དགོས། དེ་ལས་ཕན་པ་དང་བདེ་བ་འབྱུང་བ་ཡིན། སྤྱིར་ཡང་བླ་མའི་གསུང་སྒྲུབ་པ་ལ་བདེ་སྐྱིད་ཐམས་ཅད་འབྱུང་བ་ཡིན། དེ་ཡང༌། བྱང་ཆུབ་སེམས་དཔའ་གང་ཞིག་རྗེས་སུ་བསྟན་དང་མཐུན་བྱེད་ཅིང༌། །དྲན་པ་ཉེ་བར་བཞག་སྟེ་བླ་མའི་ངག་གཅོག་མི་བྱེད་པ། །དེ་ཕྱིར་དེ་ཡི་དོན་རྣམས་མཐུན་པར་འགྲུབ་འགྱུར་ཏེ། །མཐུན་པའི་སངས་རྒྱས་ཡེ་ཤེས་བྱང་ཆུབ་དྲུང་དུ་འཚང་ཀྱང་རྒྱ། །བགྱི་བ་གསུངས། བླ་མའི་གསུང་ནི་མི་རིགས་པར་ལྟར་འདུག་ཀྱང་སྒྲུབ་དགོས་ཏེ། སློབ་དཔོན་ནཱ་རོ་པས་དཀའ་བ་བཅུ་གཉིས་སྤྱད་པ་ཏིལླི་པའི་གསུང་སྒྲུབས་པ་ཡང་འཕྲལ་དུ་རིགས་པ་ལྟར་མི་འདུག་ཀྱང་བསྒྲུབས་པ་ལགས་མོད། ཏིལླི་པ་ལྟ་བུའི་གསུང་སྒྲུབ་པར་ནུས་ཀྱང་བླ་མ་གཞན་གྱི་གསུང་སྒྲུབ་མི་ནུས་སྙམ་ན། དེ་ཡང་བླ་མ་ངན་པ་ཞིག་ཡིན་ན་དེའི་གསུང་མ་བསྒྲུབ་ན་ཡང་ཕྱིས་བླ་མ་བཟང་པོ་དང་མཇལ་བ་དང་གསུང་སྒྲུབ་པ་དེ་མི་འོང༌། དེ་རྒྱུ་འབྲས་ཡིན་ཏེ་བླ་མ་རྣམས་སྲོག་གཅིག་པ་ཡིན། བླ་མའི་གསུང་བསྒྲུབས་པ་ལས་ཕན་པ་དང་བདེ་བ་འབྱུང་བ་དེ་ཡང་བླ་མ་དྲིན་ཆེ་བས་དེ་ལ་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་ལས་བྱུང་བ་ཡིན། བླ་མའི་གསུང་བཅག་པར་གྱུར་ན་ཉེས་པ་ཆེ་བ་ཡང་བྱས་པ་མ་ཤེས་པ་དང་དྲིན་དུ་མ་གཟོ་བ་ལས་བྱུང་བ་ཡིན། བླ་མའི་གསུང་བཅག་པར་གྱུར་ན་ཉེས་པ་ཆེ་བ་ཡང་བྱས་པ་མ་ཤེས་པ་དང་དྲིན་དུ་མ་གཟོ་བ་ལས་བྱུང་བ་ཡིན། བླ་མ་དང་གྲོགས་པོ་ལ་སོགས་པ་དྲིན་ཡོད་པ་དང་ཚུར་བྱས་པ་རྣམས་ལ་དྲིན་དུ་གཟོ་བ་གལ་ཆེ། གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་ཐམས་ཅད་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་ལས་བྱུང་བ་ཡིན་པས་དེ་ལྟར་ཕྱག་ལེན་དུ་མཛད་པར་ཞུ་བ་དེ་ཆོས་ལགས།།

ཡང་བླ་མ་རིན་པོ་ཆེའི་ཞལ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཇི་སྙེད་ཅིག་གསུངས་པའི་བརྗོད་བྱ་རྟེན་འབྲེལ་ཡིན། དེ་ལྟར་ལགས་པར་ཡང༌། རྟེན་ཅིང་འབྲེལ་པར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །གང་གིས་འདི་ཉིད་ཡང་དག་མཐོང་བ་དེས། །སངས་རྒྱས་དེ་ཉིད་རིག་པ་རྣམ་མཆོག་མཐོང༌། །ཞེས་པ་དང༌། གང་གིས་རྟེན་འབྲེལ་མཐོང་བ་དེས་དཀོན་མཆོག་གསུམ་མཐོང་བར་གསུངས་པ་དང༌། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པ། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས། འོ་ན་དེ་ལྟར་ཡིན་ན་རྟེན་འབྲེལ་དེ་གང་ཡིན་སྙམ་ན། རྒྱུ་རྐྱེན་གཉིས་འདོད་པ་དེ་ཡིན་ཏེ། རྒྱུ་མི་འདོད་པ་ལ་རྟེན་འབྲེལ་མི་རུང༌། རྐྱེན་མི་འདོད་པ་ལ་ཡང་རྟེན་འབྲེལ་མི་རུང༌། དེ་ལ་དོན་དམ་པ་ལྟར་ཉེ་བར་ལེན་པའི་རྒྱུ་ཁམས་རང་བཞིན་གྱིས་རྣམ་པར་དག་པ་སེམས་ཉིད་གདོད་མ་ནས་མ་སྐྱེས་པ་སངས་རྒྱས་ཀྱིས་མ་མཛད། སེམས་ཅན་གྱིས་མ་བཅོས་པ་དེ་གཤིས་སམ་བབས་ཀྱིས་སེམས་ཅན་ཐམས་ཅད་ལ་གནས་པ་དེ་ཡིན། ལྷན་ཅིག་བྱེད་པའི་རྐྱེན་མཚན་ཉིད་དང་ལྡན་པའི་བླ་མ་དམ་པ་ཡིན། རྒྱུ་རྐྱེན་འཛོམས་པ་དེ་ལ་རྟེན་འབྲེལ་ཟེར། འོ་ན་ཁམས་དེ་ནི་རྒྱུས་མ་བསྐྱེད། རྐྱེན་གྱིས་མི་འཇིག་པ་དེ་རྟེན་འབྲེལ་དུ་བཏུབ་བམ་སྙམ་ན། རྟེན་འབྲེལ་ཀྱི་གཞི་དེ་ཡིན་ཏེ་དཔེར་ན་ནམ་མཁའ་རྒྱུས་མ་བསྐྱེད། རྐྱེན་གྱིས་མི་འཇིག་ཀྱང་སྣོད་བཅུད་ཐམས་ཅད་ཀྱི་གཞི་ཡིན་པ་བཞིན་དུ་འཁོར་འདས་ཀྱི་རྟེན་འབྲེལ་གྱི་གཞི་དེ་ཡིན། དེ་བཞིན་གཤེགས་པས་ས་ལུ་ལྗང་པའི་མདོར་རྟེན་འབྲེལ་ནི་བསྟན་དུ་མེད་པ། བལྟར་མེད་པ། བརྗོད་དུ་མེད་པ། བརྗོད་པའི་ཡུལ་ལས་འདས་པར་གསུངས། དེའི་དོན་སློབ་དཔོན་འཕགས་པས། གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །ལ་སོགས་པ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བར་གསུངས་ལ་ཉེ་བར་ལེན་པའི་རྒྱུ་དེ་ཡིན། ལྷན་ཅིག་བྱེད་པའི་རྐྱེན་བླ་མ་དམ་པས་དེ་རྟོགས་པ་དང་ངོ་སྤྲོད་པར་བྱེད་པ་ཡིན། དེ་རྟོགས་པ་བླ་མ་དམ་པའི་མོས་གུས་ཡིན་པས་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་དགོས། བླ་མའི་སྐྱོན་བརྟག་པའི་ལོག་ལྟས་ཡར་མི་དགབ། སྐྱོན་མཐོང་བ་རང་གི་སྐྱོན་ཡིན། གྲོགས་པོ་ལ་སོགས་པ་རྣམས་ཀྱི་སྐྱོན་མི་རྟོག་པར་མོས་གུས་བྱེད་པ་གལ་ཆེ། བླ་མ་བསྟེན་པ་ལ་དཔེར་ན་ནོར་བཟང་བཞིན་བླ་མ་བསྟེན་དགོས་ཏེ། རྒྱུ་རྐྱེན་རྟེན་འབྲེལ་འཛོམ་ན་གནས་སྐབས་དང་མཐར་ཐུག་གི་བདེ་སྐྱིད་ཐམས་ཅད་འབྱུང༌། ཉེ་བར་ལེན་པའི་རྒྱུ་སེམས་ཉིད་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་དེ་ཉོན་མོངས་པ་གསུམ་ལ་སོགས་པ་ཕྱིན་ཅི་ལོག་གི་རྟེན་འབྲེལ་གྱིས་བཀབ་པས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འགྲུབ་པར་བྱེད་པ་ཡིན། ཆོས་ཀྱི་རྗེའི་བཞེད་ཀྱིས་ཉེ་བར་ལེན་པའི་རྒྱུ་སེམས་ཉིད་གདོད་མ་ནས་མ་སྐྱེས་པ་རྒྱུས་མ་སྐྱེས་པ། རྐྱེན་གྱིས་མི་འཇིག་པ། རྟག་པ་བརྟན་པ་དེ་ལ་བག་ཆགས་ཐམས་ཅད་འཇོག་པར་འདོད་པ་ཡིན། སེམས་ཙམ་པས་རང་རིག་དོན་དམ་སེམས་རང་རིག་རང་གསལ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་གསལ་སིང་ངེ་ཡེ་རེ་བ་ཞིག་ལ་བག་ཆགས་འཇོག་པར་འདོད་པ་དང༌། སེམས་ཙམ་སྤྱོད་པའི་དབུ་མ་པས། ཁྱོད་ཀྱི་དོན་དམ་གང་ཡིན་པ། །དེ་ནི་ང་ཡི་ཀུན་རྫོབ་ཡིན། །ཟེར་ནས་གསལ་བ་དེ་བློ་ཡིན། བློ་དེ་ཀུན་རྫོབ་ཡིན་པས་གསལ་བ་དེ་ཉིད་ཀྱང་སྟོང་པར་འདོད་པ་དང༌། བག་ཆགས་ཐམས་ཅད་དེ་ལ་འཇོག་པར་འདོད་པ་དང༌། དེ་བས་མཐོ་བ་རྣལ་འབྱོར་སྤྱོད་པའི་དབུ་མ་པས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས། སེམས་སྟོང་པ་ཉིད་དུ་འདོད་ལ། དེ་ལ་བག་ཆགས་འཇོག་པར་འདོད་པ་དང༌། དེ་བས་མཐོ་བ་དབུ་མ་ཆེན་པོ་བས་རྣམ་གཅོད་དང་ཡོངས་གཅོད་དུ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་སུ་ཡང་མི་འདོད། སེམས་ལས་གཞན་དུ་ཡང་མི་འདོད་པར་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་དུ་འདོད་ལ། དེ་ལ་བག་ཆགས་འཇོག་པར་འདོད་པ་དང༌། དེ་བས་ཀྱང་མཐོ་བ་ཕྱག་རྒྱ་ཆེན་པོ་བས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བློ་ལས་འདས་པ་ནམ་མཁའི་དཀྱིལ་ལྟར་འདོད་པ་དེ་ལ་བག་ཆགས་ཐམས་ཅད་འཇོག་པར་འདོད་པ་ཡིན། དེ་བས་ཀྱང་མཐོ་བ་རྫོགས་པ་ཆེན་པོ་བས་དཀར་བ་གངས་རི་ལྟ་བུ་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཡེ་ནས་སངས་རྒྱས་སུ་འདོད་པ་དང་དེ་ལ་བག་ཆགས་འཇོག་པར་འདོད་པ་ཡིན། ཆོས་ཀྱི་རྗེའི་བཞེད་པས་ལྟ་བ་དེ་དག་ཐམས་ཅད་གཟུང་བའི་ཡུལ་ལ་འཛིན་པའི་ཤེས་པས་གཟུང་བ་བློ་ཡིན་མི་རྟག་པ་ཡིན་པས་དེ་ལ་བག་ཆགས་གཞག་ཏུ་མི་བཏུབ། དེ་རྣམས་ཉིད་ བག་ཆགས་འཇོག་རྒྱུ་ཡིན། འོ་ན་བག་ཆགས་གང་ལ་འཇོག་ན་ཁམས་རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་འཇོག་པར་འདོད་པ་ཡིན་ཏེ། དཔེར་ན་ནམ་མཁའ་ལ་སྣོད་བཅུད་ཐམས་ཅད་སྐྱེ་བ་དང་གནས་པ་དང་འཇིག་པའི་གཞི་ནམ་མཁའ་ཡིན་པ་ལྟར། བག་ཆགས་ཐམས་ཅད་ལྡང་བ་དང་གནས་པ་དང་འཇིག་པའི་གཞི་སེམས་ཉིད་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཡིན་ཏེ། དེ་ལྟར་ལགས་པར་ཡང༌། ཇི་ལྟར་འཇིག་རྟེན་ཐམས་ཅད་དུ། །ནམ་མཁའ་ལས་ནི་སྐྱེ་ཞིང་འཇིག ། དེ་བཞིན་འདུས་མ་བྱས་དབྱིངས་ལ། །དབང་པོ་རྣམས་ནི་སྐྱེ་ཞིང་འཇིག །བགྱི་བ་གསུངས། བག་ཆགས་ཐམས་ཅད་ཀྱི་གཞི་ཁམས་རང་བཞིན་གྱིས་རྣམ་པར་དག་པ་དེ་ཐམས་ཅད་ལ་མཉམ་དུ་ཡོད་དེ། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །བགྱི་བ་གསུངས། དེ་ལྟར་བག་ཆགས་འཇོག་པ་ལ་ཀུན་རྫོབ་ལྟར་ཉེ་བར་ལེན་པའི་རྒྱུ་དང་ལྷན་ཅིག་བྱེད་པའི་རྐྱེན་གཉིས། རྒྱུ་ནི་འཁོར་བ་ཐོག་མ་མེད་པ་ནས་ཆགས་སྡང་རྨོངས་གསུམ་གྱི་བག་ཆགས་ཡོད་པ། དོན་དམ་པ་ལྟར་ཉེ་བར་ལེན་པའི་རྒྱུ་དེ་ལ་གནས་པ་ཡིན། རྐྱེན་ཆགས་སྡང་རྨོངས་གསུམ་གྱི་བག་ཆགས་ཡོད་པ། དོན་དམ་པ་ལྟར་ཉེ་བར་ལེན་པའི་རྒྱུ་དེ་ལ་གནས་པ་ཡིན། རྐྱེན་ཆགས་སྡང་རྨོངས་གསུམ་གྱི་ཡུལ་ཡིན་ཏེ། རྐྱེན་དང་ཕྲད་པས་རྒྱུ་བག་ཆགས་བག་ལ་ཉལ་དུ་ཡོད་པ་དེ་སྐྱེ། ཡུལ་དང་དེ་གཉིས་འདྲེས་པས་བག་ཆགས་ཀྱི་སྟོབས་རྒྱས་ནས་ཆགས་པ་སྤྱོད། དེ་ནས་ཆགས་པའི་སེམས་ཀྱིས་ལུས་བྱིན་གྱིས་རློབ། ལུས་ཀྱིས་སྣང་བ་བྱིན་གྱིས་རློབ་སྟེ་གར་ཕྱིན་ཡང་ཟས་མི་རྙེད་པ་ལ་སོགས་པ་ཡི་དྭགས་ཀྱི་སྣང་བ་འོང༌། ཕྱི་མར་ཡི་དྭགས་ཀྱི་འཇིག་རྟེན་དུ་སྐྱེ་བ་དང༌། ཞེ་སྡང་དང་གཏི་མུག་གི་བག་ཆགས་ཀྱང་སྡང་བ་དང་རྨོངས་པའི་ཡུལ་དང་ཕྲད་པའི་དུས་སུ་སྐྱེ། དེའི་གཉེན་པོ་མ་བསྟེན་མ་སྤངས་ན་སྡང་བ་དང་རྨོངས་པའི་སེམས་དང་ལས་ཀྱིས་ལུས་སེམས་བྱིན་གྱིས་རློབ་པ་དང༌། དམྱལ་བ་དང་དུད་འགྲོ་ལ་སོགས་པ་འཁོར་བར་འཁོར་བ་ཡིན། བྱམས་པ་དང་སྙིང་རྗེའི་བག་ཆགས་ཀྱང་མ་བུ་ལ་བྱམས་པའམ་བུ་མ་ལ་བྱམས་པ་དང་སྙིང་རྗེ་སྐྱེ་བ་ཁྲ་དང་སྤྱང་ཀི་ལ་ཡང་ཡོད་པ་དེ་བྱམས་སྙིང་རྗེ་སྐྱེ་བའི་ཡུལ་ལམ་རྐྱེན་དང་ཕྲད་པའི་དུས་སུ་སྐྱེ། དེ་ཡང་མཚན་ཉིད་དང་ལྡན་པའི་བླ་མ་དམ་པ་བྱམས་པ་ལ་གནས་པ་ཞིག་གིས་བྱམས་པའི་གདམས་ངག་བསྟན། ཁྲིད་བྱས། བྱམས་པའི་བསྙེན་བསྒྲུབ་ལས་སྦྱོར་གསུམ་ལྟར་ཉམས་སུ་བླངས་པས་རང་གཞན་གྱི་གནོད་པ་སེལ་བ་དང་བདེ་སྐྱིད་སྒྲུབ་པ་ལ་ཚེགས་མེད་དེ། དཔེ་ཇི་ལྟ་བུ་ཡིན་སྙམ་ན་གདོལ་པ་རྣམས་ཀྱི་དྲང་སྲོང་ཕུར་བུ་གསུམ་པའམ། མོའུ་འགལ་གྱི་བུ་ཆེན་པོ་ལྟ་བུ་ཡིན། དེ་ལྟ་བུ་ལ་བྱམས་པའི་གྲུབ་ཐོབ་ཟེར། ཉོན་མོངས་པ་བག་ལ་ཉལ་དང་ཀུན་ནས་ལྡང་བ་རྣམས་སྤོང་བ་ཡང་བླ་མས་མ་སྐྱེས་པ་མི་བསྐྱེད། སྐྱེས་པ་སྤོང་བའི་གདམ་ངག་སྟོན། བླ་མ་ཡང་མ་ཆགས་པ་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་ལ་གནས་པ་ཞིག་དགོས་ཏེ། ཏིང་ངེ་འཛིན་རྒྱལ་པོར། གང་ལ་གནས་པ་དེ་ནི་འཆད་པར་བྱེད། གསུང་ན་ཉོན་མོངས་གསུམ་མེད་པའི་ཏིང་ངེ་འཛིན་ལ་གནས་པ་རྗེ་རིན་པོ་ཆེ་ཉག་གཅིག་ཡིན། རྗེ་རིན་པོ་ཆེའི་ཁྲིད་ཀྱི་རིམ་པ་རྣམས་དང་ཟབ་པའི་གདམ་ངག་རྣམས་ཀྱང་ཉོན་མོངས་པ་གསུམ་མམ་ལྔ་ཀུན་ནས་ལྡང་བ་དང་བག་ལ་ཉལ་སྤོང་བའི་རྒྱུད་ཚོད་ཀྱི་ཉམས་ལེན་གྱི་རིམ་པ་ཡིན། ཉམས་སུ་ལེན་པའི་གནས་རི་ཁྲོད་སྟོང་པ་དབེན་པའི་གནས་ཡིན། གནས་དབེན་པར་ཉམས་སུ་བླངས་པས་ཉོན་མོངས་པ་སྐྱེ་བའི་རྐྱེན་མེད་པས་མི་སྐྱེ་ཀུན་ནས་ལྡང་བ་དང༌། བག་ལ་ཉལ་སྤོང་བའི་ཉམས་ལེན་རིམ་པ་ལྟར་ཉམས་སུ་བླངས་པས། ཉོན་མོངས་པ་ཀུན་ནས་ལྡང་བ་དང་བག་ལ་ཉལ་ཐམས་ཅད་སྤངས་ནས་རྫོགས་པའི་བྱང་ཆུབ་དུ་འཚང་རྒྱ་བའི་ཆོས་ཡིན། ཆོས་འདི་ལྟ་བུ་ཉམས་སུ་ལེན་པ་ལ་བསམ་པ་དང་སྦྱོར་བ་ཕུན་སུམ་ཚོགས་པ་གལ་ཆེ་སྟེ། ཆོས་དེས་བསམ་པ་དེ་རྫོགས་པར་བྱེད་པ་ཡིན། དེས་ན་བསམ་པ་བྱང་ཆུབ་ཀྱི་སེམས་དང༌། སྦྱོར་བ་སེམས་དེས་ཁྱད་པར་དུ་བྱེད་པ་གལ་ཆེ། དེ་བཞིན་གཤེགས་པ་འདི་དང་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་གཉིས་དང་གསུམ་དེ་བཞིན་གཤེགས་པ་སྤྱན་ཆེན་པོ་འཇིག་རྟེན་དུ་བྱུང་བའི་དུས་སུ་བྱིས་པ་གསུམ་དུ་གྱུར་པས་བྱེ་མ་སྙིམ་པ་རེ་རེ་ཕུལ་ནས་སྨོན་ལམ་སོ་སོ་བཏབ་པས་བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་བསགས། སྤྱོད་པ་མཉམ་པོར་སྤྱད་ཀྱང་སངས་རྒྱས་དང་ཉན་ཐོས་སུ་གྱུར་པ་དེ་བསམ་པའི་ཁྱད་ཡིན། དེས་ན་བསམ་པ་རྒྱ་མ་ཆུང༌། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་གང་བསྐྱེད་པ་དེ་འགྲུབ་པ་ཡིན། སྦྱོར་བ་བརྩོན་འགྲུས་ཕུན་སུམ་ཚོགས་པ་གལ་ཆེ་སྟེ། དེ་བཞིན་གཤེགས་པ་འདི་བས་རྗེ་བཙུན་བྱམས་པ་བསྐལ་པ་བཞི་བཅུས་སེམས་བསྐྱེད་སྔ་ཡང༌། དེ་བཞིན་གཤེགས་པ་འདི་ཉིད་དེད་དཔོན་ཐབས་ལ་མཁས་པ་དང་སེང་གེའི་རྒྱལ་པོ་ཡི་དམ་བརྟན་ལྟ་བུའི་བརྩོན་འགྲུས་དང་བསམ་པ་དང་སྦྱོར་བ་ཕུན་སུམ་ཚོགས་པས་སྔོན་ལ་སངས་རྒྱས་པ་ཡིན། ཆོས་འདི་ལྟ་བུ་གོ་བ་དང་ཉམས་སུ་བླངས་ན་འདི་གཅིག་པུས་ཀྱང་མ་ཆོག་པ་མེད་པས། ཆོས་ཀྱི་སོ་ནམ་དང་སྒྲུབ་པ་ལ་ནན་ཏན་མཛད་པར་ཞུ།།

ཡང་བླ་མ་རིན་པོ་ཆེའི་ཞལ་ནས། དེ་བཞིན་གཤེགས་པ་འདི་ཐུགས་བསྐྱེད་ཚོགས་བསགས། སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་གསུམ་བསྐོར་བ་དེ་ལ་བརྗོད་བྱའི་དོན་ཐ་དད་པ་མང་པོ་ཞིག་ཡོད་པ་མ་ལགས། ཟབ་པ་སྟོན་པ་དང༌། རྒྱ་ཆེན་པོ་སྟོན་པའི་ཆོས་ཀྱི་འཁོར་ལོ་གཉིས་སུ་འདུ་བ་ཡིན། དེ་ཡང་ཟབ་པ་དེ་ནི་སྒྲོ་འདོགས་པ་དང་སྐུར་པའི་མཐའ་ལས་གྲོལ་བ་ཡིན། ཟབ་པ་གང་ཡིན་ན་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་གཞི་མལ་མལ། དོག་ཅམ་ཅམ། སངས་རྒྱས་སྒམ་པོས་མ་མཛད། སེམས་ཅན་གླེན་པས་མ་བཅོས། གཤིས་སམ་བབས་དེ་ཡིན། སེམས་འདི་འདོད་ཆགས་ཀྱིས་སྟོང་སྟེ་འདོད་ཆགས་སྐྱེ་ཞིང་ཀུན་ནས་ལྡང་བས་སྟོང་པ་དང༌། ཞེ་སྡང་གིས་སྟོང་སྟེ་དེ་ཡང་མི་འཐད་པར་འཛིན་པ་དང་མི་རིགས་པར་འཛིན་པ་ཙམ་ཡང་ཞེ་སྡང་ཡིན། ཞེ་སྡང་ཆེན་པོ་མནར་སེམས་རིམ་པ་དགུ་ཡིན། དེ་གཙོ་བོ་མི་འཇིགས་པར་བྱེད་པ་ལ་ཡོད་དེ། དེས་དམྱལ་བ་འགྲུབ་པར་བྱེད་པ་ཡིན། ཞེ་སྡང་འདི་སྤང་དགོས་པ་ཡིན། སེམས་འདི་ནི་ཞེ་སྡང་གིས་སྟོང་པ་ཡིན། སེམས་འདི་གཏི་མུག་གིས་སྟོང་པ་ཡིན་ཏེ་གཏི་མུག་གང་ཡིན་ན་ཆོས་ལ་ཆོས་མ་ཡིན་པར་འཛིན་པ་ལ་སོགས་པ་ཡིན་ལ། སེམས་འདི་གཏི་མུག་གིས་འཛིན་པ་ཐམས་ཅད་ཀྱིས་སྟོང་བ་ཡིན། གཞན་ཡང་ཉོན་མོངས་པ་དང་རྣམ་པར་རྟོག་པའི་ཚོགས་ཐམས་ཅད་ཀྱིས་སྟོང་པའི་སེམས་འདི་རྟོགས་པའི་སྐད་ཅིག་དེ་ལ་འཁོར་བ་སྤངས་པ་ཡིན། དེ་ཡང་ལོ་སྟོང་ལོན་པའི་མུན་པ་མཐུག་པོ་ཡང༌། །སྒྲོན་མེ་སྐྱེས་མ་ཐག་གིས་སེལ་བར་བྱེད། །དེ་བཞིན་འཁོར་བའི་བག་ཆགས་མཐུག་པོ་ཡང༌། །རང་སེམས་རྟོགས་པས་སྐད་ཅིག་གཅིག་གིས་སེལ།། གསུངས། གཞན་ཡང༌། མ་རྟོགས་དུས་ན་མ་རིག་པ། །ལས་ཉོན་མོངས་ཀུན་གྱི་གཞི་རྩ་ཡིན། །རྟོགས་ན་རང་རིག་ཡེ་ཤེས་ཏེ། །དཀར་པོའི་ཡོན་ཏན་རྫོགས་པར་འབྱུང༌། གསུངས། གཞན་ཡང༌། རྟོགས་དང་མ་རྟོགས་མ་གཏོགས་པ། །འབྲས་བུ་ཐོབ་དང་མ་ཐོབ་མེད། །གསུངས། འདི་ལ་སྟོང་ངམ་མི་སྟོང་སྙམ་པའི་ཐེ་ཚོམ་ཞིག་སྐྱེས་ཀྱང་འཁོར་བ་ནུས་པ་མེད་པར་བྱས་ཟིན་པ་ཡིན་ཏེ། འདི་ལ་ཐེ་ཚོམ་སྐྱེ་བ་ནི། །ཞེས་པ་ལ་སོགས་པ་གསུང་ན། རྟོགས་པས་འཁོར་བ་སྤངས་པ་ལྟ་ཅི་སྨོས། འདི་མ་རྟོགས་པར་གྱུར་ན་དེ་བྱིས་པ་ཡིན་ཏེ། བྱིས་པ་དེ་ཆུང་བ་ལ་ཟེར་བ་མ་ལགས། སེམས་དེ་མ་རྟོགས་པར་གྱུར་ན་ལོ་བརྒྱ་ལོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་ཡིན། འདི་མ་རྟོགས་ན་ལྔ་རིག་པའི་པཎྜི་ཏས་ཀྱང་འཁོར་བ་མི་སྤོང་སྟེ་ངེད་རང་རྣམས་སྔོན་འཁོར་བར་འཁོར་བའི་ཚེ་ན་ལྔ་རིག་པའི་པཎྜི་ཏ་ཡང་ས་ཆེན་པོའི་རྡུལ་ཙམ་བྱས་གསུང་སྐད། སེམས་མ་རྟོགས་པར་མཁས་པ་བཀའ་རབ་འབྱམས་ལ་ཤེས་རབ་ཀྱི་སྣང་བ་རྒྱས་པ་ཡིན་ཡང༌། ནམ་ཞིག་བརྒྱུད་ནས་འཁོར་བ་སྤོང་བ་མ་གཏོགས་པ་འཁོར་བ་ལ་རྔ་འདྲེས་གང་གིས་ཀྱང་འདའ་བར་མི་ནུས། དེས་ན་ཚིག་ཐ་སྙད་མང་པོ་ཞིག་ཤེས་ཀྱང་དགོས་པ་ཅི་ཡོད། ངེད་སྲོག་ཆགས་སྦྲང་མ་དང་འདྲ་བ་རྣམས་ལ་དེ་འདྲ་སློབ་པའི་ལོང་གར་ཡོད། གཞན་ཡང་བཙུན་པོ་ཚུལ་ཁྲིམས་ཀྱི་བདེན་པ་འགྲུབ་པ་སློབ་དཔོན་ཆོས་མཆོག་ལྟ་བུ་ཡིན་པས་སེམས་མ་རྟོགས་པར་གྱུར་ན་དེས་ཀྱང་འཁོར་བ་ལས་འདའ་བར་མི་ནུས། མ་ཡག་པར་གྱུར་ན་ལོག་ལྟའམ་མཚམས་སྦྱོར་ངན་པ་ཞིག་གིས་བྱས་ན་ངན་སོང་དུ་འགྲོ་བ་ལ་ཡང་ཚེགས་མེད། གཞན་ཡང་བསམ་པ་འཆི་བ་དང་མི་རྟག་པ་བསམ་པ་ལ་སོགས་པ་ཡིན་ཡང་མི་རྟག་པ་རྒྱུད་ལ་སྐྱེས་ནས་གཟོད་ཆོས་ཞིག་ལ་འཇུག་དགོས་པ་ཡིན་ནམ། དེས་ཀྱང་འཁོར་བ་མི་སྤོང༌། ཆུ་བརྒལ་ལན་གཅིག་ལ་བརྗེ་བཅང་ལན་གཉིས་མི་རེད། དང་པོ་ནས་བརྒྱུད་པ་རིན་པོ་ཆེ་འདིའི་སྒོར་འཇུག་དགོས་ཏེ། སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་འདི་རྟོགས་པའི་དུས་སུ་འཁོར་བ་སྤངས་ཟིན་པ་ཡིན། འདི་རྟོགས་པའི་དུས་སུ་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་རྟོགས་པ་ཡིན། དེ་ཡང་སྐྱེས་བུ་སྲོག་གི་དབང་པོ་འགག་པའི་དུས་སུ་དབང་པོ་ལྷག་མ་ཐམས་ཅད་འགག་པ་དང་འདྲ་བར་སེམས་རྟོགས་པའི་དུས་སུ་མ་རྟོགས་པའི་ཆོས་མེད། ཟབ་པ་སྟོན་པའི་ཆོས་ཀྱི་འཁོར་ལོའི་བརྗོད་བྱ་འདི་ཡིན། མང་པོ་ཞིག་ཡོད་པ་མ་ལགས། དེ་ཡང་ཆོས་ཀུན་དོན་གཅིག་ཏུ་ནི་རབ་བཤད་དེ།། མགོ་གཅིག་ཏུ་ནི་སྟོང་པ་ཉིད་ཡིན་པས། །དེ་དག་ལ་ནི་ཐ་དད་གྱུར་པ་མེད། །གསུངས། །གཞན་ཡང༌། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་མདོ་སྡེ་གང་བཤད་པ། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །ཐམས་ཅད་བརྗོད་པར་ནུས་མ་ཡིན། །ཚིག་གཅིག་རྣམ་པར་བསྒོམ་ན་ནི། །དེ་དག་ཐམས་ཅད་བསྒོམ་པར་འགྱུར། །གསུངས། །ཟབ་པའི་གོ་བ་ཐོས་པ་དང་བསམ་པ་ལ་སོགས་པས་མི་རྟོགས་པའི་ཕྱིར་ན་ཟབ་པ་ཡིན། འདི་རྟོགས་པར་བྱེད་པ་ཡང་མཚན་ཉིད་དང་ལྡན་པའི་བླ་མ་ཞིག་ལ་རག་ལུས་པ་ཡིན། དེ་ཡང་བླ་མ་བརྒྱུད་པ་དང་ལྡན་པ་ཞིག་དགོས། གློ་བུར་དུ་བྱུང་བའི་རྡོལ་བོན་ཁ་ནག་པ་ཞིག་གིས་ཀྱང་མི་ཕན་པས་བརྒྱུད་པ་རིན་པོ་ཆེ་འདི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ནས་དུས་ད་ལྟ་ཡན་ཆོད་དུ་སངས་རྒྱས་ཀྱི་བརྒྱུད་པ་བར་མ་ཆད་པ་ཡིན་པས་འདི་དགོས། བླ་མ་ཉོན་མོངས་པ་གསུམ་དང་བཅས་པ་ཞིག་ལ་མོས་གུས་བྱས་ན་དེའི་བྱིན་རླབས་འཇུག་སྟེ། རང་གི་ཉོན་མོངས་ཀྱི་སྟེང་དུ་བླ་མའི་ཉོན་མོངས་བསྣན་ནས་ཉོན་མོངས་པའི་གོང་བུ་ཞིག་འོང་བ་ཡིན། དེས་ན་བླ་མ་མཚན་ཉིད་དང་ལྡན་པ་ཞིག་དགོས། དེ་རྙེད་པའི་དུས་སུ་སྐྱེ་སའམ་བྱས་པའམ་ཐོས་པའམ་ལང་ཚོ་ལ་སོགས་པ་བཞག་ནས་གདོལ་བུ་བཞིན་དུ་ཞུས་ཀྱིས་བྱས་ནས་བླ་མ་དམ་པའི་ཅི་གསུང་སྒྲུབ་པ་ཞིག་དགོས། བླ་མ་ལ་ལྟ་ལུགས་ཀྱང་ལོངས་སྤྱོད་རྫོགས་པ་སྐུའི་ལྟ་ལུགས་མན་ཆོད་གང་ལ་ཡང་སེམས་རྟོགས་པའི་ནུས་པའི་མཐུ་མེད། བླ་མ་ལ་ཆོས་ཀྱི་སྐུར་ལྟ་དགོས། དེ་ལྟར་བལྟས་པའི་དུས་ན་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་དེ་རང་གིས་མངོན་གསུམ་དུ་རྟོགས་ནས་འོང༌། དེ་རྟོགས་པའི་སྐད་ཅིག་དེ་ལ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་རྩ་བ་ནས་སྤངས་པ་ཡིན། ལར་འུབས་ཀྱིས་བསྡུས་པར་གྱུར་ན་སེམས་འདི་མ་རྟོགས་པར་གྱུར་ན་བླ་མ་བསྟེན་པ་དང་ཐོས་པ་དང་བསམ་པ་དང་སྒོམ་པ་ལ་སོགས་པ་ཇི་སྙེད་ཅིག་བྱས་ཀྱང་ས་ཆེན་པོ་ཞིག་མི་ཆོད། རྒྱ་ཆེན་པོ་སྟོན་པའི་བརྗོད་བྱའི་དོན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡིན། དེ་ཡང་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སེམས་གསུམ་ལ་དགོད་པར་བྱ་སྙམ་པའི་སེམས་དེ་ཡིན། སེམས་དེས་ཁྱད་པར་དུ་བྱས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་ལེན་པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་གསོག་པར་བྱེད་པ་ཡིན། དེས་བྱང་ཆུབ་ཀྱི་སེམས་དེ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སེམས་གསུམ་ལ་འགོད་པར་བྱེད་པ་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་ཆད་པར་འབྱུང་སྟེ། ལ་ལར་ནི་ཐུགས་བསྐྱེད་པ་དང༌། ལ་ལར་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དང༌། བཙུན་མོའི་འཁོར་ན་བཞུགས་པ་དང༌། འཚང་རྒྱ་བ་ལ་སོགས་པ་བསམ་གྱིས་མི་ཁྱབ་པར་འབྱུང་བ་ཡིན། སངས་རྒྱས་ནས་སེམས་བསྐྱེད་དགོས་ན་དེར་གཏད་པ་མི་འདུག་སྙམ་པ་སྲིད་དེ་དེ་མ་ལགས། སེམས་བསྐྱེད་པས་འདུལ་བ་རྣམས་ལ་དེར་འབྱུང་སྟེ། དེ་བཞིན་གཤེགས་པ་འདི་སྔོན་དེ་བཞིན་གཤེགས་པ་དབང་པོའི་ཏོག་ཏུ་སངས་རྒྱས་པ་ལྟ་བུ་ཡིན་ཏེ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡང་སེམས་བསྐྱེད་པའི་འཁོར་ལོ་དང་ལུང་བསྟན་པའི་འཁོར་ལོ་གཉིས་ཡིན། ཟབ་པ་སྟོན་པ་དང་རྒྱ་ཆེན་པོ་སྟོན་པ་གཉིས་ཀྱང་འུབས་ཀྱིས་བསྡུས་པར་གྱུར་ན་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སུ་གདའ། དེ་ཡང་དོན་དམ་པ་བྱང་ཆུབ་ཀྱི་སེམས་དེ་རྟོགས་པ་བླ་མ་དེ་ལ་རག་ལས། དེ་རྟོགས་ནས་གནས་དབེན་པ་རི་ཁྲོད་འབའ་ཞིག་འགྲིམས་ནས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་ཏིང་ངེ་འཛིན་འདི་ལ་ཉམས་ལེན་མཛད་པར་ཞུ་བ་དེ་ཆོས་ལགས།།

ཡང་བླ་མ་རིན་པོ་ཆེའི་ཞལ་ནས། དེ་བཞིན་གཤེགས་པ་འདིས་ཐུགས་བསྐྱེད། ཚོགས་བསགས། སངས་རྒྱས་ནས།

རྒྱས་པར་བྱས་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང༌། བསྡུས་པར་གྱུར་ན་སྡེ་སྣོད་གསུམ་གསུངས། དེ་ཡང་གཞུང་སྡེ་སྣོད་གསུམ་དུ་འདུ་བ་ཡིན་ལ། འདིར་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། ཐེག་པ་ཆེན་པོ་གསང་སྔགས་རྣམ་པ་གཉིས། ཕ་རོལ་ཏུ་ཕྱིན་པ་ལ་ཐེག་པ་ཆེ་ཆུང་རྣམ་པ་གཉིས། གསང་སྔགས་ལ་སློབ་དཔོན་ནཱ་རོ་པ་ལ་སོགས་པས་སྡེ་སྣོད་བཞི་པར་འདོད་པ་ཡང་ཡོད་པ་ལགས་པར་གདའ། དེ་གང་ཅི་ཡང་རུང་སྟེ་དེ་དག་ལ་དོན་ཐ་དད་པ་མང་པོ་ཞིག་ཡོད་པ་མ་ལགས། བརྗོད་པར་བྱ་བའི་དོན་གཅིག་པ་ཡིན། གང་དུ་གཅིག་སྙམ་ན་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་རང་གི་སེམས་སུ་གཅིག་པ་ཡིན། སེམས་གང་དུ་གཅིག་ན་འཛིན་པའི་སེམས་སུ་གཅིག་པ་མ་ལགས། སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངོ་བོར་གཅིག་པ་ཡིན། སྔགས་མཚན་ཉིད་གཉིས་ཀྱི་བརྗོད་བྱ་ཡང་འདི་ཡིན་ཏེ། ཆོས་ཀུན་དོན་གཅིག་ཏུ་ནི། །ལ་སོགས་པ་གསུངས། བཀའི་དོན་ཕྱིན་ཅི་མ་ལོག་པ་གསལ་བར་བྱེད་པའི་བསྟན་བཅོས། སློབ་དཔོན་འཕགས་པ་ལ་སོགས་པའི་འགྲེལ་ཊིག་ཡི་གེ་གཞུང་མི་ཉུང་བར་མཛད་པ་རྣམས་སམ། གྲུབ་པ་ཐོབ་པའི་རྣལ་འབྱོར་གྱི་དབང་ཕྱུག་བྲམ་ཟེ་ཆེན་པོ་བིརྺ་པ་ལ་སོགས་པའི་གདམས་ངག་ཏུ་མཛད་པ་རྣམས་ཀྱིས་ཀྱང་འདི་ཉིད་སྟོན་པ་ཡིན། འདི་རྟོགས་པའི་དུས་སུ་འཁོར་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་ལ་མ་རྟོགས་པ་སྤུའི་རྩེ་མོ་ཙམ་ཡང་མེད། འོ་ན་རྗེ་སྒམ་པོ་པས་རྩེ་གཅིག་ནས་རྣལ་འབྱོར་བཞིར་མཛད། སྤྲོས་བྲལ་ནི་སེམས་ཀྱི་ངོ་བོ་རྟོགས་པ་ཡིན་སྙམ་ན། རྣལ་འབྱོར་བཞི་ཡང་སེམས་རྟོགས་པའི་རིམ་པ་རྣལ་འབྱོར་པ་རྣམས་ཀྱི་རྒྱུད་ལ་སྐྱེ་བའི་རིམ་པ་ཡིན་ཏེ། དེ་ཡང་སེམས་རྟོགས་པའི་རིམ་པ་མ་གཏོགས་པ་རྟོགས་བྱ་གཞན་ཡོད་པ་མ་ལགས་ཏེ། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། ལ་སོགས་པ་གསུངས། སེམས་རྟོགས་པའི་དུས་སུ་མ་རྟོགས་པའི་དངོས་པོ་སྤུའི་རྩེ་མོ་ཙམ་ཡང་མེད་དེ། སྲོག་གི་དབང་པོ་འགག་པའི་དུས་སུ་དབང་པོ་ལྷག་མ་རྣམས་འགག་པ་དང་འདྲ། འདི་རྟོགས་པའི་རྟེན་གྱི་གང་ཟག་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན། སངས་རྒྱས་ནི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཞིག་མ་ཡིན་ནམ་སྙམ་ན། དེ་མ་ལགས་པ་ཡང་མ་ལགས། འོན་དུ་ལགས་ཀྱང་དེ་ནི་བརྒྱ་བྱིན་ནམ་འཁོར་ལོས་བསྒྱུར་བ་ལ་ཡང་ཡོད་དེ། དེས་སངས་རྒྱས་སུ་འོང་བ་མ་ལགས་ཏེ། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ཀྱང༌། །ལ་སོགས་པ་གསུངས། དེས་ན་འདི་རྟོགས་པ་སངས་རྒྱས་ཡིན། ཚན་གཅིག་ན་རེ། ཐོས་བསམ་གྱི་གྲངས་ན་དུ་ཡོད་ཀྱང་དེ་རྣམས་དགེ་བཤེས་རེ་རེ་ཡིན་ཟེར་བར་འདུག་སྟེ། མཚན་ཉིད་དང་ལྡན་པའི་བླ་མ་ཞིག་གི་དྲུང་ན་དུ་ཡོད་པ་དེ་རྣམས་རྟོགས་ལྡན་ཡིན། རྟོགས་ལྡན་དེ་རྣམས་སངས་རྒྱས་ཡིན། དེ་གཅིག་དང་ཡང་ཐོས་བསམ་པ་འཛམ་བུ་གླིང་བུ་རམ་ཤིང་གི་ཚལ་བཞིན་གང་བ་དང་ཡང་བསྡོ་བ་མ་ཡིན། དེས་ན་ངོ་མཚར་འདི་ཆེ་བ་ཡིན་མོད། སེམས་ཉིད་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་འདི་རྟོགས། མངོན་སུམ་དུ་གྱུར་པའི་དུས་སུ་དུས་གསུམ་ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་དེ་ཉིད་ཀྱིས་མངོན་གསུམ་དུ་གྱུར་ནས། དུས་གསུམ་མཁྱེན་པའི་མངོན་པར་ཤེས་པ་རྒྱ་ཆེན་པོ་འབྱུང་བ་ཡང་དེ་ཉིད་ཀྱི་མཐུར་བཞེད་པ་ཡིན། རང་ཉིད་གཞན་གྱི་སེམས་མི་གནས་པ་གནས་པར་བྱེད་པ་དང༌། བདུད་མི་འཇུག་པ་ལ་སོགས་པ་རྣམས་འདི་ཉིད་རྟོགས་པའི་མཐུས་འབྱུང་སྟེ། སློབ་དཔོན་འཕགས་པས་ཀླུའི་བྱང་ཆུབ་ཀྱི་སེམས་གནས་པ་བསྒྲུབ་པ་དེ་ཡང་མཁས་པ་ལས་བྱུང་བ་མ་ལགས། འཁོར་བ་སྤོང་བ་ལ་སོགས་པའི་ཡོན་ཏན་ཐམས་ཅད་འདི་ཉིད་ལས་བྱུང་བ་མ་གཏོགས་པ་ཐོས་བསམ་མམ་མཁས་པའི་ཡོན་ཏན་ལས་མི་འབྱུང༌། ཐོས་བསམ་ལ་རྔོག་ལོ་ཙཱ་བས་ཀྱང་བཞག་ས་མ་རྙེད་པ་ཡིན། སྒོམ་དགོས་པ་ཡིན། མ་བསྒོམ་པའི་ཆོས་ལ་དགོས་པ་མེད་དེ། དཔེར་ན་སྨན་པ་ལ་ལ་དག །ལ་སོགས་པ་གསུངས། འདི་རྟོགས་པར་བྱེད་པ་བླ་མ་དམ་པའི་མོས་གུས་ལ་རག་ལས། རྗེ་ཕག་མོ་གྲུ་པས་ཐོས་བསམ་མཐར་ཕྱིན་པར་མཛད། གྲུབ་ཐོབ་ཀྱི་བླ་མ་བཞི་བསྟེན་ཡང༌། དེ་རྣམས་ཀྱིས་མ་ཆོག་པར་དགོངས་ནས་རྗེ་སྒམ་པོ་པ་བཙལ་བ་ཡིན། དེས་ན་བླ་མ་མཚན་ཉིད་དང་ལྡན་པ་ཞིག་དགོས། དེ་ཡང་བརྒྱུད་པ་རིན་པོ་ཆེ་འདི་དགོས། འདི་ལ་ཡང་གཏུམ་མོའི་བཀའ་བབས་སམ། སྒྱུ་ལུས་ཀྱི་བཀའ་བབས་སམ། རྨི་ལམ་གྱི་བཀའ་བབས་པ་ལ་སོགས་པ་སྲོལ་སོ་སོར་ཡོད། རང་བྱུང་ཕྱག་རྒྱ་ཆེན་པོ་ནི་རྗེ་སྒམ་པོ་པ་མ་གཏོགས་པ་གཞན་ལ་མེད། དེས་ན་འདིའི་ཁུངས་དེར་འཚོལ་དགོས་པ་ཡིན། མཚན་ཉིད་དང་ལྡན་པའི་བླ་མ་ཞིག་རྙེད་པའི་དུས་སུ་བླ་མ་དེས་ཅི་གསུང་སྒྲུབ་ཅིང༌། གསུང་ལས་མི་འདའ་བ་ཞིག་དགོས། ཡོན་ཏན་ཐམས་ཅད་བླ་མ་ལ་རག་ལུས་ཤིང༌། མོས་གུས་མཐར་ཕྱིན་ན་རྟོགས་པ་མཐར་ཕྱིན། རྟོགས་ལྡན་གྱི་རྣལ་འབྱོར་ཞིག་གིས་སྤྱིར་དེ་བཞིན་གཤེགས་པའི་བསྟན་པ་ཡང་དེས་སྲུང་བ་ཡིན། ཁྱད་པར་དུ་བརྒྱུད་པ་རིན་པོ་ཆེ་འདིའི་སྲོལ་དེས་འཛིན་པ་ཡིན། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་བྱུང་ན་རྣལ་འབྱོར་པ་དེས་བསྲུང་བ་ཡིན་ཏེ་སློབ་དཔོན་ཞི་བ་ལྷ་ལྟ་བུ་ཡིན། མ་བསྒོམ་པར་གྱུར་ན་མཁས་པ་བཀའ་རབ་འབྱམས་ལ་ཤེས་རབ་ཀྱི་སྣང་བ་རྒྱས་པ་ཡིན་ཡང༌། དེས་རང་ལ་ཡང་མི་ཕན། གཞན་ལ་ཡང་མི་ཕན། རང་གཞན་ལ་མི་ཕན་པའི་ཆོས་དེས་དགོས་པ་ཅི་ཡོད། དེས་ན་འུབས་ཀྱིས་བསྡུས་པར་གྱུར་ན་ཉིན་མཚན་ཁ་སྦྱར་ལ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་ཏིང་ངེ་འཛིན་ལ་ནན་ཏན་མཛད་པར་ཞུ་བ་དེ་ཆོས་ལགས།།

ཡང་བླ་མ་རིན་པོ་ཆེའི་ཞལ་སྔ་ནས། འདས་པའི་དེ་བཞིན་གཤེགས་པ་རྣམས་དང༌། མ་བྱོན་པའི་དེ་བཞིན་གཤེགས་པ་རྣམས་དང༌། ད་ལྟར་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་གདུལ་བྱ་འདུལ་བའི་ཚུལ་ནི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་རྒྱུ་འབྲས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བར་གཅིག་པ་ཡིན། འཚང་རྒྱ་བའི་རྒྱུ་ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཡིན། སངས་རྒྱས་པ་ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་ངོ་བོར་སངས་རྒྱས་པ་ཡིན། སངས་རྒྱས་ནས་གདུལ་བྱ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། བླ་ན་མེད་པའི་བྱང་ཆུབ་ལ་འགོད་པ་ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱིས་བྱེད་པ་ཡིན། བྱང་ཆུབ་མ་ཐོབ་ཀྱི་བར་དུ་གནས་སྐབས་སུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་བྱང་ཆུབ་ཀྱི་སེམས་དེ་ཉིད་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ཡིན། དེ་ཡང་ཐོག་མར་བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་སེམས་གསུམ་ལ་འགོད་པར་བྱེད་པ་ཡང༌། དང་པོ་སྦྱིན་པས་སེམས་ཅན་རྣམས་ཀྱི་དོན་བྱེད་པ་ཡིན། སྦྱིན་པ་ཡང་གཏོང་བ་ལ་སོགས་པ་བཞི་ཡིན། གཏོང་བ་ནི་རྫས་དང་ཟང་ཟིང་གི་གཏོང་བ་ཡིན་ཏེ། ཆེན་པོ་ཡོད་རུང་ཆུང་ངུ་ཡོད་རུང༌། དེ་ཉིད་ལ་མ་ཆགས་པ་དང༌། མི་སྡང་བ་དང༌། མ་རྨོངས་པའི་སེམས་དེ་ཐོག་མར་བསྒྲུབས་ནས་གཏོང་བ་ཡིན། གཏོང་བའི་ཞིང་ཡང་སེམས་ཅན་གྱི་ཞིང་དང་འཕགས་པའི་ཞིང་གཉིས། འཕགས་པའི་ཞིང་རབ་སངས་རྒྱས། འབྲིང་བྱང་ཆུབ་སེམས་དཔའ། ཐ་མ་ཉན་ཐོས་རང་རྒྱལ་ཡིན། རྒྱུད་ཚོད་མཐོན་པོ་རྣམས་ནི་སེམས་ཅན་གྱི་ཞིང་ལ་མར་གདམ་སྟེ། བཀྲེན་ལ་བརྩེ་དང་མ་རུངས་པ་ལ་བརྩེ། །ཀུན་འཁྲུགས་ལ་བརྩེ་བག་མེད་རྣམས་ལ་བརྩེ། །ཡུལ་གྱི་གཞན་དབང་གྱུར་རྣམས་སྙིང་ བརྩེའོ། །ཞེས་དམན་པ་ལ་སྦྱིན་པ་བཏང་བས་སྦྱིན་པ་དེ་ཉིད་ཀྱིས་སེམས་ཅན་དེའི་ཆགས་པ་ཉོན་མོངས་པའི་སྒྲིབ་པ་དང༌། ཐོགས་པ་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་ནས་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱེད་པ་ཡིན། ཚོ་གཅིག་ན་རེ་བླ་མའི་ནོར་དཀོར་ཡིན་པས་མི་འཇུ་ཟེར་བ་ཡོད། དེ་ཡང་གསུང་རབ་དང་མཐུན་རྒྱུ་མེད་དེ། གཏོང་མཁན་གྱི་ཚོགས་རྫོགས་པ་དང༌། གཏོང་སའི་ཡུལ་དེ་ཡི་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་སྦྱིན་པ་དེ་ཉིད་ལ་བརྟེན་ནས་འབྱུང་སྟེ། དཔེར་ན་གྲོང་ཁྱེར་ཀུ་རུར་སྲོག་ཆགས་དེས་པས་སྐུ་ཤ་སྦྱིན་པར་བཏང་བ་དང༌། དེད་དཔོན་དུ་སྐྱེ་བ་བཞེས་པ་ན་གྲོག་མ་བརྒྱད་ཁྲི་ལ་སྐུ་ལུས་བཏང་བ་དང༌། རྒྱལ་པོ་བྱམས་པའི་སྟོབས་སུ་སྐྱེ་བ་བཞེས་པ་ལ་གནོད་སྦྱིན་སྤུན་ལྔ་ལ་བཏང་བ་ལྟ་བུ་ཡིན། ཡོངས་སུ་གཏོང་བ་ནི་བུ་དང་ཆུང་མ་གཏོང་བ་ཡིན་ཏེ། དེ་བཞིན་གཤེགས་པ་འདི་ཉིད་རྒྱལ་པོ་ཐམས་ཅད་སྒྲོལ་དུ་སྐྱེ་བ་བཞེས་པ་ན་བྲམ་ཟེ་བཞིན་ངན་ལ་བུ་མིང་སྲིང་གཉིས་སྦྱིན་པ་བཏང་བ་ལྟ་བུ་ཡིན། གཏོང་བ་ཆེན་པོ་མགོ་དང་རྐང་ལག་གཏོང་བ་ཡིན་ཏེ་རྒྱལ་པོ་ཟླ་འོད་ལྟ་བུ་ཡིན། ཚད་མེད་པའི་གཏོང་བ་ནི་འགྲོ་བ་གཞན་ལ་ཆོས་སྟོན་པ་ཡིན། འདི་ནི་གཏོང་བ་གཞན་རྣམས་ལས་གཏོང་བར་དཀའ་བ་ཁྱད་པར་དུ་འཕགས་པ་ལགས་ཏེ། གང་གིས་གངྒཱའི་བྱེ་སྙེད་འཇིག་རྟེན་ཁམས། །དེ་དག་རིན་ཆེན་བྱུར་བུར་བཀང་བྱས་ཏེ། །དགའ་བར་སེམས་ཞིང་རྒྱལ་ལ་ཕུལ་བ་བས། །གང་གིས་ཚིགས་བཅད་གཅིག་ཙམ་སེམས་ཅན་བྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེན་དེས། །སྙིང་རྗེ་བསྐྱེད་ནས་ཚིག་བཅད་སྦྱིན་པ་ལ། །གངྒཱའི་གྲངས་དང་ཆར་ཡང་མི་ཕོད་ན། །ལན་གཉིས་ལན་གསུམ་སེམས་པ་སྨོས་ཅི་དགོས། གསུངས། དེ་ལྟར་གནས་སྐབས་སུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་གྱི་དོན་བྱེད་པ་ལ། གནས་གང་དུ་སེམས་ཅན་དོན་བྱེད་པའི་གནས་དེར། ལུས་ཕུན་སུམ་ཚོགས་པ་ཞིག་བསམ་བཞིན་དུ་ལེན་པར་བྱེད་དགོས། དེ་ཡང་ས་དང་པོ་ཡན་ཆོད་ས་བདུན་པ་མན་ཆོད་ཀྱི་བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླང་ནས་གནས་གང་དུ་སྐྱེ་བ་ལེན་པའི་འདུན་པ་གཏོང་དགོས་ཏེ། ཚངས་པའི་གནས་སུ་སྐྱེ་བར་འདོད་ན་ནི་བྱམས་པའམ་སྙིང་རྗེའམ་དགའ་བའི་ཏིང་ངེ་འཛིན་གྱིས་མཚམས་སྦྱར་ནས་དེར་སྐྱེ་བ་བླངས། ཚངས་པའི་གནས་ཀྱི་སེམས་ཅན་རྣམས་སེམས་གསུམ་ལ་འགོད་པར་བྱེད་པ་ཡིན། ངན་སོང་གི་གནས་གསུམ་ལྟ་བུར་བསམ་བཞིན་དུ་སྲིད་པ་ཉེ་བར་ལེན་པ་ནི་ཚད་མེད་པའི་སྙིང་རྗེ་ཆེན་པོས་ཀུན་ནས་བསླང་ན་གནས་དེ་དག་ཏུ་སྐྱེ་བར་བྱེད་པའི་རྒྱུས་མཚམས་སྦྱར་ནས་གནས་དེ་དག་ཏུ་སྐྱེ་བ་བཞེས་ནས་སེམས་ཅན་དེ་དག་ངམ་ངམ་ཤུགས་ཀྱིས་སེམས་གསུམ་ལ་འགོད་པར་བྱེད་ཅིང༌། བྱང་ཆུབ་སེམས་དཔའ་སེམས་ལ་དབང་ཐོབ་པ་དྲན་པ་དང་ཤེས་བཞིན་དང་ལྡན་པ་དེ་གནས་དེར་འཇུག་པ་ཡང༌། ཤེས་བཞིན་དུ་བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ཡིན་ལ། སེམས་ཅན་འདི་དག་གི་དོན་དུ་འཇུག་པ་དང༌། གནས་པ་དང༌། འབྱུང་བ་ཡང་ཤེས་པ་ལགས་པར་གདའ། གཞན་དག་གིས་ཉན་ཐོས་དགྲ་བཅོམ་པ་གཞན་དོན་ལ་རིགས་དྲུག་ཏུ་འཇུག་པ་ཤེས་བཞིན་དུ་འཇུག མི་ཤེས་བཞིན་དུ་གནས་འབྱུང༌། རང་རྒྱལ་ཤེས་བཞིན་དུ་འཇུག་པ་དང་གནས་པ་དང་མི་ཤེས་བཞིན་དུ་འབྱུང༌། བྱང་ཆུབ་སེམས་དཔས་གསུམ་ག་ཤེས་བཞིན་ཡིན་པར་འདོད། ཆོས་ཀྱི་རྗེའི་བཞེད་པས་སྒོམ་ཡུན་རིང་ཐུང་ཏིང་ངེ་འཛིན་ལ་དབང་ཐོབ་མ་ཐོབ་ཀྱིས་བྱེད་པ་མ་གཏོགས་པ། ཐེག་པའི་ཁྱད་པར་གྱིས་བྱེད་པར་མི་བཞེད། རིགས་དྲུག་ཏུ་སྐྱེ་བའི་བག་ཆགས་ཀྱི་ས་བོན་དང་འདུན་པ་གཏོང་དགོས་པ་ལ་འཇིགས་མི་དགོས། བྱང་ཆུབ་སེམས་དཔའ་རྣམས་ནི་ཉོན་མོངས་པ་ལ་དབང་ཐོབ་པ་ཡིན། ལས་ལ་དབང་ཐོབ་པ་ཡིན། གདུལ་བྱ་སྣ་ཚོགས་འདུལ་བར་བྱེད་པའི་ཉོན་མོངས་པ་སྣ་ཚོགས་ལ་དབང་ཐོབ་པ་དེ་ཉིད་ཀྱིས་འདུལ་བར་བྱེད་པ་ཡིན་ཏེ། དཔེར་ན་དེ་བཞིན་གཤེགས་པ་འདི་བྲམ་ཟེའི་ཁྱེའུ་བླ་མར་སྐྱེ་བ་བཞེས་པ་ན་དགེ་སྦྱོང་མགོ་རེག་ལ་བྱང་ཆུབ་མེད། བླ་ན་མེད་པའི་བྱང་ཆུབ་ནི་དཀའ་བ་ཡིན་གསུངས་པས་དཀའ་ཐུབ་མཛད་པ་དང་དེས་འདུལ་བའི་གདུལ་བྱ་རྣམས་བཏུལ་བ་ལྟ་བུ་ཡིན། ལས་ལ་དབང་ཐོབ་པ་རང་ཉིད་ཀྱིས་མཚམས་མེད་པའི་ལས་བྱས་ནས་སྐྱེ་བ་དེའི་འོག་ཏུ་ངན་སོང་འགྲོ་བའི་ལས་ཡོད་ཀྱང༌། ཐབས་མཁས་པས་བསྐལ་པ་འབུམ་ཙམ་གྱི་འོག་ཏུ་སོ་ན་བ་ཙམ་གཅིག་ཏུ་བྱེད་པའམ། བསྐལ་པ་འབུམ་ཙམ་གྱི་འོག་ཏུ་མྱོང་རྒྱུའི་ལས་ཞིག་ད་ལྟ་རྨི་ལམ་འཁྲུག་པ་ཙམ་ཞིག་ཏུ་བྱེད་པ་ལ་སོགས་པ་ལས་ལ་དབང་ཐོབ་པ་ཡིན། སྤྱིར་ཤེས་རབ་ཀྱིས་ཆོས་ཀྱི་རྗེས་སུ་འབྲང་བ་དང་ཆོས་གོ་དགོས། མ་གོ་ཤེས་རབ་ཀྱི་རྗེས་སུ་མ་འབྲང་དུ་ཟིན་ན་ནི་རྒྱུ་བཟང་བལ་དུ་བཏུམས་པ་དང་འདྲ། གཞན་དག་པ་ས་བརྒྱད་ཡན་ཆོད་དག་པའི་ས་གསུམ་ལ་གནས་པ་ཡང་ཤེས་བཞིན་དུ་འཇུག་པ་ལ་སོགས་པ་འདུན་པའི་རྗེས་སུ་འབྲང་བར་འདོད་པ་ཡོད། ཆོས་ཀྱི་རྗེའི་བཞེད་པ་ནི་ས་བརྒྱད་པ་ཡན་ཆོད་དམ། རོ་གཅིག་རྟོགས་ནས་ནི་ས་བདུན་མན་ཆོད་ཀྱི་འདུན་པ་དེ་ལྟ་བུ་མི་དགོས་ཏེ། ཉོན་མོངས་པ་དང་རྣམ་པར་རྟོག་པ་སྣང་བ་དཀར་དམར་སྣ་ཚོགས་ཐམས་ཅད་སྐྱེ་བ་མེད་པ་ཕྱག་རྒྱ་ཆེན་པོར་རྟོགས། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དབྱེ་བ་མེད་པ་གཅིག་ཏུ་གྱུར་པ་ལགས་ཏེ། སྤྲོས་པ་རབ་ཞི་དོན་དམ་བྱང་ཆུབ་སེམས། །སྙིང་རྗེས་རབ་བརླན་ཀུན་རྫོབ་སྨོན་འཇུག་གཉིས། །ཏིལ་དང་ཏིལ་མར་བཞིན་དུ་རོ་གཅིག་པ། གསུངས། །འདིའི་དུས་ཀྱི་འདུན་པ་ནི་སྔོན་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དུས་ཀྱི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་སེམས་དེ་ཉིད་ཡིན་ལ་འདིར་གཅིག་པུ་གཅིག་གི་འདུན་པ་གཏོང་མི་དགོས། བྱང་ཆུབ་སེམས་དཔའ་དེ་གང་ལ་གང་འདུལ་བའི་སྐུར་འབྱུང༌། སངས་རྒྱས་ཀྱིས་འདུལ་བ་ལ་སངས་རྒྱས་སུ་འབྱུང༌། ཉན་ཐོས་དང་རང་སངས་རྒྱས་ཀྱིས་འདུལ་བ་ལ་ཉན་ཐོས་དང་རང་སངས་རྒྱས་སུ་འབྱུང༌། དེ་བཞིན་དུ་གདུལ་བྱ་གང་ཡོད་པའི་སར་གང་ལ་གང་འདུལ་དུ་འབྱུང་བ་འདི་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་སྣ་ཚོགས་སུ་སྟོན་པ་ཡིན། ཉིན་ཞག་ཕྲུགས་གཅིག་ལ་སེམས་ཅན་གྱི་དོན་འགྲུབ་པའི་ཆར་ས་བདུན་མན་ཆོད་དུ་བསྐལ་པ་གྲངས་མེད་པར་སེམས་ཅན་གྱི་དོན་བྱས་པས་བརྒྱ་སྟོང་གི་ཆར་ཡང་མི་འགྲོ། དག་པའི་ས་གསུམ་ལ་གནས་པའམ་རོ་གཅིག་རྟོགས་པའི་རྣལ་འབྱོར་པས་སེམས་ཅན་གྱི་དོན་བྱེད་པ་དང༌། སངས་རྒྱས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ལ་རྒྱ་ཆེ་ཆུང་ལ་ནི་ཁྱད་མེད་པར་བཞེད་པ་ལགས་ཏེ། ཐོགས་མེད་བློ་ལྡན་དེ་ཡིས་ནི། །སེམས་ཅན་དོན་ལ་ཡང་དག་འཇུག །བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང༌། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །གསུངས། སྟོབས་ལ་ནི་ཁྱད་ཡོད་པར་བཞེད་པ་ལགས་ཏེ། ས་བཅུའི་བྱང་ཆུབ་སེམས་དཔའ་བསྐལ་པ་དཔག་ཏུ་མེད་པར་སེམས་ཅན་གྱི་དོན་བྱས་པས་དེ་བཞིན་གཤེགས་པས་སྐད་ཅིག་གཅིག་གིས་སེམས་ཅན་གྱི་དོན་བྱས་པའི་བརྒྱའི་ཆར་དང་སྟོང་གི་ཆར་ཡང་མི་འགྲོ་སྟེ། དེ་ལྟ་མོད་ཀྱིས་ས་རྡུལ་དང༌། །རྒྱ་མཚོ་བ་ལང་རྨིག་རྗེས་ཀྱི། །ཁྱད་པར་གང་ཡིན་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའི་ཁྱད་པར་ཡིན། །གསུངས། སྐབས་འདིར་ཁྱད་མེད་པར་བཤད་པ་གཞན་དོན་ཡོད་པར་བཤད་པ་རང་དོན་ཡིན་ཞེས་མཚན་ཉིད་པས་ཟེར་ལ་ཆོས་ཀྱི་རྗེས་དེ་མི་བཞེད། དེ་ལྟར་བྱང་ཆུབ་སེམས་དཔའ་དེས་ཤེས་བྱའི་སྒྲིབ་པ་ཕྲ་བ་ཡང་བྱང་ཆུབ་ཀྱི་སེམས་དེ་ཉིད་ཀྱིས་སྤངས་ནས་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་ནས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས། གདུལ་བྱ་རྣམས་སེམས་གསུམ་ལ་འགོད་པར་མཛད་པ་ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱིས་བྱེད་པ་ཡིན། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་སེམས་བསྐྱེད་པའི་འཁོར་ལོ་དང༌། ལུང་སྟོན་པའི་འཁོར་ལོ་གཉིས། སེམས་བསྐྱེད་པའི་འཁོར་ལོ་ནི་གདུལ་བྱ་རྣམས་ཀྱི་སྣང་བ་ལ་སེམས་བསྐྱེད་དུས་གཅིག་བྱེད་ནས་རིམ་གྱིས་དེ་རྣམས་ཀྱི་སྣང་བ་ལ་ཇེ་བཟང་དུ་སོང་ནས་མཐར་དེ་རྣམས་ཀྱི་དོན་དུ་སངས་རྒྱས་པ་ཡིན་ཏེ། དེ་བཞིན་གཤེགས་པ་དབང་པོའི་ཏོག་དང་ཐུབ་པ་ཆེན་པོ་འདི་ལྟ་བུ་ཡིན། ལུང་སྟོན་པ་ཡང་ཚུལ་དེ་དང་འདྲ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་གདུལ་བྱ་རྣམས་སེམས་གསུམ་ལ་འགོད་པ་དེ་ཡང་རྒྱུ་ཇི་ལྟར་སོང་བའི་འབྲས་བུ་འབྱུང་བ་མ་གཏོགས་པ་དེ་བཞིན་གཤེགས་པ་ལ་སྤྲུལ་པ་མི་མངའ། འོ་ན་སྤྲུལ་པ་མི་མངའ་བའི་སངས་རྒྱས་དེ་རེ་ཆུང་སྙམ་ན། དེ་བཞིན་གཤེགས་པ་ཕྱྭ་མ་ཡིན། དབང་ཕྱུག་མ་ཡིན། རྒྱུ་ཇི་ལྟར་སོང་བའི་འབྲས་བུ་དེ་འབྱུང་བ་རང་རྒྱུད་པ་ཡིན། རྒྱུ་མེད་ལས་འབྱུང་བ་ག་ལ་སྲིད། འབྲས་བུ་བཟང་པོ་འདོད་པ་ལ་རྒྱུ་ཡང་བཟང་པོ་འགྲོ་དགོས། རྒྱུ་ཇི་ལྟར་སོང་བའི་འབྲས་བུ་དེ་འབྱུང་བ་ཡིན། དེ་ལྟར་བྱང་ཆུབ་སེམས་རྣམ་པ་གཉིས་ཀྱིས་གདུལ་བྱ་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱེད་པའི་དུས། ས་བདུན་མན་ཆོད་དུ་བསམ་བཞིན་སྲིད་པ་ཉེ་བར་ལེན་པ་དང༌། ས་བརྒྱད་པ་ཡན་ཆོད་དུ་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་རྣམ་པ་སྣ་ཚོགས་སུ་སྟོན་པ་དང༌། སངས་རྒྱས་ནས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་གསུམ་པོ་དེའི་རྒྱུ་ད་རེས་ཁྱེད་ཞིང་འདྲེན་པ་རྣམས་ཀྱིས་བླ་མ་དམ་པ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་མཉེས་པའི་འཕྲིན་ལས་བསྒྲུབ་པ་འདིས་དེ་འགྲུབ་པ་ལགས་པས་བརྩོན་འགྲུས་ཆེན་པོ་བརྩམ་པར་ཞུ་བ་དེ་ཆོས་ལགས།།

ཡང་བླ་མ་རིན་པོ་ཆེའི་ཞལ་ནས། དེ་བཞིན་གཤེགས་པས་ཆོས་ཇི་སྙེད་ཅིག་གསུངས་པའི་བརྗོད་བྱ་ཐམས་ཅད་ལག་ལེན་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་འདུ་བ་ཡིན། དེ་ཡང་འདི་ལྟར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་བྱ་སྙམ་པ་དང༌། སེམས་དེས་ཁྱད་པར་དུ་བྱས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་ལེན་པར་འཚལ། དེ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཞིང་བསམ་པ་དངོས་པོ་གསུམ་ཡིན། ཞིང་ལ་འཕགས་པའི་ཞིང་དང༌། སེམས་ཅན་གྱི་ཞིང་གཉིས། འཕགས་པའི་ཞིང་ནི་འཕགས་པའི་གང་ཟག་བཞི་ཡིན། ཉན་ཐོས་ཀྱིས་ནི་བདེན་པ་བཞི་ལས་སྡུག་བསྔལ་དང༌། ཀུན་འབྱུང་གཉིས་ནི་སྤངས། ལམ་འཕགས་པའི་ལམ་ཡན་ལག་བརྒྱད་ཉམས་སུ་བླངས་པས། འགོག་པའི་བདེན་པ་དགྲ་བཅོམ་པ་ཐོབ་པ་ཡིན། རང་སངས་རྒྱས་ཀྱིས་རྟེན་འབྲེལ་བཅུ་གཉིས་ལུགས་ལས་འབྱུང་བ་འཁོར་བ་འདི་བསྐྱེད་པར་མཐོང་ནས་དེ་སྤངས། རྟེན་འབྲེལ་བཅུ་གཉིས་ལུགས་ལས་ལྡོག་པ་མངོན་དུ་བྱས་ནས་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལྟར་ཉམས་སུ་ལེན་པ་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཞི་ཞིང་རྣམ་པར་དག་པ་ཡིན། བྱང་ཆུབ་སེམས་དཔའ་རྒྱུད་ཚོད་མཐོན་པོ་རྣམས་ནི་སེམས་ཅན་གྱི་ཞིང་ལ་མར་བདམ་སྟེ། བཀྲེན་ལ་བརྩེ་དང་མ་རུངས་པ་ལ་བརྩེ། །ཀུན་འཁྲུགས་ལ་བརྩེ་བག་མེད་རྣམས་ལ་བརྩེ། །ཡུལ་གྱི་གཞན་དབང་གྱུར་རྣམས་སྙིང་བརྩེའོ། །གསུངས། དེ་ལྟར་སེམས་ཅན་གྱི་ཞིང་ལ་སྦྱིན་པ་བཏང་བས། སེམས་ཅན་དེ་དག་གི་གནས་སྐབས་སུ་ཡང་དབུལ་འཕོངས་ཀྱི་སྡུག་བསྔལ་བསལ། ཕྱི་མར་ལྷ་དང་མིའི་ལུས་ཕུན་སུམ་ཚོགས་པ་ཐོབ་པ་དང༌། མཐར་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱེད་པ་ཡིན། བསམ་པ་རྣམ་པར་དག་པ་ནི་བྱང་ཆུབ་ཀྱི་སེམས་ཡིན། དངོས་པོ་རྣམ་པར་དག་པ་ནི་གཏོང་བའི་དངོས་པོ་བཞི་ཡིན། དེ་ཡང་གཏོང་བ་ནི་རྫས་དང་ཟང་ཟིང་གཏོང་བ་ཡིན། དེ་ཡང་ཁ་ལས་ཕྲིས། ལྕེ་ལས་བཞར་ནས་ཞིང་དག་པའི་ཕྱོགས་སུ་གཏོང་དགོས་པ་ཡིན། ཚེ་གཞུག་མི་ཕྱིད་དགོས་པའི་སྡུག་བསྔལ་མི་དགོས་ཚེ་བཞུགས་ད་ལྟ་ཡིན་མོད། ངེད་རང་ཐམས་ཅད་འཇིག་རྟེན་འདིར་ཡུན་རིང་པོ་སྡོད་པ་མ་ལགས་ཏེ། སང་ཙམ་འཆི་ཡང་སུས་ཤེས་ཀྱིས། །དེ་རིང་ཉིད་དུ་བསྟུན་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དང་ནི། །བདག་ཏུ་བཤེས་པ་མ་ཡིན་ནོ། །གསུངས། གཞན་ཡང་སློབ་དཔོན་འཕགས་པའི་ཞལ་ནས། ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་རྔུབ་དབུགས་དབྱུང་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །གསུངས། རྗེ་ཕག་མོ་གྲུ་པའི་ཞལ་ནས། ད་ནང་ཉི་མ་ཚུར་ཤར་བ།། འགྲེད་ཅིག་འཛུར་གཉིས་ཡེངས་ལ་ཐལ། །སྐྱེས་བུ་རྣམས་ཀྱི་ཚེ་འགྲོ་བ། །ཉི་མ་དེ་དང་མཚུངས་པར་བལྟ། །བགྱི་བ་གསུངས། རྫས་ཀྱི་དངོས་པོ་ཆེ་ཡོད་རུང་ཆུང་ཡོད་རུང་ཞིང་དག་པའི་ཕྱོགས་སུ་བཏང་བས་འཇིག་རྟེན་འདིའི་བཀྲ་ཤིས་པ་དང་བདེ་བ་དང་ལེགས་པའི་དཔལ་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང༌། ཕྱི་མར་ལྷ་དང་མིའི་དཔལ་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ། མཐར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བ་ཡིན། དེ་ཡང་དཔེར་ན་རྒྱལ་པོ་གསེར་མདོག་ལྟ་བུ་ཡིན་ཏེ། དེ་བཞིན་གཤེགས་པས་གསེར་མདོག་གི་རྟོགས་པ་བརྗོད་པ་ལས་ངས་སྦྱིན་པའི་རྣམ་པར་སྨིན་པ་མཐོང་བ་ལྟར་སེམས་ཅན་རྣམས་ཀྱིས་མཐོང་ན་ཁམ་གྱི་ཐ་མ་ཡང་ཟ་མི་ཕོད་པར་སྦྱིན་པར་བྱེད་ན། སེམས་ཅན་རྣམས་ཀྱིས་སྦྱིན་པའི་འབྲས་བུ་རྣམ་པར་སྨིན་པ་མ་མཐོང་གསུངས་ན། ཀ་ཅའི་གསོག་བྲུན་ལ་དགོས་པ་ཅི་མོད། ཀ་ཅ་གཅིག་ཡོད་ན་ཡང་དེ་འཇོག་ནས་འཆི་བ་ཡིན། དེའི་དུས་སུ་ཉེ་དུ་བ་སྐད་དམ་གྲོགས་པོ་བ་སྐད་རྣམས་ཀྱིས་ཧ་བཞད་དི་རི་ལྟོ་ཟན་དུ་མིང་བཏགས་ནས་ཟོས་པ་ལ་དགོས་པ་ཅི་ཡོད། དེ་བས་རང་གི་མདུན་ན་ཡོད་པ་དགའ་མོད། དེས་ན་ཞིང་དག་པའི་ཕྱོགས་སུ་བསོད་ནམས་ཀྱི་ཚོགས་གསོག་པ་ལ་འབད། ཡོངས་སུ་གཏོང་བ་བུ་དང་ཆུང་མ་གཏོང་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་སྒྲོལ་ལྟ་བུ་ཡིན། གཏོང་བ་ཆེན་པོ་མགོ་དང་རྐང་ལག་གཏོང་བ་ཡིན། ཚད་མེད་པའི་གཏོང་བ་དམ་པའི་ཆོས་འགྲོ་བ་གཞན་ལ་སྟོན་པ་ཡིན། འདི་ནི་གཏོང་བར་ཡང་དཀའ། གཏོང་བ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། གང་གིས་གངྒཱའི་ཞེས་པ་ལ་སོགས་པ་གསུངས། ཆོས་དཀོན་མཆོག་གི་མཛོད་ནི་དེ་བཞིན་གཤེགས་པ་འདི་ཉིད་ཀྱིས་ཀྱང་རྒྱལ་པོ་འོད་ཟེར་ཆེན་པོ་སྐུ་སྐྱེ་བ་བཞེས་པའི་དུས་ལ་སོགས་པར་དཀའ་བ་དཔག་ཏུ་མེད་པ་བསྒྲུབ་པ་ཡིན། སྦྱིན་པ་གཅིག་པུས་ཀྱང་མི་ཆོག་ཚུལ་ཁྲིམས་རིན་པོ་ཆེ་སྲུང་དགོས། དེ་ཡང་བསམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱད་པར་དུ་བྱས་ནས་བསྲུང་དགོས། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་འདོད་པའི་བསམ་པས་བསྲུངས་བ་ཚུལ་ཁྲིམས་དེ་ཡང་མ་དག་པར་བཞེད། ཚུལ་ཁྲིམས་བདག་དོན་བྱེད་པས་རྣམ་རྒྱས་ཤིང༌། །ཚུལ་ཁྲིམས་འཆལ་པའི་སེམས་ཅན་རྣམས་ལ་བརྩེ་བྲལ་བ། །འཕགས་པ་དེ་ནི་ཚུལ་ཁྲིམས་རྣམ་པར་དག་མི་བརྗོད། གསུང་ན་འཇིག་རྟེན་འདིའི་ཆོས་བརྒྱད་དམ། འཁོར་བའི་བདེ་འབྲས་འདོད་པས་བསམ་པ་ལྟ་ཅི་སྨོས། ངེད་སངས་རྒྱས་ཀྱི་རྗེས་སུ་རབ་ཏུ་བྱུང་བ་ཡིན། དེས་ན་སྟོན་པས་ཇི་ལྟར་བཅས་པ་ལྟར་སྲོག་ལ་ཐུག་ཀྱང་བསྲུང་དགོས། ཡོན་ཏན་གྱི་ཚོགས་ཐམས་ཅད་ཚུལ་ཁྲིམས་ལས་བྱུང༌། དེ་ཡང༌། ཁྲིམས་ནི་རྒྱུ་དང་མི་རྒྱུ་ཀུན་གྱི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་ཐུབ་པས་གསུངས། གསུངས་ན། ཚུལ་ཁྲིམས་ལ་མངོན་ལྐོག་གཉིས་བྱེད་ན་རང་ཉིད་ལ་ཟོལ་བྱེད་པ་ཡིན་མོད། དེས་ན་བན་མོའི་ཚུལ་ཁྲིམས་ལྟར་མི་བྱ། ཚུལ་ཁྲིམས་རྣམ་པར་དག་པ་རྒྱུད་འགྱོད་པ་མེད་པའི་སེམས་ལ་ཏིང་ངེ་འཛིན་སྐྱེ་བ་ཡིན། དེ་ཡང༌། ཚུལ་ཁྲིམས་ལྡན་པ་དགའ་བ་ཀུན་གྱི་གནས། གསུངས། ཚུལ་ཁྲིམས་ཀྱིས་སེམས་ཅན་རྣམས་སྨིན་པར་བྱེད་པ་དང༌། སངས་རྒྱས་ཀྱི་ཞིང་སྦྱོང་བ་དང༌། སངས་རྒྱས་ཀྱི་སྟོབས་བཅུ་འགྲུབ་པར་བྱེད་པ་ཡིན། དེ་ཡང༌། ཚུལ་ཁྲིམས་ཀྱིས་ནི་ཞི་བ་འདོད་རྣམས་འཕགས་པར་འགྱུར།། སྟོབས་བཅུའི་སྤྱོད་ཡུལ་གནས་ཤིང་ཚུལ་ཁྲིམས་ཉམས་པ་མེད། །བགྱི་བ་གསུངས། དེ་ནས་བཟོད་པའི་དབང་དུ་བགྱིས་ན་ བཟོད་པ་བཞི་ལྟར་ཉམས་སུ་ལེན་དགོས། དེ་ཡང་གནོད་པ་བྱུང་ན་ཅིར་མི་སེམས་པའི་བཟོད་པ། གཞན་གྱིས་གནོད་པ་བྱེད་པ་ལ་ལན་མི་བྱེད་པར་བཟོད་པ་བསྒོམ་པ་འཕགས་པ་གནས་བརྟན་གང་པོ་ལྟ་བུ་ཞིག་དགོས། བཟོད་པ་གཉིས་པ་ཆོས་ལ་ངེས་པའི་བཟོད་པ་ནི། གཞན་གྱིས་གནོད་པ་བྱེད་པར་གྱུར་ན་ཡང༌། ངས་འདི་ལ་ལན་བྱས་ན་ཆོས་དང་འགལ་བས་ལན་བྱར་མི་རུང་སྙམ་དུ་བཟོད་པ་བསྒོམ་པ་དང༌། གསུམ་པ་མཐུན་པའི་ཆོས་ལ་བཟོད་པ་ནི། ཉོན་མོངས་པའམ་རྣམ་པར་རྟོག་པ་རང་གི་སེམས་ལ་གཅུགས་པའམ་གཤད་པ་དེ་མ་སྐྱེས་པ་སྟོང་པ་ཉིད་དུ་རྟོགས་པ་ཡིན་ཏེ། དཔེར་ན་རྒྱལ་པོ་མ་སྐྱེས་དགྲ་ལྟ་བུ་ཡིན། བཟོད་པ་བཞི་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་དུ་རྟོགས་པ་ཡིན། བརྩོན་འགྲུས་ཀྱི་དབང་དུ་བགྱིས་ན་དཀར་པོའི་ཕྱོགས་ཀྱི་དགེ་བའི་རྩ་བ་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་འཕེལ་བར་བྱེད་པ་བརྩོན་འགྲུས་ཡིན་ཏེ། བརྩོན་འགྲུས་ཀྱིས་ནི་དཀར་པོའི་ཡོན་ཏན་འགྲིབ་མི་འགྱུར།། ཡེ་ཤེས་མཐའ་ཡས་རྒྱལ་བའི་བང་མཛོད་རྙེད་པར་འགྱུར། གསུངས། བརྩོན་འགྲུས་དེ་ཡང་ཕྱིན་ཅི་ལོག་གི་བརྩོན་འགྲུས་མི་བརྩམ་པར། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་མཉམ་པར་འཇོག་པའི་བརྩོན་འགྲུས་ཀྱི་སྟོབས་ཆེན་པོ་རྩོམ། དེ་ནས་བསམ་གཏན་ལ་མཉམ་པར་གཞག་དགོས། དེ་ཡང་འདོད་པའི་ཡོན་ཏན་རྣམ་པ་ལྔ་སྟག་གཟིག་གི་མདུན་དུ་རྩ་བཞག་པ་དང་འདྲ་བར་མི་འདོད་པ་དང༌། སྤྲོས་པ་ཐམས་ཅད་བཅད་ལ་བསམ་པ་ལ་གཏན་པར་ཞོག ཏིང་ངེ་འཛིན་ལ་ནན་ཏན་ཆེན་པོ་གྱིས་དང༌། དེའི་དུས་སུ་འདོད་པའི་ཡོན་ཏན་མི་འདོད་པ་ཆོས་ཉིད་ཡིན། དེ་ཡང༌། བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པ་འདོར།། རིག་དང་མངོན་པར་ཤེས་དང་ཏིང་ངེ་འཛིན་མངོན་པར་སྒྲུབ། གསུངས་ན། རིག་པ་རང་རིག་པ་དང་གཞན་རིག་པ་ཡིན། རང་རིག་པ་སྤྱི་བོའི་གཙུག་ནས་རྐང་མཐིལ་ཡན་ཆོད་རྡོ་རྗེའི་ལུས་ཀྱི་གནས་ལུགས་རིག་པ་ཡིན། གཞན་རིག་པ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་བག་ལ་ཉལ་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་དུ་རིག་པ་ཡིན། ཤེས་རབ་དེ་དག་གི་འབྲས་བུ་ཡིན། དེ་ཡང༌། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་བྱེད། །བགྱི་བ་གསུངས། ཆོས་ཀྱི་རང་བཞིན་གང་ཡིན་ན་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་རང་གི་སེམས་འདི་ཡིན། སྣང་བ་བྱ་བ་ཕྱི་རོལ་ན་ཡོད་པ་མ་ལགས། འོ་ན་སྣང་བ་དཀར་དམར་སྣ་ཚོགས་སུ་སྣང་བ་སྙམ་ན། དེ་དག་ཐམས་ཅད་སེམས་སྣང་བ་ཡིན། དེ་ཡང༌། སྣང་བ་འདི་ནི་ཤིན་ཏུ་ཡང༌། །རྟོག་མེད་གཡོ་བ་མེད་པ་ཉིད། །དེ་ལྟར་ན་ཡང་འཇིག་རྟེན་ན། །དོན་ཆེན་པོར་ནི་ཉེ་བར་གནས།། འདི་ནི་རང་སེམས་སྣང་ངོ་ཞེས། །སོ་སོའི་སྐྱེ་བོས་མི་ཤེས་སོ། །གསུངས། རྗེ་ཕག་མོ་གྲུ་པའི་ཞལ་ནས་རེས་ངམ་ཤོད་ཀྱི་ཀླུང་འདི་ལྕགས་སྲེག་གི་ས་གཞི་ཡིན་གསུངས། རེས་འོག་མིན་ཡིན་གསུང་བ་དེ་འགལ་བ་འདུ་བའི་གསུང་མ་ལགས། ནང་དུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སྐྱེས་པའི་དུས་སུ་འོག་མིན་ཡིན། ནང་དུ་ཞེ་སྡང་སྐྱེས་པའི་དུས་སུ་ལྕགས་སྲེག་གི་ས་གཞི་ཡིན། ངམ་ཤོད་ལ་འགྲོ་འོང་ཡོད་པ་མ་ལགས། དོན་དམ་པ་བྱང་ཆུབ་སེམས་ནི་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཡིན། དེ་ཡང་སངས་རྒྱས་སྒམ་པོས་མཛད་པ་མ་ལགས། སེམས་ཅན་གླེན་པས་བཅོས་པ་མ་ལགས། གཤིས་སམ་བབས་ཀྱི་འདུག་ལུགས་དེ་ཡིན། གོང་གི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སམ། ཕ་རོལ་དུ་ཕྱིན་པ་དྲུག་ལ་སོགས་པ་ཐམས་ཅད་ཀྱི་འདུག་ལུགས་སམ་གཤིས་དེ་ཡིན། དེ་གཉིས་དབྱེ་བ་མེད་པར་ཉམས་སུ་ལེན་པ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཡིན། ལར་འུབས་ཀྱིས་བསྡུས་ན་ངེད་རང་ཐམས་ཅད་སང་དང་འཆི་བ་གང་སྔ་ཆ་མེད་པས་ཆོས་བྱེད་དགོས། དེ་ལ་ཚན་ཅིག་གིས་སྐྱེ་བ་ཡིན། ནོར་ཡོད་ཡིན་པས་ཆོས་བྱེད་མི་ཁོམ་སྙམ་ན། འོ་སྐོལ་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འདིས་གླིང་བཞི་ལྷ་ཡུལ་དང་བཅས་པ་སྤངས་ནས་རབ་ཏུ་བྱུང་བ་ལགས་མོད། དེ་ཡང་ཡབ་ལ་རབ་ཏུ་བྱུང་བར་ཞུས་པས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ཅིང༌། ཕོ་བྲང་འདི་ཉིད་དུ་བཞུགས་གསུངས། ཡབ་དེ་ལྟ་ན་བདག་ལ་མཆོག་གཅིག་བླང༌། མཆོག་ཅི་འདོད་སྦྱིན་གསུང་བ་དང༌། བདག་ལ་རྒ་བ་དང་ན་བ་དང་འཆི་བ་མེད་པའི་མཆོག་ཞུས་པས། མཆོག་དེ་ནི་སྦྱིན་པར་མི་ནུས་གསུང་བ་དང༌། རྒ་དང་ན་དང་འཆི་འགྱུར་བ། །གལ་ཏེ་འདི་གསུམ་ཡོད་མིན་ན། །ཤིན་ཏུ་ཡིད་དུ་སྡུག་པ་ཡི། །ཡུལ་རྣམས་ལ་ནི་བདག་ཀྱང་སྤྱོད། །གསུང་ནས་མཆོད་རྟེན་རྣམ་དག་གི་དྲུང་དུ་རབ་ཏུ་བྱུང༌། ལྭ་དཀར་པོ་གསེར་གྱི་ངང་རིས་ཅན་ལ་སོགས་ཕར་བཞག བྲན་མོ་དྲུབ་མོའི་རོ་རས་ཚུར་བཤུས་ཁ་བསྒྱུར་ནས་གསོལ་བ་ལགས་མོད། ངེད་ཆགས་རིན་མ་ཆོག་པའི་འཇིག་རྟེན་འདིའི་རྙེད་པ་དང་བཀུར་སྟི་ལ་དགོས་པ་ཅི་ཡོད། དེ་ཡང་སློབ་དཔོན་ཞི་བ་ལྷས། འཇིག་རྟེན་རྙེད་པ་མེད་ལ་སྨོད། །རྙེད་པ་ཅན་ལ་མི་སྙན་བརྗོད། །རང་བཞིན་འགྲོགས་དཀའ་འདི་དག་དང༌། །ནམ་ཞིག་ལྷན་ཅིག་དགའ་བར་འགྱུར། །གསུངས་ན། འཇིག་རྟེན་འདིའི་གྲགས་པ་དང་བསྟོད་པ་དང་སྨོད་པ་ལ་སོགས་པས་ཆགས་སྡང་བསྐྱེད་པ་དེ་ཆོས་པ་རྣམས་ཀྱི་བྱ་བ་མ་ལགས། བདག་ལ་བསྟོད་པ་གཞན་ཡོད་ན། །སྨད་པས་མི་དགར་ཅི་ཞིག་ཡོད། །བདག་ལ་སྨོད་པ་གཞན་ཡོད་ན། །བསྟོད་པས་བདག་དགར་ཅི་ཞིག་ཡོད། །གསུངས། །ཕ་མ་དང་གཉེན་འདུན་ལ་ཞེན་པ་བྱ་ཅི་དགོས། སེམས་ཅན་ཐམས་ཅད་ཀྱིས་མ་མ་བྱས་པ་མེད། དེ་ཡང་རེ་རེའི་བདག་ཉིད་རུས་པའི་ཕུང་པོ་ནི། །ལྷུན་པོ་མཉམ་པ་སྙེད་ཅིག་འདས་འགྱུར་ཏེ། །མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །བགྱི་བ་གསུངས། དེས་ན་འདི་ལྟར་རང་གཞན་ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་སྤོང་བར་བྱེད་པ་ལ་དམ་པའི་ཆོས་མ་གཏོགས་པས་སྤོང་བར་མི་ནུས་པས། དེ་ལྟར་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་ནན་ཏན་མཛོད། བརྩོན་འགྲུས་ཆེན་པོ་རྩོམ་པར་ཞུ་བ་དེ་ཆོས་ལགས།།

ཡང་བླ་མ་རིན་པོ་ཆེའི་ཞལ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཕྱི་ཡུལ་ལ་ཕྱིར་དམིགས་པས་མི་རྙེད། ནང་དུ་སེམས་ལ་ཚུར་འཚོལ་དགོས། དེ་ཡང་དཔེས་བསྟན་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་དེ་འདམ་རྫབ་ཀྱི་ནང་ནས་བཏོན། ཕྱི་བ་གསུམ་གྱིས་ཕྱིས། རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ན་དགོས་འདོད་ཐམས་ཅད་འབྱུང་སྟེ། མཚོན་ཆ་སྣ་ཚོགས་ཀྱི་ཆར་བབས་པར་འདོད་ན་ཡང་དེ་འབྱུང༌། དེས་རང་གཞན་གཉིས་ཀ་ཕུང་བར་བྱེད། དེ་བཞིན་དུ་སེམས་འདི་ཡང་ལོག་པར་ལྟ་བ་བདག་ཏུ་འཛིན་པས་ཁྱད་པར་བྱས་པའི་ཉོན་མོངས་པ་གསུམ་དུ་བཟུང་བས་ངན་སོང་གསུམ་འབྱུང་སྟེ་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བར་བྱེད་པ་དང༌། བྱམས་པ་ལ་སོགས་པའི་ཚད་མེད་པ་བཞིར་བཟུང་ན་རྒྱལ་ཆེན་བཞི་ཡི་རིས་ཀྱི་ལྷ་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་འབྱུང་ཞིང༌། བདེ་སྐྱིད་ཉམས་སུ་མྱོང་བར་བྱེད་པ་དང༌། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སུ་བཟུང་ན་བྱང་ཆུབ་སེམས་དཔར་འགྱུར་ཞིང༌། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དང་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་རྣམས་སུ་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་སྣ་ཚོགས་སུ་སྟོན་པས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱེད་པ་འབྱུང་ལ། དེ་དག་ཐམས་ཅད་ཕྱི་རོལ་ན་ཡོད་པ་མ་ལགས་སེམས་ཡིན། དེས་ན་འདི་ལྟར་དུ་རང་ཉིད་གང་འདོད་པའི་སེམས་དེ་ལ་མཉམ་པར་འཇོག་པ་ཡིན། བྱང་ཆུབ་ཀྱི་སེམས་ཀྱི་འཛིན་པ་དེ་ཡང་ཡོད་ཀྱི་བར་ལ་འཚང་མི་རྒྱ་སྟེ། ཇི་ལྟར་འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་བསྟན། །བདག་དང་བདག་གིར་མི་དམིགས་རྣམ་པར་བྱང་བར་གསུངས། གསུང་ན་འཁོར་བ་སྤོང་བ་དང་འཚང་རྒྱ་བ་ལ་འཛིན་པ་མེད་པའི་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་འདི་རྟོགས་དགོས། འདི་རྟོགས་པའི་དུས་སུ་འཁོར་བ་སྤངས་ཟིན་པ་ཡིན་ལ། སེམས་གདོད་མ་ནས་མ་སྐྱེས་པ་དེ་ཆོས་ཀྱི་སྐུ་ཡིན། མ་སྐྱེས་པ་དེ་ལ་འགག་པ་མེད་པ་ལོངས་སྤྱོད་རྫོགས་པའི་སྐུ། མ་སྐྱེས་པ་དེ་ལ་གནས་པ་མེད་པ་སྤྲུལ་པའི་སྐུ། དེ་གསུམ་དབྱེ་བ་མེད་པ་ངོ་བོ་ཉིད་ཀྱི་སྐུ་ཡིན། ལར་སངས་རྒྱས་ལ་སྐུ་གསུམ་དང་བཞི་ལ་སོགས་པ་དེ་ཡང་ཡོན་ཏན་དང་འཕྲིན་ལས་ཀྱི་སྒོ་ནས་ཕྱེ་བ་མ་གཏོགས་པ་ཆོས་སྐུ་ཉག་གཅིག་ཡིན། དེ་གང་ལ་ཟེར་ན་ད་ལྟ་རང་གི་སེམས་འདི་ལ་ཟེར་བ་ཡིན། འདི་ལ་ཡང་སེམས་ཙམ་པ་ལ་སོགས་པའི་འདོད་ལུགས་མང་ཡང༌། སློབ་དཔོན་འཕགས་པས། དགེ་དང་མི་དགེ་རྣམ་རྟོག་གི།། རྒྱུན་བཅད་པ་ཡི་མཚན་ཉིད་ལ། །སངས་རྒྱས་རྣམས་ཀྱིས་སྟོང་པར་བཞེད། །གཞན་ནི་དེ་ལྟར་མི་འདོད་དོ། །གསུངས་པ་དེ་ཡིན། དེ་ལས་ཟབ་པའི་ཆོས་གཅིག་ལོགས་སུ་འཚོལ་ན་ནི་མི་རྙེད། ལར་འུབས་ཀྱིས་བསྡུས་ན་ངེད་རྣལ་འབྱོར་པ་ཀུ་སཱ་ལི་ཡིན། ཚིག་དང་ཐ་སྙད་མང་པོ་ལ་དགོས་པ་མེད། ཆོས་ལ་མ་གོ་རྒྱུ་མང་པོ་མེད། ཨེ་བྱེད་མ་གཏོགས་པ་ཚིག་དང་ཐ་སྙད་མང་པོ་མི་དགོས། མི་ན་མི་འཆི་ན་ལྟ་སློབ་པ་ལ་སང་དང་འཆི་བ་གང་སྔ་མི་ཤེས། འཆི་བའི་དུས་སུ་དེ་རྣམས་བཞག་ནས་སེམས་མ་རིག་པའི་གོང་བུ་གཅིག་ཏུ་འཆི་བ་ལ་དགོས་པ་མེད་པས། སེམས་མ་སྐྱེས་པ་སྟོང་པ་ཉིད་འདི་ལ་ནན་ཏན་ཆེན་པོ་བྱ། འདི་འཚོལ་བའི་ཁུངས་ཀྱང་ཆོས་ཀྱི་རྗེ་མ་གཏོགས་པ་ལ་མེད། བོད་ན་ཆེ་བ་བླ་མ་ཞང་ཡིན། ཞལ་སྔ་ནས་དྭགས་པོ་རིན་པོ་ཆེའི་ཆོས་འདི་ལ་དུམ་ཙམ་ཞིག་གོ་བ་བླ་མ་ཞང་ཡིན་པ་ལ། ཨ་ཕོ་རང་ཐ་མལ་གྱི་ཤེས་པ་སྐྱོང་གསུང་བ་དེ་ཀུན་བཟང་པོ་མིན། ཐ་མལ་གྱི་ཤེས་པ་མ་རྟོགས་པ་ཡིན། དེ་ཙུག་སོང་ན་དཀའ་བར་འདུག་གསུངས། དེས་ན་འདིའི་ཁུངས་ཆོས་ཀྱི་རྗེ་མ་གཏོགས་པ་གཞན་ནས་རྙེད་པར་དཀའ་བས་ན་འདི་ལ་ནན་ཏན་ཆེན་པོ་བྱོས་དང༌། འདི་རྟོགས་པའི་དུས་སུ་འཁོར་བ་སྤངས་པ་ཡིན། དེ་ཡང༌། རྟོགས་དང་མ་རྟོགས་མ་གཏོགས་པ། །འབྲས་བུ་ཐོབ་དང་མ་ཐོབ་མེད། །གསུངས། གཞན་ཡང༌། མ་རྟོགས་དུས་ན་མ་རིག་པ། །ལས་ཉོན་མོངས་ཀུན་གྱི་གཞི་རྩ་ཡིན། །རྟོགས་ན་རང་རིག་ཡེ་ཤེས་ཏེ། །དཀར་པོའི་ཡོན་ཏན་རྫོགས་པར་འབྱུང༌། གསུངས། དེས་ན་རྟོགས་པའི་དུས་སུ་སངས་རྒྱས་པ་ཡང་དེ་རང་ཡིན་པས་དེ་ལྟར་ཐུགས་ལ་ཞོག་པར་ཞུ།།

ཡང་བླ་མ་རིན་པོ་ཆེའི་ཞལ་ནས། དེ་བཞིན་གཤེགས་པས་ཆོས་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་གཅིག་པུར་འདུ་བ་ཡིན་གསུངས། དེ་ཡང་རྒྱུ་འབྲས་ཀྱི་རྟེན་འབྲེལ་དང༌། རྟེན་འབྲེལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་གཉིས་ཡིན། འོ་ན་རྒྱུ་འབྲས་ཀྱི་རྟེན་འབྲེལ་དང༌། རྟེན་འབྲེལ་མཐའ་བརྒྱད་དང་བྲལ་བ་གཉིས་པོ་དེ་འགལ་བ་འདུ་བའི་གསུང་དུ་འདུག་སྙམ་ན། དེ་མ་ལགས་ཏེ། རྒྱུ་འབྲས་ཀྱི་རྟེན་འབྲེལ་ལ་མ་རྟོགས་པའི་དུས་དང༌། རྟོགས་པའི་དུས་དང༌། ཐམས་ཅད་རྟོགས་པའི་དུས་གསུམ། ཨ་འཐས་སུ་འབྱུང་བ་དང༌། སྒྱུ་མ་ལྟ་བུར་འབྱུང་བ་དང༌། ནམ་མཁའ་ལྟ་བུར་འབྱུང་བ་དེ་རྟེན་གྱི་གང་ཟག་གི་རྟོགས་ཚོད་ཀྱིས་དེ་ལྟར་འབྱུང་བ་མ་གཏོགས་པ། གཤིས་ཀྱིས་སྟོང་ཉིད་རྒྱུ་འབྲས་སུ་འབྱུང་བ་ཡིན། དེས་ན་མཐའ་བརྒྱད་དང་བྲལ་བའི་རྟེན་འབྲེལ་དེ་ཉིད་རྒྱུ་འབྲས་སུ་འབྱུང་ལ། རྒྱུ་འབྲས་དེ་ཉིད་མཐའ་བརྒྱད་དང་བྲལ་བར་གནས་པ་གཤིས་ཡིན་པས་འདི་ལ་འགལ་བ་གཅིག་ག་ལ་ཡོད། དེ་ཉིད་ལ་རྒྱུ་འབྲས་སྟོང་པ་ཉིད་དུ་འཇུག་པ་དང༌། སྟོང་ཉིད་རྒྱུ་འབྲས་སུ་འབྱུང་བ་དང༌། དེ་གཉིས་སུ་མེད་པར་གནས་པ་བྱ་བ་གསུང་བ་ཡིན། དེ་ཡང་གཤིས་ཀྱིས་ཐམས་ཅད་སྟོང་ཉིད་རྒྱུ་འབྲས་སུ་འབྱུང་བ་ཡིན། དེ་ལྟར་རྟེན་འབྲེལ་འདི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་འདི་ཡིན་གཞན་ཞིག་ཡོད་པ་མ་ལགས། དེ་ལྟར་ཡང༌། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །འདི་ནི་གང་གིས་ཡང་དག་མཐོང་བ་དེས། །སངས་རྒྱས་དེ་ཉིད་རིག་པ་རྣམ་མཆོག་མཐོང༌། གསུངས། གཞན་ཡང༌། རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བས་སངས་རྒྱས་མཐོང༌། ཆོས་མཐོང༌། དགེ་འདུན་མཐོང་གསུངས། གཞན་ཡང༌། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །གསུངས་པ་དང༌། དེ་ལ་རྟེན་འབྲེལ་གཅིག་ཏུ་བསྟན་པ་ཡོད་དེ་མི་རྟག་པ་ཡིན། མི་རྟག་པར་འདོད་པའི་སེམས་འདི་རྟག་པར་ལྟ་བ་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་དྲུང་དུ་ཕྱུང་བ་ཡིན། འདི་ལ་རྟེན་འབྲེལ་ཟེར། མི་རྟག་པ་འདི་རྒྱུད་ལ་སྐྱེ་དགོས། འདི་མ་སྐྱེས་ན་འཇིག་རྟེན་འདི་པར་ཁྱུགས་ཀྱིས་འགྲོ་བ་ཡིན། འདི་རྒྱུད་ལ་སྐྱེད་པ་ལ་དགེ་སློང་དུར་ཁྲོད་པ་དགོས་ཏེ། དུར་ཁྲོད་ཀྱི་རོ་དང་མགོ་སྙོམ་པར་བྱེད་པ། བདག་ཀྱང་འདི་ལྟ་བུའི་ཆོས་ཅན། འདི་ལྟ་བུའི་ཆོས་ཉིད་ལས་མ་འདས་པའོ་སྙམ་དུ་མགོ་སྙོམ་ནས་ཉམས་སུ་ལེན་པར་བྱེད་པ་ཡིན། དེ་ཡང༌། དུར་ཁྲོད་པ་དག་འཆི་བ་དྲན་བསྒོམས་ནས། །དེ་ན་སྐྱེ་འགྱུར་བག་མེད་གནས་མི་འགྱུར། །མི་གཙང་མཚན་མ་སྣ་ཚོགས་མཐོང་བ་ཡིས།། དེ་ཡི་ལུས་ལ་ཆགས་པ་སྲབ་མོར་འགྱུར། །གསུང༌། །གཞན་ཡང༌། དུར་ཁྲོད་སོང་ནས་གཞན་དག་གི། །རུས་གོང་དག་དང་བདག་གི་ལུས། །འཇིག་པའི་ཆོས་ཅན་ཉིད་དུ་ནི། །ནམ་ཞིག་མགོ་སྙོམ་བྱེད་པར་འགྱུར། །གསུངས། མི་རྟག་པར་འདོད་པ་འདིས་ཆད་པར་ལྟ་བའི་མཐའ་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་དྲུང་འབྱིན་པར་བྱེད་པ་ཡིན། གཞན་ཡང་བདག་ཏུ་འཛིན་པ་ལ་སོགས་པ་མཐའ་གཅིག་ཏུ་འཛིན་པ་ཐམས་ཅད་འདིས་སྤོང་བ་ཡིན། གཉིས་སུ་གསུངས་པ་ཡོད་དེ་རྒྱུ་དང་འབྲས་བུ་ཡིན། དེ་ལ་རྒྱུ་ཇི་ལྟར་སོང་བའི་འབྲས་བུ་འབྱུང་སྟེ། མི་དགེ་བ་ལས་སྡུག་བསྔལ་འབྱུང༌། དགེ་བ་ལས་བདེ་བ་འབྱུང་བ་ཡིན་པས་དེ་བཞིན་གཤེགས་པས་ཀྱང་མི་དགེ་བ་མཐའ་དག་དགག་པའི་བསླབ་པར་བཅས། དགེ་བ་མཐའ་དག་སྒྲུབ་པའི་བསླབ་པར་བཅས་པ་ཡིན། གསུམ་དུ་གསུངས་པ་ཡོད་དེ་སེམས་དང་ལས་དང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་གསུམ་མམ། ཉོན་མོངས་པ་དང་ལས་དང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་གསུམ་ཡིན། ཉོན་མོངས་པ་གསུམ་གྱི་སེམས་དང་སེམས་དེས་ཁྱད་པར་དུ་བྱས་པའི་ལས་མངོན་པར་འདུ་བྱེད་པ་དང༌། ལས་དེའི་འབྲས་བུ་གསུམ་པོ་དེ་མི་དགེ་བ་ཡིན། ཉོན་མོངས་པ་གསུམ་མེད་པའི་སེམས་དང་སེམས་དེས་ཁྱད་པར་དུ་བྱས་པའི་ལུས་ངག་ཡིད་གསུམ་གྱི་ལས་མངོན་པར་འདུ་བྱེད་པ་དང༌། ལས་དེའི་འབྲས་བུ་གསུམ་པོ་དེ་དགེ་བ་ཡིན། འདིར་ཉོན་མོངས་པ་གསུམ་གྱི་སེམས་དང་སེམས་དེས་ཁྱད་པར་དུ་བྱས་པའི་ལས་དང་ལས་ཀྱི་འབྲས་བུ་གསུམ་པོ་དེ་སྤོང་བར་བྱེད་དགོས། ངེད་ལྟ་བ་མཐོན་པོ་དང་སྒོམ་པ་བཟང་པོ་ལ་མི་གནོད་སྙམ་ན། ལྟ་བས་རྒྱུ་འབྲས་གར་ཁེག་སྟེ། ལྟ་བ་མཐོ་ཡིན་རྒྱུ་འབྲས་ལ་འཛེམ་དུ་འགྲོ་བ་ཡིན་མོད། དེས་ན་ཉོན་མོངས་པ་གསུམ་དང་དེའི་ལས་དང་འབྲས་བུ་གསུམ་སྤང་ཞིང༌། ཉོན་མོངས་པ་གསུམ་མེད་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང༌། དེའི་ལས་མངོན་པར་འདུ་བྱེད་པའི་བརྩོན་འགྲུས་རྩོམ་དགོས། དེ་ལ་ཚན་གཅིག་གི་འདོད་པས་བྱང་ཆུབ་ཀྱི་སེམས་ཀྱིས་ཉོན་མོངས་པ་དགེ་བར་སྒྱུར་བར་འདོད་པ་ཡོད་དེ། ཆོས་རྗེ་རིན་པོ་ཆེ་དེ་མི་བཞེད་པ་ཡིན། བྱང་ཆུབ་ཀྱི་སེམས་དེ་ནི་ཉོན་མོངས་པ་འཇོམས་པའི་གཉེན་པོ་ཡིན་ཏེ། ཕལ་ཆེན་ནས། བྱང་ཆུབ་ཀྱི་སེམས་ནི་ཉོན་མོངས་པའི་ཚོགས་འཇོམས་པའི་དཔའ་བོ་ལྟ་བུ་ལ་སོགས་པ་གསུངས་པ་ཡིན། དེས་ན་ཉོན་མོངས་པ་དེ་བྱང་ཆུབ་ཀྱི་སེམས་ཀྱི་ལས་མ་ཡིན། དེས་ན་འདི་ལྟར་དུ་ཉོན་མོངས་པའི་སེམས་དང་ལས་མ་སྤངས་ན་རྒྱུད་ཚོད་མཐོན་པོ་ལ་ཡང་གནོད་པ་སློབ་དཔོན་རྒྱལ་པོ་དང་སྲིང་ལྕམ་མ་ལ། སློབ་དཔོན་ཛ་ལན་དྷ་ར་པས་བཀྱོན་པ་ལྟ་བུ་ཡིན། མི་དགེ་བའི་སེལ་ཅིག་ཞུགས་ན་རྒྱུད་ཚོད་མཐོ་བས་མི་ཕན། ནམ་མཐོ་བདོ་བའི་དུས་སུ་གཉའ་ཅག་གིས་མནན་ནས་འོང་སྟེ་སློབ་དཔོན་ནག་པོ་སྤྱོད་པ་ལྟ་བུ་ཡིན། རྒྱུ་འབྲས་ཀྱི་རྟེན་འབྲེལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་མི་འགོག་སྟེ། སེང་ལྡེང་ཟུག་པ་དང་དཀའ་ཐུབ་མཛད་པ་དང་རྟ་ཆག་གསོལ་བ་ལྟ་བུ་ཡིན། བཅུ་གཉིས་གསུངས་པ་ཡོད་དེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས་རྒ་ཤིའི་བར་དུ་ལུགས་ལས་འབྱུང་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ཡིན། ལུགས་ལས་ལྡོག་པ་མ་རིག་པ་འགགས་པས་རྒ་ཤིའི་བར་དུ་འགགས་པ་ལ་བསམ་པ་ཇི་ལྟ་བ་བཞིན་དུ་མྱ་ངན་ལས་འདས་པ་བྱང་ཆུབ་རྣམ་པ་གསུམ་ཡིན། བཅུ་གཉིས་པོ་དེ་ཡང་གསུམ་དུ་འདུ་སྟེ། ཡན་ལག་བྱེ་བྲག་བཅུ་གཉིས་གང༌། །ཐུབ་པས་རྟེན་འབྱུང་གསུང་དེ་དག །ཉོན་མོངས་ལས་དང་སྡུག་བསྔལ་དང༌། །གསུམ་པོ་དག་ཏུ་ཟད་པར་འདུས། གསུངས་ཏེ། ཉོན་མོངས་པའི་དུམ་བུ། ལས་ཀྱི་དུམ་བུ། སྡུག་བསྔལ་གྱི་དུམ་བུ། དེ་ཡང༌། དང་པོ་བརྒྱད་པ་དགུ་ཉོན་མོངས། །གསུངས་པས་དང་པོ་མ་རིག་པ། བརྒྱད་པ་སྲེད་པ། དགུ་པ་ལེན་པ། གཉིས་པ་བཅུ་པ་ལས་ཡིན་ཏེ། །ཞེས་པ་གཉིས་པ་འདུ་བྱེད་བཅུ་པ་སྲིད་པ། ལྷག་མ་བདུན་ནི་སྡུག་བསྔལ་ཡིན། །ཞེས་པ་སྐྱེ་མཆེད་དྲུག་ལ་སོགས་པ་ཡིན། གསུམ་པོ་དག་ལས་གཉིས་འབྱུང༌། ཞེས་པ་མ་རིག་པ་ལ་སོགས་པ་གསུམ་པོ་དེས་ལས་མངོན་པར་འདུ་བྱེད་པ་ཡིན། གཉིས་ལས་བདུན་འབྱུང༌། བགྱི་བ་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་སྡུག་བསྔལ་འབྱུང་བ་ཡིན། བདུན་ལས་ཀྱང་གསུམ་འབྱུང་སྲིད་པའི་འཁོར་ལོ་འདི། །ཉིད་ནི་ཡང་དག་ཡང་དུ་འཁོར་ བགྱི་བ་གསུངས། །བཅུ་གཉིས་པོ་གསུམ་དུ་འདུ། གསུམ་གཉིས་སུ་འདུ། གཉིས་གཅིག་ཏུ་འདུ་བ་ཡིན། དེ་ཡང་མི་རྟག་པ་སྐད་ཅིག་མའི་བསམ་པ་རྐྱེན་ཇི་ལྟ་བ་བཞིན་དུ་འབྱུང་བ་ཡིན་ཏེ། ཁ་ཏོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲ། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང༌། །མི་འཕོ་བར་ཡང་མཁས་རྟོགས་བྱ། །བགྱི་བ་གསུང་ན། ཁ་ཏོན་ནི་འདིར་ང་ལྟ་བུ་ཞིག་གིས་སངས་རྒྱས་ལ་སྐྱབས་སུ་མཆི་བྱ་བ་ཞིག་བརྗོད་པའི་དུས་སུ། ཡེ་ཤེས་དཔལ་ལྟ་བུ་ཞིག་གིས་ཀྱང་དེ་བརྗོད་ན་ངའི་དེ་འཕོས་པ་མ་ཡིན། ཡང་རྐྱེན་དེས་དེ་འབྱུང་བ་ཡིན། དེ་བཞིན་དུ་མར་མེ་གཅིག་ལས་མང་པོ་སྒྲོན་པ་དང༌། མེ་ལོང་ལ་གཟུགས་བརྙན་སྣང་བ་དང༌། རྒྱ་ནི་དཔེར་ན་རྐོས་ཕོར་གྱི་རི་མོ་འབི་འབི་ལ་འབྱུང་བ་དང༌། མེ་ཤེལ་ནི་མེ་ཆ་དང་སྦྲུ་དང་རྟོ་བ་གསུམ་འཛོམ་པ་ལས་མེ་འབྱུང་བ་དང༌། ས་བོན་ལས་མྱུ་གུ་འབྱུང་བ་དེ་ཡང་ས་བོན་དེར་འཕོས་པ་མ་ཡིན། རྐྱེན་ཆུ་ལུད་ལ་སོགས་པའི་སྟོབས་ཀྱིས་འབྱུང་བ་དང༌། སྐྱུར་དང་ནི་བྱ་བ་འདིར་ང་འབུ་ལྟ་བུ་ཞིག་གི་ལྕེ་ཐོག་ཏུ་ཤིང་ཐོག་སྐྱུར་མོ་བཞག་ནས་ཙག་ཟེར་བའི་དུས་སུ་ཁྱེད་གཞན་གྱི་ཡང་ལྕེ་ཐོག་ཏུ་མཆིལ་མ་འདུ་བ་དེ་ཡང་ངའི་དེ་དེར་འཕོས་པ་མིན་ལ་ཡང་རྐྱེན་དེ་ལས་བྱུང་བ་ཡིན། སྒྲ་བྱ་བ་ཁམས་ཀུན་ན་བུ་ཚ་རྣམས་བྲག་རྩར་སོང་ནས་བྲག་ཆ་ལྷ་མོ་བྱས་པའི་དུས་སུ་བྲག་ལ་ཡང་སྒྲ་དེ་གྲག་པ་དེ་ཡང་སྒྲ་དེ་དེར་འཕོས་པ་མིན་ཡང་རྐྱེན་དེས་འབྱུང་བ་ཡིན། དེ་བཞིན་དུ་ཕུང་པོ་ཉིང་མཚམས་སྦྱོར་བའི་ཚེ། །མི་འཕོ་བར་ཡང་མཁས་རྟོགས་བྱ། །བྱ་བ་དེ་ཡང༌། འདི་ན་ཕ་རོལ་དུ་འཕོ་བའི་དུས་སུ་ཡང་ད་ལྟར་གྱི་ལུས་ངག་ཡིད་གསུམ་འདི་འཕོ་བ་མ་ལགས། ཤི་ཁའི་བསམ་པ་བཟང་ངན་ཞིག་གི་རྐྱེན་གྱིས་ཕ་རོལ་ཏུ་ལུས་བཟང་ངན་ལེན་པ་ཡིན། དེས་ན་དངོས་པོ་མི་འཕོ། རྐྱེན་ལས་བྱུང་བ་ཡིན། རྐྱེན་དེ་སྐད་ཅིག་མ་ཡིན། དེ་ལྟར་མ་ཡིན་པར་རྒྱུ་འབྲས་མི་འདོད་པ་ནི་ཆད་ལྟ་ཡིན། འོ་ན་ཕྲ་བ་དེ་ནི་སྦོམ་པོ་ལ་ལྟོས་པ་ཡིན་ཏེ་དཔེར་ན་གཡས་པ་ལ་ལྟོས་པའི་གཡོན་པ་ལྟ་བུ་མ་ཡིན་ནམ་སྙམ་ན་དེ་མ་ཡིན་ཏེ། འདིར་ཕྲ་བ་ནི་རྟེན་འབྲེལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་དེ་ཡིན། དེ་ལ་ཕྲ་བ་ཞེས་བརྗོད་པ་ཡང་འགལ་བ་མེད་དེ། ཇི་ལྟར་ནམ་མཁའ་ཀུན་སོང་བ། །ཕྲ་ཕྱིར་ཉེས་པས་གོས་པ་མེད། །དེ་བཞིན་སེམས་ཅན་ཐམས་ཅད་ལ། །གནས་འདི་ཉེ་བར་གོས་པ་མེད། གསུངས། དེས་ན་ཕྲ་བ་རྟེན་འབྲེལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་དེ། སྐྱེ་བར་མི་འདོད་ན་ཆད་ལྟ་རྐྱང་པ་ཡིན་ཏེ། ཤིན་ཏུ་ཕྲ་བའི་དངོས་ལ་ཡང༌། །གང་གིས་ཆད་པར་རྣམ་བརྟགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང༌། གསུངས། མཐའ་བརྒྱད་དང་བྲལ་བའི་རྟེན་འབྲེལ་དེ་ཉིད་སྐྱེ་བ་དང་གནས་པ་དང་འགག་པ་རྐྱེན་ཇི་ལྟ་བ་བཞིན་དུ་འབྱུང་བ་ཡིན། དེས་ན་སྟོང་པ་ཉིད་རྒྱུ་འབྲས་སུ་བྱུང་བའི་གོ་བ་དེ་ཡིན། དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་ཉིད་འདི་པ་ཟེར། རྐྱེན་ཉིད་འདི་པ་དང་བསམ་པའི་རང་གཟུགས་དོན་གཅིག་པ་ཡིན། དེ་ཡང་རྐྱེན་བསམ་པ་ཇི་ལྟ་བ་བཞིན་དུ་འབྱུང་བ་དཔེར་ན་ཁྱི་དཀར་པོ་དུང་གི་གཏམ་རྒྱུད་ལྟ་བུ་ཡིན། བྲམ་ཟེའི་ཁྱེའུ་དེ་དེ་བཞིན་གཤེགས་པ་ལ་བརྟེན་པའི་རྐྱེན་གསུམ་པོ་དེས་གསུམ་དུ་ལུང་བསྟན་པ་ཡིན། རྐྱེན་ཇི་ལྟ་བ་བཞིན་འབྱུང་བ་མ་གཏོགས་པ་འཇིགས་འཇིགས་ཆེན་པོ་ཞིག་འདི་བྱ་ས་མེད། དེས་ན་རྟེན་འབྲེལ་རྐྱེན་ཉིད་འདི་པ་འདི་གོ་དགོས། རྗེ་རིན་པོ་ཆེ་འཇིག་རྟེན་དུ་བྱུང་བའི་ཐུན་མོང་མ་ཡིན་པའི་ཆོས་འདི་གོ་བར་གྱུར་ན་འཇིག་རྟེན་འདིའི་ཕུན་སུམ་ཚོགས་པ་ལྔ་སྒྲུབ་པའི་ཐབས་ལ་མཁས་པ་དང༌། ནད་དང་གནོད་པ་མི་མཐུན་པའི་ཕྱོགས་སེལ་བའི་ཐབས་ལ་མཁས་པ་དམིགས་པས་ནད་གསོ་བའི་རྩ་བ་ཡང་འདི་ཡིན། འདི་གོ་ན་ནད་པའི་ནད་གསོ་བ་དང་སྨྱོན་པ་དྲན་པ་རྙེད་པར་བྱེད་པའི་ཐབས་ལ་མཁས་ཏེ་ནང་གི་བསམ་པ་བཟང་ངན་རྐྱེན་ཇི་ལྟ་བ་དེའི་ལུས་དང་སྣང་བ་འོང་བ་ཡིན། ནང་དུ་བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་གཉིས་ལ་གནས་པའི་དུས་སུ་དེ་སངས་རྒྱས་ཡིན་ལ། ཕུན་སུམ་ཚོགས་པ་གཞན་རྣམས་དེའི་ཕུན་སུམ་ཚོགས་པར་འོང་བ་ཡིན་ཏེ། དཔེར་ན་དེ་བཞིན་གཤེགས་པ་འདི་ཉིད་ཕ་རོལ་ཏུ་ཕྱིན་པ་གསུང་པའི་དུས་སུ་སེང་གེ་རྣམ་པར་རོལ་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་ཞིང་འདི་པདྨོ་ཅན་གྱི་ཞིང་བཞིན་དུ་གྱུར་པ་དང༌། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ན་སྲས་ཀྱི་ཐུ་བོར་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམས་འདུས་པས། འཁོར་དང་མེ་ཏོག་པདྨ་རྣམས་སྐྱེས་སུ་བསྐུར་བས་རྫས་དེ་ལྟ་བུ་ལ་ལོངས་སྤྱོད་པ་ལྟ་བུ་ཡིན། ཏིང་ངེ་འཛིན་དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དོན་ཡིན། ཆོས་འདི་ལྟ་བུ་མ་གོ་བར་འགྲོ་བ་གཞན་གྱི་ལམ་སྣ་འདྲེན་པའི་བླ་མར་མི་བཏུབ། ཆོས་འདི་ལྟ་བུ་མ་གོ་མ་བཟུང་བར་གྱུར་ན་སྐྱེ་བ་སྔ་མའི་བསོད་ནམས་ཨེན་རེའི་དཔུང་ཕུལ་གྱིས་སློབ་མ་ལ་ཅི་དགའི་ཆོས་བསྟན། དེ་བཟུང་བས་མི་རབས་ཆད་པ་ཡིན། འདི་ལྟ་བུའི་ཆོས་གོ་བར་བྱེད་པ་ལ་བླ་མའི་མོས་གུས་དང་ཆོས་ལ་སོ་ནམ་བྱེད་པ་ཞིག་དགོས། དེ་མེད་ན་བསྟེན་ཡུན་རིང་བས་མི་ཕན་ཏེ་བསོད་རིན་དང་འདྲ། འདི་གོ་ན་ཕའི་བུ་དེ་ཡིན། གོ་བ་གཅིག་པུ་ཞིག་ཡོད་ན་ཡང་དེས་ཆོག་པའི་ཚུལ་ལུགས་ཡིན་ཏེ། ཆོས་རྗེའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་འདིས་འགྲུབ་པ་ཡིན། དེ་ཡང༌། བདེ་ཆེན་ཀུན་བཟང་ཡངས་པའི་མཛོད། །བདེ་སྐྱིད་ཐམས་ཅད་འབྱུང་བའི་གནས། །གསུང་བ་དེ་ཡང་འདི་ཡིན། མགོན་པོ་ཕག་མོ་གྲུ་པ་ཁོང་རང་འདི་ལ་བཞུགས་པ་ཡིན། དེ་ལྟར་འཇིག་རྟེན་འདིའི་ཕུན་སུམ་ཚོགས་པ་སྒྲུབ་པ་དང་མི་མཐུན་པའི་ཕྱོགས་སྤོང་བར་བྱེད་པ་ནི་རྟེན་འབྲེལ་རྐྱེན་ཉིད་འདི་པ་སྐད་ཅིག་མ་བསམ་པའི་རང་གཟུགས་ཀྱིས་སྒྲུབ་པ་ཡིན། རྟོགས་པ་ནི་ནང་དུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་མཐུས་རྟོགས་པ་མ་གཏོགས་པ་ཡུལ་ལ་ཕྱིར་བཙལ་བས་རྙེད་པ་མ་ལགས། སྐད་ཅིག་མའི་བསམ་པའི་རང་གཟུགས་ཀྱང་འདིས་གོ་བ་ཡིན། འཇིག་རྟེན་འདི་ནས་ཕ་རོལ་ཏུ་འཕོ་བའི་དུས་སུ་ཕ་རོལ་ཏུ་ལུས་ཕུན་སུམ་ཚོགས་པ་གང་འདོད་ལེན་པར་བྱེད་པའི་ཐབས་ལ་མཁས་པ་ནི་ལུས་འཕོས་པའི་བསམ་པའི་རང་གཟུགས་ཀྱིས་སྒྲུབ་པ་ཡིན། དེ་ཡང་རྐྱེན་ལས་འབྱུང་བ་ཡིན། དངོས་པོ་ད་ལྟར་གྱི་ལུས་ངག་ཡིད་གསུམ་འདི་འཕོ་བ་མ་ཡིན། འདི་སྒྲུབ་པའི་ཐབས་ལ་མཁས་ན་འཕོ་བ་ཡང་དེ་ཉིད་ཡིན། ལུས་འཕོས་པ་བསམ་པའི་རང་གཟུགས་ཀྱང་འདི་གོ་བ་ཡིན། འཇིག་རྟེན་མགོན་པོའི་ལུས་ལྟ་བུའི་ཆོས་ནི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཡིན། དེ་གོ་དགོས། དེ་རྟོགས་པའི་སྟེང་དུ་ཡང་མིག་གི་དབང་པོ་ལ་སོགས་པ་དང་འདྲ་བའི་རྐྱེན་ཉིད་འདི་པ་འདི་མ་གོ་བར་གྱུར་ན་འཇིག་རྟེན་འདི་དང་ཕ་རོལ་ཏུ་ཕུན་སུམ་ཚོགས་པ་སྒྲུབ་པའི་ཐབས་ཀྱི་བྱེ་བྲག་རྣམས་མི་ཤེས་ཏེ། མིག་གི་དབང་པོ་ལ་སོགས་པ་དབང་པོ་རྣམས་མེད་པའི་ལུས་དང་འདྲ། རྐྱེན་ཉིད་འདི་པ་འདི་གོ་ཞིང་རྟོགས་པར་གྱུར་ན་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་ལུས་ཀྱི་དབང་པོ་མིག་ལ་སོགས་པ་འདི་ཡིན། འུབས་ཀྱིས་བསྡུས་པར་གྱུར་ན། རྟེན་འབྲེལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་དང༌། རྒྱུ་འབྲས་ཀྱི་རྟེན་འབྲེལ་གཉིས་པོ་འདི་གོ་བ་དང་རྟོགས་པར་བྱེད་པ་ཡང་འཇིག་རྟེན་མགོན་པོ་དང་སྐད་ཅིག་ཀྱང་མི་འབྲལ་བའི་གདུང་བ་དང༌། ལྡོག་སྲུབས་འདི་ལྟ་བུ་རྣམས་གོ་བར་འདོད་པའི་སོ་ནམ་ཅན་ཞིག་དགོས་གསུངས་པས་དེ་ལྟར་ཐུགས་ལ་ཞོག་པར་ཞུ་བ་དེ་ཆོས་ལགས།།

ཡང་བླ་མ་རིན་པོ་ཆེའི་ཞལ་ནས། ངེད་རང་ཐམས་ཅད་འཇིག་རྟེན་འདིར་ཡུན་རིང་པོ་མི་སྡོད། མྱུར་དུ་འཆི་དགོས་པ་ཡིན། དེ་ཡང་འཆི་བའི་དུས་ལ་ནི་བབ། མལ་གྱི་ཐ་མ་ལ་ཉལ། ཟས་ཀྱི་ཐ་མ་ཆུ་ཐིགས་པ་གཅིག་འཐུང༌། ཉེ་དུ་དང་གཉེན་འདུན་ཐམས་ཅད་ཀྱིས་མཐའ་བསྐོར། དབུགས་རིང་ཐུང་བྱེད་ཅིང་འཆི་བའི་དུས་སུ་སྐྱབས་དང་མགོན་ཆོས་མ་གཏོགས་པ་གཞན་མེད། ཆོས་དེ་གང་ཡིན་སྙམ་ན་འདོད་ཆགས་དང་བྲལ་བས་ཞི་བ་དང༌། ཞི་བ་འདོད་ཆགས་དང་བྲལ་བའི་ཆོས་ཡིན། དེ་གང་ཡིན་ན་རང་གི་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་འདི་འདོད་ཆགས་དང་བྲལ་བས་ཞི་བ་དང༌། ཞི་བ་འདོད་ཆགས་དང་བྲལ་བ་དོན་གཅིག་པ་ཡིན། འདོད་ཆགས་དང་བྲལ་བས་ཞི་བའི་ཆོས། རང་གི་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་འདི་རྟོགས་པའི་དུས་སུ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་སྤངས་ཟིན་པ་ཡིན། ཞི་བ་འདོད་ཆགས་དང་བྲལ་བས་ཉོན་མོངས་པ་དང་རྣམ་པར་རྟོག་པའི་ཚོགས་ཇི་སྙེད་ཅིག་ཡོད་པ་དང༌། སྣང་བ་དཀར་དམར་སྣ་ཚོགས་སུ་སྣང་བ་འདི་ཡང་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་དེ་ཆུ་ལ་ཆུ་བཞག་པའམ། མར་ལ་མར་བཞག་པ་བཞིན་དུ་དབྱེ་བ་མེད་པར་རྟོགས་པ་ཡིན། དེས་ན་སེམས་རྟོགས་པའི་དུས་སུ་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་ལ་མ་རྟོགས་པ་སྤུའི་རྩེ་མོ་ཙམ་ཡང་མེད། འདི་རྟོགས་པའི་དུས་སུ་ལུས་ངག་ཡིད་གསུམ་གྱི་བྱ་བ་ཐམས་ཅད་དང་སྤྱོད་པ་ཡང་རྣམ་པར་དག་པ་འབའ་ཞིག་ཏུ་འགྱུར་རོ། །གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མ་རུང་བ། །དེ་ལ་ཐམས་ཅད་རུང་མི་འགྱུར། །གསུངས། འདི་མ་རྟོགས་པའི་དུས་སུ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མ་སྤངས་པ་ཡིན། འདི་མ་རྟོགས་པར་གྱུར་ན་ནི་འཁོར་བ་ལས་མི་འདའ་སྟེ། མ་རྟོགས་དུས་ན་མ་རིག་པ་ལ་སོགས་པ་གསུང་ན་འདི་རྟོགས་པ་ནི་མི་དགོས། ཆོས་ཐམས་ཅད་སྟོང་ངམ་མི་སྟོང་སྙམ་པའི་ཐེ་ཚོམ་ཙམ་ཞིག་སྐྱེས་ན་ཡང་འཁོར་བ་ནུས་པ་མེད་པར་བྱས་ཟིན་པ་ཡིན་ཏེ། འདི་ལ་ཐེ་ཚོམ་སྐྱེ་བ་ནི། ལ་སོགས་པ་གསུང་ན་རྟོགས་པས་འཁོར་བ་སྤོང་བ་ལྟ་སྨོས་ཀྱང་ཅི་དགོས། འདི་རྟོགས་པར་བྱེད་པ་ལ་བླ་མ་མཚན་ཉིད་དང་ལྡན་པ་ཞིག་དགོས་ཏེ་མཁས་པ་བཀའ་རབ་འབྱམས་ལ་ཤེས་རབ་ཀྱི་སྣང་བ་རྒྱས་པ་ཞིག་ཡིན་ཡང་འདི་རྟོགས་པར་བྱེད་པའི་ནུས་མཐུ་མེད། དེ་བཞིན་དུ་བཙུན་པ་དང་བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ་པ་དང་ཉམས་གསུམ་དང་ལྡན་པའི་བླ་མ་ལ་ཡང་འདི་རྟོགས་པར་བྱེད་པའི་ནུས་པའི་མཐུ་མེད། འདི་རྟོགས་པར་བྱེད་པ་ལ་རབ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྗེ་རིན་པོ་ཆེ་ལྟ་བུ་ཞིག་དགོས། འབྲིང་ཡང་ཉོན་མོངས་པ་དང་རྣམ་པར་རྟོག་པ་ཇི་སྙེད་ཅིག་ཡོད་པ་དང༌། སྣང་བ་དཀར་དམར་སྣ་ཚོགས་པ་ཡང་སྐྱེ་བ་མེད་པ་ཕྱག་རྒྱ་ཆེན་པོར་རྟོགས་པ་ཞིག་དགོས། བླ་མས་ཀྱང་འདིའི་དུས་སུ་གཟོད་འགྲོ་བ་གཞན་གྱི་ལམ་སྣ་འདྲེན་པའི་བླ་མ་བྱེད་རན་པ་ཡིན། དེ་མ་ཡིན་པར་བླ་མ་བྱས་པས་སྐྱེ་མ་རན་པར་སྐྱེས་པ་དང་འདྲ། ཐ་མ་ཡང་རང་གི་སེམས་ཀྱི་ངོ་བོ་ཉམས་གསུམ་དང་བྲལ་བར་རྟོགས་པ་ཞིག་དགོས་གསུངས། བླ་མ་དེ་ལྟ་བུ་ཞིག་ལ་མཚན་ཉིད་དང་ལྡན་པའི་སློབ་མ་ཞིག་གིས་མོས་གུས་ཀྱི་ཆོད་བླ་མ་ལ་ལོངས་སྤྱོད་རྫོགས་པའི་སྐུའི་འདུ་ཤེས་མན་ཆོད་ཀྱིས་འདི་རྟོགས་པར་ནི་མི་ནུས། ཆོས་ཀྱི་སྐུའི་འདུ་ཤེས་དགོས། ཆོད་དམ་དབལ་ངར་གྱིས་སྨིན་པར་བྱེད་དགོས་པ་ཡིན། དེ་ལྟར་དཔོན་སློབ་ཀྱི་རྟེན་འབྲེལ་འཛོམ་ན་འདི་རྟོགས་པར་བྱེད་པ་ལ་ཚེགས་མེད། འདིའི་ཁུངས་ཀྱང་བརྒྱུད་པ་རིན་པོ་ཆེ་འདི་ལ་ཡོད་དེ་སློབ་དཔོན་སྤྲུལ་སྐུ་བ་བདེན། ཤ་ཟ་བ་འདྲ་བ་ལ་འཚག་པོ་རྐང་པ་ལ་ཟ་དགོས། ཆོས་བྱེད་པར་འདྲ་བ་ལ་བརྒྱུད་པ་འདི་ལ་འཇུག་དགོས། བརྒྱུད་པ་འདི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བརྒྱུད་པ་ཡིན། དེ་ཡང་ཆོས་རྗེ་སྒམ་པོ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་བླ་མར་སངས་རྒྱས་པ་དང༌། དེ་ནས་མེ་ཏོག་ཟླ་མཛེས་སུ་གྱུར་པ་དང༌། ཐུབ་པའི་སྤྱན་སྔར་མགོན་པོ་ཟླ་འོད་གཞོན་ནུར་གྱུར་པ་ཡིན་ཏེ། སྔོན་གྱི་དུས་ན་མེ་ཏོག་ཟླ་མཛེས་ལ། །ཐུབ་པའི་སྤྱན་སྔར་ཟླ་འོད་གཞོན་ནུར་གྱུར། །ལྔ་བརྒྱའི་དུས་སུ་སྐྱེས་བུ་ཆེན་པོ་ཉིད། །གསུང་ན་ཟླ་འོད་གཞོན་ནུར་གྱུར་པ་ལ་མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་གཏད་པ་ཡིན། དེ་ཡང་ཕྱི་མའི་དུས་སུ་ཏིང་ངེ་འཛིན་འདི་བཟུང་ཞེས། རང་བྱུང་མགོན་པོ་ང་ཉིད་གསོལ་བ་འདེབས་གསུངས། དེའི་དུས་སུ་ཟླ་འོད་གཞོན་ནུར་གྱུར་པས་ཡར་ཞུས་པས་སྙིགས་མའི་དུས་ངས་འདི་འཛིན་པར་མི་ནུས་ཞུས་པས། ཁྱོད་ཐུགས་ལས་ཆུང་ངུར་གྱིས་ཤིག དེའི་དུས་སུ་ཉིད་ཀྱིས་ཁྱོད་ཀྱི་གྲོགས་བྱེད་གསུང་ན། དེ་ལ་ཏིང་ངེ་འཛིན་རྒྱལ་པོ་ནི་རང་གི་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་འདི་ཡིན་ལ། འདི་བཟུང་ཞེས་གཏད་པ་ཡིན། འདི་བཤད་པ་དང༌། བཟུང་བར་བྱ་བའི་ཆོས་མིན། རང་གི་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་འདི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཡིན། རྗེ་སྒམ་པོ་པ་ལ་ཕྱག་རྒྱ་ཆེན་པོ་ངོ་སྤྲོད་མངའ་བ་དེ་ཡང་འདི་མ་ལགས། རྗེ་སྒམ་པོ་པ་ལ་འདི་བྱུང་བས་ན་ད་ལྟ་དྭགས་པོ་བཀའ་བརྒྱུད་ཟེར་བའི་རྒྱུ་མཚན་འདི་ཡིན་ལ། བཀའ་བརྒྱུད་འདིའི་ཆོས་ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་ཡིན། དེ་གང་ཡིན་བགྱིས་པར་གྱུར་ན་ཆོས་ཐམས་ཅད་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་གསུང་ན། གང་དུ་མཉམ་ན་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་སེམས་སུ་མཉམ། རྣམ་པར་སྤྲོས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡིན་ལ། མདོ་འདིའི་དོན་བསྒོམ་མི་དགོས། ཚིག་གཅིག་ཙམ་རྣ་ལམ་དུ་གྲགས་ན་ཡང་དེས་མདོ་འདི་གསུང་བའི་དུས་སུ་བྱ་རྒོད་ཕུང་པོའི་རི་ལ་དེ་བཞིན་གཤེགས་པ་མཐོང་བ་དང་སངས་རྒྱས་མང་པོས་བྱིན་གྱིས་བརླབས་པར་མདོ་དེ་ཉིད་དུ་བཤད་པ་ཡིན་གསུང་ན། ཕན་ཡོན་གྱི་ཚིགས་བཅད་རྣམས་འདོན་པ་དང་དབྱངས་སུ་ཡང་མཛད། འདི་གང་ཡིན་བགྱིས་པར་གྱུར་ན་མདོ་སྡེ་ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་རྗེ་སྒམ་པོ་པ་ལ་གཏད་པ་ཡིན་ལ། འདིའི་དོན་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཡིན། དེ་ཡང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཉིད་ཀྱང་དོན་དམ་པ་བྱང་ཆུབ་ཀྱི་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་དུ་རོ་གཅིག་པ་ཡིན་ཏེ། མདོ་དེ་ཉིད་ལས། ཆོས་ཀུན་དོན་གཅིག་ཏུ་ནི་རབ་བཤད་དེ། །འགོ་གཅིག་ཏུ་ནི་སྟོང་པ་ཉིད་ཡིན་པས། །དེ་ལ་ནི་ཐ་དད་གྱུར་པ་གང་ཡང་མེད། གསུངས། ངེད་ད་ལྟ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་ཏིང་ངེ་འཛིན་བསྒོམ་དུ་ཡོད་པའི་དུས་སུ་འདོད་པའི་ཡོན་ཏན་ལ་མི་དམིགས་པར་རི་ཁྲོད་སྟོང་པ་འདི་ལྟ་བུར་སྐྱོ་ཚ་ཕུལ་རེ་ཙམ་ལ་བརྟེན་ནས་སྒྲུབ་པ་བྱེད་དགོས་པ་ཡིན་མོད། འདོད་པའི་ཡོན་ཏན་ལ་དགོས་པ་ཅི་ཡོད། སྟག་གཟིག་གི་མདུན་དུ་རྩ་བཞག་པ་དང་འདྲ་བར་འདོད་པའི་ཡོན་ཏན་རྨི་ལམ་དུ་ཡང་མི་འདོད་པ་ཞིག་བྱུང་ན། གཟོད་ཆོས་བྱེད་པ་ལ་ཞུགས་པ་ཡིན་ལ་དེ་ལྟ་བུ་ཞིག་དགོས། འཇིག་རྟེན་འདིའི་ཆོས་བརྒྱད་དམ་གཉེན་འདུན་ལ་དགོས་པ་མེད་དེ་གཉེན་གཉེན་དུ་འོང་བ་དང༌། དགྲ་དགྲར་འོང་བའི་ཏིག་ཏིག་ཅིག་ཀྱང་ག་ལ་ཡོད། སློབ་དཔོན་འཕགས་པའི་ཞལ་ནས། ཕ་ནི་མ་ཉིད་ལ་སོགས་པ་གསུངས་ན་ངེས་པ་ཞིག་ག་ལ་ཡོད། དེས་ན་གཉེན་འདུན་གྱི་ཆེད་དུ་སྡིག་པའི་ལས་བྱེད་དུ་གར་ནུས། འབྲས་བུ་རྣམ་པར་སྨིན་པ་ལོངས་སྤྱོད་པའི་དུས་སུ་སྡུག་བསྔལ་གྱི་སྐལ་པ་འདོད་མཁན་མི་འོང༌། དེ་ཡང༌། ཁྱོད་ཀྱིས་དགེ་སློང་བྲམ་ཟེ་ལྷ་རྣམས་དང༌། །མགྲོན་དང་ཡབ་ཡུམ་སྲས་དང་བཙུན་མོ་དང༌། །འཁོར་གྱི་སླད་དུ་སྡིག་པ་མི་བགྱི་སྟེ། །དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །གསུངས། དེ་ལྟ་བུའི་ཆེད་དུ་སྡིག་པའི་ལས་བྱེད་པ་ལ་དགོས་པ་མེད། གཞན་ཡང་མི་ལུས་རིན་པོ་ཆེ་ཐོབ་ནས་སྡིག་པ་བྱེད་པ་ནི་ཤིན་ཏུ་བླུན་པ་ཡིན་ཏེ། གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །ངན་སྐྱུགས་ཕྱག་པར་བགྱིད་པ་དེ་བས་ནི། །གང་ཞིག་མི་རུ་སྐྱེས་ནས་སྡིག་པ་དག ། བགྱིད་པ་དེ་ནི་ཆེས་རབ་བླུན་པ་ཡིན། །བགྱི་བ་གསུངས། སྤྱིར་ངེད་རང་ཐམས་ཅད་འཇིག་རྟེན་འདིར་ཡུན་རིང་པོ་མི་སྡོད། སང་དང་འཆི་བ་གང་སྔ་ཆ་མེད་པས་འཇིག་རྟེན་འདིའི་སྤྲོས་པ་རྦད་ཀྱིས་ཆོད་ལ། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་ནན་ཏན་ཆེན་པོ་བྱོས། བར་དོ་གསུམ་ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱིས་བགྲོད་དགོས་པ་ཡིན། དེས་ན་སྤྱིར་ཆོས་ལ་ནན་ཏན་མཛད་པར་ཞུ།།

ཡང་བླ་མ་རིན་པོ་ཆེའི་ཞལ་སྔ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཇི་སྙེད་ཅིག་གསུངས་པའི་བརྗོད་བྱ་ཐམས་ཅད་ཐོག་མ་དང༌། བར་དང༌། ཐ་མར་དགེ་བར་འདུ་བ་ཡིན་གསུངས། དེ་ལྟར་ལགས་པར་ཡང༌། ཐོག་མ་བར་དང་མཐར་དགེ་བ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བ་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུང་བ་གང༌། བགྱི་བ་གསུངས་ན། ཐོག་མར་དགེ་བ་གང་ཡིན་པ་དེ་བར་དང་ཐ་མར་ཡང་དགེ། ཐོག་མར་མི་དགེ་བ་གང་ཡིན་པ་དེ་བར་དང་ཐ་མར་ཡང་མི་དགེ། དགེ་བ་མི་དགེ་བར་བསྒྱུར་དུ་མི་བཏུབ། མི་དགེ་བ་དགེ་བར་བསྒྱུར་དུ་མི་བཏུབ་སྟེ་གཤིས་ཡིན། གཤིས་ཀྱི་གོ་བ་གང་ཡིན་སྙམ་ན་བསྒྱུར་དུ་མི་བཏུབ་པ་ཡིན་ཏེ། དཔེར་ན་ནམ་མཁའ་དངོས་པོར་གང་གིས་ཀྱང་བསྒྱུར་བར་མི་ནུས་པའམ་འབྱུང་བ་བཞི་པོའི་མཚན་ཉིད་དེ་ལས་བསྒྱུར་དུ་མི་ནུས་པ་དང་འདྲ། འདི་འཇིག་རྟེན་མགོན་པོ་རིན་པོ་ཆེའི་གྲུབ་མཐའ་ཆེན་མོ་ཡིན་ལ། ཞལ་སྔ་ནས་སྔོན་སངས་རྒྱས་འཇིག་རྟེན་དུ་མ་བྱོན། དཀོན་མཆོག་གསུམ་གྱི་སྒྲ་ཡང་མེད། དགེ་བ་དང་མི་དགེ་བ་ངོ་ཤེས་པ་ཡང་མེད། གྲགས་པ་ཡང་མེད། འཕྲིག་ཀྱང་མ་ཚུད་པའི་དུས་ན་ཡང་འགའ་ཞིག་ཅི་ཞིག་ལྟར་སྟེས་དབང་གིས་ལས་དགེ་བ་བཅུ་མངོན་པར་འདུ་བྱེད་པ་ཡང་ཡོད། དེ་ཐོག་མར་དགེ་སྟེ་འཇིག་རྟེན་འདིའི་བཀྲ་ཤིས་པ་དང་བདེ་བ་དང་ལེགས་པའི་དཔལ་ཕུན་སུམ་ཚོགས་པ་ཐོབ། བར་དུ་དགེ་སྟེ་ལྷ་དང་མིའི་ཕུན་སུམ་ཚོགས་པ་ཐོབ། ཐ་མར་དགེ་སྟེ་དེའི་ངོ་བོར་སངས་རྒྱས། ཡང་འགའ་ཞིག་མི་དགེ་བ་བཅུ་མངོན་པར་འདུ་བྱེད་པ་ཡང་ཡོད། དེ་ཐོག་མར་མི་དགེ་སྟེ་འཇིག་རྟེན་འདིའི་ནད་དང་གནོད་པ་སྡུག་བསྔལ་ཉེས་པ་དང་མི་མཐུན་པ་སྣ་ཚོགས་འོང༌། བར་དུ་མི་དགེ་བ་ངན་སོང་གསུམ་དུ་ལྷུང༌། ཐ་མར་མི་དགེ་བ་ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་གཏིང་མཐའ་མེད་པར་འཁྱམས་པ་དེ་གཤིས་ཡིན། ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་བ་དང་དེ་བཞིན་གཤེགས་པའི་མཁྱེན་པའི་ཡེ་ཤེས་དུས་གསུམ་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་གཟིགས་པ་འཇུག་པས། དགེ་བ་ལ་དགེ་བར་མཁྱེན། མི་དགེ་བ་ལ་མི་དགེ་བར་མཁྱེན་པས། དགེ་བ་ལས་བདེ་བ་འབྱུང་བ་དེ་སྒྲུབ་པའི་བསླབ་པར་བཅས། མི་དགེ་བ་ལས་སྡུག་བསྔལ་འབྱུང་བ་དེ་དགག་པའི་བསླབ་པར་བཅས་པ་དེ་གཤིས་འཇིག་རྟེན་ན་ཇི་ལྟར་ཡོད་པ་ལྟར་བཅས་པ་ཡིན་ཏེ། སངས་རྒྱས་ལ་བསྟོད་པ་ལས་ཀྱང༌། འཇིག་རྟེན་མཁྱེན་པ་གསུང་ན། འཇིག་རྟེན་ཇི་ལྟར་མཁྱེན་ན་དགེ་བ་དང་མི་དགེ་བའི་སེམས་དང་ལས་དང་ལས་ཀྱི་འབྲས་བུ་ཇི་ལྟར་འབྱུང་བ་དེ་མཁྱེན་པ་ཡིན། དེ་ཡང་གཤིས་ལ་ཇི་ལྟར་ཡོད་པ་དེ་གསུངས་པ་ཡིན། དེ་བཞིན་གཤེགས་པས་དགེ་བ་དང་མི་དགེ་བར་མཛད་པ་མ་ལགས། སངས་རྒྱས་རྣམས་ཐོག་མར་འདུལ་བའི་སྡེ་སྣོད་གསུང་བའི་རྒྱུ་མཚན་ཡང་དེ་ཡིན་ཏེ། འཁོར་རྣམ་པ་བཞི་ལ་དགེ་སློང་དག སྔོན་དགེ་བའི་ལས་འདི་སྤྱད་པས་ཐོག་མ་དང༌། བར་དང་ཐ་མར་བདེ་སྐྱིད་འདི་སྙེད་ཅིག་བྱུང༌། དེས་ན་ཁྱེད་རྣམས་ཀྱིས་ཀྱང་དེ་ལྟར་བསླབ་པར་བྱ་གསུངས་པ་དང༌། སྔོན་མི་དགེ་བའི་ལས་འདི་སྤྱད་པས་ཐོག་མ་དང༌། བར་དང་ཐ་མར་མི་དགེ་བ་སྡུག་བསྔལ་འདི་སྙེད་ཉམས་སུ་མྱོང༌། དེས་ན་དེ་དག་སྤང་བར་བྱ་ཞེས་པ་ལ་སོགས་པ་སྐྱེས་པའི་རབས་ལྔ་བརྒྱ་གསུངས། མི་དགེ་བ་ལ་དཔག་ཏུ་མེད་པ་ཞིག་གསུངས་ཀྱང་ལུས་ངག་ཡིད་གསུམ་གྱི་མི་དགེ་བ་བཅུར་འདུ། དེ་ཡང་བསྡུས་ན་ཉོན་མོངས་པ་གསུམ་གྱི་སེམས་དང༌། ལས་དང་རྣམ་པར་སྨིན་པ་གསུམ་དུ་འདུ་བ་ཡིན། དགེ་བ་ལ་དཔག་ཏུ་མེད་པ་ཞིག་གསུངས་ཀྱང་དེ་དགེ་བ་བཅུར་འདུ། དེ་ཡང་ཉོན་མོངས་པ་གསུམ་མེད་པའི་སེམས་དང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་གསུམ་དུ་འདུ་བ་ཡིན། དེ་དེ་ལྟར་ལགས་པར་ཡང༌། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་ཡིན། །བགྱི་བ་གསུང་ན་དེས་ན་དགེ་བ་དང་མི་དགེ་བ་ཕན་ཚུན་བསྒྱུར་དུ་མི་བཏུབ་པ་གྲུབ་པའི་མཐའ་ཆེན་མོ་འདི་གོ་དགོས། འདི་གོ་ན་ཆོས་ཐམས་ཅད་འདིའི་སྟེང་ནས་སྨྲས་ན་གསུང་སྒྲོས་འབའ་ཞིག་ཏུ་འོང་བ་ཡིན། འདི་མ་གོ་ན་གཞན་ཇི་སྙེད་ཅིག་སྨྲས་ཀྱང་གསུང་སྒྲོས་སུ་མི་འོང༌། སྤྱིར་ཆོས་རྗེའི་གྲུབ་པའི་མཐའ་རྣམས་གོ་དགོས་ཏེ་ལུས་དང་འདྲ་བ་ཡིན། གྲུབ་པའི་མཐའ་རྣམས་མ་གོ་ན་གཞན་རྣམས་ནི་བར་དོའི་ཤེས་པ་དང་འདྲ་སྟེ་ལུས་མེད་པས་དོན་བྱེད་མི་ནུས། གྲུབ་མཐའ་རྣམས་མ་གོ་མ་བཟུང་བར་ཡར་བཀབ་ཀྱིན་བཞག་ན་ནུབ་ནས་འགྲོ། ནུབ་ན་ནི་ཆོས་ཀྱི་རྗེ་བྱུང་བ་ལ་དོན་མེད་པར་འོང་བས་ཐམས་ཅད་ཀྱིས་ནན་ཆགས་བྱ། ལུས་དང་འདྲ་བའི་གྲུབ་མཐའ་རྣམས་གོ་ནས་གདོད་མིག་གི་དབང་པོ་དང་འདྲ་བའི་རྒྱུ་འབྲས་དེ་ཡང་ཕྲ་རགས་གཉིས། རྣ་བ་དང་འདྲ་བའི་དུས་གསུམ་གྱི་སངས་རྒྱས་ཀྱི་གསུང་རབ་རྣམས་གོ་བ་འབྱུང༌། དབང་པོ་གཞན་ཡང་དེས་འགྲེ་བ་ཡིན། ཆོས་མ་གོ་བས་མང་པོ་ལ་དགོས་པ་མེད། གོ་ན་གཅིག་པུ་ཞིག་བྱུང་ཡང་དེས་ཆོག་པའི་ཚུལ་ལུགས་ཡིན་པས་འབད། ངས་ཚོགས་ནི་མི་སྐྱོང༌། རང་སྒྲུབ་པ་བྱེད་པ་ལ་མི་དགོས་སྙམ་ན་དེས་མི་ཕན་ཏེ། གྲུབ་པའི་མཐའ་རྣམས་མ་གོ་བར་ད་ལྟ་ཤི་ན་རིགས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པར་སྐྱེ་བ་དང༌། གྲུབ་པའི་མཐའ་རྣམས་གོ་བ་དང༌། ཤེས་པར་འགྱུར་བ་ཡང་ཤིན་ཏུ་དཀའ། དེ་ལ་དགེ་མི་དགེ་གཤིས་ཡིན་པ་དང་བཅས་པ་དང་རང་བཞིན་གཉིས་པོ་གཅིག་པ་ཡིན། དགེ་བ་གཤིས་སམ་རང་བཞིན་གྱིས་དགེ་བ་དེ་སྒྲུབ་པར་བཅས། མི་དགེ་བ་གཤིས་སམ་རང་བཞིན་གྱིས་མི་དགེ་བ་དེ་དགག་པར་བཅས། དེ་ལ་འདུལ་འཛིན་ཚོ་གཅིག་མི་གཅིག་པར་འདོད་པ་དང༌། དགག་བཅས་གནང་བཅས་སྒྲུབ་བཅས་དང་བཅས་པ་སྤུན་གསུམ་དུ་འདོད་པ་དང༌། དགག་བཅས་ལ་རྐྱེན་འགའ་ཞིག་ལ་ལྟོས་ནས་གནང་བའི་སྐབས་འཚོལ་བ་ཡོད་དེ། དེ་ག་ལ་སྲིད། བཅས་རང་བཞིན་མི་གཅིག་ན་དགེ་བ་དགག་པའི་བསླབ་པར་བཅས་པ་དང༌། མི་དགེ་བ་སྒྲུབ་པའི་བསླབ་པར་བཅའ་བར་ཐལ་བའི་སྐྱོན་ཡོད་པ་དང༌། དགག་པ་ལ་ཡང་གནང་ན་ནི་སྟོན་པ་ཡང་ཆོས་ལ་དབང་ཟ་བའི་སྐྱོན་ཡོད་གསུང༌། འདུལ་བ་འཛིན་པ་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པ་འདའ་ཀ་ན་ཀུན་དགའ་བོས་བསླབ་པའི་གཞི་ཕྲན་ཚེགས་མ་ཞུས་པ་དང༌། འོད་སྲུང་གིས་ཀུན་དགའ་བོ་ལ་དེ་ལ་སྤྱོས་པ་དང༌། འདའ་ཀ་ན་ཉེ་བར་འཁོར་ལ་ཨུཏྤ་ལི་གནང་བ་དང་མཐུན་པ་རྣམས་ནི་གནང་བར་སྨྲོས་ཤིག བཀག་པ་དང་མཐུན་པ་རྣམས་ནི་ བཀག་པར་སྨྲོས་ཤིག་ཅེས་གསུངས་པ་དེ་ལ་འཁྲུལ་བ་ཡིན། ཀུན་དགའ་བོས་མ་ཞུས་པ་དང་མ་གསུངས་པ་གར་སྲིད། འདའ་ཀའི་གསུང་དེར་འདུལ་བ་ཐམས་ཅད་ཐག་བཅད་པ་ཡིན་ཏེ། གནང་བ་དང་མཐུན་པ་དགེ་བ་རྣམས་ནི་གནང་བར་སྨྲོས་གསུངས་པ་ཡིན། བཀག་པ་དང་མཐུན་པ་མི་དགེ་བ་རྣམས་ནི་བཀག་པར་སྨྲོས་གསུངས་པ་ཡིན་ལ་ཆོས་ཀྱི་རྗེའི་བཞེད་པ་དེ་ཡིན། ཡང་སྡིག་པ་དང་ལྟུང་བ་གཉིས་པོ་ཡང་གཅིག་པར་བཞེད་པ་ཡིན། གཞན་རྣམས་མི་གཅིག་པར་འདོད་པ་ཡིན་ཏེ། སྡོམ་པས་ཁྱད་པར་དུ་མ་བྱས་པས་མི་བསད་པ་སྡིག་པ་ཡིན་ལ། རིགས་བདུན་གྱིས་ཁྱད་པར་བྱས་པས་མི་བསད་པ་ལྟུང་བ་ཡིན་པས་མི་གཅིག་པར་འདོད་ལ། ཆོས་ཀྱི་རྗེའི་བཞེད་པས་གཅིག་པར་འདོད་པ་ཡིན་ཏེ། རྒྱུ་གཅིག་པ་ཡང་སྲོག་གཅོད་པ། འབྲས་བུ་གཅིག་པ་ཡང་མདོ་སྡེར་སྡིག་པས་ཀྱང་ངན་སོང་གསུམ་དུ་ལྟུང་བར་གསུངས་ལ། འདུལ་བ་ནས་ལྟུང་བ་ལྟུང་བ་ཞེས་བྱ་བ་ནི་ངན་སོང་གསུམ་དུ་ལྟུང་བའི་དོན་གྱིས་ནི་ལྟུང་བ་ཞེས་གསུངས་པས་གཅིག་པར་བཞེད། དེ་རྣམས་གོ་བ་དང་དགེ་མི་དགེ་གཤིས་ཡིན་པ་དང་དེ་དགག་སྒྲུབ་གཉིས་སུ་བཅའ་བའི་རྒྱུ་མཚན་གོ་ནས་འོང༌། རྒྱུ་མཚན་གང་ཡིན་སྙམ་ན་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས། སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཡིན། ཆོས་ཐམས་ཅད་ཀྱི་གོ་བ་གང་ཡིན་ན་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཕྱི་རོལ་ཏུ་སྤུའི་རྩེ་མོ་ཙམ་ཡང་མེད། རང་གི་སེམས་ཡིན། སེམས་དེ་མ་སྐྱེས་པ་སྟོང་པ་ཉིད་ཡིན་ཏེ། སྐྱེ་བའི་སྤྲོས་པ་ཐམས་ཅད་ཀྱིས་སེམས་དེ་སྟོང་པ་ཡིན། དེ་གང་ཡིན་སྙམ་ན་སྟོང་པ་ཉིད་ བཅོ་བརྒྱད་ལ་སོགས་པ་ཕྱི་རོལ་ལམ་ལོགས་ཤིག་ན་ཡོད་སྙམ་དུ་མི་བཟུང༌། རང་གི་སེམས་འདི་ཡིན་ལ་འདི་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན། དེ་དགག་སྒྲུབ་གཉིས་སུ་བཅའ་བའི་རྒྱུ་མཚན་ཆོས་ཐམས་ཅད་རང་གི་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་དེ་མ་རྟོགས་པས། རྐྱེན་གྱི་སྟོབས་ཀྱིས་གློ་བུར་དུ་དགེ་མི་དགེར་བྱུང༌། དེ་གཉིས་དགག་སྒྲུབ་ཏུ་བཅས་པ་ཡིན། དེ་ལ་མི་དགེ་བ་སྤོང་བ་དང་དགེ་བ་སྒྲུབ་པ་ལ་སྟོན་པས་ཇི་ལྟར་བཅས་པ་ལྟར་ཚུལ་ཁྲིམས་རིན་པོ་ཆེ་ཉམས་སུ་ལེན་དགོས། དེ་ཡང་དམ་པའི་ཆོས་འདུལ་བ་ནི་མཐའ་གཉིས་སྤོང་བའི་གཉེན་པོ་ཡིན་ཏེ། སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱིས་འདོད་པ་བསོད་ཉམས་ཀྱི་མཐའ་དང༌། ངལ་ཞིང་དུབ་པའི་མཐའ་རྣམ་པ་གཉིས་སྤངས་ནས་མཐའ་ཐམས་ཅད་དང་བྲལ་བ་དབུ་མའི་ལམ་གྱིས་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་གཤིས་སམ་བབས་གནས་ལུགས་དེ་རྟོགས་ནས། སེམས་བསྐྱེད་ཇི་ལྟ་བ་གཞན་དུ་བྱང་ཆུབ་གསུམ་ཐོབ་པ་དེ་ཚུལ་ཁྲིམས་ཀྱི་འབྲས་བུ་ཡིན། བྱང་ཆུབ་གསུམ་ཡང་ཚུལ་ཁྲིམས་རིན་པོ་ཆེ་ལ་རག་ལས་པ་ཡིན། ཚུལ་ཁྲིམས་དེ་ཡང་བླ་ན་མེད་པའི་བྱང་ཆུབ་འདོད་པས་ཉམས་སུ་བླངས་པས་མཐའ་ཐམས་ཅད་དང་བྲལ་བའི་སེམས་རྟོགས་པ་དེ་ཆོས་ཀྱི་སྐུ་ཡིན། དགག་སྒྲུབ་ཀྱི་བསླབ་པ་གཉིས་པོ་འདི་འཇུག་པ་བྱང་ཆུབ་ཀྱི་སེམས་ལྟར་ཉམས་སུ་བླངས་པས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ། སྨོན་སེམས་ལྟར་ཉམས་སུ་བླངས་པས་སྤྲུལ་པའི་སྐུ་ཐོབ། སྐུ་གསུམ་ཡང་དབྱེ་བ་མེད་པ་ཆོས་ཀྱི་སྐུའི་ངོ་བོ་གཅིག་པ་ཡིན། གཟུགས་སྐུ་གཉིས་ཀྱི་ཞིང་ཁམས་དང་འཁོར་དང་སྐུ་ཚེའི་ཚད་དང་བསྟན་པ་གནས་པ་ལ་སོགས་པ་རྣམས་ཀྱང་ཆུ་ལ་ཆུ་བུར་འབྱུང་བ་དང་འདྲ། དེ་ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དབྱེ་བ་མེད་པའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་སྒྱུ་མ་ལྟ་བུའི་ལུས་ངག་ཡིད་གསུམ་ནམ་མཁའ་ལྟ་བུའི་རྒྱུ་འབྲས་གསུམ་གྱི་རྟེན་འབྲེལ་གྱིས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པས་ཐུགས་ལ་དེ་ལྟར་གཞག་པ་དེ་ཆོས་ལགས།།

ཡང་བླ་མ་རིན་པོ་ཆེའི་ཞལ་ནས། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལ་གཏིང་མཐའ་ནི་མེད། སྡུག་བསྔལ་ནི་བསམ་གྱིས་མི་ཁྱབ། འཁོར་བ་འདི་རྒྱུ་གང་ལས་བྱུང་སྙམ་ན། ཆོ་ག་ཉམས་པ་དང་ཚུལ་ཁྲིམས་འཆལ་བ་གཉིས་ལས་བྱུང་བ་ཡིན་གསུངས། དེ་ལ་ཆོ་ག་གང་ཉམས་ན་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཡིན་པ་ལ་དེ་མ་རྟོགས་པས་ང་དང་བདག་ཏུ་བཟུང་བས་འཁོར་བར་འཁོར་བ་ཡིན། དེ་ཡང་གཞི་ང་དང་བདག་ཏུ་བཟུང༌། དེ་ལ་ལྟོས་ནས་གཞན་དུ་བཟུང་བས་ཉེས་པ་སྣ་ཚོགས་ལ་འཇུག་པས་འཁོར་བ་བསྐྱེད་པ་ཡིན། དེ་ལྟར་ཡིན་པར་ཡང༌། བདག་ཡོད་ན་ནི་ལ་སོགས་པ་གསུངས། དེས་ན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་རྒྱུ་དེ་ལས་བྱུང་བ་ཡིན། འདི་སྤོང་བར་བྱེད་པ་ལ་སྡོམ་པ་གསུམ་མམ་བསླབ་པ་གསུམ་གྱིས་སྤོང་སྟེ། སྡོམ་པ་གསུམ་གྱི་སྤང་བྱ་ང་དང་བདག་ཏུ་འཛིན་པ་ཡིན། དེ་ཡང་སོ་སོར་ཐར་པའི་སྡོམ་པ། བྱང་ཆུབ་སེམས་དཔའི་སྡོམ་པ། གསང་སྔགས་ཀྱི་སྡོམ་པ་གསུམ་ཡིན། དེ་ལ་སོ་སོར་ཐར་པའི་སྡོམ་པ་ལ་རིགས་བདུན། དེ་ལ་སྤང་བྱ་སྤྱི་དང་བྱེ་བྲག་གཉིས། སྤྱི་ནི་ངར་འཛིན་པའམ་བདག་ཏུ་འཛིན་པ་འདི་སོ་སོར་ཐར་པའི་སྡོམ་པས་ཀྱང་དེ་སྤོང་བ་ཡིན། རྩ་བ་ངར་འཛིན་པ་སྤངས་པའི་དུས་སུ་ཉེས་པ་ལ་མི་འཇུག་པ་ཡིན། བྱེ་བྲག་ནི་ལྟུང་བ་སྡེ་ལྔ་ཡིན། ལྟུང་བ་སྡེ་ལྔ་སྤོང་བ་ཡང་ངར་འཛིན་པ་སྤོང་བའི་ཐབས་སུ་གསུངས་པ་ཡིན། སོ་སོར་ཐར་པའི་སྡོམ་པ་བསྲུངས་པའི་དགོས་པ་ངར་འཛིན་པ་སྤོང་བ་ཡིན། ངར་འཛིན་པ་མ་སྤངས་པའི་ཚུལ་ཁྲིམས་ལ་དགོས་པ་ཅི་ཡོད། བྱང་ཆུབ་སེམས་དཔའི་སྡོམ་པ་འཇུག་སེམས་སྡོམ་པའི་བདག་ཉིད་འདི་བསྐྱེད་ནས་དགེ་བ་རྒྱུན་ཆགས་སུ་གནས་པ་ཡིན། འདི་མ་བསྐྱེད་ན་ངར་འཛིན་པ་སྤངས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་དཀའ་སྟེ་མི་ནུས། ངར་འཛིན་པ་མ་སྤངས་ན་བྱང་ཆུབ་ཀྱི་སེམས་མཚན་ཉིད་པ་མི་སྐྱེ་སྟེ། བྱང་ཆུབ་ཀྱི་སེམས་སྐྱེ་བ་བདག་གཞན་མཉམ་པ་ཉིད་ཀྱི་སེམས་ལས་བྱང་ཆུབ་ཀྱི་སེམས་སྐྱེ། ངར་འཛིན་པ་མ་སྤངས་པར་བདག་གཞན་མཉམ་པ་ཉིད་ཀྱི་སེམས་མི་སྐྱེ། འཇུག་སེམས་སྡོམ་པའི་བདག་ཉིད་ཀྱིས་ཀྱང་ངར་འཛིན་པ་སྤོང་བ་ཡིན། བྱང་ཆུབ་ཀྱི་སེམས་མ་བསྐྱེད་ན་ངར་འཛིན་པ་མཐའ་དག་སྤོང་བར་མི་ནུས། བྱང་ཆུབ་སེམས་དཔའི་སྡོམ་པ་མི་ཉམས་པར་བསྲུང་བ་ནི། བདག་གི་ལུས་དང་ལོངས་སྤྱོད་དང༌། །དགེ་བ་དུས་གསུམ་བསྐྱེད་པ་རྣམས། །སེམས་ཅན་རྣམས་ལ་གཏང་བ་དང༌། །དེ་བསྲུང་དག་པ་སྤེལ་བའོ། །གསུངས་ན། །ལུས་དང་ལོངས་སྤྱོད་དུས་གསུམ་དུ་བསགས་པ་དང་ཡོད་པའི་དགེ་བའི་རྩ་བ་རྣམས་བསྲུང་བ་དང་སྤེལ་བ་དང་གཏང་བ་དག་པར་བྱེད་པ་བཞི་ལྟར་བསྲུང་བ་ཡིན། སོ་སོར་ཐར་པའི་སྡོམ་པ་དེ་ཉིད་ཀྱང་འཇུག་སེམས་སྡོམ་པའི་བདག་ཉིད་དུ་གནས་པ་ཡིན། གསང་སྔགས་ཀྱི་སྡོམ་པས་ནི་ཤེས་བྱའི་སྒྲིབ་པ་སྤོང་བ་ཡིན། ངའམ་བདག་ཏུ་འཛིན་པ་ཕྲ་བའི་ཕྲ་བ་ཐེག་པ་ཆེན་པོ་གསང་སྔགས་མ་གཏོགས་པས་མི་སྤོང༌། སྤྱིར་སྡོམ་པ་གསུམ་གྱི་སྤང་བྱ་ཉོན་མོངས་པ་གསུམ་ཡིན། དེ་ཡང་ང་དང་བདག་ཏུ་འཛིན་པ་སྤོང་བ་ཡིན་ལ། སྡོམ་པ་གསུམ་གྱིས་ཉོན་མོངས་པ་གསུམ་ཕྲ་རགས་ཀྱི་ཚུལ་དུ་སྤོང་བ་ཡིན། སྤང་བྱ་ཐ་མ་ཤེས་བྱའི་སྒྲིབ་པ་ཡང་ཉོན་མོངས་པ་གསུམ་ཕྲ་བའི་ཕྲ་བ་སྤོང་བ་ལ་ཟེར་བ་ཡིན། གསང་སྔགས་ཀྱི་སྡོམ་པ་འདི་མེད་པར་གྱུར་ན་ཤེས་བྱའི་སྒྲིབ་པ་སྤོང་བར་མི་ནུས། སོ་སོར་ཐར་པའི་སྡོམ་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་གཉིས་ཀྱང་གསང་སྔགས་ཀྱི་སྡོམ་པར་གནས་པ་ཡིན། སྤྱིར་སྡོམ་པ་གསུམ་ལམ་ཡིན་ཏེ་སྤང་བྱ་ཐམས་ཅད་སྡོམ་པ་གསུམ་གྱིས་སྤོང་བ་ཡིན། འབྲས་བུ་ཡིན་ཏེ་སྡོམ་པ་གསུམ་གྱི་ངོ་བོར་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ནས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་འཁོར་བ་མ་སྟོངས་ཀྱི་བར་དུ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འགོད་པར་བྱེད་པ་ཡིན། དེ་ཡང་སོ་སོར་ཐར་པའི་སྡོམ་པས་ནི་སྤྲུལ་པའི་སྐུ་ཐོབ། བྱང་ཆུབ་སེམས་དཔའི་སྡོམ་པས་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ། གསང་སྔགས་ཀྱི་སྡོམ་པས་ནི་ཆོས་ཀྱི་སྐུ་ཐོབ་པ་ཡིན། སྤྱིར་སྡོམ་པ་གསུམ་གྱིས་བསྒྲུབས་པའི་ཏིང་ངེ་འཛིན་ནི་སེམས་ཉིད་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཡིན། སྡོམ་པ་གསུམ་གྱིས་འདི་རྟོགས་པར་བྱེད་པ་ཡིན། འདི་མ་རྟོགས་པའི་སྡོམ་པ་ལ་དགོས་པ་མེད། འདི་རྟོགས་པར་བྱེད་པ་འཇིག་རྟེན་མགོན་པོ་ལ་རག་ལས་པས་དུས་རྒྱུན་དུ་མོས་གུས་ཀྱི་གདུང་བ་དང་མི་འབྲལ་བར་བྱ། དེ་ཡང་ཆོས་ཀྱི་སྐུའི་འདུ་ཤེས་དགོས་ཏེ། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་མཐའ་བསྟེན་པ་དང༌། །རང་གི་བསོད་ནམས་ལས་ཤེས་བྱ། གསུངས་ན་དུས་མཐའི་མོས་གུས་ནི་ཆོས་ཀྱི་སྐུའི་འདུ་ཤེས་ལགས་པས། བླ་མའི་མོས་གུས་དང་སྡོམ་པ་གསུམ་གྱིས་བསྒྲུབས་པའི་ཏིང་ངེ་འཛིན་ལ་ནན་ཏན་མཛད་པར་ཞུ་བ་དེ་ཆོས་ལགས།།

ཡང་བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་འཇིག་རྟེན་མགོན་པོ་རིན་པོ་ཆེའི་ཆོས་བསམ་གྱིས་མི་ཁྱབ་བགྱིས་ཀྱང་དེ་དག་ཐམས་ཅད་སྣང་བ་རང་གི་སེམས་གཅིག་པུར་འདུ་བ་ཡིན། དེ་ལ་ཡང་ཕྱེ་ན་འཁོར་བ་རང་གི་སེམས་དང༌། མྱ་ངན་ལས་འདས་པ་རང་གི་སེམས་གཉིས་སུ་མཆིས། དེ་ཡང་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཡིན་ལ། དེ་ཉིད་ལ་རྐྱེན་འཛིན་པའི་སྟོབས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་སྣང་བ་ཡང་སེམས་དེར་སྣང་བ་ཡིན། དེ་ལ་འཁོར་བ་རང་གི་སེམས་ནི། བསམ་པ་ངན་པ་ཉོན་མོངས་པའི་བསམ་པ་ལ་བསམ་པ་དེའི་སྣང་བར་འོང་སྟེ་ཆགས་པའི་བསམ་པའི་དབང་དུ་བགྱིས་ན་དགེ་སློང་སྡེ་སྣོད་གསུམ་པ་ལྷུང་བཟེད་ལ་ཆགས་པ་ལྟ་བུ་ཡིན། ཞེ་སྡང་གི་དབང་དུ་བགྱིས་ན་ཆོས་རྒྱལ་མྱ་ངན་མེད་ལྟ་བུ་ཡིན། གཏི་མུག་གི་དབང་དུ་བགྱིས་ན་ཆུ་སྲིན་ཉའི་གཟུགས་ཅན་ལྟ་བུ་ཡིན། དེ་དག་གི་ཡང་ཆགས་པའི་ཡུལ་དང་སྡང་བ་དང་རྨོངས་པའི་ཡུལ་དེ་དག་གདོད་ནས་མ་སྐྱེས་པ་སྟོང་པ་ཉིད་ཡིན་པ་ལ་དེ་མ་རྟོགས་པར་སེམས་ཉིད་ཆགས་པ་སྣ་ཚོགས་པར་ཆགས་པ་ཡིན། དེ་ལ་ཆགས་སྡང་དུ་བཟུང་བས་བསམ་པ་ཇི་ལྟ་བ་བཞིན་འཁོར་བ་རང་གི་སེམས་གྲུབ་པ་ཡིན། བསམ་པ་བཟང་པོ་བྱམས་སྙིང་རྗེ་ལ་སོགས་པའི་བསམ་པ་ལ་ཡང་དེའི་སྣང་བ་འགྲུབ་སྟེ་བྲན་མོ་མངག་གཞུག་མ་ལྟ་བུ་ཡིན། མྱ་ངན་ལས་འདས་པ་རང་གི་སེམས་ནི་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་དེ་ཉན་ཐོས་རྣམས་ཀྱིས་ནི་རང་ཉིད་ཞི་བ་དེ་འདོད་པས་བདེན་པ་བཞི་ལྟར་ཉམས་སུ་བླངས་པས་བསམ་པ་དེ་ཇི་ལྟ་བ་བཞིན་འགྲུབ་པ་དང༌། རང་རྒྱལ་རྣམས་ཀྱིས་རྟེན་འབྲེལ་བཅུ་གཉིས་ལུགས་ལས་འབྱུང་བ་དང་ལུགས་ལས་ལྡོག་པ་རང་ཉིད་ཀྱི་དོན་དུ་ཉམས་སུ་བླངས་པས་བསམ་པ་དེ་ཇི་ལྟ་བ་བཞིན་འགྲུབ་པ་ཡིན། དེ་གཉིས་ཀྱིས་སེམས་ཅན་གྱི་དོན་གཏན་མི་བྱེད་པ་ནི་མ་ལགས་ཏེ། ཉན་ཐོས་ཆེན་པོ་རྣམས་དྲོ་གོང་རེ་རེ་ལ་ཡང་སེམས་ཅན་ལྔ་བརྒྱ་རེ་རེ་ཐེག་པ་གསུམ་ལ་མ་བཀོད་པར་དྲོ་མི་གསོལ་བ་ཡང་ཡོད་དེ། རང་རྒྱལ་རྣམས་ཀྱིས་ཀྱང་ངག་གི་སྒོ་ནས་ཆོས་མི་སྟོན་ཡང་ལུས་ཀྱི་སྒོ་ནས་ཆོས་སྟོན་པ་ལགས་པར་གདའ། བྱང་ཆུབ་སེམས་དཔས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐུགས་བསྐྱེད་པས་བསམ་པ་དེ་ཇི་ལྟ་བ་བཞིན་འགྲུབ་པ་ཡིན། འདི་ལ་མྱ་ངན་ལས་འདས་པ་རང་གི་སེམས་ཟེར། དེ་ཡང་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཡིན་པ་ལ། རྐྱེན་བསམ་པ་ཇི་ལྟ་བ་བཞིན་འཁོར་འདས་གཉིས་སུ་སྣང་བ་ཡིན་ཏེ། སོ་སོ་སྐྱེ་བོ་གཟུང་འཛིན་གདོས་སུ་ཆུད། །ཉན་ཐོས་རྣམས་ནི་སྨིག་རྒྱུའི་རྒྱ་མཚོ་སྙོག །རང་སངས་རྒྱས་རྣམས་ཐོ་ཡོར་མི་ཡིས་དེད། །བྱང་ཆུབ་སེམས་དཔས་རྨི་ལམ་སྐྱེད་མོས་ཚལ། །སངས་རྒྱས་རྣམས་ཀྱིས་སྤྲོས་པ་ཞི་བར་མཁྱེན། །གསུངས་ན། སེམས་སྟོང་པ་ཉིད་ཡིན་པ་ལ་དེ་མ་རྟོགས་པར་སོ་སོ་སྐྱེ་བོ་རྣམས་ཀྱིས་གཟུང་འཛིན་གཉིས་སུ་བཟུང་བས་འཁོར་བར་འཁོར་བ་ཡིན། སྨིག་སྒྱུ་ལ་ཆུ་མེད་པ་ལ་རི་དྭགས་རྣམས་ཀྱིས་ཆུར་བཟུང་བ་དང་འདྲ་བ། ཉན་ཐོས་ཀྱིས་བདེན་པ་བཞི་མ་གྲུབ་པ་ལ་དེར་བཟུང་བས་འཁོར་བར་འཁོར་བ་ཡིན། ཐོ་ཡོར་ལ་མིའི་བློ་བྱུང་ནས་བྲོས་པ་དང་འདྲ་བར། རང་རྒྱལ་རྣམས་ཀྱིས་རྟེན་འབྲེལ་བཅུ་གཉིས་སུ་བཟུང་བས་འཁོར་བར་འཁོར་བ་ཡིན། རྨི་ལམ་གྱི་སྐྱེད་མོས་ཚལ་ཕུན་སུམ་ཚོགས་པ་དང་འདྲ་བར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་བསྐྱེད་ཚོགས་བསགས་ནས་འཚང་རྒྱ་བར་བཟུང་བ་ཡིན། སངས་རྒྱས་རྣམས་ཀྱིས་འཛིན་པ་དེ་དག་སྤངས་ཏེ་སྤྲོས་པ་ཐམས་ཅད་དང་བྲལ་བར་རྟོགས་པས་སངས་རྒྱས་པ་ཡིན། དེ་ལ་ཚན་གཅིག་སྙམ་ན་ཐམས་ཅད་སྟོང་ཉིད་ཡིན་ན། དེ་ལ་རྒྱུ་འབྲས་གཏན་མེད་དམ་སྙམ་པ་སྲིད་དེ། དེ་ལྟར་མ་ལགས་ཏེ། སྟོང་པ་ཉིད་དེ་རྒྱུ་འབྲས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བར་འབྱུང་སྟེ། འདི་ལ་ནམ་མཁའ་ལྟ་བུའི་རྒྱུ་འབྲས་ཟེར་བ་ཡིན་ཏེ། ལུས་ངག་ཡིད་གསུམ་གྱི་ལས་མངོན་པར་འདུ་བྱེད་པ་དཀར་པོའི་ཕྱོགས་ཀྱི་དགེ་བའི་རྩ་བ་ཐམས་ཅད་ནི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་འབྱུང༌། མི་དགེ་བ་ཐམས་ཅད་ནི་དེ་ཉིད་ཀྱིས་བཅོམ་པ་ཡིན། འོན་དུ་ལགས་ཀྱང་སངས་རྒྱས་ཀྱི་སའི་བར་དུ་དེའི་སྤུ་རིས་འབྱིན་ཏེ། སེང་ལྡེང་ཟུག་པ་དང་རྟ་ཆག་གསོལ་བ་ལ་སོགས་པ་དེ་དག་ཀྱང་སེམས་ཉིད་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་དེ་ཉིད་རྒྱུ་འབྲས་སུ་འབྱུང་བ་ཡིན། སེམས་མ་རྟོགས་པས་འཁོར་བ་སྤོང་མི་ནུས། རྟོགས་ན་རྟོགས་པའི་སྐད་ཅིག་མ་དེ་ལ་འཁོར་བ་སྤངས་ཟིན་པ་ཡིན་ཏེ། དེ་བས་ཐེ་ཚོམ་སྐྱེས་པས་ཀྱང་འཁོར་བ་ནུས་པ་མེད་པར་བྱས་པ་ཡིན་ཏེ། འདི་ལ་ཐེ་ཚོམ་སྐྱེ་བ་ནི། །ལ་སོགས་པ་གསུངས་ན་རྟོགས་པས་འཁོར་བ་སྤོང་བ་ལྟ་ཅི་སྨོས། འདི་རྟོགས་པ་མོས་གུས་ལ་རག་ལས་པས་འཇིག་རྟེན་མགོན་པོ་ལ་མོས་གུས་དང་མི་འབྲལ་བར་ཞུ་བ་དེ་ཆོས་ལགས།།

ཡང་བླ་མ་རིན་པོ་ཆེའི་ཞལ་ནས། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་སྟོན་པ་དེ་ཡང་གཤིས་སམ་བབས་དེ་སྟོན་པ་ཡིན་ལ། འདིར་སྣང་བ་རང་སེམས་ནི་བརྒྱུད་པ་འདིའི་ཕ་སྐད་ཡིན། བསམ་པའི་རང་གཟུགས་ནི་ཆོས་ཀྱི་རྗེའི་ཐུན་མོང་མ་ཡིན་པའི་ཆོས་ཡིན། སྣང་བ་རང་སེམས་ནི་མཚོན་རྣོན་པོ་སྙིང་གར་གཞག་པ་ལྟ་བུ་ཡིན། བསམ་པའི་རང་གཟུགས་ནི་དེ་ཉིད་སྟོབས་དང་ལྡན་པས་ཕར་ཕུལ་བ་ལྟ་བུ་ཡིན། དེ་ལ་བསམ་པའི་རང་གཟུགས་བྱ་བ་ནང་དུ་བསམ་པ་གང་སྐྱེས་པ་དེའི་རང་གཟུགས་སུ་འགྱུར་བ་ཡིན་ཏེ། ལུས་ཀྱང་དེའི་ལུས་སུ་རྣལ་འབྱོར་པ་རྟོགས་ལྡན་རྣམས་སམ། ནམ་མཁའ་ལ་རྒྱུ་བའི་མི་མ་ཡིན་རྣམས་ཀྱིས་མཐོང་བ་ཡིན། དེ་མ་ཡིན་པ་རྣམས་ཀྱིས་ནི་མཐོང་བར་དཀའ། འདི་གོ་ན་འཇིག་རྟེན་འདིའི་བདེ་བ་དང་ལེགས་པའི་དཔལ་ཕུན་སུམ་ཚོགས་པ་ཐམས་ཅད་སྒྲུབ་པའི་ཐབས་ལ་མཁས། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་སྐྱེ་བ་གང་འདོད་ལེན་པའི་ཐབས་ལ་མཁས་པ་ཡིན། དེས་ན་འདི་གོ་དགོས། འདི་ལ་ཡང་སྐད་ཅིག་མའི་བསམ་པའི་རང་གཟུགས་དང༌། ལུས་འཕོས་པའི་བསམ་པའི་རང་གཟུགས་གཉིས་སུ་གཟུང༌། དེ་ཡང་སྐད་ཅིག་མའི་བསམ་པའི་རང་གཟུགས་འདི་གོ་ན། འཇིག་རྟེན་འདིའི་ནད་དང་གནོད་པ་སྡུག་བསྔལ་གྱི་ཚོགས་ཇི་སྙེད་ཅིག་ཡོད་པ་རྣམས་སེལ་བ་དང༌། ཕུན་སུམ་ཚོགས་པ་ལྔ་ལ་སོགས་པ་སྒྲུབ་པའི་ཐབས་ལ་མཁས་ཏེ། དཔེར་ན་རྩ་ཐུ་འབག་པའི་མཛེ་པོ་དང་འདམ་པ་ཡ་པོ་དང༌། སློབ་དཔོན་ལྭ་བ་པ་དང༌། སྟོད་ལུང་ཇག་པ་ཤར་མོ་དང༌། ཡོར་སྟོད་པའི་དགེ་བསྙེན་གྱིས་ལྷན་ཅིག་སྐྱེས་པར་མཐོང་བ་རྣམས་བསམ་པ་དེའི་ལུས་སམ། བསམ་པ་དེའི་རང་གཟུགས་ཡིན། ཕྱི་རོལ་ན་ཡོད་པ་མ་ལགས། ལུས་འཕོས་པ་བསམ་པའི་རང་གཟུགས་འདི་གོ་ན་རང་ཉིད་གང་དུ་སྐྱེ་བ་ལེན་པར་འདོད་པའི་གནས། ནུབ་ཕྱོགས་བདེ་བ་ཅན་ནམ། ཤར་ཕྱོགས་མངོན་དགའ་འམ། དགའ་ལྡན་ལྟ་བུ་གང་དུ་སྐྱེ་བ་ལེན་པའི་ཐབས་ལ་མཁས་ཏེ། དོན་གྱི་འཕོ་བ་ཡང་འདི་ཡིན། འདི་གོ་ན་ནད་པ་ཤི་ཁ་མའི་རྩར་ཕྱིན་ན་ཡང་རྣལ་འབྱོར་པ་དེས་ཚངས་པའི་འཇིག་རྟེན་དུ་སྐྱེར་འཇུག་ན་ནི་བྱམས་པའི་ཏིང་ངེ་འཛིན་སྟོན། དེ་ལ་སོགས་པ་ཕུན་སུམ་ཚོགས་པའི་གནས་ཞིག་ཏུ་སྐྱེ་བར་བྱེད་པའི་རྒྱུའི་བསམ་པ་དེ་སྐབས་དེར་སྒོམ་དུ་འཇུག་པ་ཡིན། དེ་ཡང་རང་བྱམས་པ་བསྒོམས་བྱས་པས་བྱམས་པ་གང་ལ་ཟེར་མི་ཤེས་པས། བླ་མ་དམ་པའི་རྩར་བྱམས་པའི་གདམས་ངག་ལེགས་པར་ཐོབ་པ། བྱམས་པའི་མྱོང་བ་ཡོད་པ་བྱམས་པར་ངོ་ཤེས་པ་ཞིག་གིས་ཤི་ཁ་མ་དེ་ལ་བྱམས་པ་སྐྱེ་བའི་སྒོ་གང་འཕྲོད་པའི་སྣ་གཅིག་ནས་བྱམས་པའི་ཏིང་ངེ་འཛིན་རྒྱུད་ལ་བསྐྱེད་པས་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ཡིན། དེ་བཞིན་དུ་གནས་གང་དུ་སྐྱེ་བ་ལེན་པར་འདོད་པའི་བསམ་པ་དེ་བསྒྲུབས་པས་བསམ་པ་དེའི་རང་གཟུགས་སུ་སྐྱེ་བ་ཡིན་ཏེ། དཔེར་ན་བྲན་མོ་གཡོག་མོ་མངག་གཞུག་མ་དང༌། འཕགས་པ་བ་ལང་བདག་ལྟ་བུ་ཡིན། འདི་མ་གོ་ན་དགེ་བའི་རྩ་བ་དཔག་ཏུ་མེད་པ་མངོན་པར་འདུ་བྱས་ཀྱང་ལུས་ལེན་པར་དཀའ་སྟེ། དཔེར་ན་ཆོས་རྒྱལ་མྱ་ངན་མེད་དམ། དགེ་སློང་སྡེ་སྣོད་གསུམ་པ་རྣམ་པར་གྲོལ་བའི་སྤོབས་པ་དང་ལྡན་པ་ལྷུང་བཟེད་ལ་ཆགས་པ་ལྟ་བུ་ཡིན། སྤྱིར་བསམ་པའི་རང་གཟུགས་འདི་གོ་ན་ནད་པའི་ནད་གསོ་བ་དང་སྨྱོན་པ་དྲན་པ་རྙེད་པར་བྱེད་པ་ལ་སོགས་པའི་ཐབས་ལ་མཁས་པས་འཇིག་རྟེན་འདིའི་ཕུན་སུམ་ཚོགས་པ་སྒྲུབ་པའི་ཐབས་ལ་མཁས་ཏེ། དེ་ཡང་དགོས་པར་གདའ། དེ་ཐོག་མར་དགེ་བ་ཡིན། ཕྱི་མར་ལུས་ཕུན་སུམ་ཚོགས་པ་གང་འདོད་བླངས་པས་ཆོག དེ་བར་དུ་དགེ་བ་ཡིན། ཐ་མར་དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བ་ཡིན། སྤྱིར་འདི་གོ་བ་དང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་ཏིང་ངེ་འཛིན་གྱི་རང་གཟུགས་སུ་བྱ་བ་དང༌། དུས་གསུམ་དུ་དགེ་བས་ཕུན་སུམ་ཚོགས་པ་ཐམས་ཅད་འདི་ལས་འབྱུང༌། འདི་གོ་ན་གདུལ་བྱ་འདུལ་བའི་ཐབས་ལ་མཁས་ཏེ། དཔེར་ན་འཇམ་དཔལ་གྱིས་སྨད་ཚོང་མའི་བུ་མོ་གསེར་མཆོག་འོད་དཔལ་མ་བཏུལ་བ་ལྟ་བུ་ཡིན། བསམ་པའི་རང་གཟུགས་འདི་ཡང་གཤིས་སམ་བབས་ཡིན། བྲན་མོ་ལ་སུས་བསྟན་པ་མེད་ཀྱང་བུ་ལ་བྱམས་པ་སྐྱེས་པས་ཚངས་པའི་འཇིག་རྟེན་དུ་སྐྱེས་པ་དེ་གཤིས་ཡིན། དེ་བཞིན་དུ་ཉོན་མོངས་པ་གསུམ་གྱི་སེམས་ལས་དེའི་རང་གཟུགས་ངན་སོང་གི་གནས་གསུམ་འགྲུབ་པ་དེ་གཤིས་ཡིན། ངན་སོང་གི་གནས་གསུམ་ཕྱི་རོལ་ན་མེད། བསམ་པ་དེའི་རང་གཟུགས་ཡིན། ཚད་མེད་པ་བཞི་ལ་ཚངས་པའི་གནས་བཞི་ཟེར་བ་ཡང་ཚད་མེད་པ་བཞིའི་སེམས་དེས་ཚངས་པའི་འཇིག་རྟེན་འགྲུབ་པས་ན་ཚངས་པའི་གནས་བཞི་ཟེར་བ་ཡིན། དེ་ཡང་ཚད་མེད་པ་བཞིའི་ཏིང་ངེ་འཛིན་རང་གཟུགས་ཚངས་པའི་འཇིག་རྟེན་ཡིན། དེ་ཡང་གཤིས་ཡིན། ཚད་མེད་པ་བཞིའི་ཏིང་ངེ་འཛིན་ཅི་རིགས་པའམ་རང་གཟུགས་སུམ་ཅུ་རྩ་གསུམ་ལ་སོགས་པ་ཡིན། དེ་གཞན་དུ་དགེ་བ་བཅུའི་སེམས་ཅི་རིགས་པའི་རང་གཟུགས་མ་ཡིན། དེ་ཐམས་ཅད་ནང་གི་བསམ་པ་ཕྱི་རོལ་ཏུ་སྣང་བ་ཡིན། ཕྱི་རོལ་ན་ཡོད་པ་མ་ལགས། དེ་ཐམས་ཅད་ཀྱང་གཤིས་ཡིན། མྱ་ངན་ལས་འདས་པ་བྱང་ཆུབ་གསུམ་ཡང་བསམ་པའི་རང་གཟུགས་ཡིན། དེ་ཡང་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་གཟུགས་ཉན་ཐོས་དང་རང་སངས་རྒྱས་ཡིན། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་རང་གཟུགས་ཉན་ཐོས་དང་རང་སངས་རྒྱས་ཡིན། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་རང་གཟུགས་བྱང་ཆུབ་སེམས་དཔའ་ཡིན། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་མཐར་ཕྱིན་པའི་རང་གཟུགས་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན། དེ་ཐམས་ཅད་ཀྱང་ནང་གི་བསམ་པའམ་ཏིང་ངེ་འཛིན་གྱི་རང་གཟུགས་ཡིན། ཆོས་འདི་གོ་ན་འཁོར་བ་དང་མྱ་ངན་ལས་འདས་པའི་བདེ་སྐྱིད་སྒྲུབ་པའི་ཐབས་ཐམས་ཅད་ལ་རྨོངས་པ་མེད་པའི་ལམ་ཡིན། བསམ་པའི་རང་གཟུགས་འདི་རྗེ་ཕག་མོ་གྲུ་པའི་སྣང་བ་རང་གི་སེམས་ལས་ཆོས་ཀྱི་རྗེས་རྙེད་པ་ཡིན་གསུངས། དེ་ཡང་སྣང་བ་རང་གི་སེམས་ནི་སྤྱི་ཙམ་འོལ་ལེ་བ་ཡིན། བསམ་པའི་རང་གཟུགས་ནི་དེའི་བྱེ་བྲག་མ་ལུས་པ་གོ་བར་བྱེད་པ་ཡིན། དེས་ན་རྗེ་རིན་པོ་ཆེ་སངས་རྒྱས་འཇིག་རྟེན་དུ་བྱུང་བའི་ཐུན་མོང་མ་ཡིན་པའི་ཆོས་འདི་ཡིན་པས་ནན་ཏན་མཛད་པར་ཞུ་བ་དེ་ཆོས་ལགས།།

ཡང་འཇིག་རྟེན་གསུམ་གྱི་མགོན་པོ་བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་འདུས་བྱས་ཐམས་ཅད་མི་རྟག ངེད་རང་ཐམས་ཅད་ཀྱང་སང་དང་འཆི་བ་གང་སྔ་ཆ་མེད། སྐྱབས་དང་མགོན་དང་དཔུང་གཉེན་ཐམས་ཅད་དང་ནི་བྲལ། འཁོར་བ་འདི་སྟེས་དབང་དང་རང་དགས་ནི་མི་ལྡོག སྡུག་བསྔལ་ནི་བསམ་གྱིས་མི་ཁྱབ། སྡུག་བསྔལ་ཇི་སྙེད་ཅིག་ཉམས་སུ་མྱོང་ཡང་ཆོག་པའམ་འཛད་པའི་དུས་ནི་མེད། དེ་ཡང་འཆི་བའི་དུས་ལ་ནི་བབ། མལ་གྱི་ཐ་མ་ལ་ཉལ། ཟས་ཀྱི་ཐ་མ་ཆུ་ཐིགས་པ་ཞིག་འཐུང༌། ཉེ་དུ་གཉེན་འདུན་ཐམས་ཅད་ཀྱིས་མཐའ་བསྐོར་དབུགས་རིང་ཐུང་བྱེད་ཅིང་འཆི་བའི་དུས་སུ་སྐྱབས་དང་མགོན་ཆོས་མ་གཏོགས་པ་མེད། ཆོས་དེ་ཇི་ལྟར་ཉམས་སུ་ལེན་སྙམ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་ལྟར་ཉམས་སུ་ལེན་པ་ཡིན། དེ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་པོ་འདི་ལ་བསོད་ནམས་ཀྱི་ཚོགས་བསགས་པས་ཡེ་ཤེས་ཀྱི་ཚོགས་གཏོགས་པར་འདོད་པ་ཡང་ཡོད། ཚོགས་གཉིས་དབྱེ་བ་མེད་པར་འདོད་པ་ལ་སོགས་པ་མི་མཐུན་པ་ཡོད་ཀྱང༌། ཚོགས་གཉིས་པོ་དབྱེ་བ་མེད་པར་གཤིས་ཀྱིས་གནས་པ་ཡིན། དེ་ལ་སྔོན་དུ་འགྲོ་བ་བསོད་ནམས་ཀྱི་ཚོགས་ཡིན། དེ་ལ་ཡང་ཞིང་རྣམ་པར་དག་པ་དང༌། བསམ་པ་རྣམ་པར་དག་པ་དང༌། དངོས་པོ་རྣམ་པར་དག་པ་གསུམ་འཚལ། དེ་ལ་ཞིང་དག་པའི་དབང་དུ་བགྱིས་ན་སྤྱིར་ཞིང་དག་པ་ནི་ཇོ་བོ་བླ་ན་མེད་པའི་དཀོན་མཆོག་རིན་པོ་ཆེ་གསུམ་ཞིང་དག་པ་ཡིན། དེ་ཡང་སངས་རྒྱས་དཀོན་མཆོག་ནི་ལྷ་དང་བཅས་པའི་འཇིག་རྟེན་ན་ཞིང་དག དེས་གསུངས་པའི་ཆོས་ཞིང་དག ཆོས་དེ་ཉམས་སུ་ལེན་པའི་དགེ་འདུན་ཞིང་དག་སྟེ། དེ་ལྟར་ཡིན་པ་ཡང༌། འཆི་མེད་རྔ་སྒྲའི་རྒྱལ་པོའི་མདོ་ལས། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །དམ་པའི་ཆོས་ཀྱང་བསམ་མི་ཁྱབ། །འཕགས་པའི་དགེ་འདུན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ན། །རྣམ་པར་སྨིན་པ་ཡང་བསམ་མི་ཁྱབ། གསུངས། དེ་ལ་སངས་རྒྱས་དཀོན་མཆོག་བསམ་གྱིས་མི་ཁྱབ་པའི་ཚུལ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤངས་པ་བསམ་གྱིས་མི་ཁྱབ་སྟེ། ཆགས་པ་ཉོན་མོངས་པའི་སྒྲིབ་པ་དང༌། ཐོགས་པ་ཤེས་བྱའི་སྒྲིབ་པ་སྤངས་པ་ལ། མ་སྤངས་པ་སྤུའི་རྩེ་མོ་ཙམ་ཡང་མེད་པས་སྤངས་པ་བསམ་གྱིས་མི་ཁྱབ། སྤངས་པ་བསམ་གྱིས་མི་ཁྱབ་པ་བཞིན་དུ་དེའི་ཕྱོགས་སུ་བསོད་ནམས་ཀྱི་ཚོགས་བསོག་པ་བསམ་གྱིས་མི་ཁྱབ་སྟེ་ཞིང་དེ་དང་མཉམ་པར་འབྱུང༌། དེ་བཞིན་གཤེགས་པ་དེས་བརྙེས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་སྟེ། འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་སྟེ། འདས་པའི་བསྐལ་པ་དཔག་ཏུ་མེད་པ་ཁར་སང་བྱས་པ་བཞིན་དུ་མཁྱེན། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་སྟེ། མ་འོངས་པ་ལུང་སྟོན་པར་མཛད་པ་དང༌། ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་སྟེ། ད་ལྟར་བྱུང་བའི་དུས་ལ་མི་མཁྱེན་པ་སྤུའི་རྩེ་མོ་ཙམ་ཡང་མེད་པ་དང༌། གཞན་ཡང་དེ་བཞིན་གཤེགས་པའི་བྲལ་བའི་ཡོན་ཏན་སུམ་ཅུ་སོ་གཉིས་དང༌། རྣམ་པར་སྨིན་པའི་ཡོན་ཏན་སུམ་ཅུ་སོ་གཉིས་དང་ཡོན་ཏན་དྲུག་ཅུ་རྩ་བཞི་ལ་སོགས་པ་བསམ་གྱིས་མི་ཁྱབ། དེ་བཞིན་གཤེགས་པའི་ཕྱོགས་སུ་ཚོགས་བསགས་པ་བསམ་གྱིས་མི་ཁྱབ། གཞན་ཡང་དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་རྒྱུ་མེད་པའི་རབ་ཏུ་བྱམས་པའི་ཐུགས་མངའ་བ་ཡིན། རྒྱུ་མེད་པའི་གོ་བ་སེམས་ཅན་གཞན་རྣམས་ནི་ཚུར་ཕན་བཏགས་པ་ལ་ཕར་ཕན་འདོགས་པ་ཡིན། དེ་བཞིན་གཤེགས་པ་ནི་རྒྱུ་དེ་ལྟ་བུ་ལ་མི་ལྟོས་པར་སེམས་ཅན་ཐམས་ཅད་ལ་ཐུགས་མཉམ་པ་ཡིན། དེས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་བསམ་གྱིས་མི་ཁྱབ། དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་བསམ་གྱིས་མི་ཁྱབ། ཆོས་དེ་གང་ཡིན་བགྱིས་པར་གྱུར་ན། འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལགས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཡང་རྟེན་འབྲེལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་དང༌། རྒྱུ་འབྲས་ཀྱི་རྟེན་འབྲེལ་གཉིས་ཡིན། མཐའ་བརྒྱད་དང་བྲལ་བ་དེ་རྟེན་འབྲེལ་ཡིན་པར་ཀོའུ་ཤི་ཀའི་མདོར་གསུངས། དེ་སློབ་དཔོན་འཕགས་པས་བསྟན་བཅོས་ཆེན་པོར་དྲངས་པ། གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །ལ་སོགས་པ་གསུངས། མཐའ་བརྒྱད་དང་བྲལ་བ་དེ་ཉིད་རྒྱུ་འབྲས་ཀྱི་རྟེན་འབྲེལ་དུ་འབྱུང་བ་ཡིན། རྟེན་འབྲེལ་བཅུ་གཉིས་ལུགས་ལས་འབྱུང་བ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས་རྒ་ཤིའི་བར་དུ་འབྱུང་བ་འཁོར་བ་རྒྱུ་འབྲས་ཀྱི་རྟེན་འབྲེལ་དང༌། མ་རིག་པ་འགགས་པས་རྒ་ཤིའི་བར་དུ་འགགས་པ་མྱ་ངན་ལས་འདས་པ་རྒྱུ་འབྲས་ཡིན་ལ། རྟེན་འབྲེལ་བཅུ་གཉིས་པོ་དེ་ཡང་གསུམ་དུ་འདུ་སྟེ། སློབ་དཔོན་འཕགས་པས། ཡན་ལག་བྱེ་བྲག་བཅུ་གཉིས་གང༌། །ཐུབ་པས་རྟེན་འབྱུང་གསུངས་དེ་དག །ཉོན་མོངས་ལས་དང་སྡུག་བསྔལ་དང༌། །གསུམ་པོ་དག་ཏུ་ཟད་པར་འདུས། །དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ཡིན། །བགྱི་བ་གསུང་ན། དེ་ལ་དང་པོ་ནི་མ་རིག་པ། བརྒྱད་པ་ནི་སྲེད་པ། དགུ་པ་ནི་ལེན་པ་སྟེ་དེ་གསུམ་ནི་ཉོན་མོངས་པའི་དུམ་བུ། གཉིས་པ་ནི་འདུ་བྱེད། བཅུ་པ་ནི་སྲིད་པ་སྟེ་དེ་གཉིས་ནི་ལས་ཀྱི་དུམ་བུ། མིང་དང་གཟུགས་དང་སྐྱེ་མཆེད་དྲུག་ལ་སོགས་པ་ལྷག་མ་བདུན་ནི་སྡུག་བསྔལ་གྱི་དུམ་བུར་གསུངས། དེ་ལ་རྟེན་འབྲེལ་གཅིག་ཏུ་བསྟན་པ་མི་རྟག་པ་ཡིན། མི་རྟག་པར་འདོད་པའི་སེམས་འདིས་ཕྱི་རོལ་མུ་སྟེགས་བྱེད་ཀྱི་བདག་རྟག་པ་གཅིག་པུ་རང་དབང་ཅན་ལ་སོགས་པ་རྟག་པར་ལྟ་བ་ཐམས་ཅད་འཇིག་པ་ཡིན། མི་རྟག་པར་འདོད་པའི་སེམས་འདིས་ཆད་པར་ལྟ་བ་ཐམས་ཅད་འཇིག་པ་ཡིན། གཉིས་སུ་བསྟན་པ་རྒྱུ་དང་འབྲས་བུ། གསུམ་དུ་བསྟན་པ་ཉོན་མོངས་པ་དང་ལས་དང་ལས་ཀྱི་འབྲས་བུ་རྣམ་པ་སྨིན་པ་གསུམ། བཅུ་གཉིས་སུ་བསྟན་པ་མ་རིག་པ་ནས་རྒ་ཤིའི་བར་དུ་གསུངས་པ་ཡིན། དེ་ལྟར་ལགས་པར་ཡང་བཅོམ་ལྡན་འདས་ཀྱིས། རྟེན་ཅིང་འབྲེལ་པར་འབྱུང་བ་གཅིག་ཏུ་བསྟན་པ་ཡོད་དེ་མི་རྟག་པའོ། །གཉིས་སུ་བསྟན་པ་རྒྱུ་དང་འབྲས་བུ། གསུམ་དུ་བསྟན་པ་སེམས་དང་ལས་དང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ། བཅུ་གཉིས་སུ་བསྟན་པ་མ་རིག་པ་ནས་རྒ་ཤིའི་བར་དུ་ཡིན་པར་གསུངས། དེས་ན་སངས་རྒྱས་ཀྱིས་ཆོས་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་རྟེན་འབྲེལ་ཡིན། དེ་ལྟར་ལགས་པ་ཡང་མདོ་ས་ལུ་ལྗང་པ་ལས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པ། ཆོས་འགའ་ཡོད་པ་མ་ཡིན་ནོ། །གསུངས། སློབ་དཔོན་འཕགས་པའི་ཞལ་ནས་ཀྱང༌། རྟེན་ཅིང་འབྲེལ་པར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །འདི་ནི་གང་གིས་ཡང་དག་མཐོང་བ་དེས། །སངས་རྒྱས་དེ་ཉིད་རིག་པ་རྣམ་མཆོག་མཐོང༌། །བགྱི་བ་གསུངས། དེ་ལ་རྟེན་འབྲེལ་བཅུ་གཉིས་སུ་བསྟན་པ་ནས་གཅིག་ཏུ་བསྟན་པའི་བར་གྱི་རྟེན་འབྲེལ་དེ་དག་ཀྱང་གཡས་ནས་འོངས་པ་ཡང་མ་ལགས། གཡོན་ནས་འོངས་པ་ཡང་མ་ལགས། ནང་ངམ་ཕྱི་རོལ་ན་གནས་པ་ཡང་མ་ལགས་ཏེ་དེ་དག་རྐྱེན་ཇི་ལྟ་བ་བཞིན་དུ་འབྱུང་བ་ཡིན། འདི་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་ཉིད་འདི་པ་ཟེར། རྐྱེན་དེ་ཡང་སྐད་ཅིག་མའི་ བསམ་པ་ཇི་ལྟ་བ་བཞིན་དུ་འབྱུང༌། དེ་ཡང་དཔེ་ཇི་ལྟ་བུ་ཡིན་སྙམ་ན་ཁྱི་དཀར་པོ་དུང་གི་གཏམ་རྒྱུད་ལྟ་བུ་ཡིན་ཏེ། བྲམ་ཟེའི་ཁྱེའུ་དེའི་བསམ་པ་གསུམ་དེ་བཞིན་གཤེགས་པས་གསུམ་དུ་ལུང་བསྟན་པ་དེ་ཡང་སྐད་ཅིག་མའི་བསམ་པ་རྟེན་འབྲེལ་རྐྱེན་ཇི་ལྟ་བ་བཞིན་དུ་འབྱུང་བ་ཡིན། དེ་ཡང་རྟེན་འབྲེལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་དེ་ཉིད་རྒྱུ་འབྲས་ཀྱི་རྟེན་འབྲེལ་དུ་འབྱུང་བ་ཡིན། འདི་གང་ཡིན་བགྱིས་པར་གྱུར་ན་ད་ལྟར་གྱི་རང་གི་སེམས་འདི་ཡིན་ཏེ། སེམས་འདི་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ལྷུན་གྱིས་གྲུབ་པའི་ངོ་བོར་གནས་པ་ཡིན། འདི་རྟོགས་པའི་དུས་སུ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་རྩ་བ་ནས་སྤངས་ཟིན་པ་ཡིན། འདི་སྟོང་ངམ་མི་སྟོང་སྙམ་པའི་ཐེ་ཚོམ་ཞིག་སྐྱེས་པས་ཀྱང་འཁོར་བ་ནུས་པ་མེད་པར་བྱས་ཟིན་པ་ཡིན་ཏེ། འདི་ལ་ཐེ་ཚོམ་སྐྱེ་བ་ནི། །ཤིན་ཏུ་དཀའ་བར་བྱེད་པ་སྟེ། །ལན་གཅིག་ཐེ་ཚོམ་སྐྱེས་པས་ཀྱང༌། །སྲིད་པ་ཧྲུལ་པོར་བཏང་བ་ཡིན། །བགྱི་བ་གསུངས་ན། རྟོགས་པས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་སྤངས་པ་ལྟ་ཅི་སྨོས། དེས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་བསམ་གྱིས་མི་ཁྱབ། ཆོས་དཀོན་མཆོག་གི་མཚན་ཉིད་ནི། བཅོམ་ལྡན་འདས་མ་ཕམ་པས། གང་ཞིག་མེད་མིན་ཡོད་མིན་ཡོད་མེད་མ་ཡིན་ཡོད་མེད་ལས་གཞན་དུའང༌། །བརྟག་པར་མི་ནུས་ངེས་ཚིག་དང་བྲལ་སོ་སོ་རང་གི་རིག་ཞི་བ། །དྲི་མེད་ཡེ་ཤེས་འོད་ཟེར་སྣང་ལྡན་དམིགས་པ་ཀུན་ལ་ཆགས་པ་དང༌། །སྡང་དང་རབ་རིབ་རྣམ་པར་འཇོམས་མཛད་དམ་ཆོས་ཉི་མ་དེ་ལ་འདུད། །བགྱི་བ་གསུངས། ཆོས་དེ་གང་གིས་ཉམས་སུ་བླངས་པར་གྱུར་ན་འཁོར་བ་དང་མྱ་ངན་ལས་འདས་པའི་བདེ་སྐྱིད་ཐམས་ཅད་འབྱུང་བ་ཡིན་ཏེ། མྱ་ངན་ལས་འདས་པ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དེ་བཞིན་གཤེགས་པ་ཡང་ཆོས་དེ་ལས་འབྱུང་བ་ཡིན། གཞན་ཡང་འཁོར་བའི་བདེ་སྐྱིད་ཇི་སྙེད་ཅིག་ཡོད་པ་རྣམས་ཀྱང་ཆོས་ལས་འབྱུང་བ་ཡིན། དེས་ན་ཆོས་དཀོན་མཆོག་གི་མཛོད་གསུང་རབ་འབྲི་བ་དང་ཀློག་པ་ལ་སོགས་པ་བསམ་གྱིས་མི་ཁྱབ། བྲིས་ནས་ཀྱང་ཆོས་དེ་འབུལ་དགོས་པ་ཡིན། ཆོས་དཀོན་མཆོག་གི་མཛོད་གསུང་རབ་གཏེའུ་མར་འཇོག་པ་དང༌། ཉོ་ཚོང་བྱེད་པ་ལ་སོགས་པ་ནི་ཉེས་དམིགས་བསམ་གྱིས་མི་ཁྱབ་སྟེ། འཁོར་འདས་ཀྱི་བདེ་སྐྱིད་ཐམས་ཅད་དུས་གཅིག་ཏུ་རྒྱུན་བཅད་པ་ཡིན། མི་དགེ་བ་བཅུ་དང་མཚམས་མེད་པ་ལྔ་ལ་སོགས་པའི་ལས་ཕྱོགས་གཅིག་ཏུ་གཞག་པ་བས་ཉེས་པ་ཆེ་བར་གསུངས་ན་དེ་ལྟ་བུའི་ལས་བྱེད་གར་ནུས། ཆོས་དཀོན་མཆོག་ནི་བཀུར་སྟི་དང་རིམ་འགྲོ་དང་བླ་མར་བྱ་བའི་གནས་སུ་གསུངས་ཏེ། ཆོས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་བླ་མར་བྱ་བར་གསུངས་ན། ལྷ་དང་བཅས་པའི་འཇིག་རྟེན་གཞན་གྱིས་ལྟ་ཅི་སྨོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུང་བའི་དུས་སུ་གདན་སེང་གེའི་ཁྲི་བཅོམ་ལྡན་འདས་ཉིད་ཀྱིས་བཤམས་པ་དེ་ཡང་དེ་བཞིན་གཤེགས་པ་ཉིད་བསྐྱེད་པར་བྱེད་པའི་ཡུམ་ལ་མཆོད་པ་ཡིན་ཏེ། མ་ཞིག་ན་བར་གྱུར་ལ་བུ་ནི་མང་ཡོད་པ། །དེ་ཀུན་ཡིད་མི་བདེ་ཞིང་དེ་ལ་རིམ་འགྲོ་བྱེད། །དེ་བཞིན་ཕྱོགས་བཅུ་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཀྱང༌། །ཡུམ་འགྱུར་ཤེས་རབ་དམ་པ་འདི་ལ་དགོངས་པར་མཛད། །བགྱི་བ་གསུངས་ན། དེ་ལྟར་ཆོས་དཀོན་མཆོག་ལ་རིམ་འགྲོ་བྱ་བ་མ་གཏོགས་པ་ཉོ་ཚོང་ངམ་གོང་འདེབས་སུ་གར་བཏུབ་སྟེ། ཆོས་ཀྱི་རིན་ཐང་བསམ་གྱིས་མི་ཁྱབ། དེ་ཡང་བྱམས་པས་ཞུས་པའི་མདོ་ལས། གང་གིས་གངྒཱའི་བྱེ་སྙེད་འཇིག་རྟེན་ཁམས། །དེ་དག་རིན་ཆེན་བྱུར་བུར་བཀང་བྱས་ཏེ། །དགའ་བར་སེམས་ཤིང་རྒྱལ་ལ་ཕུལ་བ་བས། །གང་གིས་ཚིགས་བཅད་གཅིག་ཙམ་སེམས་ཅན་བྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེན་དེས། །སྙིང་རྗེ་བསྐྱེད་ནས་ཚིགས་བཅད་སྦྱིན་པ་ལ། །གངྒཱའི་གྲངས་སུ་འཆར་ཡང་མི་ཕོད་ན། །ལན་གཉིས་ལན་གསུམ་སེམས་པ་སྨོས་ཅི་དགོས། །བགྱི་བ་གསུངས། གངྒཱའི་བྱེ་མ་སྙེད་ཀྱི་གོ་བ་གང་ཡིན་ན། ཆུ་མོ་གངྒཱའི་ཀླུང་གི་བྱེ་མ་ལས་བྱེ་མ་འབྲུ་གཅིག་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་བཞག དེ་བཞིན་དུ་བདེ་བ་ཅན་དང་མངོན་པར་དགའ་བ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་རེ་རེར་བྱེ་མ་རེ་རེ་བཞག་ནས་གངྒཱའི་ཀླུང་གི་བྱེ་མ་ཟད་པའི་བྱེ་མའི་གྲངས་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་ཚོགས་པས་ཚངས་པའི་འཇིག་རྟེན་གྱི་བར་དུ་བྱུར་བུར་བཀང་ནས་སངས་རྒྱས་ལ་ཕུལ་བ་བས། ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་འགྲོ་བ་གཞན་ལ་བསྟན་ན་དེ་བསོད་ནམས་ཆེ་བར་གསུངས་པ་ཡིན། གཞན་ཡང་རྒྱལ་པོ་འོད་ཟེར་ཆེན་པོའི་གཏམ་རྒྱུད་གསུང་ན། དེ་ལྟར་ཆོས་དཀོན་མཆོག་གི་རིན་ཐང་བསམ་གྱིས་གར་ཁྱབ་སྟེ། ཆོས་ཀྱི་ཕྱིར་དེ་བཞིན་གཤེགས་པ་འདི་ཉིད་ཀྱིས་ཀྱང་སྤྱན་མཐོན་མཐིང་ཨུཏྤ་ལའི་མདོག་ལྟ་བུ་དཔག་ཏུ་མེད་པ་བཏང་བའམ། རིན་ཆེན་སྣ་ཚོགས་པས་བརྒྱན་པའི་དབུ་དུ་མ་བཏང་ བའམ། ཕྱག་འཁོར་ལོ་དང་དཔལ་བེའུ་དང་ལྕགས་ཀྱུས་བརྒྱན་པ་དུ་མ་བཏང་བ་ལ་སོགས་པ་བརྗོད་ཀྱིས་མི་ལང་སྟེ། ཆོས་དཀོན་མཆོག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་དཀའ་བ་དཔག་ཏུ་མེད་པས་བསྒྲུབས་པ་ཡིན། དེས་ན་ཆོས་ལ་གུས་པ་སྒྲུབ་དགོས་པ་ཡིན། གསུང་རབ་ཕར་ཟད་ན་ཚུར་བྱོན་པ་མཐོང་ན་ཡང་དེ་ལ་ལྡང་བ་དང་གུས་པ་བྱེད་དགོས་པ་ཡིན། ཆོས་ཀྱི་འབུལ་བ་བཞེས་ན་ཡང་རང་ཉིད་ཁྲི་དམའ་བ་ལ་བསྡད། ཆོས་ཁྲི་མཐོན་པོ་ལ་བཞུགས་ནས་ཡང་ཕྱག་གསུམ་མམ་དྲུག་གམ་དགུ་ལ་སོགས་པ་འཚལ་ནས་གུས་པ་དང་བཅས་པས་བཞེས་པ་མ་གཏོགས་པ་མར་ཚུད་དམ་ནས་ལེན་པ་ལྟར་གར་བཏུབ། ཆོས་དཀོན་མཆོག་གི་མཛོད་འདི་ཐོག་མར་འཚོལ་དགོས་པ་ཡིན་ཏེ། འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བཙལ་བ་ཡིན། མ་བྱོན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་འཚོལ་བ་ཡིན། ད་ལྟར་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་འཚོལ་དགོས་ཏེ། དེ་ཡང་ཆོས་དེ་དགེ་བའི་བཤེས་གཉེན་ལ་རག་ལས་པ་ཡིན། དེས་ན་ཐོག་མར་མཚན་ཉིད་དང་ལྡན་པའི་བླ་མ་དམ་པ་ཞིག་འཚོལ་དགོས་ཏེ། དཔལ་ལྡན་ཕག་མོ་གྲུ་པའི་ཞལ་ནས་ཀྱང༌། མཚན་ལྡན་གྱི་བླ་མ་དམ་པ་དེ། །སྟོང་གསུམ་འདས་པའི་ཕ་རོལ་ན། །བཞུགས་པའི་ངེས་ཤེས་སྐྱེས་གྱུར་ན། །ལུས་སྲོག་ལ་མི་ལྟ་འཚོལ་བར་བྱ། །གསུང་ན་དེ་ཡང་རྣ་བས་ལམ་འཚོལ་བ་ཡིན་ཏེ། མཚུལ་ཐུང་བའི་རྫི་རྣོ་བ་ཡིན་གསུངས། དེ་ལ་ཕྱོགས་གཅིག་ཏུ་ཐམས་ཅད་རྩོད་པ་མེད་པར་ཁ་མཐུན་པ་སངས་རྒྱས་ཉག་གཅིག་ཡིན། ཕྱོགས་གཅིག་ཏུ་མང་བ་ལ་མཐུན་པའི་ཕྱོགས་སུ་འཚོལ་དགོས་པ་ཡིན། དེ་ཡང་ནོར་བཟང་གིས་དགེ་བའི་བཤེས་གཉེན་བརྒྱ་རྩ་བཅུ་ཇི་ལྟར་བསྙེན་བཀུར་བའམ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་ཆོས་འཕགས་ཇི་ལྟར་བཙལ་བ་བཞིན་དུ་བྱེད་དགོས་པ་ཡིན། དེ་ལ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ནི། བཤེས་གཉེན་ཞི་བ་དུལ་བ་ཉེར་ཞི་བ། །ལ་སོགས་པ་བགྱི་བ་གསུངས། དགེ་བའི་བཤེས་གཉེན་དེ་གསུང་རབ་ཀྱི་ལུང་གིས་ཕྱུག་པ་ཞིག་དགོས། དེ་ཁོ་ན་ཉིད་རྟོགས་པ་ཡིན་ཏེ། རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འོད་གསལ་དོན་དམ་པའི་བདེན་པ་རྟོགས་པ་ཞིག་དགོས། སྨྲ་མཁས་པ་རྟོགས་པའི་དོན་དམ་དེ་ཉིད་གཞན་ལ་སྟོན་པ་ལ་མཁས་པ་སྟེ། རིན་པོ་ཆེའི་ཞལ་ནས། སེམས་ཉིད་གདོད་ནས་སྤྲོས་དང་བྲལ་ཞིང་མ་སྐྱེས་པ། །ལྗགས་ཀྱི་དབང་པོ་བཀྲམ་ནས་འཁོར་ལ་སྟོན་མཛད་པའི། །ལྟ་བའི་མུན་སེལ་སྐྱོབ་པ་ཉི་མ་ཁྱོད་ཕྱག་འཚལ། །བགྱི་བ་གསུངས། དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་བླ་མ་ཞིག་རྙེད་པའི་དུས་སུ་རང་ཉིད་ཀྱི་ཞེ་འདོད་ཀྱིས་ཡར་མི་འགེབས་པར་བླ་མའི་མོས་གུས་སྲོག་ཏུ་སོང་ནས་བླ་མ་དམ་པས་ཅི་གསུང་སྒྲུབ་པ་ཞིག་དགོས་ཏེ། བླ་མ་དམ་པས་ཤོག་གསུང་བ་དང༌། སོང་གསུང་བ་བསྒོ་བ་རྣ་ལ་མི་གཟོན་པར་འོང་བ་དང་འགྲོ་བས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ནས་རྫུ་འཕྲུལ་ཡིད་མགྱོགས་ཐོབ་པར་གསུངས། བླ་མ་དམ་པ་བསྟེན་པ་ལ་མོས་གུས་ཅན་ཞིག་གིས་འོང་བ་ཡིན། ཕོ་འཇིགས་པར་བྱས་པས་འོང་བ་མ་ལགས། བླ་མ་བསྟེན་པ་ལ་བླ་མས་ཅི་གསུང་སྒྲུབ་པ་ཞིག་དགོས་ཏེ། ཆོས་དགེ་བའི་བཤེས་གཉེན་ལ་རག་ལས་པ་ཡིན། དེ་ལྟར་ཆོས་དཀོན་མཆོག་དེ་གང་གི་བཟུང་བར་གྱུར་ན་བྱང་ཆུབ་ཀྱི་སྙིང་པོར་བདུད་བཏུལ་བ་དང༌། ལྷ་དང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་པ་ཆོས་ཀྱི་འཁོར་ལོ་གསུམ་བསྐོར་བར་གྱུར་པ་ལ་སོགས་པ་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ། དེས་ན་ཆོས་དཀོན་མཆོག་བསམ་གྱིས་མི་ཁྱབ། དེ་བཞིན་དུ་ཆོས་ཀྱི་ཕྱོགས་སུ་ཚོགས་བསགས་པ་བསམ་གྱིས་མི་ཁྱབ། དགེ་འདུན་དཀོན་མཆོག་བསམ་གྱིས་མི་ཁྱབ་སྟེ། དེ་གང་ཡིན་བགྱིས་པར་གྱུར་ན། དེ་ཡང་སྐྲ་ཆུ་གྲི་བྱས་པ་དང་གོས་སེར་མོ་གོན་པ་ཙམ་གྱིས་ཀྱང་མི་ཕན་ཏེ། བསྙེན་པ་རྫོགས་ལུགས་བཅུ་གང་གི་སྒོ་ནས་བསྙེན་པ་རྫོགས་ནས་ཀྱང་མྱ་ངན་ལས་འདས་པའི་ལམ་མངོན་དུ་བྱས་པ་ཞིག་དགོས། དེ་ཡང༌། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ། །བགྱི་བ་གསུངས། དེ་ལ་གྲོལ་བ་ནི་བྱང་ཆུབ་སེམས་དཔའ་ཡིན་ན་མཐོང་བའི་ལམ་ཡན་ཆོད་མངོན་དུ་བྱས་པ་ཡིན། གྲོལ་བའི་ལམ་སྟོན་པ་དེའི་སྒོ་ནས་གཞན་གྲོལ་བར་བྱེད་པའི་ཐབས་ལ་མཁས་པ་ཡིན། ཉན་ཐོས་ཡིན་ན་སློབ་པ་རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་བར་གང་ཡང་རུང་བ་མངོན་དུ་བྱས་པ་ཡིན། གྲོལ་བའི་ལམ་སྟོན་པ་དེའི་སྒོ་ནས་གཞན་གྲོལ་བར་བྱེད་པའི་ཐབས་ལ་མཁས་པ་ཡིན། དབང་པོ་འབྲིང་པོ་རང་རྒྱལ་ཡིན་ན་གྲོལ་བ་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱས་པ་ཡིན། གྲོལ་བའི་ལམ་སྟོན་པ་དེའི་སྒོ་ནས་འགྲོ་བ་གཞན་གྲོལ་བར་བྱེད་པའི་ཐབས་ལ་མཁས་པ་ཡིན། གཞན་ཡང་མ་ཕམ་པས། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་པ་ཕྱིར་མི་ལྡོག་པའི་ཚོགས། །ལུས་ཅན་ཀུན་གྱི་སྐྱབས་ཡིན་ནོ། །བགྱི་བ་གསུང་ན་དེ་ལྟ་བུ་ཞིག་དགོས་ཏེ། སྤྱི་དེ་ལྟ་བུ། བྱེ་བྲག་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པ་རྫོགས་པ་བསླབ་པ་ལ་གུས་པ་དེ་ཞིང་དག་ལ། ཞིང་དག་པ་དེ་ལྟ་བུ་ལ་ཚོགས་གསོག་པར་གྱུར་ན་ཕུན་སུམ་ཚོགས་པ་མི་ཟད་པའི་གཏེར་མཛོད་བསྒྲུབས་པ་ཡིན་ཏེ། དེ་ལྟར་ལགས་པར་ཡང༌། རྟག་པར་ཚུལ་ཁྲིམས་ལྡན་པ་ལ། །སྦྱིན་པ་བཀུར་སྟིས་བརྒྱན་པ་སྦྱིན། །དེ་ལྟར་ནོར་རྣམས་གཏེར་བཅུག་ན། །རྗེས་སུ་འབྲང་ཞིང་དབྲོག་ཏུ་མེད། །བགྱི་བ་གསུངས། དེ་ལ་སྦྱིན་པ་གང་ཡིན་ན་ཟན་གཅིག་ཙམ་སྦྱིན་པར་བྱེད་པ་དེ་ཡིན། བཀུར་སྟིས་བརྒྱན་པ་ཟན་དེ་སྦྱིན་པའི་དུས་སུ་ཁྱིམ་གད་བདར་ལེགས་པར་བྱེད་པ་དང༌། གདན་འདིངས་བ་དང༌། སྣོད་ལེགས་པའི་ནང་དུ་བཞག་ནས་གུས་པ་དང་བཅས་པ་ཞེ་ས་དང་བཅས་པས་སྦྱིན་པར་བྱེད་པ་དེ་བཀུར་སྟིས་བརྒྱན་པ་ཡིན། ཟན་དེའི་འབྲས་བུ་རྣམ་པར་སྨིན་པ་ལ་ལོངས་སྤྱོད་པ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བར་དུ་འབྱུང་བ་དེ་དང་མཚུངས་ལྡན་དུ་དེའི་ཁྱད་པར་གྱི་ཆོས་སུ་འབྱུང༌། བཀུར་སྟིས་བརྒྱན་པ་དེ་མེད་ན་ཁྱད་པར་གྱི་ཆོས་དེ་མི་འབྱུང༌། དེས་ན་ཟན་གཅིག་ཙམ་སྦྱིན་ན་ཡང་བཀུར་སྟིས་བརྒྱན་ནས་སྦྱིན་པར་བྱེད་པ་ཡིན། ཚན་གཅིག་ན་རེ། སུ་ཐོད་ཐོད་ལ་བཀུར་སྟི་གར་ཐུབ་ཟེར་བ་འདུག་སྟེ་དེ་གར་བདེན། དེ་གཏི་མུག་གི་རྗེས་སུ་འབྲངས་པ་ཡིན། དེས་ན་ཟན་གཅིག་ཙམ་སྦྱིན་པར་བྱེད་པ་ཡང་ཁྱི་ལ་བསྐྱུར་བ་བཞིན་དུ་ཕྱོགས་སུ་སྐྱུར་དུ་གར་བཏུབ་སྟེ། དེ་ཉོན་མོངས་པ་གསུམ་གྱི་རྗེས་སུ་འབྲངས་པ་ཡིན། དེ་མི་དགོས་ཁྱི་ལ་ཟན་གཅིག་སྦྱིན་པར་བྱེད་ན་ཡང་དེ་ཞིང་མ་དག་པར་སུས་ཤེས་ཏེ། འགྲོ་བ་འདི་དག་སངས་རྒྱས་ལྔའི་བདག་ཉིད། །གར་མཁན་དག་དང་རི་མོ་བཟང་ལྟར་སྣང༌། །བགྱི་བ་གསུངས། གཞན་ཡང་དེ་ལ་དེ་བཞིན་གཤེགས་པའི་སྙིང་པོ་བཞུགས་པས་ཀྱང་ཞིང་དག་སྟེ། ཇོ་བོས་སེམས་ཅན་གྱི་སྐྱོན་མི་མཐོང་བའི་ཚུལ་གསུངས། གཞན་ཡང་དེ་སེམས་ཅན་གྱི་ཞིང་དུ་བྱས་ན་ཡང༌། དམན་པ་དང་བཀྲེན་པ་དང་མ་རུངས་པ་ཡིན་ཏེ། མ་ཕམ་པས། དམན་ལ་བརྩེ་དང་སོགས་པ་གསུངས། དེས་ན་ཁྱི་ལ་ཟན་ཅིག་སྦྱིན་པར་བྱེད་ན་ཡང་ངག་སྙན་པ་འགས་ཁྲིད་ནས་ཁོ་དགའ་བར་བསྒྲུབས་ནས་ཟན་དེ་བྱིན་ནས། ཁོ་དགའ་བ་དང་དེའི་རྣ་ལམ་དུ་དེ་བཞིན་གཤེགས་པའི་མཚན་ཞིག་བརྗོད་ན་དེ་ལ་ཞེ་སྡང་མི་སྐྱེ་བས་ཁྱི་དེ་མྱུར་དུ་འཚང་རྒྱ་བའི་རྒྱུ་འབྲས་བསྒྲུབས་པ་ལགས་མོད། དེས་ན་སྐྱེས་བུ་རྣམས་ཆོས་རང་དང་སྤྱིའི་མཚན་ཉིད་ཉམས་སུ་ལེན་པ་ཡང་ཨ་ཅང་ཆེས་ཏེ། འཇིག་རྟེན་མགོན་པོ་རིན་པོ་ཆེའི་ཆོས་ནི་འདི་འདྲ་བ་ཞིག་གི་ཁུལ་ནས་སྒྲུབ་པར་མཐོང་གསུངས། གཞན་ཡང་རབ་ཏུ་བྱུང་བ་སྡོམ་པ་མེད་པ་ཞིག་ཡིན་ན་ཡང་དེ་ཞིང་དུ་བཏུབ་སྟེ། དམ་པའི་ཆོས་པདྨ་དཀར་པོར། ཕོག་གཅིག་སྡོམ་པ་བླངས་ནས་ཕྱིས་སྡོམ་པ་དེ་ཤོར་བར་གྱུར་ན་ཡང༌། དེ་བསྐལ་པ་བཟང་པོ་འདི་ཉིད་ལ་ཐེག་པ་གསུམ་པོ་གང་ལ་ཞུགས་པའི་ཐེག་པ་དེས་མྱ་ངན་ལས་འདའ་བར་གསུངས། གཞན་ཡང་མདོ་དེ་ཉིད་དུ་ཚོགས་གསོག་པའི་རྟེན་དུ་བཏུབ་པར་གསུངས་ཏེ། གླ་བ་ཤི་བ་དང་འདྲ་བར་གསུངས་ལ། གླ་བ་ཤི་ཡང་རྩིས་གཞན་ཚིམ་པར་བྱེད་པ་དང་འདྲ་བར། ཁོ་རང་ལ་སྡོམ་པ་མེད་ཀྱང་གཞན་གྱིས་འདི་རབ་ཏུ་བྱུང་བ་ཡིན་སྙམ་ནས་ཚོགས་བསགས་པས་གཞན་གྱི་ཚོགས་རྫོགས་པའི་རྟེན་དུ་བཏུབ་པར་གསུངས། འདི་ལ་དགོངས་ནས་འཇིག་རྟེན་མགོན་པོས་ཀྱང་ཐམས་ཅད་རབ་ཏུ་བྱིན་པ་ཡིན། དེ་ལ་ཞལ་སྔ་ནས་ཁོང་གིས་འཇིག་རྟེན་མགོན་པོ་ཚུར་དབུ་བསྐོར་བ་ཡིན་ཏེ། ཕོག་ཅིག་བཙུན་པ་བྱ་ལས་སྤྱི་རྒྱགས་བླང༌། དེ་ནས་བུ་སྨད་ཅན་དུ་ཕྱིན་པས་ཆོག་སྙམ་ནས་དབུ་ཚུར་བསྐོར་བ་ཡིན་གསུངས། སྤྱིས་ནས་ཁོང་མགོ་ཕར་བསྐོར་བ་ཡིན་སྟེ་ཕོག་ཅིག་སྡོམ་པ་བླངས་ནས་དེ་ནས་བབས་ཀྱང་བསྐལ་པ་བཟང་པོ་འདི་ལ་མྱ་ངན་ལས་འདའ་བས་མགོ་འཁོར་ཚབས་སྤྱིའི་དེ་ཆེ་བ་ཡིན་གསུངས། དེ་ལ་བན་གསར་ཚན་ཅིག་སྙམ་ན་སྡོམ་པ་ཕོག་ཅིག་བླངས། དེ་ནས་བབས་ཀྱང་འཚང་རྒྱ་བར་འདུག་པས་བབས་པས་ཆོག་སྙམ་པ་ཡང་སྲིད་དེ། དེས་ཀྱང་མི་ཆོག་པའི་ཚུལ་ལུགས་ཡིན་པས་དེ་ལྟར་མི་མཛད། དེ་ལྟར་དགེ་འདུན་ལ་སྤྱི་དང་བྱེ་བྲག་བསླབ་པ་ལ་གུས་པ་དང༌། སྡོམ་པ་ཕོག་ཅིག་བླངས་དེ་ནས་སྡོམ་པ་མི་སྲུང་བ་གོས་སེར་པོ་གོན་ཙམ་ཡང་ཞིང་དུ་བཏུབ་པར་གསུངས་པ་ཡིན་པས་ན། དེ་ལྟར་ཞིང་དགེ་འདུན་བསམ་གྱིས་མི་ཁྱབ། དེ་བཞིན་དུ་དེ་ལ་བསོད་ནམས་ཀྱི་ཚོགས་བསགས་པ་བསམ་གྱིས་མི་ཁྱབ། དེ་ལྟར་ཞིང་དག་པ་ལ་ཚོགས་གསོག་པར་བྱེད་པ་ལ་བསམ་པ་དག་པ་ཞིག་གལ་ཆེ་སྟེ། དེ་གང་ཡིན་བགྱིས་པར་གྱུར་ན་སྦྱིན་པ་སྦྱིན་པའི་སྔོན་དུ་འགྲོ་བ་ཤེས་རབ་སྟེ་བགྱི་བ་གསུང་ན། དེ་ལ་སྦྱིན་པའི་སྔོན་དུ་འགྲོ་བའི་ཤེས་རབ་དེ་དོན་དམ་ཤེས་པའི་ཤེས་རབ་ཀྱང་མ་ལགས། ཀུན་རྫོབ་ཤེས་པའི་ཤེས་རབ་ཀྱང་མ་ལགས་ཏེ། སྦྱིན་པ་སྦྱིན་པའི་སྔོན་དུ་འགྲོ་བའི་ཤེས་རབ་དེ་རིན་པོ་ཆེའི་བཞེད་པས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་བཞེད་པ་ལགས། དེས་ན་ཚོགས་གསོག་པར་བྱེད་པའི་དུས་སུ་སྔོན་དུ་འགྲོ་བའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འདི་བསྒྲུབ་དགོས། དེ་ཡང་འདི་ལྟར་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་བྱ་སྙམ་པའི་སེམས་དེ་ལན་བདུན་ཙམ་བལྡབས་ནས་བསྒོམས་པས་རྒྱུད་ལ་ལྟབས་ཀྱིས་བསྐྱེད། དེས་ཁྱད་པར་དུ་བྱས་ནས་སྦྱིན་པ་དེ་གཏོང་བ་ཡིན། དེ་ལྟར་མ་ཡིན་པར་གྱ་ཚོམ་དུ་སྦྱིན་པ་བཏང་བས་གར་འོང༌། དེས་ན་སུ་ཐོད་ཐོད་ཀྱིས་སྦྱིན་པ་གཏོང་དུ་མི་བཏུབ་སྟེ། བསམ་པ་མ་དག་པ་ཉོན་མོངས་པ་གསུམ་གྱི་བསམ་པས་སྦྱིན་པ་བཏང་ན་ནི། སྦྱིན་པ་དེས་བསམ་པ་དེ་རྫོགས་པར་བྱས་ནས་རང་ཕུང་གཞན་ཕུང་བསྐྱེད་པ་ཡིན། དེ་ཡང་དཔེ་ཇི་ལྟ་བུ་ཡིན་སྙམ་ན་སོག་མ་མེད་ལྟ་བུ་ཡིན་གསུངས། སྦྱིན་པ་སྦྱིན་པར་བྱེད་པ་ལ་ཞིང་དག་པ་དང་བསམ་པའི་དུག་སེལ་བའི་ཐབས་ལ་མཁས་དགོས། བསམ་པའི་དུག བསམ་པ་མ་དག་པ་ཉོན་མོངས་པ་གསུམ་ལ་སོགས་པས་སྦྱིན་པ་བཏང་བར་གྱུར་ན་སྦྱིན་པས་བསམ་པ་དེ་རྫོགས་པར་མི་བྱེད་པར་གསུང་སྟེ། སྦྱིན་པ་འདི་ལྟར་བྱིན་ན་ནི་ཁྱིམ་བདག་ཤིང་ས་ལ་ཆེན་པོ་ལྟ་བུ་རྣམས་ཀྱི་ནང་དུ་སྐྱེ་བ་ནས། བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུ་གསུངས་ན། སྦྱིན་པ་འདི་ལྟར་བྱིན་ན་ནི་ཞེས་པ་ནི་བསམ་པའི་བྱེ་བྲག་ལ་ཟེར་བ་ཡིན། དེས་ན་ཞིང་དག་པ་ལ་བསམ་པ་དག་པས་དངོས་པོ་ཆེ་བ་བཏང་རུང་ཆུང་བ་བཏང་རུང༌། གང་བཏང་བ་དེས་བསམ་པ་དེ་རྫོགས་པར་བྱས་ནས་ཞིང་དེ་དང་མཉམ་པར་འབྱུང་བ་ཡིན་མོད། ཞིང་དང་བསམ་པའི་དུག་སེལ་བའི་ཐབས་ལ་མི་མཁས་པར་གྱུར་ན་སྦྱིན་པ་བསོད་ནམས་ཀྱི་ཚོགས་སུ་གར་བཏུབ། ཞིང་དང་བསམ་པའི་དུག་སེལ་བའི་ཐབས་ལ་མཁས་པའི་དྲུང་དུ་རྒྱུའི་དུག་དང་ལམ་གྱི་དུག་བསལ་བས་འབྲས་བུའི་དུག་རང་ཤུགས་ཀྱིས་སེལ་ནས་འོང༌། དེས་ན་འབྲས་བུ་རྣམ་པར་དག་པ་ཞིག་འདོད་ན་རྒྱུ་རྣམ་པར་དག་པ་ཞིག་སྒྲུབ་དགོས་པ་ཡིན། ཞིང་དང་བསམ་པའི་སྐྱོན་སེལ་བའི་ཐབས་ལ་མཁས་པའི་དུས་སུ། རྫས་ཀྱི་དངོས་པོ་ཡོད་པར་གྱུར་ན་ཚོགས་མི་གསོག་པར་འཇོག་གར་ཕོད། འདི་རང་ཉིད་ལ་དགོས་པས་རང་ཉིད་སྐྱིད་པའི་ཀོད་ཀོད་ཅིག་བྱ་སྙམ་ན་རང་སྐྱིད་པ་དེ་ལྟ་སུས་མི་འགྲུབ་སྟེ། ཆོས་བྱེད་པ་དང་སྐྱིད་པའི་ཀོད་ཀོད་གཉིས་ལན་བུ་ལྷས་སུ་གར་བཏུབ། སྔོན་གྱི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་དེ་གཉིས་ལྷན་དུ་མི་འཛོམ་པར་མཁྱེན་ནས་དགའ་བས་ཉམས་སུ་བླངས་པ་ལགས་ཏེ། རྫས་ཀྱི་དངོས་པོ་གཏོང་བ་དང་བུ་དང་ཆུང་མ་གཏོང་བ་ལ་སོགས་པ་ལ་ཚོར་བ་སྡུག་བསྔལ་རེ་རེ་མི་འོང་བ་མ་ལགས་ཀྱང༌། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་དང༌། མི་གཏོང་བ་གཉིས་ལྷན་ཅིག་ཏུ་མི་ཕྲུགས་པར་དགོངས་ནས་བཏང་བ་ལགས་མོད། དེས་ན་སྐྱེས་བུ་རྣམས་སྙིང་ནས་ཆོས་བྱེད་ན་རང་འཛོམ་པ་ཞིག་དང་ཆོས་བྱེད་པ་གཉིས་མི་ཕྲུགས་པས་ཡང་ན་ཅག་ཀྱིས་འཇོག་པ་ཡིན། ཚེ་འདི་ཡང་མེད། ཕྱི་མ་ཡང་མེད་པའི་ཡམ་ཡོམ་འདིས་གར་འོང༌། དེས་ན་སྦྱིན་པ་བསོད་ནམས་ཀྱི་ཚོགས་གསོག་པར་བྱེད་དགོས། དེ་ལ་གཏོང་བའི་དངོས་པོ་བཞི་ཡིན། གཏོང་བ་ནི་རྫས་དང་ཟང་ཟིང་གི་དངོས་པོ་གཏོང་བ་ཡིན། དེ་ཡང་ཞིང་རྣམ་པར་དག་པའི་ཕྱོགས་སུ་བསམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་དངོས་པོ་ཕྲ་བ་ཞིག་བཏང་ཡང་དེས་བླ་ན་མེད་པའི་བྱང་ཆུབ་ཐོབ་སྟེ། དེ་ཡང་དབུལ་མོ་རྒན་མོ་ལྟ་བུ་ཡིན། ཡོངས་སུ་གཏོང་བ་བུ་དང་ཆུང་མ་གཏོང་བ་ཡིན། གཏོང་བ་ཆེན་པོ་ལུས་གཏོང་བ་ཡིན་ཏེ་ཉིང་ཤའི་སྤྱན་ཅན་ལྟ་བུ་ཡིན། དེ་ཡང་དུས་ལ་བབ་པའི་དུས་སུ་གཏོང་བ་ཡིན། ནམ་དགའ་དགར་གཏོང་བ་ནི་མ་ལགས། ཚད་མེད་པའི་གཏོང་བ་ནི། འགྲོ་བ་གཞན་ལ་ཆོས་སྟོན་པ་ཡིན། འདི་གཏོང་བ་གཞན་པས་གཏང་བར་དཀའ་བས་ཁྱད་པར་དུ་འཕགས་པ་ཡིན་ཏེ། བྱམས་པས་ཞུས་པ་ལས། གང་གིས་གངྒཱའི་སོགས་གསུངས་སོ། །གཞན་ཡང་རྒྱལ་པོ་འོད་ཟེར་ཆེན་པོའི་གཏམ་རྒྱུད་གསུངས། དེས་ན་འགྲོ་བ་གཞན་ལ་ཆོས་སྟོན་པར་བྱེད་དགོས་པ་ཡིན། དེ་ལ་ཚན་གཅིག་ཆོས་སྟོན་པ་ངོ་ཚ་བ་འདྲ་བས་ཀྱང་སློབ་དཔོན་བྱེད་ཟེར་བ་འདུག་སྟེ། ད་ལྟ་མི་ལུས་རིན་པོ་ཆེ་ཐོབ། སངས་རྒྱས་ཀྱི་བསྟན་པ་དང་འཕྲད། མཚན་ཉིད་དང་ལྡན་པའི་བླ་མ་དམ་པ་དང་མཇལ་བའི་དུས་སུ་ཆོས་མི་སྟོན་ན་ངན་སོང་གི་གནས་གསུམ་དུ་སྐྱེས་པའི་དུས་སུ་ཆོས་སྟོན་ནམ། ཆོས་ཚུར་ལ་ཞུ་བ་ལ་བསྙེན་བཀུར་བྱེད་པ་ལ་སྟོན་སྙམ་ན། ད་ལྟ་སྙིགས་མའི་དུས་སུ་དེ་འདྲ་གར་སྲིད། ཆོས་ཕར་ལ་སྟོན་དགོས་པ་ཡིན་ཏེ། ངེད་བས་ཆེ་བ་སངས་རྒྱས་ཀྱིས་ཀྱང་ལྔ་སྡེ་བཟང་པོས་སྲན་བཙུགས་པ་ལ་ཆོས་ཕར་སྟོན་དུ་བཞུད་པ་ལགས་མོད། འཇིག་རྟེན་མགོན་པོས་ཀྱང་ལོག་མདའ་མཛེ་གྲོང་དུ་ཆོས་ཕར་སྟོན་དུ་བཞུད་པའི་གཏམ་རྒྱུད་གསུང་ན་གཞན་གྱིས་ལྟ་ཅི་སྨོས། འོ་ན་མ་གསོལ་བར་ཆད་པའི་ཉེས་པ་མི་འོང་ངམ་སྙམ་ན། ཚད་མེད་པའི་སྙིང་རྗེ་དང་ལྡན་པའི་དུས་སུ་འགྲོ་བ་ལ་ཆོས་ཕར་སྟོན་པ་ལས་འོས་ཅི་ཡོད། དེས་ན་རྔན་ཚུན་ཆོད་བྱིན་ནས་འགྲོ་བ་ལ་ཆོས་སྟོན་དགོས་པ་ཡིན། རྔན་བཞིན་ཆོས་བཤད་པ་གར་བཤད་སྙམ་ན་དེ་ཡང་འཇམ་དཔལ་གྱིས་གསེར་མཆོག་འོད་དཔལ་མ་བཏུལ་བ་ལྟ་བུ་ཡིན། དེ་ལྟར་གཏོང་བའི་དངོས་པོ་བཞི་གསུངས་ཏེ། ཨཾ་གཏོང་དང་ཡོངས་སུ་གཏོང་ཨ་གཏོང་བ་ཆེ། །ཚད་མེད་གཏོང་བ་དམ་ཆོས་རིན་ཆེན་སོགས། །ཚད་མེད་སྦྱིན་པའི་ཕ་རོལ་ཕྱིན་པ་ཡིས། །སངས་རྒྱས་རྣམས་ཀྱི་དགོངས་པ་རྫོགས་པར་ཤོག །བགྱི་བ་གསུང་ན་དེ་ལྟར་གཏོང་བའི་དངོས་པོ་བཞི་ནི་སྦྱིན་པ་བསོད་ནམས་ཀྱི་ཚོགས་ཡིན་ལ། ཡེ་ཤེས་ཀྱི་ཚོགས་ནི་བསོད་ནམས་ཀྱི་ཚོགས་དང༌། དེའི་འབྲས་བུ་ཡིན་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་ཐོབ་པ་དེ་ཡིན། དེས་ན་རྒྱུ་བསོད་ནམས་ཀྱི་ཚོགས་ལས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་འབྱུང་བ་ཡིན། སྣག་ཚ་དང་ཤོག་བུ་སྦྱིན་པ་ཡེ་ཤེས་ཀྱི་ཚོགས་སུ་བཤད་པ་ཡོད་སྙམ་ན། དེ་ཡང་བསོད་ནམས་ཀྱི་ཚོགས་སུ་འོང་སྟེ། དེ་བས་འགྲོ་བ་གཞན་ལ་ཆོས་སྟོན་པ་ཡང་བསོད་ནམས་ཀྱི་ཚོགས་སུ་བཤད་པ་ཡིན། དེ་ལྟར་སྦྱིན་པ་བསོད་ནམས་ཀྱི་ཚོགས་དེ་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱད་པར་དུ་བྱས་པས་ན་གཉེན་པོ་གཞན་མེད་དེ་ནམ་མཁའ་དང་འདྲ་ལ་དེ་ཆོས་ཀྱི་དབྱིངས་དང་མཉམ་པར་འབྱུང༌། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱད་པར་དུ་བྱས་པས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་མ་སྟོངས་ཀྱི་བར་དུ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱིས་འཁོར་ལོར་འཁོར་ཞིང༌། སེམས་ཅན་གྱི་ཁམས་དང་མཉམ་པར་འབྱུང༌། དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་བསགས་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་གསུམ་ཐོབ་སྟེ། ཆོས་ཀྱི་སྐུ་རྟེན་ཅིང་འབྲེལ་པར་འབྱུང་བ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་ངོ་བོར་འཚང་རྒྱ་བ་ཡིན་ལ། གཟུགས་སྐུ་གཉིས་བསོད་ནམས་ཀྱི་ཚོགས་བསགས་པས་ཐོབ་སྟེ། འཁོར་བ་མ་སྟོངས་ཀྱི་བར་དུ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་ཆད་པར་འབྱུང་བ་ཡིན། དེ་ཡང་སྐྱེས་བུ་རྣམས་རྩ་བ་བསོད་ནམས་ཀྱི་ཚོགས་ལ་རག་ལས་པས་བསོད་ནམས་ཀྱི་ཚོགས་བསགས། དེ་ལྟ་ཡིན་པ་ལ་ངའི་ཉེ་དུ་དང་གཉེན་འབྲེལ་རྣམས་ཀྱིས་ཚེ་གཞུག་མི་ཕྱིད་པས་དོགས། ང་རང་གིས་ཀྱང་ཚེ་གཞུག་མི་ཕྱིད་པས་དོགས་སྙམ་ན་ཀ་ཅའི་གསོག་བྲུན་བྱེད་པ་ལ་དགོས་པ་ཅི་ཡོད། འཆི་བའི་དུས་སུ་འཇོག་ནས་འཆི་ བ་ཡིན། ཉེ་དུ་ཡིན་པ་སྐད་རྣམས་ཀྱིས་འདི་ཤི་ན་དགའ་བ་ལ། ན་ན་དགའ་བ་ལ་སྙམ་ནས། འཆི་བའི་དུས་སུ་ཀ་ཅའི་དངོས་པོ་ལ་འདི་ངས་ཐོབ་བམ་ཁོས་ཁྱེར་སྙམ་དུ་མིག་ལྟ་ཞིང༌། ཤི་བའི་དུས་སུ་རོ་རུལ་པ་དེ་སྒོར་ཅི་ཐོན་ཐོན་བྱས་ནས་ཁོང་རྣམས་ཧ་བཞད་དི་རི། ཁོང་རྣམས་ཀྱི་ཉོན་མོངས་པའི་རྒྱུར་སོང་ནས་རོའི་ཟས་ནོར་མི་ཟས་བྱས་པ་ལ་དགོས་པ་ཅི་ཡོད། དེས་ན་སྐྱེས་བུ་རྣམས་ལྟོགས་པ་ཟས་ཀྱིས་གདུངས་པའམ་ད་ཕྲུག་ཕས་གདུངས་པ་བཞིན་དུ་བསོད་ནམས་ཀྱི་ཚོགས་བསོགས་པའི་བརྩོན་འགྲུས་རྩོམ་པར་ཞུ་བ་དེ་ཆོས་ལགས།།

གཉིས་མེད་འོད་གསལ་ཐུགས་ཀྱི་དཀྱིལ་འཁོར་དེར། །གཟུང་འཛིན་སྤྲིན་ཚོགས་ངོ་བོ་ཉིད་ཀྱིས་དག །དུས་གསུམ་ཤེས་བྱ་མཁྱེན་པའི་ཡེ་ཤེས་ཤར། །མི་ཤེས་མུན་སེལ་འོད་ཟེར་ཕྱོགས་བཅུར་འཕྲོས། །སྐལ་ལྡན་གདུལ་བྱ་རྣམས་ཀྱི་སྙིང་ལ་ཞུགས།། ཐོས་བསམ་སྒོམ་གསུམ་ཡོན་ཏན་གཏེར་ཁ་བྱེ། །ཆོས་ལྔ་བྱང་ཆུབ་སེམས་གཉིས་དེད་དཔོན་གྱིས། །ཕ་རོལ་ཕྱིན་དྲུག་ཡིད་ བཞིན་ནོར་བུ་བླངས། །ཚེ་འདིའི་འདོད་ཡོན་འདམ་རྫབ་ནང་ནས་བཏོན། །རང་བྱུང་མ་མ་རྣམ་དག་ཕྱི་བས་ཕྱིས། །མོས་གུས་སྒྲུབ་པའི་རྒྱལ་མཚན་རྩེ་མོར་འཕྱར། །རང་གཞན་དོན་རྣམས་འགྲུབ་པའི་གསོལ་བ་བཏབ། །འཁོར་འདས་བདེ་སྐྱིད་དགོས་འདོད་ཆར་པ་ཕབ། །ཁམས་གསུམ་ཉོན་མོངས་སེམས་ཅན་དབུལ་འཕོངས་བྲལ། །ཨེ་མ་འཇིག་རྟེན་མགོན་པོ་བླ་མའི་ཆོས།། འཁོར་འདས་ཀུན་ལ་ངོ་མཚར་རྨད་དུ་བྱུང༌། །འདི་བྲིས་བསོད་ནམས་ཉི་མ་ལྟ་བུ་དང༌། །བདག་དང་འཁོར་འདས་མ་ལུས་ཐམས་ཅད་ཀྱིས། །དུས་གསུམ་བསགས་དང་ཡོད་པའི་དགེ་བ་འདིས། །སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པར་ཤོག། རྫོགས་པའི་སངས་རྒྱས་མ་ཐོབ་བར་དུ་ཡང༌། །འཇིག་རྟེན་མགོན་པོ་བླ་མ་རིན་ཆེན་གྱི། །སྐུ་གསུང་ཐུགས་ཀྱི་གསང་བའི་མཛོད་འཛིན་ཅིང༌། །མཉེས་པ་སྒྲུབ་ཅིང་ཐུགས་དགོངས་རྫོགས་པར་ཤོག ། ཕྱོགས་བཅུ་དུས་གསུམ་རྒྱལ་བའི་ཞིང་རྣམས་སུ།། རྒྱལ་བའི་སྲས་མཆོག་གཙོ་བོ་འཇམ་དབྱངས་ལྟར། །དུས་གསུམ་རྒྱལ་བའི་ཆོས་མཛོད་འཛིན་པ་དང༌། །རྒྱལ་སྲས་རྣམས་ཀྱི་གཙོ་བོར་འགྱུར་བར་ཤོག །འཁོར་དང་མྱ་ངན་འདས་པའི་ཆོས་རྣམས་ཀུན། །སེམས་ཉིད་འོད་གསལ་དུས་གསུམ་འགྱུར་བ་མེད། །ཨ་ཡི་རང་བཞིན་གདོད་ནས་མ་སྐྱེས་པ། །སྒྲིབ་པ་ཀུན་སྤངས་མཁྱེན་གཉིས་རྫོགས་པར་ཤོག །དུས་གསུམ་རྒྱལ་བ་རྣམས་ཀྱི་གསུང་གི་མཛོད། །རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོའི་ཆོས། །མ་ལུས་སེམས་ཅན་ཁམས་ལ་སྟོན་པ་དང༌།། བླ་མེད་ཐེག་པས་སྨིན་གྲོལ་བྱེད་པར་ཤོག །།


previousའབྲི་གུང་ཚོགས་ཆོས་ཆེན་མོ།། next