Nitartha Digital Library
Tibetan
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ཀྱི་ཁ་སྐོང་།

1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
ཚོགས་ཆོས་རིན་མགོན་མ་སྤྱན་སྔ་ཤེར་འབྱུང་གིས་ཟིན་བྲིས།།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚོ་བའི་བྱ་འཚོལ་
[Clear Hits]

 
previousཚོགས་ཆོས་རིན་མགོན་མ་སྤྱན་སྔ་ཤེར་འབྱུང་གིས་ཟིན་བྲིས།། next

ཚོགས་ཆོས་རིན་མགོན་མ་སྤྱན་སྔ་ཤེར་འབྱུང་གིས་ཟིན་བྲིས།།

ན་མོ་རཏྣ་གུ་རུ། རྒྱལ་བའི་ཞིང་ཁམས་མི་མཇེད་སྙིང་པོ་མཛེས་པའི་བརྒྱན། །ཐུབ་ཆེན་ཉི་མ་གཉིས་པ་མཉམ་མེད་རིན་པོ་ཆེ། །སྙིགས་དུས་སྐྱེ་དགུ་མ་ལུས་འདྲེན་པའི་དཔལ་གྱུར་པ། །དཔལ་ལྡན་འབྲི་གུང་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། །རྒྱལ་སྲས་དགེ་འདུན་རྒྱ་མཚོ་ལྟ་བུའི་ཚོགས་དབུས་སུ།། དྲི་མེད་སྐུ་མཆོག་ལྷུན་པོའི་རྒྱལ་པོ་སྣང་མཛད་དེ། །བོད་ཡུལ་དབུས་སུ་བྱོན་ཅིང་རྒྱ་ཆེའི་ཆོས། །བདེ་ཆེན་བླ་མེད་འཁོར་ལོ་བསྐོར་ལ་ཕྱག་འཚལ་ལོ། །འཇིག་རྟེན་སྐྱོང་བ་གཟི་བརྗིད་མཐུ་ཆེ་གྲགས་ལྡན་པ། །མི་མཇེད་བདག་པོ་ཚངས་པ་བརྒྱ་བྱིན་ལྷ་དབང་དང༌། །ལྷ་མིན་ཀླུ་དང་གནོད་སྦྱིན་དབང་པོའི་ཅོད་པན་གྱིས། །ཞབས་ཀྱི་པད་མོར་གུས་པས་བཏུད་ལ་ཕྱག་འཚལ་ལོ། །

རྗེ་ཐུབ་པའི་བསྟན་པ་རིན་པོ་ཆེ་འདི་ལ། རྒྱལ་བ་བདེ་བར་གཤེགས་པ་འཇིག་རྟེན་དུ་ལན་གཉིས་སུ་བྱོན་པ། དགོངས་པ་མཐར་ཐུག་པའི་ཡེ་ཤེས་ཆོས་ཀྱི་སྐུ་བརྙེས་པ། བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་གྱི་རྒྱན་གྱིས་བརྒྱན་པ། སྐུ་ཆེ་བའི་ཡོན་ཏན་གྱི་གྲགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པ། ཕྲིན་ལས་ཐོགས་པ་མེད་པའི་མཐུ་སྟོབས་ཀྱིས། འགྲོ་བ་མ་ལུས་པ་བདེ་བ་ཆེན་པོའི་ས་ལ་འགོད་པར་མཛད་པ། སྔོན་ཐུབ་པ་ཆེན་པོ་རྩ་མཆོག་གི་དྲུང་དུ་ཞི་བར་གཤེགས་ཕྱིན་ཆད། ཡོན་ཏན་དང་མཛད་པའི་ཕྲིན་ལས་འདི་ཉིད་དང་མཚུངས་པ་དེ་སྔོན་ཕན་ཆད་ཀྱང་མ་བྱུང༌། ད་ཕྱིན་ཆད་ཀྱང་མི་འབྱུང༌། ད་ལྟར་ས་ཆེན་པོའི་སྟེང་ན་འགྲན་ཟླ་དང་བྲལ་བ། གདུལ་བྱ་སེམས་ཅན་ཐམས་ཅད་ཀྱི་མགོན་གཅིག་པུ། སྐྱབས་གཅིག་པུ། དཔུང་གཉེན་གཅིག་པུར་གྱུར་པ། དུས་གསུམ་མཁྱེན་པའི་བླ་མ། མཚུངས་པ་མེད་པའི་རིན་པོ་ཆེ། གསོལ་བ་གང་བཏབ་ཀྱི་དགོས་འདོད་སྐོང་བར་བྱེད་པ། འཇིག་རྟེན་མགོན་པོ་འབྲི་གུང་པ་དེའི་ཞལ་སྔ་ནས། འདི་ལྟར་སྐྱོབ་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ། རྒྱལ་བ་ཤཱཀྱའི་རྒྱལ་པོ་དེས། རྒྱུ་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས། ཐ་མར་རྡོ་རྗེ་གདན་གྱི་སྤོ་ལ་སྲོད་ལ་བདུད་བཏུལ། ཐོ་རངས་ཡེ་ཤེས་ཀྱི་མེས་ཤེས་བྱའི་བུད་ཤིང་ཐམས་ཅད་བསྲེགས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བརྙེས་པའི་ཆོས་དེ་གང་ཡིན་སྙམ་ན། སེམས་ཉིད་ཆོས་ཀྱི་སྐུ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་ཐུགས་སུ་ཆུད་པ་འདི་ཡིན་ཏེ། དེ་ལྟར་ཡང༌། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོང་དུ་ཆུད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་ཀྱི་ནང་དུ་གནས་བྱ་སྙམ། །ཞེས་གསུངས་པས། སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་དེ་རྟོགས་པར་དཀའ་བས་ན་ཟབ་པ། ཉོན་མོངས་པ་དང་རྣམ་པར་རྟོག་པ་དང་བྲལ་བས་ཞི་བ། གདོད་མ་ནས་སྒྲིབ་པ་མེད་པས་འོད་གསལ་པ། སྤྲོས་པ་ཐམས་ཅད་དང་བྲལ་ཞིང༌། རྒྱུ་རྐྱེན་གྱིས་མ་སྐྱེད་པའི་འདུས་མ་བྱས་པ་ཡིན་ཏེ། དེ་ཉིད་གང་གིས་རྟོགས་ཤིང་ཁོང་དུ་ཆུད་པ་དེ། སྐྱེ་རྒ་ན་འཆི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བརྒལ་ཞིང༌། སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་མེད་པས་ན་བདུད་རྩི་ལྟ་བུ་ལགས་པས། དེ་བཞིན་གཤེགས་པས་ཐུགས་སུ་ཆུད་ཅིང་སངས་རྒྱས་པའི་ཆོས་ཀྱང་དེ་ཡིན་ལ། རྣལ་འབྱོར་པ་རྣམས་ཀྱི་ཉམས་སུ་བླང་རྒྱུའི་སྒོམ་ཡང་དེ་ལགས། འོ་ན་དེ་བཞིན་གཤེགས་པས་ཆོས་ཀྱི་ཕུང་པོ་དཔག་ཏུ་མེད་པ་གསུངས་པ་དེ་རྣམས་རྗོད་བྱེད་ཀྱི་ཚིག་ཐ་དད་ཅིང༌། ཆོས་ཀྱི་སྒོ་སྣ་ཚོགས་སུ་འདུག་གོ་སྙམ་དུ་སེམས་ན། དེ་ཡང་ཡོད་མོད་ཀྱི། འོན་ཀྱང་དོན་ལ་ཐ་དད་མེད་དེ། དེ་ལྟར་ཡང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །གཟོད་ནས་ཞི་ཞིང་མ་སྐྱེས་པ། །རང་བཞིན་མྱ་ངན་འདས་པ་ཡི། །ཆོས་རྣམས་མགོན་པོ་ཁྱོད་ཀྱིས་བསྟན། །ཞེས་གསུངས་པས། ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་བསྐོར་ཡང༌། དོན་ལ་སེམས་ཉིད་སྤྲོས་པ་དང་བྲལ་བ་སྟོན་པས་ཐམས་ཅད་དོན་གཅིག་པ་ཡིན། དེ་ལ་སྤྱིར་ཆོས་ཀྱི་འཁོར་ལོ་གསུམ་དུ་གསུངས་པའི་དང་པོ་ཝ་ར་ཎ་སིར་བདེན་པ་རྣམ་པ་བཞི་དང༌། བྱ་རྒོད་ཕུང་པོར་མཚན་མ་མེད་པ་དང༌། རྩ་མཆོག་ལ་སོགས་པར་ངེས་པའི་དོན་གྱི་ཆོས་ཀྱི་འཁོར་ལོ་གསུངས་པ་དེ་རྣམས་ཀྱང༌། རྟེན་གྱི་གང་ཟག་རྣམས་ཀྱི་རྒྱུད་ཚོད་དང༌། བློའི་རིམ་པ་ལ་དགོངས་ནས་བསོད་ནམས་བསགས་པའི་ཁ་ཚོན་དུ། ཁྲིད་ཀྱི་རིམ་པར་གསུངས་པ་ཡིན་ཏེ། ཐམས་ཅད་ཀྱང་སེམས་ཉིད་སྤྲོས་པ་དང་བྲལ་བ་འདི་རྟོགས་པར་བྱེད་པའི་ཐབས་ལགས། དེ་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བས་སེམས་ཉིད་སྟོན་པར་བྱེད་པའི་ཐབས་དེ་རྣམས་ནི་ལམ། འབྲས་བུ་སེམས་མངོན་པར་རྟོགས་པ་དེ་ནི་རྒྱུ། དེས་བསྒྲུབས་པའི་འབྲས་བུ་སྟོན་པའི་ཆོས་ཀྱི་འཁོར་ལོ། དེ་ལས་འགལ་བ་ནི་འཁྲུལ་པའི་རྒྱུ་ཀུན་འབྱུང༌། འཁྲུལ་པའི་རྒྱུ་ལས་སྣ་ཚོགས་པ་ལས། ཁམས་གསུམ་གྱི་འཁོར་བ་སྡུག་བསྔལ་འབྱུང་བ་འབྲས་བུ་ཡིན་ཏེ། འདི་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་ལས་འབྱུང་བ་དང༌། ལུགས་ལས་ལྡོག་པ་གཉིས་ཡིན། དེ་ལ་ཡང་ལུགས་ལས་འབྱུང་བ་རྒྱུ་མ་རིག་པ་ཡོད་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས། རྒ་ཤིའི་བར་དུ་འབྱུང་ལ། མ་རིག་པ་འགག་ན་འདུ་བྱེད་ནས་རྒ་ཤིའི་བར་དུ་འགག་པ་ཡིན་ཏེ། འཁོར་འདས་ཀྱི་རྩ་བ་མ་རིག་པ་དང༌། རིག་པའི་ཡེ་ཤེས་གཉིས་ཡིན་པས། སེམས་ཉིད་སྤྲོས་པ་དང་བྲལ་བ་དེ་མ་རྟོགས་པ་ནི་མ་རིག་པ་ཡིན། དེ་རྟོགས་པ་ནི་ཡེ་ཤེས་ཡིན་ཏེ། མྱ་ངན་ལས་འདས་པ་ཡིན་པས། བླ་མ་གོང་མ་རྣམས་ཀྱི་ཞལ་སྔ་ནས་ཀྱང༌། རྟོགས་དང་མ་རྟོགས་མ་གཏོགས་པ། །འབྲས་བུ་ཐོབ་དང་མ་ཐོབ་མེད་གསུངས། །འཕགས་པ་འདའ་ཀ་ཡེ་ཤེས་ལས་ཀྱང༌། སེམས་རྟོགས་ན་ཡེ་ཤེས་ཡིན་པས། སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་གསུངས་པས་དེ་བས་ན་རྟོགས་པ་དང་མ་རྟོགས་པ་གཉིས་ལས། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་བྱུང༌། དེ་ཉིད་ཀྱང་རྟེན་འབྲེལ་གྱི་ངོ་བོར་གནས་པ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་དེ་མཁྱེན་ཅིང་ཐུགས་སུ་ཆུད་པས། དེ་བཞིན་གཤེགས་པ་ལ་ཐམས་ཅད་མཁྱེན་པ་ཞེས་གསུངས་པ་ཡིན། འོ་ན་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་རང་སངས་རྒྱས་ཀྱིས་རྟོགས་པར་བྱ་བ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་དེ་བས་ལྷག་པའི་མཁྱེན་པའི་ཡེ་ཤེས་མངའ་བ་ཡིན་ནོ་སྙམ་དུ་སེམས་ན། བཅོམ་ལྡན་འདས་ཉིད་ཀྱི་ཞལ་སྔ་ནས། ང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་ན་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་མངོན་དུ་མཛད་པས་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པ་ཡིན་ནོ། །ཞེས་གྲོང་ཁྱེར་ལྟ་བུའི་མདོ་ལས་གསུངས་ཏེ། རྟེན་འབྲེལ་དེ་ཉིད་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བར་ཐུགས་སུ་ཆུད་པས། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་རྒྱུ་རྐྱེན་གྱི་རྟེན་འབྲེལ་གྱིས་བསྡུས་པ། ཤེས་བྱའི་དཀྱིལ་འཁོར་མ་འདྲེས་པར་མཁྱེན་པའི་ཡེ་ཤེས་ཀྱིས་ཇི་སྙེད་པ་མཁྱེན་པ་ཡིན། དེ་ལྟར་ན་མཁྱེན་པའི་ཡེ་ཤེས་ཞེས་བྱ་བའམ། བླ་ན་མེད་པའི་བྱང་ཆུབ་ཅེས་བྱ་བ་ཡང་སེམས་རྟོགས་པ་ལ་ཟེར་ལ། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ཡིན་པས། སློབ་དཔོན་འཕགས་པའི་ཞལ་སྔ་ནས་ཀྱང༌། སེམས་རྟོགས་པས་ནི་བྱང་ཆུབ་སྟེ། །སེམས་ལས་མ་གཏོགས་ཆོས་གཞན་མེད། །ཅེས་གསུངས་པ་དང༌། མཁའ་འགྲོ་མ་རྡོ་རྗེའི་གུར་ལས་ཀྱང༌། སྐྱེ་འདིར་སངས་རྒྱས་མཆོག་ཉིད་དུ། །སེམས་བསྒོམས་པས་ནི་སངས་རྒྱའོ། །རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་གསུངས་པས། དུས་དང་རྣམ་པ་ཐམས་ཅད་དུ་རང་གི་སེམས་ཉིད་སྤྲོས་པ་དང་བྲལ་བ་བསྒོམ་པར་བྱ་བ་གལ་ཤིན་ཏུ་ཆེ་གསུངས།།

ཡང་རྗེ་འགྲོ་བའི་མགོན་པོ་འབྲི་གུང་པའི་ཞལ་སྔ་ནས། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཞུང་ལམ་དང༌། གཤེགས་ཤུལ་དེ་དམ་པའི་ཆོས་བདེན་པ་བཞི་ཡིན། དེ་ཡང་ཟབ་པ་སྟོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས། ཚུལ་ཁྲིམས་ཀྱིས་ནི་ཞི་བ་འདོད་རྣམས་འཕགས་པར་འགྱུར། །སྟོབས་བཅུའི་སྤྱོད་ཡུལ་གནས་ཤིང་ཚུལ་ཁྲིམས་ཉམས་པ་མེད། །ཅེས་པ་དང༌། སློབ་དཔོན་འཕགས་པའི་ཞལ་སྔ་ནས་ཀྱང༌། །ཁྲིམས་ནི་རྒྱུ་དང་མི་རྒྱུ་ཀུན་གྱི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་པ་དང༌། བུ་མོ་རིན་པོ་ཆེས་ཞུས་པའི་མདོ་ལས་ཀྱང༌། བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་གྱི་རྒྱུ་ཚུལ་ཁྲིམས་ཡིན་པར་རྒྱ་ཆེར་བཤད་པ་དང༌། ཡང༌། ནོར་བུ་རིན་ཆེན་ལྟ་བུའི་ཚུལ་ཁྲིམས་སྲུངས། །རྗེས་སུ་མཐུན་པའི་གྲོགས་ལ་རྟག་ཏུ་བསྟེན། །སྡིག་པའི་གྲོགས་ལ་ནམ་ཡང་མ་བསྟེན་དང༌། །སངས་རྒྱས་ཡེ་ཤེས་རིང་པོར་མི་ཐོགས་ཐོབ། །ཅེས་པ་དང༌། བསྐལ་པ་གངྒཱའི་ཀླུང་གི་བྱེ་སྙེད་དུ། །དང་བའི་སེམས་ཀྱིས་ཟས་དང་སྐོམ་དག་དང༌། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་འགྲོ་བྱས། །གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང༌། །བདེ་གཤེགས་བསྟན་པ་འགག་པའི་དུས་ཀྱི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་དེ་ནི་དེ་བས་ཁྱད་པར་འཕགས། །ཞེས་གསུངས་པ་དང༌། བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་ཆེན་པོ་ལས་ཀྱང༌། ཚུལ་ཁྲིམས་འཆལ་བ་རྣམས་ལ་སྔགས་འགྲུབ་པར་ནི་རྣམ་པ་ཐམས་ཅད་དུ་མ་གསུངས་པས། ཚུལ་ཁྲིམས་ཁོ་ན་གལ་ཆེ་བར་གསུངས་པ་ཡིན་ནོ། །དེ་ལ་དམ་པའི་ཆོས་འདུལ་བའི་དབང་དུ་བྱས་ན། སློབ་དཔོན་ཡོན་ཏན་འོད་ཀྱིས་དམ་པའི་ཆོས་མདོ་རྩ་བ་འདི་བདེན་པ་བཞིར་གསུངས་ནས་གདའ་ལ། བདེན་པ་བཞིར་གསུངས་པ་འདི་དྲིན་རེ་ཆུང་སྙམ་པ་ལ། དེ་ཤིན་ཏུ་ཡང་གསུངས་ནས་འདུག་པས་དྲིན་ཆེ་སྙམ་པར་བྱུང༌། གསུངས་པའི་ཚུལ་ལུགས་ཀྱང་དེ་ཉིད་ལས། ངེས་པར་འབྱུང་བ་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ན་ཞེས་གསུངས་པ་དེའི་དོན། འདི་ལྟར་ངེས་པར་འབྱུང་བྱ་བ་གང་ནས་གང་དུ། ཚུལ་ལམ་ཐབས་ཇི་ལྟར་ངེས་པར་འབྱུང་བ་གསུམ་དུ་ཤེས་པར་བྱ་སྟེ། གང་ནས་ནི་ཁམས་གསུམ་གྱི་འཁོར་བ་ནས། གང་དུ་ན་བྱང་ཆུབ་རྣམ་པ་གསུམ་དུ། ཚུལ་ལམ་ཐབས་ནི་བདེན་པ་རྣམ་པ་བཞི། འཁོར་བ་རྒྱུ་འབྲས་སྤོང་ཞིང་མྱ་ངན་ལས་འདས་པ་རྒྱུ་འབྲས་སྒྲུབ་པ་ཡིན། དེ་ཡང་རྒྱུ་ཀུན་འབྱུང་ལས་འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་འབྱུང་བའི་དབང་དུ་བགྱིས་ན། གཞི་ཉོན་མོངས་པས་ཀུན་ནས་བསླང་ནས། ལས་ཡན་ལག་བཞི་ལྡན་གྱིས། ལྟུང་བ་སྡེ་ལྔ་གང་རུང་གི་ལས་རྫོགས་པར་བྱས་ན། འབྲས་བུ་ཁམས་གསུམ་གྱི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འབྱུང་བར་གསུངས་ཏེ། འཁོར་བའི་རྒྱ་མཚོ་ཆེན་པོ་དེར་རྟེན་འབྲེལ་བཅུ་གཉིས་ཀྱི་ཚུལ་གྱིས་མ་རིག་པ་དང༌། འདུ་བྱེད་ནས་རྒ་ཤིའི་བར་དུ་འཁོར་བའི་ཕྱིར་ཏེ། གནས་མལ་གྱི་གཞི་ལས་ཀྱང༌། གཙུག་ལག་ཁང་གི་སྒོར་ཆ་ལྔ་པའི་འཁོར་ལོ་བྲིས་ཏེ། །དབུས་སུ་ཕག་རྒོད་བྲི་བར་གསུངས་སོ། །དེས་མཚོན་པའི་ཕག་དེ་ཆོས་གཉིས་དང་ལྡན་པས། དེ་ཡང་ཅི་རྙེད་རྙེད་ཐམས་ཅད་ཟ་བ་དང་འདྲ་བར། ཉོན་མོངས་པ་གཏི་མུག་གཞིར་བཞག་ཏུ་གྱུར་ཅིང༌། ཆགས་སྡང་གི་རྟོག་པ་རབ་ཏུ་རྒྱས་པས་བློ་ཤིན་ཏུ་བླུན་པ་དང༌། བསད་པར་དཀའ་བ་བཞིན་དུ་གཏི་མུག་དེ་ཡང་སྤང་ཤིན་ཏུ་དཀའ་སྟེ། ཡང་དག་པའི་ཡེ་ཤེས་མ་ཡིན་པ་གཞན་གྱིས་མི་སོད་པ་ཡིན་གསུངས། ཡེ་ཤེས་དེ་གང་ཡིན་སྙམ་ན་འདོད་ཆགས་འདོད་ཆགས་དང་བྲལ་བས་སེམས་རྣམ་པར་གྲོལ་བ་དང༌། ཤེས་རབ་རྣམ་པར་གྲོལ་བའོ། །ཞེས་གསུངས་པའི་དོན་འདོད་ཆགས་དང་བྲལ་བའི་སེམས་ལས་ཏིང་ངེ་འཛིན་སྐྱེ། དེ་ལས་ཤེས་རབ་སྐྱེ། དེ་ལྟར་ཞེ་སྡང་དང་གཏི་མུག་འདྲ་བས། དེ་གཏི་མུག་འཇོམས་པའི་གཉེན་པོ་ཡིན་ཏེ། དེ་མཚོན་པ་ཟླ་བའི་དཀྱིལ་འཁོར་འབྲི་བར་གསུངས། ཟླ་བ་དེ་ཡང་ཆོས་གཉིས་དང་ལྡན་པ་ཡིན་ཏེ། ཉོན་མོངས་པའི་གདུང་བ་ཞི་བས་བསིལ་བ། གཏི་མུག་གི་མུན་པ་སེལ་བས་གསལ་བ་ཡིན་ནོ། །ལམ་གྱི་བདེན་པ་དང་འགོག་པའི་བདེན་པའི་དབང་དུ་བྱས་ན། ལམ་འཕགས་པའི་ཡན་ལག་བརྒྱད་དུ་ཡང་གསུངས་ཏེ། མདོར་ན་ངེས་པར་འབྱུང་བའི་ཚུལ་ཁྲིམས་སམ་བསླབ་པ་གསུམ་ཡིན། དེ་ཡང་ཆ་ལྔ་པའི་འཁོར་ལོ་དེ་ཉིད་དུ། དགེ་སློང་རྟགས་དང་ལྡན་པ་བྲི་བའི་དགོས་པ་ལམ་གྱི་བདེན་པ་མཚོན་པ་ཡིན་ཏེ། འདུལ་བ་བསྡུས་པར། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ནས་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་འབྱིན་པར་འགྱུར། །ཞེས་པ་དེ་འབྲི་བའི་དགོས་པ་ཡང་དེ་ཡིན། དེ་ལྟ་བུའི་དམ་པའི་ཆོས་དེ་གང་ལས་བྱུང་ན། སངས་རྒྱས་ལས་བྱུང་བས། དེའི་ཕྱི་རོལ་ཏུ་དེ་བཞིན་གཤེགས་པའི་སྐུ་འབྲི་བའི་རྒྱུ་མཚན་ནམ་དགོས་པ་ཡང་དེ་ཡིན་གསུངས། དེ་ལ་ཁ་ཅིག་ན་རེ། སོ་སོར་ཐར་པའི་སྡོམ་པས་སྤོང་བ་བདུན་འཁོར་དང་བཅས་པ་མ་གཏོགས་པ། ཡིད་ཀྱི་གསུམ་པོ་སྤོང་བར་མི་འདོད་དོ་ཟེར་ཡང༌། འདིར་ནི་དེ་མི་སྤོང་ན་ཉོན་མོངས་པ་མི་སྤོང་བ་དང༌། སུམ་བརྒྱ་པ་དང༌། མདོ་རྩ་ཉིད་ནས་འདུ་ཤེས་གཙོ་ཞེས་པ་དང༌། ཤེས་གཙོ་ཞེས་པའི་རྗེས་སུ་འབྲངས་པ་མ་ཡིན་ནམ། དེ་བཞིན་གཤེགས་པས་ཝ་ར་ཎ་སཱིར་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ། རབ་ཏུ་བྱུང་བ་འབའ་ཞིག་ལ་བསྐོར་རམ། ཁམས་གསུམ་གྱི་སེམས་ཅན་ལ་ཡང་བསྐོར། རབ་ཏུ་བྱུང་བ་འབའ་ཞིག་ལ་ཡིན་ན་ནི། དེ་བཞིན་གཤེགས་པས་དགེ་སློང་དང༌། དགེ་ཚུལ་རྣམས་ཀྱི་སྟེང་དུ་བཅས་པའི་གོང་ཚ་ཉེས་པ་ཐམས་ཅད་བཞག་པར་འགྱུར་བའི་སྐྱོན་ཡོང་བས། མདོར་ན་ཉོན་མོངས་པ་ལས་ལས། ལས་ལ་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པས་ཁམས་གསུམ་གྱི་འཁོར་བ་འབྱུང་བར་བྱེད་པ་གང་ཡིན་པ་དེ། ཁམས་གསུམ་གྱི་སེམས་ཅན་གང་ཡིན་པ་དེ་རྣམས་ལ་མི་འབྱུང་བར་འོང་ཏེ། དེ་ནི་མ་ཡིན་ཞིང༌། དེ་བཞིན། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་འདྲེན་པར་བྱོན་པ་ཡིན་པས། དགེ་སློང་ལ་བཅས་པ་དེ་ནི་སེམས་ཅན་ཐམས་ཅད་ལ་བཅས་པ་ཡིན། དེ་ལྟར་ན་བཀག་པ་ཐམས་ཅད་ཡེ་བཀག གནང་བ་ཐམས་ཅད་ཡེ་གནང་དུ་འོང་བ་ཡིན། འོ་སྐོལ་ནི་སྟོན་པ་དེ་བཞིན་གཤེགས་པ་དང༌། འདུལ་བ་འཛིན་པ་གོང་མ་རྣམས་ཀྱི་རྗེས་སུ་འབྲང་བར་བྱེད་དགོས་པས། དེ་ཡང་མདོར་ན་རང་བཞིན་གང་ན་ཡོད་པའི་བདེན་པ་དང༌། འགོག་པའི་བདེན་པ་རྣམ་པ་གཉིས་ནི་སྒྲུབ་པའི་བསླབ་པ་ཡིན་ཏེ། ཁྱེད་རྣམས་ཀྱིས་དེ་ལྟར་ཤེས་པར་མཛད་ནས། ཆོས་འདི་གཞན་ལ་ཡང་སྟོན། སྒྲོགས་ཀྱང་སྒྲོགས་ཤིག་གསུངས།།

ཡང་འཇིག་རྟེན་མགོན་པོ་རིན་པོ་ཆེའི་ཞལ་སྔ་ནས། སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ཞིང་དང༌། བསམ་པ་དང༌། དངོས་པོ་རྣམ་པ་གསུམ་གྱི་རྟེན་འབྲེལ་ཡིན་ལ། འདི་གོ་ན་ངའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་གོ་བར་འགྱུར་བས། གསུམ་པོ་འདིའི་རྟེན་འབྲེལ་འཛོམས་པ་ལ་མཐོང་ཆོས་སུ་འབྱུང་སྟེ། འཁོར་འདས་ཀྱི་ཆོས་གང་ཡིན་ཡང་རུང་ཐམས་ཅད་འཛོམ་པ་དང༌། གང་མ་འཛོམས་པའི་བྱེ་བྲག་ལ་སྐྱེས་ནས་མྱོང་འགྱུར་དང༌། ལན་གྲངས་གཞན་ལ་མྱོང་འགྱུར་དུ་གོང་མ་རྣམས་ཀྱིས་གསུངས། དེ་ཡང་འདིར་ཕྱོགས་གཅིག་མཚོན་ན། དཔེར་ན་ཡུལ་རང་ལ་གནོད་པ་བྱས་པའི་ཕ་གསད་པའི་ལག་དམར་པོ་ལྟ་བུ་དེ་ཞིང་ཕན་འདོགས་པའི་ཕ་དང་མ་ལྟ་བུ་དེའི་བར་ཆད་བསམ་པ་ཞེ་སྡང་གིས་གསོད་པར་འདོད་པ་དེ་བསམ་པ། བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དེའི་བར་ཆད། མཚོན་རྣོན་པོའམ་དུག་ལ་སོགས་པ་དེ་དངོས་པོ། སོ་མེད་པ་དང༌། ཡུ་བ་ཆག་པ་དང༌། སྨན་ལ་སོགས་པའི་བར་ཆད་དེ་རྣམས་དང་བྲལ་ན་བསམ་པ་འདོད་པ་དེའི་འབྲས་བུ་འགྲུབ། ཡང་ཞིང་མཁན་སློབ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ། བསམ་པ་དགེ་སློང་དགེ་ཚུལ་གྱི་སྡོམ་པ་ཐོབ་པར་འདོད་པ། དངོས་པོ་ལུས་ངག་ཡིད་གསུམ་གྱི་ལས་རྣམ་པར་དག་པ་དང་གསུམ་འཛོམ་ན། གང་འདོད་པའི་དོན་དེ་འགྲུབ་པ་ཡིན། དེ་ལས་འདིར་དེ་བཞིན་གཤེགས་པའི་གསུང་རབ་ཏུ་གསུངས་པ་ལས་སྔོན་བརྒྱན་པོ་པ་རྒྱལ་བ་ཞེས་བྱ་བས།

ས་ཕྱོགས་གཅིག་ན་ཆོས་སྨྲ་བ་གཅིག བསོད་ནམས་བསགས་པས་བདེ་བ་ཐོབ། །དེ་ཕྱིར་མི་ཡིས་བསོད་ནམས་བྱ། །དེ་འང་ཡང་དང་ཡང་དུ་བྱ། །དེ་རིང་ཉིད་དུ་བསྟུན་ཏེ་བྱ། །ཞེས་སྨྲ་བ་ཐོས་ནས་དད་པ་དྲག་པོ་སྐྱེས་པས། རང་གི་གདུགས་དང༌། བླ་གོས་དང༌། མཆིལ་ལྷམ་ཕུད་ནས་ཆོས་སྨྲ་བ་དེ་ལ་ཕུལ། འགྲོན་བུ་སྟེར་ཏེ་ཁྱིམ་དུ་འོངས་པ་ན། ཆུང་མས་ཁྲོན་པའི་ནང་དུ་རྐྱང་འཛུལ་བཏང་ནས་ཆུ་བཅུས་པས། དེ་ལ་གསེར་ཟུང་བཞི་འཁྲིལ་ནས་བྱུང་བས་གཟའ་མི་ཐམས་ཅད་ཀྱིས་དྲངས་པ་ལས། དེ་ཁྲོན་པའི་སྟེང་དུ་ཐོན་པ་དང༌། རྒྱན་པོ་བ་རྒྱལ་བ་ངོ་མཚར་སྐྱེས་ནས། ཀྱེ་མ་ཡོན་ཏན་ཀུན་གྱི་རང་བཞིན་ཞིང༌། །ཉེས་ཀུན་རྣམ་པར་སྤངས་པ་ལ། དེ་རིང་ཉིད་དུ་ས་བོན་བཏབ། །དེ་རིང་ཉིད་དུ་འབྲས་བུ་སྨིན། །ཞེས་སྨྲས་ཤིང་བསྟོད་པ་བྱས་ཏེ། དེ་ཡང་ཞིང་དང༌། བསམ་པ་དང༌། དངོས་པོ་རྣམ་པ་གསུམ་འཛོམ་པའི་མཐོང་ཆོས་ཚེ་དེ་ལ་བྱུང་བ་ཡིན། འོ་ན་དེ་ཉིད་གཅིག་པུའམ་སྙམ་ན། སྐྱེ་བ་དེའི་ཕྱི་མ་ལ་རྒྱལ་པོ་བསོད་ནམས་སྟོབས་ཞེས་བྱ་བར་གྱུར་ནས། ལྷའི་བླ་རེ་དང༌། གདུགས་ནམ་མཁའ་ལས་བྱུང་བ་དང༌། རིན་པོ་ཆེ་སྣ་ཚོགས་པའི་ཁྲི་དང༌། རིན་པོ་ཆེའི་ཆར་བབ་པ་དང༌། ཚིགས་སུ་བཅད་པའི་སྒྲ་གྲགས་པ་ལ་སོགས་པ་བྱུང་བ་དེ་རྣམས་ནི་ལན་གྲངས་དང༌། གཞན་ལ་མྱོང་བ་དང༌། སྐྱེས་ནས་མྱོང་འགྱུར་གྱི་རྣམས་ཡིན་ཏེ། བརྒྱན་པོ་པ་རྒྱལ་བས་ཚོགས་བསགས་པ་དེའི་འབྲས་བུ་སངས་མ་རྒྱས་བར་དུ་འབྱུང་བ་ཡིན། དེ་ལྟར་གྱུར་པའི་དུས་སུ། ཞིང་བསམ་པ་དངོས་པོ་གསུམ་ག་འཛོམ་ན་མཐོང་ཆོས། གཉིས་འཛོམ་ན་སྐྱེས་ནས་མྱོང་འགྱུར། གཅིག་ལས་མ་འཛོམ་ན་ལན་གྲངས་གཞན་ལ་མྱོང་བ་ཡིན་ཞེས། མཁས་པ་རྣམས་ཀྱིས་སྨྲ་ན་ཡང༌། མཁས་པ་རྣམས་ཀྱི་འདི་ཡང་ཕྱོགས་གཅིག་ཏུ་འོང་སྟེ། རེ་རེ་ལ་ཡང་གསུམ་ག་འཛོམ་པ་འབྱུང་བ་ཡིན། འདི་ལྟ་བུ་འབྱུང་བའི་དོན་རྟོགས་པའི་དུས་སུ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་གོ་བ་རྙེད་པས། རྟེན་འབྲེལ་ཐམས་ཅད་བསྒྲིགས་པས་ཆོག་སྟེ། ང་འབུ་སྔོན་ཕག་མོ་གྲུ་ན་ཡོད་པའི་དུས་སུ། སྒོམ་པ་ཆོས་ཡེ་ན་རེ། བཞེད་པ་ནི་མང་པོ་གཅིག་བཞེད་པར་འདུག་སྟེ་ཟེར་ནས། དེ་ནས་ཁོ་ལ་ད་འོ་ན་ངས་སང་ཉིན་ནས་འཚོ་བ་འདྲ་འོང་བའི་རྟེན་འབྲེལ་བྱའམ་བྱས་པས། མཛད་པར་ཞུ་ཟེར། འོ་ན་ཁྱེད་རང་ཅི་འདོད་པའི་དངོས་པོ་ཅུང་ཟད་རེ་རེ་ཁྱེར་ལ་ཤོག་བྱས་པས། ཇ་དང་ཕྱེ་དང༌། མར་ལ་སོགས་པ་རྙེད་ཚད་ཁྱེར་ནས་བྱུང་བ་དང༌། རྟེན་འབྲེལ་གྱི་ཁུག་མར་དངོས་པོ་དེ་རྣམས་ཕུལ་བས། ཕྱི་ཉིན་ནས་ཆ་ལེ་ཆི་ལི་འབུལ་བ་བྱུང་བས་ཆོས་ཡེ་ན་རེ། འདི་འདྲ་བ་ཅི་མཛད་མཛད་འདུག་པས། ད་སྡུག་སྲིས་བྱེད་མི་ནུས་ཟེར་ནས་ཕད་ཕོད་བྱས་པ་ཡིན་ཏེ། དེ་རྟེན་འབྲེལ་བསྒྲིགས་པ་ཡིན། ཡང་རྟེན་འབྲེལ་ཡིན་བྱས་པའི་དུས་སུ་མགོ་སྐོར་བའི་རྟེན་འབྲེལ་སེར་སེར་བྱིའུ་ལྡད་དང༌། པག་བུ་གྲོ་སེར་དང༌། ལུང་ཐང་འདྲེ་མིག་དང༌། མདའ་བྱ་རྒོད་མ་ལ་སོགས་པ་ལ་ཟེར་བ་མིན། ཕག་གཅིག་ན་ཟབ་ཟབ་མོའི་གདམས་ངག་གཞན་ཡང་ཡོད་པ་མ་ལགས། ད་ལྟར་གྱི་ཞིང་དང་བསམ་པ་དངོས་པོ་གསུམ་གྱི་སྒོ་ནས་ཚོགས་གསོག་པ་འདི་ཉིད་ལ་རྟེན་འབྲེལ་ཟེར་བ་ཡིན། འདི་དཔལ་ལྡན་ཕག་མོ་གྲུ་པའི་ཐུགས་ཀྱི་དགོངས་པ། རྟེན་འབྲེལ་མ་ལུས་པའི་སྙིང་པོ། ཤིན་ཏུ་ཟབ་པའི་ཆོས་ཡིན་གསུངས།།

ཡང་འཇིག་རྟེན་མགོན་པོ་རིན་པོ་ཆེའི་ཞལ་སྔ་ནས། སྤྱིར་བཅོམ་ལྡན་འདས་ཀྱིས་སྔགས་མཚན་ཉིད་ཐམས་ཅད་ཀྱི་ལམ་བགྲོད་པའི་ཤུལ་དེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དེའི་གཞིར་གྱུར་པ་དྲན་པ་ཉེ་བར་བཞག་པ་བཞི་ཡིན་ཏེ། དང་པོ་བཞི་པོ་འདི་དང་ལྡན་ན་གོང་མ་རྣམས་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་ཏེ། འོག་མ་སྟོབས་སུ་འགྱུར་བ་ལ་ཟེར་བས། དེ་ཡང་འོག་མ་སྤངས་པས་གོང་མ་ཐོབ་པ་མ་ཡིན། དེ་བས་ན་དང་པོ་དྲན་པ་ཉེ་བར་བཞག་པ་བཞི་པོ་འདི་ཤིན་ཏུ་ཟབ་པ་ཡིན། དེ་ཡང་འདི་ལྟར་དུ་མཆི་བས། དང་པོ་ལུས་དྲན་པ་ཉེ་བར་བཞག་པ་འདི་ཡང༌། ལུས་འདི་མི་གཙང་བའི་རྫས་ཀྱིས་གང་བ་དང༌། དེ་དུར་ཁྲོད་ཀྱི་རོ་ལྟར་མི་རྟག་པར་ལྟ་བ་ལ་ཟེར། དེ་ཉིད་ཀྱང་ལུས་ལ་མི་གཙང་བར་མཐོང་བས། ལུས་དེ་ཉིད་ཀྱི་སྙིང་པོ་ཕྱི་མ་ལ་དོན་རྒྱ་ཆེན་པོ་སྒྲུབ་པ། བླ་མའི་ཞབས་ཏོག་བསྒྲུབ་པ་ལྟར་ལུས་ལ་སྙིང་པོ་ལེན། ལུས་དེ་མི་རྟག་པར་མཐོང་བས། དེ་བཞིན་གཤེགས་པའི་སྐུ་རྟག་པ་འཚོལ་ཏེ། དེའི་རྒྱུ་སྒྲུབ་པ་ཞིག་དགོས། དེ་ལྟ་བུའི་རྒྱུ་སྒྲུབ་པ་ཞིག་མ་བྱུང་ན་མི་རྟག་པ་དང༌། མི་གཙང་བའི་འདུ་ཤེས་བསྒོམ་པ་ལ་ཡང་དགོས་པ་མེད། དེ་ལྟར་བལྟས་པའི་དུས་སུ་ལུས་ཀྱི་ཐོག་མ་དང་ཐ་མ་མེད་པར་མཐོང་བས། ཆོས་ཀྱི་སྐུ་ཐོབ་པ་ཡིན། ཡང་གཉིས་པ་ཚོར་བ་དྲན་པ་ཉེ་བར་བཞག་པ་དེ་ཡང༌། ཚོར་བ་བདེ་སྡུག་བཏང་སྙོམ་གསུམ་མི་རྟག་པ་དང༌། དེ་ལ་ཆགས་སྡང་སྐྱེས་ན་སྡུག་བསྔལ་འབྱུང་བར་ལྟ་བ་ལ་ཟེར། དེ་ལ་མི་རྟག་པ་དང༌། སྡུག་བསྔལ་དུ་གོ་བས་ཉོན་མོངས་པ་སྤོང་བ་དང༌། སྡུག་བསྔལ་གྱིས་དབྱེན་སྤྱོས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེ་དགོས། ཉོན་མོངས་པ་ཕྲ་རགས་རྣམས་མི་སྤོང་ཞིང་སྙིང་རྗེ་མི་སྐྱེ་བར། དོན་གྱི་གོ་བ་ཙམ་གྱིས་ས་མི་ཆོད། དེ་ལྟར་མཐོང་ནས་ཚོར་བ་དེ་མ་སྐྱེས་པར་རྟོགས་པས། ལུས་དང་སེམས་དབེན་པ་འཐོབ་པ་ཡིན། གསུམ་པ་སེམས་དྲན་པ་ཉེ་བར་བཞག་པ་དེ་ཡང༌། དམིགས་ཡུལ་ཐ་དད་པ་ལས་སེམས་ཐ་དད་པ་སྐྱེ་ལ། དམིགས་པ་མེད་ན་སེམས་སྐྱེ་བ་མེད་པ་ཤེས་པ་ལ་ཟེར། དེ་ཡང་སེམས་ལ་སེམས་ཀྱིས་བལྟས་པས། སེམས་དང་དམིགས་པ་དབྱེར་མེད་པར་གོ་ནས། དེ་ཉིད་སྤྲོས་པ་དང་བྲལ་བར་ཤེས་ཤིང༌། སེམས་བཞིན་དུ་འཁོར་འདས་ཐམས་ཅད་གོ་བས་མཉམ་པ་ཉིད་ཀྱི་དོན་མཐོང་བ་ཡིན། དེའི་དུས་སུ་འཁོར་བའི་རྒྱུ་འབྲས་ནི་མ་དག་པའི་རྒྱུ་འབྲས་ཡིན་ལ། བསོད་ནམས་ཀྱི་ཚོགས་གསོག་ཅིང༌། བསོད་ནམས་མ་ཡིན་པ་སྤོང་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་དབུ་མ་ལ་འཇུག་པས། ཐུབ་པའི་དགོངས་པ་འདི་ཤིན་ཏུ་ཟབ་བོ།།

ཡང་འཇིག་རྟེན་མགོན་པོ་རིན་པོ་ཆེའི་ཞལ་སྔ་ནས། འདི་ལྟར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས། སེམས་གདོད་ནས་སྐྱེ་བ་མེད་པ་ནམ་མཁའི་དཀྱིལ་ལྟ་བུ་ཡིན་གསུངས་ཏེ། དེ་ཡང་ཕྱི་རོལ་ནམ་མཁའ་མ་ཡིན་ཏེ།། སེམས་ཀྱི་ནམ་མཁའི་དབུས་གནས་པ། །གསུངས་པས། བདེ་བ་དང༌། སྡུག་བསྔལ་དང༌། འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་སྐྱེ་བ་མེད་པ་ཡིན། གདོད་ནས་སྐྱེ་བ་མེད་པ་དེ་ལ། གདོད་ནས་སངས་རྒྱས་པ་ཡང་ཟེར་བས། དེ་ལྟར་ཡང༌། སེམས་ཅན་རྣམས་ནི་སངས་རྒྱས་ཏེ། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཞེས་གསུངས་པ་ཡིན་པས། དེ་བས་ན་རང་གི་སེམས་ཉིད་དེ་གདོད་ནས་སྐྱེ་འགག་ཡོད་མེད། རྟག་ཆད། འགྲོ་འོང་ལ་སོགས་པ་སྤྲོས་པའི་མཐར་མ་ལྷུང་བ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེ་ལྟར་ཡང༌། སྐྱེ་བ་མེད་དང་སྐྱེ་བ་གཉིས་ཀར་མི་རྟོག་པ། །འདི་དེ་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས་པས། སེམས་ཉིད་སྤྲོས་པ་དང་བྲལ་བ་དེ་བཞིན་དུ། བདག་གཞན་གྱི་ཆོས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། དེ་ལྟར་ཡང༌། བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །ཞེས་གསུངས་པས། དེ་ལྟ་བུ་རྟོགས་པ་དེ་མཉམ་པ་ཉིད་ཡིན་ཏེ། དེ་ལྟར་ཡང༌། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །ཞེས་གསུངས་པ་ཡིན། འོ་ན་མཉམ་པ་ཉིད་གཅིག་པུ་ཡིན་ནམ་སྙམ་ན། དེ་ལ་ཏིང་ངེ་འཛིན་རྒྱལ་པོ་ལས། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ཡིན་ལ། དེའི་མཉམ་པ་ཉིད་ནི་གོང་དུ་བསྟན་པ་དེ་ཡིན། རྣམ་པར་སྤྲོས་པ་ནི་རྒྱུ་འབྲས་ཀྱི་རྟེན་འབྲེལ་ལ་ཟེར་བས། རྗེ་དཔལ་ལྡན་ཕག་མོ་གྲུ་པའི་ཞལ་སྔ་ནས་ཀྱང༌། ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ་དཔག་ཏུ་མེད་པ་ཡོད་ཀྱང༌། ད་ལྟའི་རྟོགས་པ་འདི་འདྲ་བས་ཆོག་པ་མིན་གསུངས། དེའི་དགོངས་པ་གང་ཡིན་སྙམ་ན། དཔེར་བགྱི་ན། མདའ་གཅིག་བསྣུན་པ་ལ་གོས་ཕིགས་པ་ཙམ་དང་ཤ་ལ་ཕིགས་པའམ། ཁོང་པའི་ནང་དུ་སླེབ་ཙམ་བྱུང་ཡང༌། གནད་དུ་ཕོག་པ་མིན། སྙིང་ལ་ཕོག་པ་ལྟ་བུ་ཞིག་ཡོད། དེ་ལ་འོ་ན་ཁྱེད་ཀྱི་ཁྱད་པར་གྱི་ཆོས་དེ་གང་ཡིན་ན། རི་རབ་སྣ་ཚོགས་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྣ་ཚོགས་པ་ཉིད་དོ་ཞེས་གསུངས་པས། རྒྱུ་འདི་ལྟ་བུ་ལས་འབྲས་བུ་འདི་ལྟ་བུ་འབྱུང་བྱ་བ་ཡིན་ཏེ། འདིར་རྒྱུ་བྱང་ཆུབ་ཀྱི་སེམས་མཚན་ཉིད་དང་ལྡན་པའི་བླ་མ་དམ་པ་ལས་ཐོབ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་བྱ་སྙམ་པའི་སེམས་དེས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་དོན་ལ་གནས་ཀྱང༌། གནས་སྐབས་སུ་བྲག་སྐྱིབས་སུ་ཆར་བབས་པ་དང་འདྲ་སྟེ། དུས་གཏན་དུ་དེར་སྡོད་པའི་གནས་མེད། བྱང་ཆུབ་ཀྱི་སེམས་དེའི་འབྲས་བུས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཇི་སྲིད་པ་དེ་སྲིད་ཀྱིས་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང༌། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་དང༌། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་འགྲོ་བའི་དོན་བྱེད་པ་འབྱུང་སྟེ། དེ་ཡང་དཔེ་ཇི་ལྟ་བུ་ཡིན་སྙམ་ན། རྗེ་སྒམ་པོ་པ་ཆེན་པོ་སྔོན་སངས་རྒྱས་པ་ཡིན་ཡང༌། ད་ལྟར་སྙིགས་དུས་འདིར་ཡང་འགྲོ་བའི་དོན་ལ་བྱོན་པ་ཡིན་ཏེ། དེ་ལྟར་ཡང་ཞལ་སྔ་ནས། སྔོན་གྱི་དུས་སུ་མེ་ཏོག་ཟླ་མཛེས་ལ། །ཐུབ་པའི་སྤྱན་སྔར་ཟླ་འོད་གཞོན་ནུར་གྱུར། །ལྔ་བརྒྱའི་དུས་ན་སྐྱེས་བུ་ཆེན་པོ་ཉིད། །ཅེས་གསུངས་པས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་གསུང་ཐུགས་མི་ཟད་པས་རྒྱན་གྱི་འཁོར་ལོ་དང་མི་འགལ་བ་ཡིན་ནོ། །མཉམ་པ་ཉིད་རྟོགས་པའི་སྟེང་དུ་རྒྱུ་འབྲས་ཀྱི་རྟེན་འབྲེལ་རྣམ་པར་སྤྲོས་པ་གོ་བ་འདི་ངའི་ཁྱད་པར་གྱི་ཆོས། རྗེ་དཔལ་ལྡན་ཕག་མོ་གྲུ་པའི་ཆོས་ཀྱི་འཁོར་ལོ་ཕྱི་མར་གསུངས་པ་ཡིན་གསུངས་ནས། རྒྱ་ཆེར་ནན་ཏན་དུ་གདམས་པས། སངས་རྒྱས་གཉན་སྒོམ་གྱིས་ཚོགས་སུ་བཀྲམ་པའི་ཆོས་ཟབ་མོའི་བརྗེད་ཐོ་ལགས་སོ།།

ཡང་འཇིག་རྟེན་མགོན་པོ་རིན་པོ་ཆེ་འབྲི་གུང་པ་དེའི་ཞལ་སྔ་ནས། སྤྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་སྒྲུབ་པ་ལ་སྡོམ་པ་གསུམ་ལྡན་ཞིག་དགོས། དེ་ལ་སྡོམ་པ་གསུམ་པོ་འདི་དཀོན་མཆོག་གསུམ་རེ་རེ་གཙོ་བོར་གྱུར་པ་ཡིན་པས། དམ་པའི་ཆོས་འདུལ་བ་སོ་ཐར་གྱི་སྡོམ་པ་ལ། ཞིང་དགེ་འདུན་གཙོ་བོར་གསུངས་པས། མཁན་པོ་དང༌། སློབ་དཔོན་དང༌། དགེ་འདུན་གྱི་ཚོགས་ལས་སྡོམ་པ་ལེན་པ་དང༌། དགེ་འདུན་ཁོ་ན་ལ་བརྟེན་པ་དང༌། ཉེས་ལྟུང་བྱུང་ཡང་དགེ་འདུན་ཉི་ཤུའི་ཚོགས་དང༌། རེ་རེའི་བར་ལ་བཤགས་པ་ཡིན་ཏེ། དེ་ཡང་བསམ་པ་སྔ་མ་ལ་འགྱོད་པ་སྐྱེས་པ། ཕྱི་མ་སྲོག་ལ་བབ་ཀྱང་མི་བྱེད་པ། དངོས་པོ་ལྟུང་བ་མིང་རིགས་གང་ཡིན་པ་བརྗོད་ནས་བཤགས་པ་ཡིན་པས། ཉོན་མོངས་པ་ཆེ་འབྲིང་གིས་ལྟུང་བ་སྡེ་ལྔར་གསུངས་པ་ལ། འདུལ་འཛིན་དག་སྤོང་བདུན་དུ་འདོད་པས། ཡིད་ཀྱི་གསུམ་པོ་ལ་ཉེས་པ་མེད་པར་སྨྲ་ན་ཡང༌། འདིར་ནི་རྒྱུད་པ་རིན་པོ་ཆེའི་དགོངས་པ་དང༌། དཔལ་ཕག་མོ་གྲུ་པའི་བཞེད་པས་ཉེས་པ་ཤིན་ཏུ་ཡོད་པས། ཉེས་པ་ཐམས་ཅད་བཤགས་སྡོམ་བྱ་བ་ནི། དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས་པ་བཞིན་དུ་བྱའོ། །ཡང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། བྱང་ཆུབ་སེམས་དཔའི་བསླབ་པ་ལ་ཞིང་ཆོས་གཙོ་བོར་གྱུར་ཏེ། དེ་ལྟར་ཡང་སྙིང་རྩེར་ལྡན་ཞིང་བྱམས་ཕྱིར་དང༌། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་གསུངས་པས། དེད་དཔོན་སྙིང་རྗེ་ཆེན་པོའི་སྙིང་རྗེས་མི་ནག་མདུང་ཐུང་ཅན་བསད་པས། བསྐལ་པ་འབུམ་གྱི་འཁོར་བ་ཕྱིར་བསྙིལ་བ་དང༌། བྲམ་ཟེའི་ཁྱེའུ་སྐར་མས་ལོ་ཉི་ཁྲིའི་བར་དུ་ཚངས་པར་སྤྱོད་པ་ལ། གྲོང་དུ་བསོད་སྙོམས་ལ་ཕྱིན་པས། བུད་མེད་ཅིག་བྲམ་ཟེའི་ཁྱེའུ་ལ་ཆགས་པས་ཟིན་ནས། བུད་མེད་དེ་ལམ་དུ་འགྱེལ་བ་ལ་མ་བལྟས་པར། གོམ་པ་བདུན་བོར་བའི་རྗེས་ལ་སྙིང་རྗེ་ཆེན་པོ་སྐྱེས་ནས་ཕྱིར་ལོག་སྟེ། ལོ་བཅུ་གཉིས་སུ་བུད་མེད་དེའི་ཁྱིམ་ཐབ་བྱས་ནས། ཡང་ཚངས་པར་སྤྱོད་པ་སྤྱད་པས། བསྐལ་པ་ཉི་ཁྲིའི་འཁོར་བ་ཕྱིར་བསྙིལ་བར་གསུངས་པས་ན། བྱམས་སྙིང་རྗེ་དང་མ་བྲལ་ན་ལྟུང་བའི་ཉེས་པས་མི་གོས་པར་གསུངས་པ་ཡིན་ཡང༌། འདི་ལ་ཉེས་པ་གཏན་ནས་མེད་པས་མ་གོས་པ་ཡིན་ནམ་མ་ཡིན་ཞེས་བརྟག་པ་བྱ་སྟེ། སྤྱིར་ཡང་སྡིག་པའི་འབྲས་བུ་མི་འབྱུང་བར་མ་ནུས་པས། མི་ནག་མདུང་ཐུང་ཅན་བསད་པའི་འབྲས་བུས་ལོ་བརྒྱ་ཕྲག་མང་པོ་དང༌། ལོ་སྟོང་ཕྲག་མང་པོ་དང༌། ལོ་བརྒྱ་སྟོང་ཕྲག་མང་པོར་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་བཙོས་ཞེས་བཅོམ་ལྡན་འདས་ཉིད་ཀྱིས་ཞལ་སྔ་ནས་གསུངས་པ་དང༌། སྙིང་བརྩེ་བ་དང༌། བྱམས་པ་དང་་སེམས་དགེ་བ་ལ་ཉེས་པ་མེད་པ་ནི། །བྱམས་སྙིང་རྗེ་གཞིར་བྱས་ནས། །མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་ཡིན། །ཞེས་གསུངས་པས། བསམ་པ་དེ་ལྟ་བུའི་ལས་དང་བྱ་བ་དེ་ལ་ཉེས་པ་ཡོད་པར་མ་གོ་བས། ཉེས་པ་དང་ལྟུང་བ་ཅུང་ཟད་བྱུང་ཡང༌། འདུལ་བ་གཏན་ལ་ཕབ་པ་ཉེ་བ་འཁོར་གྱིས་ཞུས་པའི་མདོ་ལྟར། ཐུན་ཚོད་ལས་མ་འདས་པར་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བར་བྱ་བ་དང༌། བྱམས་པ་སྙིང་རྗེ་གཞི་བཞག་ཏུ་བྱས་ནས། བྱང་ཆུབ་སེམས་དཔའི་ལྟུང་བ་བཤགས་པ་བཞིན་དུ་བྱ། ཐེག་པ་ཆེན་པོ་གསང་སྔགས་རྡོ་རྗེའི་ཐེག་པ་ལ། ཞིང་སངས་རྒྱས་གཙོ་བོར་གསུངས་ཏེ། དེ་ཡང་བླ་མ་མཚན་ཉིད་དང་ལྡན་པ་ཞིག་གིས་དབང་བསྐུར་ནས། ལུས་ལྷར་ངེས་ཤིང༌། སྐུ་གསུང་ཐུགས་རྡོ་རྗེ་ཡིན་པ་ལ། ཐ་མལ་པའི་ལུས་ངག་ཡིད་གསུམ་དུ་འཁྲུལ་ན་བསླད་པ་ཡིན་ཏེ། ཕུང་པོ་སངས་རྒྱས་ལྔའི་བདག་ཉིད། །དེ་ལ་བརྙས་བྱེད་བརྒྱད་པ་ཡིན། །ཞེས་གསུངས་པས། ལོག་པར་འཁྲུལ་པས་བསླད་ན་ཉེས་པ་ཆེན་པོ་འོང་བས། དཔལ་ལྡན་ཕག་མོ་གྲུ་པའི་ཞལ་སྔ་ནས། ཡོན་ཏན་སྐྱེ་ཁར་བླ་མ་ཅི་མཐོང་བ་ཡང་འོང་གསུངས། དེ་ལ་ཇི་ལྟར་བགྱི་ན། སྒོམ་པས་ཆོག་པ་ཡིན་གསུངས་པ་དང་འདྲ་བར། མཐོ་དམན་གྱི་རྟོག་པ་ཅི་སྐྱེས་ཀྱང་དེ་ཉིད་བདག་གིར་བྱས་ལ་ལམ་དུ་བཏང་ཞིང༌། སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བསྒོམ། དེ་ལ་མ་ཡེངས་པར་བྱས་པས། སྐྱོན་ཐམས་ཅད་ཡོན་ཏན་དུ་འགྱུར། བར་དུ་གཅོད་པ་ཐམས་ཅད་དངོས་གྲུབ་ཏུ་འོང་བས། ཉེས་པ་དང་ལྟུང་བ་ཅི་བྱུང་བ་ཐམས་ཅད་སྦྱང་བ་ཡང༌། སྐུ་གསུང་ཐུགས་རྡོ་རྗེའི་སྦྱོར་བས་འདག་པ་ཡིན་གསུངས།།

ཡང་ཆོས་ཀྱི་རྗེ་འགྲོ་བའི་མགོན་པོ་འབྲི་གུང་པའི་ཞལ་སྔ་ནས། སྤྱིར་འབྲེལ་པ་བྱ་བ་དམ་བཅས་པ་དེ་སྐྱོང་བར་བྱེད་པ་ཡིན་ཏེ། འཇིག་རྟེན་པ་ཀུན་ཁ་སྡོམ་བཏང་བ་དེའི་ཐོག་ཏུ་མི་འཇོག་པ་ནི་མི་ངན་པ་ཡིན་ཟེར། དེ་བཞིན་དུ་འདིར་ཡང༌། དམ་བཅས་པ་མགོ་མི་ཐོན་པ་ནི་མི་མཁས་པ་ཡིན་པས། དམ་བཅས་པའི་ཚིག་དེ་དང་འབྲེལ་དགོས། དེ་ལ་འཇིག་རྟེན་མགོན་པོ་དཔལ་ལྡན་ཕག་མོ་གྲུ་པའི་ཞལ་སྔ་ནས། དེ་བཞིན་གཤེགས་པའི་སྙིང་པོ་སྙིང་རྗེ་ཡིན་གསུངས་ཏེ། དེ་ནི་ཉན་ཐོས་དང༌། རང་སངས་རྒྱས་དང༌། ཕྱི་རོལ་མུ་སྟེགས་བྱེད་དང་ཡང་ཐུན་མོང་དུ་གྱུར་པ་ལགས་སོ། །དེ་ལ་གཏམ་རྒྱུད་གཅིག་གསུངས། སྔོན་འདས་པའི་དུས་ན་རྒྱལ་པོ་རྡུལ་ཕྲན་ཞེས་བྱ་བའི་མདུན་ན་འདོན་བྲམ་ཟེ་གནག་ལྷས་སྐྱེས་ཞེས་བྱ་བ། མཁས་པ་ཀུན་གྱིས་བཀུར་བ། བྲམ་ཟེ་རྣམས་ཀྱིས་ཚངས་པའི་གོ་འཕང་ཐོབ་པར་འདོད་དོ་ཞེས་སྨྲས་པས། འོ་ན་ཁྱེད་རང་སྲོག་གཅོད་པ་ལ་སོགས་པའི་མི་དགེ་བ་འདི་དག་སྤོངས་ལ། སྙིང་རྗེ་སྒོམས་ཤིག་ཟེར་རོ། །བྲམ་ཟེས་བསམ་པས། བདག་ཁྱིམ་ན་གནས་པས་ནི་དེ་དག་མི་ནུས་ཀྱིས། ད་རབ་ཏུ་བྱུང་དགོས་སྙམ་ནས། དེ་རབ་ཏུ་བྱུང་བ་དང༌། དེའི་རྗེས་སུ་རྒྱལ་པོ་གཟུགས་ཅན་སྙིང་པོ་ལགས་པར་གདའ་སྟེ། སྔོན་གྱི་འབྲེལ་པ་དེས་འདིར་ཡང་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་བརྟེན་ནས། འགྲོ་བ་དཔག་ཏུ་མེད་པ་སྨིན་པར་མཛད་པ་དེ་རྒྱུ་མཐུན་པའི་འབྲས་བུ་ཞེས་བྱ་སྟེ། རྒྱུ་དང་འདྲ་བ་དེའི་འབྲས་བུ་ཡིན་ཏེ་འབྲེལ་པ། དེ་གཅིག་པུར་ཡང་མ་ཟད། འཇིག་རྟེན་མགོན་པོས་སྤྱིར་དཀར་པོའི་ཕྱོགས་ཀྱི་དགེ་བའི་རྩ་བ། དུག་གསུམ་མེད་པ་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོར་བཞེད་ལ། དགེ་བ་དེ་དག་ཐམས་ཅད་སྡུད་པར་བྱེད་པའི་སྡུད་ཤིང་ནི་བྱང་ཆུབ་ཀྱི་སེམས། དེ་ཡང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གྱི་དོན་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ་བགྱི་བ། དགེ་བ་དེ་ཡང་ཇི་ལྟ་བུ་ཡིན་སྙམ་ན། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་མེད་པའི་དགེ་བའི་རྩ་བས་བསྡུས་པ་ཡིན། འདོད་ཆགས་དེ་ཡང་ཕྱི་ཡུལ་དང༌། ནང་སེམས་ཅན་ལ་ཆགས་པ་དང༌། དེ་བཞིན་དུ་ཞེ་སྡང་དང༌། གཏི་མུག་ལ་འདོད་ཆགས་དང་བྲལ་བ་ཞིག་དགོས། འདིར་འཇིག་རྟེན་གྱི་བྱ་བ་ཚོང་བྱེད་པ་གཅིག་པུ་ལ་ཡང༌། ཆགས་པ་མེད་པས་དོན་འགྲུབ། ཆགས་པས་ཉེས་པ་བསྐྱེད་པར་བྱེད་དེ། དེ་ཡང་སྔོན་གྱི་གཏམ་རྒྱུད་ལས། མུ་གེ་ཆེན་པོ་ཞིག་བྱུང་བའི་དུས་སུ། གསེར་གྱི་ལུག་མགོ་དང་རྐྱང་ཤ་ལག་པ་ཚོང་བྱས་པས། གསེར་ལ་ཆགས་པའི་མི་དེ་ཤི་ཞིང༌། རྐྱང་ཤ་ཟོས་པའི་མི་དེ་ཆགས་པ་མེད་པས་གསོན་པ་དང་འདྲ་སྟེ། དེ་བཞིན་དུ་རང་གཞན་གང་ལ་ཡང་ཞེ་སྡང་བ་མེད་པའི་སེམས་དང་ལྡན་ན། ཞེ་སྡང་གི་ལས་མི་དགེ་མི་འབྱུང་སྟེ། དེའི་འབྲས་བུ་རྣམ་པར་སྨིན་པ་མི་འབྱུང་བའོ། །གཏི་མུག་མེད་པ་ནི་སྟོན་པས་ཀྱང་གཏི་མུག་གི་གཉེན་པོར་རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས་ཏེ། དེ་ཡང་ཕྱི་ནང་གཉིས་ལས། ཕྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི། དངོས་པོ་གང་ཡང་རུང་བ་འདི་ཐམས་ཅད་འབྱུང་བ་བཞིར་གོ་འབྱེད་པ་ནམ་མཁའ་དང་ལྔར་མ་འདུས་པ་མེད་དེ། སྲ་བ་དང་གཤེར་བ་དང༌། དྲོ་བ་དང༌། གཡོ་བར་བྱེད་པས་ཕྱི་སྣོད་དང་ནང་བཅུད་ཐམས་ཅད་འགྲུབ་པར་བྱེད་དེ། ཐ་ན་རྡུལ་ཕྲ་རབ་ཡན་ཆད་སྐྱེད་པར་བྱེད་པ་ཡིན། ནང་རྟེན་འབྲེལ་མ་རིག་པ་ནས་རྒ་ཤིའི་བར། འདི་ཡོད་ན་འདི་འབྱུང་བྱ་བ་ལགས་ཏེ། དེ་ལ་ཡང་མ་རིག་པ་ནི་མི་ཤེས་པ་གཏི་མུག་གི་མུན་པ་ཡིན་ལ། དེ་ཤེས་ཤིང་རྟོགས་པ་ནི་ཡེ་ཤེས་སམ། སངས་རྒྱས་ཡིན་པས་ན། དེ་མ་རྟོགས་པ་ནི་སེམས། སེམས་དེ་ཉིད་མ་རྟོགས་པ་ལས་ཁམས་གསུམ་གྱི་འཁོར་བ་འབྱུང་ཏེ། དེ་ལྟར་ཡང༌། སེམས་དང་སེམས་བྱུང་ཁམས་གསུམ་པ། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །གསུངས་པས། སྟོན་པ་དེ་བཞིན་གཤེགས་པ་ཉིད་དང༌། སློབ་དཔོན་ཟླ་བ་གྲགས་པས་ཀྱང༌། འཁོར་འདས་ཐམས་ཅད་སེམས་སུ་འདུ་ཞིང༌། སེམས་དབུ་མ་ལ་འཇུག་པར་གསུངས་པ་དང༌། སློབ་དཔོན་བྲམ་ཟེ་ཆེན་པོའི་ཞལ་སྔ་ནས་ཀྱང༌། རྩ་བ་གཅིག་ལ་སྡོང་པོ་གཉིས། །རྒྱུ་མཚན་དེ་ལས་འབྲས་བུ་གཅིག །ཅེས་གསུངས་པས། རྟེན་འབྲེལ་བཅུ་གཉིས་ཐམས་ཅད་ཀྱང་སེམས་ཡིན། སེམས་དེ་ནི་ཡོད་མེད་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་པས། རྐོས་ཕོར་ལ་རི་མོ་མེད་ན། ཚ་ཚ་ལ་རི་མོ་མི་འབྱུང་གསུངས་པས། ཐག་གཅད་པ་ལགས་སོ། །འོ་ན་འབྲི་རྫིའི་བུས་འཕགས་པ་ཀུན་དགའ་བོ་ལ་ཆོས་བསྟན་པས། དགྲ་བཅོམ་པ་ཐོབ་པ་ཡིན་ནོ་ཟེར་ཡང༌། དེ་ལྟར་སྨྲ་བ་རྣམས་ནི་སྟོན་པའི་གསུང་མ་ཐོས་ཤིང་མ་གོ་བ་ཡིན། དེ་ལ་འཕགས་པ་ཀུན་དགའ་བོ་དེས། སྟོན་པའི་ཞབས་དྲུང་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་ལ། དེའི་རྒྱུན་ཅུང་ཟད་བསྐུལ་བ་མ་གཏོགས་པ་འབྲི་རྫིའི་བུས་ཆོས་བསྟན་པས་དགྲ་བཅོམ་པ་ཐོབ་པ་མིན་ཏེ། གོའུ་ཏ་མ་ཁྱོད་ནི་བག་མེད་མ་མཛད་པར། །ཤིང་དྲུང་དབེན་པར་བསྟེན་ལ་སྒྲུབ་པ་བྱས། །རིང་པོར་མི་ཐོགས་ཞི་བའི་གནས་ཐོབ་འགྱུར། །ཞེས་བསྐུལ་བ་ལས། དེ་ལ་ཡང༌། སྤྱིར་མང་དུ་ཐོས་པ་ལ་ཕན་ཡོན་རྣམ་པ་ལྔ་ཡོད་གསུངས། དེ་ཉིད་ཀྱང་གང་ཞེ་ན། ཕུང་པོ་ལ་མཁས་པ་དང༌། ཁམས་ལ་མཁས་པ་དང༌། སྐྱེ་མཆེད་ལ་མཁས་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང༌། མང་དུ་ཐོས་པས་གདམས་ངག་གཞན་ལ་རག་མ་ལས་པ་ཡིན་པས། །དེ་ལྟར་སྟོན་པའི་མན་ངག་བསྒོམས་པས། འཕགས་པ་ཀུན་དགའ་བོས་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ཡིན་གསུངས། གཞན་ཡང་ད་ལྟར་བླ་མ་དམ་པ་མཚན་ཉིད་དང་ལྡན་པ་ལ་གསོལ་བ་བཏབ་པས། ཡོན་ཏན་རྒྱུད་ལ་སྐྱེ་བ་འོང་སྟེ། ཐོ་ཡོར་དུ་སྐྱེས་པའི་རིན་སེང་དང༌། །གུང་ཐང་གི་མི་ལ་རས་པ་གཉིས། །ཆོས་ཉིད་ཀྱི་དབྱིངས་སུ་ཡལ་གྱིས་ཡལ། །བྱ་བ་དང༌། ནཱ་རོ་པཎ་ཆེན་གྱི་གདམས་ངག་དེ། །ང་རྣལ་འབྱོར་རས་པའི་སེམས་ལ་ཤར། བྱ་བ་དང༌། སིང་ག་གླིང་གི་རྒྱལ་པོའི་བུ་མོ་མུ་ཏིག་མས་རྒྱང་རིང་པོ་ནས་གསོལ་བ་བཏབ་པས་འབྲས་བུ་ཐོབ་པ་ལྟ་བུ་ཡིན་པས། བླ་མ་མཚན་ཉིད་དང་ལྡན་པ་གལ་ཆེ། བླ་མ་འགའ་ཞིག་ལ་མོས་གུས་བྱས་པས་ཡོན་ཏན་མ་སྐྱེས་པའི་ཕ་རོལ་ཏུ་ཉོན་མོངས་པ་དུག་གསུམ་དང༌། ཉེས་པ་ཐམས་ཅད་ཀྱི་གྲིབ་འོང་བས། དེ་དག་ཐམས་ཅད་ནི་སྤང་བྱ་ཡིན་ནོ། །བླ་མ་དམ་པ་རྟོགས་པ་དང་ལྡན། ཞིང་བྱང་ཆུབ་ཀྱི་སེམས་མངའ་བ་ཞིག་ལ་མོས་གུས་བྱས་པར་སོང་ན་ནི། དེའི་བྱིན་རླབས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་སད་པར་བྱས་ཏེ། དེ་ལ་རྒྱུན་སྲིངས་པས་སངས་རྒྱས་པ་རྗེ་བྲམ་ཟེ་ཆེན་པོ་དང༌། དཔལ་ལྡན་ཕག་མོ་གྲུ་པ་ལྟ་བུ་ཡིན་ཏེ། འབྲིང་དུ་སོང་ཡང་འཆི་ཁའི་དུས་སུ་འཚང་རྒྱ་ལ། ཐ་མ་ཡང་བར་དོ་དང་པོར་འོད་གསལ་ཆོས་སྐུ་ངོ་འཕྲོད་ནས་འཚང་རྒྱ་བ་ཡིན། འོ་ན་ཆོས་ཀྱི་སྐུ་བྱ་བ་ནི་དེ་ཡིན་ན། གཟུགས་ཀྱི་སྐུ་དེ་ཅི་ཙུག་འབྱུང༌། གཟུགས་སྐུ་རྟོག་པ་ལས་འབྱུང་ངམ། ཆོས་སྐུ་ལས་འབྱུང༌། ཆོས་སྐུ་ལས་འབྱུང་ན་ནི་དེ་ལས་འགྲོ་བའི་བདེ་སྐྱིད་ཐམས་ཅད་འབྱུང་སྟེ། དེ་ལྟར་ཡང༌། འཕགས་པ་དཀོན་མཆོག་རྩེགས་པ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱིན་གྱིས་རླབས་ཀྱིས་ས་ནས་སར་འཕར་བ་དང༌། དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པ་དང༌། སེམས་བསྐྱེད་པ་དང༌། རབ་ཏུ་བྱུང་བ་དང༌། ཕྱི་རོལ་པ་ཀུན་ཀྱང་རྫུ་འཕྲུལ་དང༌། བརྟུལ་ཞུགས་འགྲུབ་པ་ལ་སོགས་པ་འབྱུང་བ་ཡིན་ལ། དེ་མ་ཡིན་པ་གཞན་ཡང་སེམས་ཅན་ཀུན་གྱི་བདེ་སྐྱིད་ཇི་སྙེད་པ་ཀུན་ཀྱང་དེ་ བཞིན་གཤེགས་པའི་བྱིན་གྱིས་རླབས་སུ་གསུངས་པ་ཡིན་པས། དེ་ལྟར་ཐུགས་ལ་བཞག་པར་ཞུ་གསུངས།།

ཡང་འཇིག་རྟེན་མགོན་པོ་འབྲི་གུང་པའི་ཞལ་སྔ་ནས། ཐུགས་དམ་ལ་མཉམ་པར་བཞག་པ་ནི་ཕྱག་རྒྱ་ཆེན་པོ་ཡིན་ཏེ། མཐའ་ཐམས་ཅད་དང་བྲལ་བ་དེས་ཆོས་ཐམས་ཅད་འཛིན་ནུས་པས། གཏད་དྲགས་ན་ཡང་མི་ཟིན། མ་གཏད་ན་ཡང་མི་ཟིན་ཏེ། དེས་ན་ཐུགས་དམ་ལ་མཉམ་པར་ཞོག དེ་ལ་ཁར་སང་གི་ཆོས་དེ། དེ་བཞིན་གཤེགས་པའི་སྙིང་པོ་སྙིང་རྗེ་ཡིན་བགྱི་བ་དེ་ཉམས་སུ་བླངས་པས། འབྲས་བུ་རབ་ལུས་འདི་ཉིད་ཀྱིས་ལྷའི་གནས་སུ་འགྲོ། འབྲིང་འཆི་ཁའི་དུས་ཀྱི་ཚེ་དང༌། ཐ་མ་ཡང་བར་དོར་ཅིས་ཀྱང་ལྷར་འགྲོ་བ་དང་འདྲ་བར། ཞེས་གང་གིས་ཀྱང་འབྲས་བུ་རྣམ་པ་གསུམ་རིམ་གྱིས་འབྱུང་བས། འདིར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་རྗེས་སུ་འབྲང་བར་བྱས་ཏེ། དེ་བཞིན་གཤེགས་པ་ཉིད་ཀྱིས་སྙིང་རྗེ་མེད་ན་འཚང་མི་རྒྱ་བར་གསུངས་པ་དང༌། སློབ་དཔོན་ཟླ་བ་གྲགས་པས་ཀྱང༌། སྟོང་ཉིད་སྟོན་པའི་བསྟན་བཅོས་དབུ་མ་ལ་འཇུག་པའི་ཀླད་དུ་སྙིང་རྗེ་ལ་བསྟོད་པ་དང༌། སློབ་དཔོན་བྲམ་ཟེ་ཆེན་པོའི་ཞལ་ནས་ཀྱང༌། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང༌། །དེས་ནི་ལམ་མཆོག་རྙེད་པར་མི་འགྱུར་ཏེ། །འོན་ཏེ་སྙིང་རྗེ་ཞེས་པ་དང༌། དཔལ་ལྡན་ཕག་མོ་གྲུ་པའི་གསུང་གིས་ཀྱང༌། སྙིང་རྗེ་ནི་དེ་བཞིན་གཤེགས་པའི་སྙིང་པོར་བཞེད་པ་དང༌། ཆོས་ཀྱི་རྗེ་ཉིད་ཀྱི་ཐུགས་ཉམས་སུ་མྱོང་བས་ཀྱང༌། སྙིང་རྗེ་ཆེན་པོས་མཛེ་ནད་སོས་པར་གྱུར་པས། བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་བྱ་གསུངས། དེ་ལ་ཡང་འདིར་སེམས་དང༌། སེམས་ལས་བྱུང་བ་བགྱི་བ་ལགས་ཏེ། སེམས་དེ་ནི་བྱང་ཆུབ་ཀྱི་སེམས་ལགས། དེ་ལས་བྱུང་བའི་ལུས་ངག་ཡིད་གསུམ་བཀོལ་བ་ཡིན་པས། དེ་ལ་ཡང་ཞིང་བསམ་པ་དངོས་པོ་གསུམ་འཛོམ་པའི་རྟེན་འབྲེལ་གྱིས་འབྲས་བུ་མངོན་སུམ་འབྱུང་ལ། འདིར་ཞིང་དཀོན་མཆོག་གསུམ་ལས། སངས་རྒྱས་ཡིན་ཏེ། དེ་ཡང་སྐུ་གསུམ་དང་ལྡན་པའོ། །ཆོས་ཀྱི་སྐུ་དག་པ་གཉིས་དང་ལྡན་པ། ལོངས་སྤྱོད་རྫོགས་པའི་སྐུ་དེའི་ཡོན་ཏན། སྤྲུལ་པའི་སྐུ་དེའི་བྱེད་པའི་ལས་ཡིན་ལ། ཕྲིན་ལས་དེས་འགྲོ་བ་བདེ་ལ་འགོད་དེ། དེ་ལ་ཡང་ལམ་དང་ལམ་གྱི་རྟེན་ལ་འགོད་པ་གཉིས་ཡིན། རྟེན་ལ་འགོད་པ་ནི་ཐབས་ལ་མཁས་པས་འབྲེལ་པ་འཇོག་པ་ཡིན་ཏེ། དེ་ཡང་ད་ལྟ་ངའི་དྲུང་དུ་ཟན་གཅིག་གི་ཆེད་དུ་བྱང་ཆུབ་ཀྱི་སེམས་ཀྱི་རྗེས་སུ་འབྲངས་ནས་རབ་ཏུ་བྱུང༌། དེ་ནས་ལྷན་པ་དང་ནས་ཁྱེར་ནས་རང་གི་ཡུལ་དུ་ཕྱིན་ནས་བབས་པས་དམྱལ་བར་འགྲོ་སྟེ། དམྱལ་བའི་གནས་སུ་ཆོས་ཀྱི་རྒྱལ་པོ་གཤིན་རྗེས། ཁོ་ལ་ཁྱོད་ཀྱིས་སྔོན་མིར་གྱུར་པ་ན། རབ་ཏུ་བྱུང་བ་རྙེད་ནས་བབས་པ་དང༌། ནས་དང་ལྷན་པ་ཁྱེར་བ་ལ་སོགས་པ་སྨྲས་པ་དང༌། དེ་ནས་ཁོ་ངོ་ཚ་ཞིང་འགྱོད་པར་གྱུར་ནས། སྡུག་བསྔལ། དེ་ལ་བརྟེན་ནས་བླ་མ་དྲན། བླ་མ་དེས་ང་ལ་མཛད་རྒྱུ་འདི་ལས་མེད། ང་བླ་མ་དེའི་དྲུང་དུ་ཚུལ་ཁྲིམས་བསྲུང་ཞིང་ཆོས་མི་བྱེད་པ་སྙམ་ནས་མོས་གུས་སྐྱེས་པས། གོང་གི་ཆད་དང་འབྲེལ་དེས་ང་འབུ་སེམས་ཅན་དམྱལ་བའི་གནས་སུ་ཡེར་གྱིས་འོང་སྟེ། ངས་སེམས་ཅན་དེ་ལ་ཆོས་བསྟན་པས། དེ་གནས་དེ་ནས་ཚེ་འཕོས་ནས། ང་འབུ་གར་འདུག་པའི་ལྷའམ། མིའི་གནས་ལ་སོགས་པར་སྐྱེ་བར་འགྱུར་བ་ཡིན། སྟོན་པའི་གསུང་རབ་ཏུ་ཡང༌། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ནས་ཡུམ་གྱི་ལྷུམས་སུ་འཇུག་པ་ན། འོད་ཟེར་བཀྱེས་པས་ངན་འགྲོའི་གནས་ཐམས་ཅད་སྣང་བར་བྱས་ནས། འོད་དེ་གང་གིས་མཐོང་བ་དང༌། གང་ལ་རེག་པ་ཐམས་ཅད་ངན་འགྲོའི་གནས་དེ་ནས་ཚེ་འཕོས་ནས། ལྷ་དང་མིའི་གནས་སུ་སྐྱེ་བར་བྱས་པ་དེ་ལྟ་བུ་ནི་ལམ་གྱི་རྟེན་ལ་འགོད་པ་ཡིན། ལམ་ལ་འགོད་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེས་འོད་ཟེར་དེ་ལྟ་བུ་བཀྱེས་ནས། ཡུམ་གྱི་ལྷུམས་སུ་ཞུགས་ཤིང༌། བལྟམས་པ་ནས་སངས་རྒྱས་པའི་བར་དུ་གྱུར་ཏེ། ལྷ་དང་མི་རྣམས་ལ་ཆོས་བསྟན་པས། ས་བརྒྱད་ལ་གནས་པའི་བྱང་ཆུབ་སེམས་དཔའ་མན་ཆད་ཀྱི་མངོན་པར་རྟོགས་པ་རྒྱུད་ལ་བསྐྱེད་པ་དེ་སངས་རྒྱས་དཀོན་མཆོག་ཡིན། ཆོས་དཀོན་མཆོག་ནི་འདིར་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཡིན། འདི་ལ་སྐྱབས་སུ་སོང་བས་གནས་སྐབས་ཀྱི་སྡུག་བསྔལ་ཐམས་ཅད་ཞི་ནས་འཚང་རྒྱ་སྟེ། ང་འདི་ལ་སྐྱབས་སུ་སོང་བས་ནད་ཀྱིས་མ་ཐུབ། དེ་བས་ན་བླ་མ་ཤེས་དགོས་ལ། སློབ་མ་ཡང་ཤེས་དགོས་པ་ཡིན། དགེ་འདུན་དཀོན་མཆོག་ནི། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་འདྲེས་པར་ཉམས་སུ་ལེན་པ་ལ་ཟེར་བས་ན། དེ་རྣམས་ནི་ཞིང་ཡིན། བསམ་པ་ནི་བྱང་ཆུབ་ཀྱི་སེམས། དངོས་པོ་ནི་སེམས་ལས་བྱུང་བའི་ལུས་ངག་གི་ལས་ཡིན་ཏེ། ཁྱེད་ཀྱིས་པང་ཤིང་ཁུར་གཅིག་བླངས་པ་དེ་དཀོན་མཆོག་གསུམ་དང་མཉམ་མི་མཉམ་བརྟག་པ་མཛོད། དེ་བཞིན་དུ་རང་གི་བསམ་པ་བྱང་ཆུབ་ཀྱི་སེམས་དང༌། དགེ་འདུན་རྣམས་དང་མཉམ་པར་འགྲོ་བས་བསོད་ནམས་ཀྱི་ཚོགས་གསོག་པ་ལ་འབད་པར་བྱ་གསུངས།།

ཡང་འཇིག་རྟེན་མགོན་པོ་རིན་པོ་ཆེ་འབྲི་གུང་པའི་ཞལ་སྔ་ནས། དེ་ལ་འདིར་འཇིག་རྟེན་མགོན་པོ་དཔལ་ལྡན་ཕག་མོ་གྲུ་པའི་ཆོས། དེ་བཞིན་གཤེགས་པའི་སྙིང་པོ་སྙིང་རྗེ་ཡིན་བགྱི་བ་འདི་གཅོལ་རེ་ཆུང༌། གཅིག་ལ་ནོར་རེ་ཆེ་གཅིག་བྱུང་སྟེ། བླ་མ་མཚན་ཉིད་དང་ལྡན་པ་ཞིག་གིས་རང་ལ་ཡོད་པ་ངོ་སྤྲོད་པ་མ་གཏོགས་པ་གཞན་མེད་དེ། སྟོན་པ་དེ་བཞིན་གཤེགས་པས་མདོ་སྡེ་གཏན་ལ་ཕབ་པར། དེ་བཞིན་གཤེགས་པའི་སྙིང་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དུ་གསུངས་ནས་འདུག་སྟེ། དེ་སྔ་ཕན་ཆད་གསུངས་པ་ཡིན། དེ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དུ་གསུངས་པ་དེ་སེམས་ཅན་རྣམས་ཀྱི་འདུག་ལུགས་ཡིན། དེ་ཤེས་ཤིང་ཉམས་སུ་བླངས་པས། དེའི་ངོ་བོར་སངས་རྒྱས་པའི་གནད་འདི་གོ་དགོས། དེ་ལྟར་དུ་གྱུར་ཙ་ན། དེ་བཞིན་གཤེགས་པའི་སྙིང་པོ་ཕྱོགས་གཅིག་ཏུ་བྱམས་པ་སྙིང་རྗེ་ཡིན། དེ་རྒྱས་པར་ཕྱེ་ན་དགེ་བ་མཐའ་དག་ལ་ཟེར་བས། འདི་ལྟ་བུའི་དོན་སྟོན་པར་བྱེད་པས་སྟོན་པ། དེ་ལྟ་བུ་མངོན་སུམ་དུ་ཤེས་ཤིང་རྟོགས་པས་ཐམས་ཅད་མཁྱེན་པ། དེ་གང་གི་རྒྱུད་ལ་ཡོད་པ་སད་པར་བྱེད་པས་ན། སད་པར་མཛད་པའི་མགོན་པོ་ཞེས་ཟེར་བ་ཡིན་གསུངས། དེ་ལ་མཁས་པ་ཁ་ཅིག་ནི་དོན་སྤྱི་བསྒོམ་པས་དོན་རང་གི་མཚན་ཉིད་མངོན་དུ་འགྱུར་བར་འདོད་དེ། དེ་འདྲ་ནི་རྗེ་དཔལ་ལྡན་ཕག་མོ་གྲུ་པས་མི་བཞེད་པས། དེ་ལྟར་ཡང་ཞལ་སྔ་ནས། བསྒོམས་པའི་ཤུགས་ལས་སངས་རྒྱས་ཀྱི། །ཡོན་ཏན་རྒྱ་མཚོ་འོང་ཟེར་ན། །སོལ་བ་བརྡར་བར་གྱུར་པ་ལ། །དུང་མདོག་དཀར་པོ་འདོད་པ་ནི། །ཕྱོགས་ཆོས་ཁྱབ་པའི་རྗེས་འབྲངས་ནས། །རི་བོང་ར་ཡི་གཉེར་མ་དག ། བསྐལ་པ་དུ་མར་བགྲང་བ་ཡིན། །ཞེས་གསུངས་པས། བསྒོམས་པ་ལས་ཡོན་ཏན་སྐྱེ་བར་མི་བཞེད་དོ། །ཡང་འགའ་ཞིག་ན་རེ། ཕྱག་རྒྱ་ཆེན་པོ་སྐྱེ་བ་དཀའ་ཞེས་ཟེར་ཏེ། ངོ་སྤྲོད་མ་ཤེས་པ་ཡིན། བླ་མ་ལ་ཡང་རྟོགས་པ་མེད་པ་དང༌། རྒྱུས་ཆུང་བས་ལན་པ་ཡིན། ཞི་གནས་ལ་ལྷག་མཐོང་གི་ངོ་སྤྲོད། ལྷག་མཐོང་ལ་ཞི་གནས་ཀྱིས་ངོ་སྤྲོད་བྱས་ན། དེ་ནི་ཚ་རེག་ལ་གྲང་རེག་གིས་ངོ་སྤྲོད་བྱས་པ་དང༌། གྲང་རེག་ལ་ཚ་རེག་གིས་ངོ་སྤྲོད་བྱས་པ་ལྟ་བུ་ཡིན་ལ། ངོ་སྤྲོད་ཤེས་ན་ནི་རང་སེམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ཡོད་པ་དེ་ངོ་སྤྲད་པས། སྔར་འདྲེས་ཀྱི་མི་དང་འཕྲད་པ་བཞིན། །རང་སེམས་རང་ངོ་རང་གིས་ཤེས། །ཞེས་གསུངས་པས། དེ་ལྟར་ན་སྒོམ་རང་ལ་ཡོད་པ་ལ་དཀའ་རྒྱུ་ཅི་ཡོད། ཟན་ཟ་བ་བས་ཀྱང་ཕྱག་རྒྱ་ཆེན་པོ་སླ་བ་ཡིན་གསུངས།།

ཡང་རྗེ་འགྲོ་བའི་མགོན་པོ་རིན་པོ་ཆེ་འབྲི་གུང་པའི་ཞལ་སྔ་ནས། དེ་རིང་ང་འབུས་ཁྱེད་ལ་བླ་མ་རིན་པོ་ཆེའི་གསུང་ཚིག་གཅིག་སྙན་དུ་གསོལ་བས། དེ་ལ་རྗེ་དཔལ་ལྡན་ཕག་མོ་གྲུ་པ་དེའི་ཞལ་སྔ་ནས། དེ་བཞིན་གཤེགས་པའི་བཀའ་ཐམས་ཅད་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་རྣམ་པ་གསུམ། སྡེ་ཚན་དྲུག་ལ་སོགས་པ་ཐམས་ཅད་ཁོ་བོས་བྱང་བུ་ལོགས་གཅིག་ཏུ་འདུས་པར་གཟིགས་ཏེ། དེ་ཡང་བསྒོམ་པ་ལས་བྱུང་པ་ཡིན་གསུངས། དེ་ཡང་གང་ཡིན་ན། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདི་ལྟར་སེམས་ནི་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་གསུངས་པའི་གསུང་འདིར་འདུས་པ་ཡིན། དེ་ལ་སེམས་མེད་པ་གང་ཞེ་ན། གང་འདོད་ཆགས་དང་མི་ལྡན་མ་བྲལ། གང་ཞེ་སྡང་དང༌། གཏི་མུག་དང་ཡང་མི་ལྡན་མ་བྲལ་བ་ཡིན་ཏེ། དེ་ནི་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པའོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པའོ། །ཞེས་གསུངས་པ་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ། དེ་ལ་སེམས་མེད་པ་བསམ་གྱིས་མི་ཁྱབ་པའོ་ཞེས་གསུངས་པ་ལགས། དེ་ལ་ཤེས་རབ་སྙིང་པོ་ལྟ་བུ་ཕྱོགས་གཅིག་གི་དབང་དུ་བྱས་ན། ཆོས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་པའི་སྙིང་པོའི་ཚིག་དེ་ལྟ་བུ་ཆ་གཅིག ཆོས་དེ་སྟོན་པའི་སྟོན་པ། སྤངས་རྟོགས་ཕུན་སུམ་ཚོགས་པར་སྟོན་པ་དེ་ཆ་གཅིག བྱ་རྒོད་ཕུང་པོའི་རི་ལ་སོགས་པའི་གནས་དེ་ཆ་གཅིག དགེ་སློང་གི་དགེ་འདུན་དང་བྱང་ཆུབ་སེམས་དཔའི་དགེ་འདུན་འདི་སྙེད་གཅིག་ཅེས་བྱ་བར་སྟོན་པ་དེ་ཆ་གཅིག དུས་དེ་རྣམས་ཚོགས་པའི་དུས་དང་རྣམ་པ་ལྔ་ཡིན་ཏེ། དེ་ལྟར་ཕུན་སུམ་ཚོགས་པ་རྣམ་པ་ལྔར་འདུ་བ་ཡིན་གསུངས། དེ་ལ་དེ་གཅིག་པུར་མ་ཟད། དོན་དམ་པ་སྟོང་པ་ཉིད་སྟོན་པ་དང༌། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ཏིང་ངེ་འཛིན་མི་འདྲ་བ་རྣམས་ཀྱིས་ཆོས་རྣམས་ཀྱི་སྒོ་ཐ་དད་པ་མི་འདྲ་བ་མང་པོ་སྟོན་པར་འགྱུར་བས། མདོར་ན་དེ་རྣམས་ཀྱང་ཕུན་སུམ་ཚོགས་པ་ལྔས་བསྡུས་པ་ཡིན་ཏེ། འདིར་རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་ལ་མཚོན་ན། ཆོས་སྙིང་རྗེ་ཆེན་པོ། སྙིང་རྗེ་དེ་སྟོན་པར་བྱེད་པའི་ཚུལ་ཡང་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཁོར་སྙིང་རྗེ་ཆེན་པོ་དེ་ཉིད་དང་ལྡན་པར་སྐྱེས་པ་ཐམས་ཅད། གནས་ནི་རི་གྲུ་འཛིན་ནམ། རི་བོ་ཏ་ལ་སྟེ། སྙིང་རྗེ་དེས་དབང་དུ་བྱས་ཤིང་དེ་ལས་གྲུབ་པའི་གནས། དུས་ནི་དེ་རྣམས་ཚོགས་པའི་དུས་ཡིན་ཏེ་རི་བོ་ཏ་ལ་འམ། འོག་མིན་ཡང་ལོགས་ན་མེད་པས། སྙིང་རྗེ་ཆེན་པོ་སྐྱེ་བ་གལ་ཆེ། སྙིང་རྗེ་དེ་ལ་ཡང་སྙིང་རྗེ་དང་གཅིག སྙིང་རྗེ་ཆེན་པོ་དང་གཉིས། ཉེ་བར་ཞི་བའི་སྙིང་རྗེ་དང་གསུམ་ཡིན། དེ་ཡང་ཚད་མེད་པའི་སྙིང་རྗེ་ཡིན་ཏེ། འདིར་དམིགས་པ་མེད་པའི་སྙིང་རྗེ་དེ་སྟོན་པར་བྱེད་པའི་དུས་སུ། ཞིང་བསམ་པ་དངོས་པོ་གསུམ་གྱི་རྟེན་འབྲེལ་ལས་བྱུང་བ། མེ་ཏོག་གཅིག་གིས་ཀྱང་དེའི་ཆོས་སྟོན་ནུས་པའི་ཕྲིན་ལས་འབྱུང་སྟེ། དུས་དེ་ནི་སྙིང་རྗེ་ཆེན་པོའི་དུས་ཞེས་བྱ། དེ་ཡང་ཚུར་ཉེ་བར་བཅར་ནས་གཏན་ལ་འབེབས་ན། བྱང་ཆུབ་སེམས་དཔའ་ཆེན་པོ་མེ་ཏོག་ཟླ་མཛེས་བཞིན་དུ། རི་ཁྲོད་པ་རྣམས་ཀྱིས་ཀྱང༌། ཕུན་སུམ་ཚོགས་པ་ལྔ་བསྒྲུབས་ན། སྐྱོན་འདག་ཅིང་ཡོན་ཏན་རྫོགས་པར་འགྱུར་ཏེ། ཀུན་ཏུ་བཟང་པོའི་ནགས་ཁྲོད་ལྟ་བུའི་གནས། བྱང་ཆུབ་སེམས་དཔའ་གཟུངས་ཐོབ་པ་ལྟ་བུའི་འཁོར། བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་ལྟ་བུའི་སྟོན་པ་རང་ཉིད། ཏིང་ངེ་འཛིན་གྱི་རྒྱལ་པོ་ལྟ་བུའི་ཆོས། དེ་རྣམས་འཛོམ་པའི་དུས་དང་རྣམ་པ་ལྔར་བསྒྲུབ་ཤེས་ན། ཅི་འདོད་པའི་དངོས་གྲུབ་དཀའ་བ་མེད་དེ། བཅུ་ཆོས་དང་སུམ་ཆོས་ཀྱང་མི་ཟབ། ཆོས་འདི་ཁོ་ན་ཟབ་པས་ཐུགས་ལ་ཞོག་གསུངས།།

ཡང་འཇིག་རྟེན་མགོན་པོ་རིན་པོ་ཆེ་འབྲི་གུང་པའི་ཞལ་སྔ་ནས། དེ་རིང་ནི་རླབས་པོ་ཆེའི་ཚིག་ཡ་ཟུང་ཞིག་སྙན་དུ་གསོལ་བས། འདི་ཐུགས་ལ་བཞག་ནས་རང་ཉིད་ཀྱང་ཉམས་སུ་བླང༌། གྲོགས་མཆེད་སྙིང་ཉེ་བ་རྣམས་ལ་ཡང་ཤུབ་སྟེ་བཟླ། གལ་ཏེ་འགྲོ་བ་ལ་ཕན་པ་བསྒྲུབ་པར་འདོད་ན། དང་པོ་ཁོང་རང་ལ་བསྙེན་པ་གྱིས་བྱ། དེ་ལ་ང་འབུས་སྒོམ་གསལ་ཁམས་སུ་བཏང་ནས། ཁོས་བྱ་བྱེད་རྣམས་ལེགས་པ་བསྒྲུབས་པས་ཕན་པ་དང་བདེ་བ་སྒྲུབ་པ་ལ། བསྙེན་པ་དང་བསྒྲུབ་པ་མེད་པས་ཁོ་རང་ཤི་བར་གྱུར་པ་ཡིན་པས། དེ་ལ་ཉེས་པ་སྣ་ཚོགས་པ་འབྱུང༌། ཉེ་བའི་ས་ཕྱོགས་དེ་དག་ཏུ་རང་གཞན་ལ་ཕན་པ་བསྒྲུབ་པར་འདོད་པས། དང་པོ་བྱམས་པ་བསྒོམ། དེས་ཕན་བདེ་རྒྱ་ཆེན་པོ་འབྱུང་སྟེ། དེ་ཅི་ཙམ་བྱུང་བ་ཙམ་དུ་གྲིབ་དང་ཉེས་པ་ཐམས་ཅད་རང་ལ་དཔུངས་ཀྱིས་འོང་བ་ཡིན། དེ་མི་འོང་བའི་ཐབས་ནི། བྱམས་པ་དང་སྙིང་རྗེ་དང༌། ཡི་དམ་གྱི་ལྷ་དང༌། གང་ཡང་རུང་སྟེ། དེ་ལ་ཡང་བསྙེན་སྒྲུབ་གཉིས་དགོས། དེ་ལ་སྤྱིར་གསང་སྔགས་ཀྱི་རྒྱུད་དུ་ཇོ་བོ་ཐུགས་རྗེ་ཆེན་པོ་ལྟ་བུ་གཅིག་ལ་ཡང༌། བསྙེན་པ་བྱེད་པའི་ཐབས་གྲངས་དང༌། རྟགས་དང་མཚན་མས་བསྙེན་པ་བྱེད་དགོས་ཏེ། དེ་ལ་ཡང་གྲངས་གཙོ་བོར་གྱུར་པ་ཡི་གེ་གྲངས་ཀྱི་བསྙེན་པ་འབུམ་ཚོ་ལ་སོགས་པ་བྱ། འདི་ལ་ཡང་ལྷ་དེ་མ་གསལ་ན་སྔགས་ཀྱི་གྲངས་སུ་མི་གཞུག་པར་གསུངས་པས། གྲངས་དེ་ཚོད་ཙམ་གྱིས་བརྟན་པ་ཐོབ་རྒྱུ་ཞིག་ཡོད་པར་འདུག དེ་ལྟར་བྱས་པས་རྟགས་དང་མཚན་མ་མང་པོ་འབྱུང༌། དེ་བྱུང་བ་དང་སྒྲུབ་པ་བྱ། དེས་ཕྲིན་ལས་ཐམས་ཅད་འགྲུབ་པ་ལ་ཚེགས་མེད། ཕྲིན་ལས་ཕྲན་ཚེགས་ཀྱི་སྒྲུབ་པ་ལ་གྲོགས་མེད་པས་མི་བྱ། དེ་བཞིན་གཤེགས་པས་གསུངས་པའི་ཟས་བསོད་སྙོམས་ལ་བརྟེན་ནས་དགོས་པར་བསླབ་པ་གསུམ་ཉམས་སུ་བླངས་པས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྤྱན་གྱིས་གཟིགས་ནས། ཇི་ལྟར་འདོད་པའི་དངོས་གྲུབ་སྟེར་བ་ཡིན་པས་བསྒྲུབ་པ་བྱ་གསུངས།།

ཡང་ཆོས་ཀྱི་རྗེ་འགྲོ་བའི་མགོན་པོ་འབྲི་གུང་པའི་ཞལ་སྔ་ནས། ང་འབུ་སྔོན་འཇིག་རྟེན་མགོན་པོ་ཕག་མོ་གྲུ་པའི་ཞབས་དྲུང་ན་ཡོད་པའི་དུས་སུ། ཞལ་སྔ་ནས་ཆོས་གསུང་བ་ཐམས་ཅད་ཀྱང་ངོ་སྤྲོད་འབའ་ཞིག་ཏུ་འབྱོན་པར་འདུག་པས། འོ་ན་དེ་ཡང་རང་ལ་ཡོད་པའི་འདི་ཡིན་སྙམ་པའི་ངེས་པའི་ཤེས་པ་བྱུང་ནས། ཕ་འདི་ལྟ་བུ་ལ་བུ་ང་རང་འདྲ་བ་དགོས་པ་ཡིན་མོད་སྙམ་པ་བྱུང་བ་ལ། དེ་རིང་གྲགས་འབྱུང་ན་རེ། ཁྱེད་ཀྱིས་ཚོགས་སུ་ཆོས་སྨྲས་པ་དེ་དག་ཐམས་ཅད་ལ། དགེ་འདུན་རྣམས་ལ་དེ་རང་དུ་མྱོང་བ་སྐྱེ་བ་ཡིན་ཟེར་བས། ཁོའི་ཚིག་དེ་བདེན་རུང་མི་བདེན་རུང་བདེན་དུ་གཞུག་གོ །དེ་ལ་སྤྱིར་མོས་གུས་དང་ལྡན་པའི་སློབ་མས་བླ་མའི་གསུང་ཚིག་རེ་རེ་ལ་ཡང་མྱོང་བ་སྐྱེ་བར་འདུག་གོ །གཉིས་པ་གྲོགས་དང་གནས་དང་རྫས་ལ་སོགས་པ་རྣམས་ལ་བརྟེན་ནས། ཏིང་ངེ་འཛིན་འབྱུང་བ་ལ་སོགས་པ་མཐའ་མེད་པ་གསུང་བ་ཡང་འདུག་སྟེ། ཚོགས་སུ་གསུངས་པ་ཡིན་ཡང་ཕག་ཏུ་ཟློས་མི་ཕོད། འོ་ན་དེ་གང་ཡིན་ན་དངོས་པོ་ཁོ་ནའི་ཆེ་བའི་ཡོན་ཏན་ཆབ་ཚ་འཐུངས་པས། གཏུམ་མོ་ཡེ་ཤེས་ཀྱི་མེ་འབར་ནས་ཏིང་ངེ་འཛིན་གསལ་བར་གྱུར་པ་ཡིན་གསུངས་ཏེ། དེའི་རྒྱུ་མཚན་ཕྱིས་གོ་བ་བྱུང་ལ། རི་ཁྲོད་དུ་ཡང་ཏིང་ངེ་འཛིན་དེའི་རྒྱུན་སྲིངས་པས་ཡོན་ཏན་མ་ལུས་པ་ཐམས་ཅད་འབྱུང་སྟེ་དེ་སྤྱི་བྱེ་བྲག་ཏུ་བྱས་ན། མི་ཉག་རིན་ཆེན་དབང་ཕྱུག་གིས་ཞུས་པའི་ཆོས་ལ། སྤྱིར་རང་ཉིད་དམ་སློབ་དཔོན་ནམ་གྲོགས་པོའམ། གཞན་ཡང་རུང་སྟེ། ཉེ་གནས་སམ་སློབ་མ་ཞབས་ཏོག་བྱེད་པར་གྱུར་པ་ཡོད་ལ། དེ་ལ་ཡང་རང་ཉིད་ཀྱིས་ཕན་མི་འདོགས་པར་དྲུང་དུ་བསྡད་ན་བསྡད་ཐེས་མེད། གཞན་དུ་འགྲོ་བར་གྱུར་ན་དུག་མདའ་གཏོང་བར་བྱེད་ན་བླ་མ་མཚན་ཉིད་དང་མི་ལྡན་པ་ཡིན། ཡང་སློབ་དཔོན་ནམ་གྲོགས་པོའམ། ཆོས་དང་མཐུན་པ་དེ་དག་ལ་ཕྱག་འཚལ་བ་དང༌། བསྙེན་བཀུར་བྱེད་དུ་འགྲོ་བ་ལ་ཡང༌། འགྲོ་ན་འགྲོར་མི་སྟེར་ན། སློབ་མ་བསྐྱང་མ་རན་པ་ཡིན་ཏེ་མདོར་ན་རང་ཉིད་ཀྱི་བསམ་པ་ལ་དྲིས་ལ། རང་ཉིད་ཀྱིས་ཕན་པ་དང་བདེ་བ་བསྒྲུབ་པར་ནུས་ཤིང༌། གནོད་པ་ལས་སྐྱོབ་པར་གྱུར་ན་བླ་མ་ཡིན། སློབ་མ་ལ་སོགས་པ་གཞན་དུ་ཤོར་དོགས་པའི་བསམ་པ་ཡོད་ཀྱང་ཕན་བདེ་བསྒྲུབས། གནོད་པ་ལས་བཟློག་ན་ཤོར་བའི་དོགས་མེད་ལ། གནོད་པ་བསྐྱལ་ནས་ཕན་མ་བཏགས་ན་ནི། ཁྱེད་འགྲོ་ན་ནི་དམ་ཉམས་ཡིན། རྒྱུད་འཁྲུལ་ཡིན། ཁྱོད་དང་འབྲེལ་པ་མེད་བྱས་ཀྱང་མི་ཕན། ཁོ་འགྲོ་བར་འོང༌། དེ་ལ་དེ་ལྟ་བུའི་སློབ་མ་རང་ཉིད་ཀྱིས་བསྐྱང་བར་བྱ་བ་ལ། ནད་དང་སྡུག་བསྔལ་ལ་སོགས་པ་བྱུང་ན། བཅོས་ནི་བྱེད་དགོས། བྱ་བའི་ཚུལ་ལུགས་ཇི་ལྟར་བྱ་སྙམ་ན། ཁྱི་དང་ཤ་བ་འཐབ། རྔོན་པ་ཉི་མ་ལྡེ་བྱ་བ་དང་འདྲ། འདིར་བྱང་ཆུབ་ཀྱི་སེམས་དང༌། བསོད་ནམས་ཀྱི་ཚོགས་གསོག་པ་དང༌། རང་གི་དགེ་སྦྱོར་བྱེད་དུ་གཞུག དམིགས་པ་སྒོམ་པ་འདི་ལ་བཀའ་རྒྱ་ཡང་ནས་ཡང་དུ་མཛད་པར་གདའ་བས། གཉིས་ཙམ་མིན་པ་བྱེད་མ་མྱོང༌། དེ་ཡང་ལན་གཅིག་སྒོམ་ཤེའི་ཕ་དེ་ལ་མིས་མདའ་རྒྱབ་པས། མདེའུ་ལུས་ནས་ཟུག་ཟེར་ཆེན་པོ་བྱུང་བ་ལ། ཕྱི་ནུབ་ཞེ་སྡང་ཅུང་ཟད་ཅིག་སྐྱེས་པ་དང་ཨེན་གཅིག་ལེགས། ཕྱིས་སྨན་པས་བལྟས་པས་མདེའུ་འདུག་པས་ཕྱུང་བ་དང་འདྲ་བ་ཡིན། དེ་བས་ན་བྱེད་དུ་མི་བཏུབ་པ་ཡིན། དེ་ལྟར་ཡིན་པ་ལ། དེ་མཁན་སློབ་རྣམ་པ་ལ་མི་བྱེད་ཁ་མེད་བྱུང་སྟེ། དེ་ཡང་མཁན་སློབ་ལ་འབག་པར་གདའ་བས། དགེ་བཤེས་སྟོན་འཇམ་ལ་སློབ་དཔོན་གྱིས་གསུང་སྐད། འདི་ལ་རྗེ་རིན་པོ་ཆེ་འབག་པར་གདའ་བས་མི་བྱེད་པར་ཞུ་ཞུས་པས། ཅིས་ཀྱང་བྱིན་གྱིས་བརློབ་པ་ཡིན་གསུངས། དེའི་རྒྱུ་མཚན་ཡུལ་ཕ་རོལ་ལ་དམིགས་པ་གཏད་པས། སེམས་གཉིས་མེད་པའི་གནད་ཀས། ཡུལ་དེའི་ནད་དང་སྡུག་བསྔལ་ལམ། ཉེས་པ་ཐམས་ཅད་ཞི་བར་བྱེད་པའི་མཐུ་ཡོད་ཀྱང༌། ཚུ་རོལ་གྱི་སོབ་སྟོང་པར་ལུས་པ་དེར། ནད་དང་གནོད་པ་དང་མི་མ་ཡིན་པ་རྣམས་ཞུགས་ནས། ནམ་ཏིང་ངེ་འཛིན་དེ་བཏང་བ་དང་གནོད་པ་མང་པོ་འབྱུང་བ་ཡིན་ནོ། །འོ་ན་དེ་མི་འབྱུང་བར་ཅི་ཙུག་བྱེད་སྙམ་ན། འདི་ཡིན་གསུངས་པས། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ལུས་ཡི་དམ་དུ་བསྒོམས་ནས། རང་ཉིད་ཏིང་ངེ་འཛིན་དེ་ལས་མ་ཡེངས་པར་བྱེད་པ་ཡིན། གཏོར་མ་དང་སེམས་བསྐྱེད་ལ་སོགས་པ་སྦྱོར་བའི་ཆོས་བྱས་ནས། དུས་སུ་སྦེད་དུ་འཇུག་པ་ཡིན་ཏེ། ན་ནིང་སྔོན་ང་འབུ་ཡང་ཁམས་ངན་པ་ལ་དེ་བཞིན་དུ་བྱས་པས་ཁམས་བདེ་བར་བྱུང༌། དེ་ལ་རང་ཉིད་ཁམས་ནི་ངན། དམིགས་པ་མ་གཏད་ན་ནི་སློབ་མ་ལ་མི་ཕན། ཆོ་ག་ཁྱད་དུ་བསད་པར་ཡང་འགྲོ། གཏད་ན་ནི་གྲིབ་འབྱུང་བར་འགྱུར་བ་ཡིན་ཏེ། ལར་ནི་སློབ་མའི་བྱ་བ་ཞིག་བསྒྲུབ་ནི་དགོས་པས། དེ་ལ་ཉེས་པ་མི་འབྱུང་བ་དང༌། བྱུང་བ་སེལ་བ་ལ་ཚེགས་མེད་པ་ཡིན་གསུངས།།

ཡང་འཇིག་རྟེན་མགོན་པོ་རིན་པོ་ཆེའི་ཞལ་སྔ་ནས། འདི་ལྟར་ཆོས་བགྱི་བ་འདི་ཐམས་ཅད་མྱོང་བ་དང་འབྲེལ་པ་ཡིན་པས། གནད་རེ་རེ་གོ་བས་ཐམས་ཅད་གོ་བར་འགྱུར་བ་ཡིན་ཏེ། སྔོན་རྫ་མཁན་གཉིས་ཀྱིས་རྫ་བྱས་པ་དང༌། གཅིག་ཤེས་རབ་ཆེ། གཅིག་བརྩོན་འགྲུས་ཆེ་བས་དཀའ་སླ་དཔག་ཏུ་མེད་པའི་འཇམ་པོར་བྱས་པ་དང༌། གཉིས་པ་དེས་ཧེལ་ཀེ་ཆུར་བཅུག་པ་གཅིག་གིས་དུས་གཅིག་ལ་འཇམ་པོ་བྱུང་བ་དང་འདྲ་བ་ཡིན་པས། འདིར་མྱོང་བ་དང་འབྲེལ་བའི་ཆོས་དུམ་ཁྲིགས་ཅུང་ཟད་ཅིག་སྙན་དུ་གསོལ། དེ་ལ་སྤྱིར་སྒྲོ་འདོགས་གཅོད་པའི་ཡུལ་ལ་ཕྱི་ནས་སྒྲོ་འདོགས་གཅོད་པ་དང༌། ནང་ནས་གཅོད་པ་གཉིས་ཡིན། དེ་ལ་ཕྱི་ནས་སྒྲོ་འདོགས་གཅོད་པ་ལ་ཤིང་བུའམ་རྡེའུ་གཅིག་ལ། འདི་ཀུན་རྫོབ་ཡིན་ནམ་དོན་དམ་ཡིན་ཟེར་ནས་དོན་དམ་པའི་བྱེད་པ་དཔག་ཏུ་མེད་པ་དེའི་ཐོག་ཏུ་འབབ་པས། དེ་ལྟ་བུ་ལ་མཐའ་ཐུག་པ་མེད་པར་འགྱུར་ཏེ། ཕྱིའི་རྒྱ་མཚོ་ཆེན་པོ་ལ་སྣག་ཚ་བྱས། རྩི་ཤིང་དང་ནགས་ཚལ་ལ་སྨྱུ་གུར་བྱས་ནས་བྲིས་ཀྱང་ཟད་པར་མི་འགྱུར་ཏེ། སེམས་དགའ་བའི་དུས་སུ་གོ་བ་ཁྱད་པར་ཅན་སྐྱེ། སྡུག་བསྔལ་བའི་དུས་སུ་ཡང་གོ་བ་ཁྱད་པར་ཅན་རྙེད་པ་འབྱུང༌། གང་ཡང་ཡིད་ལ་མ་བྱས་ན་ཡང་དེའི་ཉམས་སུ་མྱོང་བ་འཆར་བ་ཡིན་ཏེ། སྔོན་གྱི་དུས་སུ་ཟངས་རིར་མ་ཇོ་ལབ་སྒྲོན་བྱ་བ་ཞིག་བྱུང་བ་ལ། ཁྱོ་གཅིག་ཡོད་པ་ནི་ཤི། ཕྲུ་གུ་མ་སོས་པས། བརྒྱད་སྟོང་པའི་ཀློག་ཅུང་ཟད་བྱས་ཀྱིན་ཕྲུ་གུ་གསོས་པ་ལ། ལན་གཅིག་གི་དུས་སུ་སྐྱེས་པ་ཞིག་སྙིང་དུ་སྡུག་པའི་རྣམ་པར་རྟོག་པ་ཞིག་སྐྱེས་པས། དེ་ནས་དེ་ཇེ་འཕེལ་ཇེ་འཕེལ་དུ་སོང་བས། དེར་སྡུག་པ་ལ་ཚུགས་པ་མེད་པ་བྱུང་བའི་དུས་སུ་ཁ་ནང་དུ་ལོག་ནས་བསམ་མནོ་བཏང་སྟེ། འདི་ཙམ་དུ་སྡུག་པ་འདི་ལ་བསམས་པས་ཇེ་སྡུག་ལ་འགྲོ་བར་འདུག་ད་ནི་སྡུག་པར་མི་བསམ་དགོས་སྙམ་ནས་རྟོག་པ་གཅིག་སྐྱུར་གཉིས་སྐྱུར། ཇེ་སྐྱུར་ཇེ་སྐྱུར་བཏང་སྟེ། སྡུག་པ་ཡིད་ལ་མ་བྱས་པས། དེ་ནས་བློ་ཇེ་བདེ་ཇེ་བདེ་ལ་སོང་སྟེ། དེའི་རྒྱུན་གོམས་པར་བྱས་པས། ཕ་རོལ་ཏུ་ཕྱིན་པ་དེ་ཉིད་ཀྱི་བདུད་ཀྱི་ལེའུ་ནས། ཡིད་ལ་མི་བྱེད་པ་དེ་ཉིད་ཀྱི་བཀའ་སྩལ་རྒྱ་ཆེར་གསུངས་པ་དེའི་དོན་གོ་བར་བྱུང་ནས། དེ་རང་ཆོས་ཡིན་སྙམ་པར་བྱུང་སྟེ། དེར་ཐུལ་པ་གོག་པོ་གཅིག་ཡོད་པ་དེ་ནུབ་མོ་ཕྲུ་གུ་ལ་བཀབ་ཅིང༌། སྒྲེན་མོར་བསྒོམས་པས། འཁྲུལ་ཞིག་མར་གྲགས་ཤིང་གྲུབ་ཐོབ་མར་གྱུར་པ་ལགས་ཏེ། ད་ལྟ་གཅོད་ཡུམ་ཞེས་པར་གྲགས། གཅོད་པ་ཐམས་ཅད་ཀྱི་ཁུངས་དེ་ཡིན། དེ་ལྟར་ན་མྱོང་བ་དང་འབྲེལ་བ་ཞིག་དགོས་པ་ལགས་སོ། ཡང་བྱང་ཟླ་ཤོད་དུ་མི་ཞིག་གིས་གཡག་གུ་ཞིག་ཁྲིད་པས་མ་ཐུབ་ནས། ཡ་ར་ཡ་ར་ཞེས་བྱས་ཤིང་བྲིད་དེ་འཐེན་ཀྱང་མ་ཐུབ་པས། ད་ནི་མི་ཐུབ་པར་འདུག དགོས་པ་ཅི་ཡོད་སྙམ་སྟེ། གཡག་དེ་བཏང་ནས། དེ་རང་དུ་བསྒོམས་པས། དེ་ལ་གྲུབ་ཐོབ་གཡག་སྒོམ་བྱ་བ་བྱུང་བ་དང༌། མདོ་སྨད་དུ་ཀ་སྒོམ་བྱ་བས། ཡི་གེ་ཀ་བསྒོམས་པས་དེ་གྲུབ་ཐོབ་དུ་གྱུར། རྒན་མོ་མཁའ་ལྡིང་བྱ་བ་ཡུངས་དཀར་ལ་དམིགས་པ་གཏོད་དུ་འཇུག་པས་ཏིང་ངེ་འཛིན་སྐྱེས། དེ་གྲུབ་ཐོབ་ཏུ་སོང་བ་ལ་སོགས་པའི་གདམས་ངག་དཔག་ཏུ་མེད་པ་ཡོད། དེ་དག་ཀྱང་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ཡིན། ཡིད་ལ་མི་བྱེད་པ་དེ་ཕྱག་རྒྱ་ཆེན་པོ་ཡིན་ཏེ། དེ་ལྟར་ཡང༌། སློབ་དཔོན་ཆེན་པོ་བྲམ་ཟེའི་ཞལ་ནས་ཀྱང༌། ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོའི་སྐུ། འབྲས་བུ་གང་ལའང་རེ་བ་མ་བྱེད་རྣལ་འབྱོར་པ། །ཞེས་གསུངས་པས། ཕྱག་རྒྱ་ཆེན་པོ་དོ་ཧ་ལ་སོགས་པ་ཐམས་ཅད་ཀྱི་དགོངས་པ་མཐར་ཐུག་དེ་ཡིན་པས་ན། མདོར་བསྡུས་ན་སེམས་ཡིད་ལ་མི་བྱེད་པ་དེ་རྟོགས་པས། སྒྲོ་འདོགས་ཐམས་ཅད་ཆོད་པར་འགྱུར་བ་ཡིན་གསུངས།།

ཡང་འཇིག་རྟེན་མགོན་པོ་འབྲི་གུང་པའི་ཞལ་སྔ་ནས། འདི་ལྟར་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་བྱ་སྙམ་པའི་བྱང་ཆུབ་ཀྱི་སེམས་དེས་ཁྱད་པར་དུ་བྱས་པའི་སྤྱིར་སངས་མ་རྒྱས་ཀྱི་བར་དང་མ་ཤིའི་ཚེ་དང༌། དུས་དེ་རིང་ནས་བཟུང་སྟེ། ཉི་མ་སང་ད་ཙམ་གྱི་བར་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ་སྙམ་པའི་སེམས་དམ་བཅས་པ་དེས། དཀར་པོའི་ཕྱོགས་ཀྱི་དགེ་བའི་རྩ་བ་ཐམས་ཅད་ནི་རྒྱ་ཆེར་འཕེལ། ནག་པོ་མི་དགེ་བའི་ཕྱོགས་ཐམས་ཅད་ནི་འཛད། ལུང་མ་བསྟན་ཐམས་ཅད་དགེ་བར་འགྱུར་བ་ཡིན་གསུངས། དེ་ལ་ཡང་ཁྱེད་ཀྱིས་བཤད་པའི་དགེ་བ་དང་མི་དགེ་བ་དེ་དག་གོ་བར་ཟད་པ་ལ། ལུང་དུ་མ་བསྟན་པ་གང་ཡིན། དེ་དགེ་བར་ཇི་ལྟར་འགྱུར་སྙམ་པར་སོང་ན། འདི་ལ་བརྟག་པ་གཉིས་བྱས་པས་ལྷུར་བྱུང་དུ་གོ་ནས་འོང་བས། དེ་ལ་འདིར་ཉོན་མོངས་པ་དུག་རྣམ་པ་གསུམ་དེའི་རྗེས་སུ་འབྲངས་པའི་ལུས་ངག་ཡིད་གསུམ་གྱི་ལས་ལ་མི་དགེ་བ་ཟེར་བ་མ་ལགས་སམ། དེ་ཟེར་བ་ཡིན་ནོ། །ངེས་སོ། །སེམས་དུག་གསུམ་མེད་པ་དེའི་རྗེས་སུ་འབྲངས་པའི་ལུས་ངག་ཡིད་གསུམ་ལ་དགེ་བ་ཟེར་བ་མ་ལགས་སམ། དེ་ཡང་ཡིན་ནོ། །ངེས་སོ། །དེ་ལ་དགེ་བ་དང་མི་དགེ་བའི་རྟོག་པ་གང་ཡང་མ་སྐྱེས་པའི་ལུས་ངག་ཡིད་གསུམ་པོ་འདི་ལ་ལུང་དུ་མ་བསྟན་པ་ཞེས་ཟེར་བ་ཡིན། ཀུན་གཞི་ཞེས་ཀྱང་ཟེར་ཏེ། དེ་ལྟར་མི་འདུག་གམ། དེ་ལྟ་བུའི་ལུས་ངག་ཡིད་གསུམ་པོ་དེ་བྱང་ཆུབ་ཀྱི་སེམས་ཀྱིས་བྱིན་གྱིས་བརླབས་པས། ལུང་དུ་མ་བསྟན་པ་དགེ་བར་འགྱུར་བ་ཐབས་ལ་མཁས་པའི་མན་ངག ཆོས་རྗེ་འགྲོ་བའི་མགོན་པོའི་ཐུགས་དགོངས་མཆོག་ཏུ་གྱུར་པ། ངོ་མཚར་ལ་རྨད་དུ་བྱུང་པའི་ཆོས་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །ཡང་གཉིས་པ་ལུང་དུ་མ་བསྟན་པའི་ལུས་ངག་ཡིད་གསུམ་པོ་དེ། ཆོས་ཀྱི་སྐུ་གདོད་ནས་ཞི་ཞིང་མ་སྐྱེས་པར་རྟོགས་པའི་དུས་སུ། དེ་དགེ་བར་འདུག་གམ་མི་འདུག དེ་དགེ་བར་འདུག་སྟེ། དེ་ཡང་གཏི་མུག་མེད་པའི་དགེ་བ་རྩ་བ་ཡིན་ལ། གཏི་མུག་མེད་པ་དེ་ཡང་གང་ལ་ཟེར་ན། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པའི་ཤེས་པ་དེ་ལ་ཟེར། དེ་ལྟར་མི་ཤེས་པ་དེ་ནི་གཏི་མུག་ཆེན་པོ་ཡིན་ཏེ། དེ་ལ་མ་རིག་པ་ཟེར། ལུང་མ་བསྟན་ཡང་གཏི་མུག་གིས་རབ་ཏུ་ཕྱེ་བ་ཡིན་ལ། དེ་ལ་ཡང་གཉིས་ཡིན་པས། དེ་ཁོ་ན་ཉིད་རྟོགས་པའི་དུས་སུ་ལས་རྒྱུ་འབྲས་ལ་རྨོངས་པའི་དོན་ཅི་ཡོད། དེ་མ་རྟོགས་པ་བདག་དང་བདག་གི་བར་འཛིན་པ་དེས་ལན་ཏེ། འཇིག་རྟེན་མགོན་པོ་དཔལ་ལྡན་ཕག་མོ་གྲུ་པའི་ཞལ་སྔ་ནས། ཐོག་མེད་དུས་ནས་བདག་ལྟ་ཅི་ལ་འཁྲུལ། །མིག་སེར་ལྡན་པའི་སྐྲ་ཤད་དེ་དག་གིས། །སྐྱེ་མེད་ངང་པའི་ཚོགས་རྣམས་བཟུང་གྱུར་ན། །བདག་ཏུ་འཛིན་པའི་སྙི་རྣམས་གཅོད་པ་ལ། །སེམས་ཉིད་རྟོགས་པའི་ཆུ་གྲི་མ་མཆིས་པར། །བློས་བྱས་སྟོང་པས་སྙི་ལ་འཐེན་གྱུར་ཀྱང༌། །ཆད་པར་མི་འགྱུར་སླར་ཡང་དམ་པར་འཆིང༌། །ཞེས་གསུངས་པས། སེམས་ཉིད་འདི་རྟོགས་དགོས། བློས་བྱས་པའི་སྟོང་པས་མི་ཕན། ཉམས་སྒོམ་པས་ཀྱང་མི་གྲོལ། བརྩོན་འགྲུས་བྱས་པས་ཀྱང་མི་ཕན་ཏེ། ངས་ཀྱང་ཇི་སྙེད་ཅིག་རེ་སྒོམ་ན། མི་སྔོན་གྱི་ཇོ་མོ། རེས་འདག་ཅར་བྱས། རེས་སྨྲ་བཅད་བྱས་ཐོ་ལེས་ཐོབ་ཅིག དེ་ལྟར་སེམས་མངོན་པར་རྟོགས་པ་འདི་མེད་ན། གཏི་མུག་གམ། མ་རིག་པ་བྱ་བ་དེ་གཞི་བཞག་ཏུ་བྱས་པས། རྐྱེན་ཚོགས་པ་ལ་བརྟེན་ནས་འབྲས་བུ་སྡུག་བསྔལ་འབྱུང་བ་ཡིན་ཏེ། ད་རེས་འདིར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་གཅིག་ལུང་ཁུངས་སུ་དྲང་བས། སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། །དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། །རྐྱེན་རྣམས་ཚོགས་ནས་སྡུག་བསྔལ་འཁྲུལ་འཁོར་རབ་ཏུ་འབྱུང༌། །མ་རིག་འཁྲུལ་འཁོར་དེ་ནི་ཟད་མེད་འཕེལ་བ་མེད། །ཅེས་གསུངས་པས། མི་ཤེས་པའི་གཏི་མུག་པ་ང་དང་བདག་བྱ་བ་དང༌། བདག་དང་བདག་གིར་འཛིན་པ་དེའི་ལས་ཀྱིས་ཁམས་གསུམ་དུ་རྒྱ་རི་རི་འཁོར་ཏེ། ལྟ་ལོག་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་ཐམས་ཅད་བདག་བྱ་བ་དེར་འདུས། ང་དང་བདག་བྱ་བ་དེ་ཡོད་ན། དེའི་ཁྱད་པར་གྱི་ཆོས་བདག་རྟག་པ། བདེ་བ། དབེན་པ། མཐའ་ཡོད་པ། མེད་པ། ཡོད་ཀྱང་མེད་པ། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྤྲོས་པའི་མཐའ་ཐམས་ཅད་འབྱུང་ལ། རྩ་བ་བདག་དེ་མེད་པར་རྟོགས་པའི་དུས་སུ་ཁྱད་པར་གྱི་ཆོས་མི་འབྱུང་བས། བདག་མེད་པར་རྟོགས་པའི་ཤེས་རབ་དེ་ལས་འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་བ་ཡིན། དེ་ལྟར་ཡང༌། རྒྱལ་བའི་ཡུམ་ལས། ཡེ་ཤེས་ཚུལ་སྒོ་ཐབས་དང་རྩ་བ་ཇིི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང༌། །རྐྱེན་རྣམས་ཚོགས་ནས་ཡེ་ཤེས་འཁྲུལ་འཁོར་རབ་ཏུ་འབྱུང༌། །ཤེས་རབ་ཕ་རོལ་ཕྱིན་ལ་ཟད་མེད་འཕེལ་བ་མེད། །ཅེས་གསུངས་པས། མངོན་པར་རྟོགས་པ་དེ་ལས་ཡེ་ཤེས་དང༌། ཡོན་ཏན་དང་ཕྲིན་ལས་ཐམས་ཅད་འབྱུང་སྟེ། དེ་རིང་གི་ཆོས་འདི་དཔེ་མེད་པར་ཟབ་པ་ལགས་པས་ཐུགས་ལ་འཇོག་པར་ཞུ་གསུངས།།

ཡང་འཇིག་རྟེན་མགོན་པོ་རིན་པོ་ཆེ་འབྲི་གུང་པའི་ཞལ་སྔ་ནས། འདིར་ཁྲིད་ཀྱིས་ཅི་བསྒོམ་དྲིས་པས། ཕྱག་རྒྱ་ཆེན་པོ་བསྒོམ་ཟེར། ཕྱག་རྒྱ་ཆེན་པོ་གང་ཡིན་བྱས་པས། ལྔ་ལྡན་ཡིན་ཟེར་ཏེ་དེ་ཙུག་མི་བྱ་བར། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གང་ལ་ཡོད་པ་དེས་ཐེག་པ་ཆེན་པོ་གསང་སྔགས་འགྲུབ་ལ། དེ་གསུམ་མེད་ན་མི་འགྲུབ། དེ་དང་འདྲ་བར་གསུམ་པོ་གོ་བར་ཟད་ལ། ཆུད་མི་ཟ་བར་བསྔོ་བའི་རྒྱ་དང་བཅས་པ་བཞི་པོ་ནི་ཐབས་ཡིན་ལ། ཕྱག་རྒྱ་ཆེན་པོ་ཆོས་ཀྱི་སྐུ་རང་བཞིན་གྱིས་འོད་གསལ་བ། དོན་དམ་པའི་བདེན་པ་སྟོང་པ་ཉིད་ཅེས་བྱ་བ་དེ་ནི་ཤེས་རབ་ཡིན་པས། དེ་ལྟར་ན་ལྔ་པོའི་མིང་དང་ཚིག་དེ་ཤེས་པས་སྒོམ་ཡོད་པ་མ་ཡིན་པས་ན། ཁྱེད་རྣམས་ཀྱིས་ལན་འདེབས་པའི་དུས་སུ་དེ་ལྟར་གདབ། དེ་ལ་ཡང་ཁྲིད་དང་ཚོགས་ཆོས་གཉིས་ཡིན། ཕག་ཏུ་ཁྲིད་བྱས་པས་མྱོང་བ་སྐྱེ། ཚོགས་ཆོས་ཀྱིས་སྒྲོ་འདོགས་གཅོད་པ་ཡིན་པས། འཇིག་རྟེན་མགོན་པོའི་ཚོགས་ཆོས་འདི་བས་ཟབ་པ་མེད་དེ། དེ་བས་ན་ཚོགས་ཆོས་ཉན་པ་ལ་ཡང་འབད་པ་གལ་ཆེ། གཉིས་པ་འདི་ལྟར་དུ་མཆི་བས། དགེ་སྦྱོར་རྒྱུད་ལ་སྐྱེ་བར་བྱེད་པ་ལ་ཡང༌། མཚན་ཉིད་དང་ལྡན་པའི་བླ་མ་དམ་པ་ལ་མོས་གུས་ཀྱི་གདུང་བ་དྲག་པོས་གསོལ་བ་འདེབས་པ་ཡིན་ཏེ། དེའི་དགོས་པ་གང་ཡིན་ན་དགེ་སྦྱོར་སྐྱེ་བར་བྱེད་པ་ཡིན། འཇིག་རྟེན་འདིའི་བསམ་པ་དང༌། རྒྱལ་རིགས་བྲམ་ཟེའི་ཆེ་མཐོ་ལ་སོགས་པ་འདོད་པའི་བསམ་པ་ཡོད་ན་ཡང༌། སྲིད་པས་ལེན་པ་ཡིན་ཏེ་དེ་དག་འགྲུབ་ལ། དེ་བཞིན་དུ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བླ་ན་མེད་པའི་བྱང་ཆུབ་ཀྱང་འགྲུབ་བོ། །དེ་ལ་འཇིག་རྟེན་མགོན་པོ་དཔལ་ལྡན་ཕག་མོ་གྲུ་པས་འདི་ལྟར་བཞེད་པར་གདའ་སྟེ། ཐེག་པ་ཆེན་པོ་ཆེན་པོ་གསང་སྔགས་ཟབ་པའི་མཐར་ཐུག་པ་ལགས་ཀྱང༌། ཚེ་འདི་འདོད་པའི་ཆེད་དུ་བསྒྲུབས་ན། འཁོར་བ་རྒྱུ་འབྲས་ཡིན་གསུངས། རང་ཉིད་ཞི་བདེ་ཐོབ་པར་འདོད་ན་ཉན་ཐོས་དང་རང་སངས་རྒྱས་སེམས་བསྐྱེད་པའི་རྗེས་སུ་འབྲངས་ནས་ཚེ་གཅིག་གིས་འཚང་རྒྱ་བའམ། སྐྱེ་བ་ཅི་རིགས་པས་འཚང་རྒྱ་བ་ཡིན་གསུངས་ཏེ། དེ་ལྟར་ཡང༌། རྩ་བའི་རྒྱུད་དུ། གསང་སྔགས་སྤྱོད་པ་དམྱལ་བ་དང༌། །ལྷ་དང་ཉན་ཐོས་རང་སངས་རྒྱས།། རྫོགས་པའི་བྱང་ཆུབ་ལ་སོགས་པ། །རིམ་པ་བཞིན་དུ་ཐོབ་པར་གསུངས། །འོ་ན་གསང་སྔགས་དང༌། མཚན་ཉིད་ཀྱི་ཁྱད་པར་ཅི་ཡིན་སྙམ་ན། ཁྱད་པར་དཔག་ཏུ་མེད་པ་ཞིག་བཤད་ཀྱང༌། ང་འབུའི་འདོད་པས་དབང་གི་ཁྱད་པར་ཡིན་པར་འདོད། དབང་ལ་ཡང་མང་པོ་བཤད་པའི་གཉེར་ཀ་མེད། བུམ་པའི་དབང་གིས་རང་གི་ལུས་ངག་ཡིད་གསུམ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་སུ་གོ་ཞིང་རྟོགས་པ་དེ་ཡིན་གསུངས།།

ཡང་འཇིག་རྟེན་མགོན་པོ་རིན་པོ་ཆེའི་ཞལ་སྔ་ནས། བླ་མའི་དུས་མཐའ་བསྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ།། ཞེས་གསུངས་པས། མོས་གུས་ཆེན་པོ་མཐར་ཐུག་པ་བྱས་པ་ལས་འབྱུང་ལ་མོས་གུས་མཐར་ཐུག་པ་དེ་གང་ཡིན་ན། བླ་མ་དམ་པ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུའི་འདུ་ཤེས་སྐྱེས་པ་དེ་ཡིན། འདི་གཅུད་པ་གསུམ་གྱི་འཁྲུལ་འཁོར་བགྱི་བ་ལགས་པས། དེ་ལ་སེམས་ཆོས་ཀྱི་སྐུའི་འདུ་ཤེས་དང་མ་བྲལ་བར་བྱེད་པ་ཡིན་ལ། དེ་ལྟར་ཆོས་ཀྱི་སྐུའི་འདུ་ཤེས་སུ་ནན་ཏན་སྐྱེད་ནས་བྱས་ཀྱང༌། ཆོས་སྐུ་ཡིན་རེ་ཤེ་སྙམ་པའི་རྟོག་པ་འབྱུང༌། དེའི་དུས་སུ་ཡང་ནན་ཏན་བྱས་ནས་བསྒོམས་པས་དུབ་པའི་དུས་སུ་ཡང་སྔ་མ་བཞིན་དུ་ཆོས་སྐུ་ཡིན་རེ་ཤེ་སྙམ་དུ་འདུ་ཤེས་སྐྱེ། ཡང་དེ་རང་ལ་ནན་ཏན་བྱས་ནས་བསྒོམས་པས། ཕྲིག་པ་གཅིག་སྐྱེ། དེའི་རྒྱུན་སྲིངས་ནས་བསྒོམས་པས་ཕྱག་རྒྱ་ཆེན་པོར་འགྱུར་བ་ཡིན་ཏེ། ང་འབུ་སྔོན་ཕག་མོ་གྲུ་ན་ཡོད་པའི་ཚེ། བླ་མ་ལ་མོས་གུས་སྐྱེས་ནས། རྗེ་རིན་པོ་ཆེའི་གསུང༌། ཉེས་པ་རབ་ཟད་པས་ཀྱང་ལྷག་པ་གཅིག་ཡོད་སྙམ་པ་བྱུང༌། དེ་བདུད་ཞུགས་པ་ཡིན། རིན་པོ་ཆེའི་གསུང་འདི་བས་ལྷག་པ་མེད་པ་ལ། ངའི་བློ་ཕྱིན་ཅི་ལོག་འདི་མ་དག་བར་དུ་ཟས་ཀྱང་མི་བཟའ། ངལ་ཡང་མི་གསོ་སྙམ་པའི་གོ་ཆ་ཆེན་པོ་བྱས་ནས་འབུམ་པ་ལ་སྐོར་བ་བྱས་པས། ཕྱི་དྲོར་སོང་བ་དང་ཐང་ཆད་ནས་ཤི་མེད་ཀོ་མེད་དུ་གསོལ་བ་བཏབ་པས། དེ་ནས་འགྱུར་རྒྱུ་གཅིག་བྱུང༌། དེའི་གོ་བ། ཉེས་པ་ཐམས་ཅད་རབ་ཟད་ཅིང་བགྱི་བ་ལས་དང༌། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མཐའ་དག་སྤངས་པ་ཡིན་པ་དང༌། ཡོན་ཏན་ཀུན་གྱི་གཏེར་གྱུར་པ་ཞེས་པ། འཁོར་འདས་ཐམས་ཅད་ཀྱི་ཡོན་ཏན་གྱི་གཏེར་དུ་གྱུར་པ་ཡིན་པ་དང༌། འབྲས་བུ་ཐམས་ཅད་རྫོགས་མཛད་པ་ཞེས་པ། འབྲས་བུ་ཐམས་ཅད་རྫོགས་པ་རྫོགས་པའི་སངས་རྒྱས་ལ་ཟེར་བ་ཡིན་པས། ཁྱེད་ལ་ཡོད་ན་ཁྱེར་ལ་ཤོག་སྙམ་པའི་བློ་སྐྱེས་པ་ལྟ་བུ་ཡིན་པས། དེ་ལྟར་མོས་གུས་ཆེན་པོ་བྱས་ཤིང་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེད་ནས་བསྒོམས་པས། ཡོན་ཏན་སྐྱེ་བ་ལ་ཚེགས་མེད་པ་ལགས། གཉིས་པ་ནི་བླ་མའི་མཚན་ཉིད་ཀྱང་ཚེ་འདི་ལ་ལྟོས་པ་མེད་པ་ཞིག་དགོས་པར་འདུག ཚེ་འདི་ལ་ལྟོས་པ་ཡོད་ན་སློབ་མའི་བྱ་བ་དང་བྱེད་པ་གཅིག་ཀྱང་མི་འགྲུབ་སྟེ། སྔོན་སྒྲུབ་པ་བྱེད་པའི་དུས་སུ། བསེ་སྒོམ་བྱ་བ་མི་ཚང་ཡང་ཡིན། བཟའ་འཐུང་ཡང་མེད། ཆོས་ཀྱང་མེད་པ་གཅིག་གིས། ང་འབུའི་དྲུང་དུ་སྨྲེ་སྔགས་བཏོན་པས་དེ་ལ་ཚེ་འདིའི་ཞེན་པས། ཁྱོད་ཉིན་རེ་ཕུལ་ཕྱེད་ཀྱིས་འཚོའམ་བྱས་པ་ལ། འཚོ་ཟེར་བས། ངེད་གཉིས་ཀྱིས་ཉིན་རེ་ཕུལ་རེ་ཟ་ཞིང་ཡོད་ཙ་ན། བསེ་སྒོམ་གྱིས་ཉིན་གཅིག་རྗེ་བཙུན་འཁོར་བ་རླུང་ཁྱེར་ལ་འབར་བས། དེ་ལ་ཞེ་སྡང་དྲག་པོ་ཞིག་སྐྱེས། ད་ཕྱིན་ཆད་ཚེ་འདི་ལ་ལྟོས་པ་མེད་པའི་དུས་མ་གཏོགས་པ། སྦྱིན་པ་ཁབ་གཅིག་ཀྱང་གཏོང་རེ་སྙམ་པའི་ཞེ་མནའ་ཆེན་པོ་ཞིག་བསྐྱལ། ཕྱིས་ཕག་མོ་གྲུ་ན་སྟོན་མོ་གཅིག་བྱེད་པ་ལ། ཁོས་ཏྲིགས་སེ་ཁ་གང་མ་གཏང༌། དེ་ནས་མི་གཅིག་འབོད་པ་ལ། འདི་ལ་ས་འགག་ཡོད། འདི་མི་ཆེ་བ་ལ་སོགས་པ་ཟེར་བས། སྐྱུགས་པ་གཏིང་ནས་ལོག་པ་ལས། ཚེ་འདིའི་བསམ་པ་ཕྱིས་ཇེ་བརྟན་ཇེ་བརྟན་ལ་སོང་སྟེ། དོན་གྱིས་ལྟོས་པ་མེད་པ་མ་གཏོགས་པ། ལྟོས་པ་དང་བཅས་པའི་ཟན་ཁམ་གཅིག་གིས་ཀྱང་རང་ཉིད་ཕུང་བར་འགྱུར་བ་ཡིན་པས། སྦྱིན་པ་ཅི་སྦྱིན་ཡང་བསྔོ་བ་ཞིག་བྱས་ཏེ། ཆོས་ལ་འགོད་པ་གལ་ཆེ། དེ་ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁང་པར་ཕྱིན་པ་ཐམས་ཅད་ཀྱང༌། ཕྱིན་ཆད་ངན་སོང་གསུམ་དུ་མི་སྐྱེ་བར་གསུངས་ནས་འདུག་པའི་རྒྱུ་མཚན་ཡང༌། ཁྱིམ་བདག་དེས་གང་ལ་ཟན་བྱིན་པ་དེ་རྣམས་ཀྱང༌། ཆོས་ལ་འགོད་པ་ཡིན་པས། དེ་ལྟར་ཉམས་སུ་ལེན་པར་བྱེད་པ་དེ་ནི་གལ་ཤིན་ཏུ་ཆེ་བས་དེ་བཞིན་དུ་མཛད་པར་ཞུ་གསུངས།།

ཡང་འཇིག་རྟེན་མགོན་པོ་རིན་པོ་ཆེའི་ཞལ་སྔ་ནས། དེ་རིང་མི་ཆོས་ཀྱི་མདུན་མ་གཅིག་བཤད་པས། དེ་ལ་མི་ཆོས་ཀྱི་མདུན་མ་བྱ་བ་དེ། འདི་ཙུག་གྱིས་དང་འདི་ཙུག་འོང་བྱ་བ་དེ་མི་ཆོས་ཀྱི་མདུན་མ་ཡིན་ལ། ཐོས་པ་དང་བསམ་པ་ལ་སོགས་པ་ལྷ་ཆོས་ཡིན་ཏེ། དེ་ཡང་གང་ཡིན་ན། རང་ཅག་ཐམས་ཅད་སུ་དང་ཡང་མི་འདྲ་བ་རེ་འདོད་པར་འདུག་སྟེ། སུ་དང་ཡང་མི་འདྲ་བ་གཅིག་མ་བྱས་པར་གར་འོང༌། གཙང་པ་ཀུན་ན་རེ། ཀུ་ཏེག་པ་ཞིག་བྱུང་ན་མིག་ཏུ་སྒོག་ཆུ་བླུགས་ན་ཡང་བླུགས་ཟེར་བ་དང་འདྲ་བར། ཀུ་ཏེག་པ་ཞིག་འོང་བར་འདོད་ན་མི་བས་ལྷག་པ་ཞིག་བྱེད་པ་ཡིན། དེ་ཡང་ཆོས་སྐད་དུ་བྱས་ན། མིའི་ཆོས་ལས་བླ་མར་གྱུར་པ་བྱ་བ་ཡིན་ཏེ། མིའི་ཆོས་དགེ་བ་བཅུ་ལས་རབ་འབྲིང་ཐ་མ་གསུམ་གྱིས་ལྷ་དང་མི་ཅི་རིགས་པ་དང༌། བདེ་གསལ་མི་རྟོག་པ་གསུམ་གྱིས་ཁམས་གོང་མའི་ལྷ་ལ་སོགས་པ་ཐོབ་པ་དང༌། དུག་གསུམ་ཆེ་འབྲིང་གསུམ་གྱིས་ངན་སོང་གསུམ་སྐྱེད་པར་བྱེད་པ་དང༌། དེ་ཐམས་ཅད་སྤངས་ནས་ཞི་བ་ཕྱོགས་གཅིག་འདོད་པ་ཉན་ཐོས་ཡིན་ལ། འདིར་དགེ་བ་བཅུའི་སྟེང་དུ་ཕར་ཤེས་པ། མར་ཤེས་པ། དགེ་སྦྱོང་དང༌། བྲམ་ཟེར་ཤེས་པ། རིགས་ཀྱི་ནང་ན་རྒན་པ་ལ་བཀུར་སྟི་བྱེད་པ། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་དྲུག་སྟེ། དེ་ལྟར་ན་མི་ཆོས་བཅུ་དྲུག་ཡིན་པས། དེ་ཡོད་པས་ཀྱང་བླ་མར་གྱུར་པ་མ་ཡིན། འོ་ན་གང་ཡིན་ན། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ཁུར་འཁུར་ནས། དེའི་བྱ་བ་དང་བྱེད་པ་ཐམས་ཅད་བྱེད་པ་ཡིན་ཏེ། དེ་ཡང་རང་ཇི་ལྟར་འདོད་པའི་གནས་སུ་འཕེན་པའམ་འགྲུབ་པར་བྱེད་པ་ཚུལ་ཁྲིམས་ཡིན་ལ། དེ་ཡང་འདུལ་བའི་སྡེ་སྣོད་དུ་གསུངས་པའི་མི་དགེ་བ་བཅུ་སྤོང་བ་འདི་སྡོམ་པ་གསུམ་གར་ཡང་འགྱུར་ཏེ། དེ་ཡང་རིམ་གྱིས་བྱེད་དམ་ཅིག་ཅར་དུ་བྱེད་པ་དང༌། འོ་ན་དམྱལ་བར་འགྲོ་ན་སེམས་ཅན་གྱི་དོན་སུས་བྱེད་ཟེར་ན། བདག་དམྱལ་བར་འགྲོ་ལ་ཁྱད་པར་གྱི་ཆོས་སེམས་ཅན་གྱིས་དོན་བྱེད་པ་མི་སྲིད། བདག་མེད་པ་ཡིན། དེ་ཡང་སེམས་ཅན་གྱི་དོན་དུ་བྱ་བ་དང་བྱེད་པ་ཐམས་ཅད་དོན་དུ་འགྲོ་བར་བྱེད་དེ། དེ་ཡང་རྒྱལ་པོ་དབང་ཆེན་སྡེ་ཞེས་བྱ་བ་ཞིག་ལ། ཕ་རོལ་གྱི་དམག་འོང་བས། དེ་བཟློག་པའི་ཐབས་སྔགས་དང༌། སྲུང་བ་ལ་སོགས་པ་བྱས་ཀྱང་མ་ཕན་པས། བློན་པོ་ལོག་ཏུ་བཅུག་ནས་ཁོ་རང་བྲོས་པ་ལ། ལམ་དུ་བྲམ་ཟེ་སློང་མོ་བ་བྱུང་བ་ལས། ཁོ་རང་བཅིངས་ཏེ་བྲམ་ཟེ་ལ་བྱིན་ནས་དགྲ་ལ་འཚོང་དུ་བཅུག་པས། དེ་ལ་ངོ་མཚར་སྐྱེས་ནས་ཡུལ་དེ་རྒྱལ་པོ་དེ་རང་ལ་བྱིན་པ་ལྟ་བུ་ཡིན་པས། ཡང་རྒྱལ་པོ་གསེར་མདོག་བཞིན་དུ་རང་ལ་འབྱོར་པ་ཡོད་ཀྱང་ཆེར་བཟར་མེད། ལྟོགས་པ་རྣམས་ལ་ཡང་ཆུང་ངུ་སྦྱིན་དུ་མེད་དེ། ལོ་བཅུ་གཉིས་ཀྱི་བར་དུ་ཐམས་ཅད་ལ་སྙོམས་པར་བྱས་ནས་རྒྱལ་ཁམས་བསྐྱངས་པ་དང༌། སྔོན་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱིས་ཀྱང་བོད་ཁམས་ཐམས་ཅད་ལ་བསྡུ་འགོད་ཡང་ཡང་བྱས་པ་དང་འདྲ་བ་ཡིན་པས། བྱི་བོ་ཡང་རབ་གཅིག་འོང་བ་ཡིན། མདོར་ན་མིའི་ཆོས་བླ་མར་གྱུར་པ་ལས་ཆེ་འབྲིང་རྣམ་པ་གསུམ་གྱིས་ཁམས་གསུམ་གྱི་ལྷ་མི་ཐོབ་པ་དང༌། རང་ཉིད་གཅིག་པུ་ཞི་བ་དང་གྲོལ་བར་འདོད་པ་ཉན་ཐོས་ཀྱི་ཐེག་པ་དེ་ངེད་མི་འདོད་པས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང༌། དེའི་རང་བཞིན་རྟོགས་པའི་ཤེས་རབ་དང་ལྡན་པ་ནི། མཁས་པ་རབ། གཙོ་བོ་རབ། གླེན་པ་རབ། བྱིའོ་རབ་ཏུ་འགྱུར་བས། དེའི་དུས་སུ་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་ཡང་གཙོ་བོར་འགྱུར་ན། མི་ཁ་ཅིག་ལྟ་སྨོས་ཀྱང་ཅི་དགོས། སྐྱེས་བུ་རྣམས་དེ་ལྟར་གྱུར་པའི་དུས་སུ། བྱང་ཆུབ་ཀྱི་སེམས་ཀྱིས་འགྲོ་བ་རྣམས་བདེ་བ་ལ་འགོད་པའི་བརྟུལ་ཞུགས་འདི་ཤིན་ཏུ་ཟབ་སྟེ། ང་འབུའི་ཉམས་སུ་མྱོང་བས་ཀྱང་གྲུབ་པ་ཡིན་གསུངས།།

ཡང་འཇིག་རྟེན་མགོན་པོ་རིན་པོ་ཆེའི་ཞལ་སྔ་ནས། ད་ལྟ་ཁྱེད་རྣམས་ཐམས་ཅད་བླ་མ་དམ་པའི་ཞབས་དྲུང་ན། ཐོས་པ་དང༌། བསམ་པ་དང༌། སྒོམ་པ་ལ་སོགས་པ་གང་བྱེད་ཀྱང༌། ཁྱེད་རྣམས་ཀྱི་ནང་ན་ཚོགས་མི་བསྐྱང་སྙམ་པ་གཅིག་ཀྱང་མེད་པས། དེ་ལ་གདམས་ངག་དང་རྗེས་སུ་བསྟན་པ་ཐོབ་དགོས། དེ་ལ་ནན་ཏན་དང་བརྩོན་འགྲུས་ཀྱིས་ཉམས་སུ་བླང་དགོས་པས། འདིར་དད་པའི་རྗེས་སུ་འབྲངས་ཏེ། ཆོས་ལ་ནན་ཏན་དང་གཅེས་སྤྲས་ཤིན་ཏུ་ཆེ་བར་བྱ། དེ་ཡང་བླ་མའི་མཚན་ཉིད་ཐོས་ནས། ཞབས་དྲུང་དུ་ཕྱིན་པའི་དུས་སུ་ཞེ་འདོད་བྱེད་པ་ངན་ཟེར་ཏེ། ཆོས་དང་གདམས་ངག་ལ་འདོད་པའི་ཤུགས་ཆེན་པོ་དགོས་པ་ཡིན། དེ་ལྟར་བྱས་ན་དེ་དག་གི་དོན་གོ་བས་མྱོང་བ་རྙེད། ཡིད་ཆེས་སྐྱེ། དེ་ལྟར་མ་གོ་ན་འཇིགས་བྱས་པས་མི་ཕན་ཏེ། དགེ་བའི་བཤེས་གཉེན་ཆ་པའི་ཞལ་ནས། ངས་གཞུང་ཐམས་ཅད་ལ་ཡིག་སྣ་བྱེད་ན་མི་ཤེས་པ་མེད་གསུངས་པ་ལ། སློབ་མ་གཅིག་གིས་རྡོ་རྗེའི་ཚིག་རྐང་གཅིག་བསྟན་ནས། འདི་ལ་ཡིག་སྣ་ཞིག་མཛད་པར་ཞུ་དང་བྱས་པས། འདི་མི་གོ་བ་གཅིག་འདུག་གསུང་སྐད། དེ་དང་འདྲ་བར་མྱོང་བ་མེད་པའི་དབུ་སེ་དགེ་བཤེས་འགའ་ཞིག་ལ། འཁོར་མང་པོས་བསྐོར་ནས་ཆོས་འོང་སྙམ་པའི་དུས་སུ། ཁྱི་ལུད་ཀྱི་སྐྱུག་པ་རྒྱངས་ཀྱིས་འོང༌། ཅི་འོང་ན། མི་ཆོས་ཀྱི་འདུན་མ་འདི་ལྟར་གྱིས་བྱ་བ་དང༌། ཁེ་དང་གྲགས་པའི་ཕྱིར་འདི་ལྟར་བྱ་བ་དང༌། འདི་ཤིན་ཏུ་ཟབ་པ་ཡིན་ཟེར་ནས། རྩ་དང་རླུང་དང་ཐིག་ལེའི་གདམས་ངག་བསྟན་ཏེ། འདོད་ཆགས་སྤྱོད་པའི་སྦྱོར་ཐབས་མཐའ་ཡས་པ་སྟོན་པར་འོང༌། ཡང་གཉིས་པ་གདམས་ངག་རྣམ་པར་དག་པ་གཅིག་སྒོམ་འདོད་ནས། དེའི་ཚེ་ཅིས་ཀྱང་ཐོས་པ་དགོས་ཟེར་ནས། ལུང་ལོག་པ་གཅིག་འབོགས་པར་འོང་ཡང༌། དེ་ལ་སློབ་མ་ཤེས་རབ་ཆེ་བའི་རབ་ཡིན་ན་དེའི་ཁ་ལ་མི་ཉན། འབྲིང་བྱེད་པ་དེ་བྱེད་ཀྱང་ཤེས་པ་རང་ལ་བྱེད་དུ་འགྲོ་ཟེར་ནས་དྲུང་ནས་ལངས། ཐ་མ་ཡིན་ན་དེའི་དྲུང་དུ་བསྡད་ནས་ཅི་ཟེར་ཟེར་བྱེད་པ་ཞིག་འབྱུང་སྟེ། དེ་ལ་དགོས་པ་མེད་པ་གཅིག་འབྱུང་བས། ད་ལྟ་ནས་ཆོས་འབའ་ཞིག་ལ་ནན་ཏན་བྱེད་པ་གལ་ཆེ་བ་ཡིན་གསུངས།།

ཡང་འཇིག་རྟེན་མགོན་པོ་རིན་པོ་ཆེའི་ཞལ་སྔ་ནས། སྔོན་དང་པོ་རྗེ་དཔལ་ལྡན་ཕག་མོ་གྲུ་པའི་ཞལ་ནས། སེམས་མངོན་པར་རྟོགས་པའི་རྟེན་གྱི་གང་ཟག་སྐྱེ་བ་མི་ལེན་གསུངས། ཡང་དུས་ཕྱིས་སྐྱེ་བ་ལེན་པ་ཡིན་གསུངས་ཏེ། དེ་ཡང་སེམས་མངོན་པར་རྟོགས་པའི་དུས་ན། དེ་ལ་སེམས་ཞེས་བྱ་བ་དེ་ཡང་མེད་ལ། དེའི་ཁྱད་པར་གྱི་ཆོས་སྐྱེ་བ་ལེན་པ་མི་འབྱུང་སྟེ། དེ་ནི་མངོན་པར་རྟོགས་པ་དེའི་ངོས་ནས་གསུངས་པ་ཡིན། འོ་ན་ད་ལྟའི་སེམས་རྟོགས་པའི་གང་ཟག་འགའ་ཞིག་ཉོན་མོངས་པ་ཕྱིར་ཆེ། རྟོག་པ་ཕྱིར་རགས་པ་ཡོད་ན། དེ་ཅི་ལྟར་ཡིན་སྙམ་ན། དེ་ནི་སེམས་ཀྱི་རྩ་བ་ཆོད་པས་གནོད་པར་མི་ནུས་ཏེ། དཔེར་ན་ཤིང་ལྗོན་པ་རྩ་བ་ནས་བཅད་ན་ལོ་འདབ་སྔོན་པོར་གྱུར་ཀྱང་སྐྱེ་བའི་ནུས་པ་མེད་པ་དང༌། ཇ་གོང་མ་སྲེག་གིས་འབྲས་ཀྱི་སྙེ་མ་མཚོ་ནང་དུ་བོར་བ་སྦྲ་སྦུར་ལ་བརྟེན་ནས་མྱུ་གུ་སྐྱེས་ཀྱང་འཆིང་བའི་དོན་བྱེད་མི་ནུས་པ་བཞིན་དུ་ཁམས་གསུམ་གྱི་འཁོར་བར་མི་འཁོར་བ་ཡིན། འོ་ན་འདི་ལྟར་ལུས་དང་སྣང་བ་ལ་སོགས་པ་སྣ་ཚོགས་སུ་སྣང་བ་འདི་ཅི་ཡིན་སྙམ་ན། འདི་ནི་རྒྱུ་ངན་པ་ལས་སྐྱེས་པའི་འབྲས་བུ་ཡིན་པས། ནམ་ལུས་འདི་དང་བྲལ་བའི་དུས་སུ་བུམ་པ་ཆག་པའི་ནམ་མཁའ་བཞིན་དུ་འོད་གསལ་གཉིས་པོ་དབྱེར་མེད་དུ་གྱུར་ནས་འཚང་རྒྱ་སྟེ། གཟུགས་སྐུ་གཉིས་པོ་ཤུགས་ལས་འབྱུང་གསུངས། སྐྱེ་བ་ལེན་པའི་རྒྱུ་ཅི་ལྟ་བུ་ཡིན་སྙམ་ན། སེམས་སྤྲོས་པ་དང་བྲལ་བ་དེ་གོམས་ཤིང་མཐར་ཕྱིན་པས། ལུས་དང་སྣང་བ་ལ་སོགས་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་དགེ་སྦྱོར་དང་དབྱེར་མེད་དུ་རྟོགས་ཏེ། དེ་ལ་དོ་གཅིག་ཅེས་བྱ་ལ། དེ་ལྟར་རྟོགས་པའི་དུས་སུ་རང་དབང་མེད་པར་སེམས་ཅན་གྱི་དོན་དུ་སྐྱེ་བ་མི་འབྱུང་ཁ་མེད་གསུངས། དེ་ལ་སྐྱེ་བའི་རྒྱུ་གང་ཡིན་ན། སེམས་བསྐྱེད་པ་འདི་ཡིན་ཏེ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་བྱ་སྙམ་པའི་སེམས་འདི་ལས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྨིན་པ་དང་གྲོལ་བར་བྱེད་པའི་ལུས་སུ་འགྱུར་བས། དེ་མི་ཟད་པ་རྒྱན་གྱི་འཁོར་ལོ་བྱ་བ་ཡིན་ཏེ། འཁོར་བའི་རྒྱ་མཚོ་ཆེན་པོ་མ་སྟོངས་ཀྱི་བར་དུ་འབྱུང་བ་ཡིན་པས་དེ་ལྟར་གོ་བར་བྱ་གསུངས།།

ཡང་འཇིག་རྟེན་མགོན་པོ་རིན་པོ་ཆེའི་ཞལ་སྔ་ནས། འདིར་འགྲོ་བའི་མགོན་པོ་དཔལ་ལྡན་ཕག་མོ་གྲུ་པའི་བྱང་ཆུབ་ཀྱི་ཐུགས་རིན་པོ་ཆེ་འདི་ནི། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱང་འདི་ཡིན་ལ། རྡོ་རྗེ་འཆང་ཆེན་པོ་ཡང་དེ་ཡིན། བསམ་པ་དེའི་རྗེས་སུ་འབྲངས་པའི་ལུས་ངག་ཡིད་གསུམ་གྱི་བྱ་བ་དང་བྱེད་པ་ཐམས་ཅད་སེམས་ཅན་གྱི་དོན་དུ་འགྱུར་ཏེ། ཟས་ཟ་བ་གཅིག་པུས་ཀྱང་འགྲོ་བ་དཔག་ཏུ་མེད་པའི་དོན་བྱེད་པ་འབྱུང༌། དེ་ཡང་སྟེང་གི་འཇིག་རྟེན་གྱི་ཁམས་ན། སྤོས་བརྩེགས་ཞེས་བྱ་བའི་ཞིང་ཁམས་ཤིག་ན་ཞལ་ཟས་ཀྱིས་སངས་རྒྱས་ཀྱི་བྱ་བ་བྱེད་པ་ཡོད་པར་གསུངས་པ་བཞིན་དུ་འོང་ལ། ནད་ལྟ་བུས་ཀྱང་འགྲོ་བ་དཔག་ཏུ་མེད་པའི་དོན་མཐའ་ཡས་པ་འབྱུང་སྟེ། བྱང་ཆུབ་སེམས་དཔའ་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་སྨྱུང་བ་ལ་གྲོང་ཁྱེར་གྱི་སྐྱེས་པ་དང༌། བུད་མེད་ཁྱེའུ་དང༌། བུ་མོ་མང་པོས་ནད་འདྲི་བ་ལ་འོངས་པས་འབྲས་བུ་ལ་བཀོད་པ་དང༌། བཅོམ་ལྡན་འདས་ཀྱིས་རྗེ་བཙུན་འཇམ་དབྱངས་ལི་ཙ་བྱིའི་དྲུང་དུ་ནད་འདྲི་བ་ལ་བཏང་སྟེ། རྗེ་བཙུན་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་དང༌། འཕགས་པ་འོད་སྲུང་ཉན་ཐོས་ཀྱི་འཁོར་དང་བཅས་པས། དགེ་གཉེན་ཆེན་པོའི་དྲུང་དུ་ཕྱིན་ཏེ། ཆོ་འཕྲུལ་དཔག་ཏུ་མེད་པ་དང་བཅས་ནས་ཆོས་བསྟན་པས། འགྲོ་བ་དཔག་ཏུ་མེད་པའི་དོན་བྱས་པ་ལྟ་བུ་ཡིན་པས། ཅིས་ཀྱང་འདི་ལྟ་བུ་ཞིག་འགྲོ་བའི་དོན་ཡིན་ཟེར་ནས། མི་འགའ་ཞིག་བསྡུས་ནས་ཆོས་བཤད་པ་དང༌། ཚོགས་སྐྱོང་མི་དགོས། འདིར་སྲོག་ཆགས་ཀྱི་ནད་གཅིག་པུ་གཅིག་ལ་ཡང༌། ལམ་དུ་བཏང་བ་དང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ལུས་སྦྱིན་པར་བཏང་ན། དེ་རྣམས་དང༌། གནོད་པར་བྱེད་པ་དེའི་རིགས་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུ་ཐམས་ཅད་དུ་སྨིན་པར་བྱེད་པའི་སངས་རྒྱས་སུ་འགྱུར་ཏེ། བྱང་ཆུབ་ཀྱི་སེམས་ལས་གཞན་མེད། བདུད་ཀྱི་རྒྱལ་པོ་སྡིག་པ་ཅན་གྱིས་ཀྱང་སྟོང་པ་ཉིད་ལ་བར་དུ་མི་གཅོད་ཅིང༌། བྱང་ཆུབ་ཀྱི་སེམས་ལ་བར་དུ་གཅོད་པས། དེ་ཁྱེད་ལ་ཤེས་བྱེད་ཅི་ཡོད་སྙམ་ན། དེ་ལྟར་ཡང་བདུད་ཀྱི་ལེའུ་ལས། རིགས་ཀྱི་བུ་གཟུགས་ནི་བདག་གམ་བདག་གིས་སྟོང་ན། ཅིའི་ཕྱིར་སེམས་ཅན་གྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བློ་བསྐྱེད་དུ་ཡོད་ཅེས་བྱང་ཆུབ་ཀྱི་སེམས་ལ་ཐེ་ཚོམ་བསྐྱེད་དུ་འཇུག་པས། དེ་བས་ན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་དང་མི་འབྲལ་བར་བྱ་བ་གལ་ཆེ་གསུངས།།

ཡང་འཇིག་རྟེན་མགོན་པོ་རིན་པོ་ཆེའི་ཞལ་སྔ་ནས། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་ཡིན་གསུངས། དེ་ཡང་རྗེ་འགྲོ་བའི་མགོན་པོ་དཔལ་ལྡན་ཕག་མོ་གྲུ་པ་དེ་ལ་བླ་མ་བརྒྱ་རྩ་མང་པོ་ཡོད་དེ། ཐམས་ཅད་ཀྱང་མཁས་པ་དང༌། བཙུན་པ་དང༌། གྲུབ་ཐོབ་མང་པོ་ཡོད་པས། དེ་རྣམས་ཐམས་ཅད་ལ་འཁོར་བ་ཁྲག་གི་རྒྱ་མཚོ་ཆེན་པོར་འཁྱམས་པའི་རྒྱུ་གང་གིས་ལན་བྱ་བ་ཞུས་པས། མཁས་པ་འགའ་ཞིག་གི་ཞལ་ནས། གཅིག་དང་དུ་བྲལ་ལ་སོགས་པའི་གཏན་ཚིགས་ཆེན་པོ་རྣམས་ཀྱིས་མ་གཞིགས་པས་ལན་བྱ་བ་དང༌། འགའ་ཞིག་གི་ཞལ་ནས་བདེ་སྟོང་གི་ཏིང་ངེ་འཛིན་མ་སྐྱེས་པས་ལན་བྱ་བ་དང༌། བླ་མ་ས་སྐྱ་བའི་ཞལ་ནས་རླུང་དབུ་མར་མ་ཚུད་པས་ལན་བྱ་བ་དང༌། རྩ་བའི་བླ་མ་རྗེ་སྒམ་པོ་པ་ཡིན་པས། རྗེ་དེའི་ཞལ་སྔ་ནས། སེམས་མ་རྟོགས་པས་ལན་པ་ཡིན་གསུངས། དེ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས་བགྱི་བ་དེ་འདི་ལྟར་བཞེད་པར་གདའ་བས། འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པ། མཚན་ཉིད་འཛིན་པའི་ཆོས་ཐམས་ཅད་རང་གི་སེམས་ཡིན་ལ། སེམས་དེ་སྐྱེ་བ་མེད་པར་རྟོགས་པའི་དུས་སུ་འཁོར་བ་ཡང་མེད། མྱ་ངན་ལས་འདས་པ་ཡང་མེད། དེ་གཉིས་ཀ་མེད་པ་དེ་ལ་གཉིས་མེད་ཅེས་བྱ་སྟེ། སྣང་བ་དང༌། སྟོང་པ་དང༌། ཡོད་པ་དང༌། མེད་པ་ལ་སོགས་པ་ཐམས་ཅད་གཉིས་སུ་མེད་པར་རྟོགས་པ་ཡིན་ལ། རྟོགས་པ་དེ་ཡང་དབེན་པར་སྐྱོང་བ་ཡིན། དབེན་པའི་དགོས་པ་ཡང༌། དབེན་པར་བསྡད་ནས་རྟོགས་པ་བསྐྱངས་པས། རྒྱུ་འབྲས་སམ་རྟེན་འབྲེལ་གོ་ནས་འོང་སྟེ། བསམ་པ་འདིས་འདི་སྐྱེ། འདིས་འདི་འགྲུབ་བགྱི་བ། དོན་ལ་བཅུ་ཆོས་གནད་དུ་འགྲོ་བས། འདི་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆོས་ཀྱི་མིག་དེས་གསུང་རབ་དགེ་བའི་བཤེས་གཉེན་དུ་ཤར་ནས་འོང་སྟེ། དེ་བཞིན་གཤེགས་པའི་གསུང་རབ་ཐམས་ཅད་རང་གི་སེམས་ཐོག་ཏུ་གོ། །དེ་ནས་སྣང་བ་རྟེན་འབྲེལ་སྟོང་པ་ཉིད་དུ་རྟོགས་པར་འགྱུར་བ་ཡིན་གསུངས།།

ཡང་འཇིག་རྟེན་མགོན་པོ་རིན་པོ་ཆེའི་ཞལ་སྔ་ནས། སྤྱིར་ཐེག་པ་ཆེན་པོ་གསང་སྔགས་ཉམས་སུ་ལེན་པར་བྱེད་པ་ལ། དཔེ་རྣམ་པ་གསུམ་དང་ལྡན་དགོས་ཏེ། དེད་དཔོན་ལྟ་བུའི་བླ་མ། ཚོང་པ་དང་འདྲ་བའི་གྲོགས་པོ། ནོར་བུ་རིན་པོ་ཆེ་དང་འདྲ་བའི་གདམས་ངག་གོ། །དེ་ལ་དེད་དཔོན་ལྟ་བུའི་བླ་མ་དེ་ཡོད་ན་ཕན་པ་དང༌། གནོད་པ་དང༌། སྒྲུབ་པ་དང༌། བསྒྲུབ་པར་བྱ་བ་མ་ཡིན་པ་དང༌། དུས་ཚོད་ཤེས་པ་ལ་མཁས་པ་ཡིན། ཚོང་པ་དང་འདྲ་བའི་གྲོགས་པོ་རྡོ་རྗེ་སྤུན་གྲོགས་དེ་ཡོད་ན། བསམ་པ་མཐུན་པ། དོན་ཕྱོགས་གཅིག་ཏུ་བསྒྲུབ་པའི་བློ་དང་ལྡན་པ་ཡིན། ནོར་བུ་དང་འདྲ་བའི་གདམས་ངག་བསྐྱེད་རྫོགས་རྣམ་པ་གཉིས་ལ་སོགས་པའི་ཏིང་ངེ་འཛིན་ཡིན་པས། དེ་དག་གིས་བར་ཆད་གང་ཡིན་པའི་ཕྱོགས་དེ་སྤོང་བའི་ཐབས་ལ་འབད་ན། གཅིག་གི་དོན་གྲུབ་པ་དང་གཞན་ཐམས་ཅད་དེ་ལ་བརྟེན་པས་མ་ཆོག་པ་མེད་པ་ཡིན་ཏེ། སློབ་དཔོན་གུ་པ་འཛི་པ་བྱ་བས་བླ་མ་ལ་མ་ཞུས་པར་སྤྱོད་པ་བྱས་པས། བུད་མེད་སྔོ་བསངས་མ་ཞིག་གིས་རྒྱབ་ཏུ་རྡོག་ཐོ་ཞིག་རྒྱབ་པས་སྒུར་པོར་སོང་ནས་ཕྱིས་མཚན་ཡང་སྒུར་པོ་ཞབས་ཞེས་བྱ་བར་གྲགས་པ་ལགས་པར་གདའ་སྟེ། དེ་ནས་ཕྱིས་བཤགས་པ་བྱས་པས་སངས་ནས། ཨུ་རྒྱན་དུ་སྒྲུབ་པ་བྱེད་པ་ལ་དེའི་དུས་སུ་མུ་གེ་ཆེན་པོ་ཞིག་བྱུང་ནས། སེམས་ཅན་མང་པོ་འཆི་བར་འདུག་པ་གཟིགས་པས། དེ་ལ་ཐུགས་རྗེ་ཆེན་པོས་མ་བཟོད་ནས། དེ་རྣམས་ལ་ཕན་གདགས་པའི་ཕྱིར། ཐུགས་དམ་མཛད་པ་ནི་ནམ་མཁའ་ལ་ཡི་གེ་བྷྲཱུྂ་གཅིག་བསྒོམ་ནས། བྷྲཱུྃ་དེ་ལས་འབྲས་ཀྱི་ཆར་ཆེན་པོ་ཕབ་པས་སེམས་ཅན་རྣམས་བདེ་བར་བྱས་ཤིང༌། ད་ལྟར་ཡང་དཔལ་ལྡན་འབྲས་ཕུང་ཞེས་བྱ་བར་གྲགས་པ་དང༌། སྔོན་བྱོན་པའི་མངའ་བདག་རྒྱལ་པོ་དེ་རྣམས་ཀྱང་ལྷ་རེ་རེ་ཕལ་གྱིས་བསྒྲུབས་ནས། དེ་གྲུབ་པ་དང་རྒྱལ་ཁམས་ཐམས་ཅད་སྐྱོང་བ་ཡིན་ཏེ། མངའ་བདག་སྲོང་བཙན་སྒམ་པོས་ཇོ་བོ་ཐུགས་རྗེ་ཆེན་པོ་གྲུབ་པ་དང༌། རྒྱལ་པོ་ང་ལས་ནུས་འཁོར་ལོས་སྒྱུར་བ་གྲུབ་པ་ལ་སོགས་པ་དང༌། དཔེར་བྱས་ན་ཞིང་པ་གཅིག་གིས་ཞིང་གི་སོ་ནམ་ལེགས་པར་བྱས་ན། ཕྱིས་འགྲོ་བ་མང་པོའི་བཟའ་བཏུང་དང༌། འཚོ་བའི་ཡོ་བྱད་འབྱུང་བ་དང་འདྲ་བས། སྒྲུབ་པ་བྱེད་པ་གལ་ཆེ་བས། འགྲོ་བའི་དོན་འབྱུང་བ་རྣམས་ལ་སྒྲུབ་པ་བྱས་པས་འབྱུང་བ་འདི་ཁོ་ན་དོན་ཆེ་བ་ཡིན་པས། གདམས་ངག་དང་རྗེས་སུ་བསྟན་པ་ལ་ནན་ཏན་དང་བརྩོན་འགྲུས་བྱོས་གསུངས།།

ཡང་འཇིག་རྟེན་མགོན་པོ་རིན་པོ་ཆེའི་ཞལ་སྔ་ནས། སྤྱིར་སློབ་མ་རྣམས་ཀྱིས་ཀྱང་བླ་མ་བརྟག་དགོས། བརྟག་པའི་ཚུལ་ཡང་སྔགས་མཚན་ཉིད་ཐམས་ཅད་དུ། བླ་མའི་མཚན་ཉིད་དཔག་ཏུ་མེད་པ་གསུངས་པ་དེ་རྣམས་ཡིན། དེ་ལ་རྗེ་དཔལ་ལྡན་ཕག་མོ་གྲུ་པའི་ཞལ་སྔ་ནས། ཚོགས་པ་བརྒྱ་ཡན་ཆད་ཀྱིས་བསྐོར་བ་ཡིན་ན་དེ་ལ་བརྟག་པ་མི་དགོས་གསུངས། ལན་ནི་ཚོགས་པ་བརྒྱ་མན་ཆད་ཀྱིས་ནི་མཐོ་དམན་ཅི་བྱེད་ཀྱང་དེ་ལ་ནུས་པ་མེད། དེ་ཡན་ཆད་དུ་སོང་བའི་དུས་སུ་ཅི་ཡང་འགྲུབ་པས། མཚན་ཉིད་དང་ལྡན་མི་ལྡན། ཆོས་བྱེད་དམ་མི་བྱེད་དེ་ཙམ་ན་གསལ་བ་ཡིན། དེ་ལ་མཚན་ཉིད་དང་ལྡན་པའི་བླ་མ་ཚོགས་པ་ཁྲི་ཕྲག་སྟོང་ཕྲག་ཡན་ཆད་སྐྱོང་བའི་བླ་མ་དེའི་ཐུགས་དགོངས་དཔག་པར་དཀའ་སྟེ། དེ་སྔོན་བསམ་གྱིས་མི་ཁྱབ་པར་བཞུགས་ཀྱང༌། ད་རུང་ཅི་ཙུག་འོང་དང༌། བཟང་བྱེད་དམ་ངན་བྱེད་ཆ་མེད་དེ། གདུལ་བྱ་ཐ་དད་པ་རྣམས་ཀྱི་ཁྲིད་དང་གདམས་ངག་དང་ཆོས་དེ་མིན་པས་མི་ཤེས། དེ་བས་ན་དེ་ལ་ཟབ་ཟེར། དེ་རྒྱ་ཆེ་བ་ཡིན་ཏེ། དེའི་སྤྱོད་པ་རླབས་པོ་ཆེ་མ་གཏོགས་པ་མི་སྲིད་པས། འདི་ཡིན་བྱ་བར་ཚོད་བཟུང་དུ་མི་བཏུབ་སྟེ་མི་ཟིན་པ་ཡིན། གཉིས་པར་ན་བླ་མ་དང་འཁོར་ཐམས་ཅད་ལ་དེའི་བྱེད་པ་ཕྲིན་ལས་ བཞི་ཡིན་ཏེ། དེ་ཐམས་ཅད་ནི་བླ་མ་ཆེན་པོ་ཚལ་པའི་རྣམ་པར་ཐར་པ་ལྟར་ཡིན་པས་དགྲ་ཡིན་ཡང་དྲུང་དུ་ཕྱིན་པ་རྣམས་ལ་བསྙེན་བཀུར་བྱེད། ཇི་སྲིད་རང་གི་ས་རིས་འདས་ཀྱི་བར་དུ་སྐྱེལ་མ་བྱས་ནས་གཏོང་བ་དང༌། དེ་བཞིན་གཤེགས་པའི་ཞལ་སྔ་ནས་ཀྱང༌། ཕོ་ཉ་གསད་པར་མི་བྱ་བ་ལ་སོགས་པ་གསུངས་པས། བླ་མ་དེས་ཅི་གསུང་བ་བཞིན་དུ་བསྒྲུབ་པ་གལ་ཆེ་བ་ཡིན། དེ་ཡང་མདོར་བསྡུས་པས་སྦྱོར་བ་བྱང་ཆུབ་ཀྱི་སེམས། དངོས་གཞི་བླ་མ་དམ་པའི་གསུང་བསྒྲུབ་པ། རྗེས་བསྔོ་བ་བྱ་བ་དང་གསུམ་ཡིན་གསུངས། དེ་ཡང་བྱང་ཆུབ་ཀྱི་སེམས་གཉིས་དང་མཐུན་པས་བསྒྲུབ་སྟེ། འདིར་ཡང་ངའི་བྱང་ཆུབ་ཀྱི་སེམས་གཉིས་དང་མི་མཐུན་ན་ཁྱེད་ལ་མི་འཆོལ། རང་གཞན་ཐམས་ཅད་ལ་ཕན་པ་དང༌། བདེ་བའི་ཐབས་བསྟན་པ་དེ་ལ་ནི་ཐེ་ཚོམ་དང་སོམ་ཉི་མེད་པར་གསུང་བྱོན་པ་དང༌། བྱ་མོས་ལུད་པ་ཐོབ་པ་བཞིན་དུ་བྱེད་པ་གལ་ཆེ་གསུངས།།

ཡང་འཇིག་རྟེན་མགོན་པོ་རིན་པོ་ཆེའི་ཞལ་སྔ་ནས། ཐོས་བསམ་སྒོམ་གསུམ་མམ། དེའི་ཕྱོགས་ཀྱི་བྱ་བ་དང་བྱེད་པ་ཐམས་ཅད་ལ་གཙོ་བོར་བྱ་བ་དང༌། འཁོར་དུ་བྱ་བ་རྣམ་པ་གཉིས་ཡོད་དེ། ཐོས་པ་བྱེད་པ་རྣམས་ཀྱིས་པོ་ཏི་རེ་རེ་ཙམ་ཤེས་པར་བྱེད་པ་མཐིལ། དེ་སྒྲུབ་པར་བྱེད་པ་ལ་དམག་དང་དམུ་དང་རྣམ་གཞག་དཔག་ཏུ་མེད་པས་དེའི་ཕྱོགས་སྒྲུབ་པར་བྱེད་པ་ཡིན་ཏེ། པོ་ཏི་རེ་རེ་ཙམ་མ་ཤེས་ན་མཚང་སྣོན་དུ་འགྲོ་ལ། ཤེས་ན་ཡོན་ཏན་དུ་འགྲོ་བསམ་པའི་དབང་དུ་བྱས་ན། འཆི་བ་དང་མི་རྟག་པ་ནས་བདག་མེད་གཉིས་ཀྱི་དོན་བསམ་པ་ཡིན་ཏེ། དེ་སྐྱེས་པས་བྱ་བ་ཐམས་ཅད་བོར་རྒྱུ་སྙིང་པོ་མེད་པར་རྟོགས་པ་དེ་འདྲ་བ་འོང་བ་ཡིན་ཏེ། ཚེ་འདི་བློས་མ་ཐོངས་པར་ཀ་ཅའི་གསོག་བྲུན་རྣམས་དང༌། ཚུལ་ཁྲིམས་ལ་གཅེས་སྤྲས་མེད་པར་སེམས་ཅན་ལ་འཚེ་བ་དང༌། བདག་ཏུ་འཛིན་པ་ཤས་ཆེ་བས་ཕུང་པོ་དང༌། རྫས་དང་ཡོ་བྱད། ཉེ་དུ་དང་གཉེན་འབྲེལ་ལ་མངོན་པར་ཆགས་པ་དང༌། དེ་བཞིན་གཤེགས་པའི་བསྟན་པ་ལ་གཅེས་སྤྲས་མི་བྱེད་པར། བདག་མེད་གཉིས་ཀྱི་དོན་རྟོགས་ཞེས་བྱ་བ་ནི་མི་སྲིད་པ་ཡིན་ནོ། །འདིར་སྒོམ་ཆེན་པ་རྣམས་ཀྱི་མཐིལ་དུ་བྱ་བ་ནི་སྒོམ་པ་ཁོ་ན་ཡིན་ཏེ། ཐབས་ཀྱི་དགེ་བའི་རྩ་བ་ཤེས་རབ་ཀྱིས་བོགས་འདོན་པ་དང༌། ཤེས་རབ་ཀྱི་དགེ་བའི་རྩ་བ་ཐབས་ཀྱིས་བོགས་འདོན་པ་ཡིན་ཏེ། དེ་ཡང་སྒོམ་མ་སྐྱེས་པ་བསྐྱེད་པ། སྐྱེས་པ་བརྟན་པ། བརྟན་པ་གོང་ནས་གོང་དུ་བོགས་འདོན་པ། བདུད་མི་འཇུག་ཅིང༌། ཞུགས་པ་བཟློག་པ་དང་བཞི་དགོས་པ་དང༌། ཡང་ན་འཇིག་རྟེན་མགོན་པོའི་བྱིན་རླབས་ཀྱིས་ཅིག་ཅར་དུ་འབྱུང་བ་དང་ལྔ་ཡིན་ལ། དེ་ལ་འདིར་སྒོམ་སྐྱེ་བར་བྱེད་པའི་ཐབས། མཎྜལ་དང་ཡི་གེ་བརྒྱ་པའི་བསྙེན་པས་སྡིག་པ་དག་པའི་རྟགས་དང་མཚན་མ་བྱུང་བ་རབ། འབྲིང་འབུམ་དང་བྱེ་བ་ལ་སོགས་པའི་གྲངས་སོང་བ། ཐ་མ་ཡང་དུས་ཞག་བཅོ་ལྔ་ཡིན་ཏེ། དེ་ལྟར་ཉམས་སུ་བླངས་ཟིན་པའི་རྗེས་ལ་སྒོམ་འདེབས་པ་ཡིན་ནོ།། དེ་ལ་ཡང་རབ་འབྲིང་གསུམ་ཡིན་ཏེ། རབ་མཚན་ཐོས་པ། འབྲིང་ཞལ་མཐོང་བ། ཐ་མ་ཁྲིད་བྱས་པ་གསུམ་ཡིན། དེ་ཡང་བླ་མ་མི་ཉག་ལྟ་བུ་ཡིན་པས། བླ་མ་མི་ཉག་དེས་རྗེ་ཕག་མོ་གྲུ་པའི་མཚན་ཐོས་ནས་ཞབས་དྲུང་དུ་འགྲོ་བར་འདོད་པའི་བསམ་པ་བྱུང་བ་དང༌། དེ་རང་གི་མཚན་མོ་ལུས་ལ་དྲོད་སྐྱེས། ཏིང་ངེ་འཛིན་རང་དབང་མེད་པར་བྱུང་བ་དང༌། འདྲེ་ཡིན་སྙམ་ནས་མཚན་མོ་ལྷ་གསོལ་འདྲེ་སྐྲོད་བྱས་པ་དང༌། ཡོན་བདག་མོ་གནས་མོ་ཞིག་ན་རེ། ཅི་བྱུང་ཟེར། འདི་འདྲ་བ་ཞིག་བྱུང་བྱས་པས། ཁྱེད་ཕག་མོ་གྲུར་འགྲོ་འདོད་པ་མིན་ནམ། དེར་འགྲོ་ན་བླ་མ་དེའི་བྱིན་རླབས་ཀྱིས་དེ་འདྲ་བ་འབྱུང་བ་ཡིན་ཟེར་བས། དེར་གཟོད་ཀྱིས་བྱིན་རླབས་སུ་གོ་ནས། ཞབས་དྲུང་དུ་ཕྱིན་ནས་བསྡད་པས། རྟོགས་ལྡན་མི་ཉག་སྒོམ་རིང་བྱ་བ་བྱུང་བ་ཡིན། ཐ་མ་ཁྲིད་ཀྱི་དབང་དུ་བྱས་ཏེ་སྒོམ་བཏབ་པས་སེམས་གནས། དེ་ལ་བརྟེན་ནས་ཉོན་མོངས་པ་དུག་གསུམ་གཞི་གང་ཆེ་བ་སློངས། སློངས་པ་དེ་བླ་མ་དེས་དེའི་རང་བཞིན་སྤྲོས་པ་དང་བྲལ་བར་བསྒོམ་དུ་བཅུག་པས། དེ་ཉིད་ལས་གྲོལ་བར་འགྱུར་ཏེ། དུག་གསུམ་པོ་དེ་རེ་རེ་ལ་ཡང༌། འདོད་ཆགས་འོད་གསལ་བདེ་ཆེན་ཟུང་དུ་འཇུག །ཅེས་པ་ལ་སོགས་པ་གསུངས་པས། འདོད་ཆགས་ཕྱི་ལོངས་སྤྱོད་ལ་ཆགས་པ། ཞིང་དང་ཁང་ཁྱིམ་ལ་སོགས་པས་ཚུལ་ཁྲིམས་དང་འགལ་བ་ཀ་ལན་ཏ་ཀའི་བུ་བཟང་སྦྱིན་རིགས་ཀྱི་ཕྱིར་བསླབ་པ་ཉམས་པ་ལྟ་བུར་འགྱུར་བས། ཞིང་དང་བསམ་པ་དང༌། དངོས་པོ་གསུམ་གྱི་རྟེན་འབྲེལ་སྒྲིག་ལ་དབུལ་བར་བྱའོ། །ཞེ་སྡང་བ་ནི་མནར་སེམས་རིམ་པ་དགུ་ཡིན་ཏེ། འདི་འདོད་པ་ཙམ་ནི་མ་མཐོང་འཕྲང་དུ་གདོང་ཐུག་ཏུ་བཀྱེ་བ་ཁྱི་དང་འདྲ་བས། དེ་ཡང་རང་སར་བཞག་པ་ཉིད་ཀྱིས་རང་གྲོལ་དུ་འགྲོ་བ་ཡིན། ཞེ་སྡང་འོད་གསལ་སྐྱེ་མེད་ཟུང་དུ་འཇུག །ཅེས་གསུངས་སོ། གཏི་མུག་ནི་ང་དང་བདག་ཏུ་འཛིན་པའི་རྣམ་པར་རྟོག་པ་ཡིན་ཏེ། རྟོག་པ་དེ་ཉིད་རྟོག་པ་མེད་པ་མཐའ་བརྒྱད་དང་བྲལ་བ་ཡིན། དེ་ལས་ལོགས་སུ་མེད་པས། དེ་ལྟར་ཡང༌། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་གསུངས་པས་རྟེན་འབྲེལ་མཐའ་བརྒྱད་དང་བྲལ་བའི་སྟོང་པ་ཉིད་དེ་བསྒོམ་པར་བྱ་བ་ཡིན་ལ། དེའི་རྒྱུན་སྲིང་བ་ལ་འགལ་བའི་རྐྱེན་ཐམས་ཅད་སྤང་བ་དང༌། མཐུན་པའི་རྐྱེན་བསྒྲུབ་པས། ཏིང་ངེ་འཛིན་མཐར་ཕྱིན་པ་ཡིན་གསུངས།།

ཡང་འཇིག་རྟེན་མགོན་པོ་རིན་པོ་ཆེའི་ཞལ་སྔ་ནས། ཁྱེད་ཐམས་ཅད་ཀྱིས་སྡུག་པ་དང༌། འཁོན་པ་དང༌། དྲ་ཤ་ཆད་པའི་དུས་སུ་དཀོན་མཆོག་གསུམ་དྲན་པར་བྱ། དེ་དྲན་ན་སྡུག་བསྔལ་ཐམས་ཅད་ཟིལ་གྱིས་གནོན་ནས་རང་ཡང་དབུགས་དབྱུང་འབད་རྩོལ་དང་བརྩོན་འགྲུས་ཀྱི་ཤུགས་བསྐྱེད། ཡོན་ཏན་གོང་མ་དཔག་ཏུ་མེད་ཀྱང་རྒྱུད་ལ་སྐྱེ་བ་ཡིན། དེ་ཡང་ལྷ་དང་ལྷ་མིན་གཡུལ་འགྱེད་པའི་ཚེ། ལྷ་རྣམས་ཀྱིས་འཐབ་པའི་དུས་ན་ལྷ་མ་ཡིན་ཤུགས་དང་སྟོབས་ཆེ་བའི་དུས་སུ་ནི། ལྷ་རྣམས་སྒྱིད་ལུག་ཅིང་ངལ་བ་དང་དུབ་པའི་དུས་ཀྱི་ཚེ་ན། ལྷའི་དབང་པོས་ལྷ་རྣམས་ལ་ཁྱེད་ངའི་རྒྱལ་མཚན་མཆོག་ཆོས་བཟང་ལྷའི་མདུན་ས་དྲན་པར་གྱིས་ཤིག་ཅེས་བྱས་པས། ལྷ་རྣམས་ཀྱིས་ཆོས་བཟང་ལྷའི་མདུན་ས་དྲན་པར་བྱས་པ་དང༌། ལྷ་རྣམས་དབུགས་ཐོན་ཞིང་སྡུག་བསྔལ་ཟིལ་གྱིས་ནོན་ནས་ལུས་ཀྱི་སྟོབས་རྙེད་དེ། བརྒྱ་བྱིན་འདོད་ཆགས་ཅན། ཞེ་སྡང་ཅན། གཏི་མུག་ཅན་དེའི་གནས་དྲན་པ་ཡང་དེ་འདྲ་ན། ཉོན་མོངས་པ་ཐམས་ཅད་སྤངས་པའི་སངས་རྒྱས་བཅོམ་ལྡན་འདས་དེའི་གནས་དྲན་པ་ནི་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་ན། དཀོན་མཆོག་རིན་པོ་ཆེ་གསུམ་དྲན་པར་ཅིའི་ཕྱིར་མི་བྱེད། འོ་ན་དེ་ཡང་དང་པོ་སངས་རྒྱས་རྗེས་སུ་དྲན་པ་གང་ཡིན་ན། ཁྱེད་ཐམས་ཅད་ལ་ཡི་དམ་གྱི་ལྷ་རེ་རེ་ཡོད་པ་མ་ཡིན་ནམ། དེ་བས་ན་རང་ཉིད་ཁྲོ་བོའི་རྒྱལ་པོ་མི་གཡོ་བར་བསྒོམས་ནས། དེའི་བསྟོད་པ། ཐུགས་རྗེ་དབྱིངས་ལས་བཞེངས་པའི་སྐུ་མཆོག་ནི། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་དཀྱིལ་ནས། །སྣ་ཚོགས་པད་མ་ཉི་མའི་གདན་ལ་བཞུགས། །ཞབས་གཉིས་བརྐྱང་བསྐུམ་བགེགས་ཆེན་དུ་མ་གཟིར། །ཞེས་བསྟོད་པས་དྲན་པར་བྱེད་པ་ཡིན། ཡང་ན་ཇོ་བོ་ཐུགས་རྗེ་ཆེན་པོ་བསྒོམས་ནས། སྤྱན་རས་གཟིགས་དབང་ཐུགས་རྗེ་ཅན། །ཞེས་པ་ལ་སོགས་པ་སྐུ་དེའི་ཁྱད་པར་གྱི་ཆོས། ཞལ་ཕྱག་གི་རྣམ་པ་དེ་ལྟར་དྲན་པར་བྱེད་པ་ཡིན་ཏེ། ང་འབུ་ལ་ཁྱོད་རབ་གནས་མཁས་པའི་རྒྱུ་མཚན་གང་ཡིན་འདྲི་ན། ངས་སངས་རྒྱས་རྗེས་དྲན་ཚར་གཅིག་འདོན་ཤེས་པ་ཡིན་སྙམ། དེ་ངེད་ཀྱིས་ཀྱང་ཤེས་ཟེར་ན། བདག་དང༌། གཞན་དང༌། རྟེན་རྗེས་སུ་དྲན་པ་ནི། ཚངས་པར་སྤྱོད་པ་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་རྗེས་སུ་འབྲངས་པའི་སྲན་མ་རྡོག་མ་ཕྱེད་དང་ལྔ་ཕུལ་བའི་རྒྱལ་པོ་ང་ལས་ནུས་གླིང་ཆེན་པོ་བཞི་དང༌། གསེར་གྱི་རི་བདུན་དང༌། རྒྱལ་ཆེན་རིགས་བཞི་དང༌། སུམ་ཅུ་རྩ་གསུམ་གྱི་གནས་སུ་ལྷའི་དབང་པོའི་སྟན་ཕྱེད་པས་ཏེ། བརྒྱ་བྱིན་བརྒྱ་རྩ་བཅུ་བཞིའི་ཚེ་ཐུབ་ཅིང་ཕུན་སུམ་ཚོགས་པ་ཐམས་ཅད་ལ་ལོངས་སྤྱོད་པ་བྱུང་ལ། དེ་དང་འདྲ་བར་བྱང་ཆུབ་ཀྱི་འབྲས་བུ་རྒྱུན་ཆད་མེད་པར་འཁོར་བ་མ་སྟོངས་ཀྱི་བར་དུ་འབྱུང་ལ། དེ་ལྟར་གོ་བའི་དུས་སུ་ནས་རྡོག་མ་རེ་རེ་འམ། ཚ་རྡོག་མ་རེ་རེ་ལ་ཡང་ཇི་ལྟར་འགྱུར་ཏེ། དེ་གོ་ན་ཆོས་ཉན་པའི་དུས་སུ་ཆུ་འཆག་པ་གར་དྲན་ཏེ་མི་བཏུབ། ལུས་དུམ་བུར་གྱུར་ཀྱང་ཆོས་སྙིང་པོར་བྱེད་པ་འབྱུང་བ་ཡིན་པས། དེ་ནི་ཆོས་རྗེས་སུ་དྲན་པ་ཡིན་ནོ། །དགེ་འདུན་རྗེས་སུ་དྲན་པ་ནི། དད་པའི་སྟོབས་སྐྱེད་པ་ལ་འཇུག་པ་ཕྱག་རྒྱའི་མདོ་ལས་གསུངས་པ་བཞིན་དུ། སེམས་ཅན་ཕལ་པ་གཞན་པས་ཕྱི་རོལ་པའི་དྲང་སྲོང་འདོད་ཆགས་དང་བྲལ་བ། དྲང་སྲོང་བས་དགེ་བསྙེན་སྟོན་པ་ལྷ་གཞན་ལ་མི་བསྟེན་པ། དགེ་བསྙེན་བས་བསྙེན་པར་རྫོགས་པ། དེ་བས་ཀྱང་དད་པའི་རྗེས་སུ་འབྲང་བ་དང༌། ཆོས་ཀྱི་རྗེས་སུ་འབྲང་བ་དང༌། རྒྱུན་དུ་ཞུགས་པ་དང༌། ལན་གཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། དེ་བས་ཀྱང་ཆོས་ཁྱད་པར་དུ་འཕགས་པའི་བྱང་ཆུབ་སེམས་དཔའ། ཕྱུགས་ཀྱི་ཤིང་རྟས་འགྲོ་བ་དང༌། གླང་པོ་ཆེའི་ཤིང་རྟས་འགྲོ་བ་དང༌། ཉི་མ་དང་ཟླ་བ་ལྟ་བུས་འགྲོ་བ་དང༌། ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བ་དང༌། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ལྟ་བུའི་བྱང་ཆུབ་སེམས་དཔའ་རྣམས་ལ། རིམ་པ་བཞིན་དུ་བསོད་ནམས་དཔག་ཏུ་མེད་པར་གསུངས་པས། དེ་དྲན་པར་བྱ། ཚོགས་རྫོགས་པར་འགྱུར་བ་ཡིན་ཏེ། འདི་བྱ་བ་མེད་པར་འགྱུར་ཏེ། བསོད་ནམས་མཐར་ཐུག་པ་མེད་པར་འགྱུར་བས། དེ་ནི་དགེ་འདུན་རྗེས་སུ་དྲན་པ་ཡིན་ནོ། །དེ་ལྟར་དཀོན་མཆོག་གསུམ་རྗེས་སུ་དྲན་པས། ཡིད་བདེ་བར་འབྱུང༌། ཚོགས་རྫོགས་པར་འགྱུར་བ་ཡིན་ཏེ། འདི་བྱ་བ་བསྒྲུབ་པ་རྣམས་ཀྱི་ཆོས་ཟབ་པ་ཡིན་གསུངས།།

ཡང་འཇིག་རྟེན་མགོན་པོ་རིན་པོ་ཆེའི་ཞལ་སྔ་ནས། དེ་རིང་མཚལ་པ་མི་ཆེན་པོ་རྣམས་བྱོན་པའི་དུས་འདིར། ཆོས་ཤིན་ཏུ་ཆེ་བ་ཞིག་བཤད་པས། འདི་ཡིད་ལ་ཟུངས་ཤིག དེ་ལ་ཆོས་ཆེན་པོ་དེ་གང་ཡིན་ན། སྤྱིར་ངེད་རང་སེམས་ཅན་ཐམས་ཅད་གདོད་མ་ནས་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པ་དེ་ཡིན། དེ་ལ་ཁྱོད་ཀྱི་ཆོས་ཆེན་པོ་གཅིག་གང་ན་འདུག དེ་གང་གིས་བཤད་སྙམ་ན། སྟོན་པ་དེ་བཞིན་གཤེགས་པས་གསུངས་ཏེ། འདིར་ཐེག་པ་ཆེན་པོ་གསང་སྔགས་རེ་ཤིག་བཞུགས་སུ་གསོལ་ལ། མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་དགོངས་པ། མགོན་པོ་བྱམས་པས་གཏན་ལ་ཕབ་པ། རྒྱུད་བླ་མ་བགྱི་བ། ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཏེ། དོན་གྱིས་དབུ་མ་དང༌། ཐུན་མོང་མ་ཡིན་པ། གོང་ན་མེད་པས་ན་བླ་མ་ཡིན་ལ། དེ་ལ་ཁམས་ཞེས་བྱ་བའམ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བའམ། གཞིའམ། གདོད་ནས་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པའི་གཤིས་དེ་ལས་མི་འདའ་བས། གཞིའང་དེ་ཉིད། ལམ་ཡང་དེ་ཉིད། འབྲས་བུ་ཡང་དེ་ཉིད་ཡིན་པས་ན་རྒྱུད་ཅེས་བྱ་སྟེ། དེ་ལྟ་བུའི་དོན་སྟོན་པའི་རྒྱུད་བླ་མ་ཞེས་བྱ་བ་དེར་རྒྱ་ཆེར་གསུངས་པས། དེ་ལྟ་བུའི་ཁམས་རང་བཞིན་གྱིས་རྣམ་པར་དག་པ་དེ། སྟོན་པ་དེ་བཞིན་གཤེགས་པ་ཐུབ་པ་ཆེན་པོ་དེས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་མདོར། དཔེ་དགུ་དང༌། དོན་དགུས་བསྟན་ཏེ། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཆུང་དང༌། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང༌། །ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །ཞེས་པས་པད་མ་ཤིན་ཏུ་རྒྱས་པའི་ནང་ན་སངས་རྒྱས་ཀྱི་སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་བཞུགས་པ་བཞིན་དུ། ཡེ་གདོད་མ་ནས་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པར་ཡོད་པ་ཡིན་ནོ། །འོ་ན་དེ་ནི་ཉེ་བར་ཞི་བའམ། སྐྱེ་བ་མེད་པའམ། དེ་བཞིན་ཉིད་ལྷུན་གྱིས་གྲུབ་པ་ཙམ་ཞིག་མ་ཡིན་ནམ་སྙམ་ན། ཆོས་ཀྱི་སྐུ་དང༌། ཆོས་སྐུ་དེའི་ཡོན་ཏན་དང༌། ཕྲིན་ལས་རྣམ་པ་གཉིས་ནི་ཆོས་ཀྱི་སྐུ་དེ་དང་ཐ་མི་དད་དེ། ཉི་མ་དང་འོད་ཟེར་རམ་གླ་རྩི་དང་གླ་རྩིའི་དྲི་བཞིན་དུ་མཚུངས་པར་འགྱུར་ཏེ། གཟུགས་སྟོང་པ་ཉིད་དང༌། སྟོང་པ་ཉིད་གཟུགས་དང་འདྲ་བས། སྟོན་པའི་གསུང་གི་རིམ་པ་དེ་ལས་མི་བཏུབ་སྟེ། དཔེར་ན་དམུས་ལོང་ལ་ཉི་མ་ཤར་བ་དང་འདྲ་བ་ཡིན་པས། གཤིས་ལ་ཡོད་པ་དེ་སྟོན་པ་ཡིན། བསྟན་པ་དེ་ཉམས་སུ་བླངས་པས་འབྲས་བུ་སངས་རྒྱས་ཐོབ་པ་ཡིན་གསུངས།།

ཡང་འཇིག་རྟེན་མགོན་པོ་རིན་པོ་ཆེའི་ཞལ་སྔ་ནས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དམ་པའི་ཆོས་དེ་གཅིག་པ་ཡིན། དེ་ཡང་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་འབྱུང་བ་ཡིན་ཏེ། དེ་ཇི་ལྟར་འབྱུང་ན་ཡང་དག་པར་རྫོགས་པའི་སངས་རྒྱས་དེས། གདུལ་བྱ་འགའ་ཞིག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་བཀོད་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ལྟར་མི་ཟད་པ་རྒྱན་གྱི་འཁོར་ལོ་འབྱུང་བ་ཡིན། འདིར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་ལེན་པ་ལ། གཅིག་གིས་སྦྱིན་པ་གཏོང་བ་ཁོ་ན་ལ་ཞུགས་ན། དེ་ལ་གཏོང་བ་ཆེན་པོའི་བློ་དང་ལྡན་པ་འགའ་ཞིག་གིས་དེ་མཐོང་ནས། བདག་གཏོང་བ་ཆེན་པོ་ལ་ཞུགས་པ་ཡིན། འདི་ཡང་སྦྱིན་པ་གཏོང་བར་འདུག་ཅེས་དགའ་བ་སྐྱེས་པས་ཀྱང་ཐུན་མོང་དུ་འགྱུར། དམའ་བ་སེར་སྣ་ཅན་གྱིས་མཐོང་ན་ཡང་བདག་ནི་སེར་སྣ་དང་ལྡན་པ་ཡིན་ཏེ་སྦྱིན་པ་འདི་ལྟར་གཏོང་བ་དེ་ནི་ངོ་མཚར་རེ་ཆེ་སྙམ་པ་འབྱུང་བས་དེ་ཡང་ཐུན་མོང་དུ་འགྱུར་བར་སྦྱིན་པ་ལ་དགའ་བས། དེས་སྦྱིན་པ་གཏོང་བ་མཐོང་ན། དེས་སྔར་སྦྱིན་པ་བཏང་བ་དང༌། ཕྱིས་གཏོང་བ་ལ་འཇུག་པས་དེ་ལྟར་རྗེས་སུ་ཡི་རང་བ་ཐམས་ཅད་ཀྱིས་དགེ་བའི་རྩ་བ་ཐམས་ཅད་ཐུན་མོང་དུ་འགྱུར་ལ། དེ་ལྟར་ཚུལ་ཁྲིམས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡང༌། མཐོ་བ་དང༌། དམའ་བ་དང༌། བར་མ་གསུམ་དུ་འགྱུར་བ་དང༌། བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། རྗེས་སུ་ཡི་རང་བར་བྱས་པ་ཐམས་ཅད་དེའི་འཁོར་དུ་འགྱུར་བ་ཡིན་ཏེ། ཁྲག་ཁྲུག་དང་ཅལ་ཅོལ་ལ་སོགས་པའང་འབྱུང་སྲིད་པས། ལྷ་དང༌། ཀླུ་དང༌། གནོད་སྦྱིན་ལ་སོགས་པས་ཀྱང་ཕན་པ་མི་བསྒྲུབ་ཁ་མེད་པ་ཡིན་ཏེ། དཔེར་ན་མཆོག་ཚ་རང་དབང་མེད་པར་ཉེ་གནས་སུ་འགྱུར་བའང་དེ་ཡིན་གསུངས།།

འཇིག་རྟེན་མགོན་པོ་རིན་པོ་ཆེའི་ཞལ་སྔ་ནས། སྤྱིར་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པ་ལ། ལྟ་སྤྱོད་གཉིས་འཛོམ་པ་གལ་ཆེ་གསུང༌། དེ་ལ་བོད་ཁམས་འདིའི་ལྟ་བ་མཐོན་པོ་རྣམས་ཀྱང་སྤྱོད་པ་དང་འཛོལ། སྤྱོད་པ་རྣམ་པར་དག་པ་རྣམས་ཀྱང་ལྟ་བ་དང་མི་ལྡན་ཏེ། ལྟ་སྒོམ་སྤྱོད་པ་ཐམས་ཅད་ཐ་དད་པར་འདོད་པས། ལྟ་བ་ལ་ཡང༌། སྒོམ་གྱི་ཐོག་ནས་ལྟ་བ་ཕར་འཚོལ་བ་དང༌། ལྟ་བའི་ཐོག་ནས་སྒོམ་པ་ཚུར་འཚོལ་བ་གཉིས་ཡོད་པ་ལ། འཇིག་རྟེན་མགོན་པོ་ཕག་མོ་གྲུ་པ་དེ་མི་བཞེད་པས། རྟོགས་པ་དང་ལྡན་པའི་ལྟ་བ་རང་གི་སེམས་ཀྱི་དེ་ཁོ་ན་ཉིད་གཉིས་ཡོད་པས། གཞན་ཆོས་ཉིད་གཙོ་བོར་བྱེད་དེ། འདི་རྒྱུད་པ་འདིའི་ཕ་སྐད་མ་ཡིན། སེམས་ཉིད་འདི་རྒྱུད་པ་འདིའི་ཕ་སྐད་ཐུན་མོང་མ་ཡིན་པ་ལགས་པས། སེམས་དེ་རྟོགས་པ་ལྟ་བ། དེ་ཉིད་ལས་མ་ཡེངས་པར་སྒོམ་པ་ཡིན་པས། ལྟ་སྒོམ་གཉིས་གཅིག་ཏུ་འོང་གསུངས། སྤྱོད་པ་ནི་ལྟ་བ་དེ་དང་མཐུན་པར་སྤྱོད་པ་ལ་ཟེར་ཏེ། ལྟ་བ་དམ་དུམ་ཀུན་ལ་ཡོད་ཀྱང༌། སྤྱོད་པ་གླང་པོ་ཐབས་སུ་གཅེས་ཞེས་གསུངས་པས། མཐའ་གཉིས་དང་བྲལ་བ་ཡིན་ཏེ། དེ་ཉིད་ཀྱང་ཐུབ་པའི་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡིན་པས། དེ་ཡང་གནས་འདུ་འཛི་ལས་དབེན་པ་དགོན་པར་སྡོད་དགོས་པ་ཡིན་ལ། དེའི་བྱེ་བྲག་ཏུ་དུར་ཁྲོད་དང༌། ཤིང་དྲུང་དང༌། བླ་གབ་མེད་པ་དང༌། བས་མཐའ་སྟེ། བྱེ་བྲག་བཞི་དང༌། གོས་ཕྱག་དར་ཁྲོད་ཡིན་ཏེ། དེ་ཡང་ཉམས་པ་དང༌། དོར་བ་གཉིས་ཡིན་པས། ཆོས་གོས་གསུམ་པ་དང༌། ཕྱིང་བ་པ་སྟེ། གོས་ལ་གསུམ་དང༌། ཟས་ལ་བསོད་སྙོམས་པ། སྟན་གཅིག་པ། ཕྱིས་མི་ལེན་པ་སྟེ། ཟས་ལ་གསུམ་དང༌། སྤྱོད་ལམ་ཙོག་པུ་བ་དང༌། གཞི་ཇི་བཞིན་པ་སྟེ། སྦྱངས་པའི་ཡོན་ཏན་བཅུ་གཉིས་པོ་སྤྱད་པས། འཕགས་པ་ཉེ་སྡེའི་འཁོར་དང་འདྲ་སྟེ། འཕགས་པ་ཉེ་སྡེའི་འཁོར་སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་ལྡན་ནས། ཤིན་ཏུ་མཛེས་པར་གྱུར་པ་དེ། སྟོན་པ་བཅོམ་ལྡན་འདས་ཀྱིས་གཟིགས་པས། ཐུགས་ཤིན་ཏུ་མཉེས་ནས། ཉེ་སྡེ་ཁྱོད་ཀྱི་འཁོར་འདི་ལྟར་མཛེས་པའི་རྒྱུ་ཅི་ཡིན་གསུངས་པ་ལ། བཅོམ་ལྡན་འདས་བདག་གི་འཁོར་འདི་ལྟར་མཛེས་པ་ནི་རབ་ཏུ་བྱུང་བ་ན་སྦྱངས་པའི་ཡོན་ཏན་ཁས་ལེན་དུ་བཅུག་ནས། སྦྱངས་པའི་ཡོན་ཏན་ལ་གནས་པར་གྱུར་པ་ལས་བྱུང་བ་ལགས་སོ། །ཞེས་ཞུས་པ་དང༌། བཅོམ་ལྡན་འདས་ཀྱི་ཞལ་སྔ་ནས། སུས་སྦྱངས་པའི་ཡོན་ཏན་གྱི་བསྔགས་པ་བརྗོད་པ་ནི་སངས་རྒྱས་ཀྱི་བསྔགས་པ་བརྗོད་པ་ཡིན་ནོ་ཞེས་གསུངས་པས། སྤྱོད་པ་མཐའ་ཐམས་ཅད་དང་བྲལ་བའི་སྦྱངས་པའི་ཡོན་ཏན་ལ་གནས་པར་བྱ་བ་ཡིན་གསུངས།།

ཡང་འཇིག་རྟེན་མགོན་པོ་རིན་པོ་ཆེའི་ཞལ་སྔ་ནས། འདི་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དེ་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་ཡིན་ཏེ། དེ་ལྟར་ཡང་ཐོག་མ་བར་དང་མཐར་དགེ་བ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུངས་པ་གང༌། །ཞེས་གསུངས་པས། ཐོག་མ་དང༌། བར་དང༌། ཐ་མ་ཐམས་ཅད་དུ་དགེ་བ་ལགས། དེ་ལ་ཐོག་མར་དགེ་བ་བགྱི་བ། ཚེ་འདིའི་བདེ་བ་ལ་སོགས་པའི་དཔལ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང༌། སངས་རྒྱས་ཀྱི་ཆོས་རིན་པོ་ཆེ་འདི་ལས་འབྱུང་ལ། ངེས་པར་ལེགས་པའི་འབྲས་བུ་བྱང་ཆུབ་རྣམ་པ་གསུམ་ལས། ཉན་ཐོས་ཀྱི་བྱང་ཆུབ་དང༌། རང་སངས་རྒྱས་ཀྱི་བྱང་ཆུབ་དང༌། བླ་ན་མེད་པའི་བྱང་ཆུབ་ཆེན་པོ་སྟེ། ཐར་པ་ཐོབ་པར་བྱེད་པ་དེ་ཡང་དམ་པའི་ཆོས་ལས་འབྱུང་ཞིང༌། ཆོས་ཀྱིས་བྱང་ཆུབ་རྣམ་པ་གསུམ་ཐོབ་པར་བྱེད་པ་ལགས། དེ་ལྟར་ཐར་པ་བྱང་ཆུབ་རྣམ་པ་གསུམ་པོ་དེ་ཡང་ལམ་གྱི་རིམ་པ་མ་གཏོགས་པ་ཐེག་པ་ལ་ཐ་དད་མེད་ཅིང༌། ཐེག་པ་གཅིག་ཏུ་ངེས་པ་ཡིན་ཏེ། དེ་ལྟར་ཡང༌། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པས། དུས་ད་ལྟ་ཉིད་ནས་ཐེག་པ་ཆེན་པོ་བླ་ན་མེད་པའི་ཐེག་པ་ལ་འཇུག་པ་གལ་ཆེ་གསུངས། དེ་ལ་བླ་ན་མེད་པའི་ཐེག་པ་དེ་གང་ཡིན་སྙམ་ན། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཡིན་ཏེ། སེམས་གསུམ་པོ་རྟེན་འབྲེལ་རྒྱུ་རྐྱེན་འཛོམས་པ་ལས་སྐྱེས་པ་དེ་ལ་བྱང་ཆུབ་ཀྱི་སེམས་ཞེས་ཟེར་བ་ཡིན། དེ་ལྟར་ཡང༌། བྱམས་པའི་ཆུ་བོ་མི་གཅོད་ཅིང༌། །སྙིང་རྗེའི་རྩ་བ་རབ་བརླན་ཏེ། །བྱང་སེམས་ལྗོན་ཤིང་རབ་རྒྱས་ཤིང༌། །ས་བཅུའི་མེ་ཏོག་ཐོན་གྱུར་ནས། །དོན་གཉིས་འབྲས་བུ་སྨིན་མཛད་གསོལ། །ཞེས་གསུངས་པས་འདི་ཡོད་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གདུང་རྒྱུད་འཛིན་པ་ཡིན། རྒྱལ་བ་ཐམས་ཅད་ཀྱི་སྲས་སུ་གྱུར་པ་ཡིན། སེམས་ཅན་གཅིག་གམ་གཉིས་སམ་ཉུང་ཤོས་བྱང་ཆུབ་ཀྱི་སེམས་ལ་བཀོད་ཀྱང༌། སངས་རྒྱས་ཀྱི་མཛད་པ་བྱས་པ་ཡིན་ལ། བྱང་ཆུབ་ཀྱི་སེམས་ལ་མ་འཁོད་ན། ཉན་ཐོས་ཀྱི་བྱང་ཆུབ་དང༌། རང་སངས་རྒྱས་ཀྱི་བྱང་ཆུབ་ལ་སེམས་ཅན་དཔག་ཏུ་མེད་པ་བཀོད་ཀྱང་མི་ཕན་པ་ཡིན་ཏེ། སྔོན་དེ་བཞིན་གཤེགས་པ་ཞི་བའི་བློ་གྲོས་ཞེས་བྱ་བ་བྱོན་ནས། སེམས་ཅན་དཔག་ཏུ་མེད་པ་དགྲ་བཅོམ་པ་ཉིད་ལ་བཀོད་ཀྱང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སེམས་ཅན་གཅིག་ཙམ་ཡང་མ་རྙེད་ནས། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ནི། སེམས་ཅན་སེམས་བསྐྱེད་པ་ལ་དགོད་པའི་ཆེད་དུ་བྱོན་པ་ཡིན་ལ། བདག་གིས་སེམས་ཅན་གཅིག་ཙམ་ཡང་སེམས་བསྐྱེད་པ་ལ་མ་བཀོད་ན་ནི་སངས་རྒྱས་ཀྱི་བྱ་བ་མ་བྱས་པས། ད་ནི་སེམས་བསྐྱེད་པའི་སྐལ་པ་དང་ལྡན་པ་གཅིག་གང་ན་འདུག་པར་གཟིགས་པས། གཟུགས་མེད་ཀྱི་ཁམས་ན་སེམས་བསྐྱེད་པའི་སྐལ་པ་དང་ལྡན་པ་ཞིག་འདུག་པར་གཟིགས་ནས་སེམས་ཅན་དེའི་ཚེའི་ཚད་བསྐལ་པ་བརྒྱད་ཁྲིའི་བར་དུ་གནས་པར་འདུག་པས། དེ་བཞིན་གཤེགས་པ་དེའི་སྐུ་ཚེ་མ་ཐུབ་པས། དེའི་དོན་དུ་སྤྲུལ་པ་ཞིག་བཞག་ནས་མྱ་ངན་ལས་འདས་པར་གསུངས་པ་ཡིན་ཏེ། དེ་བས་ན་སེམས་བསྐྱེད་པ་ལ་འགོད་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཛད་པ་ཡིན་ལ། བཅོམ་ལྡན་འདས་ཀྱང་ཤིན་ཏུ་དགྱེས་པ་ཡིན། རང་གི་བླ་མ་དམ་པ་ཡང་མཉེས། བླ་མ་མཉེས་པ་དེས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པ་ཡིན་ཏེ། དེ་ལྟར་ཡང༌། དེ་མཉེས་པ་ལས་དངོས་གྲུབ་ནི། །ཀུན་མཁྱེན་ཉིད་ཀྱང་འགྲུབ་པར་འགྱུར། །ཞེས་གསུངས་སོ། །འོ་ན་མཉེས་པའི་བྱ་བ་གང་ཡིན་ན། སྤྱིར་བླ་མ་དེས་ཇི་ལྟར་གྱིས་གསུང་བ་དེ་བསྒྲུབ་པའམ། ཐུགས་དགྱེས་པའི་དངོས་པོའམ། བྱ་བ་གང་ཡང་རུང་བ་ཡིན་ཏེ། གླུ་དང་བྲོ་གར་གྱིས་མཉེས་པར་བྱས་པས་དོན་གྲུབ་པ་སློབ་དཔོན་རི་ཁྲོད་དབང་ཕྱུག་ལྟ་བུ་ཡིན་ལ། འདིར་ཁྱད་པར་དུ་བླ་མ་དམ་པ་དེ་འགྲོ་བའི་དོན་བྱེད་པ་ལ་མཉེས་པས། དེ་བསྒྲུབ་ན་ཡོན་ཏན་དཔག་ཏུ་མེད་པ་འབྱུང་སྟེ། བཅོམ་ལྡན་འདས་ཀྱི་ཞལ་སྔ་ནས། རྒྱལ་པོ་གཟུགས་ཅན་སྙིང་པོ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་སྐྱེས་དང་བཅས་ནས་འོང་སྟེ། འདི་ལྟར་དེ་བཞིན་གཤེགས་པ་ལ་ནི་གདུལ་བར་བྱ་བའི་སྐྱེས་བུ་ལས་གཞན་མེད་དོ་ཅེས་པ་དང༌། འཕགས་པ་འཆར་ཀ་དེ་བཅོམ་ལྡན་འདས་ཀྱིས་འཁོར་བའི་འབྲོག་དགོན་པ་ལས་བསྒྲལ་ནས། དགྲ་བཅོམ་པ་ཉིད་ཐོབ་པ་ནི་བཅོམ་ལྡན་འདས་ཀྱི་བཀའ་དྲིན་དྲན་པ་དང༌། བཅོམ་ལྡན་འདས་ཀྱིས་བདག་ལ་འདི་ལྟ་བུའི་མཛད་པ་མཛད་ན། འདིའི་དྲིན་ལན་ཅི་ལྟ་བུ་ཞིག་གིས་བསྒྲུབ་སྙམ་པ་ལས། སངས་རྒྱས་འཇིག་རྟེན་དུ་བྱོན་པ་སེམས་ཅན་དྲང་བའི་དོན་དུ་ཡིན་གྱིས། བདག་གིས་ཀྱང་སེམས་ཅན་ལ་ཕན་པ་བསྒྲུབ་པས་དེ་བཞིན་གཤེགས་པ་མཉེས་ཤིང་དྲིན་ལན་ལོན་པ་ཡིན་ནོ་སྙམ་ནས། དེས་ཁྱིམ་པ་ཁྱིམ་ན་གནས་པ་ཐམས་ཅད་དད་པ་དང་གུས་པར་བྱས་ཤིང༌། འབྲས་བུ་རྒྱ་ཆེན་པོ་ལ་བཀོད་པས། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་མཉེས་ནས། བཅོམ་ལྡན་འདས་ཀྱི་ཞལ་སྔ་ནས་ཀྱང༌། ངའི་དགེ་སློང་ཁྱིམ་པ་དད་པ་བསྐྱེད་པ་རྣམས་ཀྱི་མཆོག་ནི། ཚེ་དང་ལྡན་པ་འཆར་ཀ་ཡིན་ནོ་ཞེས་གསུངས་པ་ལྟ་བུ་ལགས་པས། ཁྱེད་རྣམས་ཀྱིས་ཀྱང་སེམས་ཅན་དཔག་ཏུ་མེད་པ་ཐམས་ཅད་སྨིན་པ་དང་གྲོལ་བར་མཛད་པ་གལ་ཤིན་ཏུ་ཆེ། དེས་ན་བླ་ན་མེད་པའི་དཀོན་མཆོག་རིན་པོ་ཆེ་གསུམ་གྱི་གདུང་རྒྱུད་འཛིན་པར་བྱེད་པར་ཡང་ཡོད་ལ། མཚན་ཉིད་དང་ལྡན་པའི་བླ་མ་དམ་པ་མཉེས་པར་ཡང་དེས་མཆི་བ་ལགས་པས། དེ་ལྟར་ཐུགས་རིན་པོ་ཆེ་ལ་བཞག་ནས། སྒྲུབ་པ་དང་ཉམས་ལེན་ཚུལ་བཞིན་དུ་མཛད་པར་ཞུ་འཚལ་གསུངས།།

ཐུབ་པའི་བསྟན་ལ་གངས་ཅན་རྒྱུད་འདི་རུ། །འཇིག་རྟེན་མགོན་པོ་རིན་ཆེན་བྱོན་པ་མཚར། །ཟབ་ཅིང་རྒྱ་ཆེའི་དམ་ཆོས་གསུངས་པ་ལ། །བན་ལྡོམ་ཤེར་འབྱུང་ཟིན་བྲིས་བགྱིས་པ་མཚར། །གྲོགས་མཆོག་ཡོན་ཏན་དཔག་མེད་གཏེར་འཆང་བ། །རིན་ཆེན་མགོན་པོས་བརྩེ་བས་སྐུལ་བ་མཚར། །རྗེ་གཅིག་ཞི་བའི་དབྱིངས་སུ་གཤེགས་གྱུར་ནས། །ལོ་དགུའི་ཚེ་ན་མཐིལ་དུ་ཕྱིན་པ་མཚར། །ཚངས་པར་མཚུངས་སྤྱོད་དམ་ཚིག་གཅིག་པ་རྣམས། །ཐུགས་དགོངས་བསླབ་གསུམ་རིན་ཆེན་བསྒྲུབ་པ་མཚར།། ཅི་མཉེས་བསྒྲུབ་ཅིང་མི་མཉེས་རྣམས་སྤངས་པས། །དཔལ་ལྡན་གྲོགས་མཆོག་བ་ཡི་རྩ་བ་འདིས། །ཆོས་རྗེ་བླ་མའི་ཐུགས་དགོངས་དགྱེས་པ་མཚར། །འདི་བྲིས་དྲི་མེད་དགེ་བའི་རྩ་འདིས། །ཆོས་རྗེ་བླ་མའི་ཐུགས་དགོངས་རྫོགས་པ་དང༌། །བསྟན་པ་རིན་ཆེན་དམ་ཆོས་རྒྱས་པ་ཡིས། །འགྲོ་བ་སེམས་ཅན་སངས་རྒྱས་ཐོབ་གྱུར་གཅིག །དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག་ཆོས་ཐུན་པོ་ལྔ་པའོ།།


previousཚོགས་ཆོས་རིན་མགོན་མ་སྤྱན་སྔ་ཤེར་འབྱུང་གིས་ཟིན་བྲིས།། next